Bodhicaryāvatāra/bo

From Bodhicitta


བྱང་སེམས་ཆོས་མཛོད།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་འདི་ནི་དཔལ་ན་ལེནྡྲའི་པཎྜི་ཏ་ཆེན་པོ་རྒྱལ་སྲས་ཞི་བ་ལྷས་ (དུས་རབས་ ༨ ་པ་) མཛད་པ་ཡིན་ཅིང་། གཞུང་འདིར་ཐོག་མར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ལེའུ་གསུམ། བར་དུ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མཐར་མི་ཉམས་པར་གོང་ནས་གོང་དུ་འཕེལ་བྱེད་པའི་ལེའུ་གསུམ་དང་། རྗེས་བསྔོ་བའི་ལེའུ་གཅིག་བཅས་བསྡོམས་ལེའུ་བཅུའི་བདག་ཉིད་ཅན། ལམ་ཕར་ཕྱིན་དྲུག་ལ་བསླབ་པའི་ཉམས་ཁྲིད་ཀྱི་ཚུལ་དུ་གསུངས་ཡོད། འདི་ལ་རྒྱ་བོད་མཁས་པས་མཛད་པའི་ཚིག་འགྲེལ་དང་དོན་འགྲེལ། མཆན་འགྲེལ་དང་དཀའ་འགྲེལ། དོགས་གཅོད་དང་གཏམ་རྒྱུད། སྤྱི་དོན་དང་བསྡུས་དོན། སྨོན་ལམ་དང་བརྒྱུད་འདེབས་སོགས་གཞུང་རྒྱས་བསྡུས་བརྒྱ་ལས་བརྒལ་བ་ཡོད་ལ། འཆད་ཉན་སྒོམ་སྒྲུབ་དང་ཁྱབ་སྤེལ་ཕྱོགས་མེད་དུ་བྱུང་ཞིང་། སྐད་ཡིག་མི་འདྲ་བ་ ༢༠ ་ལྷག་པར་འགྱུར་ཡོད་་ཅིང་། གཞུང་འདིར་གསུངས་པའི་བྱང་སེམས་དང་བློ་སྦྱོང་གི་མན་ངག་རྣམས་ལ། ཚིག་དོན་གོ་སླ་ཞིང་ཉམས་ལེན་གྱི་གནད་ལ་བརྡེག་པའི་ཁྱད་ཆོས་དང་ལྡན་པའི་ཚུལ་ཡང་། སེམས་དཔའ་ཆེན་པོ་རྫ་དཔལ་སྤྲུལ་རིན་པོ་ཆེས། གོ་སླ་མན་ངག་གནད་དུ་བརྡེག་པའི་ཆོས།། སྤྱོད་འཇུག་གཞུང་འདྲ་རྒྱ་བོད་གཉིས་ཆར་མེད།། འདི་ལ་མ་བརྟེན་སངས་རྒྱས་ཇི་ལྟར་ཡོད།། ཅེས་བསྔགས་ཤིང་། ཆུ་བརྒྱ་ཟམ་པ་གཅིག་གི་འོག་ཏུ་འཚུད་པ་ལྟ་བུའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བསྟོད་པའི་མེ་ཏོག་མངོན་པར་གཏོར་བས་ཀྱང་མཚོན་པ་ཡིན་ནོ།།

Read the text
 
སྤྱོད་འཇུག་དཔེ་འགྱུར་འགྲེལ་པ་ཞིབ་གཟིགས།
དཔེ་རྒྱུན། ཡིག་འགྱུར་དང་། འགྲེལ་པ་མི་འདྲ་བ་རྣམས་ཞིབ་པར་གཟིགས་ཐུབ།
 
སྤྱོད་འཇུག་རྩ་ཚིགས་ཀློག་བདེ་སྐད་འགྱུར་བཅས།
རྩ་ཚིགས་ལེའུའི་རིམ་པ་བཞིན་དུ་ཀློག་གཟིགས་གནང་ཐུབ།
 
སྤྱོད་འཇུག་གི་འགྲེལ་པ།
སྤྱོད་འཇུག་གི་འགྲེལ་བའི་རིམ་པ།
Separator narrow.png


རྩོམ་པ་པོའི་སྐོར།

རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི་དུས་རབས་ ༨ ་པའི་སྟོད་ཙམ་ལ་བྱོན་པའི་དཔལ་ན་ལཎྜའི་སློབ་དཔོན་ཏེ། སྐུ་ཚེ་མཛད་རྣམ་གྱི་སྐོར་ལ་རྒྱ་བོད་ཀྱི་མཁས་པས་བརྩམས་པའི་རྣམ་ཐར་མང་ཞིང་། སྤྱིར་བཏང་རྒྱལ་སྲིད་ལས་རབ་ཏུ་བྱུང་བ་དང་བུ་སུ་ཀུའི་སྤྱོད་ལམ་བསྟེན་པར་སྣང་བ་དང་། གཞུང་བཟང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་པ་སོགས་ངོ་མཚར་བའི་གཏམ་བདུན་གྱི་སྒོ་ནས་བཤད་པ་ཡོངས་གྲགས་ལྟར་ཡིན་ཀྱང་། རྒྱས་བསྡུས་དང་གོ་རིམ་གྱི་ཁྱད་པར་རེ་ཡོད་པས་འདིར་ཞི་བའི་ལྷའི་རྣམ་ཐར་གྱི་སྐོར་འགའ་ཞིག་སྒྲུག་ཞུས་ཡོད།

 
དུས་ཀྱི་རིམ་པ།
དུས་རབས་རིམ་པར་བྱུང་བའི་སྤྱོད་འཇུག་གི་འགྲེལ་པ་ཁག

སྤྱོད་འཇུག་གི་འགྲེལ་པའི་སྐོར།

སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་གཞུང་འདི་ནི། བརྗོད་བྱ་བྱང་ཆུབ་ཀྱི་སེམས་སྟོན་པའི་བསྟན་བཅོས་ཀུན་ལས་འགྲོ་དོན་ཆེ་བ་ཞིག་ཡིན་ཅིང་། གཞུང་འདི་ལ་རྒྱ་བོད་ཀྱི་མཁས་པས་མཛད་པའི་ཚིག་འགྲེལ། མཆན་འགྲེལ། དོན་འགྲེལ། དཀའ་འགྲེལ། དོགས་གཅོད། གཏམ་རྒྱུད། སྤྱི་དོན་དང་བསྡུས་དོན་གཞུང་འགྲེལ་སོགས་རྒྱས་བསྡུས་བརྒྱ་དང་ལྔ་བཅུ་ལས་བརྒལ་བ་བཞུགས་ཡོད།

དགུ་པ་ཤེས་རབ་ལེའུའི་སྐོར།

སྤྱོད་འཇུག་ལས་དགུ་པ་ཤེས་རབ་བསྟན་པའི་ལེའུའི་སྐབས། གཞི་བདེན་པ་གཉིས་སམ་ཆོས་དང་གང་ཟག་གིས་བསྡུས་པའི་ཤེས་བྱ་ཐ་དག། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་དང་། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་སོགས་དབུ་མའི་གཏན་ཚིགས་རྣམ་དག་གིས་ཞིབ་མོར་དཔྱད་ནས། རང་རང་ངོ་བོ་ཉིད་ཀྱིས་སྟོང་པར་གཏན་ལ་ཕབ་སྟེ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཇི་བཞིན་གསལ་བར་བཀྲལ་ཡོད། བྱང་སེམས་སྤྱི་དང་། བྱེ་བྲག་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ལམ་གྱི་རིམ་པ་རྣམས། དྲི་མ་མེད་པའི་རིགས་པས་ལོག་རྟོག་གི་མཐའ་གཞན་སྤངས་ཏེ་རྒྱལ་བའི་དགོངས་པ་ཇི་བཞིན་གཏན་ལ་ཕབ་པའི་ལེའུ་དགུ་པ་འདི་ལ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་ཚིག་འགྲེལ་དང་མཆན་འགྲེལ། དཀའ་འགྲེལ་དང་དོན་འགྲེལ། སྤྱི་དོན་དང་བསྡུས་དོན། ཟིན་བྲིས་དང་གཏམ་རྒྱུད་སོགས་འགྲེལ་གཞུང་རྒྱས་བསྡུས་སྣ་ཚོགས་མཛད་ཡོད་པ་སྤྱི་དང། བྱེ་བྲག་བོད་དུ་དུས་རབས་བཅུ་དགུ་པར་བྱོན་པའི་སྔ་འགྱུར་རྙིང་མའི་མཁས་དབང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་མཛད་པའི་ནང་། གྲུབ་མཐའ་གོང་འོག་གི་ཁས་ལེན་སྐབས་ཀྱི་འཆད་ཚུལ་དང་། རྟོགས་བྱ་བདེན་གཉིས་ངོས་བཟུང་ཚུལ། རྟོགས་པ་པོ་གང་ཟག་གི་རིམ་པ་བསྟན་ཚུལ་སོགས་ཀྱི་ཐད་ལ་དགག་བཞག་ཅུང་ཟད་མཛད་པ་ལ། རི་བོ་དགེ་ལྡན་པའི་མཁས་པ་བྲག་དཀར་སྤྲུལ་སྐུ་དང་། དཔའ་རི་བློ་བཟང་རབ་གསལ། ལྡན་མ་བློ་བཟང་ཆོས་དབྱིངས་སོགས་ཀྱིས་སྔ་ཕྱིར་དགག་ལན་རྒྱས་བསྡུས་རིམ་པར་མཛད་པ་དག་དང་། དེ་དག་གི་ལན་དུ་ཀུན་མཁྱེན་གྱིས་ཀྱང་རྒལ་ལན་རྣམ་གསུམ་སོགས་མཛད་པའི་ཡིག་ཆ་རྣམས་ལ་ཞིབ་གཟིགས་རྒྱུས་ལོན་ལེགས་པོ་འབྱུང་ན། ཆོས་བརྒྱུད་སོ་སོར་དབུ་མའི་ལྟ་གྲུབ་ཐད་དགོངས་པ་བཞེས་ཚུལ་དང་། ཐུན་མིན་ཁྱད་ཆོས་ཇི་ཡོད་མཁྱེན་རྟོགས་དང་བློ་བསྐྱེད་ཡོང་བའི་དགེ་མཚན་དུ་མར་དམིགས་ཏེ། རྒལ་ལན་གྱི་གཞུང་རྣམས་དྲྭ་ཚིགས་འདིར་ལེགས་བསྒྲིགས་སྤྱན་བསྟར་ཞུས་པ་ཡིན།

ཤེས་རབ་ལེའུ་དང་འབྲེལ་བའི་རྩོད་གླེང་།

དུས་རབས་བཅུ་དགུ་པར་བྱོན་པའི་སྔ་འགྱུར་རྙིང་མའི་མཁས་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་དང་། རི་བོ་དགེ་ལྡན་པའི་མཁས་དབང་བྲག་དཀར་སྤྲུལ་སྐུ་དང་། པ་རི་བློ་བཟང་རབ་གསལ་སོགས་ཀྱི་དབར་ལྟ་བའི་ཁྱད་པར་བྱུང་བ་ལ་ཕན་ཚུན་རྣམ་དཔྱད་ཀྱིས་རིགས་པ་དང་རྩོད་ལན་གྱི་སྒོ་ནས་བགྲོ་གླེང་ལན་འགར་བྱུང་བའི་ཡིག་ཆ་རྣམས་འདིར་ལེགས་པར་བསྒྲིགས་ཏེ་གཟིགས་བདེར་བྱས་ནས་སྤྱན་བསྟར་ཞུས་ཡོད།

ཀུན་མཁྱེན་མི་ཕམ་རིན་པོ་ཆེ་དང་བྲག་དཀར་སྤྲུལ་སྐུ་དབར་གྱི་རྩོད་ལན།
མཁས་དབང་གཉིས་ཀྱི་དབར་གྱི་རྩོད་ལན་མི་འདྲ་བ་གསུམ་ཡོད།
མང་སྣོན།
ཀུན་མཁྱེན་མི་ཕམ་རིན་པོ་ཆེ་དང་དཔའ་རི་བློ་བཟང་རབ་གསལ་དབར་གྱི་རྩོད་ལན།
མཁས་དབང་གཉིས་དབར་གྱི་རྩོད་ལན་མི་འདྲ་བ་ཇི་ཡོད་འདིར་བཞག་ཡོད།
མང་སྣོན།
ཀུན་མཁྱེན་མི་ཕམ་རིན་པོ་ཆེ་དང་ལྡན་མ་བློ་བཟང་ཆོས་དབྱིངས་དབར་གྱི་རྩོད་ལན།
མཁས་དབང་གཉིས་དབར་གྱི་རྩོད་ལན་རྒྱས་པར་བཞུགས་པ་འདིར་བཞག་ཡོད།
མང་སྣོན།

བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཡིག་ཚོགས།

སྒོམ་ལུགས།

སྒོམ་ལུགས་ཞེས་པ་ནི་བྱང་སེམས་བློ་སྦྱོང་གི་གདམས་པ་སྤྱི་དང་། བྱེ་བྲག་དུས་རབས་བརྒྱད་པར་བྱོན་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་དུ་གསུངས་པའི་ཞལ་གདམས་མན་ངག་རྣམས་ལ་རྟོག་གེ་རིགས་པའི་དཔྱད་ཚུལ་རེ་ཞིག་བསྐྱུང་ནས། བསྒོམ་པས་ཉམས་ཐོག་ཏུ་སྦྱར་བ་གཙོ་བོར་མཛད་པའི་ལམ་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན། སྒོམ་ལུགས་འདི་ཉིད་འཛིན་པའི་བླ་སློབ་རྣམས་ཀྱི་ཉམས་སུ་ལེན་བྱ་གཙོ་བོ་ནི་ཞི་ལྷག་གཉིས་ཀྱི་ཏིང་ངེ་འཛིན་དང་། བདག་གཞན་མཉམ་བརྗེ་སོགས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བ་སོགས་ཡིན་པ་དང་། ཕྱག་སྲོལ་འདི་ཉིད་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་བར་ཇོ་བོ་བཀའ་གདམས་དང་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་བརྒྱུད་ཁག་ཏུ་དར་ཁྱབ་ཆེ་བར་གྱུར་ཞིང། བརྒྱུད་པ་འདི་འཛིན་གྱི་བླ་མ་རྣམས་ཀྱིས་སློབ་མ་རྣམས་ལ་བྱང་སེམས་ཀྱི་གདམས་པ་འབོག་ཚེ་གཙོ་ཆེར་སྤྱོད་འཇུག་བཟོད་པ་དང་། བསམ་གཏན། ཤེས་རབ་ཀྱི་ལེའུ་སོགས་ལ་གཞི་མཛད་སྲོལ་ཡོད་པར་གསལ། ད་རེས་སྒོམ་ལུགས་ཐུན་མིན་འདི་ཉིད་སྔ་དུས་དར་ཁྱབ་ཇི་བྱུང་དང་། འདི་འཛིན་རྒྱ་བོད་མཁས་གྲུབ་དག་གི་སྐུ་ཚེ་མཛད་ཕྲིན་དང་བརྩམས་ཆོས་སོགས་ཀྱི་སྐོར་ལ་དམངས་ཁྲོད་དུ་མཁྱེན་རྟོགས་སྤེལ་བའི་ཕྱིར་འབྲེལ་ཡོད་ཡིག་ཆ་རྩ་ཆེ་སྣ་ཚོགས་ཤིག་དྲྭ་རྒྱ་འདིར་སྤྱན་འབུལ་བསྟར་བསྒྲིགས་ཞུས་ཡོད་པས་ཚང་མས་དགྱེས་གཟིགས་གནང་བར་ཞུ།
གསེར་གླིང་པ།
ཇོ་བོ་རྗེ་ཨ་ཏི་ཤ།
སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས།
ཐོགས་མེད་བཟང་པོ།
རོང་སྟོན་ཤེས་བྱ་ཀུན་རིག
དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།
རག་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་གྲུབ་རྒྱ་མཚོ།
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།