On this page you will find a new version of the Tibetan text of Śāntideva's Bodhicaryāvatāra (The Way of the Bodhisattva), edited based on comparing four versions of the text from Derge, Cone, Narthang, and Peking Tengyurs from BDRC scans, along with Dunhuang manuscripts IOL Tib J 628, 629, and 630. When Tibetan readings were problematic, the Sanskrit texts from GRETIL and LTB (Oslo) were consulted.
The work has been critically edited to give readers an improved version and a clear idea of the different recensions. However, we have avoided making it too pedantic and footnote-heavy by capturing all orthographic and stylistic differences. The collated
pedur edition produced in China in recent times has already done this. We preserved variant readings and other differences in the footnotes, mainly when they impact the meaning. Generally speaking, the Derge and Chone versions fall into one group and the Narthang and Peking editions into another. The common versions of The Way of the Bodhisattva appear to be independent of the Tengyur versions, keeping the best readings from both groups, and they sometimes even align to the old Dunhuang version. This indicates that the texts belonging to the same recension as the Dunhuang version were perhaps available to editors and commentators working on The Way of the Bodhisattva even after the 11th century.
སྔོན་གླེང་།
:༈ སློབ་དཔོན་ཆེན་པོ་ཞི་བ་ལྷ་ནི་ནང་པ་སངས་རྒྱས་པའི་མཁས་གྲུབ་རྣམས་ཀྱི་ནང་ ནས་མཚན་སྙན་ཤིན་ཏུ་ཆེ་ཞིང་གསུང་རྩོམ་གྱི་ཕན་ནུས་དང་བྱིན་རླབས་ཁྱད་དུ་ འཕགས་པ་ཞིག་ཡིན། སློབ་དཔོན་འདིའི་གསུང་རྩོམ་ལ་བྱང་ཆུབ་སེམས་དཔའི་སྤྱོད་ པ་ལ་འཇུག་པ། བསླབ་པ་ཀུན་ལས་བཏུས་པ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ ལེའུར་བྱས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་ཆོ་ག་དང་སྡིག་པ་ བཤགས་པའི་ཆོ་ག་བཅས་ཡོད། གསུང་ཕྲན་མཐའ་མ་གཉིས་བསླབ་བཏུས་ཀྱི་ ཁོངས་སུ་འདུས་པས་གསུང་ཆོས་གཙོ་བོ་སྤྱོད་འཇུག་དང་བསླབ་བཏུས་གཉིས་ཡིན་ ལ། བསླབ་བཏུས་ནི་གཙོ་བོར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱིས་གཙོས་པའི་མདོ་ ཁུངས་བརྒྱ་ཕྲག་ཙམ་ལས་བྱང་ཆུབ་སེམས་དཔའི་བསླབ་པ་སྟོན་པའི་ལུང་ཚིག་ གལ་ཆེན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་། སྤྱོད་འཇུག་ནི་འདི་དག་གི་སྙིང་ དོན་ཚིགས་སུ་བཅད་པའི་སྙན་ངག་གི་ལམ་ནས་བརྩམས་གནང་བའི་བསྟན་བཅོས་ ཤིག་ཡིན། ཕྲན་པས་འོག་ནས་བསླབ་བཏུས་ཀྱི་བྱུང་རབས་སྐབས་བཤད་པ་ལྟར། གཞུང་འདི་གཉིས་བར་འབྲེལ་བ་ཤིན་ཏུ་ཟབ་ཅིང་གཅིག་གྲོོགས་སུ་གཅིག་ཤར་བའི་ ཕན་ནུས་ཧ་ཅང་ཆེ་བ་ཡོད།
དེ་ཡང་བསླབ་བཏུས་ལ་བརྟེན་ནས་ཞི་བ་ལྷའི་ཐུགས་བསྐྱེད་དང་དགོངས་བཞེད་ཀྱི་འབྱུང་ཁུངས་དང་རྒྱབ་ལྗོངས་རྟོགས་ཐུབ་པ་དང་། སྤྱོད་འཇུག་ལ་བརྟེན་ནས་ཞི་ལྷས་མདོ་རྣམས་ཀྱི་དགོངས་པ་ཇི་ལྟར་ཕྱོགས་སྒྲིག་དང་འགྲེལ་བཤད་མཛད་པ་དཔོག་ནུས་ཤིང་། བརྗོད་བྱ་དང་རྗོད་བྱེད་ཀྱི་ཐད་གཞུང་འདི་གཉིས་ཀ་ནས་བཤད་པ་མང་ཡང་། སྐབས་འགར་གཅིག་ན་མེད་པ་གཅིག་ནས་བཤད་པའང་ཡོད་དེ། དཔེར་ན། བསླབ་བཏུས་ནས་ཐེག་པ་ཆེན་པོའི་ཡོངས་འཛིན་དགེ་བའི་བཤེས་གཉེན། ཤ་མེད་དཀར་ཟས། མཆོད་རྟེན་ཕྱག་མཆོད་སོགས་ཀྱི་སྐོར་རྒྱས་པར་གསུངས་པ་སྤྱོད་འཇུག་ལ་མེད་ཅིང་། སྤྱོད་འཇུག་ལ་ཡོད་པའི་ཕྱི་ནང་ལྟ་གྲུབ་ཀྱི་དགག་སྒྲུབ་སོགས་བསླབ་བཏུས་ལ་མེད་པས། གཞུང་འདི་གཉིས་ཟུང་འབྲེལ་དུ་བལྟ་ཐུབ་ན་ཐོས་པའི་རྒྱ་ཚད་དང་གོ་བའི་ཟབ་ཁྱད་ལ་ཁེ་ཕན་ཤིན་ཏུ་ཆེ་བར་མཐོང།།
འོན་ཀྱང་དེ་སྔ་གཞུང་འདི་གཉིས་ལྷན་དུ་དཔེ་སྐྲུན་ཞུས་པ་མི་སྣང་ཞིང་། སྤྱོད་འཇུག་དེ་ རྒྱ་བོད་དང་དེང་སང་འཛམ་གླིང་ཡུལ་གྲུ་ཁག་ཏུ་འཆད་ཉན་དང་དཔེ་སྐྲུན་རྩོམ་སྒྲིག་ སོགས་བྱས་པ་མང་ཞིང་དཔེ་མཛོད་དང་དཔེ་ཁང་ཕལ་ཆེར་ལ་མ་བཞུགས་པ་མེད་ ཀྱང་། བསླབ་བཏུས་ནི་དཔེ་རྒྱུན་དཀོན་ལ་འཆད་ཉན་སོགས་ནི་ཆོས་སྡེ་རྣམས་སུའང་ ཉག་ཕྲ་བར་སྣང་། དེ་བས་ན་ད་ལམ་དཔེ་དེབ་འདིར་གཞུང་འདི་གཉིས་ལྷན་དུ་དཔེ་ སྐྲུན་ཞུས་ཡོད་ཅིང་། སློབ་དཔོན་ཞི་བ་ལྷའི་གསུང་ཆོས་ཆ་ཚང་གཅིག་ཏུ་བསྡེབས་ ཡོད་པས། འདི་ལ་བརྟེན་ནས་ཐེག་པ་ཆེན་པོའི་ཆོས་ཚུལ་སྤྱི་དང་། བྱེ་བྲག་སློབ་དཔོན་ ཞི་བ་ལྷའི་གསུང་ཆོས་ལ་ཐོས་བསམ་སློབ་གཉེར་དང་། སྒོམ་སྒྲུབ་ཉམས་ལེན་གནང་ བར་ཕན་ཐོག་དང་ཞབས་ཏོག་སྒྲུབ་པའི་རེ་བ་ཡིན།
སྤྱོད་འཇུག་དང་བསླབ་བཏུས་ཀྱི་ཞུས་སྒྲིག་གི་བྱ་རིམ་འདི་ཉིད་ཐོག་མར་ཙཱ་འདྲ་ ཚོགས་པའི་ཞི་བ་ལྷའི་དྲྭ་ཐོག་ཆོས་མཛོད་ཀྱི་དོན་དུ་བརྩམས་ཤིང་། དྲྭ་མཛོད་དེ་ཉིད་ གྲོོས་མོལ་མང་པོའི་རྗེས་སུ་བྱང་ཆུབ་སེམས་ཀྱི་དྲྭ་མཛོད་དུ་རྒྱ་བསྐྱེད་མཛད་པ་དང་། གཞུང་འདི་གཉིས་ཀྱང་བྱང་ཆུབ་ཀྱི་སེམས་སྟོན་པའི་རྩ་གཞུང་དང་གལ་ཆེའི་རྩོམ་ ཆོས་ཀྱི་གྲས་སུ་བཞག་ཡོད། ཞུས་སྒྲིག་སྐབས་མ་དཔེ་གཙོ་བོར་སྡེ་དགེ །ཅོ་ནེ། སྣར་ཐང་དང་། པེ་ཅིང་བཅས་བསྟན་འགྱུར་རྣམས་སུ་བཞུགས་པའི་དཔེ་ཆ་པར་མའི་ འདྲ་པར་ Buddhist Digital Resource Center དྲྭ་ཐོག་དཔེ་མཛོད་ལ་བཞུགས་པ་དེ་རྣམས་ལ་གཏུགས་ཡོད་ཅིང་། སྡེ་དགེ་པར་མའི་ཤོག་གྲངས་བཀོད་ཡོད་ལ། དེ་ ཡང་མདུན་ཤོག་ལ་ (ན་) དང་རྒྱབ་ཤོག་ལ་ (བ་) རྟགས་བཀོད་ཡོད། སྤྱོད་འཇུག་ དང་བསླབ་བཏུས་ཚིགས་སུ་བཅད་པར་ཤོ་ལོ་ཀའི་ཨང་གྲངས་བཙུགས་ཤིང་། སྤྱོད་ འཇུག་གི་ཐད་ International Dunhuang Programme གྱིི་དྲྭ་ཐོག་ཡོད་པའི་ཏུན་ ཧོང་ནས་ཐོན་པའི་དཔེ་རྙིང་ (IOL Tib J 628, 629 and 630) ཁག་གསུམ་ལ་དཔེ་ བསྡུར་བྱས་ཡོད་པ་མ་ཚད། སྤྱོད་འཇུག་གཅིག་པུར་དཔེ་སྐྲུན་བྱས་ཡོད་པའི་དཔེ་རྒྱུན་ རིགས་ལ་ཡང་དཔེ་བསྡུར་བྱས་ཡོད། བོད་དཔེ་རྣམས་སུ་གོ་དོན་མི་གསལ་བའི་ སྐབས་སུ་གཞུང་གཉིས་ཀའི་ལེགས་སྦྱར་གྱིི་དཔེ་ Göttingen Register of Electronic Texts in Indian Languages དྲྭ་མཛོད་དང་། སྤྱོད་འཇུག་གི་དཔེ་ཨོས་ལོ་ མཐོ་རིམ་སློབ་གྲྭའི་ Thesaurus Literaturae Buddhicae ཡི་དྲྭ་མཛོད་ལ་བཞུགས་ པ་རྣམས་ལ་དཔེ་བལྟས་བྱས་ཡོད། དེ་བཞིན་སྐབས་འགར་གཞུང་གཉིས་པོའི་དབྱིན་ སྐད་ཀྱི་འགྱུར་མི་འདྲ་བ་རྣམས་ལ་དཔེ་ཀློག་བྱས་པས་ཞུས་སྒྲིག་ལ་ཕན་ཐོག་ཆེ་བར་ བྱུང་།
སྤྱིར་བཏང་གཟིིགས་པ་པོ་རྣམས་ལ་གཞུང་འདི་གཉིས་ཀྱི་དཔེ་རྒྱུན་དག་པ་ཞིག་དང་། དཔེ་རྒྱུན་མི་འདྲ་བ་ཡོད་པ་རྣམས་གསལ་པོར་མཁྱེན་ཐུབ་པ་ཞིག་འབུལ་བར་ དམིགས་ཡོད་ཅིང་། ཚིག་ཚོགས་དང་ཞབས་མཆན་མང་བར་འཛེམས་ནས་དག་ཆ་ དང་ཡིག་སྡེབ་མི་འདྲ་བ་ཕྲན་བུའི་རིགས་ནི་མཆན་དུ་བཀོད་མེད། དཔེ་བསྡུར་ཞིབ་པ་ ནི་ཉེ་ཆར་རྒྱ་ནག་ཏུ་བསྐྲུན་པའི་བསྟན་འགྱུར་དཔེ་བསྡུར་མར་བྱས་ཡོད་པས་འདིར་ ངལ་བ་དང་དུ་མ་བླང་ཞིང་། དོན་ལ་ཁྱད་པར་བྱུང་ཚེ་ཚིག་གི་ཁྱད་པར་ཞབས་མཆན་དུ་ བཀོད་ཡོད། དེ་ཡང་སྡེ་དགེ་དང་ཅོ་ནེ་གཉིས་ཕལ་ཆེར་ཕྱོགས་མཐུན་དང་། སྣར་ཐང་ དང་པེ་ཅིང་པར་མ་ཕལ་ཆེར་ཕྱོགས་མཐུན་པར་ཡོད་ལ། ཡོངས་གྲགས་ཡོད་པའི་སྤྱོད་ འཇུག་ནི་བསྟན་འགྱུར་བཞི་ཀའི་དཔེ་རྒྱུན་དང་མི་གཅིག་ཅིང་། ཕྱོགས་གཉིས་ཀའི་ལེགས་ཆ་བླང་བ་མ་ཚད། སྐབས་འགར་ཏུན་ཧོང་གི་དཔེ་རྙིང་དང་མཐུན་པ་ཡོད། དེ་ དང་རྒྱུ་མཚན་འགའ་ཞིག་ལས་དཔག་ན་ཏུན་ཧོང་གི་དཔེ་རྙིང་དང་བརྒྱུད་པ་གཅིག་ པའི་སྤྱོད་འཇུག་གི་དཔེ་རྒྱུན་ཞིག་སྤྱོད་འཇུག་གི་འགྲེལ་པ་མཁན་པོ་དང་ཞུས་སྒྲིག་ པ་རྣམས་ཀྱིས་དུས་རབས་ ༡༡ ་པའི་རྗེས་སུའང་གཟིིགས་ཡོད་པར་སྣང་། སློབ་དཔོན་ཞི་བ་ལྷའི་གསུང་དངོས་ཀྱི་སྔོན་འགྲོོའི་ཁ་སྐོང་དུ་ཁོ་བོས་དབྱིན་སྐད་དུ་ བྲིས་པའི་ཞི་བ་ལྷའི་ངོ་སྤྲོད་བསྡུས་པ་ཞིག་དང་། དེ་བཞིན་ཞི་བ་ལྷའི་རྣམ་ཐར་ཁག་ གཉིས་བཙུགས་ཡོད་ཅིང་། རྣམ་ཐར་དང་པོ་ནི་ཞི་བ་ལྷའི་རྣམ་ཐར་གྱིི་ཡི་གེ་རྙིང་ཤོས་ དེ་ཡིན་པར་སྣང་སྟེ། འབྲས་སྤུངས་གདན་ས་ཆེན་པོའི་གནས་བཅུའི་ལྷ་ཁང་དུ་ བཞུགས་པའི་དཔེ་ཚོགས་ལས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ ནས་འདྲ་པར་ཞུས་ཏེ། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་ གསུམ་པའི་པོད་ ༦ པར་དཔར་བསྐྲུན་གནང་ཡོད་པའི་ཡིག་རྙིང་ལས་ཕབ་པ་ཡིན། དཔེ་རྙིང་འདི་ཞུས་སྒྲིག་མཐིིལ་ཕྱིན་བྱས་ཏེ། ལེགས་བཅོས་བྱེད་སྐབས་མ་དཔེའི་ ཡིག་སྡེབ་བཅོས་དགོས་པ་རྣམས་གུག་ཤད་གྲུ་བཞི་ [ ] ཡི་ནང་དུ་བཙུགས་ནས་དེ་ རྗེས་དེ་མ་ཐག་ཏུ་ལེགས་བཅོས་བྱས་པ་རྣམས་བཀོད་ཡོད། དེ་རྗེས་མཁས་པ་ཆེན་པོ་ བི་བྷཱུ་ཏི་ཙནྡྲས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་ལས་ཞི་བ་ལྷའི་རྣམ་ཐར་ཁོལ་དུ་ ཕྱུང་བ་དེ་ཡང་བཞག་ཡོད་ཅིང་། རྣམ་ཐར་འདི་གཉིས་བསྡོམས་པས་ཡོངས་གྲགས་ སུ་བཤད་རྒྱུན་ཡོད་པའི་ཞི་བ་ལྷའི་རྣམ་ཐར་གྱིི་ཆ་ལག་ཚང་བ་དང་། རྣམ་ཐར་སྔ་མ་ དེར་དེང་སང་ཡོངས་གྲགས་སུ་བཤད་པའི་ཞི་བ་ལྷའི་རྣམ་ཐར་དང་མི་འདྲ་བའི་བཤད་ ཚུལ་འགའ་ཡང་ཡོད།
དཔེ་དེབ་འདི་ཡི་མཇུག་ཏུ་ཕྲན་པས་དབྱིན་སྐད་ཐོག་བྲིས་པའི་བསླབ་པ་ཀུན་ལས་ བཏུས་པའི་ཆོས་བྱུང་ལོ་རྒྱུས་དང་། བསླབ་བཏུས་ལེའུ་སོ་སོའི་བཅུད་དོན་དེ་ཡང་བཞག་ཡོད་ཅིང་། དེ་ཡང་སྤྱོད་འཇུག་དེ་ཁོ་བོའི་ནང་ཆོས་ཀྱི་རྩོམ་གཞུང་དགའ་ཤོས་ ཤིག་ཡིན་ཀྱང་། དེ་ལ་དབྱིན་སྐད་དུ་དཔེ་འགྱུར། འགྲེལ་པ། བསྡུས་དོན། དཔྱད་རྩོམ་ སོགས་མང་དུ་བཞུགས་པས་བསྐྱར་བྲིས་ཀྱི་ངལ་བ་མ་བྱས་ལ། བསླབ་བཏུས་ཐད་ འགྲེལ་བཤད་དཔྱད་རྩོམ་སོགས་ཉུང་བས་བོད་ཡིག་མ་མཁྱེན་པ་རྣམས་ལ་བསླབ་ བཏུས་ཀྱི་བརྗོད་དོན་རག་ཙམ་ཤེས་པའི་ཆེད་དུ་བྱུང་རབས་དང་བསྡུས་དོན་བགྱིིས་ ཡོད་ཅིང་། བསླབ་བཏུས་ཀྱི་བྱུང་བ་དེ་ཡིས་བསླབ་སྤྱོད་གཉིས་ཀའི་བྱུང་བ་དང་འཕེལ་ རྒྱས་ཀྱི་རིམ་པ་ཤེས་པ་ལ་ཕན་རླབས་ཡོད་སྙམ། ཞུས་སྒྲིག་སྐབས་འཕྲུལ་འཛུགས་ཡི་གེ་གཞི་མ་ Adharsha དྲྭ་ཐོག་ནས་ཕབ་ལེན་ བྱས་ཏེ། ལེགས་བཅོས་ཡིག་འཛུགས་དང་དཔེ་དེབ་སྒྲིག་བཀོད་ཀྱི་འདུ་བྱེད་བློ་ལྡན་ གཞི་ཚོགས་ཀྱི་དཔེ་སྐྲུན་འགོ་དཔོན་རྟེན་འབྲེལ་བཟང་པོ་ནས་བྱས་ཡོད་ཅིང་། ལམ་ སྲོལ་འགོ་དཔོན་རྡོ་རྗེ་མཁའ་འགྲོོ་ནས་དཔེ་ཀློག་གི་གདོང་གྲོོགས་དང་། ལྷག་པར་ ལམ་སྲོལ་མཁས་མཆོག་སློབ་དཔོན་རྡོ་རྗེ་རྒྱལ་མཚན་ནས་དཔེ་ཀློག་དང་ཞིབ་ གཟིིགས་ཞུས་དག་གི་གྲོོགས་རམ་གནང་ཡོད། དེ་བཞིན་ Alex Catanese ནས་ཕྲན་ པས་དབྱིན་ཡིག་ཏུ་བྲིས་པ་རྣམས་ཞིབ་གཟིིགས་ཞུས་དག་གནང་ཞིང་། Marcus Perman ནས་མ་དཔེའི་པར་གསར་ཕབ་ལེན་སོགས་གང་ཅིའི་ཐད་ཞལ་བཀོད་དང་ གྲོོགས་རམ་མཛད་ཅིང་། དཔེ་སྐྲུན་འདིའི་འགྲོོ་སོང་གི་སྦྱིན་བདག་ Eric Colombel དང་ཙཱ་འདྲ་ཚོགས་པས་གནང་ཡོད།
སློབ་དཔོན་ཆེན་པོ་ཞི་བ་ལྷའི་གསུང་ཆོས་དེབ་གཟུགས་སུ་སྒྲིག་བཀོད་ཞབས་མཆན་ དང་བཅས་པར་ཕྱོགས་བསྒྲིགས་བྱས་པ་འདི་ཡིས། གང་གི་གསུང་རྩོམ་ལ་ཐོས་ བསམ་ཉམས་བཞེས་གནང་བའི་གནའ་དེང་གི་འདུས་སྡེ་དང་བྱང་ཆུབ་དོན་གཉེར་བ་ ཀུན་ལ་ཕན་ཐོག་འབྱུང་བའི་རེ་བ་དང་། དེ་ལ་བརྟེན་ནས་སེམས་ཀྱི་ནོར་བུ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་དང་ཐེག་པ་ཆེན་པོའི་ཐབས་ཤེས་ཟུང་འཇུག་གི་རིང་ལུགས་ ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་རེ་སྨོན་སྙིང་དཀྱིལ་ནས་ཞུ་བ་བཅས་སྤྱི་ལོ་ ༢༠༢༥ ཟླ་ ༨ པའི་ཚེས་ རབ་བྱུང་ ༡༧ ་པའི་ཤིང་སྦྲུལ་ལོའི་ཆོས་འཁོར་དུས་ཆེན་ལ།
On this page you will find a new version of the Tibetan text of The Śikṣāsamuccaya (Compendium of Training), which is a thorough presentation of bodhicitta cultivation in classical Mahāyāna literature, yet it remains much less studied than its companion work, the Bodhicaryāvatāra. Attributed to the eighth-century Indian master Śāntideva, this large anthology organizes scriptural passages around twenty-seven memorial verses to give an authoritative foundation for understanding altruistic motivation and the complete bodhisattva path.
ངོ་སྤྲོད།
རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་བཏུས་ནི། བརྒྱད་པའི་དུས་རབས་ནང་བྱུང་བའི་མ་ཧཱ་ཡཱ་ན་ཆོས་ལུགས་ཀྱི་བསྟན་བཅོས་ཤིག་ཡིན། དེ་ནི་བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་འབུལ་བ། ངེས་འབྱུང་གི་ཕན་ཡོན། སྟོང་པ་ཉིད་ཀྱི་ཤེས་རབ་ལས་བྱུང་བའི་ཞི་བདེ་སོགས་བྱང་ཆུབ་སེམས་དཔའི་ཀུན་སློང་དང་ཉམས་ལེན་སྐོར་གྱི་ཚིགས་བཅད་ཉེར་བདུན་ལས་གྲུབ་པ་ཞིག་ཡིན། །ཚིགས་བཅད་སོ་སོའི་བརྗོད་དོན་ལ་རྩོམ་པ་པོས་ལྷུག་པའི་འགྲེལ་པ་དང་། མ་ཧཱ་ཡཱ་ན་སྡེ་སྣོད་མང་པོ་ཞིག་ནས་དྲངས་པའི་དཔེར་བརྗོད་ཀྱི་དུམ་བུ་རྒྱ་ཆེན་པོ་ཞིག་གི་རྣམ་པས་རྒྱས་པར་བཤད་ཡོད། །བསྡོམས་པས་ཡིག་ཆ་དགུ་བཅུ་གོ་བདུན་ཙམ་དྲངས་ཡོད་པ་ལས་མང་པོ་ཞིག་ལེགས་སྦྱར་སྐད་ཡིག་ཐོག་མར་བརླག་ཟིན་པས་ཤི་ཀྵ་ས་མུག་ཀ་ཡ་ནི་རྒྱ་གར་ནང་པའི་ཡིག་ཆའི་ལོ་རྒྱུས་ཐད་དམིགས་བསལ་གྱི་ཁུངས་ཤིག་ཏུ་གྱུར་ཡོད། །དྲངས་པ་འདི་དག་གིས་དུས་རབས་བརྒྱད་པའི་རྒྱ་གར་གྱི་མ་ཧཱ་ཡཱ་ནའི་རྩོམ་པ་པོ་ཞིག་གིས་སྡེ་སྣོད་གང་དག་ཤེས་མིན་གྱི་སྐོར་ལའང་སྒོ་འབྱེད་ཀྱི་ནུས་པ་ཐོན་ཡོད། །ཞི་བ་ལྷས་མཁོ་སྤྲོད་བྱས་པའི་དུམ་བུའི་ཟིན་བྲིས་འདི་བོད་ཀྱི་རྩོམ་པ་པོ་ཚོས་སྡེ་སྣོད་དྲངས་པའི་སྐབས་སུ་ཡང་ཡང་བེད་སྤྱོད་བཏང་ཡོད། །ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསླབ་པ་ཀུན་བཏུས་གཉིས་ཀས་བརྗོད་དོན་འདྲ་མཚུངས་ལ་འབྲེལ་བ་བྱེད་ཀྱང་ཡིག་ཆ་གཉིས་བར་གྱི་འབྲེལ་བ་ཏག་ཏག་ཇི་ཡིན་ཁ་གསལ་མེད། །རྩོམ་པ་པོའི་ཚིགས་བཅད་ཁ་ཤས་ཡིག་ཆ་གཉིས་ཀར་ཐོན་ཡོད་པ་དང་། བསླབ་པ་ཀུན་བཏུས་ནང་གི་སྡེ་སྣོད་ཀྱི་དུམ་བུ་ཁ་ཤས་ཀྱངབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནང་དུ་ཐོན་ཡོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནང་གི་དུམ་བུ་ཞིག་གིས་ཀྱང་ཀློག་པ་པོ་ཚོར་བསླབ་པ་ཀུན་བཏུས་ལ་གཟིགས་ཞེས་བརྗོད་ཀྱང་། ཚིག་འདི་ནི་ཡིག་ཆའི་ཏུན་ཧོང་གི་ནང་དུ་མི་ཐོན་ཞིང་རྗེས་སུ་བསྣན་པའི་བསམ་ཚུལ་ཞིག་ཡིན་སྲིད། །