Property:DescriptionTib
From Bodhicitta
This is a property of type Text.
B
༈ རྒྱལ་སྲས་ཞི་བ་ལྷ་ནི་དུས་རབས་ ༨ ་པའི་འགོ་ཙམ་ལ་བྱོན་པའི་དཔལ་ནཱ་ལེན་དཱའི་རྨད་དུ་བྱུང་བའི་སློབ་དཔོན་ཏེ། ངོ་མཚར་བའི་རྣམ་ཐར་ལྡན་ཞིང་། བརྩམ་ཆོས་གཙོ་བོ་ཐེག་པ་ཆེན་པོའི་ལྟ་སྤྱོད་སྟོན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་མཛད། སློབ་དཔོན་འདིའི་མཚན་སྙན་ཤིན་ཏུ་ཆེ་ཞིང་གསུང་གི་ཕན་རླབས་རྒྱ་བོད་སོགས་འཛམ་གླིང་རིལ་བུའི་ཁྱོན་ལ་ཁྱབ་ཡོད་པ་ཡིན།
ཐུབ་གསུང་ཟབ་དང་རྒྱ་ཆེའི་མདོ་སྡེ་རྣམས། །སྙིང་པོར་དྲིལ་བ་བྱང་ཆུབ་སྤྱོད་པའི་གཞུང་། །ལྟ་སྤྱོད་གཉིས་ཆར་སྟོན་པ་ཞི་བ་
ལྷའི། །བསྟན་བཅོས་འདི་འདྲ་དུས་གསུམ་འབྱོན་པར་དཀོན། ། - མཁྱེན་བརྩེ་ཆོས་ཀྱི་བློ་གྲོོས། +
དཔལ་ལྡན་འབྲས་སྤུངས་ཀྱི་མཁས་དབང་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས། སྔ་འགྱུར་རྙིང་མའི་མཁས་དབང་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀར། གཞན་ལུགས་དགག་གཞག་འགའ་ཞིག་མཛད་པ་དེ་དག་རྩ་གཞུང་གི་དགོངས་པ་ལས་ཕྱི་རོལ་དུ་གྱུར་བར་གཟིགས་ནས། ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསར་དགའ་བའི་གཏམ་ཞེས་པ་དང་། དེའི་བར་སྐབས་སུ་དེ་དང་ཕྱོགས་མཐུན་ལ་ལུང་རིགས་སྙིང་པོའི་གནད་ཟུར་དུ་ཕྱུང་བ། ཟབ་མོའི་གཏམ་ཞེས་པའི་ཀླན་ཀའི་གཞུང་གཉིས་མཛད་ཅིང་བརྒལ་བ་རྣམས་གཙོ་ཆེ་བ་བདུན་དུ་བསྡུས་ནས། རེ་རེ་བཞིན་མདོ་དང་འཕགས་པ་ཡབ་སྲས་ཀྱི་གཞུང་ལ་གཏུགས་ཏེ། རིགས་པ་ཡང་དག་གིས་བརྒལ་ལན་སྦྱིན་པའི་གཞུང་། ཉིན་བྱེས་སྣང་བར་གྲགས་པ་འདི་བཞིན་ཀུན་མཁྱེན་མི་ཕམ་པས་མཛད་པ་ཡིན། +
བཀའ་འགྱུར་རིན་པོ་ཆེས་བཤེས་སྤྲིང་གི་འགྲེལ་པ་འདི་ལྟར་མཛད་པ་ལ་དམིགས་ཡུལ་གཙོ་བོ་གསུམ་ཡོད། ༡) དང་པོ། འགྲེལ་པ་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་རྩ་གཞུང་གི་བརྗོད་བྱ་སོ་སོར་ས་བཅད་དང་འགོ་བརྗོད་འཚམ་པ་རེ་རེ་བཀོད་ཡོད། དེ་ནི་ས་བཅད་མེད་པར་རྩ་གཞུང་ཐད་ཀར་བཀླགས་པ་ཙམ་གྱིས་འཕགས་པའི་དགོངས་པ་ངེས་དཀའ་ཞིང་། གཞུང་གི་སྤྱི་ཁོག་གི་གོ་བ་དང་བཀླགས་དོན་བློ་ལ་འཆར་དཀའ་བས་ཡིན། གཞུང་འདི་འདྲའི་རིགས་ལ་འགྲེལ་ཚུལ་སྣ་ཚོགས་ཡོད་པ་བཞིན་ས་བཅད་བཀོད་ལུགས་ཀྱང་སྣ་ཚོགས་ཡོང་གི་ཡོད། བཤེས་སྤྲིང་གི་གཞུང་འདི་ཉིད་ལ་ཆ་བཞག་ནའང་ས་བཅད་བཀོད་ཚུལ་མི་འདྲ་བ་མང་པོ་ཡོད་པ་དཔེར་ན། རྗེ་བཙུན་རེད་མདའ་བས་སྤྱིར་དགེ་བ་སྒྲུབ་པར་གདམས་པ་དང་། འཁོར་བའི་ཉེས་པས་སྐྱོ་བར་བྱ་བ་དང་། མྱ་ངན་ལས་འདས་པའི་ཕན་ཡོན་བསམས་ནས་ལམ་སྒྲུབ་པར་གདམས་པ་བཅས་རྩ་བའི་ས་བཅད་གསུམ་གྱི་སྒོ་ནས་འགྲེལ་བཤད་མཛད་ཡོད། ས་སྐྱ་པཎ་ཆེན་གྱིས་ཤེས་སྤྲིང་གི་གཞུང་དོན་བསླབ་པ་གསུམ་དུ་ཕྱེ་སྟེ་འགྲེལ་བཤད་མཛད་ཡོད། དགེ་ལྡན་པའི་དགེ་བཤེས་བློ་བཟང་འཇིགས་མེད་ཀྱིས་སྐྱེས་བུ་གསུམ་གྱི་ཉམས་ལེན་དུ་ཕྱེ་སྟེ་བཤད་པ་མཛད་ཡོད། བཀའ་འགྱུར་རིན་པོ་ཆེས་ནི་ཕར་ཕྱིན་དྲུག་གི་སྒོ་ནས་ས་བཅད་ཕྱེ་ཡོད་པས་མི་ཕམ་རིན་པོ་ཆེའི་བཤེས་སྤྲིང་གི་འགྲེལ་པའི་ས་བཅད་དང་ཧ་ཅང་འདྲ་པོ་ཡོད།
༢) གཉིས་པ། ཀླུ་སྒྲུབ་ཀྱི་གསུང་སྙན་ངག་གིས་བཅིངས་ཤིང་། ཐ་སྙད་བརྡ་དོན་འཕྲོད་དཀའི་རིགས་ལ་ཐད་ཀར་ཟུར་མཆན་ཁ་གསལ་བཀོད་ཡོད། ཟུར་མཆན་འགའ་ཞིག་བརྡ་རྙིང་གསལ་བྱེད་ཀྱི་མངོན་བརྗོད་ཙམ་ཡིན་ལ། གཞན་དག་རྩ་གཞུང་གི་ཐ་སྙད་བྱེ་བྲག་པའི་དོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་གསལ་བཤད་བྱས་པ་ཡིན། འགྲེལ་པ་འདིར་མདོ་བསྟན་དག་ནས་སྐབས་བབ་ཀྱི་ལུང་འདྲེན་མང་པོ་དྲངས་ཤིང་། གཞུང་གི་བརྗོད་བྱ་གཙོ་ཆེའི་རིགས་ལ་བཀའ་འགྱུར་རིན་པོ་ཆེ་རང་ཉིད་ཀྱི་འགྲེལ་བཤད་རྒྱས་པ་རེ་ཡང་མཛད་ཡོད།
༣) གསུམ་པ། འགྲེལ་པ་འདི་ལྟར་མཛད་པའི་དམིགས་ཡུལ་གསུམ་པ་ནི། གཞུང་གི་དགོངས་དོན་ལྷད་མེད་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རྩ་གཞུང་ཚིགས་སུ་བཅད་པ་གོ་དཀའ་བ་དག་ཚིག་ལྷུག་ཏུ་ཕབ་སྟེ་གོ་བདེར་བྱ་བའི་ཕྱིར་ཡིན་པར་གསལ་ལོ།། +
ཟླ་བ་ཚེས་པ་ཡར་འཕེལ་བ་ལྟར། དད་པས་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པ་དང་། ཉས་མིག་གིས་བལྟས་ཏེ་མིག་གིས་བྱ་བ་དང་བྱ་བ་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ་ལྟར། བླ་མས་བྱ་བ་དང་བྱ་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཚོགས་གསོག་གིས་འཁོར་ལོ་དང་འདྲ་བར་སྤང་བྱ་མི་དགེ་བའམ་སྡིག་པའི་གཉེན་པོ་བྱེད་པ་དང་། གླང་པོ་ཆེ་ཁུར་ཆེན་ཁྱེར་བ་གནོད་པས་མི་ལྡོག་པ་ལྟར། བརྩོན་འགྲུས་ཀྱི་གོ་ཆས་བདག་གཞན་གྱི་ཁུར་ཁྱེར་བ་ལ་བརྟན་ཞིང་མི་ལྡོག་པར་བྱེད་པ་དང་། གདུགས་ཀྱིས་ཆར་ལས་སྐྱོབ་པར་བྱེད་པ་བཞིན་དུ། བྱིན་རླབས་ཀྱིས་བདག་གཞན་ཐབས་མ་ཡིན་པ་དང་ཐེག་དམན་ལས་སྐྱོབ་པར་བྱེད་པ་སོགས། མདོར་ན་དཔེ་སྣ་ཚོགས་ཀྱི་སྒོ་ནས་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་<<བསླབ་པ་ཀུན་ལས་བཏུས་པའི་>>བསྟན་བཅོས་ཀྱི་སྒོན་དོན་ཁྲིད་པའི་གདམས་པ་ཟབ་མོ་ཞིག་གོ། +
བསླབ་པ་ཀུན་ལས་བཏུས་ཀྱི་ལུས་རགས་པར་ཕྱེ་བའི་ལེ་འགྲེལ་འདིར། <<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་>>དང་ཤིན་ཏུ་མཐུན་པར་<<བསླབ་པ་ཀུན་ལས་བཏུས་པའི་>>གཞུང་གི་ལེའུ་དག་གིས་ཀྱང་ལམ་ཕར་ཕྱིན་དྲུག་ལ་ཉམས་སུ་ལེན་པའི་རིམ་པ་ཆོས་བཅུ་གཉིས་ཀྱི་སྒོ་ནས་སྟོན་ཚུལ་ངོ་སྤྲོད་མཛད་ཡོད། +
རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བསྟན་བཅོས་ཆེན་པོ་<<བསླབ་པ་ཀུན་ལས་བཏུས་པའི་>>གཞུང་ཡོངས་སུ་རྫོགས་པའི་སྡོམ་ཚིག་ཚིགས་སུ་བཅད་པ་ཤིན་ཏུ་བསྡུས་པ་འདི་ནི། རིགས་པ་སྨྲ་བ་སྐལ་བཟང་དཀོན་མཆོག་རྒྱ་མཚོས་དངུལ་རའི་དགོན་དགེ་ལྡན་དམ་ཆོས་ཀུན་རྒྱས་གླིང་དུ་བྲིས་པའོ།། +
སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བསྟན་བཅོས་<<བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པའི་>>དོན་བསྡུས་ས་བཅད་འདི་ནི་བྱང་ཆུབ་སྐྱབས་ཀྱིས་མཛད་ཅིང་། མ་དཔེ་འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཛ་༡༨ ནང་བཞུགས་ཡོད། +
༧རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྭ་སྒྲེང་དུ་སྒྲུབ་པའི་རྟེན་དལ་འབྱོར། སྤྱོད་པའི་རྟེན་སེམས་བསྐྱེད། སྤྱོད་པ་རང་གི་ངོ་བོ། སྤྱོད་པ་འགྲུབ་པའི་ཐབས་ཏེ། རྩ་བའི་ས་བཅད་བཞི་ཡི་སྒོ་ནས་<<བསླབ་པ་ཀུན་ལས་བཏུས་པའི་>>གཞུང་དོན་རྒྱས་པར་གསུངས་དུས་འཇམ་དབྱངས་ཆོས་རྗེས་རྗེའི་གསུང་བཞིན་ཟིན་བྲིས་མཛད་པ་ཞིག་གོ། +
བྱང་ཆུབ་སེམས་དཔའི་<<བསླབ་པ་ཀུན་ལས་བཏུས་པའི་>>གཞུང་དོན་རྣམ་བཤད་འདི་ནི་ཤཱཀྱའི་དགེ་སློང་བུ་རི་བ་བྱང་ཆུབ་སྐྱབས་ཀྱིས་མཛད་ཅིང་། འདི་ཡི་མ་དཔེ་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་དང་པོའི་གླེགས་བམ་ཉེར་ལྔ་པར་བཞུགས་ཡོད། +
མདོ་སྔགས་རིག་གནས་དང་བཅས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས། ཞབས་དྲུང་དམ་པ་བློ་བཟང་འཕྲིན་ལས་ལས་བསླབ་པ་ཀུན་ལས་བཏུས་པའི་ལུང་ཞུས་པ་དེའི་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་སྨྲས་པའོ།། +
བྱང་ཆུབ་སེམས་དཔའི་<<བསླབ་པ་ཀུན་ལས་བཏུས་པའི་>>གཞུང་དོན་གསལ་བར་བྱེད་པའི་ཊིཀྐ་འདི་ནི་དགེ་སློང་གཞོན་ནུ་རིན་ཆེན་གྱིས་མཛད་ཅིང་། འདི་ཡི་མ་དཔེ་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་དང་པོའི་གླེགས་བམ་ཉེར་གཅིག་པར་བཞུགས་ཡོད། +
འདི་ནི་འགྲོ་མགོན་ཕག་མོ་གྲུ་པ་ནས་གྲུབ་ཆེན་གླིང་རས་དང་གཙང་པ་རྒྱ་རས་སོགས་སུ་བརྒྱུད་པའི་བྱང་སྡོམ་བརྒྱུད་པའི་བླ་མ་བརྒྱུད་པ་གསུམ་ལྡན་ཏེ། ཀླུ་སྒྲུབ་ཡབ་སྲས་སོགས་ཟབ་མོ་ལྟ་བརྒྱུད་དང་། བྱམས་པ་དང་ཐོགས་མེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང་། ཏིལླི་ནཱ་རོ་སོགས་ཉམས་ལེན་བྱིན་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསོལ་འདེབས་ཤིག་གོ། +
འདི་ནི་སྨོན་འཇུག་གཉིས་ཀྱི་རྩ་བ་སྙིང་རྗེའི་སེམས་ཀྱི་དངོས་རྒྱུ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་བྱམས་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེ་བར་བྱེད་པའི་མན་ངག། བྱམས་པའི་ངོ་བོ་ངོས་བཟུང་བདང་། སྐྱེ་བའི་ཐབས་དང་། སྐྱོན་ཡོན་བརྟག་པ་སོགས་ས་བཅད་རྣམ་པ་བརྒྱད་ཀྱི་སྒོ་ནས་གསུངས་པ་ཤིན་ཏུ་ཟབ་པ་ཞིག་གོ། +
འདི་ནི་རང་གིས་རང་ལ་སྙིང་རྗེ་བསྒོམ་ན་རང་ཉིད་དགེ་སྦྱོར་ལ་བརྩོན་འགྲུས་ཆེ་བ་དང་། གཞན་ལ་སྙིང་རྗེ་སྐྱེ་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་པ་དང་། བྱམས་སྙིང་ཐོག་མར་རང་ལ་བསྒོམ་པ་ཉིད་བྱམས་ཁྲིད་རྩ་གནད་འགལ་ཤིན་ཏུ་ཆེ་བར་བསྟན་པའི་གདམས་ཟབ་ཅིག་གོ། +
འདི་ནི་འཇིག་རྟེན་གསུམ་གྱི་མགོན་པོས་སྐུ་ཚེ་སྨད་ལ་གསུངས་པའི་བྱམས་ཁྲིད་གསུང་སྒྲོས་དྲི་མ་མེད་པ་བྱམས་ཁྲིད་ཆེན་མོར་གྲགས་པ་ཞིག་སྟེ། ཐོག་མར་བྱམས་པའི་ངོ་ཏི་ངོས་འཛིན་ཚུལ་དང་། དེ་ནས་བྱམས་པའི་བསྙེན་པ། སྒྲུབ་པ། ལས་སྦྱོར་ཏེ། སྒྲུབ་ཐབས་ཡན་ལག་གསུམ་གྱི་སྒོ་ནས་བྱམས་པའི་ཏིང་ངེ་འཛིན་ལ་འཇུག་པའི་ཚུལ་བསྟན་པའི་ཟབ་ཁྲིད་ཅིག་གོ། +
འདི་ནི་བྱམས་པའི་ངོ་བོ་ངོས་བཟུང་བ་སོགས་ཡན་ལག་བརྒྱད་ཀྱི་སྒོ་ནས་བྱམས་པ་སྒོམ་ཚུལ་དང་། མ་དང་རང་དང་བླ་མ་དཀོན་མཆོག་སོགས་རྒྱུ་ཐབས་བཞི་ལས་སྙིང་རྗེ་སྐྱེ་ཚུལ་དང་། སྙིང་རྗེ་ལས་ལྷག་བསམ། ལྷག་བསམ་ལས་སྨོན་འཇུག་གི་སེམས་གཉིས། དེ་ལས་སྒྲིབ་པ་གཉིས་བྲལ་གྱི་དོན་དམ་བྱང་ཆུབ་ཀྱི་སེམས་དང་དེའི་འབྲས་བུ་བླ་མེད་བྱང་ཆུབ་ཐོབ་པའི་ཐབས་ཀྱི་རིམ་པ་སྟོན་པའི་ཟབ་ཁྲིད་བླ་མེད་ཅིག་གོ། +
འདི་ནི་འཕགས་པ་འཇམ་དཔལ་དང་ཀླུ་སྒྲུབ་སོགས་ནས་དཔལ་ལྡན་ས་སྐྱ་བར་བརྒྱུད་པའི་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་བགྱི་བའི་སྐབས། སྨོན་འཇུག་སེམས་བསྐྱེད་ཀྱི་རྒྱུ་དང་དབྱེ་བ་ཕན་ཡོན་སོགས་འཆད་པར་ཉེ་བར་མཁོ་བའི་ལུང་སྦྱོར། མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་དག་ལས་བཏུས་ཤིང་གཅིག་ཏུ་བསྒྲིགས་པ་ཞིག་གོ། +
འདི་ནི་སེམས་ཉིད་གསལ་སྟོང་ཟུང་དུ་འཇུག་གཉུག་མའི་རང་བབས་ཉིད་ངེས་དོན་གྱི་འཇམ་དཔལ་གཞོན་ནུར་གྱུར་པར་ངོ་སྤྲོད་པའི་མན་ངག་ཞིག་གོ། +
འདི་ནི་ཐེག་ཆེན་བློ་སྦྱོང་ངམ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་མདོ་རྒྱུད་བསྟན་བཅོས་དུ་མའི་ལུང་གིས་བརྒྱན་ཏེ་རྒྱས་པར་བཀྲལ་བ་ཞིག་གོ། +
འདི་ནི་སྐྱེ་བོ་བློ་གྲོས་དང་ལྡན་པ་འཁོར་བ་ཕྲ་རགས་ཀྱི་ཕ་རོལ་ཏུ་བརྒལ་བར་འདོད་དག་གིས་སྐུ་གཉིས་སྒྲུབ་བྱེད་ཀྱི་སྒྲུབ་པའི་ངོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་གཤོག་ཡངས་དཀར་པོ་རྒྱས་པ་ལ་བརྟེན་ནས་རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཀློང་དུ་ཕྱིན་བར་བྱེད་པའི་མན་ངག་ཁྱད་པར་ཅན་ཞིག་གོ། +