བྱང་སེམས་ཆོས་མཛོད།
བྱང་སེམས་གཞུང་ལུགས་གཙོ་བོ།
བྱང་ཆུབ་ཀྱི་སེམས་ནི། དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་དང་། ཐེག་པ་ཆེན་པོའི་ཆོས་ཚུལ་ཡོངས་ཀྱི་གཞུང་ཤིང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་བརྗོད་དོན་དུ་བརྩིས་པས། བྱང་ཆུབ་ཀྱི་སེམས་བསྟན་པའི་མདོ་རྒྱུད་དང་བསྟན་བཅོས། སྒོམ་རིམ་དང་མན་ངག ཆོ་ག་དང་སྨོན་ལམ། རྣམ་ཐར་དང་རྟོགས་བརྗོད་སོགས་གཞུང་དང་ཡིག་ཆ་བསམ་གྱིས་མི་ཁྱབ་པ་ཡོད་ལ། འདིར་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་ལྗོངས་ཀྱི་སློབ་དཔོན་སྐྱེས་ཆེན་དམ་པ། ཀླུ་སྒྲུབ། ཐོགས་མེད། ཞི་བ་ལྷ། ཀ་མ་ལ་ཤཱི་ལ། ཨ་ཏི་ཤ། མཆད་ཁ་བ་ཡེ་ཤེས་རྡོ་རྗེ་དང་། ཐོགས་མེད་བཟང་པོས་མཛད་པའི་བྱང་ཆུབ་སེམས་བསྐྱེད་དངོས་བསྟན་བརྗོད་བྱའི་གཙོ་བོར་སྟོན་པའི་གཞུང་བཟང་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་ཁོལ་དུ་ཕྱུང་ནས་སྒྲིག་བཀོད་བྱས་ཡོད།
སྐྱེས་རབས་དང་མཛངས་བླུན་ལས་བྱུང་བའི་ཚད་མེད་སྙིང་རྗེའི་གཏམ་རྒྱུད།
མདོ་མཛངས་བླུན་དང་། སྐྱེས་རབས་སོགས་སུ། སྟོན་པ་ཤཱཀྱ་ཐུབ་པས་སྔོན་སློབ་པ་ལམ་གྱི་སྐབས་སུ། ལྷ་མི་དང་བྱོལ་སོང་སོགས་སུ་སྐྱེ་བ་བཟང་ངན་ཅི་རིགས་བཞེས་པ་ན། ཐུགས་རྒྱུད་འགྲོ་བ་མཐའ་དག་ཡོངས་སུ་སྐྱོབ་པའི་སྙིང་རྗེ་ཆེན་པོས་རབ་ཏུ་བསྐུལ་ཞིང་། ཤེས་རབ་ཀྱིས་འགྲོ་བའི་དོན་ལ་རབ་ཏུ་མ་རྨོངས་པར། བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་སྤྱོད་པ་ལ་རབ་ཏུ་མི་ངལ་བར། རང་ཉིད་གཅིག་པུའི་བདེ་བ་ལ་མ་ཆགས་ཤིང་། སྒོ་གསུམ་བག་ཡོད་ཀྱི་བརྟུལ་ཞུགས་ལ་གནས་ཏེ། ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་དཀའ་བ་བརྒྱ་ཕྲག་གིས་བསླབས་ཤིང་། བསྡུ་བའི་དངོས་པོ་བཞིས་གཞན་ཡོངས་སུ་སྨིན་པར་མཛད་དེ། ཚོགས་གཉིས་རིན་པོ་ཆེའི་གཏེར་ཆེན་པོ་བསྡུས་པའི་སྐྱེས་རབས་གཏམ་རྒྱུད་ངོ་མཚར་ཆེ་བ་དུ་མ་བཀོད་ཡོད་པ་རྣམས། སྐྱེ་བོ་རྣམ་གཞག་མདོར་བསྡུས་ལ་དགའ་བ་རྣམས་ལ་བཤད་ན་གོ་སླ་ཞིང་། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་འཐོབ་པ་དང་། ཆོས་ཉིད་ཀྱི་དོན་བདེ་བླག་ཏུ་རྟོགས་ཤིང་མཐོང་བའི་ཆོས་ལ་བདེ་བར་གནས་པ་སོགས་དགེ་མཚན་ཆེ་བས། འདིར་སྐྱེས་རབས་རྣམས་འཐུས་ཚང་ལེགས་བསྒྲིགས་སྤྱན་བསྟར་ཞུས་པ་ཡིན།