Property:VersionContent

From Bodhicitta

This is a property of type Text.

Showing 20 pages using this property.
M
Chapter 54: Maitreya 38-280a དང་ཡིད་ལ་བྱ་བ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་མངོན་པར་སྐྱེས་པ། བྱང་ཆུབ་སེམས་དཔའི་དབང་ལས་བྱུང་བ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་སྤྲུལ་བ། བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་རྫོགས་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོས་སེམས་ཅན་རྣམ་པར་གདུལ་བའི་དོན་དུ་བསྟན་པ། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་རྣམ་པར་ཕྱེ་བས་བསྒྲུབས་པ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་གནས་ལ་འཇུག་པའི་རྒྱན་གྱིས་བརྒྱན་པ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་སྐྱེ་བའི་ས་ལ་གནས་པའི་མྱི་རྣམས་རྗེས་སུ་གཟུང་བ་དང་། ཕ་དང་མ་དང་གཉེན་དུ་གྱུར་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། དེར་སྐྱེས་བའི་བྱང་ཆུབ་སེམས་དཔའ་སྐལ་བ་མཉམ་པ་རྣམས་ཀྱི་ཐེག་པ་ཆེན་པོ་རབ་ཏུ་བརྟན་པར་བྱ་བ་དང་། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱང་གར་འོས་པའི་སར་དགེ་བའི་རྩ་བས་ཡོངས་སུ་སྨིན་པར་བྱ་བ་དང་། རང་གི་རྣམ་པར་ཐར་པའི་ཚུལ་ལ་འཇུག་པར་བྱ་བ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྐྱེ་བ་ལ་དབང་བསྒྱུར་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་རབ་ཏུ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ཡོངས་སུ་བསྟན་པ་ལ་མངོན་པར་གཞོལ་བར་བྱ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་གཏང་བ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་གཟུང་བ་མི་སྨད་པས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྟོབས་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་གནས་གཞི་རྟེན་ཐམས་ཅད་ལས་གྱེན་དུ་འཕགས་པ་ཁོང་དུ་ཆུད་པར་བྱ་བ་དང་གནས་མེད་པ་ལ་གཞོལ་བར་སྲིད་པར་སྐྱེ་བ་ཐམས་ཅད་ན་གནས་པ་ཡོངས་སུ་བསྟན་པའི་དོན་དུ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་དྲི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་ 38-280b དག་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱང་བར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབ་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་བསགས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བཟོད་པ་ལ་འཇུག་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ནན་ཏན་གྱི་ཡོན་ཏན་ལ་གནས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་བསྙེན་བཀུར་བར་བྱ་བ་དྲིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཞུགས་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་བསམ་པ་རྟོགས་པར་ཁོང་དུ་ཆུད་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་རྗེས་སུ་ཞུགས་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་མངོན་དུ་གྱུར་པའོ། །དེ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་རབ་ཏུ་གནས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་རབ་ཏུ་གནས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་རབ་ཏུ་ཐོབ་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པའོ། །དེ་ནི་ལུང་བསྟན་པ་ཐམས་ཅད་ཡང་དག་པར་བླང་བའོ། དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་ཐམས་ཅད་ལ་རྣམ་པར་རྩེ་བའོ། །དེ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཐམས་ཅད་ཡོངས་སུ་བླང་བའོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་ 38-281a མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དབང་བསྐུར་བས་མངོན་པར་དབང་བསྐུར་བའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་དེ་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ནི་མངོན་པར་བརླན་པར་བྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྣམ་པར་འཕེལ་བར་བྱེད་དོ། །ལྷག་པའི་བསམ་པའི་དབྱིངས་ནི་རབ་ཏུ་བརྟན་པར་བྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་ནི་ཤིན་ཏུ་བྱང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་དབང་པོའི་ཤུགས་ནི་ཡང་དག་པར་འཕེལ་བར་བྱེད་དོ། །ཆོས་ཀྱི་ཕྱོགས་བསྒྲིབས་པ་མེད་པ་ནི་ཡོངས་སུ་སྟོན་པར་བྱེད་དོ། །གཞི་ཀུན་ཏུ་ཟུག་པའི་ས་ཁོང་དུ་ཆུད་པར་བྱ་བ་ནི་རྟོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱི་སར་འབྱུང་བའི་སྒོ་ལ་ནི་གཞོག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་དང་། སྨོན་ལམ་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི་ཡང་དག་པར་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པར་བྱ་བའི་སྐྱེ་བའི་སྒོ་ནི་ཡོངས་སུ་སྟོན་པར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག །ཆོས་ཀྱི་སྒོའི་འོད་སྣང་བ་གཅིག་ལ་གཞོལ་བར་མ་བྱེད་ཅིག །སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་སེམས་ཤིག །སྨོན་ལམ་གཅིག་པུ་མངོན་པར་བསྒྲུབ་པ་ལྷུར་མ་ལེན་ཅིག །ལུང་བསྟན་པ་གཅིག་གིས་མཐར་ཐུག་པས་རྒྱུན་གཅད་པར་མ་བྱེད་ཅིག །བཟོད་པ་གསུམ་ལ་འཇུག་པས་ཆོག་པར་བྱ་བའི་འདུ་ཤེས་སུ་མ་བྱེད་ཅིག །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་རྒྱུན་མ་གཅོད་ཅིག །ས་བཅུ་ཐོབ་པས་མཐར་ཐུག་པར་མ་བྱེད་ཅིག །སངས་རྒྱས་ཀྱི་ཞིང་ཚད་ཡོད་པ་ཡོངས་སུ་གཟུང་བ་དང་། ཡོངས་སུ་དག་པར་བྱ་བ་མ་སྨོན་ཅིག །དགེ་བའི་བཤེས་གཉེན་ཚད་ཡོད་པ་དགའ་བར་བྱ་བ་དང་། བསྙེན་བཀུར་བས་ངོམས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་ 38-281b བསྡུ་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་པ་ཤིན་ཏུ་བསྒྲུབ་དགོས་སོ། །བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུ་ཚད་མེད་པ་ཡོངས་སུ་བསྩགས་དགོས་སོ། །ཡོངས་སུ་བསྔོ་བའི་ཚུལ་ཚད་མེད་པ་ལ་བསླབ་པར་བྱ་དགོས་སོ། །སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་དགོས་སོ། །སེམས་ཅན་གྱི་བསམ་པའི་ཁམས་ཚད་མེད་པ་ལ་འཇུག་པར་བྱ་དགོས་སོ། །སེམས་ཅན་གྱི་དབང་པོ་ཚད་མེད་པ་ཡོངས་སུ་ཤེས་པར་བྱ་དགོས་སོ། །སེམས་ཅན་གྱི་མོས་པ་ཚད་མེད་པའི་རྗེས་སུ་འབྲང་བར་བྱ་དགོས་སོ། །སེམས་ཅན་གྱི་སྤྱོད་པ་ཚད་མྱེད་པ་ཁོང་དུ་ཆུད་པར་བྱ་དགོས་སོ། །སེམས་ཅན་ཚད་མེད་པ་གདུལ་བར་བྱ་དགོས་སོ། །ཉོན་མོངས་པ་དང་བག་ལ་ཉལ་བ་ཚད་མེད་པ་ཡང་དག་པར་གཞོམ་དགོས་སོ། །ལས་ཀྱི་སྒྲིབ་པ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །ལྟ་བའི་རྣམ་པ་ཚད་མེད་པ་རྣམ་པར་བཟློག་དགོས་སོ། །སེམས་ཀྱི་ཀུན་ནས་ཉོན་མོངས་པ་ཚད་མེད་པ་བསྩལ་བར་བྱ་དགོས་སོ། །སེམས་རྣམ་པར་དག་པ་ཚད་མེད་པ་བསྐྱེད་པར་བྱ་དགོས་སོ། །སྡུག་བསྔལ་གྱི་ཟུག་རྔུ་ཚད་མེད་པ་ཡང་དག་པར་དབྱུང་དགོས་སོ། །སྲིད་པའི་རྒྱ་མཚོ་ཚད་མེད་པ་ཡོངས་སུ་བསྐམ་པར་བྱ་དགོས་སོ། །མ་རིག་པའི་མུན་པ་ཚད་མེད་པ་རྣམ་པར་བསལ་དགོས་སོ། །ང་རྒྱལ་གྱི་རི་ཚད་མེད་པ་རབ་ཏུ་བསྙིལ་དགོས་སོ། །འཁོར་བའི་བཅིངས་པ་ཚད་མེད་པ་ཤིན་ཏུ་གཏུབ་དགོས་སོ། །སྲིད་པའི་ཆུ་བོ་ཚད་མེད་པ་བརྒལ་དགོས་སོ། །ཚེའི་རྒྱ་མཚོ་ཚད་མེད་པ་བསྐམ་དགོས་སོ། །སེམས་ཅན་འདོད་པའི་འདམ་དུ་ཐོགས་པ་ཚད་མེད་པ་ཡོངས་སུ་དགྲོལ་དགོས་སོ། །སེམས་ཅན་ཁམས་གསུམ་གྱི་ཁྱིམ་དུ་ཐོགས་པ་ཚད་མེད་པ་གདོན་པར་བྱ་དགོས་སོ། །སེམས་ཅན་ཚད་མེད་པ་འཕགས་པའི་ལམ་ལ་དགོད་དགོས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སྤྱོད་པ་ཚད་མེད་པ་རབ་ཏུ་ཞི་བར་བྱ་དགོས་སོ། །བདུད་ཀྱི་ཞགས་པ་ཚད་མེད་པ་ལས་ 38-282a ཡང་དག་པར་འདའ་བར་བྱ་དགོས་སོ། །བདུད་ཀྱི་ལས་ཚད་མེད་པ་རྣམ་པར་བཟློག་དགོས་སོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་ཁམས་ཚད་མྱེད་པ་ཡོངས་སུ་སྦྱང་དགོས་སོ། །བྱང་ཆུབ་སེམས་དཔའི་སྦྱོར་བ་ཚད་མེད་པ་རྣམ་པར་འཕེལ་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་དབང་པོ་ཚད་མེད་པ་ཡོངས་སུ་བསྐྱེད་དགོས་སོ། །བྱང་ཆུབ་སེམས་དཔའི་མོས་པ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཚད་མེད་པ་ལ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་ཚད་མེད་པའི་རྗེས་སུ་འབྲང་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཚད་མེད་པ་ཡོངས་སུ་དག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་བྱ་བའི་སྤྱོད་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་དགོས་སོ། །འཇིག་རྟེན་གྱི་སྤྱོད་པ་ཚད་མེད་པའི་རྗེས་སུ་འབྲང་བར་བྱ་དགོས་སོ། །འཇིག་རྟེན་གྱི་རྗེས་སུ་འབྲང་བ་ཚད་མེད་པ་ཡོངས་སུ་བསྟན་དགོས་སོ། །དད་པའི་སྟོབས་ཚད་མེད་པ་ཡོངས་སུ་བསྐྱེད་དགོས་སོ། །བརྩོན་འགྲུས་ཀྱི་སྟོབས་ཚད་མེད་པ་ཉེ་བར་བརྟན་དགོས་སོ། །དྲན་པའི་སྟོབས་ཚད་མེད་པ་ཡོངས་སུ་དག་པར་བྱ་དགོས་སོ། །ཏིང་ངེ་འཛིན་གྱི་སྟོབས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་དགོས་སོ། །ཤེས་རབ་ཀྱི་སྟོབས་ཚད་མེད་པ་བསྐྱེད་པར་བྱ་དགོས་སོ། །མོས་པའི་སྟོབས་ཚད་མེད་པ་བརྟན་པར་བྱ་དགོས་སོ། །བསོད་ནམས་ཀྱི་སྟོབས་ཚད་མེད་པ་ཡང་དག་པར་བསྒྲུབ་དགོས་སོ། །ཡེ་ཤེས་ཀྱི་སྟོབས་ཚད་མེད་པ་རྣམ་པར་སྤེལ་དགོས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ཚད་མེད་པ་ཡང་དག་པར་བསྒྲུབ་དགོས་སོ། །སངས་རྒྱས་ཀྱི་སྟོབས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་དགོས་སོ། །ཆོས་ཀྱི་སྒོ་ཚད་མེད་པ་རབ་ཏུ་དབྱེ་དགོས་སོ། །ཆོས་ཀྱི་ཕྱོགས་ཚད་མེད་པ་ལ་འཇུག་པར་བྱ་དགོས་སོ། །ཆོས་ཀྱི་སྒོ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་བསྐྱེད་དགོས་སོ། །ཆོས་ཀྱི་གསལ་བ་ཚད་མེད་པར་རབ་ཏུ་བྱ་དགོས་སོ། ། 38-282b དབང་པོའི་རྒྱུད་ཚད་མེད་པ་སྣང་བར་བྱ་དགོས་སོ། །ཉོན་མོངས་པའི་ནད་ཚད་མེད་པ་ཡོངས་སུ་ཤེས་པར་བྱ་དགོས་སོ། །ཆོས་ཀྱི་སྨན་ཚད་མེད་པ་ཡང་དག་པར་བསྡུ་དགོས་སོ། །ཉོན་མོངས་པའི་ནད་ཀྱིས་བཏབ་པའི་སེམས་ཅན་གྱི་ཁམས་ཚད་མེད་པ་གསོ་དགོས་སོ། །བདུད་རྩིའི་ཚོགས་ཚད་མེད་པ་ཡང་དག་པར་བསྡུ་བར་བྱ་དགོས་སོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་འདའ་བར་བྱ་དགོས་སོ། །དེ་བཞིན་གཤེགས་པ་ཚད་མེད་པ་མཆོད་དགོས་སོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པར་འཇུག་པར་བྱ་དགོས་སོ། །དེ་བཞིན་གཤེགས་པའི་བསྟན་པ་ཚད་མེད་པ་ཡོངས་སུ་གཟུང་དགོས་སོ། །སེམས་ཅན་གྱི་གནོད་པ་ཚད་མེད་པ་བཟོད་པར་བྱ་དགོས་སོ། །མི་ཁོམ་པ་དང་ངན་སོང་གི་ལམ་ཚད་མེད་པ་ཡོངས་སུ་གཅད་དགོས་སོ། །སེམས་ཅན་གྱི་བདེ་བ་ཚད་མེད་པ་ཉེ་བར་བསྒྲུབ་དགོས་སོ། །སེམས་ཅན་བསྡུ་བ་ཚད་མེད་པ་བྱ་དགོས་སོ། །གཟུངས་ཀྱི་སྒོ་ཚད་མེད་པ་ཡོངས་སུ་སྦྱང་དགོས་སོ། །སྨོན་ལམ་གྱི་སྒོ་ཚད་མེད་པ་མངོན་པར་བསྒྲུབ་དགོས་སོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྟོབས་ཚད་མེད་པ་ཡོངས་སུ་བསྒོམ་དགོས་སོ། །ཆོས་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱ་བ་ཚད་མེད་པ་རྒྱུན་མི་གཅད་པར་བྱ་དགོས་སོ། །ངེས་པར་རྟོགས་པའི་སྟོབས་ཚད་མྱེད་པའི་རྗེས་སུ་འཇུག་དགོས་སོ། །མངོན་པར་ཤེས་པ་མངོན་དུ་བསྒྲུབ་པ་ཚད་མེད་པ་བསྐྱེད་དགོས་སོ། །རིག་པ་དང་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་རྣམ་པར་དག་པར་བྱ་དགོས་སོ། །སེམས་ཅན་གྱི་རྒྱུད་ཚད་མེད་པའི་རྗེས་སུ་འགྲོ་བར་བྱ་དགོས་སོ། །སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་གཟུང་དགོས་སོ། །ལུས་རྣམ་པར་ཕྱེ་བ་ཚད་མེད་པ་ཡོངས་སུ་བསྟན་དགོས་སོ། །སྐད་རྣམ་པར་ཕྱེ་བ་ཚད་མེད་པ་ཡོངས་སུ་ཤེས་པར་བྱ་དགོས་སོ། །སེམས་ཅན་གྱི་སེམས་རྣམ་པ་ཐ་དད་པ་ཚད་མེད་པ་ཁོང་དུ་ཆུད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྒྱ་ཆེན་པོའི་རྗེས་སུ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་ 38-283a དཔའི་གནས་ཤིན་ཏུ་ཡངས་པར་རྗེས་སུ་སྤྱད་དགོས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ཟབ་མོ་ལ་རྣམ་པར་བལྟ་དགོས་སོ། །བྱང་ཆུབ་སེམས་དཔའི་ཡུལ་རྟོགས་པར་དཀའ་བ་ཁོང་དུ་ཆུད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ལམ་བགྲོད་པར་དཀའ་བ་བགྲོད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་ཤུགས་བསྒྲུབ་པར་དཀའ་བ་ཡོངས་སུ་གཟུང་དགོས་སོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་འཇུག་པར་དཀའ་བ་ལ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་སྣ་ཚོགས་ཁོང་དུ་ཆུད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐམས་ཅད་དུ་ཁྱབ་པ་ཀུན་ཏུ་བསྟན་དགོས་སོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་དགོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་དྲ་བ་མཐའ་དང་དབུས་མེད་པར་རབ་ཏུ་རྒྱས་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ལུང་བསྟན་པ་ཚད་མེད་པར་ཡང་དག་པར་མནོད་དགོས་སོ། །བྱང་ཆུབ་སེམས་དཔས་བཟོད་པའི་སྒོ་དཔག་ཏུ་མེད་པ་ལ་འཇུག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་གྲགས་མྱེད་པ་ཡོངས་སུ་སྦྱང་བར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་ཡོངས་སུ་དག་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཡོངས་སུ་སྦྱང་དགོས་སོ། །བྱང་ཆུབ་སེམས་དཔས་བསྐལ་པ་མཐའ་ཡས་པར་གོ་ཆ་བགོ་དགོས་སོ། །བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཆོད་པར་བྱ་དགོས་སོ། །བྱང་ཆུབ་སེམས་དཔས་སྨོན་ལམ་མངོན་པར་བསྒྲུབ་པ་བསམ་གྱིས་མི་ཁྱབ་པར་མངོན་པར་བསྒྲུབ་དགོས་སོ། །རིགས་ཀྱི་བུ་མདོར་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་སེམས་ཅན་ཐམས་ཅད་དང་མཉམ་པར་བསྟན་ཏོ། །བསྐལ་ 38-283b པ་ཐམས་ཅད་དུ་གནས་པས་བསྐལ་པ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །ཐམས་ཅད་དུ་སྐྱེ་བ་ཡོངས་སུ་སྟོན་པས་སྐྱེ་བ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །དུས་གསུམ་གྱི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུས་ཐམས་ཅད་དང་མཉམ་པར་བསྟན་ཏོ། །ཆོས་ཐམས་ཅད་ལ་ནན་ཏན་དུ་བྱེད་པས་ཆོས་ཐམས་ཅད་དང་མཉམ་པར་བསྟན་ཏོ། །ཞིང་ཐམས་ཅད་ཡོངས་སུ་དག་པར་བྱེད་པས་ཞིང་ཐམས་ཅད་དང་མཉམ་པར་བསྟན་ཏོ། །སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས། སྨོན་ལམ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །སངས་རྒྱས་ཐམས་ཅད་མཆོད་པ་མངོན་པར་བསྒྲུབ་པས། སངས་རྒྱས་ཐམས་ཅད་དང་མཉམ་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་གཅིག་ཏུ་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པར་བསྟན་ཏོ། །དགེ་བའི་བཤེས་གཉེན་ཐམས་ཅད་ལ་བསྙེན་བཀུར་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་མཉམ་པར་བསྟན་ཏོ། །རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བ་ལ་སྐྱོ་བར་མི་བྱའོ། །དགེ་བའི་བཤེས་གཉེན་མཐོང་བས་ངོམས་པ་བསྐྱེད་པར་མི་བྱའོ། །དགེ་བའི་བཤེས་གཉེན་ལ་ཡོངས་སུ་དྲི་བས་ཆོག་ཤེས་པར་མི་བྱའོ། །དགེ་བའི་བཤེས་གཉེན་དང་འགྲོགས་པ་ལས་བསམ་པ་ཕྱིར་ལྡོག་པར་མི་བྱའོ། །དགེ་བའི་བཤེས་གཉེན་ལ་ཕུ་དུད་དང་། རིམ་གྲོའི་སྦྱོར་བ་རྒྱུན་གཅད་པར་མི་བྱའོ། །དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་། རྗེས་སུ་བསྟན་པ་ལ་ལོག་པར་གཟུང་བར་མི་བྱའོ། །དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་མི་བསྐྱེད་དོ། །དགེ་བའི་བཤེས་གཉེན་གྱིས་འབྱུང་བའི་སྒོ་བསྟན་པ་ལ་ཡིད་གཉིས་སུ་མི་བྱའོ། །དགེ་བའི་བཤེས་གཉེན་གྱི་ཐབས་ཀྱི་བསམ་པ་དང་། འཇིག་རྟེན་གྱི་རྗེས་སུ་འབྲང་བར་བྱ་བའི་རྒྱུད་ལ་ཞེ་སྡང་བསྐྱེད་པར་མི་བྱའོ། །དགེ་བའི་ 38-284a བཤེས་གཉེན་ལ་མོས་པ་རྣམ་པར་བསྐྱེད་པས་ལུས་དང་སེམས་རྣམ་པར་ལྡོག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་རྒྱུན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྒྲུབས་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྒོ་སྣང་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་འབྱུང་བའི་སྒོ་རྣམ་པར་དག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་གནས་པའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་རྩ་བར་གྱུར་པའོ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་བརྟན་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་སྐྱེས་པའོ། །བྱང་ཆུབ་སེམས་དཔའི་གཟུངས་དང་སྤོབས་པའི་སྒོ་སྣང་བ་ཐམས་ཅད་དུ་ཁྲིད་པ་ནི་དགེ་བའི་བཤེས་གཉེན་ནོ། །བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྒོའི་མཛོད་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་ཅན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་ལག་ན་འདུག་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཚུལ་གྱི་རྒྱུད་གཅིག་ཏུ་གྱུར་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ 38-284b ལ་བརྟེན་པའོ། །བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་ཁྱད་པར་ཅན་མཉམ་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་རྒྱུད་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་གསང་བའི་གནས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་མཛོད་ན་འདུག་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་འབྱུང་གནས་ནས་བྱུང་བའོ། །བྱང་ཆུབ་སེམས་དཔའི་དབང་པོའི་ཤུགས་ཀྱི་མྱུ་གུ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤེལ་བའོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་སྤེལ་བའོ། །བྱང་ཆུབ་སེམས་དཔའི་གཏེར་གྱི་མཛོད་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་བསྩགས་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྲུངས་པའོ། །བྱང་ཆུབ་སེམས་དཔའི་ཚེ་རྣམ་པར་དག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་ཆོས་མཉན་པའི་སྤྲིན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་ཁ་ནས་བྱུང་བའོ། །བྱང་ཆུབ་སེམས་དཔའ་འབྱུང་བའི་ལམ་ལ་འཇུག་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་ཁོང་ན་ཡོད་པའོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྟན་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་ཕྱོགས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྟན་པའོ། །བྱང་ཆུབ་སེམས་དཔའི་སེམས་དང་ལྷག་པའི་བསམ་པའི་བདག་ཉིད་ཆེ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བརྗོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོའི་སྟོབས་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། ། 38-285a བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་ཕན་པ་ཉེ་བར་བསྒྲུབ་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་སོང་དུ་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོ་ལས་མྱི་ལྡོག་གོ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མྱི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་བསྲུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྡིག་པའི་གྲོགས་པོའི་ལག་ཏུ་མྱི་འདོང་ངོ་། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ཆོས་ལས་ཉམས་པར་མི་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་སོའི་སྐྱེ་བོའི་ས་ལས་ཡོངས་སུ་འདའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐྱོན་མེད་པར་མི་འཇུག་གོ། དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་གྱི་ཆོས་ཀྱིས་མྱི་གོས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་འཁྲུལ་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་བསྒྲུབས་ 38-285b པའི་བྱང་ཆུབ་སེམས་དཔའི་རྣམས་ནི་བརྩམ་པ་ཐམས་ཅད་ལས་ཕྱིར་མི་ལྡོག་གོ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པས་ཐུབ་པར་དཀའ་བ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་བརྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདུད་ཐམས་ཅད་ཀྱིས་མི་ཐུབ་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་རྟེན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་བསྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་ལས་རྣམ་པར་སྦྱོང་བའོ། །དགེ་བའི་བཤེས་གཉེན་ནི་སྡིག་ཏོ་ལས་རྣམ་པར་བཟློག་པའོ། །དགེ་བའི་བཤེས་གཉེན་ནི་མི་བྱ་བ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །མ་རིག་པའི་མུན་པ་རྣམ་པར་སེལ་བའོ། །ལྟ་བའི་འཆིང་བ་འཐུབ་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །འཇིག་རྟེན་གྱི་གནས་འདོར་བར་བྱེད་པའོ། །བདུད་ཀྱི་ཞགས་པ་ལས་ཐར་བར་བྱེད་པའོ། །སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པའོ། །མི་ཤེས་པའི་ཐིབས་པ་ལས་ཐར་བར་བྱེད་པའོ། །ལྟ་བའི་མྱ་ངན་ལས་ཡོངས་སུ་ཟློ་བའོ། །སྲིད་པའི་ཆུ་བོ་ལས་སྒྲོལ་བའོ། །འདོད་པའི་འདམ་ནས་འབྱིན་པའོ། །ལམ་མི་བདེ་བ་ནས་རྣམ་པར་ཟློག་པའོ། །བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་པའོ། །བྱང་ཆུབ་སེམས་དཔའི་ཡི་དམ་ལ་གཞོག་པའོ། །ནན་ཏན་ལ་རབ་ཏུ་འགོད་པའོ། །ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བའི་ཕྱོགས་རབ་ཏུ་སྟོན་པའོ། །ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་འཕེལ་བར་བྱེད་པའོ། །སྙིང་རྗེ་ཆེན་པོ་ཡང་དག་པར་སྐྱེད་པའོ། །སྤྱོད་པ་ཡོངས་སུ་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པའི་གདམས་ངག་རབ་ཏུ་སྟོན་པའོ། །ས་ལ་རབ་ཏུ་འགོད་པའོ། །བཟོད་པ་རྣམ་པར་ 38-286a འབྱེད་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འགྲུབ་པར་བྱེད་པའོ། །ཚོགས་ཐམས་ཅད་སྐྱེད་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་སྟོབས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་བྱེད་པའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་སྟོན་པའོ། །དོན་ཐམས་ཅད་ཡང་དག་པར་ལེན་དུ་འཇུག་པའོ། །ནན་ཏན་ལ་གཟེངས་བསྟོད་པའོ། །འབྱུང་བའི་སྒོ་སྟོན་པའོ། །ལམ་གོལ་བ་ལས་ཡོངས་སུ་སྲུང་བའོ། །ཆོས་སྣང་བའི་སྒོ་སྣང་བར་བྱེད་པའོ། །ཆོས་ཀྱི་སྒོ་མངོན་པར་བརླན་པར་བྱེད་པའོ། །ཆོས་ཐོས་པར་བྱ་བའི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའོ། །ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ། །ལྟ་བའི་རྣམ་པ་ཐམས་ཅད་ལས་རྣམ་པར་ཟློག་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །འདི་ལྟར་ཡང་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕན་པ་རྒྱ་ཆེན་པོར་སྒྲུབ་པས་ཕ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་སྲུང་བས་མ་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཁོང་དུ་ཆུད་པར་བྱེད་པས་སློབ་དཔོན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཛུད་པས་ལམ་མཁན་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཉོན་མོངས་པའི་ནད་ལས་ཐར་བར་བྱེད་པས་སྨན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཡེ་ཤེས་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་རི་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཇིགས་པ་ཐམས་ཅད་ལས་སྲུང་བས་དཔའ་བོ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་མཉན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་སྐྱབ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་ཁྱོད་ཀྱིས་དགེ་ 38-286b བའི་བཤེས་གཉེན་བསྙེན་པར་གྱིས་ཤིག །ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བའི་ཕྱིར་འཁོར་ཡུག་ལྟ་བུའི་སེམས་དང་། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅག་པས་སློབ་མ་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨད་པས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་སྐྱོ་བའི་ཕྱིར་མ་མ་ལྟ་བུའི་སེམས་དང་། བྱའོ་ཅོག་ལ་མཐུན་པར་གཟུང་བས་གཡོག་ལྟ་བུའི་སེམས་དང་། ང་རྒྱལ་དང་མཐོ་བའི་ང་རྒྱལ་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། དུས་དང་དུས་མ་ཡིན་པར་མཐོན་དམན་དུ་འགྱུར་བས་ཟླ་བ་ཉ་བ་ལྟ་བུའི་སེམས་དང་། མྱི་སྲུན་པ་ཐམས་ཅད་རྣམ་པར་སྤོང་བས་རྟ་ཅང་ཤེས་ལྟ་བུའི་སེམས་དང་། ཁུར་ལྕི་བ་བཀུར་བས་ཐེག་པ་ལྟ་བུའི་སེམས་དང་། དུལ་བ་དང་ཅང་ཤེས་ཀྱི་བསམ་པས་གླང་པོ་ལྟ་བུའི་སེམས་དང་། མྱི་སྒུལ་མྱི་བསྐྱོད་པས་རི་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། ང་རྒྱལ་དང་དུས་མེད་པས་གདོལ་བ་ལྟ་བུའི་སེམས་དང་། དྲེགས་པ་ཐམས་ཅད་མེད་པས་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་དང་། རློམ་སེམས་མེད་པས་མཚན་བུ་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངག་གི་མཐར་ཕྱིན་པར་བྱེད་པས་ཟམ་པ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འགལ་བར་བྱ་བས་རྒྱལ་པོ་གཞོན་ནུ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་ 38-287a བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་དྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ལམ་མཚོན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་ལམ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཕྱོགས་བདེ་བར་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཕ་རོལ་ཏུ་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་མཉན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་མུ་སྟེགས་ཀྱི་འདུ་ཤེས་དང་། ནན་ཏན་ལ་ནི་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཞིང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཀླུའི་དབང་པོའི་འདུ་ཤེས་དང་། གདམས་ངག་ལ་ནི་ཆར་པའི་འདུ་ཤེས་དང་། ནན་ཏན་ལ་ནི་ལོ་ཏོག་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་དབུལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ངལ་བསོ་པོའི་འདུ་ཤེས་དང་། གདམས་ངག་ལ་ནི་ནོར་དང་དོན་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་དབུལ་བ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་སློབ་མའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སློབ་དཔོན་གྱི་འདུ་ཤེས་དང་གདམས་ངག་ལ་ནི་བཟོ་བའི་འདུ་ཤེས་དང་། ནན་ཏན་ལ་ནི་བཟོ་ཁོང་དུ་ཆུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། གདམས་ངག་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ཚོང་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྐྱབ་འཛིན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་རིན་པོ་ཆེའི་འདུ་ཤེས་དང་། ནན་ཏན་ལ་ནི་རིན་པོ་ཆེ་སྡུད་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་བུ་དམ་པའི་འདུ་ཤེས་བསྐྱེད་པར 38-287b བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཕ་མའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་རིགས་ཀྱི་བུའི་ཚུལ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཚུལ་མ་ཉམས་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་རྒྱལ་པོ་གཞོན་ནུའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ཆོས་ཀྱི་རྒྱལ་པོ་དང་བློན་པོ་དམ་པའི་འདུ་ཤེས་དང་། གདམས་ངག་ལ་ནི་རྒྱལ་པོའི་ཁྲིམས་ཀྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཡེ་ཤེས་ཀྱི་རྒྱལ་པོའི་ཅོད་པན་དང་རྒྱན་དང་། ཆོས་ཀྱི་ཐབས་མགོ་ལ་འཆིང་བ་དང་། ཆོས་ཀྱི་རྒྱལ་པོའི་གྲོང་ཁྱེར་ལ་རྣམ་པར་ལྟ་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟ་བུའི་འདུ་ཤེས་ཡིད་ལ་བྱ་བ་ཡོངས་སུ་སྒོམ་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་ཉེ་བར་བསྙེན་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་ལྟར་དགེ་བའི་བཤེས་གཉེན་ལ་ལྷག་པའི་བསམ་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་གྱི་ངག་ཐམས་ཅད་ཉམས་སུ་ལེན་པའི་ཚེ། གངས་ཀྱི་རི་ལ་རྟེན་པའི་རྩྭ་དང་གེལ་བ་དང་། སྨན་དང་ནགས་ཚལ་ལྟ་བུར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །རྒྱ་མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །གང་ཆེན་མཚོ་ཆེན་པོ་རིན་པོ་ཆེ་མང་པོའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མྱེའི་དྲོད་ཀྱིས་གསེར་ཡོངས་སུ་འབྱང་བ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བྱང་བར་འགྱུར་རོ། །རྒྱ་མཚོ་ཆེན་པོ་ལས་འཕགས་པའི་རི་རབ་ལྟར་འཇིག་རྟེན་ལས་མངོན་པར་འཕགས་པར་འགྱུར་རོ། །པད་མོ་ལ་ཆུས་མྱི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མྱི་གོས་པར་འགྱུར་རོ། །རྒྱ་མཚོ་ཆེན་པོ་རོ་རུལ་པ་དང་མི་འགྲོགས་པ་ལྟར། སྤྱོད་པ་ངན་པ་ཐམས་ཅད་དང་མི་འགྲོགས་སོ། །ཡུད་དུ་ཡར་གྱི་ཟླ་བ་ལྟར་ཆོས་དཀར་པོས་རྣམ་པར་འཕེལ་བར་འགྱུར་རོ། །འཛམ་བུའི་གླིང་སྣང་བར་བྱེད་པའི་ཉི་མ་ལྟར་ཆོས་ཀྱི་དབྱིངས་སུ་སྣང་ 38-288a བར་འགྱུར་རོ། །ཕ་མ་དང་འགྲོགས་པའི་བུ་ལྟར་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ལུས་ཐམས་ཅད་ཡང་དག་པར་སྐྱེ་བར་འགྱུར་རོ། །དེ་ལྟར་མདོར་ན་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུ་ནི་རབ་ཏུ་འཛིན་པར་འགྱུར་རོ། །དེའི་ལྷག་པའི་བསམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་ཡོངས་སུ་སྦྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དབང་པོ་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་རབ་ཏུ་འཕེལ་བར་འགྱུར་རོ། །བྱིན་གྱི་རླབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་རྣམ་པར་སྤྱོད་པར་འགྱུར་རོ། །སྒྲིབ་པའི་ཆོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་རྣམ་པར་སྦྱོང་བར་འགྱུར་རོ། །སྒྲིབ་པའི་ཆོས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ནི་ཡོངས་སུ་དག་པར་འགྱུར་རོ། །བདུད་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ལས་ནི་ཡང་དག་པར་འདས་པར་འགྱུར་རོ། །ཆོས་ཀྱི་སྒོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ལ་ནི་རབ་ཏུ་འཇུག་པར་འགྱུར་རོ། །ཚོགས་རྣམ་པར་དག་པའི་སྒོ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །སྤྱོད་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ནི་ཀུན་ནས་དག་པར་འགྱུར་རོ། །སྨོན་ལམ་ཆེན་པོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ནི་མངོན་པར་གྲུབ་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་མདོར་ན་བྱང་ཆུབ་སེམས་དཔའི་སྤྱད་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་བཟོད་པ་ལ་འཇུག་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་འཕྲུལ་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་བསྔོ་བའི་ཡེ་ཤེས་དང་མངོན་པར་ཤེས་པ་ཚད་མེད་པ་ཐམས་ཅད་དང་། བྱང་ཆུབ་ 38-288b སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་ཅིང་ཡོངས་སུ་གྲུབ་པ་རྣམས་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་དག་གོ། དགེ་བའི་བཤེས་གཉེན་རྩ་བར་གྱུར་པ་དག་གོ། དགེ་བའི་བཤེས་གཉེན་ལས་བྱུང་བ་དག་གོ། དགེ་བའི་བཤེས་གཉེན་སྐྱེ་གནས་སུ་གྱུར་པ་དག་གོ། དགེ་བའི་བཤེས་གཉེན་སྐྱེ་མཆེད་དུ་གྱུར་པ་དག་གོ། དགེ་བའི་བཤེས་གཉེན་ལས་ཡོངས་སུ་སྐྱེས་པ་དག་གོ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤེལ་བ་དག་གོ། དགེ་བའི་བཤེས་གཉེན་ལ་རབ་ཏུ་རྟེན་པ་དག་གོ །དགེ་བའི་བཤེས་གཉེན་རྒྱུར་གྱུར་པའོ། །དགེ་བའི་བཤེས་གཉེན་ལས་རབ་ཏུ་སྐྱེས་པ་དག་གོ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྣམ་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་། བསྔགས་པ་རྗེས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཐོས་ནས་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ཀྱི་རྐང་པ་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅྭོ་བརྒྱད་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་སེམས་མངོན་པར་བརླན་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་བསྟན་པ་དེ་ནི་རྗེས་སུ་རྣམ་པར་སེམས། སྔོན་གྱི་མཐའི་ལུས་མང་པོ་ཡང་དག་པར་སྤྱོད་པ་ཉམས་སུ་མ་བླངས་པར་ཆུད་ཟོས་པ་ལ་བསམ་པས་ནི་ལུས་ཀྱི་སྟོབས་རབ་ཏུ་བརྟན་པར་བྱེད། སྔོན་གྱི་མཐའི་མུར་ཐུག་པའི་ལུས་དང་སེམས་ཡོངས་སུ་དག་ཀྱང་དོན་མེད་པར་འཁོར་བའི་སེམས་ཀྱི་རྒྱུད་དུ་གྱུར་པ་ལ་བསམ་པས་ནི་སེམས་དང་ཡིད་ལ་བྱ་བ་རབ་ཏུ་སྦྱོང་། སྔོན་གྱི་མཐའི་མུར་ཐུག་པའི་ལས་ཡང་དག་པ་མ་ཡིན་པས་འཇིག་རྟེན་གྱི་དོན་དུ་གཡེན་སྤྱོ་སྟེ། མིག་ཅེས་པར་ཤ་ཐང་བ་ 38-289a ལ་བསམ་པས་ནི་ད་ལྟར་བྱུང་བའི་དོན་ཤིན་ཏུ་གཅེས་པ་ལ་ལེགས་པར་བསྒྲུབ་པ་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ཡོངས་སུ་རྟོག་པ་ཡང་དག་པ་མ་ཡིན་པར་རྣམ་པར་བརྟགས་པ་ལས་བྱུང་བ་ཕྱིན་ཅི་ལོག་གིས་ཡིད་ལ་བྱ་བ་ཀུན་ནས་གླགས་པ་ལ་བསམ་པས་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པའི་རྟོག་པས་མངོན་པར་འདུ་བྱ་བའི་སྟོབས་ཡང་དག་པར་བསྐྱེད། འདས་པའི་ལུས་ཀྱིས་བདག་གི་དོན་གྱི་སྦྱོར་བ་ལ་རྩོམ་རྩོམ་པའི་ཡུལ་ལ་ཡོངས་སུ་བསམ་པས་ནི། སེམས་ཅན་ཐམས་ཅད་ཀྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་ལྷག་པའི་བསམ་པའི་སྟོབས་རབ་ཏུ་བརྟན་པར་བྱེད། སྔོན་འདོད་པ་ཡོངས་སུ་ཚོལ་ཚོལ་བའི་སྤྱོད་པ་རོ་མྱེད་པ་ལ་ཡོངས་སུ་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་སྦྱོར་བས་དབུགས་ཕྱིན་པ་ཆེན་པོ་འཐོབ་པའི་དབང་པོའི་ཤུགས་དྲག་པོ་རྣམ་པར་འཕེལ་བར་བྱེད། འདས་པའི་དུས་ཀྱི་ལྷག་པའི་བསམ་པ་ཕྱིན་ཅི་ལོག་དང་ལྡན་པའི་སྦྱོར་བ་ལ་ཡོངས་སུ་བསམ་པས་ནི། ད་ལྟར་བྱུང་བའི་དུས་སུ་ཕྱིན་ཅི་ལོག་མེད་པ་དང་ལྡན་པའི་ཡང་དག་པའི་ལྟ་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་ཡི་དམ་བཅའ་བས་སེམས་ཀྱི་རྒྱུད་ཡོངས་སུ་རྒྱས་པར་བྱེད། སྔོན་གྱི་མཐའི་བརྩོན་འགྲུས་བརྩམས་པ་མི་ཆ་ལ་དོན་མ་ཡིན་པ་དང་། ཡོངས་སུ་མ་གྲུབ་པའི་བརྩོན་འགྲུས་ཉམས་སུ་བླངས་པ་ལ་ཡོངས་སུ་བསམ་པས་ནི། ད་ལྟར་བྱུང་བའི་དུས་སུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་སྟ་གོན་དུ་གནས་པའི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྣམ་པར་གནོན་པས་ལུས་དང་སེམས་ཀྱི་གཟེངས་མཐོ་བ་ཡང་དག་པར་བསྐྱེད། སྔོན་གྱི་མཐའི་མུར་ཐུག་པའི་འགྲོ་བ་ལྔའི་རྒྱུད་ཀྱི་ངན་སོང་དུ་བདག་དང་གཞན་བོར་བ་ལ་བརྟག་པས་ལུས་འཚོ་བ་མེད་པ་ཡོངས་སུ་གཟུང་བ་ལ་ཡང་དག་པར་བསམ་པས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང་། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བར་ནུས་པའི་ལུས་ 38-289b ཡོངས་སུ་བཟུང་བས་དགའ་བ་དང་མོས་པའི་ཤུགས་དྲག་པོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད། ད་ལྟར་བྱུང་བའི་ཚེར་མངོན་པར་གྲུབ་ཀྱང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་གྱི་འབྱུང་གནས་སུ་གྱུར་ཏེ་འདུ་བ་དང་འབྲལ་བའི། གཏེར་དུ་གྱུར་པའི་ལུས་ཀྱང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་བརྩོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་ཞལ་ལྟ་ཞིང་ཞིང་ཐམས་ཅད་དུ་རྒྱུ་བ་དང་། ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བཟུང་བ་ལ་བརྩོན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་གྲོགས་སུ་གྱུར་པ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། ཡེ་ཤེས་ཀྱི་ལུས་ཀྱི་རྒྱུ་དང་རྐྱེན་དུ་གྱུར་བ་ལ་བལྟས་ཤིང་དགེ་བའི་རྩ་བའི་དབང་པོ་དང་། ཤུགས་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བྱེད་ཅིང་དེ་ལྟ་བུའི་སེམས་དང་། དེ་ལྟ་བུའི་ཡིད་ལ་བྱ་བ་དང་། ཚུལ་བཞིན་དེ་ལྟ་བུ་ལ་རབ་ཏུ་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མོས་པས་ཡང་དག་པར་བསྒྲུབས་པའི་དད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་བསྒྲུབས་པའི་ཉེ་བར་སེམས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལྷག་པའི་བསམ་པས་སྒྲོ་བཏགས་པའི་རིམ་གྲོ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་དང་བར་སྒྲོ་བཏགས་པའི་ཕུ་དུད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་ལ་མོས་པས་ཡང་དག་པར་བསྒྲུབས་པའི་དབང་པོ་དང་བའི་ཤུགས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རིམ་གྲོས་བྱུང་བའི་སེམས་ཀྱི་མོས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དད་པ་ལས་ཡོངས་སུ་བྱུང་བའི་དགེ་བའི་རྩ་བའི་ཚོགས་དང་། 38-290a བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་ཡོངས་སུ་གྲུབ་པའི་མཆོད་པ་རྣམ་པ་ཐ་དད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པའི་ལུས་ཀྱི་ཐལ་མོ་སྦྱར་བ་དང་། འགྲོ་བའི་ལུས་ཐམས་ཅད་དུ་ཡོངས་སུ་བྱུང་བའི་མིག་རྣམ་པ་སྣ་ཚོགས་ཀྱིས་བལྟ་བ་དང་། འགྲོ་བར་མིང་བཏགས་པ་ཐམས་ཅད་དུ་སྒྲོ་བཏགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱིས་སྤྲུལ་པ་ལས་བྱུང་བར་སྒྲོ་བཏགས་པའི་ལུས་ཀྱིས་བཏུད་ཅིང་ཕྱག་བྱ་བ་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ལས་བྱུང་བའི་ལེགས་པར་བརྗོད་པའི་རྒྱན་མངོན་པར་བསྒྲུབ་པ་དང་། སྔོན་གྱི་མཐའ་དང་ད་ལྟར་བྱུང་བའི་དུས་སུ་བྱུང་བའི་སེམས་ཅན་གྱི་གནས་ཐམས་ཅད་ཡོངས་སུ་རྒྱས་པའི་དེ་བཞིན་གཤེགས་པའི་ཕོ་བྲང་མངོན་དུ་བྱས་པའི་འདུ་ཤེས་ཀྱི་རྣམ་པ་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བས་མངོན་པར་རྫོགས་པར་འཚང་རྒྱ་བ་ཐམས་ཅད་དུ་ཁྱབ་པ་དང་། སྐྲའི་རྩེ་མོ་གཅིག་ལས་ཀྱང་ལྷག་པ་མེད་པར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱིས་རྒྱས་པར་འགེངས་བའི་རྗེས་སུ་སོང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མིག་གི་ལམ་རྣམ་པར་དག་པར་སྒྲོ་བཏགས་པའི་མངོན་པར་ཤེས་པ་སྣང་བས་རྣམ་པར་དམྱིགས་པ་དང་། ཕྱོགས་ཀྱི་དྲ་བ་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་དབྱིངས་ཀྱི་གཞི་ཐ་དད་པ་རྒྱས་པར་འགེངས་པའི་སྨོན་ལམ་མངོན་པར་བསྒྲུབས་པའི་སྟོབས་དང་། ཆོས་ཐམས་ཅད་ལ་འཇུག་པའི་སྒོ་ནམ་མཁའི་དབྱིངས་ཀྱིས་ཀླས་ཏེ། མཐས་གཏུགས་པ་ཐམས་ཅད་དུ་ཁྱབ་ལ། དུས་གསུམ་དུ་ཐ་མི་དད་ཅིང་རྒྱུན་མི་འཆད་པ་དང་། དད་པ་དང་མོས་པ་ལ་འཇུག་པའི་སྟོབས་དགེ་བའི་བཤེས་གཉེན་གྱི་གདམས་ངག་སྣང་བའི་ཕྱོགས་ལ་ཞུགས་པས་ཡུལ་རྒྱ་མཚོའི་འགྲམ་གང་ན་བ་དེར་ཕྱིན་ཏེ། དེ་ལྟར་ཚོང་དཔོན་གྱི་བུ་ནོར་བཟངས་རིམ་ 38-290b གྲོ་དང་། ཕུ་དུད་དང་། མཆོད་པ་དང་། བསྟོད་པ་དང་། ཕྱག་བྱ་བ་དང་། བལྟ་བའི་བྱིན་གྱི་རླབས་དང་། སྨོན་ལམ་དང་། འདུ་ཤེས་ཀྱི་རྗེས་སུ་སོང་བ་དེ་ལྟ་བུའི་ཡིད་དང་ལྡན་པ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་ཚད་མེད་པའི་ས་དེ་ལྟ་བུ་ལ་ཞུགས་པའི་ཡེ་ཤེས་ཀྱི་མིག་གིས་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ནས་ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཕྱག་བྱས་སོ། །དེས་རྣམ་པ་དེ་ལྟ་བུའི་མངོན་པར་བསྒྲུབ་པའི་ཚུལ་ཡུད་ཙམ་ཏུ་རྣམ་པར་དཔྱད་དེ་མོས་པ་དང་དད་པ་ལས་བྱུང་བའི་ལྷག་པའི་བསམ་པ་དང་། སྨོན་ལམ་གྱིས་མངོན་པར་བསྒྲུབས་པའི་མཐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་བདག་ཉིད་རྒྱུན་མི་འཆད་པར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མངོན་སུམ་དུ་གནས་པ་དང་། དགེ་བའི་བཤེས་གཉེན་གྱི་གནས་ཐམས་ཅད་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕོ་བྲང་ཐམས་ཅད་དང་། ཆོས་རིན་པོ་ཆེའི་གནས་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གནས་དང་། མཆོད་རྟེན་ཐམས་ཅད་དང་། མངོན་སུམ་དུ་གནས་པ་ནས། འཕགས་པའི་ཚོགས་དང་སྦྱིན་པའི་གནས་དང་། བླ་མ་དང་ཕ་མ་ཐམས་ཅད་ཀྱི་བར་གྱི་འགྲོ་བའི་ཚོགས་ཐམས་ཅད་དང་། མངོན་སུམ་དུ་གནས་པ་རྒྱུན་མི་འཆད་པར་ཡེ་ཤེས་ཀྱི་ལུས་ཐ་མི་དད་པའི་ཚུལ་ལ་འཇུག་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། འདུ་ཤེས་ཀྱི་བྱིན་གྱི་རླབས་དང་། ཡེ་ཤེས་ཡིད་ལ་བྱ་བས་བྱིན་གྱིས་བརླབས་སོ། །ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ནས་ཇི་ལྟ་བ་དེ་བཞིན་དུ་གོང་དུ་བརྗོད་པའི་དམིགས་པ་ཐམས་ཅད་ལ་ཡང་། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་འདུད་ཅིང་ཕྱག་བྱ་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་ཕྱི་མའི་མཐའི་མུར་ཐུག་པར་རྒྱུན་འཆད་པ་མེད་པར་བྱིན་གྱིས་བརླབས་ཏེ། ནམ་མཁའི་དབྱིངས་ཚད་མེད་པ་དང་མཉམ་པ་ཉིད་དང་། 38-291a ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་དང་མཉམ་པ་ཉིད་དང་། ཡང་དག་པའི་མཐའ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། མཉམ་པ་ཉིད་དང་། དེ་བཞིན་ཉིད་རྣམ་པར་མི་རྟོག་པ་དང་མཉམ་པ་ཉིད་དང་། གྲིབ་མ་ལྟ་བུའི་ཡེ་ཤེས་དང་། འདུ་ཤེས་ཀྱིས་རྒྱས་པར་དགང་བ་མཉམ་པ་ཉིད་དང་། རྨི་ལམ་ལྟ་བུའི་རྣམ་པར་དཔྱོད་པ་དང་མཉམ་པ་ཉིད་དང་། གཟུགས་བརྙན་ལྟ་བུའི་འཇིག་རྟེན་དང་། འགྲོ་བ་ཐམས་ཅད་རྣམ་པར་དམིགས་པའི་མཉམ་པ་ཉིད་དང་། རྒྱུ་དང་རྐྱེན་ལས་བྱུང་བས་སྒྲ་བརྙན་ལྟ་བུའི་མཉམ་པ་ཉིད་དང་། འབྱུང་བ་དང་འཇིག་པ་མི་སྐྱེ་བ་དང་། མཉམ་པའི་མཉམ་པ་ཉིད་དང་། རྐྱེན་དང་རྟེན་པའི་རྒྱུད་དངོས་པོ་མེད་པའི་རང་བཞིན་དང་མཉམ་པའི་མཉམ་པ་ཉིད་ཀྱིས་ལས་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་རྣམ་པར་སྨིན་པ་ལ་ནི་མོས་པར་བྱེད། རྒྱུ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་འབྲས་བུ་ལ་ནི་མོས་པར་བྱེད། བསྩགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་བྱ་བ་ཐམས་ཅད་ལ་ནི་མོས་པར་བྱེད། དང་བ་ལས་ཡོངས་སུ་བྱུང་བའི་དེ་བཞིན་གཤེགས་པ་བྱུང་བ་ཐམས་ཅད་ལ་ནི་མོས་པར་བྱེད། མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བྱུང་བའི་སངས་རྒྱས་མཆོད་པའི་སྤྲུལ་པ་ཐམས་ཅད་ལ་ནི་མོས་པར་བྱེད། རིམ་གྲོ་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྤྲུལ་པ་ཐམས་ཅད་ལ་ནི་མོས་པར་བྱེད། དགེ་བའི་རྩ་བའི་ཚོགས་ལས་ཡོངས་སུ་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ལ་ནི་མོས་པར་བྱེད། ཤེས་རབ་དང་ཐབས་ལས་ཡོངས་སུ་བྱུང་བའི་རྒྱན་ཡིད་ཀྱི་རང་བཞིན་ཏུ་བསྒྲུབས་པ་ཐམས་ཅད་ལ་ནི་མོས་པར་བྱེད། སྨོན་ལམ་ལས་ཡོངས་སུ་བྱུང་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནི་མོས་པར་བྱེད། བསྔོ་བ་ལས་ཡོངས་སུ་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། ཆོས་ཀྱི་དབྱིངས་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པ་རྣམ་པར་བསྒྲུབ་པས་རྒྱས་པར་དགང་བའི་རྒྱན་ལ་ནི་མོས་པར་བྱེད་ཅིང་ཡོངས་སུ་བསྔོ་བའི་ཡེ་ཤེས་ཆད་པའི་འདུ་ཤེས་དང་བྲལ་བ་དང་། སྐྱེ་བ་མེད་པའི་ཡེ་ཤེས་རྟོག་པའི་འདུ་ཤེས་མེད་པ་དང་། ཡང་དག་ 38-291b པའི་སྤྱོད་པ་ལ་འཇུག་ཅིང་རྒྱུ་ཉེ་བར་སྩོགས་པའི་ཡེ་ཤེས་རྒྱུ་དང་བྱ་བའི་ལྟ་བ་མེད་པ་དང་། ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་ཕྱིན་ཅི་ལོག་གི་ལྟ་བ་དང་བྲལ་བ་དང་། གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་དབང་ཕྱུག་ཏུ་ལྟ་བ་མེད་པ་དང་། རྟེན་པ་ལ་འཇུག་པའི་ཡེ་ཤེས་བདག་དང་ཕ་རོལ་གྱི་འདུ་ཤེས་ཀྱི་ལྟ་བ་དང་། བྲལ་བ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་འཇུག་པའི་ཡེ་ཤེས་མཐར་འཛིན་པའི་ལྟ་བ་དང་བྲལ་བ་དང་། གཟུགས་བརྙན་ལྟ་བུར་མངོན་པར་གྲུབ་པའི་ཡེ་ཤེས་འཕོ་བའི་ལྟ་བ་མེད་པ་དང་། མི་སྐྱེ་མི་འགག་པའི་ཡེ་ཤེས་སྐྱེ་བ་དང་། འཇིག་པའི་ལྟ་བ་དང་བྲལ་བ་དང་། སྟོང་པ་ཉིད་ཀྱིས་མི་སྐྱེ་བའི་ཡེ་ཤེས་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བ་དང་། སྨོན་ལམ་མངོན་པར་སྒྲུབ་པའི་ཡེ་ཤེས་ཀྱི་སྟོབས་དབང་ཕྱུག་མེད་པའི་ཆོས་ཉིད་རབ་ཏུ་རྟོགས་པ་དང་། མཚན་མ་མེད་པའི་མཐའི་སྒོ་དང་ལྡན་པའི་ཡེ་ཤེས་མཚན་མ་ཐམས་ཅད་དང་བྲལ་བས་ས་བོན་ལས་མྱུ་གུ་ཆུད་མི་ཟ་བའི་ཆོས་ཉིད་དང་། རྒྱ་ལས་རྒྱའི་གཟུགས་བརྙན་འབྱུང་བའི་ཆོས་ཉིད་དང་། གཟུགས་ལས་གཟུགས་བརྙན་འབྱུང་བའི་ཆོས་ཉིད་དང་། སྒྲ་བརྙན་དང་སྒྲར་མཉམ་པ་རྣམ་པར་དམིགས་པའི་ཆོས་ཉིད་དང་རྣམ་པར་དཔྱོད་པ་དང་། རྨི་ལམ་དུ་མཉམ་པར་རྣམ་པར་དམིགས་པའི་ཆོས་ཉིད་དང་། སྒྱུ་མའི་རྣམ་པ་ལྟར་ལས་ལས་ཡོངས་སུ་བྱུང་བའི་ཆོས་ཉིད་དང་། སེམས་གཟུགས་མེད་པས་འཇིག་རྟེན་ཡོངས་སུ་བསྐྱེད་པའི་ཆོས་ཉིད་དང་། རྐྱེན་དང་རྒྱུ་ཇི་ལྟར་བསྩགས་པ་བཞིན་དུ། འབྲས་བུ་འབྱུང་བའི་ཆོས་ཉིད་དང་ལས་ཇི་ལྟར་བསྩགས་པ་དང་། མཉམ་པར་རྣམ་པར་སྨིན་པ་འབྱུང་བའི་ཆོས་ཉིད་དང་། ཐབས་མཁས་པས་རྣམ་པར་བསྒྲུབས་པའི་ཆོས་ཉིད་དང་། ཆོས་དང་ཆོས་མ་ཡིན་པ་མཉམ་པ་ཉིད་ཀྱི་མངོན་པར་བརླན་པའི་ཆོས་ཉིད་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་དེ་ལྟ་བུས་མངོན་པར་བསྒྲུབས་པའི་འདུ་ཤེས་དང་། ཡིད་ལ་བྱ་བས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ནས་རྣམ་པ་དེ་ལྟ་བུར་བཏུད་ 38-292a དེ། ཕྱག་འཚལ་ནས་ཡུན་རིང་མོ་ཞིག་ལོན་པ་དང་། དགེ་བའི་རྩ་བའི་ཤུགས་བསམ་གྱིས་མི་ཁྱབ་པས་མངོན་པར་བརླན་པའི་སེམས་དང་ལྡན་པ་ལུས་དང་སེམས་ཤིན་ཏུ་སིམ་པར་གྱུར་པ་དེ། ཁང་པ་བརྩེགས་པའི་སྒོའི་གནས་ནས་ལངས་ཏེ། ཡུད་ཙམ་ཞིག་ཏུ་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་དེ་ལ་མིག་མི་འགེབས་པས་བལྟས་ནས། ཐལ་མོ་སྦྱར་ཏེ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། དེ་ལྟ་བུའི་འདུ་ཤེས་དང་། ཡིད་ལ་བྱ་བས་བསྐུལ་བའི་སེམས་དང་ལྡན་པས། ཚིག་ཏུ་བརྗོད་པ་འདི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །ཆོས་ཀྱི་དབྱིངས་ཐ་མི་དད་པའི་གནས་ལ་རྣམ་པར་སྤྱོད་པ་སེམས་ཅན་གྱི་ཁམས་མི་དམིགས་པའི་གནས་ལ་རྣམ་པར་སྤྱོད་པ། ཆོས་ཐམས་ཅད་མི་སྐྱེ་བའི་གནས་ལ་རྣམ་པར་སྤྱོད་པ། འཇིག་རྟེན་ཐམས་ཅད་གནས་མེད་པའི་གནས་ལ་རྣམ་པར་སྤྱོད་པ། འགྲོ་བ་ཐམས་ཅད་ཀྱི་གནས་གནས་མྱེད་པའི་གནས་ལ་རྣམ་པར་སྤྱོད་པ། གནས་ཐམས་ཅད་རྣམ་པར་བསྒོམས་པའི་གནས་ལ་རྣམ་པར་སྤྱོད་པ། བརྟེན་པ་ཐམས་ཅད་ལ་མི་རྟེན་པའི་གནས་ལ་རྣམ་པར་སྤྱོད་པ། ལུས་ཐམས་ཅད་ལ་མི་རྟེན་པའི་གནས་ལ་རྣམ་པར་སྤྱོད་པ། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་བསྩལ་བའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དུ། རྣམ་པར་མི་རྟོག་པའི་གནས་ལ་རྣམ་པར་སྤྱོད་པ། འདུ་ཤེས་དང་སེམས་དང་ཡིད་ཐམས་ཅད་ཀྱིས་རྣམ་པར་དབེན་པའི་གནས་ལ་སྤྱོད་པ། ལམ་ཐམས་ཅད་བླང་བ་མེད་པ་དང་། དོར་བ་མེད་པའི་གནས་ལ་རྣམ་པར་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་འཇུག་པའི་གནས་ལ་རྣམ་པར་སྤྱོད་པ། སྒོ་ཀུན་ནས་ཆོས་ཀྱི་དབྱིངས་རྒྱས་པར་ 38-292b འགེངས་པ་ཐབས་ཀྱི་གནས་ལ་རྣམ་པར་སྤྱོད་པ། ཉོན་མོངས་པ་ཐམས་ཅད་ཞི་ཞིང་ཉེ་བར་ཞི་བའི་གནས་ལ་རྣམ་པར་སྤྱོད་པ། ལྟ་བ་དང་སྲིད་པ་དང་། ང་རྒྱལ་ཐམས་ཅད་སྤོངས་པའི་ཤེས་རབ་ཤས་ཆེ་བའི་གནས་ལ་རྣམ་པར་སྤྱོད་པ། བསམ་གཏན་དང་། རྣམ་པར་ཐར་བ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རིག་པ་བསྐྱེད་པ་ཐམས་ཅད་ལ་རྣམ་པར་རོལ་བའི་གནས་ལ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསྒོམས་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་ཉེ་བར་གནས་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །འདི་ནི་གང་དེ་དག་བསྐལ་པ་གཅིག་ལ་བསྐལ་པ་ཐམས་ཅད་དང་། བསྐལ་པ་ཐམས་ཅད་ལ་བསྐལ་བ་གཅིག་ཏུ་འཇུག་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་ཞིང་གཅིག་དང་ཞིང་ཐམས་ཅད་དང་། ཞིང་ཐམས་ཅད་དང་ཞིང་གཅིག་ཏུ་ཐ་མི་དད་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་ཆོས་གཅིག་དང་ཆོས་ཐམས་ཅད་དུ། ཆོས་ཐམས་ཅད་དང་ཆོས་གཅིག་ཏུ་མྱི་འགལ་བའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སེམས་ཅན་གཅིག་དང་། སེམས་ཅན་ཐམས་ཅད་དང་། སེམས་ཅན་གཅིག་ཏུ་ཐ་མི་དད་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སངས་རྒྱས་གཅིག་དང་། སངས་རྒྱས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་དང་། སངས་རྒྱས་གཅིག་ཏུ་མྱི་གཉིས་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་དུས་ཐམས་ཅད་ལ་སྐད་ཅིག་གཅིག་གིས་འཇུག་པའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སེམས་བསྐྱེད་པ་གཅིག་གིས་ཞིང་ཐམས་ཅད་དུ་འགྲོ་བའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གཟུགས་བརྙན་སྣང་བའི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་ཀྱི་གནས་ལ་རྣམ་པར་སྤྱོད་པ། གང་དེ་དག་ཐོབ་པར་བྱ་བ་ཐམས་ཅད་ 38-293a རང་ལ་རག་ལས་པའི་གནས་ལ་རྣམ་པར་སྤྱོད་པ་དེ་དག་གི་གནས་སོ། །འདི་ནི་གང་དེ་དག་འཇིག་རྟེན་གྱི་གནས་ཐམས་ཅད་ལས་གྱེན་དུ་འཕགས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་གནས་ན་སྣང་བ་དང་། གང་དེ་དག་ཞིང་ཐམས་ཅད་ལ་མི་གནས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་བའི་ཕྱིར་ཞིང་ཐམས་ཅད་དུ་རྗེས་སུ་སྤྱོད་པ་དང་། གང་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་ཡོངས་སུ་གཟུང་བའི་ཕྱིར་ཞིང་ཐམས་ཅད་དུ་རྗེས་སུ་སྤྱོད་ཀྱང་གནས་ནས་གཡོ་བ་མེད་པ་དང་། གང་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འདུག་ཀྱང་སངས་རྒྱས་ཀྱི་འདུ་ཤེས་སུ་མངོན་པར་ཞེན་པ་དང་བྲལ་བ་དང་། གང་དེ་དག་དགེ་བའི་བཤེས་གཉེན་ཐམས་ཅད་ལ་རྟེན་པའི་གནས་ལ་རྣམ་པར་སྤྱོད་ཀྱང་འགྲོ་བ་ཐམས་ཅད་ན་དེའི་ཡེ་ཤེས་ལ་མཉམ་ཞིང་འདྲ་བ་མེད་པ་དང་། གང་དེ་དག་བདུད་ཀྱི་གནས་ཐམས་ཅད་ན་སྤྱོད་ཀྱང་འདོད་པའི་ཡོན་ཏན་གྱི་དགའ་བ་དང་བྲལ་བ་དང་། གང་དེ་དག་འདུ་ཤེས་ཀྱི་རྣམ་པའི་གནས་ཐམས་ཅད་ལ་རྣམ་པར་སྤྱོད་ཀྱང་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་རྣམ་པར་བསྩལ་བའི་ཡིད་དང་ལྡན་པ་དང་། གང་དེ་དག་འགྲོ་བ་ཐམས་ཅད་དུ་ཁྱབ་པའི་ལུས་དང་ལྡན་ཡང་བདག་དང་སེམས་ཅན་དུ་གཉིས་སུ་བྱ་བར་མི་སྤྱོད་པ་དང་། གང་དེ་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་ལུས་དང་ལྡན་ཡང་། ཆོས་ཀྱི་དབྱིངས་ཐ་དད་དུ་བྱ་བའི་གནས་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་གནས་པར་བྱ་བའི་སྨོན་ལམ་དང་ལྡན་ཡང་། བསྐལ་པ་རིང་བ་དང་། ཐུང་བའི་འདུ་ཤེས་ཀྱི་རྣམ་པས་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་སྐྲའི་རྩེ་མོ་གཅིག་ནས་མི་གཡོ་ཡང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་དེ་ལྟ་བུ་བསྒྲུབ་དཀའ་བའི་ཆོས་ཀྱི་ཕྱོགས་ལ་འཇུག་པ་རྣམ་པར་སྤྱོད་པ་དེ་དག་གིས་གནས་སོ། །འདི་ནི་ཟབ་མོའི་གནས་ལ་རྣམ་པར་སྤྱོད་པ་མི་གཉིས་པའི་གནས་ལ་རྣམ་པར་སྤྱོད་པ། མཚན་ 38-293b ཉིད་མེད་པའི་གནས་ལ་རྣམ་པར་སྤྱོད་པ། གཉེན་པོ་མེད་པའི་གནས་ལ་རྣམ་པར་སྤྱོད་པ། མི་དམྱིགས་པའི་གནས་ལ་རྣམ་པར་སྤྱོད་པ། སྤྲོས་པ་མེད་པའི་གནས་ལ་རྣམ་པར་སྤྱོད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་གནས་ལ་རྣམ་པར་སྤྱོད་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཆུད་པར་དཀའ་བའི་གནས་ལ་རྣམ་པར་སྤྱོད་པ། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་གནས་ལ་རྣམ་པར་སྤྱོད་པ། འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱིས་མ་གོས་པའི་གནས་ལ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ལ་རྣམ་པར་སྤྱོད་པ། སངས་རྒྱས་ཐམས་ཅད་ཀྱི་གནས་དང་མཐུན་པའི་གནས་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །གང་དེ་དག་མཚན་མ་ཐམས་ཅད་དང་བྲལ་བའི་གནས་ལ་རྣམ་པར་སྤྱོད་ཀྱང་ཉན་ཐོས་ཀྱི་སྐྱོན་མེད་པར་མི་འཇུག་པ་དང་། གང་དེ་དག་ཆོས་ཐམས་ཅད་སྐྱེ་བ་མེད་པའི་གནས་ལ་རྣམ་པར་སྤྱོད་ཀྱང་མི་སྐྱེ་བའི་ཆོས་ཉིད་དུ་མི་ལྟུང་བ་དང་། གང་དེ་དག་མི་སྡུག་པའི་གནས་ལ་རྣམ་པར་སྤྱོད་ཀྱང་འདོད་ཆགས་དང་བྲལ་བའི་ཆོས་ཉིད་མངོན་དུ་མི་བྱེད་དེ་འདོད་ཆགས་ཀྱི་ཆོས་དང་ཡང་ལྷན་ཅིག་མི་གནས་པ་དང་། གང་དེ་དག་བྱམས་པའི་གནས་ལ་རྣམ་པར་སྤྱོད་ཀྱང་ཞེ་སྡང་གི་དྲི་མའི་རྗེས་སུ་སོང་བའི་སེམས་མེད་པ་དང་། གང་དེ་དག་རྟེན་ཅིང་འབྲེལ་བའི་གནས་ལ་རྣམ་པར་སྤྱོད་ཀྱང་ཆོས་ཐམས་ཅད་ལ་ཤིན་ཏུ་རྨོངས་པ་མེད་པ་དང་། གང་དེ་དག་བསམ་གཏན་བཞིའི་གནས་ལ་རྣམ་པར་སྤྱོད་ཀྱང་བསམ་གཏན་གྱི་དབང་གིས་མི་སྐྱེ་བ་དང་། གང་དེ་དག་ཚད་མེད་པ་བཞིའི་གནས་ལ་རྣམ་པར་སྤྱོད་ཀྱང་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་དོན་དུ་གཟུགས་ཀྱི་ཁམས་ཀྱི་ལམ་གྱི་རྒྱུད་དུ་མི་འདོང་བ་དང་། གང་དེ་དག་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་གནས་ལ་རྣམ་པར་སྤྱོད་ཀྱང་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་གཟུགས་མེད་པའི་ཁམས་ཀྱི་ལམ་གྱི་རྒྱུད་དུ་མི་འདོང་བ་དང་། གང་དེ་དག་ཞི་གནས་དང་ལྷག་མཐོང་གི་གནས་ལ་རྣམ་པར་སྤྱོད་ 38-294a ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བདག་གིས་རིག་པའི་རྣམ་པར་གྲོལ་བ་མངོན་ཏུ་མི་བྱེད་པ་དང་། གང་དེ་དག་བཏང་སྙོམས་ཆེན་པོའི་གནས་ལ་རྣམ་པར་སྤྱོད་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་མི་གཏོང་བ་དང་། གང་དེ་དག་སྟོང་པ་ཉིད་ཀྱི་གནས་ལ་རྣམ་པར་སྤྱོད་ཀྱང་ལྟ་བའི་རྣམ་པ་ལ་མི་གནས་པ་དང་། གང་དེ་དག་མཚན་མ་མེད་པའི་སྤྱོད་ཡུལ་དང་ལྡན་ཡང་མཚན་མ་ལ་སྤྱོད་པའི་སེམས་ཅན་རྣམ་པར་གདུལ་བ་ལ་བརྩོན་པ་དང་། གང་དེ་དག་སྨོན་ལམ་ཐམས་ཅད་དང་བྲལ་བ་ཡིན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྨོན་ལམ་གྱི་རྒྱུན་མི་འཆད་པ་དང་། གང་དེ་དག་ལས་དང་ཉོན་མོངས་པ་ཐམས་ཅད་ལ་དབང་བསྒྱུར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ལས་དང་ཉོན་མོངས་པའི་རྗེས་སུ་འབྲང་བར་སྣང་བ་དང་། གང་དེ་དག་ཤི་འཕོ་དང་སྐྱེ་བ་ཡོངས་སུ་ཤེས་ཀྱང་ཚེའི་ཤི་འཕོ་དང་སྐྱེ་བ་ཡོངས་སུ་སྟོན་པ་དང་། གང་དེ་དག་འགྲོ་བ་ཐམས་ཅད་ལས་རྣམ་པར་ལོག་ཀྱང་སེམས་ཅན་གདུལ་བའི་དབང་གིས་འགྲོ་བ་ཐམས་ཅད་དུ་འདོང་བ་དང་། གང་དེ་དག་བྱམས་པ་ལ་རྣམ་པར་སྤྱོད་ཀྱང་གང་ལ་ཡང་ཆགས་པར་རྣམ་པར་སྤྱོད་པ་མེད་པ་དང་། གང་དེ་དག་སྙིང་རྗེ་ལ་རྣམ་པར་སྤྱོད་ཀྱང་གང་ལ་ཡང་ཆགས་པར་ལྟ་བས་རྣམ་པར་སྤྱོད་པ་མ་ཡིན་པ་དང་། གང་དེ་དག་དགའ་བ་ལ་རྣམ་པར་སྤྱོད་ཀྱང་སེམས་ཅན་སྡུག་བསྔལ་བ་ལ་རྣམ་པར་བལྟ་བས་རྟག་ཏུ་མི་དགའ་བ་དང་། གང་དེ་དག་བཏང་སྙོམས་ལ་རྣམ་པར་སྤྱོད་ཀྱང་གཞན་གྱི་དོན་ལ་རྟག་ཏུ་འབད་པ་དང་། གང་དེ་དག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རྣམ་པར་སྤྱོད་ཀྱང་འདོད་པའི་ཁམས་སུ་སྐྱེ་བ་ལ་མི་སྨོད་པ་དང་། གང་དེ་དག་སྐྱེ་བ་ཐམས་ཅད་ལ་མི་གནས་པར་རྣམ་པར་སྤྱོད་ཀྱང་ཡང་དག་པའི་མཐའ་མངོན་དུ་བྱ་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་རྣམ་པར་ཐར་པ་གསུམ་ལ་རྣམ་པར་སྤྱོད་ཀྱང་ཉན་ཐོས་ཀྱི་རྣམ་པར་ཐར་པ་ཐོབ་པར་བྱ་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་འཕགས་པའི་བདེན་པ་བཞི་རྣམ་པར་ལྟ་བ་ལ་རྣམ་པར་སྤྱོད་ཀྱང་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རྣམ་པར་མི་སྤྱོད་པ་དང་གང་དེ་ 38-294b དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བརྟགས་པ་ལ་རྣམ་པར་སྤྱོད་ཀྱང་ཤིན་ཏུ་འགོག་པར་ལྟུང་བར་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་པ་ལ་རྣམ་པར་སྤྱོད་ཀྱང་ཤིན་ཏུ་འབྱུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པར་རྣམ་པར་སྤྱོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡོངས་སུ་ཤེས་པ་ལ་རྣམ་པར་སྤྱོད་ཀྱང་ཕུང་པོ་ཤིན་ཏུ་འགོག་པར་ལྟུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་བདུད་ཀྱི་ལས་བཞི་ལས་ཤིན་ཏུ་འདས་པར་རྣམ་པར་སྤྱོད་ཀྱང་བདུད་དུ་རྟོག་པ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་སྐྱེ་མཆེད་དྲུག་ལས་ཤིན་ཏུ་འདས་པར་རྣམ་པར་སྤྱོད་ཀྱང་ཤིན་ཏུ་མངོན་པར་འགྲུབ་པ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་དེ་བཞིན་ཉིད་ལ་རྣམ་པར་སྤྱོད་ཀྱང་ཡང་དག་པའི་མཐར་ལྟུང་བ་ལ་རྣམ་པར་མི་སྤྱོད་པ་དང་། གང་དེ་དག་ཐེག་པ་ཐམས་ཅད་ཀྱིས་འབྱུང་བ་ཡོངས་སུ་སྟོན་པ་ལ་རྣམ་པར་སྤྱོད་ཀྱང་ཐེག་པ་ཆེན་པོ་ལས་ཉམས་པ་ལ་རྣམ་པར་མི་སྤྱོད་པ་དེ་དག་དེ་ལྟ་བུར་ཡོན་ཏན་གྱི་གནས་ཐམས་ཅད་ལ་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ལ་ཐུགས་རྗེ་ཆེན་པོ་བརྙེས་པས་རྣམ་དག་པ། །བྱམས་པ་བཤེས་གཉེན་དཔལ་ཆེན་འཇིག་རྟེན་ཕན་བརྩོན་པ། །དབང་བསྐུར་ས་གནས་རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །སངས་རྒྱས་ཡུལ་ལ་རྗེས་སུ་དགོངས་ཤིང་རྣམ་པར་སྤྱོད། །རྒྱལ་བའི་སྲས་པོ་གྲགས་པ་ཆེན་པོ་མངའ་བ་རྣམས། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་རྣམ་ཐར་བཞུགས་པ་དག །གང་རྣམས་ཆོས་དབྱིངས་ཀུན་ཏུ་ཐོགས་མེད་རྣམ་རྒྱུ་བ། །དཔེ་ཟླ་མེད་པ་དེ་དག་གནས་ནི་འདི་འདྲ་ཡིན། །དུས་སྦྱིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྟོབས་ཀྱིས་འཕགས། །བསམ་གཏན་མངོན་ཤེས་སྟོབས་ཀྱི་མཐར་ཕྱིན་ཤེས་རྟོགས་པས། །ཤེས་རབ་ཐབས་དང་སྨོན་ལམ་སྟོབས་ལ་གནས་པ་རྣམས། ། 38-295a ཐེག་ཆེན་ཕ་རོལ་ཕྱིན་པ་རྣམས་ཀྱི་གནས་འདི་ཡིན། །འདི་ནི་ཆགས་མེད་བློ་གྲོས་བསམ་པ་རྒྱ་ཆེན་ཏེ། །ནམ་མཁའི་སྤྱོད་ཡུལ་ལྡན་པ་མི་གནས་མི་རྟེན་པ། །དུས་གསུམ་ཐམས་ཅད་རྒྱས་འགེངས་བསྒྲིབས་པ་མེད་པའི་རྣམས། །སྲིད་ཀུན་དངོས་པོ་རྣམ་པར་བསྒོམས་པ་རྣམས་ཀྱི་གནས། །གང་རྣམས་ཆོས་ཀུན་མི་སྐྱེའི་ཚུལ་ལ་ཞུགས་པ་རྣམས། །ཆོས་ཀྱི་རང་བཞིན་ནམ་མཁའི་དངོས་ཉིད་རྟོགས་མཛད་ལ། །ཅི་ལའང་གནས་པ་མི་མཛད་ནམ་མཁའི་བྱ་བཞིན་ཏེ། །མཁྱེན་པས་བསྙེངས་པ་མི་མངའ་དེ་དག་གནས་འདི་ཡིན། །གང་རྣམས་འདོད་ཆགས་ཞེ་སྡང་གཏི་མུག་རང་བཞིན་དངོས། །རྟོག་པའི་རྒྱུས་བསྐྱེད་ཕྱིན་ཅི་ལོག་ལས་བྱུང་མཁྱེན་ནས། །འདོད་ཆགས་བྲལ་བའང་རྣམ་པར་རྟོག་པ་མི་མཛད་པ། །ཞི་དང་ཉེ་བར་ཞི་ལྡན་དེ་དག་གནས་འདི་ཡིན། །གང་རྣམས་རྣམ་པར་ཐར་དང་བདེན་ཚུལ་འཕགས་ལམ་དང་། །ཕུང་པོ་དེ་བཞིན་ཁམས་དང་སྐྱེ་མཆེད་རྟེན་པའི་དངོས། །ཡོངས་སུ་རྟོགས་མཛད་མཁས་པ་ཞི་བར་མི་ལྟུང་བ། །ཤེས་རབ་ཐབས་ལ་མཁས་པ་དེ་དག་གནས་འདི་ཡིན། གང་རྣམས་སྒྲིབ་པ་མེད་པའི་ཡེ་ཤེས་ཕྱོགས་ཞུགས་ཤིང་། །རྒྱལ་བའི་ཞིང་ལ་ཡོངས་རྟོག་རྣམ་རྟོག་ཀུན་ཞི་ལ། །ཆོས་རྣམས་དངོས་པོའི་རང་བཞིན་མེད་པར་རྟོགས་མཛད་པ། །ཞི་བར་གཞོལ་བ་དེ་དག་གནས་ནི་འདི་འདྲའོ། །གང་རྣམས་ཆགས་མེད་སྤྱོད་པས་ཆོས་དབྱིངས་འདི་དག་ཏུ། །དངོས་དང་བྲལ་བར་རྣམ་སྤྱོད་མཁའ་ཡི་རླུང་འདྲ་བ། །དངོས་པོ་ཀུན་དང་བྲལ་ཞིང་དངོས་མེད་རྣམ་སྤྱོད་པ། །མི་གནས་བློ་མངའ་དེ་དག་གནས་ནི་འདི་ཡང་འདྲ། །གང་རྣམས་ངན་སོང་རྒྱུད་དུ་འགྲོ་བ་སོང་གྱུར་ཏེ། །སྡུག་བསྔལ་ནད་པ་མི་བདེ་ཉམས་སུ་མྱོང་གཟིགས་ཤིང་། །བྱམས་པའི་འོད་ཀྱིས་ངན་སོང་ཐམས་ཅད་ཞི་མཛད་པ། །བྱམས་དང་ཐུགས་རྗེའི་ཐུགས་མངའ་དེ་དག་གནས་འདི་ཡིན། །ཉམ་ངའི་འཁོར་ན་གནས་ཤིང་འཕགས་ལམ་གོལ་གྱུར་ཏེ། །འདྲོན་པ་དམུས་ལོང་དམྱིགས་དང་བྲལ་བར་འགྱུར་འདྲ་བའི། །འཇིག་རྟེན་ 38-295b གཟིགས་ཤིང་ཐར་ལམ་རབ་ལ་འགོད་མཛད་པ། །འདྲོན་པོའི་བསེལ་རབ་འདྲ་བ་དེ་དག་གནས་འདི་ཡིན། །གང་རྣམས་སྐྱེ་དང་མྱ་ངན་རྒ་ཤི་དབང་གྱུར་པའི། །འགྲོ་བ་བདུད་ཀྱི་ཞགས་པས་ཡོངས་སུ་བཅིངས་གཟིགས་ཤིང་། །རྣམ་པར་བཀྲོལ་ནས་མི་འཇིགས་ཕྱོགས་བདེར་འདོན་མཛད་པ། །དཔའ་བོ་དེ་དག་ཐུབ་པར་དཀའ་བའི་གནས་འདི་ཡིན། །ཉོན་མོངས་ནད་པའི་འགྲོ་མང་གང་གིས་གཟིགས་གྱུར་ཅིང་། །ཡེ་ཤེས་བདུད་རྩི་སྨན་ཆེན་ཡོངས་སུ་བསྡུ་མཛད་ནས། །ཐུགས་རྗེ་ཆེན་པོ་བསྐྱེད་ཅིང་ཡོངས་སུ་འགྲེལ་མཛད་པ། །སྨན་པའི་རྒྱལ་པོ་ཆེན་པོ་འདྲ་བའི་གནས་འདི་ཡིན། །གང་གིས་འགྲོ་མང་སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །ཉོན་མོངས་གཏོས་སུ་ལྷུང་སྟེ་ཚམ་གྱི་མཚོར་ལྷུང་བ། །གཟིགས་ཤིང་དགེ་བའི་ཆོས་ཀྱི་གྲུ་ཆེན་ཡོངས་སྦྱར་སྟེ། །སྒྲོལ་མཛད་མཉན་པའི་བུ་འདྲ་དེ་དག་གནས་འདི་ཡིན། །གང་གིས་ཉོན་མོངས་རྒྱ་མཚོ་སྤྱོད་པའི་འགྲོ་གཟིགས་ཤིང་། །ཐམས་ཅད་མཁྱེན་ཐུགས་རིན་ཆེན་དགོངས་དག་སེམས་ཅན་མཆོག །སྲིད་པའི་རྒྱ་མཚོར་གཤེགས་ཤིང་མངོན་པར་འདྲེན་མཛད་པ། །མཉན་པའི་བུ་ལྟར་སྤྱོད་པ་དེ་དག་གནས་འདི་ཡིན། །སྨོན་ལམ་གནས་ན་བཞུགས་ཤིང་ཐུགས་རྗེ་བྱམས་སྤྱན་གྱིས། །གང་རྣམས་སེམས་ཅན་གནས་སུ་རྣམ་པར་གཟིགས་མཛད་ཅིང་། །སྲིད་པའི་རྒྱ་མཚོ་གནས་པའི་འགྲོ་མང་མངོན་འདོན་པ། །མཁའ་ལྡིང་གཞོན་འདྲ་དེ་དག་གནས་ནི་འདི་འདྲའོ། །གང་རྣམས་ཆོས་དབྱིངས་མཁའ་ལ་ཉི་ཟླ་འདྲ་ཚུལ་དུ། །སེམས་ཅན་གནས་སུ་འོད་ཀྱིས་ཁྱབ་པར་རྣམ་སྤྱོད་པ། །སྨོན་ལམ་དཀྱིལ་འཁོར་ཡེ་ཤེས་དྲི་མེད་བཟང་པོའི་འོད། །འཇིག་རྟེན་སྣང་བར་མཛད་པ་དེ་དག་གནས་འདི་ཡིན། །གང་རྣམས་སེམས་ཅན་གཅིག་ནི་ཡོངས་སུ་སྨིན་བྱའི་ཕྱིར། །ཕྱི་མཐའི་བསྐལ་པ་བྱེ་བ་ཟད་དུ་བརྟན་གནས་ལ། །སེམས་ཅན་གཅིག་ལ་ཇི་བཞིན་དེ་བཞིན་འགྲོ་བ་ཀུན། །འཇིག་རྟེན་མགོན་དུ་གྱུར་པ་དེ་དག་གནས་འདི་ཡིན། །གང་རྣམས་འབྱམ་ཀླས་ཞིང་གཅིག་ཕྱི་མཐའི་ 38-296a བསྐལ་བར་ཡང་། །འགྲོ་དོན་བརྩོན་འགྲུས་སྐྱོ་མེད་སྤྱོད་པ་རྣམ་སྤྱོད་པ། །ཞིང་གཅིག་ཇི་བཞིན་དེ་བཞིན་ཕྱོགས་རྣམས་ཀུན་ཏུ་སྟེ། །བསམ་པ་རྡོ་རྗེ་བཞིན་བརྟན་དེ་དག་གནས་འདི་ཡིན། །གང་རྣམས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་ཆོས་སྤྲིན་ལ། །སྟན་གཅིག་གནས་བཞིན་རྨོངས་པ་མེད་པར་འཐུང་བྱེད་ཀྱང་། །ཕྱི་མཐའི་བསྐལ་པ་ཁྲག་ཁྲིག་འགྲངས་པར་མི་ངོམས་སེམས། །བློ་ཆེན་རྒྱ་མཚོ་ལྟ་བུའི་གནས་ནི་འདི་འདྲའོ། །གང་རྣམས་ཞིང་མང་རྒྱ་མཚོ་བརྗོད་དུ་མེད་འདོང་ཞིང་། །མགོན་པོའི་འཁོར་རྣམས་རྒྱ་མཚོར་ཡོངས་སུ་འཇུག་བྱེད་ལ། །རྒྱལ་བའི་མཆོད་པ་སྣ་ཚོགས་རྒྱ་མཚོ་རབ་བྱེད་པ། །ཆགས་མེད་སྤྱོད་ཡུལ་མངའ་བ་དེ་དག་གནས་འདི་ཡིན། །བརྟན་པ་གྲངས་རྣམས་སྨོན་ལམ་རྒྱ་མཚོར་འཇུག་བྱེད་ཅིང་། །སྤྱོད་པ་རྒྱ་མཚོར་མཐའ་དང་དབུས་མེད་ཞུགས་གྱུར་ཏེ། །འགྲོ་ལ་ཕན་ཕྱིར་བསྐལ་པ་རྒྱ་མཚོ་མང་སྤྱོད་པ། །ཡོན་ཏན་འབྱུང་གནས་དེ་དག་གནས་ནི་འདི་འདྲ་འོ། །གང་རྣམས་སྐྲ་རྩེ་གཅིག་ཏུ་ཞིང་རྣམས་ཐམས་ཅད་དང་། །སངས་རྒྱས་ཐམས་ཅད་བསྐལ་པ་མཐའ་དང་དབུས་མེད་པ། །འཛུད་ཅིང་དེ་ཡི་ཚུལ་ལ་འཇུག་ཀྱང་རྨོངས་མྱེད་པ། །ཆགས་པ་མེད་པའི་མིག་ཅན་རྣམས་ཀྱི་གནས་འདི་ཡིན། །གང་རྣམས་སེམས་ཀྱི་སྐད་ཅིག་གཅིག་ལ་རྒྱ་མཚོ་ཡི། །བསྐལ་བ་འཛུད་བྱེད་ཞིང་དང་སངས་རྒྱས་འགྲོ་བ་རྣམས། །དེ་བཞིན་འཛུད་བྱེད་བསྒྲིབས་མེད་ཡེ་ཤེས་དྲན་གནས་པ། །ཡོན་ཏན་མཐར་ཕྱིན་དེ་དག་གནས་ནི་འདི་འདྲའོ། །གང་རྣམས་ཞིང་མང་ཐམས་ཅད་རྡུལ་དུ་བགྲང་བྱས་ཤིང་། །ཆུ་བོ་མ་ལུས་ཐམས་ཅད་ཐིགས་པས་ཚད་བཟུང་སྟེ། །དེ་སྙེད་གྲངས་སུ་སྨོན་ལམ་མངོན་པར་སྒྲུབ་བྱེད་པ། །ཆགས་མེད་བགྲང་བ་དེ་དག་གནས་ནི་འདི་འདྲའོ། །སྨོན་ལམ་གཟུངས་དང་ཏིང་འཛིན་སྒོ་ལ་འཇུག་བྱ་བ། །བསམ་གཏན་རྣམ་ཐར་སྨོན་ལམ་སྒོ་རྣམས་དེ་བཞིན་ཏེ། །བསྐལ་པ་མཐའ་ཡས་མངོན་པར་སྒྲུབ་ཅིང་རྣམ་ 38-296b སྤྱོད་པ། །བདེ་གཤེགས་སྲས་པོ་དགོངས་ལྡན་དེ་དག་འདིར་འདོང་ངོ་། །འདི་ན་གནས་པ་རྒྱལ་སྲས་རྣམ་པ་སྣ་ཚོགས་ཏེ། །ཚིག་དང་དོན་ལྡན་གཙུག་ལག་མང་པོ་མངོན་པར་སྒྲུབ། །འགྲོ་ལ་བདེར་འགྱུར་བཟོ་ཡི་གནས་སུ་བྱ་བ་དག །རྗེས་སུ་སེམས་ཤིང་དམ་པའི་གནས་ན་རྣམ་པར་སྤྱོད། །འདི་ན་གནས་པ་མངོན་ཤེས་ཐབས་དང་ཡེ་ཤེས་ཀྱིས། །ཕྱོགས་བཅུའི་སེམས་ཅན་འགྲོ་རྒྱུད་སྣ་ཚོགས་ཇི་སྙེད་པ། །ཀུན་ཏུ་སྐྱེ་ཞིང་འཆི་བའི་ཁྱད་པར་རྣམ་པར་སྟོན། །རྣམ་ཐར་སྒྱུ་མའི་ཚུལ་གནས་ཆགས་མེད་སྤྱོད་དང་ལྡན། །འདི་ན་གནས་པ་ཐོག་མར་སེམས་བསྐྱེད་ཉེར་བཟུང་ཞིང་། །ཆོས་བཟང་མཐར་ཐུག་ཆོས་ཀྱི་སྤྱོད་པ་ཡོངས་སུ་སྟོན། །སྤྲུལ་པའི་སྤྲིན་གྱིས་ཆོས་དབྱིངས་ཡོངས་སུ་རྒྱས་བཀང་ཞིང་། །དེ་བཞིན་རྣམ་འཕྲུལ་བརྒྱ་མང་ཀུན་ཀྱང་ཉེ་བར་སྟོན། །གང་རྣམས་སེམས་ཀྱི་ཆ་གཅིག་བྱང་ཆུབ་རྣམ་སངས་རྒྱས། །ཡེ་ཤེས་བློ་གྲོས་མཐའ་དང་དབུས་མེད་ལས་འཇུག་པ། །ཐོས་ཏེ་རྣམ་པར་བསམས་ན་འཇིག་རྟེན་རྨོངས་སུ་རུང་། །ཐུབ་པར་དཀའ་བ་དེ་དག་གནས་ནི་འདི་འདྲའོ། །འདི་ནི་ཆགས་མེད་བློ་གྲོས་རྣམས། །ཆོས་དབྱིངས་བསྒྲིབས་པ་མེད་པའི་རྣམ་པར་སྤྱོད་བྱེད་པ། །དམྱིགས་པ་མེད་པའི་སྤྱོད་ཡུལ་ཅན། །དྲི་མེད་བསམ་པའི་བློ་གྲོས་གནས་ཡིན་ནོ། གང་རྣམས་ཆགས་པ་མེད་སྤྱོད་ཅིང་། །ཞིང་རྣམས་ཀུན་ཏུ་གནས་པ་མེད་པར་རྣམ་སྤྱོད་པ། །མི་གཉིས་ཤེས་ལ་སྤྱོད་པ་ཡི། །མཉམ་པ་མེད་པ་དེ་དག་གནས་འདི་ཡིན། །གང་རྣམས་ནམ་མཁའི་རང་བཞིན་དང་། །མཉམ་པའི་ཆོས་རྣམས་གནས་མེད་ཞི་བ་རྟོགས་གྱུར་ཏེ། །གང་རྣམས་མཁའ་ཡུལ་རྣམ་སྤྱོད་པ། །རྡུལ་དང་བྲལ་བ་དེ་དག་གནས་འདི་ཡིན། །འདི་ན་སྙིང་རྗེའི་སེམས་ལྡན་པ། །གནས་ཤིང་འགྲོ་བ་སྡུག་བསྔལ་གཟིར་བ་མཐོང་གྱུར་ནས། །འཇིག་རྟེན་ཕན་པར་བསམ་བརྩོན་ཏེ། །སྙིང་རྗེ་ཆེན་པོ་བརྙེས་པ་རྣམ་པར་སྤྱོད། །འདི་ནས་མི་སྣང་མེད་གསལ་བར། །སེམས་ཅན་ཀུན་གྱི་གནས་སུ་ཐོགས་པ་མེད་པར་སྣང་། །ཉི་མ་ཟླ་བའི་དཀྱིལ་ 38-297a འཁོར་བཞིན། །འཁོར་བའི་ཞགས་པ་ཀུན་ལས་རྣམ་པར་གྲོལ། །རྒྱལ་སྲས་དེ་དག་འདི་ན་གནས། །རྒྱལ་བ་རྣམས་ཀྱི་ཞབས་དྲུང་ཐམས་ཅད་ཀུན་ན་ཡང་། །ཞིང་རྣམས་ཀུན་ཏུ་རབ་ཏུ་སྣང་། །མཐའ་ཡས་བསྐལ་པ་རྣམས་ཀྱང་ཟད་པར་མཛད། །འདི་ནས་འགྲོ་བའི་ལུས་མཉམ་དང་། །རྒྱལ་སྲས་ཀུན་གྱི་ལུས་དང་གྲངས་མང་མཉམ་པ་ཡི། །སྤྲུལ་པའི་སྤྲིན་གྱིས་ཕྱོགས་ཀྱི་རྣམས། །མ་ལུས་ཐམས་ཅད་རྒྱས་པར་འགེངས་པ་མཛད། །འདི་ན་བཞུགས་པའི་དཔའ་བོ་རྣམས། །རྒྱལ་བའི་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་འཇལ་བྱེད་ཅིང་། །བསྐལ་པ་བྱེ་བར་རྣམ་སྤྱོད་ཀྱང་། །ཡོངས་སུ་ངོམས་པར་འགྱུར་བའི་དུས་མེད་དོ། །འདིར་ནི་ཏིང་འཛིན་བྱེ་བ་རྣམས། །བརྗོད་དུ་མེད་པ་སྐད་ཅིག་རེ་རེ་རྟོགས་བྱས་ཤིང་། །ཏིང་ངེ་འཛིན་གྱི་ཚུལ་བཞིན་དུ། །སངས་རྒྱས་ཡུལ་རྣམས་རྣམ་པར་སྟོན་པ་མཛད། །འདིར་ནི་སྐད་ཅིག་བརྗོད་མེད་པའི། །བསྐལ་བ་ཞིང་རྣམས་སངས་རྒྱས་མཚན་ལ་རབ་བཞུགས་ཏེ། །ཤིན་ཏུ་ཡངས་པའི་བློ་ལྡན་པ། །བསྐལ་པ་དཔག་ཏུ་མེད་པའི་མཐར་ཡང་འབྱིན། །འདི་ན་གནས་ཤིང་ཚད་མེད་པའི། །བསྐལ་པར་སེམས་རྒྱུད་གཅིག་གིས་རབ་ཏུ་འཇུག་པ་བྱེད། །ཡོངས་རྟོག་འདུ་ཤེས་མེད་བྲལ་ཡང་། །འགྲོ་བའི་འདུ་ཤེས་དབང་དུ་སྟོན་པ་བྱེད། །དེ་དག་ཏིང་འཛིན་འདི་གནས་སུ། །ཞུགས་ཀྱང་དུས་གསུམ་ཐམས་ཅད་གསལ་བར་མངོན་དུ་མཐོང་། །སྐད་ཅིག་ཡུད་ལ་གནས་བརྟེན་ཅིང་། །རྣམ་ཐར་གནས་ལ་རྣམ་པར་སྤྱོད་པ་མཛད། །དེ་དག་རྣམ་སྤྱོད་གནས་འདི་ན། །མ་གཡོས་ལུས་ཀྱིས་སྐྱིལ་མོ་ཀྲུང་དུ་འཁོད་བཞིན་དུ། །ཞིང་རྣམས་ཐམས་ཅད་ཀུན་ཏུ་ཡང་། །ཐམས་ཅད་ཁྱབ་པར་ཅིག་ཅར་ཡོངས་སུ་སྣང་། །ཁྱུ་མཆོག་ 38-297b དེ་དག་འདི་ན་གནས། །བདེ་གཤེགས་རྣམས་ལས་ཆོས་ཀྱི་རྒྱ་མཚོ་ཡང་དག་འཐུང་། །ཡེ་ཤེས་རྒྱ་མཚོར་རབ་ཏུ་ཞུགས། །མི་ཟད་ཡོན་ཏན་རྣམས་ཀྱི་ཕ་རོལ་ཕྱིན། །འདི་ན་ཞིང་རྣམས་ཀུན་གྲངས་དང་། །བསྐལ་པའི་གྲངས་དང་དེ་བཞིན་ཆོས་ཀྱི་གྲངས་རྣམས་དང་། །རྒྱལ་བ་ཀུན་གྱི་མཚན་གྱི་གྲངས། །སྒྲིབ་མེད་སེམས་དཔའ་རྣམ་པར་དགོངས་པ་མཛད། །རྒྱལ་སྲས་དེ་དག་འདི་ན་གནས། །དུས་གསུམ་ཞིང་མང་འགྲངས་པ་ཐམས་ཅད་མ་ལུས་པར། །དེ་དག་སྐད་ཅིག་གཅིག་གིས་ཀྱང་། །ཡོངས་སུ་འབྱུང་དང་འཇིག་པ་རྣམ་པར་འབྱེད། །རྒྱལ་སྲས་དེ་དག་འདི་ན་གནས། །རྒྱལ་བའི་སྤྱོད་པ་སྨོན་ལམ་འགྲོ་བའི་དབང་པོ་རྣམས། །གནས་ན་རྣམ་པར་སྤྱོད་བྱེད་ཀྱང་། །རྒྱལ་སྲས་བློ་ལ་ཐོགས་པ་མེད་པས་མཐོང་། །རྡུལ་ཕྲན་གཅིག་ལ་གང་ཡོད་པའི། །འཁོར་རྣམས་རྒྱ་མཚོ་ཞིང་མང་སེམས་ཅན་དེ་བཞིན་དུ། །བསྐལ་པ་རྡུལ་ཕྲན་ཀུན་མཉམ་པ། །སྒྲིབ་པ་མེད་པར་མཐོང་བ་རྣམས་ཀྱིས་མཐོང་། །རྡུལ་ཕྲན་ཀུན་རྩེར་དེ་བཞིན་དུ། །འཁོར་དང་ཞིང་དང་བསྐལ་པ་ཐམས་ཅད་མ་ལུས་པར། །ཀུན་ཀྱང་གཟུགས་བརྙན་ཐབས་ཚུལ་དུ། །ཤིན་ཏུ་རྣམ་ཕྱེ་ཡོངས་སུ་མཐོང་བ་ཡིན། །འདི་ནས་དེ་དག་ཆོས་རྣམས་ཀྱི། །རང་བཞིན་ཞིང་རྣམས་ཀུན་དང་དུས་དང་བསྐལ་པ་དང་། །ཡང་དག་སངས་རྒྱས་དེ་བཞིན་ཏེ། །རང་བཞིན་དངོས་བྲལ་འབྱུང་བའི་ཚུལ་གྱིས་མཁྱེན། །འདི་གནས་སེམས་ཅན་མཉམ་ཉིད་དང་། །ཆོས་རྣམས་མཉམ་པ་ཉིད་དང་སངས་རྒྱས་མཉམ་ཉིད་དང་། །ཞིང་དང་སྨོན་ལམ་མཉམ་པ་ཉིད། །དུས་གསུམ་མཉམ་པ་ཉིད་ལའང་དེ་བཞིན་འཇུག །སེམས་ཅན་ཁྲག་ཁྲིག་རྣམ་པར་འདུལ། །སངས་རྒྱས་ཁྲག་ཁྲིག་རྣམས་ཀྱང་དེ་བཞིན་གཞན་མཆོད་བྱེད། །གཞན་རྣམས་ཆོས་ལ་རྣམ་པར་རྟོག །འོན་ཀྱང་བརྟན་པ་གནས་མཆོག་འདི་ན་འཁོད། །བསྐལ་པ་ཁྲག་ཁྲིག་མང་པོས་ཀྱང་། །དེ་དག་སྨོན་ལམ་ཡེ་ཤེས་ཡུལ་བློའི་རྣམ་པ་དག །བདག་གིས་བརྗོད་པར་མི་ནུས་ཏེ། །མཐའ་ཡས་བློ་མངའ་རྣམས་ཀྱི་ཤིན་ཏུ་ 38-298a ཡངས། །དེ་དག་སྨད་པ་མི་མངའ་བ། །བསྒྲིབས་མེད་སྤྱོད་ཡུལ་རབ་ལ་ཤིན་ཏུ་དགྱེས་པ་ཡི། །ཕོ་བྲང་འདི་ལ་ཐལ་སྦྱར་ཏེ། །བདག་ཀྱང་ལུས་བཏུད་གུས་པར་ཕྱག་འཚལ་ལོ། །རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །བསྒྲིབས་མེད་སྤྱོད་པ་མངའ་བ་འཕགས་པ་བྱམས་པ་དེ། །རྣམ་དག་བློ་མངའ་དཔེ་མེད་ལ། །དེ་ཡི་རྗེས་སུ་བསམས་ཏེ་ཕྱག་འཚལ་ལོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་ཀྱིས་བརྒྱན་པའི་སྙིང་པོ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་དག་དང་བྱང་ཆུབ་སེམས་དཔའི་བསྟོད་པ་གཞན་ཚད་མེད་པ་དག་གིས་ཀྱང་། མངོན་པར་བསྟོད་དེ་ཤིན་ཏུ་བཏུད་ནས་ཕྱག་འཚལ་ཏེ། རབ་ཏུ་གུས་པར་བལྟས་ནས་རིམ་གྲོར་བྱས་ཏེ། མངོན་དུ་བྱས་ནས་མཆོད་དེ་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་ན། བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བྱམས་པ་ལ་བལྟ་བར་ནི་མོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཕྲད་པར་ནི་དགའ་ཞིང་སྡོད་སྡོད་པ་ལས་དེས་བྱང་ཆུབ་སེམས་དཔའ་བྱམས་པ་ཁང་པ་བརྩེགས་པ། དེའི་ཕྱི་རོལ་གྱི་ཕྱོགས་གཞན་ཞིག་ནས་སྲོག་ཆགས་བརྒྱ་སྟོང་དུ་མའི་འཁོར་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དུ་མས་མདུན་དུ་བྱས་ཏེ། གཡས་གཡོན་ནས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས་ཕྱག་བྱ་ཞིང་ཡུལ་དེ་ན་གནས་པ་གཉེན་བཤེས་སུ་འོང་བའི་བྲམ་ཟེ་བརྒྱ་སྟོང་མང་པོས་བསྐོར་ཅིང་མདུན་དུ་བྱས་ཏེ། ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ལོགས་སུ་འོང་བ་མཐོང་ནས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། བྱང་ཆུབ་སེམས་དཔའ་བྱམས་པ་གང་ན་བ་དེར་ལོགས་སུ་མངོན་དུ་བལྟས་ཏེ། ཐག་རིང་པོ་ནས་བྱང་ཆུབ་སེམས་ 38-298b དཔའ་བྱམས་པ་ལ་ལུས་ཐམས་ཅད་ཀྱིས་ཕབ་སྟེ་ཕྱག་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་ཏེ། འཁོར་ཀུན་ལ་ལག་པ་གཡས་པས་བསྟན་ནས་ཡང་དག་པའི་ཡོན་ཏན་གྱིས་བསྔགས་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟངས་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང་། །མཁས་པ་ངའི་དྲུང་དུ་ཉེ་བར་འོངས། །ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས། །སྐྱོ་མེད་ཡིད་ལྡན་ཚུར་ཤོག་འོངས་པ་ལེགས། །དབང་པོ་མ་ཞུམ་ཚུར་ཤོག་འོངས་པ་ལེགས། །མཁས་པ་སྤྱོད་ཚེ་དུབ་པ་མེད་གྲང་ངོ་། །ཆོས་རྣམས་ཐམས་ཅད་རྣམ་ཕྱེའི་དོན་བྱུང་བ། །འགྲོ་བ་ཐམས་ཅད་རྣམ་གདུལ་རབ་བརྩོན་པ། །བཤེས་གཉེན་ཐམས་ཅད་བསྙེན་བཀུར་རབ་ཞུགས་པ། །བརྟུལ་ཞུགས་མི་གཡོ་བརྟན་པ་ཁྱོད་འོངས་ལེགས། །དགེ་བའི་ལམ་གྱིས་འོངས་པ་བདེར་འོངས་སམ། །ཡོན་ཏན་ལམ་ལ་གནས་པ་བདེར་འོངས་སམ། །རྒྱལ་བའི་ལམ་ལ་ཞུགས་པ་བདེར་འོངས་སམ། །ལམ་རྣམས་གང་དུའང་ངལ་བར་མ་གྱུར་ཏམ། །ཡོན་ཏན་རང་བཞིན་ཚུར་ཤོག་བདེར་འོངས་སམ། །དགེ་བས་མངོན་བརླན་ཚུར་ཤོག་བདེར་འོངས་སམ། །མཐའ་ཡས་སྤྱོད་ཡུལ་ལེགས་པར་བདེར་འོངས་སམ། །འགྲོ་བ་ཀུན་ན་ཁྱོད་མཐོང་ཤིན་ཏུ་དཀོན། །ཐོབ་དང་མ་ཐོབ་མཉམ་པའི་ཡིད་ལྡན་པ། །སྨད་དང་སྡུག་བསྔལ་མ་གྲགས་རྣམ་པར་སྤངས། །འཇིག་རྟེན་ཆོས་ལ་ཨུཏ་པལ་པད་མོ་བཞིན། །ཡིད་ལ་འཁྲུལ་མེད་ལེགས་པར་བདེར་འོངས་སམ། །གཡོ་དང་སྒྱུ་བྲལ་བསམ་པ་དགེ་ལྡན་པ། །ང་རྒྱལ་དྲེགས་མེད་སྣོད་ཀྱི་དམ་པ་པོ། །ཁྲོ་དང་འཚིག་མེད་ཁེངས་ཤིང་འགྱིང་བ་མེད། ། 38-299a བལྟ་ན་སྡུག་པ་ཁྱོད་མཐོང་ལེགས་པ་ཡིན། །ཚུར་ཤོག་ཕྱོགས་ཀུན་སྤྱོད་ཡུལ་མངོན་གྱུར་པ། །ཚུར་ཤོག་རྒྱལ་བའི་མཛོད་རྣམས་སྒྲུབ་བྱེད་པ། །ཚུར་ཤོག་རྒྱལ་བའི་མཛོད་རྣམས་འཕེལ་བྱེད་པ། །ཡིད་ལ་དུབ་མེད་ལེགས་པར་ཁྱོད་འོངས་སམ། །ཚུར་ཤོག་དུས་གསུམ་ཡུལ་ལྡན་འོངས་པ་ལེགས། །ཆོས་ཀྱི་དབྱིངས་ལ་མོས་པའི་དཀྱིལ་འཁོར་ལྡན། །སངས་རྒྱས་ཀུན་གྱི་ཡོན་ཏན་སྙིང་པོར་བྱུང་། །མཁས་པ་ལེགས་པར་འོངས་སམ་མིང་ལ་ལམ། །ཚུར་ཤོག་འཇམ་དཔལ་ཡེ་ཤེས་པད་མོའི་མཆོག །ཚུར་ཤོག་སྤྲིན་དཔལ་ཆར་པས་རྣམ་སྤེལ་བ། །རྒྱལ་བ་ཀུན་གྱི་སྲས་ཀྱིས་བཏང་བ་ཚུར། །ཁྱོད་ལ་བསྒྲིབས་པ་མེད་པའི་ཕྱོགས་ཀྱང་བསྟན། །ལྟོས་ཤིག་སྨོན་ལམ་དྲ་བ་ཅི་འདྲ་བ། །ཆོས་དབྱིངས་རྒྱས་འགེངས་བསམ་གྱིས་མི་ཁྱབ་སྟེ། །བྱང་ཆུབ་སེམས་དཔའི་སྤྱོད་ལ་ལམ་བསྒྲུབས་པ། །རྒྱ་ཆེ་ཡངས་བྱེད་ནོར་བཟངས་འདིར་འོངས་སོ། །བདེ་བར་གཤེགས་པའི་སྤྱོད་ཡུལ་ཚོལ་བྱེད་ཅིང་། །རྡུལ་དང་བྲལ་བའི་སྤྱོད་པ་འགྲོ་བའི་ཕྱིར། །སྨོན་ལམ་རླབས་ཆེན་ཡོངས་སུ་འདྲི་བྱེད་ཅིང་། །སྐྱོ་བའི་ཡིད་མེད་འདི་ནི་འདིར་འོངས་སོ། །འདས་པའི་མགོན་པོས་གང་ལ་བསླབས་མཛད་དེ། །དེ་བཞིན་མ་བྱོན་རྣམས་ཀྱང་སློབ་འགྱུར་ལ། །བདེ་གཤེགས་བཞུགས་པའི་སྤྱོད་པར་བྱ་བ་རྣམས། །ཡོངས་སུ་དྲིས་ཕྱིར་འདི་ནི་འདིར་འོངས་སོ། །འདི་ནི་བདག་གིས་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ནན་ཏན་ཡོངས་སུ་སྟོན་བྱེད་པ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམ་ནས་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གིས་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་བསྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གིས་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྐྱོང་བ་ཡིན། །དགེ་ 38-299b བཤེས་འདི་དག་གནོད་པ་རྣམ་པར་ཟློག །རྒ་ཤི་མཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་བརྒྱ་བྱིན་ལྷ་དབང་འདྲ། །ཟླ་བ་ལྟ་བུ་དཀར་པོའི་ཕྱོགས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་འགྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུག་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟངས་འདིར་འོངས་སོ། །འཇིགས་མེད་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབས་དམྱིགས་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཆོས་ཀྱི་ཕྱོགས་རྣམས་རྟག་ཏུ་སྟོན་པ་སྟེ། །སངས་རྒྱས་ཡོན་ཏན་ཡེ་ཤེས་སྟོན་པ་ཡིན། །ངན་སོང་ངན་འགྲོ་ཐམས་ཅད་སྦྱོང་བར་བྱེད། དགེ་བཤེས་འདི་དག་བདག་ལ་དགེ་བ་སྟོན། །འདི་དག་རྒྱལ་བའི་མཛོད་ཀུན་སྟོབས་པ་ཡིན། །འདི་དག་རྒྱལ་བ་ཀུན་གྱི་མཛོད་སྲུང་སྟེ། །འདི་དག་རྒྱལ་བ་ཀུན་གྱི་གསང་འཛིན་ཅེས། །དེ་ལྟར་མཁས་པ་འདི་ནི་དགེ་བཤེས་བསྙེན། །ཡེ་ཤེས་ཕུན་ལྡན་འདི་ལས་རྣམ་པར་དག །གཟུགས་དང་ལོངས་སྤྱོད་ཆོ་རིགས་ཕུན་སུམ་ཚོགས། །འདི་ལས་ཕུན་སུམ་ཚོགས་ཀུན་དཀོན་པ་མིན། །བསམ་པ་དེ་འདྲས་འདི་ནི་འདིར་འོངས་སོ། །བསམ་པ་རླབས་ཆེན་འདི་ལ་ཀུན་ཀྱང་ལྟོས། །མཁས་པའི་དགེ་བཤེས་རྣམས་ལ་འདི་སྟེན་ཅིང་། །མཁས་པ་འདི་བློ་ཅི་འདྲ་སྐྱེད་པ་ལྟོས། །ཁྱོད་ཀྱིས་རྟག་ཏུ་དེ་ལྟར་བསླབ་པར་བྱ། །འདི་ནི་སྔོན་གྱི་བསོད་ནམས་དགེ་བའི་རྒྱུས། །བྱང་ཆུབ་ཞུགས་ཏེ་འཇམ་དཔལ་མཐོང་གྱུར་ནས། །དེ་ཡི་གདམས་ངག་རྗེས་སུ་མཐུན་སྤྱོད་ཅིང་། །སྐྱོ་བ་མེད་པར་རྒྱུ་བ་འདི་ལ་ལྟོས། །འདི་ནི་དགའ་བདེ་ཐམས་ཅད་ཀུན་སྤངས་ཏེ། །ལྷ་རྫས་ལྟ་བུའི་ཁྱིམ་ཡང་ཡོངས་སུ་སྤངས། །ཕ་མ་མ་མ་སྐྱིད་པ་རྒྱ་ཆེན་ཀུན། །ཡོངས་སུ་སྤངས་ཤིང་བྲན་ལྟར་བཤེས་གཉེན་སྟེན། །མཁས་པ་འདིས་ནི་བསམ་པ་རྣམ་སྦྱངས་ཏེ། །བདག་གིས་མ་ལུས་ཡོངས་སུ་ 38-300a སྤངས་བྱས་ནས། །སངས་རྒྱས་ཀུན་གྱི་ཕོ་བྲང་འགྲོ་བར་འགྱུར། །དེ་ཕྱིར་འབྲས་བུ་དེ་འདྲའང་ཐོབ་པར་གྱུར། །འདིས་ནི་རྒ་དང་ནད་ཀྱིས་མནར་བ་ཡི། །སྲོག་ཆགས་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས། །སྐྱེ་ཤི་མྱ་ངན་འཇིགས་པས་གདུང་མཐོང་ནས། །དེ་དག་དོན་དུ་སྙིང་རྗེའི་སེམས་ཀྱིས་སྤྱོད། །འགྲོ་རྒྱུད་ལྔ་ཡི་འཁོར་ལོའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་བཙིར་བའི་འགྲོ་མཐོང་ནས། །སྡུག་བསྔལ་འཁྲུལ་འཁོར་འཁོར་ལོ་འཇོམས་པ་ཡི། །ཡེ་ཤེས་རྡོ་རྗེ་སྲ་བ་འདི་ཚོལ་ལོ། །འདོད་ཆགས་ཞེ་སྡང་རྩྭ་སྡོང་ཚེར་མ་ཅན། །ལྟ་ཆགས་རྩ་མང་ཡོངས་སུ་འཛིངས་པ་ཡི། །སེམས་ཅན་ཞིང་ནི་ཡོངས་སུ་སྦྱང་བའི་ཕྱིར། །ཤེས་རབ་གཞོལ་བརྟན་བཟང་པོ་འདི་ཚོལ་ལོ། །གཏི་མུག་མ་རིག་ཐིབས་པོའི་བསམ་པ་ཅན། །འགྲོ་བ་ཤེས་རབ་མིག་སྟོར་དམྱིགས་མེད་པ། །དེ་ལ་ཕྱོགས་བདེ་སྟོན་པའི་མཐུ་ཡོད་པའི། །འགྲོ་བའི་དེད་དཔོན་བཟང་པོར་འདི་འགྱུར་རོ། །བཟོད་པའི་གོ་བགོས་རྣམ་ཐར་བཞོན་པ་ཞོན། །ཡེ་ཤེས་རལ་གྲིས་མྱ་ངན་དགྲ་འཇོམས་པས། །མི་འཇིགས་སྟོབས་པའི་དཔའ་བོར་གྱུར་པ་འདི། །འགྲོ་བ་རྣམས་ཀྱི་ལམ་སྟོན་འགྱུར་བ་ཡིན། །འདི་ནི་ཆོས་ཀྱི་གྲུ་རབ་སྦྱོར་བ་སྟེ། །ཡེ་ཤེས་རྒྱ་མཚོའི་ལམ་ལ་བསླབས་པའོ། །ཞི་བ་རིན་ཆེན་མཆོག་གིས་གླིང་སྐྱེལ་བ། །འདི་ནི་ཁམས་གསུམ་མཚོ་ཡི་སྐྱེ་བ་འཛིན། །ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན། །སེམས་ཅན་ཀུན་གྱི་གནས་སུ་སྣང་བྱེད་པའི། །ཆོས་དབྱིངས་མཁའ་ལ་འོད་ཆེན་རབ་ལྡན་པར། །འདི་ནི་སངས་རྒྱས་ཉི་མར་འཆར་བར་འགྱུར། །བྱམས་པའི་དགའ་ལྡན་ཏིང་འཛིན་དང་བསིལ་བའི། །སེམས་ཅན་ཀུན་ལ་སྙོམས་སེམས་འོད་བཟང་ལ། །དཀར་པོའི་ཆོས་ཀྱིས་དཀྱིལ་འཁོར་ཡོངས་རྒྱས་པའི། །སངས་རྒྱས་ཟླ་བ་འདི་ནི་འཆར་བར་འགྱུར། །བསམ་པའི་གཞི་རྟེན་བརྟན་ལ་རབ་གནས་པ། །བྱང་ཆུབ་སྤྱོད་པས་རིམ་གྱིས་འཕགས་པ་སྟེ། །ཆོས་ཀུན་རིན་ཆེན་འབྱུང་གནས་ལྡན་པ་ཡི། །ཡེ་ཤེས་ 38-300b རྒྱ་མཚོའི་མཆོག་ཏུ་འདི་འགྱུར་རོ། །བྱང་ཆུབ་སེམས་ཀྱི་ཀླུ་ཡི་དབང་གིས་ཕྱུང་། །ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་མངོན་པར་འཕགས། །དཀར་པོའི་འབྲས་བུའི་ལོ་ཏོག་འཕེལ་བྱེད་པའི། །འདི་ནི་འགྲོ་བར་ཆོས་སྤྲིན་ཆར་འབེབས་འགྱུར། །དག་པའི་སྙིང་པོའི་དྲི་གསུམ་མུན་སེལ་བ། །བྱམས་པའི་སྣུམ་ཡོད་དྲན་པའི་སྣོད་བརྟན་ལ། །དྲི་མེད་བྱང་ཆུབ་སེམས་མེ་འོད་བཟང་པོའི། །ཆོས་ཀྱི་མར་མེ་འདི་ནི་འབར་བྱེད་འགྱུར། །བྱང་ཆུབ་སེམས་ནི་མར་མེར་སྙིང་རྗེ་སྐོ། །བྱམས་པ་རྡོལ་པ་མི་གཡོ་བསམ་པ་འཁྲེགས། །བྱང་ཆུབ་ཡན་ལག་མཐར་གྱིས་བྱུང་བ་ཡི། །སངས་རྒྱས་སྲས་སུ་འདི་ནི་ཡང་དག་སྐྱེ། །བསོད་ནམས་སྙིང་པོ་མངོན་པར་འཕེལ་བར་བྱེད། །ཡེ་ཤེས་སྙིང་པོ་ཡོངས་སུ་སྤྱོད་པར་འགྱུར། །འདི་ནི་ཤེས་པའི་སྙིང་པོ་འཆར་བར་བྱེད། །སྨོན་ལམ་ཅི་བཞིན་སྙིང་པོ་ཡང་དག་བྱུང་། །སྙིང་རྗེ་བྱམས་པས་སྤྲུལ་པ་འདི་འདྲ་བ། །སེམས་ཅན་དགྲོལ་བློ་ཕན་པའི་བསམ་ལྡན་པ། །རྣམ་དག་ཡིད་ཅན་འདི་ནི་ཅི་འདྲ་བ། །དེ་འདྲའི་འགྲོ་བ་ལྷ་དང་མིར་བཅས་དཀོན། །འདི་འདྲའི་བསམ་པ་རབ་ཏུ་རྩ་བརྟན་ལ། །འདི་འདྲའི་སྦྱོར་བ་བརྟན་པས་རྣམ་འཕེལ་ཅིང་། །སྲིད་གསུམ་ཡོག་པར་བྱེད་པ་འདི་འདྲ་བའི། །ཡེ་ཤེས་ཤིང་ཆེན་འབྲས་བུ་འབྱུང་བ་དཀོན། །འདི་ནི་ཡོན་ཏན་ཀུན་སྒྲུབ་དོན་དུ་གཉེར། །ཆོས་རྣམས་ཐམས་ཅད་ཡོངས་སུ་དྲི་བར་མོས། །ཐེ་ཚོམ་ཐམས་ཅད་རྣམ་པར་གསལ་དོན་དུ། །ལེ་ལོ་མེད་པར་བཤེས་གཉེན་ཐམས་ཅད་སྟེན། །འདི་ནི་བདུད་ཀྱི་དཀྲུགས་མ་ཉོན་མོངས་འཇོམས། །འདི་ནི་ལྟ་བའི་དྲི་མ་སྲེད་པ་སེལ། །འདི་ནི་འགྲོ་བ་ཐམས་ཅད་དགྲོལ་ལ་བརྩོན། །མཁས་པ་འདི་ནི་རྟག་ཏུ་ཁྱད་པར་ཚོལ། །ཡོན་ཏན་ལམ་ལ་མ་ནོར་འདི་གནས་པས། །འདི་ནི་ངན་སོང་ཐམས་ཅད་སྦྱོང་བར་འགྱུར། །མཐོ་རིས་ལམ་ཡང་ཉེ་བར་སྟོན་པར་འགྱུར། །ཐར་པའི་ལམ་དུ་འགྲོ་བ་འཛུད་པར་འགྱུར། །འདི་ནི་འགྲོ་རྒྱུད་ཀུན་གྱི་སྡུག་བསྔལ་སེལ། །འདི་ནི་འགྲོ་རྒྱུད་ཀུན་གྱི་བདེ་བ་ 38-301a སྟོབས། །འདི་ནི་སྲིད་པ་ཀུན་གྱི་ཞགས་པ་འཐུབ། །སྲིད་པའི་འགྲོ་རྒྱུད་ཐམས་ཅད་སེལ་བར་འགྱུར། །ལྟ་བ་དོགས་པ་རྣམ་པར་འབྱེད་པར་འགྱུར། །སྲིད་པའི་འཁྲི་ཤིང་དྲ་བ་གཅོད་པར་འགྱུར། །ཆགས་པའི་འདོད་ཆགས་ཉེ་བར་སྦྱོང་བར་འགྱུར། །སྲིད་གསུམ་ལམ་ཡང་ཡོངས་སུ་སྟོན་པར་འགྱུར། །འདི་ནི་འཇིག་རྟེན་མགོན་དང་སྐྱབས་ཡིན་ཏེ། །འདི་ནི་འགྲོ་བ་ཀུན་ལ་འོད་བྱེད་པའོ། །རྣམ་པ་ཀུན་ཏུ་སྲིད་པ་སེལ་ལ་མཁས། །ས་གསུམ་ཀུན་གྱི་འདྲེན་པར་འདི་འགྱུར་རོ། །ཉོན་མོངས་གཉིད་ལོག་འགྲོ་བ་སད་པར་བྱེད། །འདོད་པའི་འདམ་ལས་མཁས་པ་འདི་སྒྲོལ་ཏེ། །འདུ་ཤེས་ཆགས་ལས་ཡོངས་སུ་འདི་ཡང་འགྲེལ། །བཅིངས་པ་ཀུན་ལས་ཐར་བར་བྱེད་པར་འགྱུར། །ཆོས་དབྱིངས་གཞི་ཡི་བྱེ་བྲག་སྣང་བར་བྱེད། །འཇིག་རྟེན་ཁམས་ཀྱི་བྱེ་བྲག་སྦྱོང་བར་འགྱུར། །ཆོས་ཀུན་གཞི་ཡི་བྱེ་བྲག་ཕ་རོལ་ཕྱིན། །ནོར་བཟངས་ཁྱོད་ནི་དགའ་བ་སྐྱེད་པར་འགྱུར། །མཁས་པ་ཁྱོད་ཀྱི་སྦྱོར་བའི་ཚུལ་དག་དང་། །དག་ཅིང་ཁྱོད་ལ་སྨད་པ་མེད་ཚུལ་དང་། །ཁྱོད་ཀྱི་བསམ་པའི་ཡོན་ཏན་ལྡན་ཚུལ་ལས། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། །ཁྱོད་ཀྱི་བདག་ཉིད་དགེ་བར་བྱས་ཚུལ་གྱིས། །རིང་པོར་མི་ཐོགས་སངས་རྒྱས་ཀུན་མཐོང་འགྱུར། །རིང་པོར་མི་ཐོགས་ཞིང་རྣམས་ཀུན་འགྲོར་འགྱུར། །ཆོས་ཀུན་རིང་པོར་མི་ཐོགས་ཤེས་པར་འགྱུར། །ཞིང་རྣམས་རྒྱ་མཚོ་རྣམ་པར་སྦྱོང་བར་འགྱུར། །སེམས་ཅན་རྒྱ་མཚོ་རྣམ་པར་འགྲེལ་བར་འགྱུར། །སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་པར་འགྱུར། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་དེ་འདྲའོ། །ཁྱོད་ཀྱི་མོས་པའི་དཀྱིལ་འཁོར་ཚུལ་ལས་ན། །ཁྱོད་ནི་ཡོན་ཏན་རྣམས་ཀྱི་སྣོད་དུ་འགྱུར། །ཁྱོད་ནི་དགེ་བ་ཡང་དག་འབྱུང་གནས་འགྱུར། །ཁྱོད་ནི་རྒྱལ་བའི་སྲས་དང་མཉམ་པར་འགྱུར། །ཁྱོད་ཀྱི་སྨོན་ལམ་དཀྱིལ་འཁོར་ཚུལ་ལས་ན། །ཁྱོད་ཀྱིས་བདུད་ཀྱི་དཀྱིལ་འཁོར་ཕམ་པར་བྱས། །ཁྱོད་ཀྱིས་ལས་ཀྱི་དཀྱིལ་འཁོར་རྣམ་པར་ 38-301b སྦྱངས། །ཉོན་མོངས་དཀྱིལ་འཁོར་ཁྱོད་ཀྱིས་དག་པར་བྱས། །ཡེ་ཤེས་རྒྱུད་ནི་རྣམ་པར་སྦྱོང་བར་འགྱུར། །ཆོས་ཀྱི་རྒྱུད་ནི་རབ་ཏུ་བརྗོད་པར་འགྱུར། །ལས་དང་ཉོན་མོངས་སྡུག་བསྔལ་འཁྲུལ་འཁོར་རྒྱུད། །རིང་པོར་མི་ཐོགས་རྣམ་པར་ཟློག་པར་འགྱུར། །འཇིག་རྟེན་འཁོར་ལོ་སྲིད་པའི་འཁོར་ལོ་རྟེན། །ཤུ་བའི་ལམ་རྒྱུད་ལྔ་ཡི་འཁོར་ལོར་རྨོངས། །འགྲོ་ཀུན་སྡུག་བསྔལ་འཁོར་ལོ་གཅོད་པ་ཡི། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་འགྱུར། །སངས་རྒྱས་རིགས་ནི་རྗེས་སུ་འཛིན་པར་འགྱུར། །ཆོས་ཀྱི་རིགས་ནི་ཡོངས་སུ་སྦྱོང་བར་འགྱུར། །དགེ་འདུན་རིགས་ནི་ཡོངས་སུ་བསྡུད་པར་འགྱུར། །རིན་ཆེན་འབྱུང་བའི་འབྱུང་གནས་ཁྱོད་འགྱུར་རོ། །སྲེད་པའི་དྲ་བ་རྣམ་པར་ཟློག་པར་འགྱུར། །ལྟ་བའི་དྲ་བ་ཐིབས་པོ་དེ་བཞིན་ཏེ། །འགྲོ་བའི་སྡུག་བསྔལ་དྲ་བ་འགྲེལ་པར་འགྱུར། །སྨོན་ལམ་དྲ་བ་དེ་འདྲ་ཁྱོད་ཀྱིས་སྦྱངས། །སེམས་ཅན་ཁམས་ནི་ཡོངས་སུ་སྨིན་བྱེད་འགྱུར། །འཇིག་རྟེན་ཁམས་ནི་ཡོངས་སུ་སྦྱོང་བར་འགྱུར། །ཡེ་ཤེས་ཁམས་ནི་ཤིན་ཏུ་དག་བྱེད་འགྱུར། །ཁྱོད་ཀྱི་བསམ་པའི་ཁམས་ནི་དེ་འདྲའོ། །ནོར་བཟངས་དགའ་བ་འཕེལ་བར་བྱེད་པ་ཁྱོད། །སེམས་ཅན་ཀུན་ལ་ཕན་བདེ་དགའ་བྱེད་འགྱུར། །བྱང་ཆུབ་སེམས་དཔའ་རིགས་རྒྱུད་དགའ་བྱེད་ཅིང་། །སངས་རྒྱས་ཐམས་ཅད་སྨོན་ལམ་དགའ་བྱེད་འགྱུར། །སེམས་ཅན་ཀུན་གྱི་འགྲོ་བའི་གནས་སྟོན་པ། །ཞིང་རྣམས་ཐམས་ཅད་གཟུགས་བརྙན་སྣང་སྟོན་པ། །ཆོས་རྣམས་ཐམས་ཅད་སྣང་བ་རབ་སྟོན་པའི། །ལྟ་ན་བཟང་བའི་རྒྱལ་བར་ཁྱོད་འགྱུར་རོ། །ཆོས་དབྱིངས་སྣང་བར་བྱེད་པའི་འོད་ལྡན་པ། །སེམས་ཅན་ཁམས་རྣམས་བདེ་བྱེད་འོད་ལྡན་པ། །ངན་སོང་ཐམས་ཅད་ཞི་བྱེད་འོད་ལྡན་པའི། །སྲིད་གསུམ་སྡུག་བསྔལ་ཞི་བར་བྱེད་པར་འགྱུར། །མཐོ་རིས་ལམ་ནི་ཉེ་བར་སྟོན་པར་འགྱུར། །སངས་རྒྱས་ལམ་ནི་འགྲོ་ལ་འབྱེད་པར་འགྱུར། །ཐར་བའི་ལམ་དུ་འགྲོ་བ་ཁྲིད་པར་འགྱུར། །དེ་འདྲའི་ལམ་ནི་ཁྱོད་ཀྱིས་རྣམ་པར་ 38-302a སྦྱངས། །ལོག་པའི་ལམ་ནི་རྣམ་པར་ཟློག་པར་འགྱུར། །སྐྱེ་བོ་འཕགས་པའི་ལམ་ལ་འདུལ་བར་འགྱུར། །བརྟན་པའི་བློ་གྲོས་ལེ་ལོ་མེད་པ་ཁྱོད། །མྱིག་ཡེང་བྱང་ཆུབ་ལམ་ནི་དེ་ལྟར་ཚོལ། །སྲིད་པའི་རྒྱ་མཚོར་གནས་པའི་ལུས་ཅན་རྣམས། །སྡུག་བསྔལ་མཐར་འབྱིན་བྱ་བ་ཁྱོད་བརྩོན་པས། །འགྲོ་བ་སྲིད་པའི་མཚོ་ལས་སྒྲོལ་བར་འགྱུར། །ཁྱོད་ཀྱི་ཡོན་ཏན་མཚོ་ཆེན་དེ་འདྲའོ། །ཡེ་ཤེས་ཉི་མ་མཆོག་གི་འོད་གཟེར་མཚོས། །ལུས་ཅན་ཉོན་མོངས་རྒྱ་མཚོ་ཡོངས་སྐམས་ཤིང་། །དེ་དག་ནན་ཏན་མཚོ་ལ་དགོད་བྱས་ནས། །ཡེ་ཤེས་རྒྱ་མཚོ་རབ་ཏུ་དགོད་པར་འགྱུར། །བློ་གྲོས་རྒྱ་མཚོ་རྣམ་པར་འཕེལ་བར་འགྱུར། །སྤྱོད་པ་རྒྱ་མཚོ་རྣམ་པར་སྦྱང་བར་འགྱུར། །སངས་རྒྱས་ཀུན་གྱི་སྨོན་ལམ་རྒྱ་མཚོ་ལ། །རིང་པོར་མི་ཐོགས་ཡོངས་སུ་འཇུག་པར་འགྱུར། །མཁས་པ་ཁྱོད་ནི་བློ་གྲོས་རྒྱ་མཚོའི་མཐུས། །ཞིང་རྣམས་རྒྱ་མཚོ་མང་པོར་ཕྱིན་པར་འགྱུར། །འཁོར་རྣམས་རྒྱ་མཚོ་མང་པོ་མཐོང་བར་འགྱུར། །ཚེས་མང་རྒྱ་མཚོ་ཡོངས་སུ་འཐུང་བར་འགྱུར། །སངས་རྒྱས་སྤྲིན་མང་ཁྲག་ཁྲིག་མཐོང་བར་འགྱུར། །མཆོད་སྤྲིན་ཤིན་ཏུ་རྒྱ་ཆེན་བྱེད་པར་འགྱུར། །ཆོས་ཀྱི་སྤྲིན་མང་ཁྲག་ཁྲིག་ཐོས་པར་འགྱུར། །ཁྱོད་ནི་སྨོན་ལམ་དེ་འདྲའི་སྤྲིན་ཀྱང་བྱེད། །སེམས་ཅན་ཐམས་ཅད་གནས་མང་རྒྱས་འགེངས་འགྱུར། །ཞིང་རྣམས་ཀུན་གྱི་གནས་སུ་འགྲོ་བར་འགྱུར། །སངས་རྒྱས་ཀུན་གྱི་གནས་སུ་ཕྱིན་པར་འགྱུར། །ཁྱོད་ནི་དེ་འདྲའི་ཕྱོགས་སུ་ཞུགས་པ་ཡིན། །ཁྱོད་ནི་ཏིང་འཛིན་གནས་སུ་འཇུག་པར་འགྱུར། །ཁྱོད་ཀྱིས་རྣམ་ཐར་གནས་རྣམས་ཐོབ་པར་འགྱུར། །ཁྱོད་ནི་མངོན་ཤེས་གནས་ལ་སྤྱོད་པར་འགྱུར། །ཆོས་ཀྱི་དབྱིངས་ཀྱི་གནས་ལ་རབ་ཏུ་གནས། །ཉི་ཟླའི་གཟུགས་རྣམས་རབ་ཏུ་སྣང་བ་ལྟར། །སེམས་ཅན་ཀུན་གྱི་གནས་སུ་འཆར་བར་འགྱུར། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་མངོན་འབྱུང་འགྱུར། །ཁྱོད་ཀྱི་འབྱུང་བའི་ལམ་ཆེན་དེ་འདྲའོ། །འཇིག་རྟེན་ཀུན་ 38-302b ལ་མི་གནས་སྤྱོད་ཡུལ་དང་། །ནམ་མཁའི་སྤྱོད་ཡུལ་བཟང་པོར་ཁྱོད་སྤྱོད་འགྱུར། །ཁྱོད་ཀྱི་སྤྱོད་ཡུལ་རབ་ཏུ་ཞི་བར་འགྱུར། །ཁྱོད་ཀྱི་མངོན་ཤེས་སྤྱོད་ཡུལ་དེ་འདྲ་འོ། །མིག་འཕྲུལ་འདྲ་བའི་བྱེ་བྲག་གཞི་མཁས་ཁྱོད། །ཞིང་གི་དྲ་བའི་བྱེ་བྲག་ཇི་སྙེད་གཞི། །སེར་བུ་མཁའ་ལ་ཆགས་པ་མེད་པ་ལྟར། །རིང་པོར་མི་ཐོགས་རྒྱས་པར་འགེངས་པར་འགྱུར། །ཆོས་དབྱིངས་འབྱམ་ཀླས་ཁོང་དུ་ཆུད་པར་འགྱུར། །འབྱམ་ཀླས་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར། །དུས་གསུམ་གཤེགས་པའི་སངས་རྒྱས་འབྱམ་ཀླས་ཀུན། །མཐོང་བར་འགྱུར་གྱིས་ནོར་བཟངས་དགའ་བར་གྱིས། །ཁྱོད་ཀྱིས་དེ་འདྲའི་རྣམ་ཐར་དེ་ལྟ་བུ། །མཐོང་ལ་མཐོང་ཞིང་ད་དུང་མཐོང་བར་འགྱུར། །དེ་བས་མཁས་པ་སྐྱོ་བར་མ་བྱེད་ཅིག །དགའ་ཡངས་ཟང་ཟིང་མེད་པ་ཉམས་སུ་ལོང་། །ནོར་བཟངས་ཁྱོད་ནི་ཡོན་ཏན་སྣོད་བཟང་སྟེ། །ཁྱོད་ནི་རྒྱལ་བ་རྣམས་ཀྱི་གདམས་ངག་མཐུན། །ཁྱོད་ཀྱིས་ཚུལ་འདི་ཡོངས་སུ་གཟུང་བར་ནུས། །དེ་བས་རྣམ་པར་འཕྲུལ་པ་འདི་དག་མཐོང་། །སངས་རྒྱས་སྲས་པོ་གནས་མེད་སྤྱོད་ཡུལ་ཅན། །གང་རྣམས་མཐོང་བར་བསྐལ་པ་ཁྲག་ཁྲིག་དུ། །ཤིན་ཏུ་དགའ་ན་ལེགས་བརྗོད་མི་སྨོས་པ། །དེ་དག་སྤྱོད་ལེགས་སྤྱོད་ཚེ་ཁྱོད་ཀྱིས་མཐོང་། །དེ་ལྟར་འཇམ་དཔལ་མངོན་དུ་མཐོང་གྱུར་ཏེ། །དེ་འདྲའི་ཡོན་ཏན་སྣོད་དུ་གྱུར་བྱས་པ། །ཁྱོད་ཀྱིས་ཐོབ་པ་རྒྱ་ཆ་བསམ་མི་ཁྱབ། །མི་ཡི་སྲིད་པར་ཁྱོད་ནི་ལེགས་པར་འོངས། །ངན་སོང་ལམ་རྣམས་ཐམས་ཅད་རྣམ་པར་ཟློག །མི་ཁོམ་ངན་འགྲོ་ཐམས་ཅད་རྣམ་པར་སྦྱངས། །སྡུག་བསྔལ་ཆོས་རྣམས་ཁྱོད་ཀྱིས་ཐམས་ཅད་བོར། །མི་དགའ་ཐམས་ཅད་ཡོངས་སུ་སྤང་བར་གྱིས། །བྱིས་པའི་ས་ནི་ཁྱོད་ཀྱིས་རྣམ་པར་ཟློག། །བྱང་ཆུབ་སེམས་དཔའི་ཡོན་ཏན་ས་ལ་གནས། །ཡེ་ཤེས་ས་ཡི་དམ་པ་ཡོངས་བསྐང་ཞིང་། །སངས་རྒྱས་སར་བ་རིང་པོར་མི་ཐོགས་ཐོབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་སྟེང་། །སངས་རྒྱས་ཡེ་ཤེས་ནམ་མཁའི་མཛོད་དང་མཚུངས། །དེ་ཡི་ཚད་ཀྱི་ 38-303a སྨོན་ལམ་གང་ཆེན་མཚོ། །ཁྱོད་ཀྱིས་བཙལ་ཟིན་ཤིན་ཏུ་དགའ་བར་གྱིས། །དེ་ལྟར་དབང་པོ་ཡོངས་སུ་མི་སྐྱོ་ལ། །བསམ་པ་བརྟན་ཞིང་སྦྱོར་བ་ངེས་པ་རྣམས། །གང་དག་འདི་འདྲའི་བཤེས་གཉེན་བསྟེན་བྱེད་པ། །དེ་དག་རིང་བོར་མི་ཐོགས་མགོན་པོར་འགྱུར། །ཁྱོད་ཀྱི་བྱང་ཆུབ་སྤྱོད་པ་སྣ་ཚོགས་ཀྱིས། །སེམས་ཅན་མང་པོ་དུལ་བར་གྱུར་མཐོང་ཞིང་། །ཆོས་ཀུན་སྒོ་ཡི་བྱང་ཆུབ་སྤྱོད་པ་ལ། །ནམ་ཡང་ཡིད་གཉིས་བྱེད་པར་མ་གྱུར་ཅིག །དེ་ལྟར་ཕུན་སུམ་ཚོགས་པ་འདི་འདྲ་འདི། །སངས་རྒྱས་སྲས་པོ་དེ་རིང་འདིར་མཐོང་བ། །དོན་ཆོས་ཡོན་ཏན་དང་བ་ཕུན་སུམ་ཚོགས། །ཁྱོད་ཀྱི་བསོད་ནམས་ཕུན་ལྡན་བསམ་མི་ཁྱབ། །དེ་ལྟར་རྒྱལ་སྲས་རྣམས་ཀྱི་རྒྱུན་འབྲེལ་བར། །རང་རང་སོ་སོའི་སྨོན་ལམ་བསྟན་བྱས་ཏེ། །ཁྱོད་ཀྱི་དེ་དག་མ་ལུས་མཐུན་རྟོགས་པ། །ཁྱོད་མཐོང་ཐོབ་པ་ཆེན་པོ་ཅི་འདྲ་ལྟོས། །བྱང་ཆུབ་སེམས་དཔའི་སྤྱོད་པའི་སྣོད་གྱུར་པ། །དེ་འདྲའི་སྲིད་པ་བརྒྱར་ཡང་དཀོན་པས་ན། །དེ་ཕྱིར་རྒྱལ་སྲས་དེ་དག་རྒྱུན་འབྲེལ་བར། །ཁྱོད་ལ་རྣམ་ཐར་ཚུལ་རྣམས་ཡོངས་སུ་སྟོན། །བསྐལ་བ་ཁྲག་ཁྲིག་བྱེ་བར་འགྲོ་བ་གང་། །བདེ་གཤེགས་སྲས་དང་ལྷན་ཅིག་འགྲོགས་གྱུར་པ། །དེ་དག་དེ་རྣམས་སྤྱོད་ཡུལ་མི་ཤེས་ཏེ། །དེ་དག་ཡོན་ཏན་སྣོད་དུ་བདག་མ་བྱས། །ཁྱོད་ཀྱིས་འདི་འདྲའི་ཚུལ་འདི་ཐོས་པར་འགྱུར། །བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་འཕྲུལ་བ། །འགྲོ་བ་ཀུན་ན་དཀོན་པ་ཁྱོད་ཀྱིས་མཐོང་། །དེ་ལྟར་ནོར་བཟངས་དགའ་བའི་ཡིད་དུ་གྱིས། །ཁྱོད་ལ་སངས་རྒྱས་ཐམས་ཅད་དགོངས་པ་མཛད། །བྱང་ཆུབ་སེམས་དཔའ་ཁྱོད་གཟུང་ཕྱིར་ཡང་གནས། །ཁྱོད་ཀྱང་དེ་དག་རྗེས་སུ་བསྟན་ལ་གནས། །ལེགས་སོ་ནོར་བཟངས་ཁྱོད་ཀྱི་འཚོ་བ་དགེ། བྱང་ཆུབ་སེམས་དཔའི་རིགས་ཀྱི་ཆོས་ལ་གནས། །ཁྱོད་ནི་རྒྱལ་སྲས་ཡོན་ཏན་རྣམས་ལ་སློབ། །བདེ་བར་གཤེགས་རིགས་རྣམ་པར་འཕེལ་བྱེད་འགྱུར། །ནོར་བཟངས་དགའ་བ་རྒྱ་ཆེན་ཉམས་སུ་ལོང་། །སངས་རྒྱས་མཉམ་མེད་ཐམས་ཅད་ 38-303b ཁྱོད་ཀྱི་ཕ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྱོད་དང་སྤུན། །བྱང་ཆུབ་ཡན་ལག་ཐམས་ཅད་ཁྱོད་ཀྱི་གཉེན། །ཁྱོད་ནི་བདེ་གཤེགས་ཐུགས་ལས་སྐྱེས་པའི་སྲས། །ཆོས་ཀྱི་རྒྱལ་པོ་རིག་པའི་རྒྱུད་འཛིན་པ། །བྱང་ཆུབ་སེམས་དཔའི་རིགས་རྒྱུད་འཕེལ་བར་བྱེད། །རིང་པོར་མི་ཐོགས་ཆོས་རྒྱལ་ཐོབ་འགྱུར་གྱིས། །ནོར་བཟངས་དབང་པོ་ཚིམ་ཞིང་དགའ་བར་གྱིས། །སངས་རྒྱས་ཀུན་གྱི་དབང་བསྐུར་དམ་པ་ཡང་། །རིང་པོར་མི་ཐོགས་རྨད་བྱུང་ཐོབ་པར་འགྱུར། །རྒྱལ་བའི་སྲས་དང་མཚུངས་ཤིང་མཉམ་པར་འགྱུར། །ཁྱོད་ཀྱི་སྤྱོད་པའི་ཚུལ་མཐུན་དེ་འདྲའོ། །མི་གང་ཅི་འདྲའི་ས་བོན་འདེབས་བྱེད་པ། །དེ་ནི་དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །དགའ་བ་རྒྱ་ཆེན་བསམ་ཡས་ཉམས་སུ་ལོང་། །ངས་ནི་དེ་རིང་ཁྱོད་ཀྱི་དབུགས་ཀྱང་དབྱུང་། །ཚེ་གཅིག་ཁྱོད་ཀྱིས་གང་རྣམས་ཐོབ་གྱུར་པ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བསམ་ཡས་པ། །བསྐལ་བ་ཁྲག་ཁྲིག་བྱང་ཆུབ་སྤྱད་སྤྱོད་པ། །དེ་དག་གིས་ཀྱང་ཕུན་སུམ་འདི་མ་རྙེད། །འདི་རྣམས་ཐམས་ཅད་མོས་པའི་འབྲས་བུ་སྟེ། །བརྩོན་འགྲུས་བསམ་པ་དག་ནི་དེ་བཞིན་ནོ། །གང་ཞིག་སྤྱོད་པ་འདི་འདྲ་དཀའ་བ་ཡང་། །ནོར་བཟངས་སྤྱོད་པ་གང་ཡིན་དེ་ལ་སྤྱོད། །སྤྱོད་པ་ཐམས་ཅད་སྨོན་ལམ་བྱུང་བ་ཡིན། །ཆོས་རྣམས་ཐམས་ཅད་མོས་ལས་ཡོངས་སུ་བྱུང་། །ནོར་བཟངས་དེ་ལྟར་ཁྱོད་ཀྱིས་ཡོངས་སུ་བསྒྲུབས། །རྟག་ཏུ་ཁྱད་པར་སྤྱོད་པ་བཙལ་བར་གྱིས། །ཀླུ་ཡི་བསམ་པ་ཇི་སྙེད་བྱུང་གྱུར་པ། །དེ་སྙེད་ཆར་པ་ཡོངས་སུ་འབབ་པར་འགྱུར། །སྨོན་ལམ་ཡེ་ཤེས་སྤྱོད་ཡུལ་ཇི་སྙེད་པ། །དེ་སྙེད་བྱང་ཆུབ་སྤྱོད་པས་རྒྱས་པར་འགྱུར། །ནོར་བཟངས་བཟང་པོའི་སྤྱོད་ཅེས་བྱ་བ་འདི། །ཚུལ་ནི་ཁྱོད་ལ་བསྟན་པ་འདི་ཡིན་གྱིས། །དེ་ཤེས་གྱིས་ལ་དགེ་བཤེས་རང་བཞིན་གྱིས། །བསྙེན་བཀུར་བྱེད་ཚེ་འཇུག་པར་མ་བྱེད་ཅིག །ལུས་རྣམས་བྱེ་བ་སྔན་ཅད་ཁྱོད་ཀྱིས་ཀྱང་། །འདོད་པའི་དོན་དུ་དོན་མེད་ཟད་བྱས་སོམས། །ད་ནི་བྱང་ཆུབ་ཡོངས་སུ་ཚོལ་གྱུར་ན། །བརྟུལ་ཤུགས་ 38-304a བཟང་པོ་བརྟུལ་བས་ཞིག་གོ་འདང་། །ཁྱོད་ཀྱིས་བསྐལ་པ་བྱེ་བ་འདས་བྱས་ཏེ། །འདུས་བྱས་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་། །གང་གཱའི་བྱེ་སྙེད་སངས་རྒྱས་མཉེས་མ་བྱས། །འདི་འདྲའི་ཚུལ་ཡང་ཐོས་པར་མ་གྱུར་ཏོ། །དེ་ལས་ད་ནི་ཁོམ་པར་མིར་ཡང་སྐྱེས། །སངས་རྒྱས་འབྱུང་མཐོང་དགེ་བཤེས་འདི་འདྲ་སྟེ། །བྱང་ཆུབ་མཆོག་གི་སྤྱོད་པའང་ཐོས་པར་འགྱུར། །རྣམ་དག་སེམས་སུ་ད་གོ་ཅིར་མི་འགྱུར། །བདེ་བར་གཤེགས་པ་ཡང་དུ་འབྱུང་བར་འགྱུར། །དགེ་བཤེས་དེ་བཞིན་ཆོས་མཉན་ཐོས་པར་འགྱུར། །གལ་ཏེ་བསམ་པ་ཡོངས་སུ་མ་སྦྱངས་ན། །ཚུལ་འདི་ཕྱིན་ཆད་ཐོས་པར་དཀའ་བ་ཡིན། །དེ་བས་དད་དང་མོས་དང་བསམ་པ་རྣམས། །ཡོངས་སུ་བསྐྱེད་ལ་བླ་མ་ཕུད་དུད་གྱིས། །ཐེ་ཙོམ་ལྟ་བ་ཡོངས་སུ་སྐྱོ་སྤངས་ལ། །ཡང་དང་ཡང་དུ་འདི་འདྲ་ཚུལ་ཉོན་ཅིག །གང་གིས་སྤྱོད་ལ་འཇུག་པ་འདི་འདྲ་འདི། །ཐོས་ནས་དེ་འདྲའི་སྨོན་ལམ་མངོན་བསྒྲུབས་པ། །དེ་དག་ཐོབ་པ་དམ་པ་བསམ་མི་ཁྱབ། །དེ་དག་མི་ཡི་སྲིད་པར་ལེགས་པར་འོངས། །གང་གིས་དེ་འདྲའི་མོས་བ་སྦྱངས་པ་ནི། །དེ་ལ་བདེ་གཤེགས་ཐམས་ཅད་མི་དཀོན་ནོ། །དེ་ནི་རྒྱལ་བ་རྣམས་ཀྱི་སྲས་དང་སྤུན། །དེ་ལ་ཕྱིན་ཆད་བྱང་ཆུབ་ཐེ་ཙོམ་མེད། །གང་ཞིག་འདི་འདྲའི་ཚུལ་འདིར་ཞུགས་གྱུར་པ། །དེས་ནི་ལོག་པར་ལྟུང་བ་ཐམས་ཅད་སྤངས། །དེས་ནི་སྡུག་བསྔལ་ཆོས་རྣམས་ཐམས་ཅད་བསྩལ། །དེས་ནི་ཡོན་ཏན་ཐམས་ཅད་བསྡུ་བ་བྱས། །ལུས་ནི་བོར་ནས་རིང་པོར་མི་ཐོགས་སུ། །ཡོངས་སུ་དག་པའི་སངས་རྒྱས་ཞིང་དུ་འགྲོ། །བྱང་ཆུབ་སེམས་དཔའི་གནས་སུ་འཇུག་པར་འགྱུར། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཐོང་བར་འགྱུར། །ནོར་བཟངས་ཁྱོད་ཀྱི་སྔོན་གྱི་རྒྱུ་སྡུག་པས། །ད་ལྟར་བྱུང་ལ་མོས་པ་ངེས་པ་ཡིས། །ཁྱད་པར་དོན་གཉེར་དགེ་བཤེས་བསྟེན་བྱས་པས། །ཆུ་ལས་ཨུཏ་པལ་བཞིན་དེ་ཕྱིར་འཕེལ། །དགེ་བཤེས་ཐམས་ཅད་ཕུ་དུད་བསམ་པ་དང་། །སངས་རྒྱས་ཐམས་ཅད་དགྱེས་བྱའི་བསམ་པ་དང་། ། 38-304b ཆོས་ཀུན་ཡོངས་སུ་དྲི་བའི་བསམ་པ་ཅན། །བརྟུལ་ཞུགས་བཟང་པོ་ལྡན་པ་དལ་གྱིས་ལོངས། །ཆོས་ཀྱི་ནན་ཏན་ཀུན་ལ་རབ་གནས་པ། །ལམ་རྣམས་རྗེས་སུ་ཀུན་ཚོལ་རབ་གནས་པ། །སངས་རྒྱས་སྲས་ཀྱི་སྨོན་ལམ་རབ་གནས་པ། །ཡོན་ཏན་ཆོས་རྣམས་ཀུན་གྱི་སྣོད་ཁྱོད་ལོངས། །མོས་པ་ཕུན་སུམ་ཚོགས་པ་ཅི་འདྲ་བས། །ཁྱོད་ཀྱིས་ང་ལ་ཕྱག་འདི་བྱས་པ་ནི། །སངས་རྒྱས་ཐམས་ཅད་འཁོར་དུ་མངོན་སུམ་དུ། །རིང་པོར་མི་ཐོགས་ཡོངས་སུ་འབྱུང་བར་འགྱུར། །སྐྱོ་བའི་ཡིད་མེད་ནོར་བཟངས་ལེགས་པ་ཡིན། །སངས་རྒྱས་ཀུན་གྱི་སྨོན་ལམ་སེམས་ལྡན་པ། །བརྟུལ་ཞུགས་བརྟན་ཁྱོད་རིང་པོར་མི་ཐོགས་པར། །སངས་རྒྱས་ཀུན་གྱི་ཡོན་ཏན་མཐར་ཕྱིན་འགྱུར། །ཡེ་ཤེས་སྤྱོད་ཡུལ་རྣམ་པར་མཐར་ཕྱིན་པའི། །འཇམ་དཔལ་གན་དུ་ནོར་བཟངས་ཁྱོད་སོང་སྟེ། །བཟང་པོ་སྤྱོད་པ་དམ་པ་མཆོག་དྲིས་ཤིག །དེ་ཚུལ་ཁྱོད་འཇུག་དེ་ནས་བྱེད་པར་འགྱུར། །དེ་ལྟར་བྱམས་པ་ཆགས་མེད་སྤྱོད་ཡུལ་གྱིས། །ནོར་བཟངས་ཡང་དག་ལེགས་པས་འཕགས་མཐོང་ནས། །འཁོར་རྣམས་ཀུན་ལ་མངོན་པར་བསྟན་བྱས་ཏེ། །དེ་ཡི་ཡོན་ཏན་ལེགས་མཛོད་འདི་བརྗོད་དོ། །འདི་འདྲའི་རྗེས་སུ་བསྟན་པ་དམ་པ་དང་། །གདམས་ངག་དེ་འདྲ་ནོར་བཟངས་ཐོས་གྱུར་ནས། །དགའ་བའི་ཤུགས་ཀྱིས་དབང་པོ་མངོན་བརླན་པས། །མཆི་མའི་རྒྱུད་མང་རབ་ཏུ་དེས་ཀྱང་བླགས། །དགའ་བའི་ཉམས་ཆེན་ཉམས་སུ་མྱོང་བར་འགྱུར། །དབང་པོ་ཚིམ་ནས་ཤུགས་ཀྱིས་དབུགས་ཀྱང་ཕྱུང་། །ནོར་བཟངས་ལངས་ཏེ་ཐལ་མོ་རབ་སྦྱར་ནས། །བྱམས་པ་དེ་ལ་བསྐོར་བ་རབ་ཏུ་བྱས། །དེ་ཡི་ལག་ཏུ་འཇམ་དཔལ་སེམས་དབང་གིས། །མེ་ཏོག་ཕྲེང་བ་རིན་ཆེན་མཛེས་པ་དག །བྱང་ཆུབ་སེམས་དཔའི་སྨོན་པས་མངོན་འཐོན་པ། །ཡིད་དུ་འོང་བ་མང་པོ་བྱུང་བར་གྱུར། །ནོར་བཟངས་དེ་ཚེ་རབ་ཏུ་དགའ་གྱུར་ནས། །དགའ་བར་དེ་དག་བྱམས་པ་དེ་ལ་གཏོར། །དེ་ཚེ་དེ་ཡི་མགོ་ལ་ཀུན་ནས་བྱུགས། ། 38-305a བྱམས་པས་ཚིགས་སུ་བཅད་པ་འདི་དག་སྨྲས། །རྒྱལ་བའི་སྲས་པོ་ནོར་བཟངས་ལེགས་སོ་ལེགས། །དེ་ལྟར་ཁྱོད་ནི་ཡོངས་སུ་མི་སྐྱོ་བས། །ང་དང་འཇམ་དཔལ་ཅི་འདྲ་ཅི་བཞིན་དུ། །ཡོན་ཏན་སྣོད་དུ་ཁྱོད་ནི་མྱུར་དེ་འགྱུར། །ཐོས་ནས་ནོར་བཟངས་དགའ་བའི་ཚིག་བརྗོད་པ། །འདི་འདྲའི་དགེ་བཤེས་བདག་དང་ཕྲད་པ་ནི། །སྲིད་པ་བརྒྱ་ཕྲག་འགྲངས་པར་ཤིན་ཏུ་དཀོན། །བདག་གིས་དེ་རིང་འདིར་ཕྱིན་ཤིན་ཏུ་ལེགས། །ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་གྱུར་པ། །འཇམ་དཔལ་ཁྱོད་ཀྱི་བྱིན་རླབས་བཟང་པོ་ཡིས། །བདག་གིས་བཤེས་གཉེན་འདི་དག་དཀོན་པ་རྙེད། །ཁྱོད་དང་བདག་ཏུ་མྱུར་དུ་འགྲོགས་པར་རོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དགུ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་བྱམས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་ཚེ་གཅིག་གིས་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐུ་ཚེ་གཅིག་གིས་ཐོགས་པ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་འགོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་རབ་ཏུ་ཞུགས་པ་ལགས། དེ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལགས། དེ་ནི་བཟོད་པའི་སྒོ་ཐམས་ཅད་དུ་ཞུགས་པ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རབ་ཏུ་བརྙེས་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བའི་སྒོ་ཐམས་ཅད་ལ་རྣམ་པར་རོལ་པ་ལགས། དེས་ནི་ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབས་པ་ 38-305b ལགས། །དེས་ནི་བྱང་ཆུབ་སེམས་དཔའི་རྒྱུད་ཐམས་ཅད་རྟོགས་པར་ཐུགས་སུ་ཆུད་པ་ལགས། དེས་ནི་གཟུངས་དང་སྤོབས་པ་སྣང་བའི་ཚུལ་ཐམས་ཅད་ལ་རབ་ཏུ་བརྙེས་པ་ལགས། །དེས་ནི་བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ལ་མངའ་ཐོབ་པ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཤིན་ཏུ་བསྩགས་པ་ལགས། དེས་ནི་ཤེས་རབ་དང་ཐབས་མཁས་པའི་ཚུལ་ལ་རྣམ་པར་རོལ་པ་ལགས། དེས་ནི་མངོན་པར་ཤེས་པ་ཆེན་པོ་དང་། རིག་པ་དང་ཡེ་ཤེས་སྣང་བའི་ཚུལ་བསྐྱེད་པ་ལགས། དེ་ནི་བསླབ་པ་ཐམས་ཅད་ལས་བྱུང་བ་ལགས། དེས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱངས་པ་ལགས། དེས་ནི་སྨོན་ལམ་གྱིས་འབྱུང་བའི་སྒོ་ཐམས་ཅད་མངོན་པར་བསྒྲུབས་པ་ལགས། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པ་རབ་ཏུ་བླངས་པ་ལགས། དེ་ནི་ཐེག་པ་ཐམས་ཅད་ཀྱིས་འབྱུང་བའི་སྒོ་ལ་མཁས་པ་ལགས། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཡང་དག་པར་བླངས་པ་ལགས། དེས་ནི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡོངས་སུ་བཟུང་བ་ལགས། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་བཟུང་བ་ལགས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཕྱིན་པ་ལགས། དེ་ནི་ཉོན་མོངས་པའི་དཔུང་ཐམས་ཅད་རྣམ་པར་དཀྲུགས་པ་ལ་ཤིན་ཏུ་དཔའ་བ་ལགས། དེ་ནི་འཁོར་བའི་འབྲོག་དགོན་པར་ལུས་པ་རྣམས་ཀྱི་ལམ་སྟོན་པ་ལགས། དེ་ནི་ཉོན་མོངས་པའི་ནད་ཀྱིས་ཐེབས་པ་རྣམས་ཀྱི་སྨན་པར་གྱུར་པ་ལགས། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་ལགས། དེ་ནི་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་དབང་པོ་ལགས། དེ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཐུ་བོ་ལགས། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ལགས། དེ་ནི་འཁོར་བའི་རྒྱ་མཚོ་ལ་རྒྱུ་བ་རྣམས་ཀྱི་སྐྱབས་འཛིན་པ་ལགས། དེས་ནི་སེམས་ 38-306a ཅན་གདུལ་བའི་ཐབས་ཀྱི་རྒྱ་མཚོ་ཆེན་པོ་བཤལ་བ་ལགས། དེས་ནི་འགྲོ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་དབང་པོ་རྣམ་པར་གཟིགས་པ་ལགས། དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བ་ལ་བརྩོན་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོངས་སུ་བསྐྱང་བ་ལ་བརྩོན་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ལ་ཡང་དག་པར་འགྲོ་བར་བརྩོན་པ་ལགས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་གནས་པ་ལགས། དེ་ནི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་མངོན་པར་འཕགས་པ་ལགས། དེ་ནི་འགྲོ་བ་ཐམས་ཅད་ཀྱི་གནས་སུ་གཟུགས་བརྙན་སྣང་བ་ལགས། དེ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ལགས། དེ་ནི་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ལགས། དེ་ནི་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་བཞུད་པ་ལགས། དེ་ནི་བྱང་ཆུབ་སེམས་དཔའི་ཡུལ་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་པ་ལགས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བརྩོན་པ་ལགས། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་བ་ལགས། དེ་ནི་དབང་བསྐུར་བའི་ཐབས་ཐོབ་པ་ལགས། དེ་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་གནས་པར་འགྱུར་བ་ལགས། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དབང་བསྐུར་བ་ལགས། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་འབྱུང་བ་ལགས། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྒྱུར་བའི་མཐར་ཕྱིན་པ་ལགས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་ནན་ཏན་དུ་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བ་དང་། སེམས་ཅན་གྱི་ཁམས་ཇི་ལྟར་གཉེར་བའི་ཚུལ་བཞིན་དུ་རིམ་གྲོར་བགྱིད་པར་འགྱུར་བ་དང་། ཡི་དམ་ཇི་ལྟར་བཅས་པའི་ཚུལ་བཞིན་དུ་མཐར་ཕྱིན་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་བརྩམས་པ་གྲུབ་པར་འགྱུར་བ་དང་། ལྷ་དང་བཅས་པའི་ 38-306b འཇིག་རྟེན་དབུགས་འབྱིན་པར་འགྱུར་བ་དང་། བདག་དང་སེམས་ཅན་དང་སངས་རྒྱས་དང་ཆོས་དང་དགེ་འདུན་བསླུ་བར་མི་འགྱུར་བ་དང་སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པ་དང་། བྱང་ཆུབ་སེམས་དཔའི་རིགས་སྟོང་བར་མི་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཡོངས་སུ་འཛིན་པར་འགྱུར་བ་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ལ་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཉེ་བར་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཚོང་དཔོན་གྱི་བུ་འདི་འདི་ལྟར་ང་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་ཡོངས་སུ་བསྒྲུབ་པ་འདྲི་བ་ལ་ལྟོས། བཟོད་པ་ཅན་དག་ཚོང་དཔོན་གྱི་བུ་འདི་ནི་བརྩོན་འགྲུས་བརྩམས་པ་འདི་ལྟ་བུ་དང་དོན་དུ་གཉེར་བ་འདི་ལྟ་བུ་དང་མོས་པའི་ཡི་དམ་འདི་ལྟ་བུ་དང་ལྷག་པའི་བསམ་པ་བརྟན་པ་འདི་ལྟ་བུ་དང་བརྩོན་འགྲུས་མི་ཟློག་པ་འདི་ལྟ་བུ་དང་། སངས་རྒྱས་ཀྱི་ཆོས་ཀྱིས་མི་ངོམས་པར་འདི་ལྟ་བུ་དང་། ཁྱད་པར་ཡོངས་སུ་བཙལ་བ་འདི་ལྟ་བུ་དང་མགོའི་ཐོད་ལ་མེ་འབར་བ་ལྟ་བུར་སྤྱོད་པ་འདི་ལྟ་བུ་དང་དགེ་བའི་བཤེས་གཉེན་མཐོང་བར་འདོད་པ་འདི་ལྟ་བུ་དང་། དགེ་བའི་བཤེས་གཉེན་བསྙེན་བཀུར་བས་སྐྱོ་བ་མེད་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་ཐམས་ཅད་ཡོངས་སུ་ཚོལ་ཞིང་ཡོངས་སུ་དྲི་བ་དང་། བསྙེན་བཀུར་བ་བྱེད་ཅིང་འཇམ་དཔལ་གཞོན་ནུར་གྱུར་པས་བཏང་ནས་གྲོང་ཁྱེར་དཔལ་གྱི་འབྱུང་གནས་ཉེ་བར་བཟུང་བ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་རྒྱུས་ཏེ། དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་ལ་ཡོངས་སུ་དྲི་བ་བྱེད་ཅིང་། ཐ་མ་ངའི་དྲུང་འདིའི་བར་དུ་སྐྱོ་བ་ཐམས་ཅད་དང་བྲལ་བའི་ལྷག་པའི་བསམ་པས་ཕྱིན་ཏེ། རིགས་ཀྱི་བུ་དག་རྣམ་པ་འདི་ལྟ་བུར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡི་དམ་ཆེན་པོ་ལ་ཡང་དག་པར་གནས་པ་དང་། བསམ་པ་ཆེན་པོ་ལ་རབ་ཏུ་རྟུལ་བའི་ཡིད་དང་ལྡན་པ། སྙིང་རྗེ་ཆེན་པོའི་གོ་བགོས་པའི་ངད་དང་ལྡན་པ། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་བློ་གྲོས་ཅན་བརྩོན་འགྲུས་ཆེན་པོའི་ཕ་ 38-307a རོལ་ཏུ་ཕྱིན་པ་ལ་རབ་ཏུ་བརྩོན་པ། སེམས་ཅན་གྱི་ལམ་གྲོགས་མང་པོ་ཡོངས་སུ་བསྐྱང་བ་ལ་མངོན་པར་བརྩོན་པ། འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སེམས་ཅན་བསྒྲལ་བ་ལ་ཞུགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཆེན་པོ་ལ་ཞུགས་པ། ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་བཤམ་པ་ལ་བརྩོན་པ། ཆོས་ཆེན་པོ་དང་བསོད་ནམས་རིན་པོ་ཆེ་ཡོངས་སུ་བསྡུ་བ་ལ་རབ་ཏུ་རྟུལ་བ། ཆོས་ཀྱི་མཆོད་སྦྱིན་ཆེན་པོའི་ཚོགས་བསྩགས་པ་ལ། བརྩོན་པ་རྣམས་ཀྱི་མིང་ཐོས་པའམ། གཟུགས་ཀྱི་ལུས་མཐོང་བའམ་སྤྱོད་ཡུལ་དུ་འགྲོགས་པའམ། སྤྱོད་པ་དང་སྐལ་བ་མཉམ་པ་ནི་ཤིན་ཏུ་དཀོན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་བྱུང་བ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱ་བ་དང་། ངན་སོང་ཐམས་ཅད་ཡང་དག་པར་བསྩལ་པ་དང་། མི་ཁོམ་པའི་ལམ་ཐམས་ཅད་རྣམ་པར་བཟློག་པ་དང་། ལམ་ཉམ་ང་བ་ཐམས་ཅད་ཡོངས་སུ་སྤང་བ་དང་། མི་ཤེས་པའི་མུན་པ་ནག་པོ་ཐམས་ཅད་རྣམ་པར་བསྩལ་བ་དང་། འཁོར་བའི་འབྲོག་དགོན་པ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། འགྲོ་བའི་རྒྱུད་ཀྱི་འཁོར་ལོ་ཐམས་ཅད་རྣམ་པར་བཟློག་པ་དང་། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། གནས་ཀྱི་རྟེན་ཐམས་ཅད་ལས་གྱེན་དུ་བསྐྱོད་པ་དང་། རྟེན་གྱི་གཞི་ཐམས་ཅད་ལས་བསྐུལ་བ་དང་། འགྲོ་བའི་རྒྱུད་ཐམས་ཅད་དུ་མི་གནས་པར་བྱ་བ་དང་། འདོད་པའི་འདམ་ནས་ཡང་དག་པར་འདོན་པ་དང་། དགའ་བའི་འདོད་ཆགས་སྤང་བ་དང་། ལྟ་བའི་བཅིངས་པ་གཏུབ་པ་དང་། འཇིག་ཚོགས་ལ་མངོན་པར་ཞེན་པ་རྣམ་པར་བཟློག་པ་དང་། འདུ་ཤེས་ཀྱི་ཞགས་པ་ཡང་དག་པར་གཅད་པ་དང་། ཕྱིན་ཅི་ལོག་གི་ལམ་ནས་རྣམ་པར་བཟློག་པ་དང་། ང་རྒྱལ་གྱི་རྒྱལ་མཚན་བསྙལ་བ་དང་། བག་ལ་ཉལ་བའི་ཟུག་རྔུ་ཡང་དག་པར་དབྱུང་བ་དང་། སྒྲིབ་པའི་སྒོ་གླེགས་ 38-307b གཞོམ་པ་དང་། སྒྲིབ་པའི་རི་རྣམ་པར་གཏོར་བ་དང་། སྲེད་པའི་དྲ་བ་ནས་གདོན་པ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་ལས་དབྱེ་བ་དང་། སྲིད་པའི་ཆུ་བོ་ལས་བསྒྲལ་བ་དང་། གཡོ་དང་སྒྱུ་སྤང་བ་དང་སེམས་ཀྱི་རྙོག་པ་གདང་བ་དང་། ཐེ་ཚོམ་དང་ཡིད་གཉིས་དང་ནེམ་ནུར་བསྩལ་བ་དང་། མི་ཤེས་པའི་ཆུ་བོ་ཆེན་པོ་ལས་བསྒྲལ་བ་དང་། འཁོར་བའི་སྐྱོན་ཐམས་ཅད་རྣམ་པར་སྨད་པའི་ཕྱིར་རབ་ཏུ་ཞུགས་པའོ། །རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་ནི་སེམས་ཅན་རྣམས་ཆུ་བོ་བཞི་ལས་ཡོངས་སུ་བསྒྲལ་བའི་ཕྱིར་ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་བཤམ་པར་འདོད་པའོ། །ལྟ་བའི་འདམ་དུ་བྱིང་བ་རྣམས་ཆོས་ཀྱི་རྐང་སྟེགས་ཆེན་པོ་དགོད་པར་འདོད་པའོ། །གཏི་མུག་གི་མུན་པར་འཐོམས་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་དབྱུང་བར་འདོད་པའོ། །འཁོར་བའི་མྱ་ངམ་དུ་འཁྱམས་པ་རྣམས་ལ་འཕགས་པའི་ལམ་བསྟན་པར་འདོད་པའོ། །ཉོན་མོངས་པའི་ནད་ཆེན་པོས་གཟིར་བ་རྣམས་ལ་ཆོས་ཀྱི་སྨན་སྦྱིན་པར་འདོད་པའོ། །སྐྱེ་བ་དང་རྒ་བ་དང་འཆི་བས་གཙེས་པ་རྣམས་ལ་འཆི་བ་མེད་པའི་དབྱིངས་སྦྱིན་པར་འདོད་པའོ། །མེ་གསུམ་རབ་ཏུ་འབར་བ་རྣམས་ལ་ཞི་གནས་ཀྱི་ཆུས་རབ་ཏུ་ཞི་བར་བྱ་བར་འདོད་པའོ། །མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང་འཁྲུག་པས་གདུངས་པ་རྣམས་ལ་དབུགས་ཕྱིན་པ་ཆེན་པོ་སྦྱིན་པར་འདོད་པའོ། །སྲིད་པའི་བཙོན་རས་འཁོར་བ་རྣམས་ལ་ཡེ་ཤེས་ཀྱི་མཚོན་ཆ་སྦྱིན་པར་འདོད་པའོ། །ལྟ་བའི་བཅིངས་པས་གླགས་པ་རྣམས་ལ་ཤེས་རབ་ཀྱི་མཚོན་ཆས་བསྡུད་པར་འདོད་པའོ། །ཁམས་གསུམ་གྱི་གྲོང་ཁྱེར་གྱི་འཁོར་བ་རྣམས་ལ་ཐར་བའི་སྒོ་བསྟན་པར་འདོད་པའོ། །ཕྱོགས་མི་བདེ་བར་མངོན་པར་གཞོལ་བ་རྣམས་ལ་བདེ་བའི་ཕྱོགས་བསྟན་པར་འདོད་པའོ། །ཉོན་མོངས་པའི་ཆོམ་པོས་གཙེས་པ་རྣམས་ལ་དབུགས་ཕྱིན་པ་ཆེན་པོ་སྦྱིན་པར་འདོད་པའོ། །ངན་སོང་གི་གཡང་སས་འཇིགས་ཤིང་སྐྲག་པ་རྣམས་ལ་འཇུ་སའི་ལག་པ་བརྐྱང་བར་འདོད་པའོ། །ཕུང་པོའི་གཤེད་མས་གཙེས་པ་རྣམས་ལ་མྱ་ངན་ལས་འདས་ 38-308a པའི་གྲོང་ཁྱེར་བསྟན་པར་འདོད་པའོ། །ཁམས་ཀྱི་སྦྲུལ་གྱིས་ཀུན་ནས་འཁོར་བ་རྣམས་ལ་འཕགས་པའི་ལམ་གྱིས་འབྱུང་བ་བསྟན་པར་འདོད་པའོ། །སྐྱེ་མཆེད་ཀྱི་གྲོང་སྟོང་པ་ན་གནས་པ་རྣམས་ལ་ཤེས་རབ་ཀྱི་སྣང་བས་གདོན་པར་འདོད་པའོ། །མུ་སྟེགས་ངན་པ་ལ་ཞུགས་པའི་སེམས་ཅན་རྣམས་ཡང་དག་པའི་མུ་སྟེགས་སུ་གཟུད་པར་འདོད་པའོ། །བཤེས་གཉེན་མ་ཡིན་པའི་ལག་ཏུ་ལྟུང་བ་རྣམས་ལ་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟན་པར་འདོད་པའོ། །བྱིས་པའི་ཆོས་ཀྱི་སྤྱོད་ཡུལ་ལ་མངོན་པར་མོས་པ་རྣམས་འཕགས་པའི་ཆོས་ལ་རབ་ཏུ་དགོད་པར་འདོད་པའོ། །འཁོར་བའི་ཁྱིམ་ལ་མངོན་པར་དགའ་བ་རྣམས་གྱེན་དུ་བསྐྱོད་དེ་ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་གཟུད་པར་འདོད་པའོ། །རིགས་ཀྱི་བུ་དག་དེ་ལྟར་སྐྱེས་བུ་དམ་པ་འདི་ནི་སེམས་ཅན་ཡོངས་སུ་བསྐྱོབ་པའི་བློ་གྲོས་དེ་ལྟ་བུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པར་དག་པར་བྱ་བ་ཡོངས་སུ་བཙལ་བ་ལ་རྒྱུན་མི་འཆད་པའོ། །ཐེག་པ་ཆེན་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའོ། །ཆོས་ཀྱི་སྤྲིན་ཐམས་ཅད་ལས་འཐུང་བས་མི་ངོམས་པའོ། །ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པའོ། །ཆོས་ཀྱི་སྒོ་ཐམས་ཅད་ཡོངས་སུ་སྦྱང་བའི་ཕྱིར་མི་གཏོང་བ་ལ་བརྩོན་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱད་པའི་ཕྱིར་བརྩོན་འགྲུས་མི་གཏོང་བའོ། །སྨོན་ལམ་ཐམས་ཅད་མངོན་པར་བསྒྲུབ་པའི་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བས་མི་ངོམས་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་ལུས་ལ་དུབ་པར་འགྱུར་བ་མེད་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་གདམས་ངག་དང་རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་པ་སྟེ། རིགས་ཀྱི་བུ་དག་སེམས་ཅན་གྱི་འཇིག་རྟེན་ན་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དེ་ལྟ་བུའི་སེམས་ཅན་དཀོན་ནོ། །དེ་ 38-308b བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། བརྩོན་འགྲུས་བརྩམ་པའི་ཚུལ་འདི་ལྟ་བུས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྡུད་པ་དང་། མོས་པ་དྲག་པོ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་ཚོལ་བ་དང་། དོན་དུ་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པ་དང་། ཉོན་མོངས་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་བསྙེན་བཀུར་བྱེད་པ་དང་། མགོའི་ཐོད་ལ་མེ་འབར་བ་ལྟར་སྤྱོད་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་གྱི་ངག་དང་འགལ་བར་མི་བྱེད་པ་དང་། ལྷག་པའི་བསམ་པ་བརྟན་པས་ནན་ཏན་ཏུ་བྱེད་པ་འདི་ལྟ་བུས་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་དང་མཐུན་པར་ལེན་པ་འདི་ལྟ་བུས་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་སྒྲུབ་པ་དང་། ཁེ་དང་བཀུར་སྟི་དང་སྙན་པ་དོན་དུ་མི་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་བསམ་པའི་ཁམས་དང་འགལ་བར་མི་བྱེད་པ་དང་། ཁྱིམ་དང་ལོངས་སྤྱོད་དང་འདོད་པའི་དགའ་བ་དང་བདེ་བ་དང་། ཕ་མ་དང་གཉེན་གཤེས་དང་། དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པར་ཡོངས་སུ་བཏང་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་གྲོགས་ཡོངས་སུ་ཚོལ་བ་དང་། ལུས་དང་སྲོག་ལ་འཕངས་པར་མི་རྩི་བ་འདི་ལྟ་བུས་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་མོས་པར་བྱེད་པ་དེ་ལྟ་བུའི་སེམས་ཅན་ནི་ཆེས་དཀོན་ནོ། །རིགས་ཀྱི་བུ་དག་འདིས་ཇི་ལྟར་ཚེར་སྐྱེས་པ་འདི་གཅིག་ལ་ཇི་སྙེད་ཅིག་ཐོབ་པ་དང་། ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་སེམས་དཔའ་དེ་མ་ཡིན་པ་གཞན་གྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ཐོབ་པ་དང་། ཁོང་དུ་ཆུད་པའམ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་འགྱུར་བའམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའམ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའམ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ 38-309a འཇུག་པའམ། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབ་པའམ། སྤྱོད་པའི་དྲ་བ་རྒྱ་ཆེར་བྱ་བའམ་སྨོན་ལམ་མངོན་པར་བསྒྲུབ་པ་ཡོངས་སུ་རྫོགས་པར་བྱ་བའམ། བདུད་ཀྱི་ལས་ཡང་དག་པར་འདའ་བར་བྱ་བའམ། དགེ་བའི་བཤེས་གཉེན་བསྙེན་བཀུར་བའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བ་དང་ཡོངས་སུ་དག་པར་བྱ་བའམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མངོན་པར་བསྒྲུབ་པའི་སྟོབས་ཡོངས་སུ་རྫོགས་པར་བྱ་བ་ལ་ཡང་དག་པར་འབྱུང་བ་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚོང་དཔོན་གྱི་བུ་ནོར་བ་ཟངས་ཀྱི་ཡོན་ཏན་དང་ལེགས་པ་ཡང་དག་པར་ཡོངས་སུ་བརྗོད་པ་བྱས་ནས། དེ་ལས་བརྟེན་ཏེ་སྲོག་ཆགས་བརྒྱ་ཕྲག་སྟོང་གིས་བྱང་ཆུབ་ཀྱི་ཡན་ལག་གི་བསམ་པ་བརྟན་པར་བྱས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་སེམས་བསྐྱེད་པ་ནི་ཁྱོད་ཀྱིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །ཁྱོད་ཀྱིས་མིའི་ལུས་ལེགས་པར་ཐོབ་བོ། །འཚོ་བའི་འཇིག་རྟེན་དུ་ཁྱོད་ལེགས་པར་འཚོས་སོ། །ཁྱོད་ཀྱིས་སངས་རྒྱས་འབྱུང་བ་དགྱེས་པར་བྱས་སོ། །ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འཇམ་དཔལ་ལེགས་པར་མཐོང་ངོ་། །ཁྱོད་ཀྱི་བསམ་པའི་རྒྱུད་སྣོད་བཟང་པོར་གྱུར་ཏོ། །ཁྱོད་ནི་དགེ་བའི་རྩ་བས་མངོན་པར་བརླན་ཏོ། །ཁྱོད་ནི་དཀར་པོའི་ཆོས་ཀྱིས་ལེགས་པར་བརྟེན་ཏོ། །ཁྱོད་ཀྱིས་མོས་པ་རླབས་ཆེན་པོ་དང་དགེ་བའི་བསམ་པ་ལེགས་པར་ཤིན་ཏུ་ 38-309b སྦྱངས་སོ། །ཁྱོད་སངས་རྒྱས་ཐམས་ཅད་ཀྱིས་ལེགས་པར་དགོངས་སོ། །རིགས་ཀྱི་བུ་ཁྱོད་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་རྟེན་པས་ས་ལྟ་བུའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་པས་ཆུ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟན་པ་མེད་པས་རླུང་ལྟ་བུའོ། །ལྟ་བའི་ཉེ་བར་ལེན་པའི་རྩ་ཐམས་ཅད་རབ་ཏུ་སྲེག་པས་མེ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཀྱི་གནས་སྣང་བར་བྱེད་པས་ཉི་མ་ལྟ་བུའོ། །ཆོས་དཀར་པོའི་དཀྱིལ་འཁོར་ཡོངས་སུ་རྒྱས་པར་བྱེད་པས་ཟླ་བ་ལྟ་བུའོ། །ཆོས་ཀྱི་སྣང་བ་བྱེད་པས་སྒྲོན་མ་ལྟ་བུའོ། །མཉམ་པ་དང་མི་མཉམ་པ་ཡོངས་སུ་མཐོང་བར་བྱེད་པས་མྱིག་ལྟ་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །མུ་སྟེགས་ངན་པ་ཐམས་ཅད་རྣམ་པར་སྤོང་བས་མུ་སྟེགས་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་གནས་པས་བཞོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྒོར་འཇུག་པར་བྱེད་པས་སྒོ་ལྟ་བུའོ། །ཏིང་ངེ་འཛིན་གྱི་ཁང་པ་ན་གནས་པར་བྱེད་པས་གཞལ་མེད་ཁང་ལྟ་བུའོ། །ཆོས་ཀྱི་དགའ་བ་དང་མོས་པ་ཉམས་སུ་མྱོང་བར་བྱེད་པས་བཟའ་ཤིང་གི་ར་བ་ལྟ་བུའོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པས་གནས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ལ་ཕན་པ་སྐྱེད་པས་རྟེན་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱོད་པར་བྱེད་པས་གཞི་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་མ་ལྟ་བུའོ། །ཐམས་ཅད་ལས་ཡོངས་སུ་སྐྱོང་བས་མ་མ་ལྟ་བུའོ། །སློབ་པ་དང་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཟིལ་གྱིས་གནོན་པས་རྒྱལ་པོ་ལྟ་བུའོ། །སྨོན་ལམ་ཐམས་ཅད་ཀྱིས་ཁྱད་པར་ 38-310a དུ་འཕགས་པས་དབང་པོ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཡང་དག་པར་འདུ་བས་རྒྱ་མཚོ་ཆེན་པོ་ལྟ་བུའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་རིན་པོ་ཆེ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ཁོར་ཡུག་ལྟ་བུའོ། །ཡེ་ཤེས་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་ཀྱི་རི་ལྟ་བུའོ། །ཡོན་ཏན་གྱི་སྤོས་ཐམས་ཅད་ཀྱི་གནས་སུ་གྱུར་པས་སྤོས་ཀྱི་ངད་ལྡང་བ་ལྟ་བུའོ། །ཡོན་ཏན་རྒྱ་ཆེ་བས་ནམ་མཁའ་ལྟ་བུའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པས་པད་མོ་ལྟ་བུའོ། །སེམས་དུལ་ཞིང་ཅང་ཤེས་པས་གླང་པོ་ལྟ་བུའོ། །རྒོད་པ་ཐམས་ཅད་དང་བྲལ་བས་རྟ་ཅང་ཤེས་ལྟ་བུའོ། །ཐེག་པ་ཆེན་པོ་ཡོངས་སུ་སྐྱོང་བའི་སྔོན་དུ་འགྲོ་བས་ཁ་ལོ་སྒྱུར་བ་ལྟ་བུའོ། །ཉོན་མོངས་པའི་ནད་སོས་པར་བྱེད་པས་སྨན་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །ཆོས་ཐམས་ཅད་ངེས་པར་ཁོང་དུ་ཆུད་པར་བྱེད་པས་རྡོ་རྗེ་ལྟ་བུའོ། །ཡོན་ཏན་གྱི་དྲི་ཞིམ་པར་བྱེད་པས་སྤོས་ཀྱི་སྣོད་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་མངོན་པར་དགའ་བས་མེ་ཏོག་དམ་པ་ལྟ་བུའོ། །འདོད་ཆགས་ཀྱི་གདུང་བ་བསིལ་བར་བྱེད་པས་ཁ་བའི་ཙན་དན་ལྟ་བུའོ། །ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པས་ཨ་ག་རུ་ནག་པོ་ལྟ་བུའོ། །ཉོན་མོངས་པའི་ནད་ཐམས་ཅད་འཇོམས་པས་སྨན་གྱི་རྒྱལ་པོ་བལྟ་ན་སྡུག་པ་ལྟ་བུའོ། །བག་ལ་ཉལ་བའི་ཟུག་རྔུ་ཐམས་ཅད་ཡང་དག་པར་འབྱིན་པས་འབྲལ་བར་བྱེད་པའི་སྨན་ལྟ་བུའོ། །དབང་པོ་ཐམས་ཅད་ལ་དབང་སྒྱུར་བས་དབང་པོ་ལྟ་བུའོ། །དབུལ་བ་ཐམས་ཅད་ཡོངས་སུ་སེལ་བས་ངལ་བསོ་པོ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པར་བྱེད་པས་དཔལ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཛེས་པར་བྱེད་པས་ལྷབ་ལྷུབ་ལྟ་བུའོ། །ཉེས་བྱས་ཐམས་ཅད་སྲེག་པས་བསྐལ་པས་ཚིག་པའི་མེ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་ 38-310b འཕེལ་བར་བྱེད་པས་རྩ་བ་མ་གྲུབ་པའི་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའོ། །ཉོན་མོངས་པའི་དུག་ཐམས་ཅད་རྣམ་པར་སེལ་བས་ཀླུའི་རིན་པོ་ཆེ་ལྟ་བུའོ། །རྙོག་པ་ཐམས་ཅད་སེལ་བས་ནོར་བུ་རིན་པོ་ཆེ་ཆུར་དང་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་སྒྲུབ་པས་ཡིད་བཞིན་གྱི་རིན་པོ་ཆེའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱན་གྱི་ཆར་མངོན་པར་འབེབས་པས་འདོད་སྦྱིན་གྱི་ཤིང་ལྟ་བུའོ། །འཁོར་བའི་སྐྱོན་ཐམས་ཅད་དང་མ་འདྲེས་པས་གོས་དང་རིས་ཅན་ལྟ་བུའོ། །རང་བཞིན་གྱིས་འོད་གསལ་བས་ཤིང་བལ་གྱི་རྒྱུད་ལྟ་བུའོ། །སེམས་ཅན་གྱི་བསམ་པའི་ཞིང་རྣམ་པར་སྤྱོད་པས་གཤོལ་ལྟ་བུའོ། །འཇིག་ཚོགས་ཀྱི་གོ་ཅ་རྟོལ་བས་མདེའུ་ཐུང་ལྟ་བུའོ། །སྡུག་བསྔལ་གྱི་འབེན་ངེས་པར་འབིགས་པས་མདའ་ལྟ་བུའོ། །ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བར་བྱེད་པས་མདུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཅ་ལྟ་བུའོ། །ཉོན་མོངས་པའི་ཀླད་འགེམས་པས་རལ་གྲི་ལྟ་བུའོ། །ང་རྒྱལ་དང་དྲེགས་པ་དང་རློམ་པའི་གོ་ཅ་འདྲལ་བས་རལ་གྲིའི་སོ་ལྟ་བུའོ། །བག་ལ་ཉལ་གྱི་གོ་ཆ་གཤོག་པས་མདའ་སྟེའུ་ཀ་ལྟ་བུའོ། །ང་རྒྱལ་གྱི་རྒྱལ་མཚན་སྙོལ་བས་དཔའ་བོའི་རུ་མཚོན་ལྟ་བུའོ། །མི་ཤེས་པའི་ཤིང་སྒྱེལ་བར་བྱེད་པས་ལག་ཆ་ལྟ་བུའོ། །སྡུག་བསྔལ་གྱི་ཤིང་རབ་ཏུ་གཅོད་པས་སྟ་རེ་ལྟ་བུའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པས་མཚོན་ཆ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པའི་ལུས་ཡོངས་སུ་སྲུང་བས་ལག་པ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ལ་སོ་སོར་འགོད་པས་རྐང་པ་ལྟ་བུའོ། །མ་རིག་པའི་པྲིའི་ལིང་ཏོག་ཡོངས་སུ་སེལ་བས་མིག་མཁན་ལྟ་བུའོ། །འཇིག་ཚོགས་ཀྱི་ཟུག་རྔུ་ཡང་དག་པར་འབྱིན་པས་སྐམ་པ་ལྟ་བུའོ། །བག་ལ་ཉལ་གྱི་ཚེར་མ་འབྱིན་པས་ཚེར་ཟུང་ལྟ་བུའོ། །འཁོར་བའི་བཅིངས་པ་ལས་ཡོངས་སུ་འགྲེལ་པས་མཛའ་བོ་ལྟ་བུའོ། །གནོད་པ་ཐམས་ཅད་ 38-311a སེལ་བས་ནོར་བུ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱིས་འབྱུང་བའི་ལམ་མངོན་པར་ཤེས་པར་བྱེད་པས་གཙུག་ལག་ལྟ་བུའོ། །བསོད་ནམས་མི་ཟད་པས་གཏེར་ལྟ་བུའོ། །ཡེ་ཤེས་མི་ཟད་པས་ཆུ་མིག་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་གདོང་གི་གཟུགས་བརྙན་སྟོན་པས་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། །འགོ་བ་མེད་པས་མེ་ཏོག་པུན་ད་རི་ཀ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྒྱུན་ཏུ་འབབ་པས་ཆུ་ཀླུང་ཆེན་པོ་ལྟ་བུའོ། །ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབེབ་པས་ཀླུའི་རྒྱལ་པོ་ཆེན་པོ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པས་འཚོ་བའི་དབང་པོ་ལྟ་བུའོ། །འཆི་བ་མེད་པའི་དབྱིངས་སུ་ཕྱིན་པར་བྱེད་པས་བདུད་རྩི་ལྟ་བུའོ། །འདུལ་བའི་སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་ཅིང་འདྲེན་པས་ཀུན་ནས་འཁོར་བའི་སྙིང་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་མངོན་པར་འདོན་པས་མཆིལ་པ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ཀྱི་དྲི་ཞིམ་པོ་འཛིན་པས་སྤོས་ཀྱི་སྣོད་ལྟ་བུའོ། །ཤིན་ཏུ་ནད་མེད་པར་བྱེད་པས་དུག་སྨན་ལྟ་བུའོ། །འདོད་པས་དགའ་བའི་དུག་མེད་པར་བྱེད་པས་དུག་གི་གཉེན་པོ་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་དུག་ཐམས་ཅད་འབྱང་བར་བྱེད་པས་སྔགས་དང་གཟུངས་ལྟ་བུའོ། །སྒྲིབ་པ་དང་བར་ཆད་ཀྱི་རྩྭ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་རིན་པོ་ཆེའི་གླིང་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་འབྱུང་བས་རིགས་ལྟ་བུའོ། །ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེ་བའི་སྒོར་གྱུར་པས་འབྱུང་གནས་ལྟ་བུའོ། །བྱང་ཆུབ་སེམས་དཔའི་ཚོང་པ་ཐམས་ཅད་ཀྱིས་སྤྱོད་པས་ཚོང་དུས་ལྟ་བུའོ། །ལས་དང་ཉོན་མོངས་པའི་སྒྲིབ་པ་དང་དྲི་མ་ཐམས་ཅད་ཡོངས་སུ་སྦྱོང་བས་ཆུའི་ཁམས་ལྟ་བུའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས་སྦྲང་རྩིའི་གནས་ལྟ་བུའོ། ། 38-311b བྱང་ཆུབ་སེམས་དཔའ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །ཆོས་དཀར་པོ་ཐམས་ཅད་ཡོངས་སུ་འཛིན་པས་སྣོད་ལྟ་བུའོ། །ཉོན་མོངས་པའི་རྡུལ་ཐམས་ཅད་མི་ལྡང་བར་བྱེད་པས་ཆར་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ཐམས་ཅད་སྟོན་པས་གནས་ལྟ་བུའོ། །ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་མི་འདྲེ་བས་རྡོ་བ་ཁབ་ལེན་ལྟ་བུའོ། །རང་བཞིན་གྱིས་དྲི་མ་མེད་པས་བཻཌཱུརྱ་ལྟ་བུའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་འཇིག་རྟེན་ཤེས་པ་ཐམས་ཅད་ཟིལ་དུ་རླག་པ་དང་། ཟིལ་གྱིས་ནོན་པར་བྱེད་པས་ཨིནྡྲ་ནཱི་ལ་ལྟ་བུའོ། །ཉོན་མོངས་པའི་གཉིད་ཀྱིས་ལོག་པའི་སེམས་ཅན་སད་པར་བྱེད་པས་ཐོ་རས་ཀྱི་རྔ་ལྟ་བུའོ། །རྙོག་པ་མེད་པས་ཆུ་དང་བ་ལྟ་བུའོ། །འདུས་བྱས་དང་འདུས་མ་བྱས་ལ་སྤྱོད་པའི་དགེ་བའི་རྩ་བའི་ཚོགས་ཟིལ་དུ་བརླག་པར་བྱེད་པས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ལྟ་བུའོ། །འཇིག་རྟེན་གསུམ་ལས་མངོན་པར་འཕགས་པས་རིའི་རྒྱལ་པོ་ཆེན་པོ་ལྟ་བུའོ། །སྐྱབས་ཚོལ་བ་ཡོངས་སུ་མི་གཏོང་བས་སྐྱབས་ལྟ་བུའོ། །དོན་མ་ཡིན་པ་འཇོམས་པས་དོན་ལྟ་བུའོ། །སྙིང་དགའ་བར་བྱེད་པས་དབྱིག་ལྟ་བུའོ། །འགྲོ་བ་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པས་མཆོད་སྦྱིན་གྱི་ཡོ་བྱད་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་གཙོ་བོ་དང་ཐུ་བོར་གྱུར་པས་ན་རྒན་པ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པས་གླིང་གཞི་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་སྡུད་པས་མདོ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་སྐྱོང་བས་རྫི་ལྟ་བུའོ། །སྡིག་ཏོ་ཐམས་ཅད་ལས་རྣམ་པར་ཟློག་པས་སྲུངས་མ་ལྟ་བུའོ། །ཉོན་མོངས་པའི་ལྷ་མ་ཡིན་འདྲེན་པས་དབང་པོའི་མིག་འཕྲུལ་ལྟ་བུའོ། །འདུལ་བ་འདྲེན་པས་ཆུའི་ཞགས་པ་ལྟ་བུའོ། །བག་ཆགས་དང་བག་ལ་ཉལ་བ་དང་ཉོན་མོངས་པ་ཐམས་ཅད་གཞོབ་དུ་ཀློག་པས་དབང་པོའི་མེ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་མཆོད་རྟེན་ལྟ་བུའོ། ། 38-312a རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་ཡོན་ཏན་གྱི་ཁྱད་པར་གཞན་དག་ཀྱང་ཚད་མེད་པ་དང་ལྡན་པ་སྟེ། རིགས་ཀྱི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་ཀྱི་སེམས་ལ་ཡོན་ཏན་དང་ལེགས་པ་ཡོད་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དཀྱིལ་འཁོར་རབ་ཏུ་འབྱུང་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །རིགས་ཀྱི་བུ་དེ་བས་ན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ལྷག་པའི་བསམ་པས་ཤིན་ཏུ་བཟུང་བས་ཡོན་ཏན་ཚད་མེད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཇིགས་པ་མེད་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་འཇིགས་པ་ལྔ་མི་འབྱུང་སྟེ། འདི་ལྟར་མེས་མི་ཚིག་གོ། དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཆོད་དོ། །ཆུས་མི་ཁྱེར་རོ། །དུ་བས་མི་འཆིའོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་ཀྱི་རྩི་འཆང་བའི་བྱང་ཆུབ་སེམས་དཔའ་ཡང་འདོད་ཆགས་ཀྱི་མེས་མི་ཚིག་གོ། ཡུལ་གྱི་དུག་གིས་མི་ཚུགས་སོ། །ཉོན་མོངས་པའི་མཚོན་གྱིས་མི་ཆོད་དོ། །སྲིད་པའི་ཆུས་མི་ཁྱེར་རོ། །ཡོངས་སུ་རྟོག་པའི་དུ་བས་མི་འཆིའོ། །རིགས་ཀྱི་བུ་འདི་ལྟ སྟེ་དཔེར་ན། རྣམ་པར་མི་གཏོང་བ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་གཞན་གྱིས་གནོད་པར་བྱ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ཀྱི་རྩི་འཆང་བ་ལའང་འཁོར་བའི་གནོད་པའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཆུ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་དྲི་ཚོར་བ་ཙམ་གྱིས་སྦྲུལ་ཐམས་ཅད་འབྱེར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་རྩི་འཆང་བའི་ཡོན་ཏན་གྱི་དྲི་ཙམ་གྱིས་ཀྱང་ཉོན་ 38-312b མོངས་པའི་སྦྲུལ་ཐམས་ཅད་འབྱེར་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཞན་གྱིས་མི་ཐུབ་པའི་རྩི་འཆང་བ་ནི་དགྲ་ཡི་དཀྱིལ་འཁོར་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཞན་གྱིས་མི་ཐུབ་པའི་རྩི་འཆང་བ་ཡང་བདུད་དང་ཕྱིར་རྒོལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུབ་པར་དཀའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྣམ་པར་སེལ་བ་ཞེས་བྱ་བའི་རྩི་ཡོད་དེ། དེ་བཅངས་ན་ཟུག་རྔུ་ཐམས་ཅད་འབྱིན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་རྣམ་པར་སེལ་བ་འཆང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཟུག་རྔུ་ཐམས་ཅད་མི་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩིའི་རྒྱལ་པོ་ཆེན་པོ་བལྟ་ན་སྡུག་པ་ཞེས་བྱ་བ་ཡོད་དེ། དེ་བཅངས་ན་ནད་ཐམས་ཅད་སེལ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་རྩིའི་རྒྱལ་པོ་ཆེན་པོ་བལྟ་ན་སྡུག་པ་འཆད་པ་ཡང་ཉོན་མོངས་པ་དང་མི་ཤེས་པའི་ནད་ཐམས་ཅད་རབ་ཏུ་སེལ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩིའི་ཤིང་ཆེན་པོ་སྦྱོར་བ་ཞེས་བྱ་བ་ཡོད་དེ། དེའི་ཤུན་པས་རྨ་ལ་རེག་མ་ཐག་ཏུ་ཐམས་ཅད་འཚོ་བར་འགྱུར་རོ། གང་ནས་བཤུས་པ་དེའི་ཤུན་ཕྲགས་ཀྱང་ཕྱིར་སྐྱེའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ལས་སྐྱེས་པའི་ཤིང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་ཡང་མཐོང་མ་ཐག་ཏུ་རིགས་ཀྱི་བུ་དད་པ་རྣམས་ཀྱི་ལས་དང་ཉོན་མོངས་པའི་རྨ་ཡོངས་སུ་འཚོ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་དེ་ལ་ཡང་འཇིག་རྟེན་ཐམས་ཅད་ཀྱིས་རྨད་བྱུང་བའམ་ཉམས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩི་ཆེན་པོའི་རྣམ་པ་རྩ་བ་མ་གྲུབ་པ་ཞེས་བྱ་བ་ཡོད་དེ། དེའི་མཐུས་འཛམ་བུའི་གླིང་གི་ཤིང་ཐམས་ཅད་ཀྱང་ཡན་ལག་ཐམས་ཅད་དུ་རྣམ་པར་འཕེལ་ལོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྩ་བ་མ་གྲུབ་པའི་རྩི་ཆེན་པོའི་མཐུས་ཀྱང་། སློབ་པ་དང་མི་སློབ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་ 38-313a དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ཆོས་ཀྱི་ཤིང་རྣམས་རྣམ་པར་འཕེལ་ལོ། །འདི་ལྟ་སྟེ་དཔེར་ན། དགའ་བ་འཐོབ་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་སུའི་ལུས་ལ་ཐོགས་པ་དེའི་ལུས་དང་སེམས་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དགའ་བ་འཐོབ་པར་བྱེད་པའི་རྩི་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་དང་སེམས་ནད་མེད་པ་ཡོངས་སུ་སྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དྲན་པ་འཐོབ་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་བཅངས་ན་སེམས་ཀྱི་དྲན་པ་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དྲན་པ་འཐོབ་པར་བྱེད་པའི་རྩི་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་དྲན་པ་རྣམ་པར་དག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། པད་མ་ཆེན་པོ་ཞེས་བྱ་བའི་རྩི་ཡོད་དེ། དེ་ཟོས་བ་ཙམ་གྱིས་ཚེའི་ཚད་བསྐལ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་པད་མོ་ཆེན་པོའི་རྩི་ཟོས་པའི་བྱང་ཆུབ་སེམས་དཔའ་ཡང་བསྐལ་པ་གྲངས་མེད་པའི་ཚེ་ལ་དབང་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མི་སྣང་བ་ཞེས་བྱ་བའི་རྩི་ཡོད་དེ། དེ་བཅངས་ན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མི་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྩི་མི་སྣང་བར་འགྱུར་བ་བཅངས་ཏེ་འདྲེས་པ་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་བདུད་ཀྱི་ཡུལ་ཐམས་ཅད་དུ་མི་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བ་ཡོད་དེ། དེ་འཇིག་རྟེན་གྱི་ཁམས་གཞན་དུ་མ་འཕོས་ན་རྒྱ་མཚོ་ཆེན་པོ་ལ་བསྐལ་པས་ཚིག་པའི་མེ་ཐམས་ཅད་ཀྱིས་ཀྱང་ཏལ་ཙམ་ཡང་བསྐམ་པར་ནུས་པའི་གནས་མེད་སྐབས་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནོར་བུ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་བསམ་པ་དང་། སེམས་ཀྱི་རྒྱུད་ལ་ཡོད་པ་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་འགའ་ཞིག་རྣམ་པར་ཆུད་ཟ་ 38-313b བར་འགྱུར་བ་དེ་ལྟ་བུའི་གནས་མེད་སྐབས་མེད་དེ། དེ་ནི་མི་སྲིད་དེ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡོངས་སུ་བཏང་བ་ཞིག་ཏུ་གྱུར་ན་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བསྐམ་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་འོད་ཐམས་ཅད་ཡོངས་སུ་འདུས་པ་ཞེས་བྱ་བ་ཡོད་དེ། དེ་མགུལ་དུ་བཏགས་ན་ནོར་བུ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱང་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འོད་ཐམས་ཅད་ཡོངས་སུ་འདུས་པའི་རིན་པོ་ཆེ་ཆེན་པོ་བསམ་པའི་རྒྱན་དུ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་པའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཆུ་འདང་ཞེས་བྱ་བ་ཡོད་དེ། དེ་ཆུར་བཅུག་ན་འདམ་དང་རྙོག་པ་ཐམས་ཅད་རབ་ཏུ་དང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཆུ་འདང་གི་ནོར་བུ་རིན་པོ་ཆེ་ཡང་ཉོན་མོངས་པའི་འདམ་དང་། རྙོག་པ་ཐམས་ཅད་རབ་ཏུ་དང་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཆུ་དང་འགྲོགས་པ་ཞེས་བྱ་བ་ཐོགས་པའི་ཉ་པ་ནི་ཆུར་མི་འཆིའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཆུ་དང་འགྲོག་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་འཁོར་བའི་རྒྱ་མཚོ་ཐམས་ཅད་དུ་མི་འཆིའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཀླུའི་ནོར་བུའི་གོ་ཆ་ཞེས་བྱ་བ་ཡོད་དེ། དེ་ལག་ན་འདུག་ན་ཉ་བ་ལ་སྩོགས་པ། ཆུ་ལས་འཚོ་བ་རྣམས་ཀླུའི་གནས་ཐམས་ཅད་དུ་འདོང་ཡང་ཀླུའི་སྦྲུལ་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཡེ་ཤེས་ཀླུའི་ནོར་བུའི་གོ་ཅ་འཆང་བའི་བྱང་ཆུབ་སེམས་དཔའ་ཡང་འདོད་པའི་གནས་ཀྱི་ཁམས་ཐམས་ཅད་དུ་འགྲོ་བ་ཡང་ཉམས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་མངོན་པར་ཆགས་པ་ཐོགས་པའི་ལྷའི་རྒྱལ་པོ་བརྒྱ་བྱིན་ནི། ལྷའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ 38-314a ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བརྒྱ་བྱིན་མངོན་པར་ཆགས་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་སྨོན་ལམ་གྱི་ཅོད་པན་མགོ་ལ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཁམས་གསུམ་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཡིད་བཞིན་གྱི་རྒྱལ་པོ་ཐོགས་པའི་མི་ནི་ཕོངས་པ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡིད་བཞིན་གྱི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོ་བྱད་དང་འཚོ་བས་བག་ཚ་བ་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཉི་མས་མཛེས་པ་ནི་ཉི་མ་ལ་བསྟན་ན་མི་འབྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཉི་མས་མཛེས་པའི་ནོར་བུ་རིན་པོ་ཆེ་ཡང་ཤེས་རབ་ཀྱི་འོད་ཟེར་གྱིས་ཕོག་ན་ཡེ་ཤེས་ཀྱི་མེ་འབྱིན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཟླ་བས་མཛེས་པ་ཞེས་བྱ་བ་ལ་ཟླ་བའི་འོད་ཀྱིས་ཕོག་ན་ཆུའི་རྒྱུན་འབྱིན་ཏོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟླ་བས་མཛེས་པའི་རིན་པོ་ཆེ་ཆེན་པོ་ཡང་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཟླ་བའི་འོད་ཀྱིས་ཕོག་ན་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྨོན་ལམ་གྱི་ཆུའི་རྒྱུན་འབྱིན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱི་གནོད་པར་བྱ་བའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་ངན་སོང་དང་ངན་འགྲོས་གནོད་པར་བྱ་བའི་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་འགྲོ་བའི་རྒྱན་དམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བས་ནམ་ཡང་བྱང་བར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འགྲོ་བ་ཐམས་ཅད་ཀྱི་རྒྱན་གྱི་དམ་པའི་ནོར་བུ་རིན་ 38-314b པོ་ཆེ་ཆེན་པོ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བས་ནམ་ཡང་བྱང་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ནི་མུན་པ་ཐམས་ཅད་ཡོངས་སུ་སེལ་ཅིང་འགྲོ་སྟེ། ཁྱིམ་གྱི་ནང་ན་གནས་ན་ཡང་རབ་ཏུ་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་ཡང་མ་རིག་པའི་མུན་པ་ཐམས་ཅད་སེལ་ཅིང་འགྲོ་བའི་རྒྱུད་ཐམས་ཅད་དུ་འགྲོ་སྟེ། འདོད་པའི་ཁམས་ན་གནས་ན་ཡང་ཡེ་ཤེས་ཀྱི་སྣང་བ་ཆེན་པོར་རབ་ཏུ་འགྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གང་ཅི་ཡང་རུང་སྟེ་ནོར་བུ་རིན་པོ་ཆེ་ཆེན་པོ་ཨིན་དྲ་ནཱི་ལའི་འོད་ཀྱིས་ཕོག་པ་དེ་དག་ཐམས་ཅད་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ཨིནྡྲ་ནཱི་ལའི་ཁ་དོག་ཏུ་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཨིན་དྲ་ནཱི་ལ་ཡང་ཆོས་གང་དང་གང་ལ་རྣམ་པར་སྤྱད་པ་དང་། ཡོངས་སུ་བཏང་བ་དང་། དགེ་བའི་རྩ་བ་གང་ཅི་ཡང་རུང་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པས་ཡོངས་སུ་བསྔོས་པ་དེ་དག་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཁ་དོག་ཏུ་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བཻཌཱུརྱ་ནི་ལོ་བརྒྱ་ཕྲག་སྟོང་དུ་མི་གཙང་བའི་ནད་ཞིག་ན་འདུག་ཀྱང་དྲི་མི་ཞིམ་པ་ཐམས་ཅད་དང་ལྷན་ཅིག་མི་གནས་ཏེ། དེའི་རང་བཞིན་འོད་གསལ་བ་ནི་དེ་བཞིན་དུ་གསལ་ཞིང་ཤིན་ཏུ་དྲི་མ་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་བཻཪཱུརྱ་ཡང་བསྐལ་པ་བརྒྱ་ཕྲག་སྟོང་ཞིག་ཏུ་འདོད་པའི་ཁམས་ཐམས་ཅད་དུ་གནས་ཀྱང་འདོད་པའི་ཁམས་ཀྱི་སྐྱོན་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འོད་གསལ་བ་ནི་དེ་བཞིན་དུ་ཤིན་ཏུ་དག་པར་གནས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་མེད་པས་རྣམ་པར་དག་པའི་འོད་ཅེས་ 38-315a བྱ་བ་ནི་རིན་པོ་ཆེའི་འབྱུང་གནས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་མེད་པས་རྣམ་པར་དག་པའི་འོད་ཀྱང་སོ་སོའི་སྐྱེ་བོ་དང་། སློབ་པ་དང་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་ཆེན་པོ་མེ་འབྱུང་བ་ཞེས་བྱ་བ་ནི་གཅིག་པུ་གནས་ཀྱང་མུན་པ་ཐམས་ཅད་རྣམ་པར་སེལ་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་མེ་འབྱུང་བ་ལྷག་མཐོང་དང་ལྡན་པ་གཅིག་པུ་ཡང་ཚུལ་བཞིན་ཡིད་ལ་བྱ་བས་མི་ཤེས་པའི་མུན་པ་ཐམས་ཅད་རྣམ་པར་སེལ་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནས་གྲུས་བླངས་པའི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཚོང་པའི་ལག་དུ་འོང་བ་ནི་གྲོང་ཁྱེར་དུ་ཕྱིན་ན་ནོར་བུ་འཆིང་བུ་བརྒྱ་ཕྲག་སྟོང་ཡང་ཁ་དོག་དང་ཪིན་ཐང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་འཁོར་བའི་རྒྱ་མཚོ་ཆེན་པོ་ན་གནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་མེད་པ་སྨོན་ལམ་གྱི་གྲུར་བཅུག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་ལྷག་པའི་བསམ་པའི་རྒྱུད་ལ་འདུག་སྟེ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་མ་ཕྱིན་ཀྱང་རྣམ་པར་གྲོལ་བའི་གྲོང་ཁྱེར་དུ་ཕྱིན་ན་ཉན་ཐོས་དང་རང་སངས་རྒྱས་ནོར་བུ་འཆིང་བུ་ལྟ་བུ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོ་ཞེས་བྱ་བ་ཡོད་དེ། དེ་ནི་འཛམ་བུའི་གླིང་ན་གནས་ཀྱང་དཔག་ཚད་སྟོང་ཕྲག་བཞི་བཅུ་ན་གནས་པའི་གཉི་ཟླའི་དཀྱིལ་འཁོར་གྱི་ཁྱིམ་གྱི་གཞལ་མེད་ཁང་གི་གཟུགས་བརྙན་གྱི་རྒྱན་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་ཡོན་ཏན་ཐམས་ཅད་ཀྱིས་ཡོངས་སུ་སྦྱངས་པའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོ་ཡང་ 38-315b འཁོར་བའི་གནས་ན་འདུག་བཞིན་དུ། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་སྤྱོད་ཡུལ་ལས་རྒྱུ་བའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་གཉི་ཟླ་དང་སངས་རྒྱས་ཀྱི་ཡུལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་གཟུགས་བརྙན་གྱི་རྒྱན་ཡོངས་སུ་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཇི་སྲིད་དུ་གཉི་ཟླའི་དཀྱིལ་འཁོར་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་། འབྲུ་དང་། རིན་པོ་ཆེའི་རྣམ་པ་དང་། གསེར་དང་དངུལ་དང་། མྱེ་ཏོག་དང་སྤོས་དང་ཕྲེང་བ་དང་། གོས་དང་ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ། དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་ཡོད་པའ་མ། ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་རྒྱ་མཚོའི་རྒྱན་ཀྱི་དམ་པ་ཞེས་བྱ་བ་ཡོད་དེ། དེ་ནི་རྒྱ་མཚོའི་རྒྱན་ཐམས་ཅད་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་རྒྱ་མཚོའི་རྒྱན་གྱི་དམ་པ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་རྒྱ་མཚོའི་རྒྱན་ཐམས་ཅད་ཡོངས་སུ་སྟོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཡིད་བཞིན་གྱི་རྒྱལ་པོ་མ་གཏོགས་པར་ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་ལས་ལྷག་པར་འཕགས་པ་གང་ཡང་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནོར་བུ་རིན་པོ་ཆེ་ཆེན་པོ་ཡིད་བཞིན་གྱི་རྒྱལ་པོ་མ་གཏོགས་པར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་ལས་ལྷག་པར་ཁྱད་པར་དུ་འཕགས་པ་གང་ཡང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཀླུའི་ཚོགས་གྲུབ་པར་གྱུར་པའི་སྦྲུལ་འདུལ་བ་ནི་ཀླུ་དང་ 38-316a སྦྲུལ་ཐམས་ཅད་ལ་དབང་བསྒྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནན་ཏན་གྱི་ཀླུའི་དཀྱིལ་འཁོར་གྲུབ་པའི་བྱང་ཆུབ་སེམས་དཔའ་སྦྲུལ་འདུལ་བ་ཡང་ཉོན་མོངས་པའི་ཀླུ་དང་། སྦྲུལ་ཐམས་ཅད་ལ་དབང་བསྒྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དཔའ་བོ་ལག་ཆ་དང་ལྡན་པ་ནི་དགྲའི་འཁོར་གྱིས་ཚུགས་པར་དཀའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལག་ཆ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཉོན་མོངས་པའི་དགྲའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུབ་པར་དཀའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ལྷ་རྫས་ཀྱི་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མ་སྲང་གཅིག་གིས་ནི་སྟོང་གི་འཇིག་རྟེན་གྱི་ཁམས་དྲི་ཞིམ་པོས་རྒྱས་པར་འགེངས་ཏེ་དེ་ཞོ་གཅིག་ཙམ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་ཡོངས་སུ་གང་བ་རིན་དུ་མི་ཆོག་གོ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལྷ་རྫས་ཀྱི་ཙན་དན་སྦྲུལ་གྱི་སྙིང་པོས་ལྷག་པའི་བསམ་པ་གཅིག་ལ་གནས་པའི་ཁམས་ཀྱང་ཆོས་ཀྱི་དབྱིངས་ཐམས་ཅད་ཡོན་ཏན་གྱི་དྲི་ཞིམ་པོར་རྒྱས་པར་འགེངས་ཏེ་སློབ་པ་དང་མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱང་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཙན་དན་རིན་པོ་ཆེ་ཆེན་པོ་ཁ་བའི་ཙན་དན་ཞེས་བྱ་བ་ནི་གདུང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། ལུས་ཐམས་ཅད་ཀྱང་རབ་ཏུ་བསལ་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁ་བའི་ཙན་དན་རིན་པོ་ཆེ་ཡང་ཉོན་མོངས་པའི་ཀུན་ཏུ་རྟོག་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་གདུང་བ་ཐམས་ཅད་ཀྱང་རབ་ཏུ་སེལ་ཏོ། །ཡེ་ཤེས་ཀྱི་ལུས་ཀྱང་རབ་ཏུ་སིམ་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཇི་སྙེད་ཅིག་ཉེ་བར་འདོད་པ་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་གང་སུ་ཡང་ 38-316b རུང་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་པ་དེ་དག་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་སུས་ཀྱང་མི་ཚུགས་པ་དང་། ཀུན་ནས་འདུ་བའི་ཤུན་ཕྲགས་ཀྱི་དྲི་ཞིམ་པོ་འབྱུང་བ་དེ་ལྟ་བུ་ནི་འཛམ་བུ་གླིང་གི་མེ་ཏོག་པར་ཤི་ཀ་དང་། མེ་ཏོག་ཛ་ཏི་དང་། མེ་ཏོག་སུ་མ་ན་ལ་སྩོགས་པ་མེ་ཏོག་གི་རྣམ་པ་ཐམས་ཅད་ལ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ས་བོན་ལས་བྱུང་བའི་སྨོན་ལམ་གྱི་ཤིང་གི་ཡོན་ཏན་དང་ཡེ་ཤེས་ཀྱི་ཤུན་ཕྲགས་ཀྱི་དྲི་ཞིམ་པོའི་ངད་འབྱུང་བ་འདི་ལྟ་བུ་ནི་དགེ་བའི་རྩ་བ་དམའ་བ་དང་ལྡན་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་མེ་ཏོག་པར་ཤི་ཀ་དང་། མེ་ཏོག་ཛ་ཏི་དང་། མེ་ཏོག་སུ་མ་ནའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མེད་པ་དང་ལྡན་པ་ཐམས་ཅད་ལ་ཡང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་སུས་ཀྱང་མི་ཐུབ་པ་དང་། ཀུན་ནས་འདུ་བ་ཁ་འབུས་པར་གྱུར་ན། མེ་ཏོག་སྟོང་ཕྲག་མང་པོའི་འབྱུང་གནས་སུ་གྱུར་པར་ཤེས་པར་བྱའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཤིང་ཀུན་ནས་འདུ་བ་དགེ་བའི་རྩ་བས་ཁ་འབྲུས་པར་གྱུར་ན། །ལྷ་དང་མྱི་གྲངས་མྱེད་པའི་བྱང་ཆུབ་ཀྱི་མེ་ཏོག་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་སྐྱེ་གནས་སུ་འགྱུར་བར་ཤེས་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་ཀུན་ནས་འདུ་བའི་མེ་ཏོག་གིས་ཉི་མ་གཅིག་ཏུ་བསྒོས་བའི་གོས་སམ། ཏིལ་མར་ལས་དྲི་ཞིམ་པོའི་ངད་འབྱུང་བ་དེ་ལྟ་བུ་ཡང་མེ་ཏོག་ཙམ་པ་ཀ་དང་། མེ་ཏོག་སུ་མ་ནས་ཉི་མ་བརྒྱ་ཕྲག་སྟོང་དུ་བསྒོས་པའི་གོས་སམ་ཏིལ་མར་ལས་ཀྱང་མི་འབྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་རྒྱུད་ཚེ་ 38-317a གཅིག་ཏུ་ཡོངས་སུ་བསྒོམས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ཡེ་ཤེས་ཀྱི་དྲི་ཞིམ་པོའི་ངད་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞབས་ཀྱི་དྲུང་དུ་ལྡང་བ་དེ་ལྟ་བུ་ནི་བསྐལ་པ་བརྒྱ་ཕྲག་སྟོང་དུ་བསྒོམས་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ལས་ཀྱང་ཟག་པ་མེད་པའི་དགེ་བའི་རྩ་བ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་དྲི་ཞིམ་པོ་མི་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་གི་རིགས་ནི་ལི་ཀི་རི་ཞེས་བྱ་བ་རྒྱ་མཚོ་གནོད་པ་དང་བྲལ་བ་ནས་སྐྱེ་བ་ཡོད་དེ། དེའི་རྩ་བ་ཡན་ཆད་མེ་ཏོག་གི་བར་དུ་ཡང་དུས་ཐམས་ཅད་དུ་ནམ་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་མི་འགྱུར་བ་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་རྩ་བས་ཡང་དག་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡང་ཐོག་མ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་བ་ཕྱིན་ཆད་དམ་པའི་ཆོས་གནས་པའི་མཐར་ཐུག་གི་བར་དུ་ནམ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཉེ་བར་འཚོ་བར་མི་འགྱུར་བ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བ་འམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ། ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མེ་ནི་ཇི་ཙམ་དུ་ཆུང་དུ་ཟིན་ཀྱང་རྐྱེན་ཇི་ཙམ་དང་ཕྲད་པ་དེ་ཙམ་གྱི་མེ་ 38-317b ལྕེ་ཡོངས་སུ་བསྐྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མྱེ་ཅི་ཙམ་དུ་ཆུང་དུ་ཟིན་ཀྱང་དམྱིགས་པ་རྒྱ་ཆེན་པོའི་ཚོགས་ཀྱི་རྐྱེན་ཇི་ཙམ་དང་ཕྲད་པ་དེ་ཙམ་དུ་ཡེ་ཤེས་ཀྱི་འོད་འཕྲོ་བ་རབ་ཏུ་དགྱེ་བས་རྣམ་པར་འཕེལ་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མྱེ་མར་གཅིག་ལས་མྱེ་མར་བྱེ་བ་བརྒྱ་ཕྲག་སྟོང་ཞིག་བུས་ཀྱང་མེ་མར་དེ་ནི་མྱེ་མར་དེ་སྙེད་བྱུང་བས་མི་ཟད་དེ་མཐར་ཐུག་པ་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་གཅིག་ལས་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་ཐུགས་བསྐྱེད་པའི་མེ་མར་མང་པོ་འབར་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་གཅིག་པོ་དེ་ནི་དེ་སྙེད་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་འབྱུང་བས་མི་ཟད་དེ་མཐར་ཐུག་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མེ་མར་གཅིག་ཅིག་ཁྱིམ་འམ། ཁང་བུ་ཇི་ལྟ་བུར་བཅུག་ཀྱང་རུང་སྟེ། བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་བསགས་པའི་མུན་པ་ཡང་རྣམ་པར་སེལ་ཅིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་གཅིག་ཀྱང་སེམས་ཅན་གྱི་བསམ་པའི་ཁྱིམ་ཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཇི་ལྟ་བུ་ཡང་རུང་སྟེ། དེའི་རྒྱུད་དུ་ཕྱིན་ན་དེ་ཕྱིན་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་བརྗོད་དུ་མེད་པར་བསྩགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། མུན་པ་ཐམས་ཅད་རྣམ་པར་སེལ་ཅིང་ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་བསྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མེ་མར་ནི་སྙིང་པོ་ཇི་ཙམ་པ་དེའི་རྐྱེན་ཙམ་དུ་སྣང་བར་བྱེད་དེ། མར་གྱི་ཚོགས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་འབར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མེ་མར་ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྙིང་པོའི་ཁྱད་པར་ཅི་འདྲ་བ་དེ་ལྟ་བུར་ཆོས་ཀྱི་དབྱིངས་ཡོངས་སུ་སྣང་བར་བྱེད་དེ། སྙིང་རྗེ་ཆེན་པོས་སྤྱོད་པའི་མར་ 38-318a གྱི་ཚོགས་ཅི་སྲིད་དུ་གནས་པ་དེ་སྲིད་དུ་སེམས་ཅན་གདུལ་བ་དང་། ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་སྐུ་དོན་བསྒྲུབ་པ་ལ་ཡོངས་སུ་འབར་བར་གནས་སོ།། །།ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་རྨད་གཅད་ཅེས་བྱ་བ། བམ་པོ་ཉི་ཤུ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་མགོ་ལ་ཐོགས་པ་ནི་འདོད་པ་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ཀྱིས་མི་འཕྲོགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལྷ་རྫས་ཀྱི་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ནན་ཏན་དང་ཡོན་ཏན་ལ་རབ་ཏུ་གནས་པ་བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པ་རྣམས་ཀྱི་སྨན་ལམ་ཆེན་པོའི་མགོ་ལ་ཐོགས་པ་ནི་བྱིས་པ་ཐ་དད་པའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པ་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རི་དགས་ཀྱི་རྒྱལ་པོ་སེང་གེའི་ང་རོས་ནི་སེང་གེའི་ཕྲུ་གུ་སྐྱེས་ནས། རིང་པོར་མ་ལོན་པའང་ཉམས་སུ་བདེ་ཞིང་རྟའི་རི་དགས་ཐམས་ཅད་ནི་ཀུན་ཏུ་འབྱེར་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེས་བུའི་སེང་གེ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ང་རོ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བརྗོད་པ་ཕྱུང་བས་ནི་ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་སེང་གེའི་ཕྲུ་གུ་རྣམས་སངས་རྒྱས་ཀྱི་ཉམས་སུ་བདེ་ཞིང་རྟའི་དམྱིགས་པ་ལ་གནས་པའི་སེམས་ཅན་ཐམས་ཅད་ནི་ཀུན་ཏུ་འབྱར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སེང་གེའི་རྒྱུས་པ་ལས་རྒྱུད་དུ་བྱས་པའི་པི་བང་གི་སྒྲས་ནི་པི་བང་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་ཆད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་སེང་གེ་ཕ་རོལ་ཏུ་ཕྱིན་པའི་སྐུ་མངའ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུས་པའི་ཡོན་ཏན་བརྗོད་པའི་སྒྲས་འདོད་པའི་རྒྱུད་ཀྱི་དགའ་བའི་པི་བང་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་ཆད་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་དང་། ཡོན་ཏན་གྱི་གཏམ་ཐམས་ཅད་ 38-318b ཀྱང་ཡོངས་སུ་འགགས་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་བ་དང་། མ་ཧེ་དང་། རའི་འོ་མས་ཡོངས་སུ་གང་བའི་ནང་དུ་སེང་གེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་དེ་དག་ཐམས་ཅད་འགྱེས་པར་འགྱུར་ཏེ་འདུར་མི་གཏུབ་བོ། །དེ་བཞིན་དུ་བསྐལ་པ་བརྒྱ་ཕྲག་སྟོང་དུ་བསྩགས་པའི་ཉོན་མོངས་པ་ཀུན་གྱི་འོ་མའི་རྒྱ་མཚོར་ཡང་དེ་བཞིན་གཤེགས་པ་སྐྱེས་བུའི་སེང་གེ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་འོ་མ་ཐིགས་པ་གཅིག་བླུགས་པས་ཐམས་ཅད་མ་ལུས་པར་ཟད་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་རྣམས་ཀྱང་མི་གནས་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བྱ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ནས་མ་བྱུང་བ་ལ་ང་རོའི་མཐུའི་ཁྱད་པར་ཡོད་པ་དེ་ལྟ་བུ་ནི། གངས་ཀྱི་རི་ལ་གནས་པའི་བྱའི་ཚོགས་མཐུ་དང་ཤུགས་ཐམས་ཅད་ཡོངས་སུ་རྫོགས་པ་ཐམས་ཅད་ལ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཀ་ལ་པིང་ཀའི་ཕྲུ་གུ་ལས་དང་པོ་བ་འཁོར་བའི་སྒོ་ངའི་སྦུབས་ན་འདུག་པ་ལ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱི་ང་རོ་མཐུའི་ཁྱད་པར་ཡོད་པ་དེ་ལྟ་བུ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལྡིང་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པ་ལ་གཤོག་པའི་རླུང་གི་སྟོབས་དང་མཐུ་བདོག་པ་དང་། མྱིག་ཡོངས་སུ་དག་པའི་ཡོན་ཏན་ཡོད་པ་དེ་ལྟ་བུ་ནི་དེ་མ་ཡིན་པའི་བྱ་ལུས་ཚད་དུ་ཕྱིན་པ་གཞན་ཐམས་ཅད་ལ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་ཆེན་པོའི་རིགས་དང་རྒྱུད་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྡིང་ཆེན་པོའི་ཕྲུ་གུ་སེམས་དང་པོ་བསྐྱེད་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་རླུང་གི་སྟོབས་དང་ཤུགས་བདོག་པ་དང་། སྙིང་རྗེ་ཆེན་པོ་དང་ལྷག་པའི་བསམ་པའི་མྱིག་ཡོངས་སུ་དག་པའི་ཡོན་ཏན་ཡོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་བསྐལ་ 38-319a བ་བརྒྱ་སྟོང་ཚང་བས་བྱུང་བ་ཐམས་ཅད་ལ་མྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཆེན་པོའི་ལག་ནས་སྤྱད་པའི་མདེའུ་ཐུང་གིས་ནི་གོ་ཅ་ཇི་ཙམ་དུ་སྲ་ཡང་རྟོལ་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྟན་པོ་དང་ལྡན་པའི་ལག་ནས་སྤྱད་པའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མདེའུ་ཐུང་གིས་ཀྱང་ལྟ་བ་དང་བག་ལ་ཉལ་བའི་གོ་ཅ་ཐམས་ཅད་མི་རྟོལ་བ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཐུ་བོ་ཆེ་ཆེན་པོ་ཁྲོས་ཏེ་རྔམ་པའི་འཕྲལ་བ་ལ་ཐོར་བུ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱིས་ཀྱང་མི་ཐུབ་བོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ་ཆེན་པོ་སྙིང་རྗེ་ཆེན་པོས་རྔམ་པའི་ལྷག་པའི་བསམ་པའི་གདོང་ལ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཐོར་བུ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་བདུད་ཐམས་ཅད་དང་བདུད་ཀྱི་ལས་ཐམས་ཅད་ཀྱིས་ཀྱང་མི་ཐུབ་བོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་གྱི་མཆན་བུ་མ་བྱང་བ་འཕོང་གི་ཐབས་ལ་མ་གོམས་པ་ལ་འཕོང་གི་གནས་དང་ཐབས་ཀྱི་མཐུ་དང་ཁྱད་པར་བདོག་པ་དེ་ལྟ་བུ་ནི་ཐམས་ཅད་ལ་བྱང་ཡང་འཕོང་མི་ཤེས་པ་རྣམས་ལ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཅང་ཤེས་ལས་དང་པོ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལམ་གོམས་པ་ལ་སྨོན་ལམ་གྱི་ཡེ་ཤེས་དང་། མོས་པས་སྤྱོད་པའི་མཐུའི་ཁྱད་པར་ཅི་བདོག་པ་དེ་ལྟ་བུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་ཐམས་ཅད་དང་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཕོང་སློབ་པའི་འཕོང་གི་རྒྱུས་ཐམས་ཅད་ལ་ནི་དང་པོར་རྐང་པའི་སྟངས་ལ་གོམ་པར་བྱ་བ་སྔོན་དུ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་སློབ་པས་སངས་རྒྱས་ཀྱི་ 38-319b ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ཡང་དང་པོར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་པ་སྔོན་དུ་འགྲོའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་སྒྱུ་མའི་རྣམ་པ་དང་ཡུལ་ཐམས་ཅད་ཡོངས་སུ་སྟོན་པའི་བྱ་བ་ཐམས་ཅད་ནི་དང་པོར་སྔགས་ཀྱི་དངོས་གྲུབ་མངོན་པར་བསྒྲུབ་པ་ཡིད་ལ་བྱས་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡུལ་དང་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡུལ་ཐམས་ཅད་ལ་ཡང་དང་པོ་སེམས་བསྐྱེད་པའི་སྨོན་ལམ་མངོན་པར་བསྒྲུབ་པ་ནི་ཡོངས་སུ་གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྔགས་དང་རིག་སྔགས་ཐམས་ཅད་ནི་གཟུགས་མེད་པ་ལ་བསྟན་དུ་མྱེད་པ་ཡིན་ཡང་སེམས་བསྐྱེད་པས་སྒྱུ་མའི་སྤྲུལ་པ་དང་གཟུགས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡང་གཟུགས་མེད་པ་ལ་བསྟེན་དུ་མེད་དེ། ཆོས་ཀྱི་དབྱིངས་ཐམས་ཅད་སེམས་བསྐྱེད་པ་ལ་དབང་བསྒྱུར་བ་ཙམ་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ཡོན་ཏན་གྱི་རྒྱན་རྣམ་པར་ཕྱེ་བ་ཐམས་ཅད་ཀྱིས་རྣམ་པར་སྒྲུབ་བོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བྱི་ལའི་མིག་གིས་བལྟས་པ་ཙམ་གྱིས་བྱི་བ་ཐམས་ཅད་ཀུན་ཏུ་འབྱེར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལྷག་པའི་བསམ་པའི་སྦྱོར་བ་ཙམ་གྱིས་ལས་དང་ཉོན་མོངས་པ་ཐམས་ཅད་འབྱེར་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་བཏགས་ན་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱན་ཐོགས་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །ཟིལ་དུ་རླག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་བ་ཁབ་ལོང་གི་རྒྱལ་པོའི་ 38-320a ཁམས་ཇི་ཙམ་དུ་ཆུང་ཡང་ལྕགས་སྒྲོག་སྲ་བ་ཐམས་ཅད་ཞིག་པར་བྱེད་དོ། །དེ་བཞིན་དུ་སེམས་ཐག་པ་ནས་བསྐྱེད་པའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁམས་ཇི་ཙམ་དུ་ཆུང་ཡང་ལྟ་བའི་རྣམ་པ་དང་། མ་རིག་པ་དང་སྲེད་པའི་སྒྲོག་ཐམས་ཅད་ཞིག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་བ་ཁབ་ལོང་གི་ཁམས་ནི་གང་དང་གང་དུ་བཞག་པ་དེ་དང་དེར་ལྕགས་ཕལ་པ་ཐམས་ཅད་འགྱེས་ཤིང་མི་གནས་ལ་མི་འདུའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁམས་ཀྱང་ལས་དང་ཉོན་མོངས་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་གང་དང་གང་དུ་བྱུང་བ་དེ་དང་དེ་དག་གི་ལས་དང་ཉོན་མོངས་པ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཐམས་ཅད་ཀྱང་འབྱེར་ཞིང་མི་འཁོད་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཆུ་སྲིན་གྱི་ཚིལ་གྱི་ཟེགས་མ་གཅིག་ཟོས་པའི་ཉ་བ་ནི་ཆུའི་སྲོག་ཆགས་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བ་ཡིན་ཏེ། ཆུ་སྲིན་གྱིས་སོས་བཏབ་ཀྱང་ལུས་ལ་མི་ཚུགས་སོ། །དེ་བཞིན་དུ་ལྷག་པའི་བསམ་པས་བྱང་ཆུབ་ཀྱི་སེམས་ཀྱི་ཆ་གཅིག་ཟོས་པའི་བྱང་ཆུབ་སེམས་དཔའ་ཡང་འཁོར་བའི་ལས་དང་ཉོན་མོངས་པའི་འཇིགས་པ་དང་བྲལ་བ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཁོང་དུ་ཆུད་པར་བྱ་བའི་ནང་ན་འདུག་ཀྱང་ཡང་དག་པའི་མཐའ་མངོན་དུ་བྱ་བའི་ལམ་གོལ་བར་ལྟུང་བས་གནོད་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བདུད་རྩིའི་ཆུ་འཐུངས་པའི་སྐྱེས་བུ་ནི་གཞན་གྱི་གནོད་པར་བྱ་བ་ཐམས་ཅད་ཀྱིས་མི་འཆིའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་བདུད་རྩིའི་ཆུ་འཐུངས་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སར་མི་འཆིའོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྨོན་ལམ་ལས་ཀྱང་རྒྱུན་འཆད་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། 38-320b བསྐུ་བ་གྲུབ་པའི་སྐྱེས་བུ་ནི་མིའི་གནས་ཐམས་ཅད་ན་རྣམ་པར་སྤྱོད་ཀྱང་མྱི་ཀུན་གྱིས་མི་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཤེས་རབ་དང་སྨོན་ལམ་གྱིས་ཉེ་བར་བསྟན་པ་བདུད་ཀྱི་ཡུལ་ཐམས་ཅད་རྣམ་པར་སྤྱོད་ཀྱང་བདུད་ཐམས་ཅད་ཀྱིས་མི་མཐོང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་ཆེན་པོ་ལ་རྟེན་པའི་སྐྱེས་བ་ནི་སྐྱེ་བོ་མ་རབས་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལ་རྟེན་པ་ཡང་སྒྲིབ་པ་དང་བར་ཆད་དང་ངན་སོང་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ས་ཕུག་གི་ཁྱིམ་ན་གནས་ན་སའི་གསེ་བ་ཐམས་ཅད་རླན་གྱིས་ཡོངས་སུ་གང་བས་མེའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱུད་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བས་མངོན་པར་བརླན་པ་ལའང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་མྱེས་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དཔའ་བོ་ལ་རྟེན་པའི་མྱི་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དཔའ་བོ་ལ་རྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ལྷའི་དབང་པོ་བརྒྱ་བྱིན་རྡོ་རྗེའི་ལག་ཅ་ཐོགས་པ་ནི་ལྷ་མ་ཡིན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་བརྟན་པའི་ལྷག་པའི་བསམ་པ་རྡོ་རྗེའི་ལག་ཅ་ཐོགས་པ་ཡང་བདུད་དང་ཕས་ཀྱི་རྒོལ་བའི་ལྷ་མ་ཡིན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམ་མོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩི་རོའི་བཅུད་འཐུངས་པའི་སྐྱེས་བུ་ནི་ཚེ་ཤིན་ཏུ་རིང་བར་གནས་སོ། །ཉམ་ཆུང་བར་མི་འགྱུར་རོ། །རྒ་བར་མི་ 38-321a འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་བཅུད་ཀྱི་ཚོགས་འཐུངས་པ་ཡང་བསྐལ་པ་གྲངས་མེད་པར་འཁོར་བ་ན་འཁོར་ཡང་ཡོངས་སུ་སྐྱོ་བ་མེད་ལ་འཁོར་བའི་སྐྱོན་གྱིས་མི་གོས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྨན་གྱི་རོ་སྦྱར་རོ་ཅོག་ཐམས་ཅད་དུ་ཆུ་ནི་སྔོན་དུ་འགྲོ་བ་སྟེ། གང་ལའང་སྐྱོན་དུ་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་གྱི་ཚོགས་སྦྱར་བ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནི་སྔོན་དུ་འགྲོ་བ་སྟེ། གང་ལ་ཡང་སྐྱོན་དུ་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མིའི་དོན་དུ་བྱ་བ་ཐམས་ཅད་ལ་ནི་སྲོག་གི་དབང་པོ་སྔོན་དུ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བླང་བ་ལའང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྲོག་གི་དབང་པོ་དང་བྲལ་བ་ནི་ལས་ཐམས་ཅད་ལ་མཐུ་མེད་པས་ཕ་མ་དང་གཉེན་བཤེས་ཀྱི་ཚོགས་ཀྱིས་ཀྱང་ཉེ་བར་འཚོ་བར་བྱར་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དང་བྲལ་བ་ཡང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བ་ལ་མཐུ་མེད་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་གྱིས་ཉེ་བར་འཚོ་བར་བྱར་མྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་དུག་ཐམས་ཅད་ཀྱིས་གདུག་པར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྒྱ་མཚོ་ཆེན་པོ་ཡང་ལས་དང་ཉོན་མོངས་པ་དང་། ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་པའི་དུག་ཐམས་ཅད་ཀྱིས་གདུག་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་ནི་སྐར་མ་ཐམས་ཅད་ཀྱི་འོད་ཀྱིས་ཐུབ་པར་མི་ནུས་སོ། ། 38-321b དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐར་མ་ཐམས་ཅད་ཀྱི་ཡོན་ཏན་ཟག་པ་མེད་པའི་འོད་ཀྱིས་མི་ཐུབ་བོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་སྐྱེས་ནས་ཡུན་རིང་དུ་མ་ལོན་པ་ཡང་བློའི་མཆོག་ཏུ་བྱ་བ་ནས་རྒན་པ་ཐམས་ཅད་རིགས་སུ་རིགས་དང་ལྡན་པར་སྐྱེས་པ་དང་། དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ལས་དང་པོ་བ་ཡང་ཡུན་རིང་པོ་ནས་ཚངས་པར་སྤྱོད་སྤྱོད་པའི་ཉན་ཐོས་ནས་རྒན་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་རྗེ་ཆེན་པོའི་དབང་གི་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བློན་པོ་ཇི་ཙམ་དུ་ནས་རྒན་པས་ཀྱང་རྒྱལ་བུ་གཞོན་ནིུ་ཇི་ཙམ་དུ་ཆུང་བ་ལ་ཡང་ཕྱག་བྱ་དགོས་སོ། །རྒྱལ་པོའི་བུས་ཀྱང་བློན་པོ་རྒན་པོ་ལ་རིམ་གྲོར་མི་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཇི་ཙམ་དུ་རྒན་ལ་ཇི་ཙམ་དུ་ཚངས་པའི་སྤྱོད་པ་རིང་དུ་སྤྱོད་སྤྱོད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ལ་གདུད་པར་བྱའོ། །བྱང་ཆུབ་སེམས་དཔས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་རིམ་གྲོ་མེད་པར་བྱ་བ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་ཐམས་ཅད་ཀྱིས་མི་དགོས་པར་བྱ་བ་ཞིག་ནའང་རྒྱལ་པོའི་མཚན་དང་ལྡན་ན་རིགས་ཀྱི་བཙུན་པས་རྒྱལ་པོའི་བློན་པོ་དམ་པར་བྱ་བ་ཐམས་ཅད་དང་ཡང་མི་མཉམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ལས་དང་ཉོན་མོངས་པའི་ཉེ་བར་ལེན་པ་ཐམས་ཅད་ཀྱིས་ནོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མཚན་དང་ལྡན་ན། སངས་རྒྱས་ཀྱི་རིགས་ཀྱིས་བཙུན་ཞིང་ཆེ་བས་ཉན་ཐོས་དང་རང་སངས་རྒྱས་མཆོག་ཏུ་ཕྱིན་པ་ཐམས་ཅད་དང་ཡང་མི་མཉམ་མོ། ། 38-322a རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཡོངས་སུ་དག་པ་ནི་མིག་ལ་རབ་རིབ་ཀྱི་སྐྱོན་ཡོད་ན་ཡོངས་སུ་མ་དག་པར་སྣང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རིན་པོ་ཆེ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་སེམས་ཅན་དད་པའི་མིག་མི་ཤེས་པའི་རབ་རིབ་ཀྱི་སྐྱོན་དང་ལྡན་པ་རྣམས་ལ་ཡོངས་སུ་མ་དག་པར་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྩིའི་གཟུངས་སྔགས་དང་རྩི་ཐམས་ཅད་བསྡུས་ཏེ་བྱས་པ་ནི། རེག་གམ་མཐོང་ངམ། འགྲོགས་ན་ཡང་སེམས་ཅན་གྱི་ནད་རབ་ཏུ་ཞི་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་ལུས་དགེ་བའི་རྩ་བའི་ཚོགས་དང་ཤེས་རབ་དང་ཐབས་ཀྱི་སྔགས་དང་རྩི་ཐམས་ཅད་ལས་བསྒྲུབས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ནི་ཐོས་སམ་མཐོང་ངམ། འགྲོགས་སམ་རྗེས་སུ་དྲན་པའི་ཚུལ་གྱིས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གོས་དང་བའི་མཚན་ཉིད་ཅན་ནི་འདམ་གྱི་ཉེས་པ་ཐམས་ཅད་ཀྱིས་མི་གོས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་གོས་དང་པའི་མཚན་ཉིད་ཅན་ནི་འཁོར་བའི་ཉོན་མོངས་པའི་འདམ་གྱི་སྐྱོན་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་གི་གཟུགས་མགོ་གཟེར་གྱིས་བཏབ་པ་ནི་ཡོངས་སུ་འགྱེས་པར་མི་འགྱུར་ཏེ། བྱ་བ་ཐམས་ཅད་ཀྱང་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་པའི་ཡེ་ཤེས་ཀྱི་ལུས་ཀྱི་སྤྱི་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་གྱི་གཟེར་གྱིས་བཏབ་པ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ལ་མཐུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་གྱི་ཡེ་ཤེས་ལས་ལུས་སུ་གྲུབ་པ་ཡིན་པས་ཡོངས་སུ་འགྱེས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གཟེར་དང་མི་ལྡན་པའི་འཁྲུལ་འཁོར་ནི་ཤིང་གི་ཡན་ལག་དེ་ཉིད་ཡིན་ཡང་དགོས་པ་བྱ་བའི་མཐུ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ 38-322b སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ལྷག་པའི་བསམ་པ་དང་མི་ལྡན་ན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་དེ་ཉིད་ཡིན་ཡང་སངས་རྒྱས་ཀྱི་ཆོས་བསྒྲུབ་པ་ལ་མཐུ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རིན་པོ་ཆེའི་ཨ་ག་རུ་ནག་པོ་གླང་པོའི་སྙིང་པོ་ཞེས་བྱ་བ་ཡོད་པ་དེས་བདུགས་མ་ཐག་ཏུ་རྒྱལ་པོའི་འཁོར་ལོས་སྒྱུར་བའི་ཡན་ལག་བཞིའི་དཔུང་གི་ཚོགས་ཐམས་ཅད་ཀྱང་ནམ་མཁའ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཨ་ག་རུས་བདུགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཁམས་གསུམ་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ནམ་མཁའི་སྤྱོད་ཡུལ་འདུས་མ་བྱས་པ་ཐམས་ཅད་ཀྱི་མཐར་ཐུག་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་རིན་པོ་ཆེ་མ་རབས་ཀྱི་འབྱུང་ཁུང་ནས་མི་འབྱུང་གི་རྡོ་རྗེའི་འབྱུང་ཁུང་ངམ། གསེར་གྱི་འབྱུང་ཁུངས་ནས་འབྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུའང་སེམས་ཅན་གྱི་བསམ་པའི་དགེ་བའི་རྩ་བ་མ་རབས་ཀྱི་རིན་པོ་ཆེའི་འབྱུང་གནས་ནས་མི་སྐྱེ་སྟེ། གཞན་དུ་ན་སེམས་ཅན་ཡོངས་སུ་སྐྱོབ་པའི་སྙིང་རྗེ་ཆེན་པོའི་རྡོ་རྗེའི་འབྱུང་ཁུང་ངམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྷག་པར་དམིགས་པའི་གསེར་གྱི་འབྱུང་ཁུངས་ཆེན་པོ་ནས་འབྱུང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་གི་རིགས་རྩ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེའི་རྩ་བ་མཐར་ཐུག་པ་མི་དམིགས་མོད་ཀྱི་ཤིང་རྣམས་ལ་ཡལ་ག་དང་ལོ་མ་དང་འདབ་མ་དང་མེ་ཏོག་ཤིན་ཏུ་རྒྱས་པ་དྲ་བ་ལྟ་བུར་གྱུར་པ་ཡང་སྣང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དགེ་བའི་རྩ་བའི་མཐར་ཐུག་པའང་མི་དམིགས་མོད་ཀྱི་འཇིག་རྟེན་གྱི་སྐྱེ་གནས་ཐམས་ཅད་དུ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་དང་ 38-323a མངོན་པར་ཤེས་པའི་མེ་ཏོག་ཤིན་ཏུ་རྒྱས་པ་སྨོན་ལམ་ཆེན་པོའི་དྲ་བར་གྱུར་པ་ཡང་ཡོངས་སུ་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་སྣོད་ངན་པའི་གཞི་ལ་འདུག་ན་མཛེས་པར་མི་སྣང་ངོ་། །སྣོད་མ་རྡོལ་བ་མ་གཏོགས་པར་སྣོད་རྡོལ་བ་དང་། བུ་ག་ཅན་གྱིས་གཟུང་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་ཆེན་པོ་ཡང་སེམས་ཅན་མོས་པ་ཞེན་པའི་སྣོད་དང་། སེར་སྣ་ཅན་ནམ་ཚུལ་ཁྲིམས་ངན་པ་ཅན་ནམ་གནོད་སེམས་ཅན་ནམ། ལེ་ལོ་ཅན་ནམ། དྲན་པ་འཁྲུག་པའམ། ཤེས་རབ་འཆལ་བ་ཅན་རྣམས་ལ་མི་མཛེས་ཏེ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རིན་པོ་ཆེའི་སྣོད་མ་གཏོགས་པར་སེམས་ཅན་ལྷག་པའི་བསམ་པ་ལོག་པ་ལ་ཞུགས་པ་བློ་མི་བརྟན་པའི་སྣོད་ཀྱིས་ཀྱང་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་རིན་པོ་ཆེ་ཐམས་ཅད་འབུགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ཡང་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཕུགས་པར་ཁོང་དུ་ཆུད་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་བྲག་ཐམས་ཅད་ཤིགས་པར་འཇོམ་མོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ཡང་། ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བྲག་ཤིགས་པར་འཇོམ་མོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཕོངས་པ་ཐམས་ཅད་རྣམ་པར་སེལ་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ནན་ཏན་མེད་པས་ཆག་པར་གྱུར་ཀྱང་། འཁོར་བའི་ 38-323b ཕོངས་པ་ཐམས་ཅད་རྣམ་པར་སེལ་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེའི་ཁམས་ནི་ཇི་ཙམ་ཞིག་ཏུ་ཆུང་ཡང་ནོར་བུ་དང་རྡོ་ཐམས་ཅད་གཅོག་པའི་མཚན་ཉིད་དོ། །དེ་བཞིན་དུ་དམིགས་པ་ཇི་ཙམ་དུ་ཆུང་བ་ལ་ཞུགས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེའི་ཁམས་ནི་མི་ཤེས་པ་ཐམས་ཅད་འཇིག་པར་བྱེད་པའི་མཚན་ཉིད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་སྐྱེ་བོ་མ་རབས་ཀྱི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ཡང་མ་རབས་ཀྱི་བསམ་པ་དང་ལྡན་པ། དགེ་བའི་རྩ་བ་ངན་ངོན་ཅན་གྱི་ལྷ་དང་མིའི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་ཡོངས་སུ་བརྟག་པ་ལ་མི་མཁས་པའི་སྐྱེས་བུ་ནི་རྡོ་རྗེ་རིན་པོ་ཆེའི་ཡོན་ཏན་མི་ཤེས་པས་དེའི་ཡོན་ཏན་ཉམས་སུ་མྱོང་བར་མི་འགྱུར་རོ། །དེ་བཞིན་དུ་ཤེས་རབ་འཆལ་པའི་ངང་ཚུལ་དང་ལྡན་པའི་སྐྱེས་བུ་གང་ཟག་ཀྱང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་ཡོན་ཏན་ལ་མི་མཁས་པས་ཀྱང་དེའི་ཡོན་ཏན་གྱི་ཁྱད་པར་ཉམས་སུ་མྱོང་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་ཞུ་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་ཡང་ཞུ་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེའི་ལག་ཅ་ཆེན་པོ་ནི་གཞན་དུ་ན་མཐུ་བོ་ཆེ་ཆེན་པོའི་སྟོབས་ལྟར་ཁྱད་པར་དུ་འཕགས་པའི་མཐུ་སྟོབས་ཀྱི་ཤུགས་དྲག་པོ་མ་གཏོགས་པར་སྟོབས་པོ་ཆེ་ཆེན་པོས་ཀྱང་གཟུང་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེའི་ལག་ཅ་ཆེན་པོ་ཡང་གཞན་དུ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུའི་སྟོབས་ཀྱིས་བརྟན་པ་དགེ་བའི་རྩ་བ་ཚད་མེད་པའི་མཐུ་བོ་ཆེ་ཆེན་པོའི་སྟོབས་ལྟར་ཁྱད་པར་དུ་འཕགས་པ་སྟོབས་ཀྱི་ཤུགས་ཆེན་པོ་རབ་ཏུ་ཐོབ་པ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་སྟོབས་པོ་ཆེ་ཐམས་ 38-324a ཅད་ཀྱིས་ཀྱང་ཡོངས་སུ་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མཚོན་ཆ་ཐམས་ཅད་ཀྱིས་མི་ཚུགས་པ་གང་དུ་ཡང་རྡོ་རྗེས་མི་ཚུགས་པ་མེད་དེ་ཁ་མི་འབབ་བོ། །དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའམ། དུས་གསུམ་གྱི་བསྐལ་པར་སྤྱད་པའི་སྡུག་བསྔལ་དང་འགྲོགས་པར་བྱ་བ་གང་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཚོན་ཆས་རྡུགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེའི་མཚོན་ཆ་ཆེན་པོ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྐྱོ་བའི་ཡིད་མེད་པས་ནི་མི་བཟོད་པ་མེད་དེ། ཁ་མི་འབབ་བོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་གཞན་དུ་ན་རྡོ་རྗེ་ཉིད་ལས་གྱུར་པའི་གཞི་མ་གཏོགས་པར་སའི་ཕྱོགས་གང་གིས་ཀྱང་གཟུང་བར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་འབྱུང་བའི་སྨོན་ལམ་གྱི་ཚོགས་རྡོ་རྗེ་ནི་གཞན་དུ་ན་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་བརྟན་པའི་ས་གཞི་མ་གཏོགས་པར། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་སྣོད་རྡོ་རྗེའི་གཞི་སྲ་ཞིང་གསེབ་མེད་པས་ཆུ་གསང་དུ་འཛག་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གསེབ་མེད་པ་ཡོངས་སུ་བསྔོས་པའི་གཞི་ཅན་ལ་གནས་པ་ཡང་སྲིད་པར་སྐྱེ་བ་ཐམས་ཅད་ཀྱིས་ཟད་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེའི་གཞི་ལ་བརྟེན་པའི་ས་ཆེན་པོ་ནི་འཇིག་པར་མི་འགྱུར་རོ། །དམའ་བར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་སྲ་བའི་གཞི་ལ་བརྟེན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཀྱང་ཁམས་གསུམ་ཐམས་ཅད་དུ་འཇིག་པར་མི་འགྱུར་དམའ་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་ཆུས་བངས་པའམ་རུལ་བར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་ཡང་ལས་དང་ཉོན་མོངས་པ་ཐམས་ 38-324b ཅད་ཀྱི་ཆུར་བསྐལ་པར་གནས་ཀྱང་རུལ་བར་མི་འགྱུར་བངས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་མེ་ཐམས་ཅད་ཀྱི་དྲོད་ཀྱིས་ཀྱང་ཚིག་པར་མི་འགྱུར་ཡོངས་སུ་གདུང་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་ཡང་འཁོར་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མྱེའི་དྲོད་ཐམས་ཅད་ཀྱིས་མི་ཚིག་གོ། ཉོན་མོངས་པ་ཐམས་ཅད་ཀྱི་མྱེའི་གདུང་བས་གདུང་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་པོ་བྱང་ཆུབ་ལ་བཞུགས་ཤིང་། བདུད་རྒོལ་ཏུ་གཞུག་པ་མཛད་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་རྣམས་ཀྱི་གདན་ནི་གཞན་དུ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་རྗེའི་ལྟེ་བའི་སའི་གཞི་མ་གཏོགས་པར་སའི་ཕྱོགས་གཞན་གྱིས་གཟུང་བར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་སྤྱད་པ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བཟོད་པ་ལ་འཇུག་པ་དང་ས་ཐོབ་པར་བྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱེད་པ་དང་། ལུང་བསྟན་པ་ཡོངས་སུ་ནོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་ཐམས་ཅད་ཉེ་བར་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ཀྱི་དགེ་བའི་རྩ་བའི་སྟོབས་དང་ཤུགས་དང་དྲག་ཤུལ་དེ་དག་ཀྱང་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་སྨོན་ལམ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་སྲ་བའི་ལྟེ་བ་ཅན་མ་གཏོགས་པར་སེམས་ཅན་གཞན་གྱིས་ཡོངས་སུ་གཟུང་བར་མི་ནུས་སོ། །རིགས་ཀྱི་བུ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནི་ཡོན་ཏན་དེ་དག་དང་གཞན་ཚད་མེད་པ་ནས། ཡོན་ཏན་གྱི་ཁྱད་པར་བརྗོད་དུ་མེད་པའི་ཡང་ 38-325a བརྗོད་དུ་མེད་པ་དང་ལྡན་པ་སྟེ། སེམས་ཅན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་། ཡོན་ཏན་གྱི་ཆོས་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །ལྡན་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་དེ་ལྟར་ཁྱོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡོན་ཏན་འདི་དག་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་བ་ནི་ཁྱོད་ཀྱིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །རིགས་ཀྱི་བུ་ཁྱོད་ན་རེ་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པར་བྱ། ཇི་ལྟར་ནན་ཏན་དུ་བྱ་ཞེས་ཟེར་བ་ནི་རིགས་ཀྱི་བུ་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་འདི་ཉིད་ཀྱི་ནང་དུ་སོང་སྟེ་ལྟོས་ཤིག་དང་། དེར་ཁྱོད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། བསླབས་ནས་ཀྱང་ཡོན་ཏན་ཇི་ལྟ་བུ་ཡོངས་སུ་འགྲུབ་པར་འགྱུར་བ་ཤེས་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཕོ་བྲང་བརྩེགས་པའི་ཆབ་སྒོ་དབྱེར་གསོལ་ནང་དུ་མཆིའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཁང་པ་བརྩེགས་པ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོའི་སྒོ་དྲུང་དུ་ཕྱིན་ཏེ། ལག་པ་གཡས་པས་སེ་གོལ་གཏོགས་ཏེ། སྒྲ་ཕྱུང་བ་དང་། དེའི་སྒོ་དེ་ཡང་རང་བྱེ་བར་གྱུར་པ་དང་། དེས་སྨྲས་པ། རིགས་ཀྱི་བུ་ད་ཁང་པ་བརྩེགས་པ་འདིར་སོང་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ངོ་མཚར་ཆེན་པོ་ཐོབ་པར་གྱུར་ཏེ། ཁང་པ་བརྩེགས་པ་དེའི་ནང་དུ་ཕྱིན་པ་དང་། ཕྱིན་མ་ཐག་ཏུ་སྒོ་དེ་ཡང་རང་ཆད་པར་གྱུར་ཏོ། །དེས་མཐོང་བ་ཁང་པ་བརྩེགས་པ་དེ་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་ལ་རྒྱར་དཔག་ཚད་བརྒྱ་སྟོང་མང་པོ་དང་ལྡན་པ། ནམ་མཁའི་ 38-325b དབྱིངས་ཀྱི་ཚད་ཀྱིས་གཞལ་བ། འཁོར་ཐམས་ཅད་དུ་ནམ་མཁའི་དབྱིངས་ལྟར་ཡངས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྒྱན་གྲངས་མེད་པས་བརྒྱན་པ། རིན་པོ་ཆེ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། མུ་ཏིག་གི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྦྱངས་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་འི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྤྱངས་པའི་རྒྱན་གྱི་བརྒྱན་པ། མུ་ཏིག་དམར་པོའི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྦྱངས་པའི་རྒྱན་གྱི་བརྒྱན་པ། སེང་གེའི་མུ་ཏིག་གི་ཕྲེང་བ་གྲངས་མེད་པ་རབ་ཏུ་སྦྱངས་བའི་རྒྱན་གྱིས་བརྒྱན་པ། སེང་གེའི་རྒྱལ་མཚན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ཟླ་བ་དང་། ཟླ་གམ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། དར་གྱི་ལྡ་ལྡི་སྣ་ཚོགས་གྲངས་མེད་པར་རབ་ཏུ་སྦྱངས་པའི་རྒྱན་གྱིས་བརྒྱན་པ། དར་གྱི་བ་དན་སྣ་ཚོགས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་མང་པོ་གྲངས་མེད་པའི་འོད་ཀྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲ་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྣམ་བུ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གསེར་གྱི་ལྕགས་ཕོད་རིན་པོ་ཆེས་སྤྲས་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། དྲིལ་བུ་སྒྲ་སྙན་པ་འབྱུང་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བ་བསྐྱོད་ན་ཡིད་དུ་འོང་བའི་སྒྲ་འབྱུང་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ལྷ་རྫས་ཀྱི་མེ་ཏོག་མང་པོའི་ཆར་མངོན་པར་འབབ་པ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ལྷ་རྫས་ཀྱི་ཕྲེང་བའི་ལྡ་ལྡི་མངོན་པར་སྦྱངས་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གམ་ཡོ་ནས་སྤོས་ཀྱི་སྣོད་ནས་བདུག་སྤོས་འཐུལ་བའི་ཡོ་བྱད་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། གསེར་ཕྱེ་མའི་ཆར་རབ་ཏུ་འབབ་པ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། པུ་ཤུའི་དྲ་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། སྐར་ཁུང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རྟ་བབས་གྲངས་མེད་པའི་རྒྱན་ 38-326a གྱིས་བརྒྱན་པ། བ་གམ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། མྱེ་ལོང་གི་དཀྱིལ་འཁོར་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཕ་གུ་གྲངས་མེད་པ་གཏམས་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་རྩིག་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཀ་བ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་གོས་ཀྱི་སྤྲིན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཤིང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་འཕང་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ལམ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་གྲངས་མེད་པའི་བད་ཀྱི་རྒྱན་གྱིས་བརྒྱན་པ། སའི་གཞི་རྒྱན་སྣ་ཚོགས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་གྲངས་མེད་པ་ལས་བརྩེགས་པའི་ཁང་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་བུ་མོ་གྲངས་མེད་པའི་རྒྱན་བརྒྱན་པ། རིན་པོ་ཆེའི་སྣམ་བུ་གྲངས་མེད་པ་བཏིང་བའི་རྒྱན་གྱིས་བརྒྱན་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཆུ་ཤིང་གི་ཀ་བ་ཤིན་ཏུ་རྣམ་པར་ཕྱེ་བ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། བྱང་ཆུབ་སེམས་དཔའི་ལུས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། བྱའི་ཚོགས་སྣ་ཚོགས་ཡིད་དུ་འོང་བའི་སྒྲ་འབྱིན་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་པད་མོ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྲོག་ཤིང་འཛིན་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རྫིང་བུ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། མེ་ཏོག་པུན་ད་རི་ཀ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཐེམ་སྐས་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་སྟེགས་བུ་རྣམ་པར་བཀོད་པ་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ས་རིན་པོ་ཆེ་སྣ་ཚོགས་གྲངས་ 38-326b མེད་པས་སྤྲས་པའི་རྒྱན་གྱིས་བརྒྱན་པ། ནོར་བུ་རིན་པོ་ཆེ་ཆེན་པོའི་འོད་གྲངས་མེད་པ་རབ་ཏུ་འགྱེད་པའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་ཐམས་ཅད་རྣམ་པར་ཕྱེ་བ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ཡོན་ཏན་དང་ལེགས་པ་ཕུན་སུམ་ཚོགས་པ། གྲངས་མེད་པའི་རྒྱན་གྱིས་བརྒྱན་པར་འདུག་པ་མཐོང་སྟེ། ཁང་པ་བརྩེགས་པ་དེའི་ནང་ན་ཡང་། ཁང་པ་བརྩེགས་པ་གཞན་བརྒྱ་སྟོང་འདི་ལྟ་བུའི་རྒྱན་དང་། ལྷབ་ལྷུབ་ཀྱིས་བརྒྱན་པ། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ་ནས། ཡོན་ཏན་དང་ལེགས་པ་ཕུན་སུམ་ཚོགས་པ། གྲངས་མེད་པའི་བར་གྱི་རྒྱན་གྱིས་བརྒྱན་པས་གང་བར་མཐོང་ངོ་། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱང་། དེ་ལྟར་རྒྱ་ཆེ་ཞིང་ཡངས་ལ་དེ་ལྟར་ཚད་མེད་དེ། ནམ་མཁའི་མཛོད་དུ་གྱུར་པ། ཀུན་ནས་ཤིན་ཏུ་སྤ་བར་འཁོད་པར་མཐོང་ངོ་། །དེས་ཁང་པ་བརྩེགས་པ་རྣམ་པར་ཕྱེ་བ་དེ་དག་ཐམས་ཅད་ཀྱང་། དམིགས་པ་གཅིག་ལ་ཕན་ཚུན་མ་འདྲེས་པ་དང་། ཕན་ཚུན་མ་འཛིངས་པ་དང་། ཕན་ཚུན་སལ་སལ་པོར་འདུག་པར་གཟུགས་བརྙན་གྱི་ཚུལ་དུ་དེ་ལ་སྣང་བར་གྱུར་ཏེ། དམིགས་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ། དམིགས་པ་མ་ལུས་པ་དེ་དག་ཐམས་ཅད་ལ་ཡང་སྣང་བར་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱིས་རྒྱན་གྱིས་བརྒྱན་པའི་སྙིང་པོའི་ཡུལ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་དེ་ལྟ་བུ་དག་མཐོང་ནས། དགའ་བའི་ཤུགས་དཔག་ཏུ་མེད་པ་རྣམ་པར་འཕེལ་བའི་སྤྲོ་བ་དང་། མོས་པ་ཆེན་པོས་ལུས་དང་། སེམས་མངོན་པར་བརླན་པ་དང་། འདུ་ཤེས་ཀྱི་རྣམ་པར་ཐམས་ཅད་རྣམ་པར་བསལ་བའི་ཡིད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་བཟློག་པའི་སེམས་དང་། རྨོངས་པ་ཐམས་ཅད་རྣམ་པར་བྲལ་བ་དང་། འཁྲུག་པ་མེད་པའི་ཕྱོགས་ལ་རབ་ཏུ་གཞོལ་བ་དང་། སྒྲ་ཐམས་ 38-327a ཅད་ལ་ཐོགས་པ་མེད་པའི་དྲན་པས། རྣམ་པར་དམིགས་པའི་རྣ་བ་དང་ལྡན་པ་དང་། ཡིད་ལ་བྱ་བའི་རྣམ་པར་འཁྲུག་པ་ཐམས་ཅད་དང་བྲལ་བ་དང་། རྣམ་པར་ཐར་བ་སྒྲིབ་པ་མེད་པའི་ཚུལ་གྱི་རྗེས་སུ་འབྲང་བའི་བློ་དང་། དམིགས་པ་ཐམས་ཅད་ལ་སྒྲིབ་པ་མེད་པར་མིག་རབ་ཏུ་འགྲོ་བར་གྱུར་ནས། ཕྱོགས་ཀྱི་རྒྱུད་ཐམས་ཅད་ལ་མངོན་དུ་བལྟས་པའི་ལུས་ཀྱིས་ཕྱག་བྱ་བར། མངོན་པར་སྒྲུབ་པའི་སྟོབས་ཐམས་ཅད་དུ་ཁྱབ་པ་དང་ལྡན་པའི་ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཕྱག་བྱས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཕྱག་བྱས་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་ཀྱི་མཐུས་ཁང་པ་བརྩེགས་པ། དེ་དག་ཐམས་ཅད་ཀྱི་ནང་དུ་བདག་ཉིད་ཕྱིན་པར་ཤེས་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་དུ་ཡང་རྣམ་པར་འཕྲུལ་པ། བསམ་གྱིས་མི་ཁྱབ་པའི་ཡུལ་ཅན་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པ་མང་པོ་ཡང་མཐོང་བར་གྱུར་ཏེ། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པས་ཐོག་མ་རིགས་ནི་གང་དུ་སྐྱེས་ཏེ། མིང་ནི་ཅི་ཞེས་བྱ་བར་གྱུར་པ་ཞིག་གིས། དགེ་བའི་རྩ་བ་གང་དང་ཡོངས་སུ་བསྐུལ་བ་གང་དང་། དགེ་བའི་བཤེས་གཉེན་གང་གི་ཡང་དག་པར་བསྐུལ་བ་དང་། ཚེའི་ཚད་ནི་ཅི་ཙམ་ཞིག་ཏུ། བསྐལ་པའི་མིང་ནི་ཅི་ཞེས་བྱ་བར། དེ་བཞིན་གཤེགས་པ་ནི་གང་ལ་རྒྱན་ནི་ཇི་ལྟ་བུ་ཞིག་དང་ལྡན་པའི་ཞིང་དུ་འཁོར་ནི་ཇི་ལྟ་བུ་ཞིག་ཏུ་སྨོན་ལམ་གྱི་ཁྱད་པར་ནི་ཇི་ལྟ་བུ་ཞིག་མངོན་པར་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། སྨོན་ལམ་གྱི་སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཤེས་པར་གྱུར་ཏོ། །ཁོང་དུ་ཆུད་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་དེ་དག་དང་དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་དང་ཚེའི་ཚད་ཇི་སྲིད་ཅིག་ཏུ་གྱུར་པ་དེ་ཙམ་གྱི་དུས་སུ། དེ་བཞིན་གཤེགས་པ་དེའི་ཞབས་ཀྱི་ 38-327b དྲུང་ན་བདག་ཉིད་འདུག་པར་ཡང་ཤེས་པར་གྱུར་ཏེ། བྱ་བ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པས་ཐོག་མ་གང་དུ། བྱམས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དང་དུས་གང་ནས་བཟུང་སྟེ། དེའི་མྱིང་བྱམས་པ་ཞེས་བྱ་བར་གྱུར་པ་དེ་དག་མཐོང་བར་གྱུར་ཏོ། །ལ་ལར་ནི་གང་དུ་སྤྱོད་པ་སྤྱད་པ་དང་། ལ་ལར་ནི་གང་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ལ་ལར་ནི་གང་དུ་བཟོད་པ་ལ་ཞུགས་པ་དང་། ལ་ལར་ནི་གང་དུ་ས་ནོན་པ་དང་། ལ་ལར་ནི་གང་དུ་སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་བཟུང་བ་དང་། ལ་ལར་ནི་གང་དུ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་བཟུང་བ་དང་། ལ་ལར་ནི་གང་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་བ་དང་། ལ་ལར་ནི་གང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། རྣམ་པ་ནི་ཇི་ལྟ་བུ་ཞིག་ཏུ་ལུང་བསྟན་པ་དང་། ལུང་ནི་སུས་བསྟན་པ་དང་། ཡུན་ནི་ཇི་སྲིད་ཅིག་གིས་ལུང་བསྟན་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་པ་མཐོང་བར་གྱུར་ཏོ། །ལ་ལར་ནི་འཇིག་རྟེན་གྱི་མགོན་པོར་གྱུར་ཏེ། འཇིག་རྟེན་གྱི་ཕན་པ་དང་། བདེ་བ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ལ་ཉེ་བར་སྡུད་པ་དང་། ལ་ལར་ནི་བརྒྱ་བྱིན་དུ་གྱུར་ཏེ། འདོད་པའི་ཡོན་ཏན་གྱི་དགའ་བ་ལས་སེམས་ཅན་རྣམས་རྣམ་པར་ཟློག་པ་དང་། ལ་ལར་ནི་ཚངས་པར་གྱུར་ཏེ། བསམ་གཏན་དང་། ཚད་མེད་པའི་དགའ་བ་སེམས་ཅན་རྣམས་ལ་ཡོངས་སུ་བརྗོད་པ་དང་། ལ་ལར་ནི་ལྷའི་དབང་པོ་རབ་མཚེ་མར་གྱུར་ཏེ། ཚད་མེད་པའི་ཡོན་ཏན་སེམས་ཅན་རྣམས་ལ་ཡོངས་སུ་བརྗོད་པ་དང་། ལ་ལར་ནི་ལྷའི་དབང་པོ་རབ་དགའ་ལྡན་དུ་གྱུར་ཏེ། 38-328a བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པའི་ཡོན་ཏན་བརྗོད་པ་དང་། ལ་ལར་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དགར་གྱུར་ཏེ། ལྷའི་འཁོར་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་རྒྱན་ཡོངས་སུ་སྟོན་པ་དང་། ལ་ལར་ནི་ལྷའི་རྒྱལ་པོ་དབང་བསྒྱུར་དུ་གྱུར་ཏེ། ལྷ་རྣམས་ལ་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡང་དག་པར་སྟོན་པ་དང་། ལ་ལར་ནི་བདུད་དུ་གྱུར་ཏེ། ལྷ་རྣམས་ལ་ཕུན་སུམ་ཚོགས་པ་ཐམས་ཅད་མི་རྟག་པར་སྟོན་པ་དང་། ལ་ལར་ནི་ལྷ་མ་ཡིན་གྱི་དབང་པོའི་གནས་སུ་སྐྱེས་ཏེ། ལྷ་མ་ཡིན་གྱི་འཁོར་ནང་རྒྱལ་དང་། དྲེགས་པ་དང་། རློམ་པ་ཐམས་ཅད་རབ་ཏུ་སྤང་བ་དང་། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་འཇུག་པར་བྱ་བ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་རྒྱུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་གཤིན་རྗེའི་འཇིག་རྟེན་མཐོང་བར་གྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ་འོད་ཀྱིས། སེམས་ཅན་དམྱལ་བ་ཐམས་ཅད་སྣང་བར་བྱེད་ཅིང་། སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་ཡི་དགས་ཀྱི་གནས་མཐོང་བར་གྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ། སེམས་ཅན་ཡི་དགས་ཀྱི་གནས་སུ་སྐྱེས་པ་རྣམས་ལ། ཁ་ཟས་དང་། བཏུང་བ་མང་པོ་ཉེ་བར་བསྒྲུབ་ཅིང་བཀྲེས་པ་དང་། སྐོམ་པ་རབ་ཏུ་ཞི་བར་བྱེད་པ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་བྱོལ་སོང་གི་སྐྱེ་གནས་ན་སྐྱེ་བའི་སྐྱེ་མཆེད་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱིས་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི། སེམས་ཅན་མང་པོ་འདུལ་བར་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་རྒྱལ་པོ་ཆེན་པོའི་ཁམས་སུ་གཏོགས་པའི། ལྷའི་འཁོར་ན་འཇིག་རྟེན་གྱི་མགོན་པོ་རྣམས་ལ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་འཁོར་ན། ལ་ལར་ནི་ལྷའི་རྒྱལ་པོ། །རབ་མཚེ་མའི་འཁོར་ན། 38-328b ལ་ལར་ནི་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱི་འཁོར་ན། ལ་ལར་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་འཁོར་ན། ལ་ལར་ནི་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་འཁོར་ན། ལ་ལར་ནི་བདུད་ཀྱི་འཁོར་ན། ཁང་པ་བརྩེགས་པ་ལ་ལར་ནི། ཚངས་པའི་དབང་པོའི་འཁོར་ན། བྱང་ཆུབ་སེམས་དཔའ་བྱམས་པ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་ཀླུ་དང་ལྟོ་འཕྱེ་ཆེན་པོའི་འཁོར་ན། ལ་ལར་ནི་གནོད་སྦྱིན་དང་སྲིན་པོའི་འཁོར་ན། ལ་ལར་ནི་དྲི་ཟ་དང་མིའམ་ཅིའི་འཁོར་ན། ལ་ལར་ནི་ལྷ་མ་ཡིན་དང་གསོད་འཕྲོག་གི་དབང་པོའི་འཁོར་ན། ལ་ལར་ནི་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་འཁོར་ན། ལ་ལར་ནི་མིའི་འཁོར་ན། ཁང་པ་བརྩེགས་པ་ལ་ལར་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་འཁོར་ན། བྱང་ཆུབ་སེམས་དཔའ་བྱམས་པ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་ཉན་ཐོས་ཀྱི་འཁོར་ན། ལ་ལར་ནི་རང་སངས་རྒྱས་ཀྱི་འཁོར་ན། ལ་ལར་ནི་བྱང་ཆུབ་སེམས་དཔའི་འཁོར་ན། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་སེམས་ཐོག་མ་བསྐྱེད་པ་ལས་དང་པོ་བ་རྣམས་ལ། བྱང་ཆུབ་སེམས་དཔའ་བྱམས་པ་ཆོས་སྟོན་པ་མཐོང་ངོ་། །ལ་ལར་ནི་སྤྱོད་པ་ལ་ཞུགས་པ་རྣམས་ལ། ལ་ལར་ནི་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པ་རྣམས་ལ། ལ་ལར་ནི་ཚེ་གཅིག་གིས་ཐོགས་ཤིང་དབང་བསྐུར་བ་རྣམས་ལ། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་རྣམས་ལ་སའི་ཁྱད་པར་ཡོངས་སུ་བརྗོད་པ་མཐོང་ངོ་། །ལ་ལར་ནི་ས་བཅུ་ལ་གནས་པའི་བར་གྱི། བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ། བྱང་ཆུབ་སེམས་དཔའ་བྱམས་པས་ཐམས་ཅད་ཀྱི་ཁྱད་པར་ཡང་དག་པར་བགྲོ་བར་བསྐྱོད་པ་མཐོང་ངོ་། །ལ་ལར་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་ 38-329a སུ་རྫོགས་པར་བྱ་བ་དང་། ལ་ལར་ནི་བསླབ་པ་ཐམས་ཅད་ལ་མངོན་དུ་འཇུག་པར་བྱ་བ་ཀུན་ཏུ་མཐའ་ཡས་པ་དང་། ལ་ལར་ནི་ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་རྒྱ་ཆེན་པོ་དང་། ལ་ལར་ནི་རྣམ་པར་ཐར་པའི་ཚུལ་ཟབ་མོ་དང་། ལ་ལར་ནི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཞི་བའི་ཡུལ་གྱིས་རྒྱས་པར་དགང་བ་དང་། ལ་ལར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། འདུལ་བ་དང་། ཐབས་ཀྱི་སྒོ་ལ་འཇུག་པ་དང་། ལ་ལར་ནི་སྨོན་ལམ་མངོན་པར་བསྒྲུབ་པ་རྒྱ་ཆེ་བ་དང་། ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པ་སྐལ་བ་མཐུན་པར་སྤྱོད་པའི། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་ཤིང་། འཇིག་རྟེན་ལ་ཕན་པར་བྱ་བའི་དོན་དུ། བཟོའི་གནས་སྣ་ཚོགས་དང་། གཙུག་ལག་གི་ཁྱད་པར་སེམས་ཅན་ཐམས་ཅད་ལ། ཕན་པ་དང་བདེ་བར་འགྱུར་བ་དང་། འབྱོར་བ་རྣམས་ཡང་དག་པར་འགྲོ་བ་མཐོང་ངོ་། །ལ་ལར་ནི་བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས། ཐོགས་པ་རྣམས་དང་འགྲོགས་ཤིང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་དབང་བསྐུར་བའི་སྒོ་ཡང་དག་པར་འགྲོ་བ་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ཆགས་པ་མྱེད་ཅིང་། ལོ་བརྒྱ་སྟོང་དུ་མར་མི་གཏོང་བ་ལ་བརྩོན་པ་མཐོང་ངོ་། །ལ་ལར་ནི་ལུང་དཔོག་པ་དང་། ཁ་ཏོན་བྱ་བ་ལ་བརྩོན་པར། ལ་ལར་ནི་ཆོས་ཀྱི་སྒོ་རབ་ཏུ་བརྟགས་པ་ལ་བརྩོན་པར། ལ་ལར་ནི་དམ་པའི་ཆོས་བགྲོ་བ་ལ་བརྩོན་པར། ལ་ལར་ནི་དམ་པའི་ཆོས་བྲི་བ་ལ་བརྩོན་པར། ལ་ལར་ནི་བྱམས་པ་ལ་མཉམ་པར་གཞག་པར། ལ་ལར་ནི་བསམ་གཏན་དང་། ཚད་མེད་པ་ཐམས་ཅད་ལ་མཉམ་པར་གཞག་པར། ལ་ལར་ནི་རྒྱས་པའི་སྐྱེ་མཆེད་དང་། རྣམ་པར་ཐར་པ་ཐམས་ཅད་ལ་མཉམ་པར་གཞག་པར། ཁང་ 38-329b པ་བརྩེགས་པ་ལ་ལར་ནི་བྱང་ཆུབ་སེམས་དཔའ་བྱམས་པ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྒྲུབ་པའི་ཐབས་ཀྱི་ཏིང་ངེ་འཛིན་ལ། མཉམ་པར་གཞག་པར་མཐོང་ངོ་། །ཁང་པ་བརྩེགས་པ་ལ་ལར་ནི་བྱང་ཆུབ་སེམས་དཔའི། ཏིང་ངེ་འཛིན་སྤྲུལ་པ་ཡོད་པ་ལ་མཉམ་པར་བཞག་པའི་བྱང་ཆུབ་སེམས་དཔའ་མང་པོ་མཐོང་སྟེ། དེ་དག་གི་ལུས་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་ནས་སྤྲུལ་པ་ཐམས་ཅད་ཀྱི་སྤྲིན་མང་པོ་འབྱུང་བ་མཐོང་ངོ་། །ལ་ལའི་ལུས་དང་། བ་སྤུའི་སྒོ་ཐམས་ཅད་ནས་ནི། ལྷའི་རིས་ཀྱི་སྤྲིན་མང་པོ་འབྱུང་བ་མཐོང་ངོ་། །ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། འཁོར་ལོས་སྒྱུར་བའི་སྤྲིན་མང་པོ་འབྱུང་བ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཁམས་ཀྱི་རྒྱལ་པོའི་སྤྲིན་མང་པོ་འབྱུང་བ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། རྒྱལ་བུ་གཞོན་ནུའི་སྤྲིན་མང་པོ་འབྱུང་བ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཚོང་དཔོན་དང་། བློན་པོ་དང་། ཁྱིམ་བདག་གི་སྤྲིན་མང་པོ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྲིན་མང་པོ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། དེ་བཞིན་གཤེགས་པའི་སྐུའི་སྤྲིན་མང་པོ་དང་། ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། སེམས་ཅན་ཐམས་ཅད་དུ་སྤྲུལ་པའི། སྤྲིན་ཚད་མེད་པ་འབྱུང་བ་མཐོང་ངོ་། །ལ་ལའི་ལུས་དང་བ་སྤུའི་སྒོ་ཐམས་ཅད་ནས་ནི། ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་འབྱུང་བ་ཐོས་པར་གྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པའི་སྒོ་ 38-330a དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒོ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དང་། བསྡུ་བའི་དངོས་པོ་དང་། བསམ་གཏན་དང་། ཚད་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། གཟུངས་དང་། སྤོབས་པ་དང་། བདེན་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རྣམ་པར་ཐར་པའི་སྒོ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་པ་དང་། ཆོས་ཀྱི་མདོ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཉན་ཐོས་ཀྱི་ཐེག་པའི་གཏམ་དང་། རང་སངས་རྒྱས་ཀྱི་ཐེག་པའི་གཏམ་དང་། ཐེག་པ་ཆེན་པོའི་གཏམ་དང་། ས་དང་བཟོད་པ་དང་། སྤྱོད་པ་དང་། སྨོན་ལམ་གྱི་སྒོ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒོར་འཇུག་པའི་སྒྲ་མང་པོ་འབྱུང་བ་ཐོས་སོ། །ཁང་པ་བརྩེགས་པ་ལ་ལར་ནི། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཀུན་ནས་འདུས་པར་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གི་རྣམ་པ་ཐ་དད་པ་སྣ་ཚོགས་སྐྱེ་བ་དང་། རིགས་རྣམ་པ་ཐ་དད་པ་དང་། སྐུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པ་ཐ་དད་པ་དང་། སྐུ་ཚེ་རྣམ་པ་ཐ་དད་པ་དང་། ཞིང་རྣམ་པ་ཐ་དད་པ་དང་། བསྐལ་པ་རྣམ་པ་ཐ་དད་པ་དང་། ཆོས་བསྟན་པ་རྣམ་པ་ཐ་དད་པ་དང་། འབྱུང་བའི་སྒོ་རྣམ་པ་ཐ་དད་པ་དང་། དམ་པའི་ཆོས་གནས་པ་རྣམ་པ་ཐ་དད་པ་ནས། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། རྣམ་པ་ཐ་དད་པ་དག་ཀྱང་མ་ལུས་པར་མཐོང་བར་གྱུར་ཏོ། །ཁང་པ་བརྩེགས་ 38-330b པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ། དེའི་དབུས་སུ་ཁང་པ་བརྩེགས་པ་གཅིག་ཅིག་གཞན་པས་ཆེ་ལ་ཡངས་ཤིང་། ཁང་པ་བརྩེགས་པ་གཞན་ཐམས་ཅད་ཀྱི་རྒྱན་མ་ལུས་པ་ཐམས་ཅད་པས་ཀྱང་ཆེས་ལྷག་པར་འཕགས་པའི་རྒྱན་གྱིས། ཡང་དག་པར་བརྒྱན་པ་ཞིག་འདུག་པར་མཐོང་སྟེ། ཁང་པ་བརྩེགས་པ་དེའི་ནང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདུག་པ་མཐོང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ནས་ཡང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དང་། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དང་། དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱ་འཁོད་པར་མཐོང་ངོ་། །འཛམ་བུའི་གླིང་དེ་དག་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་པད་མོའི་ནང་དུ་སྐྱེ་བ་དང་། བརྒྱ་བྱིན་དང་། ཚངས་པས་ཡོངས་སུ་བླངས་པ་དང་། གོམ་པ་བདུན་དུ་འགྲོ་བ་དང་། ཕྱོགས་བཅུར་རྣམ་པར་བལྟས་པ་དང་། སེང་གེའི་ང་རོ་ཆེན་པོ་སྒྲོག་པ་དང་། གཞོན་ནུའི་ས་ཐམས་ཅད་ཡོངས་སུ་སྟོན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་གནས་པ་དང་། བཟའ་ཤིང་གི་ར་བར་འགྲོ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་མངོན་དུ་ཕྱོགས་ཏེ། མངོན་པར་བྱུང་ནས་རབ་ཏུ་འབྱུང་བ་དང་། དཀའ་བའི་སྤྱོད་པ་ཡོངས་སུ་སྟོན་པ་དང་། ཟས་ཟ་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང་། བདུད་རྒོལ་དུ་འཇུག་པ་དང་། བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང་། བྱང་ཆུབ་ཀྱི་ཤིང་ལ་མྱིག་མི་འགེབས་པར་ལྟ་བ་དང་། ཚངས་པ་ཆེན་པོས་གསོལ་བ་གདབ་པ་དང་། མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡུལ་སྣ་ཚོགས་ཡོངས་སུ་བསྟན་པ་དང་། རྣམ་པ་ཐ་དད་པ་དང་། ཚུལ་དང་མྱིང་རྣམ་པ་སྣ་ཚོགས་བསྟན་པ་རྣམ་པ་ཐ་དད་པ་དང་། ཚེའི་ཚད་སྣ་ཚོགས་རྣམ་པ་ཐ་དད་པ་དང་། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སྣ་ཚོགས་ཐ་དད་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་ 38-331a པར་དག་པའི་ཚུལ་བསྟན་པས་སྣ་ཚོགས་རྣམ་པ་ཐ་དད་པ་དང་། སྤྱོད་པ་དང་སྨོན་ལམ་བརྗོད་པ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། ཆོས་བསྟན་ཅིང་རྣམ་པར་དགོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སྣ་ཚོགས་རྣམ་པ་ཐ་དད་པ་དང་། རིང་བསྲེལ་བགོ་བ་དང་། བསྟན་པ་གནས་པའི་བྱིན་གྱི་རླབས་ཡོངས་སུ་བསྟན་པ་སྣ་ཚོགས་རྣམ་པ་ཐ་དད་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ལྷའི་གནས་སུ་འགྲོ་བ་མཐོང་སྟེ། དེ་དག་ཐམས་ཅད་ནའང་ཚོང་དཔོན་གྱི་བུ་ནོར་བཟངས་ཉིད་རྐང་པའི་དྲུང་ན་འདུག་པར་རང་རང་གིས་ཤེས་པར་གྱུར་ཏོ། །དེའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་། བྱ་བ་ཐམས་ཅད་ཡོངས་སུ་བསྟན་པ་དང་། ཚེའི་ཚད་རྣམ་པ་ཐ་དད་པ་ཐམས་ཅད་ལ་དྲན་པ་མ་ཉམས་པའི་བྱིན་གྱི་རླབས་ཀྱིས་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་ས་ལ་གནས་པས། ཁང་པ་བརྩེགས་པ་དེ་དག་གི་དྲིལ་དང་། དྲིལ་བུ་གཡེར་ཀའི་དྲ་བ་དང་། རོལ་མོ་དང་། གླུ་ལ་སྩོགས་པའི་དམྱིགས་པ་ཅི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལས། ཆོས་ཀྱི་སྤྲིན་གྱི་འབྲུག་སྒྲ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཐོས་པར་གྱུར་ཏེ། ལ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། སྨོན་ལམ་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་ས་ཚད་མེད་པ་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་བ་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་དེ་བཞིན་གཤེགས་པའི་མཆོད་པ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པ་ཐ་དད་པ་དང་། ལ་ལ་ལས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་ཚད་མེད་པ་རྣམ་པ་ཐ་དད་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྒྲ་གོང་དུ་ཇི་སྐད་དུ་བརྗོད་པ་ཐམས་ཅད་ཐོས་པར་གྱུར་ཏོ། །ལ་ལ་ལས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པའི་སྒྲ་ཐོས་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཅེས་བྱ་ 38-331b བར་བྱང་ཆུབ་སེམས་དཔའི་མྱིང་དང་། ཆེ་གེ་མོ་ཞིག་གི་ཆོས་ཀྱི་སྒོ་ནི་ཆེ་གེ་མོ་ཞིག་ཅེས་བྱ་བ་ཐོས། དགེ་བའི་བཤེས་གཉེན་ནི། ཆེ་གེ་མོ་ཞིག་གིས་ཡང་དག་པར་བསྐུལ། དེ་བཞིན་གཤེགས་པ་ནི་ཆེ་གེ་མོ་ཞིག་གི་ཞབས་ཀྱི་དྲུང་དུ་བསྐལ་པའི་མིང་ནི་འདི་ཞེས་བྱ་བར། སངས་རྒྱས་ཀྱི་ཞིང་ནི་འདི་ལྟ་བུ་ཞིག་ཏུ་འཁོར་གྱི་དཀྱིལ་འཁོར་ནི་འདི་ལྟ་བུ་ཞིག་ན་འདུག་འདུག་སྟེ། དགེ་བའི་རྩ་བ་ནི་འདི་ལྟ་བུ་ཞིག་བསྐྱེད་ནས། དེ་བཞིན་གཤེགས་པའི་ཡོན་ཏན་ནི། འདི་ལྟ་བུ་དག་གཅིག་ཐོས་ཏེ། ལྷག་པའི་བསམ་པ་ནི་འདི་ལྟ་བུ་དང་། སྨོན་ལམ་གྱི་རྣམ་པ་ནི་འདི་འདྲ་བ་ཞིག་གིས། བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེས་བསྐལ་པ་ནི་འདི་སྙེད་ཅིག་ཏུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ། བསྐལ་པ་འདི་སྙེད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མཚན་ནི་འདི་ཞེས་བྱ། སྐུ་ཆེའི་ཚད་ནི་འདི་ཙམ་ཞིག་སྟེ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་། རྒྱན་ཕུན་སུམ་ཚོགས་པ་འདི་འདྲ་བ་དང་། སྨོན་ལམ་གྱི་ཁྱད་པར་འདི་ལྟ་བུ་ཞིག་དང་། སེམས་ཅན་རྣམ་པར་གདུལ་བ་འདི་འདྲ་བ་ཞིག་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་འཁོར་ཀུན་ནས་འདུས་པ་འདི་འདྲ་བ་ཞིག་གོ། དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། བསྐལ་བ་འདི་སྙེད་ཅིག་ཏུ་དམ་པའི་ཆོས་གནས་པར་འགྱུར་རོ། །སེམས་ཅན་གྱི་དོན་ནི་འདི་ཙམ་ཞིག་ཏུ་འགྱུར་རོ། །ཞེས་བྱ་བའི་སྒྲ་ཐོས་སོ། །ལ་ལ་ལས་ནི་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའི་མིང་དང་། ཆེ་གེ་མོ་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། གཏང་བར་དཀའ་བ་འདི་ལྟ་བུའི་ཡོངས་སུ་གཏོང་བ་བརྒྱ་ནི་བྱེད་དོ། །བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་ནི། ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །བསམ་ 38-332a གཏན་ལ་སྙོམས་པར་འཇུག་གོ། ཤེས་རབ་ཀྱིས་རྣམ་པར་དབྱེ་བ་ལ་བརྩོན་ནོ། །བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་ནི་དམ་པའི་ཆོས་ཡོངས་སུ་བཙལ་བའི་དོན་དུ་རྒྱལ་པོའི་སྲིད་ཡོངས་སུ་གཏོང་བར་བྱེད་དོ། །རིན་པོ་ཆེ་ཡོངས་སུ་གཏོང་བ་དང་། བུ་ཡོངས་སུ་གཏོང་བ་དང་། ཆུང་མ་ཡོངས་སུ་གཏོང་བ་དང་། རྐ་ལག་དང་མྱིག་དང་། མགོ་ཡོངས་སུ་གཏོང་བ་བྱེད་དོ། །མྱེར་མཆོང་བ་བྱེད་དོ། །བྱང་ཆུབ་སེམས་དཔའི་མིང་དང་ཆེ་གེ་མོ་ཞིག་གིས་ནི་དེ་བཞིན་གཤེགས་པའི་བསྟན་པ་བཟུང་སྟེ། ཆོས་སྨྲ་བར་བྱེད་དོ། །ཆོས་ཀྱི་སྦྱིན་པ་གཏོང་ངོ་། །ཆོས་ཀྱི་མཆོད་སྦྱིན་བྱེད་དོ། །ཆོས་ཀྱི་རྒྱལ་མཚན་སྒྲེང་ངོ་། །ཆོས་ཀྱི་རྔ་རྡུང་ངོ་། །ཆོས་ཀྱི་དུང་འབུད་དོ། །ཆོས་ཀྱི་ཆར་འབེབས་སོ། །དེ་བཞིན་གཤེགས་པའི་བསྟན་པ་འཛིན་ཏོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱན་པ་བྱེད་དོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱན་པ་བྱེད་དོ། །སེམས་ཅན་ལ་བདེ་བའི་ཡོ་བྱད་ཀྱིས་སྡུད་དོ། །དམ་པའི་ཆོས་ཀྱི་མཛོད་སྲུང་ངོ་ཞེས་བྱ་བའི་སྒྲ་ཐོས་སོ། །ལ་ལ་ལས་ནི་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་མཚན་ཆེ་གེ་མོ་ཞེས་དབང་བསྐུར་བ་མྱིང་དང་ཆེ་གེ་མོ་ཞིག་གིས་འཁོར་འདི་ལྟ་བུ་ཞིག་ན་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་དང་། བསྐལ་པ་འདི་ལྟ་བུ་ཞིག་ལ་སྐུ་ཚེའི་ཚད་འདི་ཙམ་ཞིག་དང་ཆོས་བསྟན་པ་འདི་ལྟ་བུ་དང་། སེམས་ཅན་འདུལ་བ་འདི་འདྲ་བ་དང་། འདི་ལྟ་བུའི་སྨོན་ལམ་གྱི་མངོན་པར་འཚང་རྒྱ་བས་ད་ལྟར་བཞུགས་ཤིང་འཚོ་སྐྱོང་ངོ་ཞེས་བྱ་བ་དང་། དེ་བཞིན་དུ་དྲིལ་དང་དྲིལ་བུ་གཡེར་ཀའི་དྲ་བ་དང་། རོལ་མོ་ལ་སྩོགས་པའི་དམིགས་པ་ཐམས་ཅད་ལས་ཆོས་ཀྱི་སྒོ་རྣམ་པ་ཐ་དད་པ་ཚད་མེད་པའི་སྒྲ་ཐོས་པར་གྱུར་ཏེ། སྒྲ་དེ་དག་ཐམས་ཅད་ཐོས་པས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་བའི་ཤུགས་ 38-332b རྒྱ་ཆེན་པོས་མངོན་པར་བརླན་པའི་སེམས་ཀྱིས་ཆོས་ཀྱི་སྒོ་དེ་དག་ཐོས་ནས་ལ་ལར་ནི་གཟུངས་ཀྱི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་སྤོབས་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་བཟོད་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་སྤྱོད་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་སྨོན་ལམ་གྱི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་ཕ་རོལ་ཏུ་ཕྱིན་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་མངོན་པར་ཤེས་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་རིག་པ་དང་ཡེ་ཤེས་སྣང་བའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་རྣམ་པར་ཐར་པའི་སྒོ་མང་པོ་ཐོབ་པར་གྱུར་ཏོ། །ལ་ལར་ནི་ཏིང་ངེ་འཛིན་གྱི་སྒོར་འཇུག་པ་མང་པོ་ཐོབ་པར་གྱུར་ཏོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཅིག་པ། མེ་ལོང་གི་དཀྱིལ་འཁོར་དེ་དག་ལས་ཀྱང་གཟུགས་བརྙན་གྱི་རྒྱན་རྣམ་པར་དམིགས་པ་ཚད་མེད་པ་མཐོང་བར་གྱུར་ཏེ། ལ་ལར་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་མཐོང་ངོ་། །ལ་ལར་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཉན་ཐོས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཀུན་ནས་ཉོན་མོངས་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རྣམ་པར་དག་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པའི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་ 38-333a པ་དང་། ལ་ལར་ནི་སངས་རྒྱས་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཆུང་བའི་འཇིག་རྟེན་ཀྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཆེ་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ཕྲ་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་མྱིག་འཕྲུལ་གྱིས་འཇུ་ག་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སྣྲེལ་ཞིའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སྤྱིའུ་ཚུགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སའི་གཞི་མཉམ་པར་འདུག་པའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དྭགས་ཀྱི་གནས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་དང་། ལ་ལར་ནི་ལྷ་དང་མྱིས་གང་བའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་མཐོང་བར་གྱུར་ཏོ། །འཆག་ས་དེ་དག་དང་། གནས་དེ་དག་དང་། སྟན་དེ་དག་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དགོས་པ་སྣ་ཚོགས་ལ་བརྩོན་པ་དག་ཀྱང་མཐོང་བར་གྱུར་ཏེ། ལ་ལར་ནི་འཆག་པ་དང་། ལ་ལར་ནི་བསམ་གཏན་བྱེད་པ་དང་། ལ་ལར་ནི་ལྟ་བ་དང་། ལ་ལར་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་རྒྱས་པར་འགེངས་པ་དང་། ལ་ལར་ནི་གཙུག་ལག་གི་ཚུལ་སྣ་ཚོགས་འཇིག་རྟེན་གྱི་དོན་དུ་འགྱུར་བ་བསྒྲུབ་པ་དང་། ལ་ལར་ནི་ལུང་ནོད་པ་དང་། ལ་ལར་ནི་ཁ་ཏོན་བྱེད་པ་དང་། ལ་ལར་ནི་ཡི་གེར་འདྲི་བ་ 38-333b དང་། ལ་ལར་ནི་དྲི་བ་ཡོངས་སུ་འདྲི་བ་དང་། ལ་ལར་ནི་ཕུང་པོ་གསུམ་པའི་བཤགས་པ་དང་། ཡོངས་སུ་བསྔོ་བ་ལ་བརྩོན་པ་དང་། ལ་ལར་ནི་སྨོན་ལམ་མངོན་པར་སྒྲུབ་པ་བྱེད་པ་མཐོང་ངོ་། །ཀ་བ་དེ་དག་ལས་ཀྱང་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་འོད་ཀྱི་དྲ་བ་མང་པོ་འབྱུང་བ་མཐོང་སྟེ། ལ་ལ་ལས་ནི་ཁ་དོག་སྔོན་པོ་དང་། ལ་ལ་ལས་ནི་ཁ་དོག་སེར་པོ་དང་། ལ་ལ་ལས་ནི་ཁ་དོག་དམར་པོ་དང་། ལ་ལ་ལས་ནི་ཁ་དོག་དཀར་པོ་དང་། ལ་ལ་ལས་ནི་ཤེལ་གྱི་ཁ་དོག་དང་། ལ་ལ་ལས་ནི་གསེར་གྱི་ཁ་དོག་དང་། ལ་ལ་ལས་ནི་ཨིན་དྲ་ནཱི་ལའི་ཁ་དོག་དང་། ལ་ལ་ལས་ནི་འཇའི་ཁ་དོག་དང་། ལ་ལ་ལས་ནི་འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་དང་། ལ་ལས་ནི་འོད་ཐམས་ཅད་དུ་སྣང་བའི་ཁ་དོག་དང་། ལུས་དང་སེམས་ཀྱི་བདེ་བསྐྱེད་པ་བལྟ་ན་མཆོག་ཏུ་མཛེས་པ་མཐོང་བར་གྱུར་ཏོ། །འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཆུ་ཤིང་གི་ཀ་བ་དེ་དག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་དེ་དག་ཀྱང་ལག་ནས་མེ་ཏོག་གི་སྤྲིན་མངོན་པར་སྤྱོད་པར་མཐོང་སྟེ། ལག་ནས་ཕྲེང་བའི་ལྡ་ལྡི་དང་། ལག་ནས་གོས་དང་། ལག་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལག་ནས་སྤོས་དང་། བདུག་སྤོས་དང་། བྱུག་པ་དང་། ལག་ནས་ནོར་བུ་རིན་པོ་ཆེའི་དྲ་བ་དང་། ལག་ནས་རིན་པོ་ཆེ་སྣ་ཚོགས་དང་། གསེར་གྱི་ལྕག་ཕོད་སྣ་ཚོགས་དང་། ལག་ནས་མུ་ཏིག་སྣ་ཚོགས་ཀྱི་སེ་མོ་དོ་དང་། ལག་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་སེ་མོ་དོ་མངོན་པར་སྦྱོང་བ་དང་། ལག་ན་རྒྱན་ཐམས་ཅད་ཐོགས་པར་མཐོང་ངོ་། །ལ་ལ་ནི་གཙུག་གི་རིན་པོ་ཆེ་དང་། ཅོད་པན་གྱིས་འདུད་ཅིང་མྱིག་མྱི་འགེབས་པར་བལྟ་བ་དང་། ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་མཐོང་ངོ་། །མུ་ཏིག་གི་ཕྲེང་བ་དེ་དག་ལས་ཀྱང་། སྤོས་སྣ་ཚོགས་ཀྱིས་དྲི་ཞིམ་པོར་བྱས་པའི་ཆ་ཡན་ལག་བརྒྱད་དང་ལྡན་པའི་ཆར་གྱི་རྒྱུན་ཕྲ་མོ་འབབ་པར་མཐོང་ 38-334a ངོ་། །རིན་པོ་ཆེ་བཻཌཱུརྱའི་ཕྲེང་བའི་དྲ་བ་དེ་དག་ལས་ཀྱང་། མར་མྱེའི་ཕྲེང་བ་རབ་ཏུ་འབར་བ་མང་པོ་མཐོང་བར་གྱུར་ཏོ། །རིན་པོ་ཆེའི་གདུགས་དེ་དག་ཀྱང་རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་མཛེས་པར་བརྒྱན་ཏེ། རིན་པོ་ཆེའི་དྲིལ་དང་། དྲིལ་བུ་གཡེར་ཁའི་དྲ་བ་དང་། དར་གྱི་ལྡ་ལྡི་དང་། ཆུན་པོ་དང་། རིན་པོ་ཆེའི་ཤར་བུ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྒོ་ངས་ཡོངས་སུ་བརྒྱན་པའི་སྙིང་པོ་དང་ལྡན་པ་མཐོང་ངོ་། །རྫིང་དེ་དག་ནས་ཀྱང་། རིན་པོ་ཆེའི་མེ་ཏོག་པད་མོ་དང་། ཨུཏ་པལ་དང་། ཀུ་མ་ད་དང་། བུན་ད་རི་ཀ་གྲངས་མེད་པ་མངོན་པར་འཐོན་པར་མཐོང་སྟེ། ལ་ལ་ནི་མཐོ་གང་འཁོར་བ་ཙམ། ལ་ལ་ནི་འདོམ་གང་འཁོར་བ་ཙམ། ལ་ལ་ནི་ཤིང་རྟའི་འཁོར་ལོ་ཙམ་སྟེ། དེ་དག་ལ་ཡང་གཟུགས་སྣ་ཚོགས་ཀྱི་རྒྱན་མང་པོ་འཁོད་པར་མཐོང་སྟེ། འདི་ལྟར་བུད་མེད་ཀྱི་གཟུགས་དང་། སྐྱེས་པའི་གཟུགས་དང་། ཁྱེའུའི་གཟུགས་དང་། བུ་མོའི་གཟུགས་དང་། བརྒྱ་བྱིན་གྱི་གཟུགས་དང་། ཚངས་པའི་གཟུགས་དང་། འཇིག་རྟེན་གྱི་མགོན་པོའི་གཟུགས་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་དང་། འགྲོ་བ་ཐམས་ཅད་ཀྱི་གཟུགས་ཀྱི་དབྱིབས་སུ་འདུག་པའི་ལུས་ཁ་དོག་སྣ་ཚོགས་རྣམ་པ་དུ་མ་དང་ལྡན་པ་མང་པོ་ཐལ་མོ་སྦྱར་ཏེ། ལུས་འདུད་ཅིང་། ཕྱག་འཚལ་བར་འཁོད་པར་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་གཟུགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་སྐྱིལ་མོ་ཀྲུང་དུ་བཅས་ཏེ་བཞུགས་པ་དག་ཀྱང་མཐོང་ངོ་། །ས་ཆེན་པོའི་གཞི་བཻ་ཌཱུརྱ་ལས་གྲུབ་པ། མྱིག་མངས་རིས་སུ་འདུག་པའི་མྱིག་མངས་རིས་རེ་རེ་ནས་ 38-334b ཀྱང་གཟུགས་བརྙན་རྣམ་པར་དམྱིགས་པ་བསམ་གྱིས་མི་ཁྱབ་པ་མང་པོ་མཐོང་བར་གྱུར་ཏེ། །ཁང་བ་རྩེགས་པ། ལ་ལ་ལས་ནི་ཞིང་གི་གཟུགས་བརྙན་རྣམ་པར་དམིགས་པ། ལ་ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་བརྙན་རྣམ་པར་དམིགས་པ། ལ་ལ་ལས་ནི་སངས་རྒྱས་ཀྱི་གཟུགས་བརྙན་རྣམ་པར་དམིགས་པ་མཐོང་བར་གྱུར་ཏེ། ཁང་པ་བརྩེགས་པ་དེ་དག་གི་རྒྱན་དང་། ལྷབ་ལྷུབ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་། མྱིག་མངས་རིས་རེ་རེ་ལ་གཟུགས་བརྙན་དུ་སྣང་བར་མཐོང་ངོ་། །རིན་པོ་ཆེའི་ཤིང་རིན་པོ་ཆེའི་མེ་ཏོག་དང་། འབྲས་བུའི་མཛོད་སྣ་ཚོགས་དང་ལྡན་པ་དེ་དག་ཐམས་ཅད་ལས་ཀྱང་། ལུས་ཕྱེད་ཙམ་བྱུང་བའི་གཟུགས་དབྱིབས་སྣ་ཚོགས་དང་ཁ་དོག་སྣ་ཚོགས་སུ་འདུག་པ་མང་པོ་འཐོན་པར་མཐོང་སྟེ། ལ་ལ་ལས་ནི་སངས་རྒྱས་སྐུ་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་བྱང་ཆུབ་སེམས་དཔའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་འཁོར་ལོས་སྒྱུར་བ་དང་། མྱིའི་དབང་པོའི་ལུས་ཕྱེད་ཙམ་བྱུང་བ་དང་། ལ་ལ་ལས་ནི་རྒྱལ་བུ་གཞོན་ནུ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ལུས་ཕྱེད་ཙམ་བྱུང་བ་མཐོང་སྟེ། ལ་ལའི་ལ་གནས་ནི་མེ་ཏོག་ཕྲེང་བ་སྤྱོད་པ་དང་། ལ་ལའི་ལག་ནས་ནི་རིན་པོ་ཆེའི་ཕྲེང་བ་མངོན་པར་སྦྱོར་པ་དང་། ལ་ལའི་ལག་ནས་ནི་རྒྱན་ཐམས་ཅད་མངོན་པར་ཐོགས་པ་དང་། ལ་ལ་ནི་ལུས་ 38-335a འདུད་ཅིང་ཐལ་མོ་སྦྱར་ཏེ་མྱིག་མི་འགེབས་པར་ལྟ་ཞིང་ཕྱག་འཚལ་བ་དང་། ལ་ལ་ནི་མངོན་པར་བསྟོད་པ་དང་། ལ་ལ་ནི་མཉམ་པར་བཞག་པ་དང་། ལ་ལ་ནི་གསེར་གྱི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་དངུལ་གྱི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་བྱི་རུའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་རིན་པོ་ཆེ་བཻཌཱུརྱ་སྔོན་པོའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་མེ་ཏོག་ཙམ་པ་ཀའི་ཁ་དོག་ཏུ་འདུག་པ་དང་། ལ་ལ་ནི་འོད་ཀྱི་ལུས་དང་། ལ་ལ་ནི་མཚན་གྱིས་རྣམ་པར་བྲིས་པའི་ལུས་སུ་མཐོང་བར་གྱུར་ཏོ། །ཟླ་གམ་དེ་དག་ལས་ཀྱང་གཉི་ཟླ་དང་གཟའ་སྐར་གྱི་གཟུགས་བརྙན་གྲངས་མེད་པ་མང་པོ་འཐོན་ཏེ། ཕྱོགས་བཅུ་སྣང་བར་བྱེད་པ་མཐོང་བར་གྱུར་ཏོ། །ཁང་པ་དང་གཞལ་མེད་ཁང་དང་ཁང་པ་བརྩེགས་པའི་རྩིག་ངོས་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་མྱིག་མངས་རིས་སུ་བྲིས་པར་མཐོང་སྟེ། རིན་པོ་ཆེའི་མྱིག་མངས་རིས་དེ་དག་ཐམས་ཅད་ལས་ཀྱང་། བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རིམ་པས་ཇི་ལྟར་སྤྱད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རིམ་པར་མཐོང་བར་གྱུར་ཏེ། མིག་མངས་རིས་ལ་ལ་ལས་ནི་བྱང་ཆུབ་སེམས་དཔའ་བྱམས་པས་མགོ་བྱིན་པ་མཐོང་ངོ་། །ལ་ལ་ལས་ནི་མྱིག་བྱིན་པ་དང་། ལ་ལ་ལས་ནི་ལག་པ་བྱིན་པ་དང་། ལ་ལ་ལས་ནི་གཙུག་གི་རིན་པོ་ཆེ་བྱིན་པ་དང་། ལ་ལ་ལས་ནི་ཐོར་པག་དང་བཅས་པའི་གཙུག་གི་རིན་པོ་ཆེ་བྱིན་པ་དང་། ལ་ལ་ལས་ནི་སོ་བྱིན་པ་དང་། ལ་ལ་ལས་ནི་ལྕེ་བྱིན་པ་དང་། ལ་ལ་ལས་ནི་རྣ་བ་བྱིན་པ་དང་། ལ་ལ་ལས་ནི་སྣ་བྱིན་པ་དང་། ལ་ལ་ལས་ནི་སྙིང་བྱིན་པ་དང་། ལ་ལ་ལས་ནི་ཤ་དང་ 38-335b རྐང་བྱིན་པ་དང་། ལ་ལ་ལས་ནི་ཁྲག་བྱིན་པ་དང་། ལ་ལ་ལས་ནི་པགས་པ་དང་པྲི་བྱིན་པ་དང་། ལ་ལ་ལས་ནི་སེན་མོ་ཤ་དང་བཅས་པར་བྱིན་པ་དང་། ལ་ལ་ལས་ནི་དྲ་བར་འབྲེལ་བ་དང་། བཅས་པའི་སོར་མོ་བྱིན་པ་དང་། ལ་ལ་ལས་ནི་བུ་དང་། བུ་མོ་དང་ཆུང་མ་བྱིན་པ་དང་། ལ་ལ་ལས་ནི་རིན་པོ་ཆེའི་ཕུང་པོ་བྱིན་པ་དང་། ལ་ལ་ལས་ནི་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་དང་ཁམས་དང་། རྒྱལ་པོའི་གནས་བྱིན་པ་དང་། ལ་ལ་ལས་ནི་འཛམ་བུའི་གླིང་བྱིན་པ་དང་། ལ་ལ་ལས་ནི་གླིང་བཞི་བྱིན་པ་དང་། ལ་ལ་ལས་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་བྱིན་པ་དང་། ལ་ལ་ལས་ནི་རྒྱལ་པོའི་ཁྲི་བྱིན་པ་དང་། ལ་ལ་ལས་ནི་བྲན་ཕོ་སྨོས་བྱིན་པ་དང་། ལ་ལ་ལས་ནི་བཙུན་མོའི་འཁོར་བྱིན་པ་དང་། ལ་ལ་ལས་ནི་བཟའ་ཤིང་གི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་བྱིན་པ་དང་། ལ་ལ་ལས་ནི་གདུགས་དང་རྒྱལ་མཚན་དང་བ་དན་བྱིན་པ་དང་། ལ་ལ་ལས་ནི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་བྱིན་པ་དང་། ལ་ལ་ལས་ནི་ནད་ཀྱི་རྩི་བྱིན་པ་དང་། ལ་ལ་ལས་ནི་ཁ་ཟས་དང་། སྐོམ་གྱི་རྣམ་པ་མང་པོ་བྱིན་པ་དང་། ལ་ལ་ལས་ནི་ཡོ་བྱད་ཐམས་ཅད་བྱིན་པ་དང་། ལ་ལ་ལས་ནི་གནས་ཐམས་ཅད་བྱིན་པ་དང་། ལ་ལ་ལས་ནི་གཞལ་བའི་སྣོད་རིན་པོ་ཆེས་གང་བ་བྱིན་པ་དང་། ལ་ལ་ལས་ནི་རིན་པོ་ཆེའི་ཤིང་རྟ་བྱིན་པ་དང་། ལ་ལ་ལས་ནི་བཙོན་ར་ན་འཁོད་པ་ཐར་བར་བྱེད་པ་དང་། ལ་ལ་ལས་ནི་གསད་པར་ཆད་པ་ལས་ཐར་བར་བྱེད་པ་དང་། ལ་ལ་ལས་ནི་བྱིས་པ་གསོ་བ་བྱེད་པ་དང་། ལ་ལ་ལས་ནི་ལམ་སྟོར་བ་ལ་ལམ་སྟོན་པ་དང་། ལ་ལ་ལས་ནི་མཉན་པར་གྱུར་ཏེ། ཆུ་ཀླུང་གི་རྒྱུད་ལ་གྲུ་འདོར་བ་དང་། ལ་ལ་ལས་ནི་རྟའི་རྒྱལ་པོ་སྟོབས་ཀྱིས་སྒྲོལ་བར་གྱུར་ཏེ། རྒྱ་མཚོ་ཆེན་པོའི་སྲིན་པོའི་གླིང་དུ་ཕྱིན་པར་གྱུར་པའི་སེམས་ཅན་ཡོངས་སུ་ 38-336a སྐྱོབ་པ་དང་། ལ་ལ་ལས་ནི་དྲང་སྲོང་ཆེན་པོར་གྱུར་ཏེ། བསྟན་པ་མངོན་པར་བསྒྲུབ་པ་དང་། ལ་ལ་ལས་ནི་འཁོར་ལོས་སྒྱུར་བར་གྱུར་ཏེ། སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པ་དང་། ལ་ལ་ལས་ནི་སྨན་པར་གྱུར་ཏེ། ན་བའི་གསོས་སྨན་དང་། ལ་ལ་ལས་ནི་ཕ་མ་ལ་ཕུ་དུད་བྱེད་པ་དང་། ལ་ལ་ལས་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱེད་པ་དང་། ལ་ལ་ལས་ནི་ཉན་ཐོས་ཀྱི་ཁ་དོག་དང་། གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་རང་སངས་རྒྱས་ཀྱི་ཁ་དོག་དང་། གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་བྱང་ཆུབ་སེམས་དཔའི་ཁ་དོག་དང་། གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་སངས་རྒྱས་ཀྱི་སྐུ་མདོག་དང་སྐུ་གཟུགས་ཀྱིས་སེམས་ཅན་འདུལ་བ་ལ་བརྩོན་པ་དང་། ལ་ལ་ལས་ནི་སྐྱེས་པའི་རབས་ཀྱི་ཁྱད་པར་ཐམས་ཅད་ཀྱིས་སྐྱེ་བ་ཡོངས་སུ་བསྟན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ལ་ལ་ལས་ནི་ཆོས་སྨྲ་བའི་གཟུགས་ཀྱིས་དེ་བཞིན་གཤེག་པའི་བསྟན་པ་ལ་ཞུགས་ཏེ། ལུང་དབོག་པ་དང་། ཁ་ཏོན་བྱ་བ་དང་ཚུལ་བཞིན་དུ་དཔྱད་པར་བྱ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྒྱན་གྱིས་བརྒྱན་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། སངས་རྒྱས་མཆོད་པ་ལ་སེམས་ཅན་ཡོངས་སུ་བསྐུལ་བ་དང་། སྤོས་དང་བྱུག་པ་གསོལ་ཞིང་། འབྲུ་མར་དྲི་ཞིམ་པོས་བྱུག་པ་དང་། དྲིལ་བུ་དང་། མེ་ཏོག་གི་ཕྲེང་བ་གསོལ་བ་ལ་སྩོགས་པ། སངས་རྒྱས་ཀྱི་མཆོད་པ་རྣམ་པ་ཐམས་ཅད་ལ་བརྩོན་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་སེམས་ཅན་རབ་ཏུ་འགོད་པ་དང་། བསླབ་པའི་གནས་ལྔ་དང་། གསོ་སྦྱིན་གྱི་ཡན་ལག་བརྒྱད་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་བཙལ་བ་དང་། 38-336b རབ་ཏུ་འབྱུང་བ་དང་། ཆོས་མཉན་པ་དང་། ལུང་མནོད་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་བཞིན་ཡིད་ལ་བྱ་བ་ལ་སེམས་ཅན་དགོད་པར་བྱེད་པ་དང་། ཆོས་ཀྱི་གཏམ་བྱ་བའི་ཕྱིར་སེང་གེའི་སྟན་ལ་འདུག་ཅིང་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་འགྲེལ་བ་དང་། དེ་ལྟར་བྱང་ཆུབ་སེམས་དཔའ་བྱམས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མྱིག་མངས་རིས་དེ་དག་ལས་རྣམ་པ་གཞན་དང་གཞན་དུ་མཐོང་བར་གྱུར་ཏོ། དེས་ཁང་པ་བརྩེགས་པ། ལ་ལར་ནི་བྱང་ཆུབ་སེམས་དཔའ་བྱམས་པས་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་བསྙེན་བཀུར་བ་དེ་དག་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་རྒྱན་ཐམས་ཅད་ཀྱང་མཐོང་བར་གྱུར་ཏེ། དགེ་བའི་བཤེས་གཉེན་དེ་དག་ཐམས་ཅད་ཀྱི་དྲུང་དུ་བདག་ཉིད་ཕྱིན་ཅིང་། ཚུར་ཤོག་ནོར་བཟངས་ལེགས་པར་འོངས་སམ། མི་ངལ་ལམ། འདེ་རེ་བྱང་ཆུབ་སེམས་དཔའི་རྒྱན་དང་ཡུལ་རྣམ་པར་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་འདི་དག་ལ་ལྟོས་ཤིག །ཅེས་བསྒོ་ཞིང་གཏམ་ཤེས་པར་བྱེད་པར་གྱུར་ཏེ། དེ་ལྟར་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁང་པ་བརྩེགས་པ། དེ་དག་རེ་རེ་དང་། དམིགས་པ་དེ་དག་རེ་རེ་ལས་ཀྱང་། བསམ་གྱིས་མི་ཁྱབ་པའི་རྒྱན་དང་། ཡུལ་རྣམ་པར་སྤྲུལ་པ་འདི་དག་དང་། གཞན་དག་ཀྱང་གྲངས་མེད་པ་མང་པོ་མཐོང་བར་གྱུར་ཏེ། དྲན་པའི་མཐུ་ཉམས་པ་མེད་པ་དང་། མིག་ཡོངས་སུ་དག་པ། ཕྱོགས་ཀུན་ཏུ་རྣམ་པར་ལྟ་བ་དང་། ལྷག་མཐོང་ལ་ལྟ་བའི་ཡེ་ཤེས་སྒྲིབ་པ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་། བྱིན་གྱི་རླབས་ཀྱི་དབང་རབ་ཏུ་ཐོབ་པས། བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་རྣམ་པ་ལ་ཞུགས་པའི་ཡེ་ཤེས་ཀྱི་ས་ལ་གནས་ཏེ། མཐའ་ཡས་པའི་རྒྱན་དང་། ཡུལ་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ། 38-337a དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་དུ། གཟུགས་ཀྱི་དམིགས་པའི་ཁྱད་པར་སྣ་ཚོགས་མང་པོ་ཞིག་མཐོང་བར་གྱུར་ཏེ། འདི་ལྟར་ཁྱིམ་དང་གཞལ་མེད་ཁང་མདངས་དགའ་བའམ། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་མདངས་དགའ་བའམ། བཟའ་ཤིང་གི་ར་བ་དང་། ཀུན་དགའི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་མདངས་དགའ་བའམ། ཤིང་དང་། ཆུ་ཀླུང་དང་། རྫིང་དང་། རི་མདངས་དགའ་བ་འམ། གོས་དང་། ཁ་ཟས་དང་། བཏུང་བའི་ལོངས་སྤྱོད་ཉམས་སུ་བདེ་བའམ། གླུ་དང་། སིལ་སྙན་དང་། རོལ་མོའི་སྒྲ་སྙན་པ་སྣ་ཚོགས་ཀྱིས་རྩ་བ་ཉམས་སུ་དགའ་བ་ཞིག་མཐོང་ངམ། ཕ་མ་དང་གཉེན་བཤེས་དང་། བདག་ཉིད་འགྲོགས་པར་ཤེས་པར་གྱུར་པའམ། རྒྱ་མཚོ་ཆེན་པོ་དང་། རིའི་རྒྱལ་པོ་རི་རབ་དང་། ལྷའི་གནས་ཐམས་ཅད་དང་། འཛམ་བུའི་གླིང་དག་ན་བདག་དཔག་ཚད་བརྒྱ་ཕྲག་དུ་མར་གནས་པར་ཤེས་པར་གྱུར་ལ། ཁྱིམ་འམ་གནས་དེ་ཡང་ཤིན་ཏུ་ཡངས་ཤིང་། ཡོན་ཏན་དང་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པར་མཐོང་སྟེ། ཉིན་པར་ཞིག་ཡིན་པར་ཤེས་ཀྱང་། ནམ་དེ་ཡང་རིང་བ་དང་། ཐུང་བར་བྱེ་བྲག་མི་འབྱེད་ལ་རྨི་ལམ་ཡིན་པ་ཙམ་དུའང་མི་ཤེས་སོ། །བདག་ཉིད་ཀྱང་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་ཞིང་ལུས་ཀྱི་འདུ་བྱེད་ཟོ་བདོག་བདེ་ལ་སྙོམས་པ་དང་། གཉིད་མེད་དེ་མི་དགའ་བ་ཐམས་ཅད་ཡོངས་སུ་བསྩལ་བས། དགའ་བ་དང་། བདེ་བ་རྒྱ་ཆེན་པོ་ཉམས་སུ་མྱོང་སྟེ། ཡུན་ཀྱང་རིང་མོ་ཞིག་ལོན་པ་སྙམ་ནས། ཉིན་གཅིག་གམ། ཉིན་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ལོ་གཅིག་གམ། ལོ་བརྒྱའམ། དེ་བས་ཀྱང་རིང་བ་ཞིག་ལོན་པ་ཙམ་དུ་ཤེས་པར་གྱུར་ནས། ས་ངན་དེ་ཐམས་ཅད་ཀྱང་རྗེས་སུ་དྲན་ནོ། ། 38-337b དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་བྱིན་གྱི་རླབས་དང་། ཁམས་གསུམ་ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱིས་ཆུང་བའི་འདུ་ཤེས་འགགས་པའི་སེམས་དང་ལྡན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་རྣམ་པ་ཡངས་ཤིང་། རྒྱ་ཆེ་བ་དང་། སྒྲིབ་པ་མེད་པ་ལ་གནས་ཤིང་། བྱང་ཆུབ་སེམས་དཔའི་རྒྱན་གྱི་ཡུལ་ཁོང་དུ་ཆུད་ལ། བྱང་ཆུབ་སེམས་དཔའི་ཚུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བའི་བློ་དང་ལྡན་པས། རྒྱན་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཤེས་པར་གྱུར་ཏོ། །ཉམས་སུ་མྱོང་པར་གྱུར་ཏོ། །རྣམ་པར་དཔྱད་པར་གྱུར་ཏོ། །མཚན་མར་བྱས་པར་གྱུར་ཏོ། །དམིགས་ཀྱིས་རྟོགས་པར་གྱུར་ཏོ། །བདག་ཉིད་ཀྱང་། དེ་དག་ན་འདུག་པར་ཤེས་པར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན། མི་ནད་པ་སེམས་ཀྱི་རྒྱུད་ཐ་མ་བྱུང་བར་གྱུར་ཏེ། དེ་མ་ཐག་ཏུ་སྐྱེ་བའི་སེམས་ཉེ་བར་གནས་ནས། ལས་ཀྱི་སྲིད་པ་མངོན་དུ་གྱུར་ན། ལས་ཇི་ལྟ་བུར་བྱས་ཤིང་བསགས་པའི་རྣམ་པར་སྨིན་པས། ལས་མི་དགེ་བའི་རྐྱེན་གྱིས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་ལམ། གཤིན་རྗེའི་མྱི་ལག་ཆ་གཉེམས་པ་ཐོགས་པ། གཤེ་ཞིང་ཁྲོ་བ་དག་ཀྱང་མཐོང་བར་འགྱུར། སེམས་ཅན་དམྱལ་བའི་ངུད་མོ་དང་། འོ་དོད་ཀྱི་སྒྲ་ཡང་ཐོས་པར་གྱུར་ལ། བ་ཚྭའི་ཆུ་དེ་དག་ཀྱང་མཐོང་སྟེ། སྤུ་གྲིའི་སོ་བཤིབས་པའི་རི་དེ་དག་དང་། ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་དེ་དག་དང་། རལ་གྱིའི་སོའི་ནགས་ཚལ་དེ་དག་ཀྱང་། མཐོང་བར་གྱུར་ཏམ། སེམས་ཅན་དམྱལ་བ་དེ་དག་ཀྱང་། ཀུན་ནས་འབར་ཞིང་ཡོངས་སུ་འབར་བ་དང་། རབ་ཏུ་འབར་བ་དང་། ལྕགས་ཀྱི་བུམ་པ་གཅིག་ཏུ་འབར་བ་དེ་ 38-338a དག་ཀྱང་། མཐོང་བར་གྱུར་ལ། གནོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་གནོད་པར་བྱ་ཞིང་། ཚོར་བ་དེ་དག་ཀྱང་ཉམས་སུ་མྱོང་བ་ཙམ་དུ་ཤེས་པར་གྱུར་ཏེ། སེམས་ཅན་དམྱལ་བ་པ་དེ་དག་ཀྱང་། མེའི་གདུང་བས། སྡུག་བསྔལ་བ་ཞིག་ཏུ་མཐོང་ངམ། བདག་གིས་མྱོང་བར་གྱུར་ཏམ། ལས་དགེ་བའི་ཚོགས་ཀྱིས་ལྷའི་ཁང་པ་དང་། གནས་ཤིག་མཐོང་བར་གྱུར་ཏམ། ལྷའི་འཁོར་དང་། ལྷ་མོའི་ཚོགས་དང་། རྒྱན་རྣམ་པར་ཕྱེ་བ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏེ། བཟའ་ཤིང་གི་ར་བ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཆུ་ཀླུང་དང་། རྫིང་དང་། རིན་པོ་ཆེའི་རི་དང་། ཡིད་བཞིན་གྱི་ཤིང་དང་། ལོངས་སྤྱོད་མང་པོ་མཐོང་ངོ་། །ཉམས་སུ་མྱོང་པར་གྱུར་ཏེ། ཚེའི་ཡུན་ཀྱང་དེ་དང་མཉམ་པར་ཤེས་པར་གྱུར་ན། དེ་ནི་འདི་ནས་ཀྱང་འཕོས་པ་མེད། དེར་ཡང་སྐྱེས་པ་མེད་དེ། མི་སྣང་བར་མ་གྱུར་བཞིན་དུ། ལས་ཀྱི་ཡུལ་བསམ་གྱིས་མྱི་ཁྱབ་པས་བྱ་བའི་རྣམ་པ་དེ་ལྟ་བུ་དག་ཤེས་ཤིང་མཐོང་ལ་ཉམས་སུ་མྱོང་བར་རུང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའི་ལས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར། རྒྱན་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན། སྐྱེས་བུ་འབྱུང་པོའི་གདོན་གྱིས་ནོན་པས་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་མང་པོ་མཐོང་སྟེ། ཅི་དྲིས་པ་དེ་དག་གི་ལུང་ཡང་སྟོན་ཏོ། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་བྱིན་གྱིས་རླབས་ཀྱི་མཐུས་རྒྱན་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། ཀླུའི་ཁང་པར་ཕྱིན་པའི་སྐྱེས་བུ་ནི། ཀླུའི་འདུ་ཤེས་ 38-338b ཀྱི་རྣམ་པ་ལ་ཞུགས་པས། ཉི་མ་གཅིག་གམ། ཉི་མ་བདུན་ནམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ལོ་གཅིག་གམ། ལོ་བརྒྱར་ཡང་འདུ་ཤེས་ཀྱི་རྣམ་པར་ཤེས་ཏེ། ཀླུའི་འདུ་ཤེས་ཀྱི་རྣམ་པ་དང་། བྲལ་ནས། མིའི་འདུ་ཤེས་ཀྱི་རྣམ་པར་ན་ཡིད་ཙམ་ལས་མ་ལོན་པར་མཐོང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་རྣམ་པ་མ་བཏང་བའི་བློ་དང་ལྡན་པས་ཀྱང་། བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་ཀྱིས། ཡུད་ཙམ་གཅིག་པོ་དེ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཤེས་པར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན། ཚངས་པ་ཆེན་པོའི་གཞལ་མེད་ཁང་འགྲོ་བ་ཐམས་ཅད་ན་རྒྱན་གྱི་དམ་པ་ཕུལ་ཞེས་བྱ་བ་ཡོད་དེ། དེའི་ནང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་། གཟུགས་བརྙན་གྱི་ཚུལ་དུ་དམིགས་པ་ཐམས་ཅད་དང་མ་འདྲེས་པར་གསལ་བར་སྣང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀྱང་། རྒྱན་དེ་དག་ཐམས་ཅད་དམིགས་པ་ཐམས་ཅད་དུ། ཕན་ཚུན་མ་འདྲེས་པ་དང་། ཕན་ཚུན་མ་འཛིངས་པར་གཟུགས་བརྙན་རབ་ཏུ་བྱུང་བ་མཐོང་ངོ་། །འདི་ལྟ་སྟེ། དཔེར་ན། རྒྱས་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་རྣམ་པར་སྤྱོད་པའི་དགེ་སློང་ནི། གཅིག་པུ་གཉིས་སུ་མེད་པར་ཁང་བུའམ། འཆག་ས་འམ། འདུག་པའི་གནས་ན་འདུག་གམ། འགྲེང་ཡང་རུང་སྟེ། འཇིག་རྟེན་ཐམས་ཅད་རྒྱས་པའི་སྐྱེ་མཆེད་གང་ལ་སྙོམས་པར་ཞུགས་པའི། ཡུལ་བཞིན་དུ་བསམ་གཏན་པའི་ཡུལ། བསམ་གྱིས་མི་ཁྱབ་པར་མཐོང་ཞིང་། ཉམས་སུ་མྱོང་ངོ་། །དེ་བཞིན་དུ་ཚོང་དཔོན་གྱི་ 38-339a བུ། ནོར་བཟངས་ཀྱིས་ཀྱང་ཡུལ་གང་ལ་ཞུགས་པའི་ཚུལ་བཞིན་དུ་རྒྱན་དེ་དག་ཐམས་ཅད་མཐོང་ཞིང་ཤེས་ཏེ། ཉམས་སུ་མྱོང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། དྲི་ཟའི་གྲོང་ཁྱེར་རྣམས་ཀྱི་རྒྱན་དང་ལྷབ་ལྷུབ་ཐམས་ཅད་ནམ་མཁའི་དབྱིངས་ལ་བྱུང་བ་ནི་ཡོངས་སུ་སྣང་ཡང་ཅི་ལ་ཡང་སྒྲིབ་པར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། གནོད་སྦྱིན་གྱི་གཞལ་མེད་ཁང་མིའི་ཁང་པ་ན་འདུག་པའམ། མིའི་ཁང་པ་གནོད་སྦྱིན་གྱི་ཁང་པའི་ཁོངས་ན་འདུག་པ་ནི་ཕན་ཚུན་ཐ་མི་དད་དེ་ལས་ཀྱི་ཡུལ་རྣམ་པ་ཇི་ལྟར་དག་པའི་ཚུལ་བཞིན་དུ་སྣང་ངོ་། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྒྱའི་གཟུགས་བརྙན་ལྟར་སྣང་ངོ་། །འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་ནི་སྔགས་དང་རིག་སྔགས་དང་། རྩིའི་མཐུ་དང་བྱིན་གྱི་རླབས་ཀྱིས་གཟུགས་ཀྱི་རྣམ་པ་ཐམས་ཅད་དང་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་དང་། ཡེ་ཤེས་སྒྱུ་མ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པས་བྱང་ཆུབ་སེམས་དཔའི་དབང་དང་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ཤེས་པ་སྒྱུ་མའི་སྟོབས་ཀྱི་མངོན་པར་བསྒྲུབས་པའི་མཐུས་རྒྱན་གྱི་ཡུལ་རྣམ་པར་སྤྲུལ་པ་དེ་དག་ཐམས་ཅད་མཐོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཁང་པ་བརྩེགས་པ་དེའི་ནང་དུ་སོང་སྟེ། བྱིན་གྱི་རླབས་དེ་དག་བརྟུལ་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་སེ་གོལ་གྱི་སྒྲ་བྱས་ཏེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་གྱི་ལོངས་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རྣམ་པར་བསྒྲུབ་ན་ཉེ་བར་འགྲུབ་པའི་མཚན་ཉིད་དེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བྱིན་ 38-339b གྱིས་བརླབས་པའོ། །རང་བཞིན་དེ་ལྟ་བུ་སྟེ་ཡོངས་སུ་མ་གྲུབ་པའོ། །སྒྱུ་མ་དང་རྨི་ལམ་དང་གཟུགས་བརྙན་ལྟ་བུའོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སེ་གོལ་གྱི་སྒྲ་དེས་ཏིང་ངེ་འཛིན་དེ་ལས་ལངས་པར་གྱུར་པ་དང་། དེ་ལ་བྱང་ཆུབ་སེམས་དཔའ་བྱམས་པས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་རྣམ་པར་འཕྲུལ་པ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཐུ་དང་རྒྱུ་མཐུན་པ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཡེ་ཤེས་ཀྱིས་རྣམ་པར་བསྒྲུབས་པ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་གནས་མདངས་དགའ་བ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྡུ་བ་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་འབྱུང་བའི་སྒོ་ཐོས་མོད། ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྒྱན་ཚད་མེད་པ་མཐོང་མོད། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྨོན་ལམ་རྣམ་པ་ཐ་དད་པའི་ཁྱད་པར་མཐོང་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བར་བྱས་མོད། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་དགའ་བ་དང་བདེ་བ་མྱོང་མོད་ནོར་བཟངས་ཀྱིས་སྨྲས་པ་འཕགས་པ་དགེ་བའི་བཤེས་གཉེན་གྱི་བྱིན་གྱི་རླབས་དང་དགེ་བའི་བཤེས་གཉེན་གྱི་དགོངས་པ་དང་དགེ་བའི་བཤེས་གཉེན་གྱི་མཐུས་མཐོང་ངོ་། །འཕགས་པ་རྣམ་པར་ཐར་པ་འདིའི་མིང་ཅི་ཞེས་བགྱི་སྨྲས་པ། རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ནི་དུས་གསུམ་གྱི་དམིགས་པ་ཐམས་ཅད་ལ་ཤེས་པ་རབ་ཏུ་ཞུགས་པའི་དྲན་པ་ཉམས་པ་མེད་པས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་སྟེ། རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ལྟ་བུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ནི་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐོབ་བོ། །ནོར་བཟངས་ཀྱིས་སྨྲས་པ། 38-340a འཕགས་པ་རྒྱན་དེ་དག་གང་དུ་མཆིས། སྨྲས་པ་གང་ནས་འོང་བ་དེར་རོ། །ནོར་བཟངས་ཀྱིས་སྨྲས་པ་གང་ནས་མཆིས་སྨྲས་པ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་མངོན་པར་བསྒྲུབས་པ་ལས་འོངས་སོ། །དེ་ནི་བྱིན་གྱི་རླབས་དེ་ཉིད་ལ་གནས་ཤིང་གང་དུ་ཡང་སོང་བ་མེད་ལ་འཕོས་པ་མེད་དོ། །ཕུང་པོར་གྱུར་པ་མེད་དོ། །ཚོགས་སུ་གྱུར་པ་མེད་དོ། །བརྩེགས་པར་གནས་པ་མེད་དོ། །དངོས་པོར་གནས་པ་མེད་དོ། །ཡུལ་ན་གནས་པ་མ་ཡིན་ནོ། །ཕྱོགས་ན་གནས་པ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཀླུ་རྣམས་ཀྱི་སྤྲིན་གྱི་དྲ་བ་ནི་ལུས་ལ་ཡང་མི་གནས། སེམས་ལ་ཡང་མི་གནས་ནང་ལ་ཡང་མི་གནས་མོད་ཀྱི་ཀླུའི་སེམས་ཀྱི་དབང་དང་ཀླུའི་དབང་བསམ་གྱིས་མི་ཁྱབ་པས་ཆར་གྱི་རྒྱུན་ཚད་མེད་པ་བཀྱེ་བ་ནི་མེད་པ་མ་ཡིན་ཏེ་སྣང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་རྒྱན་དེ་དག་ཀྱང་ནང་ནའང་གནས་མ་ཡིན། ཕྱི་རོལ་ན་གནས་པ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་དབང་དང་། ཁྱོད་ཀྱི་སྣོད་བཟང་པོའི་ཕྱིར་མི་སྣང་བར་ཡང་མ་ཡིན་ནོ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོས་ནི་སྒྱུ་མའི་ཡུལ་ཐམས་ཅད་ཡོངས་སུ་བསྟན་ཀྱང་གང་ནས་ཀྱང་འོངས་པ་མེད་བཤིག་ཀྱང་གང་དུ་ཡང་འགྲོ་བ་མྱེད་དེ། འཕོ་བ་མྱེད་མོད་ཀྱི་སྔགས་དང་རྩིའི་མཐུས་ཡོངས་སུ་མི་སྣང་བ་མ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་རྒྱན་དེ་དག་ཀྱང་གང་དུ་ཡང་སོང་བ་མེད། གང་ནས་ཀྱང་འོངས་པ་མེད་ལ་གང་དུའང་ཕུང་པོར་གྱུར་བ་མྱེད་མོད་ཀྱི། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྱུ་མ་བསམ་གྱིས་མི་ཁྱབ་པ་ལ་ཤིན་ཏུ་བསླབས་པ་དང་། སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང་། ཡེ་ཤེས་ཀྱི་དབང་གིས་ཡོངས་སུ་མི་སྣང་བ་མ་ཡིན་ནོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་པ་ཤུལ་ཇི་སྲིད་ཅིག་ནས་གཤེགས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ 38-340b འགྲོ་བ་ནི་འོང་བ་མེད་པར་འགྲོའོ། །གཡོ་བ་དང་གནས་པ་མེད་པར་འགྲོའོ། །གནས་དང་བརྟེན་མེད་པར་འགྲོའོ། །ཤི་འཕོ་དང་སྐྱེ་བ་མེད་པར་འགྲོའོ། །གནས་པ་དང་འཕོ་བ་མེད་པར་འགྲོའོ། །གཡོ་བ་དང་ལྡང་བ་མེད་པར་འགྲོའོ། །ལྟོས་པ་དང་གནས་མེད་པར་འགྲོའོ། །ལས་དང་རྣམ་པར་སྨིན་པ་མེད་པར་འགྲོའོ། །མྱི་སྐྱེ་བ་དང་མི་འགག་པར་འགྲོའོ། །རྟག་པ་མེད་པ་དང་ཆད་པ་མེད་པར་འགྲོའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་འདུལ་བའི་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་སྐྱོབ་པས་བྱམས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་གང་དུ་དགའ་བར་སྐྱེ་བས་ཚུལ་ཁྲིམས་སོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་སྔོན་གྱི་བྱིན་གྱི་རླབས་ཀྱིས་སྨོན་ལམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ཐམས་ཅད་དུ་བཞིན་ཡོངས་སུ་སྟོན་པས་མངོན་པར་ཤེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་གཡོ་བ་མེད་པས་མངོན་པར་འདུ་བྱ་བ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ལུས་དང་སེམས་ཡོངས་སུ་མི་གཏོང་བས་ལེན་པ་དང་འདོར་བ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འབྲང་བས་ཤེས་རབ་དང་ཐབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་མིག་ཡོར་དང་གཟུགས་བརྙན་དང་། སྤྲུལ་པ་ལྟ་བུ་ཡིན་པས་སྤྲུལ་པ་ཡོངས་སུ་སྟོན་པའོ། །རིགས་ཀྱི་བུ་གཞན་ཡང་ཁྱོད་ལམ་ཇི་སྲིད་ཅིག་ནས་འོངས་ཤེས་ཁྱོད་ཀྱིས་སྨྲས་པ་ནི། རིགས་ཀྱི་བུ་ང་ནི་ཚེའི་ས་ཡུལ་ཕྲེང་བ་སྟོབས་ཀྱི་གྲོང་རྡལ་ཁང་ཁྱིམ་ཅན་ཞེས་བྱ་བ་དེ་ན་ཚོང་དཔོན་ས་སྐྱོང་ཞེས་བྱ་བ་ཞིག་ཡོད་དེ། དེ་སངས་རྒྱས་ཀྱི་ཆོས་ལ་བཞག་ 38-341a ནས་ཚེའི་སའི་མི་རྣམས་ལ་སྣོད་ཀྱི་ཚུལ་བཞིན་དུ་ཆོས་བསྟན་པ་བྱས་ཏེ། ཕ་མ་དང་བྲམ་ཟེ་དང་ཁྱིམ་བདག་དང་གཉེན་བཤེས་སུ་འོང་བ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་བསྐུལ་ནས་འདིར་འོངས་སོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་གང་ལགས། སྨྲས་པ་རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ལྷག་པའི་བསམ་པ་ནི་དགེ་བའི་བཤེས་གཉེན་གྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ས་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྨོན་ལམ་མངོན་པར་བསྒྲུབ་པ་ནི་སྤྱོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྙིང་རྗེ་ཆེན་པོ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྟོགས་པར་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐེག་པ་ཆེན་པོ་ནི་ཐབས་མཁས་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སེམས་ཅན་ཡོངས་སུ་སྨིན་པར་བ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐབས་དང་ཤེས་རབ་གཉིས་ནི་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ཡོན་ཏན་ནི་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེད་པས་བྱང་ཆུབ་ 38-341b སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། རིགས་ཀྱི་བུ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །རིགས་ཀྱི་བུ་ཐབས་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འོ་མའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་མའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྷབ་ལྷུབ་དང་རྒྱན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྐྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱོད་པ་རྣམ་པར་དག་པར་བྱེད་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བསླབ་པ་ལ་སྤྱོད་དུ་འཇུག་པའོ། །བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ནི་གྲོགས་པོའོ། །དགེ་བའི་རྩ་བའི་ཆོས་ཐམས་ཅད་ནི་གཉེན་བཤེས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཕུ་ནུའོ། བྱང་ཆུབ་ཀྱི་སེམས་ནི་རིགས་སོ། །ནན་ཏན་ནི་རིགས་ཀྱི་ཆོས་སོ། །སའི་གནས་ནི་རིགས་ཀྱི་གནས་སོ། །བཟོད་པ་ཐོབ་པ་ནི་རིགས་སུ་རིགས་དང་ལྡན་པར་སྐྱེས་པའོ། །སྨོན་ལམ་མངོན་པར་བསྒྲུབ་པ་ནི་རིགས་ཀྱི་གཞུང་ཐོབ་པའོ། །སྤྱོད་པ་རྣམ་པར་དག་པ་ནི་རིགས་ཀྱི་ཆོས་ཀྱི་རྗེས་སྙེགས་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་བསྐུལ་བ་ནི་རིགས་ཀྱི་རྒྱུན་མི་གཅོད་པའོ། །དབང་བསྐུར་ནས་ཚེ་གཅིག་གིས་ཐོགས་པ་ནི་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོའོ། །དེ་བཞིན་གཤེགས་པ་ཉིད་དུ་ཡང་དག་པར་བསྒྲུབ་པ་ནི་རིགས་ཀྱི་རྒྱུད་ཡོངས་སུ་དག་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་བྱིས་པ་ཐ་དད་པའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་བྱུང་བ་ཡིན། དེ་བཞིན་གཤེགས་པའི་རྒྱུད་ལ་རབ་ཏུ་གནས་པ་ཡིན། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅད་པ་ལ་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་ 38-342a བསྡུ་བ་ལ་མངོན་པར་བརྩོན་པ་ཡིན། རིགས་དང་རུས་ཀྱི་ཡོངས་སུ་དག་པ་ཡིན། མནད་ཀྱི་རྒྱུད་ཀྱི་སྨད་དུ་མེད་པ་ཡིན། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་རིགས་ལ་སྨོས་པའི་སྐྱོན་ཐམས་ཅད་ཀྱི་ཁ་ན་མ་ཐོ་བ་མྱེད་པ་ཡིན་ཏེ། སངས་རྒྱས་ཀྱི་རིགས་དམ་པར་སྐྱེས་ལ་སྨོན་ལམ་ཆེན་པོའི་ལུས་དང་ལྡན་པས་རིགས་ཀྱིས་བཙུན་པ་ཡིན་ནོ། །རིགས་ཀྱི་བུ་རྒྱུད་ཀྱི་རིགས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་ཡོངས་སུ་ཤེས་པས་འཇིག་རྟེན་གྱི་སྐྱེ་གནས་ཐམས་ཅད་དུ་སྨད་པ་མེད་པ་ཡིན་ཏེ་སྲིད་པའི་སྐྱེ་གནས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་པས་སྲིད་པའི་ལམ་གྱི་རྒྱུད་དུ་སྐྱེ་ཞིང་གནས་པ་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། ཆོས་ཐམས་ཅད་ལ་བདག་མེད་པར་ཁོང་དུ་ཆུད་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བས་ཡོངས་སུ་མི་སྐྱོའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ལུས་དང་ལྡན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་ངལ་བར་མི་འགྱུར་རོ། །འཁོར་བ་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་རྟོགས་པས་བསྐུལ་པ་ཐམས་ཅད་དུ་གནས་པས་སྒྱིད་ལུག་པར་མི་འགྱུར་རོ། །ཕུང་པོ་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པས་སྐྱེ་བ་དང་ཤི་འཕོ་བ་དང་འཆི་བ་ཡོངས་སུ་བསྟན་པ་ཐམས་ཅད་ཀྱིས་དུབ་པར་མི་འགྱུར་རོ། །ཁམས་དང་སྐྱེ་མཆེད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རབ་ཏུ་རྟོགས་པས་ཡུལ་ཐམས་ཅད་ཀྱི་རྨ་མི་འབྱུང་ངོ་། །འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཤིན་ཏུ་བསྒོམས་པས་འཁོར་བའི་དགའ་བ་ཐམས་ཅད་ཀྱིས་མོས་པར་མི་འགྱུར་རོ། །སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་རྣམ་པར་བརྩེ་བས་བདུད་ཀྱི་ཡུལ་ཐམས་ཅད་ཀྱིས་མི་དོགས་སོ། །ཆོས་ཀྱི་ལས་ 38-342b སུ་བྱུང་བས་ཉོན་མོངས་པ་ཐམས་ཅད་དུ་སྨོས་སུ་མེད་དོ། །སྐྱེ་བ་ལ་དབང་རབ་ཏུ་ཐོབ་པས་འགྲོ་བའི་རྒྱུད་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ང་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྐྱེ་གནས་ཀྱི་ཁོངས་སུ་ཆུད་པའི་ལུས་དང་འགྲོ་བ་ཐམས་ཅད་ཀྱི་གཟུགས་དང་མཉམ་པའི་ཁ་དོག་གི་ཁྱད་པར་དང་སེམས་ཅན་ཐམས་ཅད་དང་མཉམ་པའི་ངེས་པའི་ཚིག་གི་བྱེ་བྲག་དང་། འགྲོ་བ་ཐམས་ཅད་དང་མཉམ་པའི་མྱིང་རྣམ་པ་ཐ་དད་པ་དང་། སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་མཉམ་པའི་སྤྱོད་ལམ་དང་འགྲོ་བ་རྣམ་པར་གདུལ་བ་ཐམས་ཅད་དང་མཉམ་པའི་འཇིག་རྟེན་གྱི་རྗེས་སུ་འབྲང་བ་དང་། སེམས་ཅན་རྣམ་པར་དག་པར་བྱ་བ་ཐམས་ཅད་དང་མཉམ་པའི་ཚེ་དང་། རིགས་སུ་སྐྱེ་བ་ཡོངས་སུ་བསྟན་པ་དང་། བྱིས་པའི་སྤྱོད་པ་ཐམས་ཅད་དང་མཉམ་པའི་བྱ་བ་ལ་འཇུག་པའི་སྒོ་དང་། སེམས་ཅན་གྱི་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་དང་མཉམ་པའི་ཡོངས་སུ་ཤེས་པར་བྱ་བ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྤྲུལ་པ་ཐམས་ཅད་དང་མཉམ་པའི་ལུས་ཡོངས་སུ་བསྟན་ཅིང་བརྗོད་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། སྔོན་སྐལ་བ་མཉམ་པར་སྤྱོད་སྤྱོད་པའི་སེམས་ཅན་བྱང་ཆུབ་ཀྱི་སེམས་སྟོར་བར་གྱུར་པ་རྣམས་ཡོངས་སུ་སྨྱིན་པར་བྱ་བ་དང་། འཛམ་བུའི་གླིང་དུ་སྐྱེས་པའི་ཚེ་ཡོངས་སུ་བསྟན་པ་དང་། ལྷོ་ཕྱོགས་ཀྱི་རྒྱུད་འདིའི་ཡུལ་ཕྲེང་བ་སྟོབས་ཀྱི་གྲོང་རྡལ་ཁང་ཁྱིམ་དང་ལྡན་པ་ཞེས་བྱ་བ་འདིའི་བྲམ་ཟེའི་རིགས་སུ་སྐྱེས་པ་རྣམས་དང་། ཕ་མ་དང་གཉེན་བཤེས་སུ་འོང་བ་རྣམས་རྣམ་པར་གདུལ་བ་དང་། བྲམ་ཟེའི་རིགས་དང་། རྒྱུད་ཀྱི་ཁྱད་པར་གྱིས་རིགས་ཀྱི་ང་རྒྱལ་ཅན་དུ་གྱུར་པ་འདི་དག་ང་རྒྱལ་ཅན་དུ་གྱུར་པ་འདི་དག་ང་རྒྱལ་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་པའི་དོན་དུ་འདིར་སྐྱེས་སོ། །རིགས་ཀྱི་བུ་དེ་ལྟར་ང་ལྷོ་ཕྱོགས་ཀྱི་རྒྱུད་འདི་ན་ 38-343a ཐབས་རྣམ་པ་འདི་ལྟ་བུས་སེམས་ཅན་བསམ་པའི་ཚུལ་ཇི་ལྟ་བུ་དང་ལྡན་པ་དང་། རྣམ་པ་ཇི་ལྟ་བུར་འདུལ་བ་རྣམས་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་བྱེད་ཅིང་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་འདི་ན་འདུག་གོ། འདི་ནས་ང་ཤི་འཕོས་ནས་ཀྱང་བསམ་པའི་ཚུལ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། དགའ་ལྡན་གྱི་རིགས་སུ་གཏོགས་པའི་ལྷའི་བུ་སྐལ་བ་མཉམ་པར་སྤྱོད་སྤྱོད་པ་རྣམས་ཡོངས་སུ་སྨྱིན་པར་བྱ་བ་དང་། འདོད་པའི་ཁམས་ནས་ཡོངས་སུ་འདས་པ་ཐམས་ཅད་ལ་འང་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་དང་། སྤྲུལ་པའི་རྒྱན་ཡོངས་སུ་བསྟན་པ་དང་། འདོད་པའི་དགའ་བའི་སྲེད་པ་ལས་རྣམ་པར་བཟློག་པ་དང་། འདུ་བྱེད་ཐམས་ཅད་མྱི་རྟག་པ་ཉིད་དུ་བསྟན་པ་དང་། ལྷར་སྐྱེས་པ་ཐམས་ཅད་ཀྱང་མཐར་གུད་པར་གྱུར་པ་ཡོངས་སུ་བསྟན་པ་དང་། ཡེ་ཤེས་ཆེན་པོའི་ཆོས་ཀྱི་སྒོ་འཆི་འཕོའི་རྣམ་པ་ཞེས་བ་བ་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཡང་དག་པར་བགྲོ་བར་བྱ་བ་དང་། ལྷན་ཅིག་ཡོངས་སུ་སྨིན་པར་གྱུར་པ་རྣམས་དེར་སྐྱེ་བར་ཡོངས་སུ་བསྡུ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀྱེ་བའི་འདུལ་བའི་པད་མོ་རྣམས་ཀྱང་ཁ་དབྱེ་བའི་ཕྱིར་དགའ་ལྡན་གྱི་གནས་སུ་སྐྱེ་བ་ཡོངས་སུ་སྟོན་ཏེ། དུས་ལ་བབ་པ་ལ་བསམ་པ་ཡོངས་སུ་རྫོགས་ནས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་ཀྱིས། ངས་བྱང་ཆུབ་ཐོབ་ནས་ཀྱང་རིགས་ཀྱི་བུ་ཁྱོད་དང་། འཇམ་དཔལ་གཞོན་ནུར་གྱུར་པར་བཅས་པས་ད་དུང་ཡང་མཐོང་བར་འགྱུར་རོ། །སོང་རིགས་ཀྱི་བུ་ད་དུང་ཡང་འཇམ་དཔལ་གཞོན་ནུར་གྱུར་པའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། 38-343b ཇི་ལྟར་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་པར་བྱ་བ་དང་། ཇི་ལྟར་མངོན་པར་བསྒྲུབ་པ་དང་། ཇི་ལྟར་སྨོན་པར་བྱ་བ་དང་། ཇི་ལྟར་རྒྱས་པར་བྱ་བ་དང་། ཇི་ལྟར་རྗེས་སུ་འབྲང་བར་བྱ་བ་དང་། ཇི་ལྟར་ཡོངས་སུ་སྦྱང་བར་བྱ་བ་དང་། ཇི་ལྟར་ཁོང་དུ་ཆུད་པར་བྱ་བ་དང་། ཇི་ལྟར་ཡོངས་སུ་རྫོགས་པར་བྱ་བ་དྲིས་ཤིག་དང་། དགེ་བའི་བཤེས་གཉེན་དེས་ཁྱོད་ལ་སྟོན་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད་པ་མངོན་པར་བསྒྲུབ་པ་དེ་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་ཡང་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པའི་སྨོན་ལམ་མངོན་པར་བསྒྲུབ་པ་ནི་ཚད་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་མངོན་པར་བསྒྲུབ་པ་ནི་ཚད་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཡུམ་ལྟ་བུའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་གདམས་ངག་སྟོན་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་རབ་ཏུ་བརྩོན་པའོ་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མྱིང་གི་འཁོར་ལོས་རྣམ་པར་རྒྱས་པར་གྱུར་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གཏམ་གྱི་སྐྱེས་བུར་གྱུར་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་ཤིང་བསྟོད་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ་ཆོས་ཟབ་མོའི་ཡེ་ཤེས་ལ་རྣམ་པར་སྤྱོད་པའོ། །འཇམ་དཔལ་གཞོན་ནུར་གྱུར་ 38-344a པ་ནི་རྣམ་པར་ཐར་བ་ཐམས་ཅད་ཀྱི་ཚུལ་ཐམས་ཅད་ལ་རིང་དུ་སོང་བའི་སྤྱོད་ཡུལ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོ་ལ་ཞུགས་པའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་དེ་ནི་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་སྐྱེད་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཕེལ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཚོགས་མང་པོ་རབ་ཏུ་སྒྲུབ་པའོ། །ཡང་དག་པའི་དགེ་བའི་བཤེས་གཉེན་སྟོན་པའོ། །ཡོན་ཏན་ཐམས་ཅད་ལ་ཡང་དག་པར་སྐུལ་བའོ། །སྨོན་ལམ་ཆེན་པོའི་དྲ་བ་ཐམས་ཅད་དུ་འཇུག་པའོ། །སྨོན་ལམ་མངོན་པར་བསྒྲུབ་པ་ཐམས་ཅད་ལ་རབ་ཏུ་གཞོག་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བ་ཐོས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཡང་དག་པར་སྟོན་པའོ། །སྔོན་གྱི་ཚེའི་གནས་སུ་སྐལ་བ་མཐུན་པར་སྤྱད་པའོ། །རིགས་ཀྱི་བུ་དེ་བས་ན་ཁྱོད་ད་ལྟར་ཡང་འཇམ་དཔལ་གྱི་རྐང་པའི་དྲུང་ན་འདུག་གིས་ཡོན་ཏན་གྱི་གདམས་ངག་ཐམས་ཅད་ཐོབ་པར་བྱ་བ་ལ་ཡོངས་སུ་སྐྱོ་བ་མ་སྐྱེད་ཅིང་ཡོངས་སུ་སྒྱིད་ལུག་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ནོར་བཟངས་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་མཐོང་བ་དང་། སྤྱོད་པའི་སྒོ་ཇི་སྙེད་ཅིག་ཐོས་པ་དང་། རྣམ་པར་ཐར་པའི་ཚུལ་ཇི་སྙེད་ཅིག་ལ་ཞུགས་པ་དང་། སྨོན་ལམ་གྱི་ཁྱད་པར་ཇི་སྙེད་ཅིག་ཁོང་དུ་ཆུད་པ་དེ་དག་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་མཐུ་དང་བྱིན་གྱི་རླབས་སུ་བལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཐམས་ཅད་ལའང་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པའོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། བྱང་ཆུབ་སེམས་དཔའ་བྱམས་ 38-344b པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་བརྒྱ་རྩ་བཅུ་ཀུན་ཏུ་རྒྱུས་ཏེ། ཕྱོགས་ཀྱི་གནས་ཡིད་བདེ་བ་མངོན་དུ་འགྱུར་བ་ཞེས་བྱ་བ་ཞིག་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སེམས་ཤིང་རྣམ་པར་ལྟ་བས་འཇམ་དཔལ་གཞོན་ནུར་གྱུར་བ་མཐོང་བར་མོས་ཤིང་། སྨོན་ལམ་ཕྲད་པར་དགའ་བས་སྡོད་ཅིང་འདུག་འདུག་པ་དང་། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། དཔག་ཚད་བརྒྱ་རྩ་བཅུའི་ཕ་རོལ་ནས་ལག་པ་བརྐྱང་སྟེ། ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཡིད་བདེ་བ་མངོན་དུ་འགྱུར་བ་ན་འདུག་པའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དད་པའི་དབང་པོ་དང་མྱི་ལྡན་པ་སེམས་སྐྱོ་བ་ཅན་བསམ་པ་ཞུམ་པ་ཅན་སྦྱོར་བ་བོར་བ་བརྩོན་འགྲུས་ལྡོག་པ། ཡོན་ཏན་ཅུང་ཟད་ཀྱིས་དགའ་བར་རྩི་བ། དགེ་བའི་རྩ་བ་གཅིག་ལ་ཞེན་པར་གནས་པ། སྤྱོད་པ་དང་སྨོན་ལམ་མངོན་པར་བསྒྲུབ་པ་ལ་མྱི་མཁས་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བ། སངས་རྒྱས་ཀྱིས་མ་དགོངས་པ་རྣམས་ཀྱིས་ནི་ཆོས་ཉིད་འདི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བ་དང་ཚུལ་འདི་ལྟ་བུ་དང་། སྤྱོད་ཡུལ་འདི་ལྟ་བུ་དང་། གནས་འདི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བ་འམ། རྣམ་པར་ཤེས་པར་བྱ་བ་འམ། ཁོང་དུ་ཆུད་པར་བྱ་བ་འམ། འཇུག་པར་བྱ་བ་འམ། ཡིད་ཆེས་པར་བྱ་བ་འམ། བརྟག་པར་བྱ་བའམ། རྟོགས་པར་བྱ་བའམ། ཐོབ་པར་བྱ་བར་མྱི་ནུས་སོ། །ཞེས་ཏེ་དེས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་པ་དང་། ཡང་དག་པར་བསྐུལ་པ་དང་། གཟེངས་བསྟོང་པ་དང་དགའ་བར་བྱས་ཏེ་ཆོས་ཀྱི་སྒོ་གྲངས་མྱེད་པ་དང་། ལྡན་པར་བྱས་ནས་ཡེ་ཤེས་མཐའ་ཡས་པའི་སྣང་བ་ཆེན་པོ་ཐོབ་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་གཟུངས་དང་། སྤོབས་པ་དང་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་མཐའ་ཡས་པའི་བྱིན་གྱིས་བྱིན་དུ་བརླབས་པར་བྱས་ཏེ། ཀུན་ཏུ་བཟང་པའི་སྤྱོད་པའི་  
<center><h3 class="clear-none pb-2">༈ མཁས་མཆོག་བློ་བཟང་རབ་གསལ་མདུན་ཕུལ་རྒྱུ་རྗེས་མའོ། །</h3></center> <center>(ཡང་ལན)</center> <center>མི་ཕམ་རྣམ་རྒྱལ་རྒྱ་མཚོ།</center> ན་མོ་མཉྫུ་ཤྲཱི་ཡེ། མཁས་དབང་གི་གསུང་ཡིད་ཀྱི་གདུང་སེལ་གནང་འབྱོར་བཀའ་དྲིན་ཆེ། གསུང་བཟང་དོན་བཟང་མཇལ་འདོད་སྐྱེས་ནས་ལན་གཉིས་ཞིབ་བལྟས་ཀྱི་དོན་རྟགས་མཚར་ཞུས་ཙམ་ལས་ལན་གཞན་མེད་ལགས། རྗེ་བླ་མར་བསྟོད་པ་ཡོན་ཏན་མཐུན་སྣང་དུ་གྲུབ་པ། ཉིད་ཀྱིས་ཇི་སྐད་གསུངས་པ་ལྟར་ངེས་སོ་ཞེས་སྨྲས་པ་མིས་ཁ་ཉེན་འགོག་ཆེད་ག་ལ་ཡིན། ལྟ་བ་ནི་བོད་སྔ་རབས་པ་དང་མཐུན་པ་དང་། ཕྱི་རབས་པ་ཁ་ཅིག་གིས་སྒེར་ཆོས་སུ་བཀའ་སྩལ་བ་གཉིས་མཐུན་སྣང་དུ་གྲུབ་པར་བསྙོན་མི་ནུས་པས། དེ་དེའི་ཕྱོགས་བཟུང་ནས་བརྩད་ཀྱང་རྗེ་བླ་མ་བཀག་པར་མི་འགྱུར་ཏེ། གྲུབ་མཐའ་སྨྲ་བ་བཞི་ནང་མི་མཐུན་པར་བརྩད་ཀྱང་སངས་རྒྱས་བཀག་པ་མིན་པ་དང་འདྲའོ།། དེ་གཉིས་ཀྱི་དྲང་ངེས་ནི་མཐར་ཐུག་དཔྱོད་པའི་རིགས་པས་འབྱེད་པ་ལས་ལུང་ཙམ་སྐྱབས་སུ་མི་འགྱུར་བ་བདེན་ནོ། །འདི་དྲང་པོ་ཟོལ་མེད་ཀྱི་ངག་ཡིན་ཡང༌། ཐེག་ཆེན་ངེས་དོན་གྱི་མདོ་ལུང་རྣམས་ཧ་ཤང་གི་དགོངས་པ་རྫོགས་བྱེད་དུ་གཟིགས་ནས་སྟོན་པ་སངས་རྒྱས་ཧ་ཤང་གི་ཕྱོགས་སུ་བརླན་པ་ལྟ་ན་ཅི་མི་གསུངས། འོན་ཀྱང་དགོངས་པ་ཅན་གྱི་གསུང་མངའ་བ་ལ་སུས་སྨོད། གངས་ཅན་ཡུལ་དབུས་ནས་བྱུང་ཚད་ལེགས་བཤད་ཆེ་ལ་གཞན་དེ་ལྟར་མིན་པ་དང་། མི་མང་བའི་གྲྭ་སའི་ཁྲོད་དུ་བསྡད་པ་ཤེས་རབ་ཆེ་ལ། གཞན་ཆུང་བ་ལྟར་གསུངས་པ་ལྟར་ཡུལ་དུས་རེས་འགར་ངེས་ཀྱང་། ཐམས་ཅད་དུ་དེ་ལྟར་ངེས་པ་མེད་མོད། ལྗགས་ཆབ་བྲན་པའི་གཏམ་ཐམས་ཅད་འཐད་པར་བྱིན་གྱིས་རློབས་ནུས་པའི་དག་སྣང་བྱའོ།། ཟབ་དོན་དང་མི་རྟག་པར་མྱོང་བ་ཐོན་པས་དགག་སྒྲུབ་ཀྱི་ཡིག་ཆ་མི་རྩོམ་པ་དམ་པ་གཞན་ལ་ཐལ་མ་ཆེས་ན་བདག་ལ་འོས་པའི་གསུངས་རེད། སེམས་དང་བདག་འཛིན་རྐྱེན་བཞི་ལས་སྐྱེ་ཡང༌། རྐྱེན་བཞིའི་ནང་ན་སེམས་མེད་པ་མི་སྲིད་པས་སེམས་མེད་སེམས་ཅན་སོགས་མི་སྲིད་ལ། དེ་བཞིན་རྒྱུ་འབྲས་ཐམས་ཅད་སྤྱིར་ཐོག་མེད་ནས་རྒྱུན་གྱིས་འཇུག་ཀྱང་། བདག་འཛིན་གཉིས་པོ་ལྷན་ཅིག་ཐོག་མེད་ནས་རྒྱུན་ཆགས་སུ་འཇུག་པ་མིན་པར། སྔ་མའི་ཚེ་ཕྱི་མ་མེད་པ་སྲིད་ཀྱང་རུང་ཞེས་སྨྲོས་ཏེ། བུམ་འཛིན་གྱི་དུས་སུ་སྣམ་འཛིན་ངེས་པར་ཡོད་མི་དགོས་པ་བཞིན་ཡང་། འདི་ཡི་སུན་འབྱིན་གྱི་ཚེར་མ་དྲུང་ནས་འབྱིན་པའི་འབད་པ་མི་རྩོམ་སྟེ་བླ་མའི་ཐུགས་ཀྱི་ཁམས་འདུས་ཞི་བའི་རྟེན་དུ་བཞག་གོ། ཀློང་ཆེན་པའི་གསུངས་ཚིགས་བཅད་དེའི་དོན་ཕྱོགས་མགོ་ཡང་དེ་ལྟར་ཡིན་མི་འདུག་པས་དགག་པ་མཛད་ཅུང་སྔར་སོང་ཡང་ཤེས་རབ་མྱུར་བའི་མངོན་རྟགས་ཙམ་ལས་སྐྱོན་ག་ལ་མངའ། སྒྲ་བསྡུ་ཚུལ་འདིར། ཤེར་ཕྱིན་ལྟ་བུ་མིང་བསྡུ་བ་དང༌། ནམ་མཁར་སོགས་ལ་ཕྱིས་ནས་རྣམ་དབྱེ་སྦྱར་བར་འགྲིགས། འམ་གཏོགས་པའི་རྗེས་འཇུག་གཞན་ལ་མི་འགྲིགས་ཏེ། སངས་རྒྱས་ཕྱག་འཚལ། ཆོས་ཕྱག་འཚལ། དགེ་འདུན་ཕྱག་འཚལ་ཞེས་དང༌། གླང་ལ་ཞོན་པ་ལ་གླང་ཞོན། གྲི་གུག་གིས་བཅད་པ་ལ་གྲི་གུས་བཅད་ཅེས་པ་ལ་སོགས་པ་བཞིན་ནོ།། དུས་འཁོར་བསྡུས་རྒྱུད་དུ་སྒྲ་ལ་ཞེན་པའི་ང་རྒྱལ་བཅག་ནས་དོན་ལ་རྟོན་ཕྱིར་རྣམ་དབྱེ་སོགས་བསྣོལ་ཏེ་སྒྲ་ཉམས་པ་ལྟར་མཛད་པ་ལྟར་ཡིན་ཀྱང་རུང་། ནམ་མཁའི་པདྨོ་སོན་ཞེས་མི་གསུངས་པར་འོ་བརྒྱལ་མཛད་པ་ལ་དོན་གཞན་ཡོད་ཀྱང་འཆི། ཙམ་སྒྲ་རང་བྱུང་ཡོད་དར་ན་འདི་ཡང་དེ་དང་ཆ་འདྲ་ཡིན་ཀྱང་རུང་། ཨ་ཀྱང་དོན་གོ་ན་ཚིག་གི་བརྗོད་ཚུལ་ཙམ་ལ་འཆེལ་བས་ཅི་བྱ། ཙམ་སྒྲ་ལས་འཕྲོས་ནས་རྫོགས་ལྡན་གྱི་དུས་དེ་རྟགས་ཙམ་འཛིན་པའི་དུས་སུ་ཐལ་བ་འཕངས་པའི་ངག་འདིར་རྟགས་ཁྱབ་གྲུབ་ཚུལ་གསུངས་རུང་། ཞེ་འདོད་དང་བརྗོད་ཚུལ་གང་གི་དབང་དུ་བྱས་ཀྱང་ལྟག་ཆོད་ཉེར་བཞིའི་ཟླར་སོང༌། བསམ་མེད་གཉིས་མེད་སོགས་འགོག་བདེན་གྱི་ཡོན་ཏན་ལམ་བདེན་གྱིར་གསུངས་པའི་དོན་མ་འཚལ། སོ་སྐྱེ་ལ་རྟོགས་གེ་བས་ཁྱབ་པ་ལྟར་གསུངས་པ་ལ། ས་མཚམས་དམན་པའི་རྟོག་གེ་དང་། གྲུབ་མཐའི་རྟོག་གེ་སོགས་ཀྱི་དབྱེ་བ་མཁས་པ་དག་གིས་མཛད་པ་ལྟར་ཆ་ཕྱེད་དགོས་པར་སྣང་། ཧ་ཤང་གི་གཞུང་ཡོད་ཅེས་སྔ་ཕྱིར་ལན་གཉིས་དེའི་དགོངས་རྫོགས་ལྟ་བུར་མ་བསྐྱལ་ཀྱང༌། དེ་དག་སྔར་ཡང་ཐོས། དེ་ལྟ་གཞུང་དེ་དག་མཐོང་རྒྱུ་མི་འདུག་ཅེས་སྨྲས་པ་ལ། ཆོས་རྒྱལ་བཀའ་བཙན་པས་ཡིན་གསུངས། ཕྲ་རྒྱས་བཞི་བཅུའི་གྲངས་འདྲེན་ནན་བསྙགས་མིན་གསུང་ཀྱང་། ནན་གྱིས་བསྙགས་ཀྱང་བློར་མི་གདའ་བ་ཡིག་ཚོགས་སུ་འཚོལ་བ་སོགས་དགོས་པ་ཆུང་བས་གྲངས་བགྲང་བར་རྔོ་མ་ཐོགས་པ་ཐུགས་དགྱེས་པའི་རྟེན་མཛོད། སྤྱིར་བདག་ལྟ་དང་དེ་དང་ལྷན་ཅིག་པའི་རྨོངས་ཆགས་སོགས་ལའང་། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས་ཞེས་གསུངས་པ་ལྟར་ན་དེ་འདྲའི་ཐ་སྙད་ཐོབ་ལ། དེར་མ་ཟད་ཉོན་མོངས་ཅན་གྱི་སེམས་སེམས་བྱུང་མཚུངས་ལྡན་དུ་གྱུར་པ་ཐམས་ཅད་ལ་དེ་ལྟར་སྦྱར་ཏེ་ཁམས་དང་སྤང་བྱ་སོགས་ཀྱི་སྒོ་ནས་དབྱེ་བའི་ཕྲ་རྒྱས་མང་པོ་བཤད་རུང་མོད། དེ་འདྲའི་སྤྲོས་པ་ལ་དོན་ཆེན་པོ་མི་སྣང་། གཞན་ཡང་མདོ་རྒྱུད་རིག་གནས་དང་བཅས་པའི་གཞུང་དགོངས་འགྲེལ་དང་བཅས་པར་རྣམ་གྲངས་སྣ་ཚོགས་ཚད་མེད་ཡོད་པ་ཐམས་ཅད་ཐོགས་མེད་དུ་སྨྲ་ནུས་པ་ནི་ལྷག་ལྷས་རྗེས་གཟུང་ཅན་ལྟ་བུ་མ་གཏོགས་སོ་སྐྱེ་ཕལ་གྱིས་དཀའ་བ་སྨྲོས་མ་དགོས། བདག་ནི་སོ་སྐྱེའི་ནང་ནས་ཀྱང་ཆེས་ཞན་ལགས་པས། ཤེས་རྒྱུ་ཤིན་ཏུ་ཉུང་ལ། མི་ཤེས་རྒྱུ་ཚད་མེད་པས། ཅུང་ཟད་ཤེས་པ་རེ་བྱུང་ན་ཁྲོ་ཚུལ་དང་། མི་ཤེས་པ་བྱུང་བར་དགྱེས་ཚུལ་མཛད་པ་འདྲ་ཡང་། བཀའ་གདམས་པའི་བཤེས་གཉེན་ཆེན་པོས་གདུལ་བྱ་འདུལ་བའི་དབང་བཟུང་བ་ལོས་ཡིན། དོན་ཆུང་རྩེད་ཞུས་དེ་ཙམ་ལ། དོན་ཆེ་བ་བདེན་གཉིས་ངོ་བོ་དབྱེར་མེད་ཆོས་ཀྱི་དབྱིངས་ལ་དོན་དམ་མཐར་ཐུག་ཏུ་འདོད་པའི་ལུགས་ལྟར་ན། དེ་གཟིགས་ངོར་བདེན་གཉིས་ཐ་དད་སྲད་བུ་དཀར་ནག་བསྒྲིལ་པ་ལྟ་བུའི་ཟུང་ཚོགས་སུ་ཇི་ལྟར་སྣང་། སོ་སོ་རང་གིས་རིག་པར་བྱ་བའི་དབྱིངས་སྤྲོས་བྲལ་འབའ་ཤིག་དེ་གཟིགས་པ་ལ་དོན་དམ་གཟིགས་པའི་ཐ་སྙད་སྐྱོན་མེད་ཐོབ། བདེན་གཉིས་ངོ་བོ་ཐ་དད་དུ་ཕྱེ་བའི་སྟོང་རྐྱང་དེ་འབའ་ཤིག་དོན་དམ་མཐར་ཐུག་ཡིན་ན། བདེན་གཉིས་ངོ་བོ་དབྱེར་མེད་དོན་དམ་མ་ཡིན་པར་འགྱུར་ལ། ཀུན་རྫོབ་ཀྱང་མིན་པར་འགྱུར་རོ།། དེ་ལྟ་ན་སངས་རྒྱས་ཀྱི་སར་ཡང་བདེན་གཉིས་ཐ་དད་དུ་གཟིགས་དགོས་ཀྱི། བདེན་གཉིས་ཐ་དད་དུ་ཞེན་པའི་དྲི་མ་སྤང་པས་བདེན་གཉིས་ངོ་བོ་དབྱེར་མེད་དུ་གཟིགས་ཞེས་ཞལ་བཞེས་མཛད་པ་ལ་འཐད་པ་སྒྲུབ་ཏུ་མེད་ཅིང་། སྔ་རབས་པའི་བདེན་གཉིས་ཟུང་འཇུག་གམ་དབྱེར་མེད་ལ་ལན་བརྗོད་པ་རྣམས་ཀྱང་ཅི་རིགས་སླར་ལྡོག་གོ། གལ་ཏེ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་གཉིས་སྣང་གི་བག་ཆགས་ཕྲ་མོ་ཡང་མི་མངའ་བར་ཁས་བླང་ནས། སླར་ཡང་ཀུན་རྫོབ་གཉིས་སྣང་ཅན་དང་། དོན་དམ་གཉིས་སྣང་མེད་པ་ཟུང་ཚོགས་དང༌། རྟོག་རྟོག་མེད་སྤྲོས་སྤྲོས་མེད་སོགས་གཉིས་ཀ་ཡིན་པའི་ཆལ་ཆོལ་སྨྲས་པ་དངོས་འགལ་མིན་ན་འགལ་བ་ཞེས་པ་གཞན་བཙལ་ཀྱང་མི་རྙེད་པས་གཞན་ལ་འགལ་བརྗོད་དོན་མེད་དོ།། མང་ཉོབ་མི་སྤྲོ་སྟེ་བདེན་མེད་མེད་དགག་སྟོང་པ་ཕྱང་ཆད་དང་། བདེན་མེད་སྤྲོས་བྲལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཁྱད་ཕྱེས་ན་ནོར་སོ་ཅུང་ཟད་མེད་དོ། །ཁོང་མཚར་གཏམ་ལ་དགྱེས་ཚུལ་མཛད་པས། དོན་དུ་མེད་པའི་གྲལ་མགོར་བཞུགས་སོགས་གསུངས་པ་ལ་མཚར་ཞུས། ཁྱེད་ནི་ཚིག་གི་རྟོག་ཆེན་མཛད་པ་འདི་འདྲའི་ཐུགས་དམ་ལ་སྐུ་ཚེ་རིལ་པོར་བརྩོན་པ་མི་ལྷོད་པའི་ཀློག་པ་པོ་ཡ་མཚན་ཅན་ཞིག་ལགས་པས། དོན་དུ་མེད་པའི་ཚོགས་དབུས་དེར་སྤྱན་དྲངས་ནས་ཞིག་པ་དངོས་པོར་གྱུར་པའི་ཁྲི་ལ་བཞུགས་སུ་གསོལ་ཞིང་། མེད་དགག་སྟོང་རྐྱང་གི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བར་མཛད་པ་ལ། མིང་རྐྱང་བཏགས་ཡོད་ཙམ་གྱི་སྟོང་འབུལ་ཁྲི་འབུལ་ཕུལ་བ་དགྱེས་པར་བཞེས་ཤིག བརྗོད་མེད་ཀྱི་ཤེས་བྱ་སྤྲོས་བྲལ་སྟོང་ཉིད་ཡིན་གསུངས་པ་ཁས་ལེན་འགའི་ཚུལ་ལྟར་ན། སྟོང་ཉིད་སྒྲས་བརྗོད་དུ་མེད་པ་དང་། ངའི་མ་མོ་གཤམ་ཡིན་ཞེས་པ་མཚུངས་པར་རང་ཚིག་གིས་བསལ། བློས་དེ་རྟོགས་ཚུལ་བརྗོད་དུ་མེད་པར་བཤད་ན། གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བཤད་པས་རྟོགས་ཚུལ་བརྗོད་དུ་ཡོད་པར་གྲུབ། ཇི་ལྟ་བ་བཞིན་བརྗོད་མི་རུང་བར་འཁྲིས་ན། བུ་རམ་དང་ལན་ཚྭའི་རོ་མྱོང་བ་སོགས་དེ་འདྲ་ཐམས་ཅད་ལ་ཐལ་ཆེས། ཚིག་ལ་མི་རྟོན་དོན་ལ་རྟོན་པའི་ཚུལ་གྱིས་བཤད་ན་ནི་དེ་འདྲིའི་བརྗོད་པ་རིགས་མཐུན་ཐམས་ཅད་ཀྱང་འགལ་མེད་དུ་འགྱུར་ལ། དེ་ལྟ་ན་རྩོད་པ་ཆོས་ཀྱི་ཕྱོགས་སུ་རང་ཞིའོ།། བདག་མེད་རྟོགས་པའི་ཤེས་རབ་སྨོས་ཚེ་སྒོ་ལྔའི་ཤེས་པ་མ་སྨོས་ཐབས་ཆག་ཅི་ཡོད། ཡོད་ན་སྒོ་ལྔའི་ཤེས་པའི་འཁོར་དུ་སེམས་བྱུང་དུ་མ་ཡོད་པས་ད་དུང་ཁྱེད་ཀྱིས་སྨྲོས་པ་དེ་བས་མང་བ་ལུས་ཡོད་པ། བྱིས་པ་གསར་བུས་ཤེས་ནུས་རྒྱུ་ཡིན་ན་རྒན་པོས་ལྟ་ཅི་སྨྲོས། ཐམས་ཅད་ཤེས་རབ་དང་ལྡན་པའི་ཚིག་པྲ་བཟང་བར་གསུངས་པ་ཙམ་མོ།། བྱེ་སྨྲས་ཚད་མས་མ་དམིགས་ན་མེད་པར་སྤྱིར་ངེས་ཀྱང་། རྒྱང་ཕེན་པས་ལྐོག་གྱུར་རྗེས་དཔག་གིས་གཞལ་བྱ་ཡིན་པ་སྤྱིར་ངེས་ནུས་པ་དཀའ་སྟེ། རྗེས་དཔག་མི་འདོད་པ་སོགས་ཀྱི་ཕྱིར། སྨྲ་བ་ཕལ་ཆེར་བསམ་པའི་འཛིན་ལུགས་ཀྱིས་བརྗོད་པ་ཡིན་པས། ད་དུང་ནན་གྱིས་བསྒྲུབ་ན་སྐྱོན་མེད་ཙམ་བརྗོད་རྒྱུའི་དབུལ་བ་མཁས་པའི་ཞལ་ལ་མེད་དོ།། སྟོང་ཉིད་ལ་ཆད་མཐའ་སེལ་ནུས་ཡོད་པ་གཞིར་བཅས་ཀྱང་། སྟོང་ཉིད་མེད་དགག་འདི་སྔར་ལག་རྐྱང་པ་ཡིན་པས་ཆད་མཐའ་འགོག་པའི་ནུས་པ་ཁྱིམ་མཚེས་ཀུན་རྫོབ་ཚང་ལ་སློང་དགོས་པས་ཧ་ཅང་བསེར་ཞད་ཆེ་བར་གཡར་ཚབ་ཡིན་ཀྱང་། ཉིད་རྣམ་པའི་ཐུགས་རྩེ་གཏད་ཡུལ་འདི་ཕྱིས་སུ་གནས་གྱུར་ནས་རང་དབང་གིས་ཆད་མཐའ་སེལ་བའི་གོ་ཆོད་པར་གྱུར་པ་ལ་ངེས་ཚོ་ཡང་སྣང་བ་སྤྲོ། ཨ་མཚར་རྩེད་མོ་ལགས་ཏེ། སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་གོ་ཞིང་བདེན་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་ན། དེ་འདྲའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱིས་ཆད་མཐའ་སེལ་བར་ཐེ་ཚོམ་ག་ལ་ཡོད། ཀུན་རྫོབ་དང་དོན་དམ་དུ་ཡོད་མེད་ཀྱིས་གོ་ཆོད་མི་ཆོད་སྤྱིར་ཁས་ལེན་ཚུལ་ལྟར་ན། ཀུན་རྫོབ་ཏུ་ཡོད་ན་བདེན་པ་གཉིས་ཆར་ཡོད་གོ་ཆོད་པའམ། དེ་གཉིས་གང་ཡང་མིན་པའི་ཡོད་ཚུལ་ཕུང་གསུམ་པའི་གོ་ཆོད་པ་ཞིག་བཙལ། དེ་བཞིན་དོན་དམ་མེད་པ་བདེན་པ་ཉིས་ཆར་རམ། གཞན་དུ་གོ་མི་ཆོད་ཚུལ་བརྟག ཁྱད་པར་མ་སྦྱར་པའི་བརྗོད་པ་དེ་འདྲ་སྦྱིར་ཐ་སྙད་དུ་གོ་ཚུལ་ལྟར་ན། རང་བཞིན་གྱིས་གྲུབ་པ་མེད་པས་མེད་གོ་མ་ཆོད་ན་དེ་ཇི་ལྟར་བྱ། དེ་ཐ་སྙད་དུ་ཡང་མེད་པས་མེད་གོ་ཆོད་ན། དེ་ལས་གཞན་དོན་དམ་དུ་མེད་ལ་མེད་གོ་མི་ཆོད་པ་གྲྭ་ས་ཆེན་པོ་རྣམས་སམ་གང་དུ་གཟོད་བཙལ་བར་བྱ། ཐབ་ཀར་ཐོ་བས་བརྡུང་བའི་འོ་བརྒྱལ་མཛད་ཞོཪ་འདི་ལ་མཁྱེན་པའི་སྤྱན་ཟུར་ཙམ་གཟིགས་རྒྱུ་བྱུང་ན་ལེགས། ཨ་མཚར་ཞུ་བ་དེ་ཙམ་སྟེ། དོན་ལ་རྟོན་པའི་སྒོ་ནས་ལེགས་པར་བཤད་ན་ཚིག་ཙམ་ལ་འཆེལ་མི་དགོས་ཏེ་དོན་འདྲ་བར་འབབ་བོ།། འདིར་སྨྲས་པ། <div class="text-150r pl-4 p-bl-fix"> <br> སྨྲ་བའི་གླང་ཆེན་རིགས་པའི་ལུས་སྟོབས་རྒྱས།། མང་ཐོས་སྣ་ཞགས་རིང་དུ་སྐྱོང་བ་ལ།། ཉམས་ཆུང་བློ་དམན་སྤྲེའུ་ལྟ་བུ་ཡིས།། རྩེད་མོ་བྱས་པའི་ནོངས་པ་མཐོལ་ལོ་བཤགས།།</br> <br> དགོས་མེད་སྨྲ་འཆལ་མང་པོ་སྤྱིར་ཡང་བསྡམ།། མཁྱེན་བཟང་ཁྱོད་ཀྱི་གསུངས་ཟེར་བློ་སྣང་གསལ།། སྨྲ་དབང་ཁྱོད་ལ་འགྲོགས་རྣམས་བསྐལ་པ་བཟང༌།། སྐྱེ་གཞན་ཡང་དག་ཆོས་བགྲོས་ཆོས་འཛིན་ཤོག།</br> <br> སྟོང་པ་ཉིད་ཀྱི་གཏུན་ཁུང་དུ།། རིག་པའི་ཡེ་ཤེས་གཏུན་བུ་ཡིས།། བདག་འཛིན་རྣམ་རྟོག་བརྡུང་བྱེད་པའི།། གཏུན་བརྡུང་མཆོག་ཏུ་ཁྱོད་གྱུར་ཅིག།</br> <br> ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ།། ཀུན་རྨོངས་སྒྲིབ་པའི་བུད་ཤིང་ཀུན།། ཤེས་རབ་ཆེན་པོའི་མེས་བསྲེག་པའི།། སྲེད་བྱེད་མཆོག་ཏུ་ཁྱོད་གྱུར་ཅིག།</br> <br> ཆགས་སྡང་ཚ་གྲང་འཐབ་པ་ལ།། ཐབས་ཤེས་སྨན་གྱི་སྦྱོར་བ་ཡིས།། ཟུག་རྔུ་དྲུང་ནས་འབྱིན་བྱེད་པའི།། སྨན་པ་མཆོག་ཏུ་ཁྱོད་གྱུར་ཅིག།</br> <br> དབེན་པ་བསྟེན་པ་དོན་ལྡན་ཞིང༌།། རྣམ་གཡེངས་བདུད་ཀྱི་བསླུ་བྲིད་མེད།། ཞི་གནས་ལྷག་མཐོང་ཟུང་དུ་འཇུག། སྒྲུབ་བརྩོན་མཆོག་ཏུ་ཁྱོད་གྱུར་ཅིག།</br> <br> ཐ་སྙད་ཚིག་གི་བརྗོད་ཚུལ་སྣ་ཚོགས་ཀྱང་།། དོན་ལ་མཁས་པས་དཔྱད་ན་འགལ་མེད་མཐོང་།། དགོངས་པའི་ཆུ་བོ་ངེས་དོན་རྒྱ་མཚོ་རུ།། འདྲེས་པར་གྱུར་ན་རྩོད་མེད་ཐམས་ཅད་བདེ།།</br> <br> བདེ་བའི་ལམ་ནས་བདེ་བའི་འབྲས་བུ་ཐོབ།། མཐུན་པའི་ངག་གིས་ཆོས་མཐུན་འབེལ་གཏམ་གླིང་།། རྟོག་པའི་རླབས་ཞི་ཞི་གནས་རྒྱ་མཚོ་དྭངས།། མཁྱེན་གཉིས་འོད་གསལ་ཕྱོགས་རྣམས་གསལ་གྱུར་ཅིག།</div></br> ཅེས་པའང་ཀུ་ས་ལི་ཨ་ཛི་ཏའམ་མིང་གཞན་སུ་དྷི་སཱརྱ་གྲགས་པས་བྲིས་པ་དགེ་ལེགས་འཕེལ་རྒྱས་བཀྲ་ཤིས་པར་གྱུར་ཅིག དགེའོ།། །། <div class="text-150r pl-4 p-bl-fix"> <br> ༈ ཨོཾ་སྭ་སྟི། དཀར་ཆོས་ཡོན་ཏན་དཔག་ཡས་ཚངས་པ་ལྷས།།</br> <br> བསིལ་ལྗོངས་དགེ་མཚན་ཐོག་མའི་སྒོ་ཕྱེས་ཏེ།། ཐུགས་བསྐྱེད་སྐྱ་རེངས་ཕོ་ཉས་འགུགས་པའི་མགྲོན།། པཎ་གྲུབ་ནམ་མཁའི་བླང་པོས་ཕྱོགས་ཁྱབ་པས།།</br> <br> སྲིད་འགྲོའི་གདུང་བ་དྲུང་ནས་འབྱིན་པ་དང་།། ཕན་བདེའི་དུས་ཀྱི་རླབས་ཕྲེང་གིས་མཛེས་ཤིང་།། བྲལ་སྨིན་ཡོན་ཏན་ཀུན་གྱི་གཞིར་གྱུར་པ།། ལེགས་གསུངས་རིན་ཆེན་ཆུ་གཏེར་མཆོག་ཏུ་སྨིན།།</br> <br> རྣམ་དག་ཚུལ་ཁྲིམས་གཙང་མའི་ཁང་བཟང་དུ།། མང་ཐོས་ལུང་གི་གཟི་འོད་འབར་བ་དང་།། གཟུངས་སྤོབས་ཏིང་འཛིན་འབྱོར་བའི་གདེང་ཀ་ཅན།། གསར་རྙིང་མཁས་གྲུབ་ཀླུ་དབང་རིམ་པར་བྱོན།།</br> <br> ཉན་བཤད་སུམ་རྩེན་དབང་པོའི་དགའ་ཚལ་ན།། བསླབ་གསུམ་རྩ་བ་བརྟན་པའི་དཔག་བསམ་ཤིང་།། ཀུན་ཕན་འདོད་དགུ་སྦྱིན་དང་ཆབས་གཅིག་ཏུ།། དྲི་མེད་ལྟ་གྲུབ་མཐོན་པོའི་ཁོ་ལག་རྫོགས།།</br> <br> དེང་དུས་རྒྱལ་ལབསྟན་ཉི་མ་ནུབ་རིར་ཕྱོགས།། བསྟན་འཛིན་ཕལ་ཆེར་ཞི་བའི་དབྱིངས་སུ་གཟིམས།། འཁྲུལ་རྟོག་མཚན་མོའི་མུན་པར་སྤྱོད་པ་ཡི།། འབྱུར་པོའི་བྱ་ཚོགས་འགལ་འདུའི་ཅ་ཅོ་སྒྲོགས།།</br> <br> དེ་ཕྱིར་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི།། སྤྱི་གཟུགས་གཉིས་པ་ཟློས་འདྲའི་མི་ཕམ་པ།། ལེགས་བཤད་འཕྲུལ་གྱི་བུམ་བཟང་ཀེ་ཏ་ཀར།། ཟབ་གནད་བདུད་རྩིའི་དག་བྱེད་སྤེལ་བ་ལ།།</br> <br> ཕས་རྒོལ་གླང་པོའི་འདུ་བ་མང་བྱུང་ཡང་།། ཕྱོགས་འཐེན་གྱ་གྱུའི་བསྒྲོད་ལ་མི་དགྱེས་ཤིང་།། གཟུར་གནས་རིགས་ལམ་དྲང་ཐིག་གཙོར་མཛད་པའི།། བློ་བཟང་རབ་གསལ་མཆོག་ལ་སྤྲིང་བ་ཡི།།</br> <br> ཚུལ་འདི་སྡང་བས་ཞུགས་མིན་ཆོས་ཀྱི་གཏམས།། དཔལ་ལྡན་ཟླ་བའི་བཞེད་སྲོལ་ཀེ་ལ་ཤར།། ལུང་རིགས་རྐང་པ་བརྒྱད་པའི་ངོ་རོ་ལ།། འཇིགས་མེད་ཕྱོགས་ཀྱི་གླང་པོའི་རྣམ་དཔྱོད་ལྡན།།</br> <br> ཕྱི་རབས་སྐལ་བཟང་འགྲོ་བའི་བློ་གྲོས་ཀྱི།། དགའ་སྟོན་འདབས་བརྒྱ་འབྱེད་པའི་ཁུར་འཛིན་ཅིང་།། འགྲོ་ཀུན་རྨོངས་མུན་དཔྱིས་འབྱིན་ཉི་མ་ལྟར།། ལེགས་བཤད་འདི་འདྲའི་ཡོན་ཏན་ལ་དགོངས་ནས།།</br> <br> ཀརྨ་(ཟུར་མང་དྲུང་སྤྲུལ། མཆན)ཆོས་ཀྱི་ཉིན་བྱེད་བཀའ་བརྒྱུད་ཀྱི།། རིང་ལུགས་འཛིན་བཟོད་རིག་པ་འཛིན་པའི་ཕུལ།། བསླབ་གསུམ་ཡོངས་རྫོགས་ཡོངས་(གཏེར་སྟོན། མཆན)དགེ་སྤྲུལ་པའི་སྐུ།། སྐྱེས་མཆོག་ཟུང་དེས་ཆོས་སྦྱིན་མཆོག་བསྐྲུན་པའི།།</br> <br> རབ་དཀར་དགེ་བའི་སྤྲིན་ལས་བྱུང་བའི་ཆར།། རྒྱལ་བསྟན་དཔྱིད་ཀྱི་དཔལ་མོ་འཛིན་མའི་ཁྱོན།། རྟག་ཏུ་མི་ནུབ་ཆེས་བཀྲའི་གསོས་གྱུར་ཏེ།། ཕན་བདེའི་འབྱོར་ཚོགས་འགྲོ་ལ་སྦྱིན་གྱུར་ཅིག།</br> <br> དེ་འཛིན་ཀུན་ཀྱང་བློ་གསལ་འདུལ་ཁྲིམས་གཙང་།། མི་མཐུན་མིང་ཡང་མི་རྙེད་བྱམས་པའི་ཐུགས།། བཤད་སྒྲུབ་འཁོར་ལོ་གཉིས་ལ་རྟག་གཞོལ་ནས།། སྐུ་ཚེ་མི་འགྱུར་བསྐལ་བརྒྱར་བརྟན་གྱུར་ཅིག།</br> <br> འགྲོ་ཀུན་གནས་སྐབས་རྫོགས་ལྡན་འབྱོར་བ་ཡིས།། ཉེར་འཚོ་ཚོགས་གཉིས་བསྒྲུབ་ལ་མི་གཡེལ་བར།། བརྩོན་པས་སྤངས་རྟོགས་མཐར་ཕྱིན་རང་གཞན་གྱི།། དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག།</div></br> ཅེས་སྤར་བྱང་འདི་ཉིད་བླ་མ་ཞིང་སྐྱོང་གིས་བསྐུལ་ངོར་དགེ་ཚུལ་ཀརྨ་རྣམ་རྒྱལ་གྱིས་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ།། སརྦ་མངྒལཾ།། །།  
N
The Sūtra of Nanda's Ordination 72-254b ༄༅། །རྒྱ་གར་སྐད་དུ། ནནྡ་པྲ་བྲ་ཛྱཱ་སཱུ་ཏྲ། བོད་སྐད་དུ། དགའ་ བོ་རབ་ཏུ་བྱུང་བའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་ནྱ་གྲོ་དྷའི་ཀུན་དགའི་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་མནབས་ ཏེ། ལྷུང་བཟེད་བསྣམས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་དགའ་བོའི་ཁྱིམ་ག་ལ་བ་དེར་གཤེགས་པ་དང་། རིགས་ཀྱི་བུ་དགའ་བོས་བཅོམ་ ལྡན་འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་འདས་ གདན་བཤམས་པ་ལ་བཞུགས་སུ་གསོལ། བཅོམ་ལྡན་འདས་བཞུགས་སོ། །དེ་ནས་རིགས་ཀྱི་བུ་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགའ་ 72-255a བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ ནོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་སེལ་བ་ཡིན་ནོ། །འཐབ་པ་དང་། ཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། སྒྱུ་དང་། གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ། །ལོ་ཏོག་ཐམས་ཅད་ཀྱི་ས་གཞི་ལྟ་ བུར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ། །སེམས་ཅན་ཐམས་ཅད་དབུགས་འབྱིན་པ་ཡིན་ནོ། །འབྱུང་པོ་ཐམས་ ཅད་ཀྱི་ཡིད་བརྟན་པ་ཡིན་ནོ། །སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ནོ། །སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་བཟང་པོ་ཡིན་ནོ། །སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ། །ཀུན་དུ་ཚོལ་བས་ཕོངས་པ་དང་སྡུག་བསྔལ་གྱིས་ཉམ་ཐག་པ་ རྣམས་ཀྱི་བསྟི་ས་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །ཐར་པར་འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ། །སེམས་ཅན་དག་པ་རྣམས་ཀྱི་བསྙེན་པར་ བྱ་བ་ཡིན་ནོ། །སྣོད་དུ་གྱུར་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ། །ངན་སོང་གི་སྒོ་གཅོད་པ་ཡིན་ནོ། །མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ། །ལྷའི་འགྲོ་བ་རྣམས་ཀུན་དུ་འགེངས་པ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་ཀུན་དུ་གཅོད་པ་ཡིན་ནོ། །སྲེད་ པའི་འཆིང་བས་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །ཡང་དག་པའི་ལྟ་བའི་ཁྱིམ་ཡིན་ནོ། །ཐར་པའི་ཡང་དག་པར་སྡོམ་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ། །རྒྱུན་ཉེ་བར་གཅོད་པ་ཡིན་ 72-255b ནོ། །ཉོན་མོངས་པ་རྣམས་སྲེག་པ་ཡིན་ནོ། །ཕྲ་རྒྱས་རྣམས་འབྱིན་པ་ཡིན་ནོ། །ལྟ་བ་ངན་པའི་དྲ་བ་རྣམས་འཇིག་པར་བྱེད་པ་ཡིན་ནོ། །བདུད་ཀྱི་རྒྱལ་མཚན་སྙོལ་བ་ཡིན་ནོ། །བཟོད་པ་སྨྲ་བ་སྒྲེང་བ་ཡིན་ནོ། །འཁོར་བའི་འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ། །ཆོས་ ཀྱི་འཁོར་ལོ་སྐོར་བར་བྱེད་པ་ཡིན་ནོ། །ནུ་ཞོའི་རྒྱ་མཚོ་སྐེམས་པ་ཡིན་ནོ། །རུས་པའི་རི་འཇིག་པར་བྱེད་པ་ཡིན་ནོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མཐའ་ཡིན་ནོ། །ཕུང་པོའི་ཁུར་འཇོག་པ་ཡིན་ནོ། །ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པ་ཡིན་ནོ། ། ཁྱིམ་གྱི་གཟེབ་ཏུ་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པ་ཡིན་ནོ། །ཐེ་ཚོམ་རྣམས་དང་ཉོན་མོངས་པའི་དྲི་མ་བརྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ། །རྒ་ཤིས་འཇིགས་པ་རྣམས་དབུགས་འབྱིན་པ་ཡིན་ནོ། ། སྡུག་པ་དང་བྲལ་བ་ཟད་པར་བྱེད་པ་ཡིན་ནོ། །འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་མི་འཇིགས་པའི་འགྲམ་ཡིན་ནོ། །འདོད་པའི་ཁམས་ལས་རྒལ་བར་བྱེད་པ་ཡིན་ནོ། །གཟུགས་ཀྱི་ཁམས་ལས་ཡང་དག་པར་རྒལ་བར་བྱེད་པ་ཡིན་ནོ། ། གཟུགས་མེད་པའི་ཁམས་ལས་རྣམ་པར་རྒལ་བར་བྱེད་པ་ཡིན་ནོ། །དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། །དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་མིག་ལྟ་བུ་ཡིན་ནོ། །གཏི་མུག་གི་མུན་པའི་སྒྲོན་ མ་ཡིན་ནོ། །རྒྱུད་དག་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །ལམ་སྟོར་བ་རྣམས་ལ་ལམ་ཀུན་དུ་སྟོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པ་ཡིན་ནོ། །མདུད་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པ་ ཡིན་ནོ། །མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ། །ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་རྩོམ་པར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོ་བར་བྱེད་པ་ཡིན་ནོ། ། 72-256a ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་རྣམས་མཆོག་ཏུ་དགའ་བ་ཡིན་ནོ། །ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་རྣམས་རབ་ཏུ་དགའ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་ རྣམས་མཆོག་ཏུ་ཆོག་ཤེས་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པ་རྣམས་ཀྱི་མཚོན་ཆ་ཡིན་ནོ། །ཕྱིར་མི་འོང་བ་རྣམས་མཆོག་ཏུ་རྒྱལ་བར་བྱེད་པ་ཡིན་ནོ། །གནས་མེད་པ་རྣམས་ཀྱི་གནས་སོ། །སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པ་ཡིན་ནོ། ། འཇིགས་པས་འབྲེལ་པ་རྣམས་ཀྱི་མི་འཇིགས་པར་བྱེད་པ་ཡིན་ནོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་ཡིན་ནོ། །སྡུག་བསྔལ་རྣམས་ཀྱི་བདེ་བའི་ཡོ་བྱད་ཡིན་ནོ། །འཁོར་བའི་འཆིང་བས་བཅིངས་པ་རྣམས་འགྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ ཞེས་བྱའོ། །ལྷ་དང་མི་རྣམས་ཀྱིས་བཀུར་སྟི་བྱས་པ་ཡིན་ནོ། །མིའི་དབང་པོ་རྣམས་ཀྱིས་མཆོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཡིན་ནོ། །ཁྱིམ་གྱི་གནས་ཡོངས་སུ་གཏོང་བ་ཡིན་ནོ། །མྱ་ངན་ལས་འདས་པའི་ལམ་འདྲེན་པ་ཡིན་ནོ། །སྐྲའི་ ཁུར་འདྲེག་པ་ཡིན་ནོ། །གོས་ངུར་སྨྲིག་ནི་འདོད་ཆགས་དང་བྲལ་བའི་རྟགས་ཡིན་ནོ། །རིགས་པ་ལ་བརྩོན་པ་བརྩོན་འགྲུས་ཀྱི་ཞིང་ཡིན་ནོ། །འདི་ནི་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ནོ། །བདུད་སྡིག་ཏོ་ཅན་རྣམས་ཀྱི་གྲགས་པ་འཇོམས་པ་ཡིན་ནོ། །ལྷ་དང་ མི་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ཏེ། དགའ་བོ་རབ་ཏུ་བྱུང་བ་ནི་དེ་ལྟ་བུ་ཡིན་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོ་རབ་ཏུ་བྱུང་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་བདེ་བ་ཡིན་ན་དགའ་བོ་གཞན་ཡང་དལ་བ་ཐོབ་ པ་ནི་བསྐལ་པ་བྱེ་བ་བརྒྱར་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པར་དཀའ་བ་ཡིན་ནོ། །དགའ་བོ་ཐར་པར་འདོད་པ་རྒྱལ་པོའི་དྲང་སྲོང་རྣམས་དང་། གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་ 72-256b པ་རྣམས་ཀྱང་བཙུན་མོའི་འཁོར་དང་བཅས་ཏེ་ས་བོར་ནས་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་ཁྱིམ་བདག་དང་། བྲམ་ཟེའི་ཚོགས་གཞན་རྣམས་ཀྱང་ཁྱིམ་རྣམས་བོར་ནས་རབ་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ་བདག་ནི་ཁྱིམ་པར་མཆིས་ལ་སྦྱིན་པ་དག་སྩལ། བསོད་ནམས་དག་བགྱི་ཞིང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་བསྙེན་བཀུར་བགྱི་ཞིང་། ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་ བྱད་རྣམས་ཀྱང་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་གྱུར་ལ། རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་དད་པ་ཅན་ལ་ལས་ལོ་བརྒྱར་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན་དགའ་བོ་དེ་ནི་རབ་ཏུ་བྱུང་བར་ངེས་པར་འབྱུང་བའི་སེམས་ཀྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། ། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་སྟེ། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག །དགའ་བོ་དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་པུར་རྒྱ་མཚོར་གྱུར་ལ། དེ་ན་རུ་སྦལ་ཞར་བ་གཅིག་ཀྱང་ཡོད། དེ་ན་གཉའ་ཤིང་བུ་ག་གཅིག་པ་ གཅིག་ཀྱང་རྒྱུ་ལ་རུ་སྦལ་ཞར་བ་དེ་འདི་སྐད་དུ། གཉའ་ཤིང་གི་བུ་ག་དེར་མགྲིན་པ་ཆུད་པར་བྱའོ་སྙམ་དུ་སེམས་སྐྱེ་ཞིང་། གཉའ་ཤིང་བུ་ག་ཅན་དེ་ཡང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་རུ་སྦལ་ཞར་བ་དེའི་མགྲིན་ པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི། དགའ་བོ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ 72-257a ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་རྙེད། །དགའ་བོ་སྟོན་པ་མངོན་གྱུར་ན། །ང་ལ་མི་མཉེས་མ་བྱེད་ཅིག །དཔེར་ན་འགའ་ཞིག་གིས་ཁབ་ཀྱི་མིག་གནམ་དུ་བསྟན་ཏེ་ཡུངས་ཀར་གྱི་འབྲུ་རྣམས་འཐོར་བར་བྱེད་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་ གིས་དེར་ཡུངས་ཀར་གྱི་འབྲུ་གང་ཡིན་པ་གཅིག་ཆུད་པར་འགྱུར་གྱི། དགའ་བོ་མི་ཉིད་རྙེད་པ་ནི་མ་ཡིན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །དགའ་བོ་མི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་ བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་རྙེད། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བྱེ་བ་སྟོང་དང་ནི། །བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་། །སངས་རྒྱས་སྒྲ་ནི་མི་ཐོས་ན། །སངས་རྒྱས་ མཐོང་བ་ག་ལ་ཞིག །ཨུ་དུམ་བ་རའི་མེ་ཏོག་ནི། །ཤིང་ལས་ཤིན་ཏུ་རྙེད་དཀའ་ལྟར། །དེ་བཞིན་སངས་རྒྱས་རྙེད་དཀའ་སྟེ། །ཁྱེད་ཀྱིས་ང་ནི་རྙེད་གྱུར་ན། །དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་སྟེ། །དགའ་བོ་སྟོན་པ་མངོན་གྱུར་པ། ། ང་ལ་མི་མཉེས་མ་བྱེད་ཅིག །དེ་ནས་རིགས་ཀྱི་བུ་དགའ་བོ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ཏེ། རྒྱལ་བའི་བསྟན་པ་ལ་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ ལྡན་པ་ཀུན་དགའ་བོ་དང་། རིགས་ཀྱི་བུ་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དགའ་བོ་རབ་ཏུ་བྱུང་བའི་མདོ་རྫོགས་སོ།། །།རྩངས་དེ་བེན་དྲ་ར་ཀྵི་ཏས་ཞུས་ཆེན་བགྱིས་པ།། །།  
P
<ul class="columns-6 text-60"> <li>[[/Chapter 1|Chapter 1]]</li> <li>[[/Chapter 2|Chapter 2]]</li> <li>[[/Chapter 3|Chapter 3]]</li> <li>[[/Chapter 4|Chapter 4]]</li> <li>[[/Chapter 5|Chapter 5]]</li> <li>[[/Chapter 6|Chapter 6]]</li> <li>[[/Chapter 7|Chapter 7]]</li> <li>[[/Chapter 8|Chapter 8]]</li> <li>[[/Chapter 9|Chapter 9]]</li> <li>[[/Chapter 10|Chapter 10]]</li> <li>[[/Chapter 11|Chapter 11]]</li> <li>[[/Chapter 12|Chapter 12]]</li> <li>[[/Chapter 13|Chapter 13]]</li> <li>[[/Chapter 14|Chapter 14]]</li> <li>[[/Chapter 15|Chapter 15]]</li> <li>[[/Chapter 16|Chapter 16]]</li> <li>[[/Chapter 17|Chapter 17]]</li> <li>[[/Chapter 18|Chapter 18]]</li> <li>[[/Chapter 19|Chapter 19]]</li> <li>[[/Chapter 20|Chapter 20]]</li> <li>[[/Chapter 21|Chapter 21]]</li> <li>[[/Chapter 22|Chapter 22]]</li> <li>[[/Chapter 23|Chapter 23]]</li> <li>[[/Chapter 24|Chapter 24]]</li> <li>[[/Chapter 25|Chapter 25]]</li> <li>[[/Chapter 26|Chapter 26]]</li> <li>[[/Chapter 27|Chapter 27]]</li> <li>[[/Chapter 28|Chapter 28]]</li> <li>[[/Chapter 29|Chapter 29]]</li> <li>[[/Chapter 30|Chapter 30]]</li> <li>[[/Chapter 31|Chapter 31]]</li> <li>[[/Chapter 32|Chapter 32]]</li> <li>[[/Chapter 33|Chapter 33]]</li> <li>[[/Chapter 34|Chapter 34]]</li> <li>[[/Chapter 35|Chapter 35]]</li> <li>[[/Chapter 36|Chapter 36]]</li> <li>[[/Chapter 37|Chapter 37]]</li> <li>[[/Chapter 38|Chapter 38]]</li> <li>[[/Chapter 39|Chapter 39]]</li> <li>[[/Chapter 40|Chapter 40]]</li> <li>[[/Chapter 41|Chapter 41]]</li> <li>[[/Chapter 42|Chapter 42]]</li> <li>[[/Chapter 43|Chapter 43]]</li> <li>[[/Chapter 44|Chapter 44]]</li> <li>[[/Chapter 45|Chapter 45]]</li> <li>[[/Chapter 46|Chapter 46]]</li> <li>[[/Chapter 47|Chapter 47]]</li> <li>[[/Chapter 48|Chapter 48]]</li> <li>[[/Chapter 49|Chapter 49]]</li> <li>[[/Chapter 50|Chapter 50]]</li> <li>[[/Chapter 51|Chapter 51]]</li> <li>[[/Chapter 52|Chapter 52]]</li> <li>[[/Chapter 53|Chapter 53]]</li> <li>[[/Chapter 54|Chapter 54]]</li> <li>[[/Chapter 55|Chapter 55]]</li> <li>[[/Chapter 56|Chapter 56]]</li> <li>[[/Chapter 57|Chapter 57]]</li> <li>[[/Chapter 58|Chapter 58]]</li> <li>[[/Chapter 59|Chapter 59]]</li> <li>[[/Chapter 60|Chapter 60]]</li> <li>[[/Chapter 61|Chapter 61]]</li> <li>[[/Chapter 62|Chapter 62]]</li> <li>[[/Chapter 63|Chapter 63]]</li> <li>[[/Chapter 64|Chapter 64]]</li> <li>[[/Chapter 65|Chapter 65]]</li> <li>[[/Chapter 66|Chapter 66]]</li> <li>[[/Chapter 67|Chapter 67]]</li> <li>[[/Chapter 68|Chapter 68]]</li> <li>[[/Chapter 69|Chapter 69]]</li> <li>[[/Chapter 70|Chapter 70]]</li> <li>[[/Chapter 71|Chapter 71]]</li> <li>[[/Chapter 72|Chapter 72]]</li> <li>[[/Chapter 73|Chapter 73]]</li> <li>[[/Chapter 74|Chapter 74]]</li> <li>[[/Chapter 75|Chapter 75]]</li> <li>[[/Chapter 76|Chapter 76]]</li> <li>[[/Colophon|Colophon]]</li> </ul>  
Sūtra of Individual Emancipation so sor thar pa'i mdo gdon pa'i gleng gzhi bshad pa/ 5-1b ༄༅༅། །རྒྱ་གར་སྐད་དུ། པྲ་ཏི་མོ་ཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོར་ཐར་པའི་མདོ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་ བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། ། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་ འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་པས་ 5-2a ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་ འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས། ། རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་འདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་བྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་ དཀའ་རྙེད་གྱུར་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། ། ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོར་ཐར་པ་ཐོས་པ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་ 5-2b བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་ བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་ པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཚེ་དང་ལྡན་པ་དག་སོག་རྣམས་ཀྱི་འདས་པ་དང་། ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་ སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་ཡིན་པས་དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་ བྱའོ། །ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱས། །གདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་ པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ 5-3a ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱིས་གསོ་སྦྱོང་བཅུ་བཞི་པའམ་བཅྭ་ལྔ་པ་ སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་ པ་གདོན་གྱིས། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག །ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་ འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་གང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་ དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། pham par 'gyur ba'i chos bzhi bshad pa/ སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཚེ་དང་ལྡན་པ་དག་ཕམ་པར་འགྱུར་བའི་ཆོས་བཞི་ 5-3b པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་སྐྱེ་གནས་ སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་ དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་ གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཟེར་ཞིང་། སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན། དགེ་སློང་དེ་ཡང་ ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། ། འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་ 5-4a བརྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་གྱུར་པའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་ རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་གྱུར་པ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། dge 'dun lhag ma'i chos bcu gsum bshad pa/ སྡོམ་ལ། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། །བག་ཙམ་དགེ་ འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཚེ་དང་ལྡན་པ་དག་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །བསམས་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་མ་གཏོགས་ཏེ་དགེ་ འདུན་ལྷག་མའོ། །ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལུས་རེག་པར་བྱེད་དམ། ལག་པ་ནས་བཟུང་ངམ། དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་ཉུག་པ་བདག་ གིར་བྱེད་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་འཁྲིག་པ་ལས་བྱུང་བ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ། ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ལུས་ཀྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་འདི་ལྟ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་ལས་བྱུང་བ་དང་ལྡན་པའི་ཆོས་ 5-4b འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་བྱས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཐ་ ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་གིས་བདག་གིས་བསླངས་པ། བདག་པོ་མེད་པ། བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཅིག །དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་གི་སྲིད་དུ་བདེ་བར་གཤེགས་ པའི་མཐོའི་མཐོ་བཅུ་གཉིས། ཞེང་དུ་མཐོ་བདུན་ནོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་ པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ཏམ། ཚད་ལས་འདས་ན་དགེ་འདུན་ལྷག་མའོ། །དགེ་སློང་ གིས་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན་གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་ གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན་དགེ་འདུན་ལྷག་མའོ། །ཡང་ དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ། གཞི་མེད་པར་ཕམ་པར་གྱུར་བའི་ཆོས་བྱ་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞི་ 5-5a མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ ཡིན་པ་དང་མཐུན་པ་ཕམ་པར་གྱུར་པའི་ཆོས་ཀྱིས་སྐུར་པ་ལས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་ལས་བསམས་པ་ཙམ་གྱི་ཆོས་འགའ་ ཞིག་བླངས་པར་གྱུར་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན། དགེ་ སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག །ཚེ་དང་ལྡན་པ་དགེ་འདུན་དང་ལྷན་ཅིག་མཐུན་པར་གྱིས་ཤིག །དགེ་ འདུན་མཐུན་མི་ཕྱེད། ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་ཡང་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་ འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་ བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། བྱ་གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ་གཉིས་སམ་མང་ 5-5b པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན། དགེ་སློང་དེ་ དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་ལ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་ སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་སྨྲའི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །བྱ་ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་ 5-6a པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་དེ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན་ གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ་གྲོང་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ། དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་ སམ། རབ་ཏུ་ཤེས། དེ་དག་སྡིག་པ་ཀུན་དུ་སྤྱོད་པ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་ མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱོད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པས་ཆོག་གིས། གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་བྱ་ཞེས་ཟེར་ན། དགེ་སློང་དེ་ དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་ 5-6b དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་ གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་ མའོ། །འདི་ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབས་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་ སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། བདག་ལ་ཅི་ཡང་མ་སྨྲ་ཞིག །བདག་ཀྱང་དགེ་ཡང་རུང་། སྡིག་ཀྱང་རུང་། ཚེ་དང་ལྡན་པ་དག་ལ་ཅིའང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་ གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་ 5-7a པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །ཚེ་དང་ལྡན་པ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་ཟིན་ཏོ། །དེ་དག་ལས་དགུ་ནི་ལྟུང་བ་དང་པོ་དག་ ཉིད་ཀྱིས་སོ། །བཞི་ནི་ལན་གསུམ་གྱི་བར་གྱིས་སོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ། ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བ་བྱའོ། །དགེ་སློང་གིས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་ཞག་ དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དབྱུང་བར་བྱ་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་བྱས་ལ། དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན་གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་ 5-7b དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། ma nges pa'i chos gnyis bshad pa/ སྡོམ་ལ། དབེན་པ་སྐྱབས་ཡོད་འདུག་པའོ། །ཚེ་དང་ལྡན་ པ་དག་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་ བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་གྱུར་པའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ནི་མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་ 5-8a གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ། །ཚེ་དང་ལྡན་པ་དག་བདག་གིས་མ་ངེས་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་ གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། spang ba'i ltung byed kyi chos sum cu bshad pa/ bcu tshan dang po/ 'chang ba 'bral 'jog sogs bshad pa/ སྡོམ་ལ། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་ སོ་སོར་བསྐུར་བའོ། །ཚེ་དང་ལྡན་པ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། ཞག་བཅུའི་བར་དུ་གོས་ལྷག་པ་རྣམ་པར་མ་བརྟགས་པ་བཅང་བར་བྱའོ། ། དེ་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་། མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ ལྟུང་བྱེད་དོ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། དུས་མ་ཡིན་པའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་གོས་སུ་བྱས་ལ་བཅང་བར་བྱའོ། །གལ་ཏེ་མི་ལངས་ལ་ཁ་མ་ལངས་པ་ཁ་སྐོང་ བའི་གོས་ལ་རེ་བ་ཡོད་ན་དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་གམ། འཚེད་དུ་འཇུག་གམ། འཆག་ཏུ་འཇུག་ན་སྤང་བའི་ ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན། བརྗེས་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་ 5-8b དོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་དེ་ལ་དེ་ནི་དུས་ཡིན་ནོ། །དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ ཆུས་ཁྱེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ། གོས་བསླང་བར་བྱའོ། །དེ་ལ་གལ་ཏེ་བྲམ་ཟེའམ། ཁྱིམ་བདག་དད་པ་ཅན་ཞིག་གིས་དུས་ཀྱིས་གོས་མང་པོ་དག་སྟོབས་ལ་འདོད་ན་དགེ་སློང་དེས་དེ་ལས་གོས་སྟོད་གཡོགས་སྨད་ གཡོགས་དང་བཅས་པའི་མཐར་ཐུག་པར་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་དག་སྤགས་ནས་བདག་གིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་ན། དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གང་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ། གོས་གྲུབ་ན་ སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་བ་དེ་དག་སྤགས་ནས། བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་ འོངས་པ་དང་། བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་ 5-9a དག་གི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉི་ག་འདུས་ཏེ། བདག་ལ་གོས་རུང་བ་ཅིག་དུས་སུ་ ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་རྒྱལ་པོ་འམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཕོ་ཉའི་ལག་ ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན་དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་དགེ་ སློང་དག་ནི་གོས་ཀྱི་རིན་དག་ལན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་ མཆིས་སམ་ཞེས་ཟེར་ན། དགེ་སློང་གོས་འདོད་པས་ཕོ་ཉ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའི་ར་བ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་ བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་། ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ 5-9b ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་། ཡང་དག་པར་བསྟན་ནས། དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་ དེ་ལ་འདི་སྐད་ཅེས། འཕགས་པ་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་སྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་ གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་ བཙལ་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ ཅིར་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། །། bcu tshan gnyis pa/ srin bal la sogs pa bshad pa/ སྡོམ་ལ། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་ དང་། །མངོན་མཚན་ཅན་དང་ཉོ་ཚོང་ངོ་། །ཡང་དགེ་སློང་གང་སྲིན་བལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟན་སར་པ་བྱེད་ན་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ 5-10a ཞིག་ལས་གཞུག་པར་བྱ། གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་ནི་འཁོབ་བལ་ལས་མ་བཅུག་པར་ སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་། སྟན་སར་པ་གཞན་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ ཏེ་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་གདིང་བ་སར་པ་བྱེད་ན་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་གདིང་བ་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་བ་རྙིང་པ་བདེ་ བར་གཤེགས་པའི་མཐོ་གང་འཁོར་བས་མ་ཀླན་པར་གདིང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ་འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་བསྐུར་བར་བྱའོ། ། དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུར་འཇུག་གམ། འཚེད་དུ་འཇུག་གམ། རྨེལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་རང་གི་ལག་གིས་གསེར་དང་། དངུལ་ལེན་ཏམ། ལེན་དུ་ འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།། །། bcu tshan gsum pa/ lhung bzed gnyis sogs bshad pa/ སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་ཕྲོགས་ སྟོན་ཟླ་ཐ་ཆུངས་དང་། །དགོན་པ་བ་དང་རས་ཆེན་དང་། །བསྔོས་པ་དང་ནི་སོགས་འཇོག་གོ། །ཡང་དགེ་སློང་གིས་ལྷུང་བཟེད་ལྷག་མ་ཞག་བཅུར་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ 5-10b ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུས་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་རང་གི་ལག་གིས་བསླངས་པའི་དོག་པ་ ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས། དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་ པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ནི་ཁོ་བོའི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐགས་རན་བཟང་ བར་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་འཕྲོག་གམ། འཕྲོག་ཏུ་འཇུག་ཅིང་དེ་ལ་འདི་སྐད་ཅེས། དགེ་སློང་ཁྱོད་ལ་གོས་མི་ སྦྱིན་གྱིས། ཕྱིར་བྱིན་ཅིག་ཅེས་ཟེར་ན་དགེ་སློང་དེས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ 5-11a ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་བཅང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་ འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་གསུམ་ལ། ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་ བྱུང་ན་དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་རྣམས་ཀྱིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་ ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་ ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་ཕན་པ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་ དབུ་བ་དེ་དག་ལས་དགེ་སློང་ན་བས་འདོད་ན་རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ། སོགས་འཇོག་གིས་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཚེ་དང་ལྡན་པ་དག་བདག་ གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ 5-11b ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། ltung byed kyi chos dgu bcu bshad pa/ བམ་པོ་གཉིས་པ་སྟེ་ཐ་མའོ། །སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམས་བཞིན་དང་། །འགྲོན་མང་རྐུན་མ་མཆོད་སྟོན་ནོ། ། bcu tshan dang po/ shes bzhin la sogs pa bshad pa/ སྡོམ་ལ། བརྫུན་ སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །ཤེས་བཞིན་དུ་ བརྫུན་སྨྲ་ན་ལྟུང་བྱེད་དོ། །མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ། །དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་ཚིག་ ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་ན་རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་ གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་ འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་ འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ།། །། bcu tshan gnyis pa/ sa bon la sogs pa bshad pa/ སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། ། 5-12a ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། །འཕྱ་འམ་གཞོགས་ཕྱས་བྱེད་ན་ལྟུང་བྱེད་དོ། །བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་ འདུན་གྱི་ཁྲིའམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བླ་ཁབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ། སྐྲོད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་ གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱས་ཏེ་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ་ཉལ་ལམ་ འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ། །དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན་སྒོའི་སྦུབས་དང་། གཏན་པ་དང་། སྣང་ བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟགས་པ་ནས་བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ།། །། bcu tshan gsum pa/ ma bskos pa la sogs pa bshad pa/ སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་ 5-12b དག་དང་། །དོན་མཐུན་གྲུབ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་ན། ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་ ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་བྱིན་ན་ལྟུང་བྱེད་དོ། །ཡང་དགེ་ སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་དོགས་པ་དང་ བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ། ཐུར་ དུ་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་ པ་ན་འགྲེང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། །། bcu tshan bzhi pa/ yang yang la sogs pa bshad pa/ སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །འདུས་དང་དུས་ མིན་སོགས་འཇོག་དང་། །ཁ་ནས་མིད་དང་བསོད་པ་ཉིད། །ཡང་ཡང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གོས་སྦྱིན་པའི་ཚེ་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །འདུག་གནས་གཅིག་ཏུ་ཞག་ 5-13a ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་བཟའ་ན་ལྟུང་བྱེད་དོ། །དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དེ་དག་ལ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་སོང་ལ། དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་ བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་ སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་འདི་འཆོ་ཞིག་འདི་ཟོ་ཞིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་ན་ལྟུང་བྱེད་དོ། །འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ། བཟའ་བ་འཆའ་བའམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ བཅའ་བ་དང་བཟའ་བ་སོགས་འཇོག་བྱས་པ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་ དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། དགེ་སློང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ།། །། bcu tshan lnga pa/ srog chags dang bcas pa'i chu sogs bshad pa/ སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་ 5-13b བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུག་འགྲོ་བ་དང་། །རྡེག་དང་གཟས་དང་གནས་ངན་ལེན། །ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ། སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་གཅེར་བུ་པའམ། གཅེར་བུ་མ་ཀུན་དུ་རྒྱུ་བའམ། ཀུན་དུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བའམ་བཟའ་བ་བྱིན་ན་ ལྟུང་བྱེད་དོ། །ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ། །དགེ་ སློང་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ན་ཡང་གལ་ཏེ་བཤམས་པ་དཀྲུག་ཏུ་འགྲོའམ། རྒྱལ་མཚན་གྱི་མཆོག་གམ། དཔུང་གི་མཆོག་གམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་ གྱུར་ཏེ། ཡི་མ་རངས་ནས་དགེ་སློང་ལ་རྡེག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་དགེ་སློང་ལ་བརྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་ བ་འཆབ་ན་ལྟུང་བྱེད་དོ།། །། bcu tshan drug pa/ bde dang me la sogs pa bshad pa/ སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཡང་དགེ་སློང་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་ རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཚུར་ཤོག །ཁྱིམ་དག་ཏུ་འདོང་དང་དེར་ཁྱོད་ལ་བཅའ་བ་དང་། བཟའ་བ་བསོད་པ་ཅི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས་དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ 5-14a ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ། འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ། འདུག་ན་བདེས་ཁྱོད་ཉིད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུག་ ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས། དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་འདི་སྐད་ཅེས། འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་གིས་ཡིན་པ་དེ་ དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་ཅེས་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོང་ ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ 5-14b ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་ བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ནའང་ལྟུང་བྱེད་དོ། །དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་ གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། ། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་ པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་ བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ 5-15a པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་ པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟེན་པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ ལྟུང་བྱེད་དོ། །དགེ་སློང་གིས་གོས་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ་ངུར་སྨྲིག་ལས་གང་ཡང་རུང་བས་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་ བར་ཁ་མ་བསྒྱུར་བར་ལོངས་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་ གིས་ཀུན་དགའ་ར་བར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་ བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་ དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། །། bcu tshan bdun pa/ bsams bzhin du dud 'gro gsod pa sogs bshad pa/ སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་དང་རྡེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཡང་དགེ་སློང་གང་ 5-15b བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བསམས་བཞིན་དུ་ཅི་ནས་ཀྱང་། དགེ་སློང་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། ། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །ཆུ་ལ་རྩེ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་སུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ལ་སྔངས་པར་བྱེད་དམ། སྔངས་པར་བྱེད་དུ་འཇུག་ན་ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་ དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས། དེའི་འོག་ཏུ་རྡེང་མེད་པར་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། །། bcu tshan brgyad pa/ mgron mang rkun ma sogs bshad pa/ སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང་། །རྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། ། མི་གུས་ཆང་འཐུང་དུས་མིན་པའོ། །ཡང་དགེ་སློང་གང་དོན་མཐུན་དུ་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །གང་ཟག་ དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་རང་གི་ལག་གིས་ས་རྐོའམ་རྐོར་འཇུག་ན་ལྟུང་བྱེད་དོ། །དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་ 5-16a བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར། མཚང་ འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལས། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་རྣས་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །གུས་པར་མི་བྱེད་ན་ལྟུང་བྱེད་དོ། །འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་ པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། །། bcu tshan dgu pa/ zas bcas skya rengs sogs bshad pa/ སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་ དང་གཡེན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཡང་དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་བསྒོ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ནམ་མ་ནངས་སྐྱ་ 5-16b རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདས་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་ གདོན་པ་འདོན་པའི་ཚེ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན། དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་ལ་ལན་གཉིས་སམ་ གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལན་མང་དུ་ལྟ་ཅི་སྨོས་ན། ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོ་བས་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་གདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་ནོ་ ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་བ་སོའམ། རུས་པའམ། རྭའི་ཁབ་རལ་བྱེད་དམ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་བྱེད་དུ་འཇུག་ན་རྩ་བ་བུ་གར་གཞུག་ པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲེའུ་ལ་ཤིང་བལ་བདལ་ལམ། བདལ་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ། །དགེ་སློང་གིས་ གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུད་ཅིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། ཞེང་དུ་མཐོ་ཕྱེད་དང་དོ། སྲིད་དུ་མཐོ་གང་གིས་སྲིངས་ཤིང་། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གིས་ 5-17a གཡན་པ་དགབ་པ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོ། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །དགེ་སློང་གིས་ དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག །ཞེང་དུ་མཐོ་ཕྱེད་དང་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གང་ བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ། ཆུ་ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །ཚེ་དང་ལྡན་པ་དག་བདག་གིས་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་ སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། so sor bshags par bya ba'i chos bzhi bshad pa/ སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས། ། སོ་སོར་བཤགས་པར་བྱ་བར་གསུངས། །ཚེ་དང་ལྡན་པ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་ བ་ལས་བཅའ་བ་དང་བཟའ་བ་རང་གིས་ལག་གིས་བླངས་ཏེ་འཆའ་བའམ། ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་ 5-17b སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ། །དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ་ན། གལ་ཏེ་དགེ་སློང་མ་ཞིག་འདི་ལ་ནི་བཅའ་བ་བྱིན་ཅིག །འདི་ལ་ནི་འབྲས་ཆན་བྱིན་ཅིག །འདི་ལ་ནི་སྲན་ཚོད་བྱིན་ཅིག །འདི་ལ་ནི་ བཏུང་བ་བྱིན་ཅིག །ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན། དགེ་སློང་མ་དེ་ལ་དགེ་སློང་དེ་རྣམས་ཀྱིས་འདི་སྐད་ཅེས། སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་ཅེས་སྨྲ་མ་སྤོབས་ན། དགེ་ སློང་དེ་དག་ཐམས་ཅད་ཀྱིས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། ། སློབ་པ་དག་གིས་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ། ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་ འཆའ་འམ་ཟ་ན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། ། དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་འགྱུར་ལ། ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ 5-18a ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་ དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། bslab pa'i chos mang po bshad pa/ སྡོམ་ལ།ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་ལྔ་དང་། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཚེ་དང་ལྡན་པ་དག་བསླབ་པའི་ཆོས་མང་པོ་འདི་དག་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །ཤམ་ཐབ་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་ པར་བྱའོ། །ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། སྒྲ་སྐྱུང་བ་དང་། མིག་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དག་ཏུ་འགྲོ་བར་བསླབ་པར་བྱའོ། །མགོ་མི་གཡོག་པ་དང་། མི་བརྫི་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང་། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མི་མཆོང་བ་དང་། མི་བརྐྱང་བ་དང་། ཙོག་པུས་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ལུས་མི་བསྒྱུར་བ་དང་། ལག་པ་མི་དཀྱོག་པ་དང་། མགོ་མི་ 5-18b བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ། སྟན་ལ་མ་བརྟགས་པ་དང་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་ བསྣོལ་བ་དང་། ལོང་བའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །ལེགས་པར་ཟས་བླང་བར་བསླབ་པར་བྱ། མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་ པར་མ་ཡིན་པ་དང་། ཐར་ཆགས་སུ་དང་ལྷུང་བཟེད་ལ་བལྟ་བ་དང་། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་ གཟུང་བར་བསླབ་པར་བྱའོ།། །།སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ ཅང་ཆེ་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །ཙུག་ཙུག་མི་བྱ་བ་དང་། བལྕག་བལྕག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། ། འབྲུ་ནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར་བ་མི་སྤོ་བ་དང་། དཀན་མི་གཏོགས་པ་དང་། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་ བསྐྱོམ་པ་དང་། མཆོད་རྟེན་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།། །།སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ 5-19a ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་ཁར་བ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་ དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་བཀྲུ་བར་ བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ། །མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ཉལ་བར་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་ དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་གླང་པོ་ཆེ་ ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལག་ན་ཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ 5-19b ཐོགས་པ་དང་། ལག་ན་དགྲ་སྟ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་ པར་བྱ། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་། མཆིལ་མ་དང་སྣབས་དང་སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་ བསླབ་པའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་ དེ་བཞིན་དུ་འཛིན་ཏོ།། །། rtsod pa zhi bar bya ba'i chos bdun bshad pa/ སྡོམ་ལ། མངོན་སུམ་དྲན་པ་མ་མྱོས་དང་། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླང་བར་ཡང་བྱ་བའོ། །ཚེ་དང་ལྡན་པ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་ པ་ལས་འབྱུང་ངོ་། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུ་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་། འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་ 5-20a དག་གམ་ཞེས་ལན་གཉིས་ལན་གསུམ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །ཕམ་པར་གྱུར་པའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་མདོར་བསྡུས་པ་ནི་འདི་དག་གོ། །གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུན་པ་དང་མཐུན་པ་དང་དགའ་བ་དང་། མི་རྩོད་པར་སེམས་ཀུན་ཏུ་སྲུང་བ་དང་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་ གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་ གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་ 5-20b འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གིས་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱི་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཏོན། །འདི་ལ་སངས་རྒྱས་རྣམས་དང་གང་། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །སོ་སོར་ཐར་པའི་མདོ་རྫོགས་སྷོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བན་དེ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།  
R
The Sūtra of Ratnacūḍa's Questions 44-210a བམ་པོ་དང་པོ། །རྒྱ་གར་སྐད་དུ། ཨཱརྱ་རཏྣ་ཙཱུ་ཌ་པ་རི་པྲྀ་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་ རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་བཞི་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་ ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གོ། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། དབང་བསྐུར་བ་ཐོབ་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ ལས་བྱུང་བ། པད་མ་བླ་མའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ། རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཤིན་ཏུ་རྟོགས་པ། ཡོན་ཏན་འབྱུང་གནས་བཀོད་པའི་ ཏིང་ངེ་འཛིན་ཤིན་ཏུ་གཏན་ལ་ཕེབས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པ། བྱང་ཆུབ་ཀྱི་སྙིང་པོར་རབ་ཏུ་གཞོལ་བ། བདུད་ཀྱི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ། སངས་རྒྱས་ཀྱི་ཡུལ་གྱི་གནས་ལ་རབ་ཏུ་གནས་པ། མི་ཟད་པ་བསྟན་པའི་གཟུངས་ 44-210b རབ་ཏུ་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཚིམ་པར་བྱེད་པའི་སྤོབས་པ་རབ་ཏུ་ཐོབ་པ། མི་འཇིགས་པ་སེང་གེའི་སྟབས་ཀྱིས་འཁོར་ཐམས་ཅད་གནོན་པ་ལ་མཁས་པ། ཚིག་བསྟན་པ་ལ་ཕྱད་པས་དོན་ཡོད་པར་བསྐལ་པའི་བར་དུ་ལུང་སྟོན་པ། གཟུགས་ཀྱི་ མཚན་བཟང་པོས་ལེགས་པར་བརྒྱན་པ། འདུས་པ་ངན་པའི་ཚོགས་ཕ་རོལ་རྒོལ་བ་ཡང་དག་པར་རབ་ཏུ་འཇོམས་པ། གྲགས་པ་དང་བརྗོད་པའི་སྒྲ་མཐོན་པོ་ཕྱོགས་བཅུར་གྲགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་རབ་ཏུ་བཀུར་བ། སྦྱིན་པ་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དཔག་ཏུ་མེད་པ་ལས་བྱུང་བ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་ཤིན་ཏུ་སྦྱང་བ་བྱས་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཡོངས་སུ་ཤེས་ནས་ སོ་སོ་ཅི་རིགས་པར་ཆོས་ཀྱི་སྨན་གཏོང་བ། རྐྱེན་ལས་བྱུང་བའི་ཆོས་ཟབ་ཅིང་གཏིང་དཔག་དཀའ་བ་ལ་འཇུག་ཅིང་མཐའ་དང་མཐའ་མ་ཡིན་པ་དང་། རྟག་པ་དང་ཆད་པར་ལྟ་བ་ཡོངས་སུ་སྤངས་པ། དགེ་བ་དག་ཅིང་དྲི་མ་མེད་པའི་བསམ་པ་དང་ལྷག་པའི་བསམ་པ་ཤིན་ཏུ་ ཡོངས་སུ་དག་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། བསྡུ་བ་དང་། ཀུན་རིག་པ་དང་། རྣམ་པར་རིག་པའི་ཚུལ་ལ་མཁས་པ། རང་གི་སེམས་ལ་དབང་སྒྱུར་བ། སེམས་དཔའ་ཞིང་བརྟན་ལ་རྡོ་རྗེ་ལྟར་མི་ཕྱེད་པ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་ དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་དང་ལྡན་པ། སྟོབས་བཅུ་དང་། གཟུངས་དང་། སྨོན་ལམ་ལ་ཡང་དག་པར་རབ་ཏུ་ཞུགས་པ། ཡོན་ཏན་དང་། ཡེ་ཤེས་དཔག་ཏུ་མེད་པའི་བློ་ནམ་མཁའི་དབྱིངས་དང་མཉམ་པ་རྣམས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་རྣམ་པར་ལྟ་བ་ཞེས་བྱ་བ་དང་། རྟག་ཏུ་རྣམ་པར་ལྟ་བ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། སེང་གེ་དང་། སེང་གེའི་བློ་གྲོས་དང་། སེང་གེའི་སྟབས་སུ་འགྲོ་དང་། སེང་གེའི་སྒྲ་མངོན་པར་བསྒྲགས་དང་། 44-211a མཆོག་གི་བློ་གྲོས་དང་། རྡོ་རྗེའི་བློ་གྲོས་དང་། རྡོ་རྗེས་རྣམ་པར་གནོན་དང་། རྡོ་རྗེའི་རྒྱལ་མཚན་དང་། རྡོ་རྗེའི་སྡེ་དང་། མི་གཡོ་བའི་གོམ་པས་རྣམ་པར་གནོན་དང་། འཇིག་རྟེན་གསུམ་གོམ་པས་རྣམ་པར་གནོན་དང་། མིག་བཟངས་དང་། པད་མའི་མིག་ དང་། པད་མ་བཀོད་པ་དང་། རིན་པོ་ཆེ་བཀོད་པ་དང་། སྤོབས་པ་ཆེན་པོ་དང་། མཐུ་བོ་ཆེ་དང་། རིན་ཆེན་ཁར་བ་དང་། རིན་ཆེན་འབྱུང་གནས་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། ཡོན་ཏན་གྱི་རྒྱལ་པོ་སྣང་དང་། བཀོད་པའི་རྒྱལ་པོ་སྣང་དང་། བཀོད་པའི་ རྒྱལ་པོ་དང་། ཡིད་གཉིས་རྣམ་པར་འཇོམས་དང་། གློག་གི་སྣང་བས་བརྒྱན་དང་། ནམ་མཁའ་མཛོད་དང་། དབྱངས་སྙན་དང་། སྤྲིན་དབྱངས་དང་། རྔ་སྒྲ་དང་། དབྱངས་རྣམ་པར་དག་དང་། རྣམ་པར་དག་པའི་བློ་གྲོས་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་ དྲུག་དང་། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་ཅུ་དང་། སྤོས་ཀྱི་གླང་པོ་ཆེ་ལ་སོགས་པ་དག་པའི་སེམས་ཅན་སུམ་ཅུ་རྩ་གཉིས་དང་། བྱམས་པ་ལ་སོགས་པ་ཐམས་ཅད་ཀྱང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་ གོ། ལྷའི་བུ་བདུད་ལས་རྒྱལ་དང་། ལྷའི་བུ་དགེ་བ་བཀོད་དང་། ལྷའི་བུ་མཚམས་རབ་དང་། བཟང་པོའི་རྒྱལ་པོ་དང་། རྒྱལ་བ་དང་། རྒྱལ་བའི་བློ་གྲོས་དང་། རབ་ཏུ་ཞི་ཞིང་དུལ་བའི་དབང་ཕྱུག་དང་། ལྷའི་བུ་ལེགས་པར་སེམས་པ་དང་། དེ་དག་ལ་སོགས་པ་ཐམས་ཅད་ ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་དེད་དཔོན་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། དེ་དག་དང་། གཞན་ཡང་ལྷ་ དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དུ་མ་དང་ཡང་ཐབས་ཅིག་གོ། དེ་ནས་བཅོམ་ལྡན་འདས་བཀོད་པ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ་འཁོར་བརྒྱ་སྟོང་དུ་ 44-211b མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། སེང་གེ་ལྟར་ནི་སྒྲོགས། ཉི་མ་ལྟར་ནི་ལྷན་ནེ། ཟླ་བ་ལྟར་ནི་ལྷམ་མེ། སྒྲོན་མ་ལྟར་ནི་འབར། བརྒྱ་བྱིན་ལྟར་ནི་ལྷང་ངེ་། ཚངས་པ་ལྟར་ནི་ལྷག་གེ། རྒྱ་མཚོ་ཆེན་པོའི་དབུས་ནས་རི་རབ་ལྟར་ནི་འཕགས་ཏེ། འཁོར་ ཆེན་པོའི་དབུས་སུ་གཤེགས་ནས་ཆོས་སྟོན་པ་ནི་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ལས་བརྩམས་ནས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་པར་འགྱུར་བ་ཡང་དག་པར་རབ་ ཏུ་སྟོན་ཏོ། །ཡང་དེའི་ཚེ་ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་དག་པར་རབ་ ཏུ་གནས་པ་ཞེས་བྱ་བ་ད་ལྟ་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེའི་གན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ལྷན་ཅིག་ཏུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་ འདིར་གནས་པར་གྱུར་ཏོ། །དེ་ཚངས་པའི་འཇིག་རྟེན་དུ་འདུག་ནས་རིན་པོ་ཆེའི་གདུགས་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁེབས་པར་བྱས་ཏེ། མེ་ཏོག་ཁ་དོག་དུ་མ། ཁ་དོག་སྣ་ཚོགས་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ 44-212a གྱི་ཁམས་ཁེབས་པར་བྱས་ནས་ཚངས་པའི་འཇིག་རྟེན་དེ་ཉིད་དུ་འདུག་སྟེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་གིས་སྡུག་བསྔལ་མཐའ་ཡས་བཟོད་བྱས་ཤིང་། །བརྟུལ་ཞུགས་བརྟན་པས་བྱང་ཆུབ་རབ་བསྒྲུབས་པ། །དྲང་སྲོང་ཆེན་པོ་ཤཱག་ཐུབ་སུས་ མཐོང་བ། །ལྷ་མི་རྣམས་ཀྱིས་རྙེད་པ་རབ་ཏུ་རྙེད། །གང་གཱའི་བྱེ་སྙེད་བྱང་ཆུབ་སེམས་དཔའ་མང་། །བརྩོན་འགྲུས་དག་གི་སྟོབས་ཀྱིས་ཕྱིར་བོར་ཏེ། །སྟོང་ཕྲག་བྱེ་བའི་བདུད་རྣམས་རབ་བཏུལ་ནས། །བྱང་ཆུབ་རྡུལ་བྲལ་མྱ་ངན་མེད་པ་ཐོབ། །འགྲོ་བ་ཀུན་གྱི་གཙོ་བོ་བསྙེན་ བཀུར་བར། །ཤར་ཕྱོགས་ལོགས་ཀྱི་མཆོག་གི་འཇིག་རྟེན་ཁམས། །ལེགས་པར་སྤྲུལ་ནས་སྤྱོད་པ་ཡོངས་དག་པའི། །རྒྱལ་བའི་ཐད་ནས་བདག་ནི་འདིར་མཆིས་སོ། །སུ་དག་ཆོས་ཀྱི་གཏམ་རྣམས་ཉན་པ་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་བལྟ་བ་དང་། །རྐང་ གཉིས་གཙོ་བོ་དེ་ཡང་བལྟ་འདོད་པ། །དེ་དག་བྱ་རྒོད་ཕུང་པོར་མྱུར་དུ་ཤེག །འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་ཀྱང་ཐོས་པར་ཤིན་ཏུ་དཀའ། །དལ་འབྱོར་མིར་སྐྱེ་ཤིན་ཏུ་རྙེད་པར་དཀའ། །ཚུལ་ཁྲིམས་དད་པའང་རྟག་ཏུ་རྙེད་པར་དཀའ། །འཇིག་རྟེན་རྣམ་ པར་འདྲེན་པ་བཞུགས་བཞིན་དུ། །བདེ་འདོད་གང་ཞིག་བསོད་ནམས་མི་བྱེད་ན། །མྱ་ངན་འདས་ནས་དེས་ནི་ཅི་བྱ་ཡིས། །དེ་ནི་རྒྱལ་བའི་དྲུང་དེར་འདོང་བར་བྱ། །གང་དག་ངན་འགྲོ་ཐམས་ཅད་སྤངས་ནས་ནི། ལྷ་མིའི་ནང་དུ་བདེ་བ་འཐོབ་པ་དང་། །མྱ་ངན་འདས་འཐོབ་བདེ་བར་ འགྱུར་འདོད་པ། མཚུངས་མེད་དེ་ཡི་གན་དུ་དེ་དག་དོང་། །དེ་ནི་སྨན་པའི་རྒྱལ་པོ་བདུད་རྩི་སྦྱིན། །དེ་ནི་དེད་དཔོན་མཆོག་གི་ལམ་མཚོན་པ། །དེ་ནི་ཆོས་རྒྱལ་རིན་ཆེན་དམ་པ་འཆང་། །དེ་ནི་སེམས་ཅན་ཀུན་གྱི་རྟེན་དང་དཔུང་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གཙུག་ན་རིན་པོ་ཆེས་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདི་དག་སྨྲས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་དབྱངས་ཀྱིས་གོ་བར་གྱུར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཀྱང་ཚིགས་སུ་བཅད་པ་འདི་དག་ཐོས་ཏེ། ཐོས་ནས་བཅོམ་ལྡན་འདས་ལ་འདི་ 44-212b སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་དོན་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག་གང་ནས་བྱུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་གཉིས་ འདས་པ་ན་འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེའི་གན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་བཅས་ཏེ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཀྱང་བལྟ་བའི་ ཕྱིར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བརྒྱ་སྟོང་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་རྔ་ནི་རབ་ཏུ་རྡུང་། མེ་ཏོག་གི་ཆར་ནི་རབ་ཏུ་འབེབས། འོད་ ཟེར་ནི་འབྱིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་གཡོ་བར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་ མཇེད་འདིར་ཕྱིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་དེས་སེམས་ཅན་བག་མེད་པ་རྣམས་ཡང་དག་པར་བསྐུལ་བའི་ཕྱིར་ཚངས་པའི་འཇིག་རྟེན་དུ་འདུག་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཤཱ་རིའི་བུ་ཚིགས་སུ་བཅད་ པ་འདི་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གོ་བར་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་ཡང་དགེ་བའི་རྩ་བ་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་པོ་དེ་དག་དང་ལྷན་ཅིག་ 44-213a ཏུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་རྔ་ནི་རབ་ཏུ་རྡུང་། མེ་ཏོག་གི་ཆར་ནི་རབ་ ཏུ་འབེབས། འོད་ཟེར་ནི་འབྱིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་གཡོ་བར་བྱེད་ཅིང་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་ མི་མ་ཡིན་པ་བརྒྱ་སྟོང་མང་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་དག་པར་རབ་ཏུ་གནས་པ། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ། །བཅོམ་ལྡན་འདས་བདག་ཀྱང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཉན་པའི་སླད་དུ་འདིར་མཆིས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ཡོངས་སུ་དག་པ་གང་ལ་གནས་ན་ཤིན་ཏུ་མཐར་ཕྱིན་པ་དང་། ཤིན་ཏུ་གྲུབ་པ་དང་། བདེ་བར་འགྱུར་བ་དང་། ཤིན་ཏུ་ཡོངས་ སུ་དག་པ་འཐོབ་པར་འགྱུར་བ་དང་། དེ་དག་ལ་བག་ཆགས་ཀྱི་མཚམས་སྦྱོར་བར་འགྱུར་བའི་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་འབྱུང་བར་མི་འགྱུར་བ་དང་། རང་གི་སྤྱོད་པ་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་འཚལ་བར་འགྱུར་བ་དང་། སྤྱོད་ 44-213b པའི་མཚན་ཉིད་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་བ་དང་། ཡེ་ཤེས་ཀྱི་སྤྱོད་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྤྱོད་པ་རྣམ་པར་སྤྱོད་པར་འགྱུར་བ་དང་། ཆོས་ཀྱི་སྤྱོད་པས་སེམས་ཅན་མི་འཐུན་པར་སྤྱོད་པ་ལ་གནས་པ་རྣམས་ཡང་དག་པའི་ཆོས་ ཀྱི་ནན་ཏན་ལ་མོས་པར་བགྱིད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཁ་ན་མ་ཐོ་བ་མ་མཆིས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་དང་། དེ་དག་ལ་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་བ་དང་། དེ་དག་ཕྱོགས་ བཅུའི་འཇིག་རྟེན་ན་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ལྟ་བ་ལ་སྒྲིབ་པ་མ་མཆིས་པར་འགྱུར་བ་དང་། དེ་དག་གི་སྤྱོད་པ་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་པས་རིག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དེ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་ ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་དཔེ་ཙམ་ཅུང་ཟད་ཅིག་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེ་བཅོམ་ ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ནི་འདི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་སྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཡོངས་སུ་དག་པ་སྟེ། རིགས་ཀྱི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ 44-214a རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་ནི་ཀུན་ཏུ་བསྔོ་བའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ནི་ལམ་སྨྲ་བའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་ པར་བྱའོ། །མངོན་པར་ཤེས་པ་སྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ་ནི་བསམ་གཏན་ལ་སེམས་ལས་སུ་རུང་བའི་ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཡོངས་སུ་དག་པ་ནི་སྙིང་རྗེ་ཆེན་པོས་ལྷག་པའི་བསམ་པ་བརྟན་པའི་ ཡེ་ཤེས་ལ་མཁས་པར་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟེ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཡོངས་སུ་དག་པའོ། །དྲུག་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། སེར་སྣའི་དྲི་མས་ ཀུན་ཏུ་དཀྲིས་པའི་སེམས་སེལ་བ་དང་། གཏོང་བའི་རྗེས་སུ་འཇུག་པའི་སེམས་འཕེལ་བར་བྱེད་པ་དང་། དེ་སེར་སྣའི་དྲི་མ་བསལ་ཏེ་གཏོང་བའི་སེམས་ལ་གནས་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་ལ་གནས་སོ། །དེ་སྦྱིན་པ་སྦྱིན་པ་ན་ཐ་དད་པ་བཞི་མི་ བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐ་དད་དུ་མི་བྱེད་པ་དང་། ཆོས་ཐ་དད་པ་དང་། ཡོངས་སུ་བསྔོ་བ་ཐ་དད་པ་དང་། བསམ་པ་ཐ་དད་དུ་མི་བྱེད་དོ། །དེ་ལ་ཇི་ལྟར་ན་སེམས་ཅན་ཐ་དད་དུ་མི་བྱེད་ཅེ་ན། འདི་ལ་ནི་སྦྱིན། འདི་ལ་ནི་མི་སྦྱིན། འདི་ལ་ནི་མང་ དུ་སྦྱིན། འདི་ལ་ནི་ཉུང་ངུ་སྦྱིན། འདི་ལ་ནི་བཟང་པོ་སྦྱིན། འདི་ལ་ནི་ངན་པ་སྦྱིན། འདི་ལ་ནི་རྟག་ཏུ་སྦྱིན། འདི་ལ་ནི་རྟག་ཏུ་མི་སྦྱིན། འདི་ལ་ནི་བསྟི་སྟང་དུ་བྱས་ཏེ་སྦྱིན། འདི་ལ་ནི་བསྟི་སྟང་དུ་བྱས་ཏེ་མི་སྦྱིན། འདི་ལ་ནི་ཐམས་ཅད་སྦྱིན། འདི་ལ་ནི་ཐམས་ཅད་མི་སྦྱིན། 44-214b འདི་ནི་ཚུལ་ཁྲིམས་དང་ལྡན་པ། འདི་ནི་ཚུལ་ཁྲིམས་དང་མི་ལྡན་པ། འདི་ནི་སྦྱིན་པའི་གནས། འདི་ནི་སྦྱིན་པའི་གནས་མ་ཡིན། འདི་ལ་སྦྱིན་ན་སྦྱིན་པ་རྣམ་པར་དག་པར་འགྱུར། འདི་ལ་ནི་རྣམ་པར་དག་པར་མི་འགྱུར། འདི་ནི་ཡང་དག་པར་ཞུགས་པ། འདི་ནི་ལོག་པར་ ཞུགས་པའོ་ཞེས་བྱ་བ་སྟེ། རིགས་ཀྱི་བུ་དེ་ལྟར་གང་འདི་ལྟ་བུའི་སེམས་འཕྲོ་བ་སྤོང་ཞིང་མཉམ་པ་ཉིད་དང་། ཐ་དད་པ་མ་ཡིན་པ་དང་། མི་མཐོ་མི་དམའ་བ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་ཡང་དག་པར་སྦྱོར་བ་དང་། མཚུངས་པར་སྦྱིན་པ་དང་། མཚུངས་ པར་བྱམས་པ་དང་། མཚུངས་པར་སྙིང་རྗེ་བ་དང་། བྱེ་བྲག་མེད་པ་དང་། ནམ་མཁའ་དང་མཚུངས་པར་གྱུར་པ་དེ་ནི་སེམས་ཅན་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཆོས་ཐ་དད་དུ་མི་བྱེད་ཅེ་ན། གང་ཆོས་སྨྲ་བར་འགྱུར་བ་དེ་དག་ལ་ནི་སྦྱིན། གང་ཆོས་མི་ཡིན་པར་སྨྲ་ བར་འགྱུར་བ་དེ་དག་ལ་ནི་མི་སྦྱིན་ནོ་སྙམ་དུ་དེ་ལྟར་སེམས་མི་སྐྱེད་དེ། དེ་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་ནས་སྦྱིན་པ་སྦྱིན་ཏེ། སོ་སོའི་སྐྱེ་བོ་རྣམས་ནི་དམན་པའོ་སྙམ་དུ་སྦྱིན་པ་མི་སྦྱིན། འཕགས་པ་རྣམས་ནི་རྒྱ་ཆེན་པོའོ་ཞེས་སྦྱིན་པ་མི་སྦྱིན་གྱི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་ མཉམ་སྟེ་བྱེ་བྲག་མེད་པས་སྦྱིན་པ་སྦྱིན་པ་འདི་ནི་ཆོས་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཡོངས་སུ་བསྔོ་བ་ཐ་དད་དུ་མི་བྱེད་ཅེ་ན། གང་སྦྱིན་པ་སྦྱིན་པའི་དགེ་བའི་རྩ་བ་དེ་བརྒྱ་བྱིན་ཐོབ་པར་མི་སྔོ། ཚངས་པ་ཐོབ་པར་མ་ཡིན། རྒྱལ་པོའི་སྲིད་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། གཟུགས་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། གཡོག་འདོད་པར་མ་ཡིན། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བའི་སྐྱེ་གནས་རྣམས་སུ་དགེ་བའི་རྩ་བ་དེ་ཡོངས་སུ་མི་སྔོ། ཉན་ཐོས་ཀྱི་ཐེག་པར་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པར་མ་ ཡིན་ཏེ། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གཞན་དུ་མི་སྔོ་བ་འདི་ནི་བསྔོ་བ་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་སྦྱིན་པ་སྦྱིན་པ་ན་བསམ་པ་ཐ་དད་དུ་མི་བྱེད་ཅེ་ན། བསམ་པ་མཉམ་པ། སྦྱོར་བ་མཉམ་པ། རྣམ་པར་སྨིན་པ་ 44-215a ལ་མི་རེ་བ། ཕ་རོལ་ལ་བྱས་པའི་ལན་རེ་བ་མེད་པ། གཡོ་མེད་པ་དང་། སྒྱུ་མེད་པས་སེམས་ཐག་པ་ནས་ཤིན་ཏུ་ཡོངས་སུ་བཏང་བའི་བློ་སེམས་འགྱོད་པ་མེད་པ་གནས་གསུམ་དུ་དད་པ་ཐོབ་སྟེ་སྦྱིན་ནོ་སྙམ་པ་དང་། སྦྱིན་པར་བྱེད་པ་དང་། བྱིན་ནས་དད་པ་རབ་ཏུ་ ཐོབ་པ་འདི་ནི་བསམ་པ་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་ཐ་དད་པ་འདི་བཞི་མི་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་དག་པའི་རྐང་པ་དང་པོའོ། །དེ་ལྟ་བ་བརྒྱད་ཡོངས་སུ་ དག་པར་སྦྱིན་པ་སྦྱིན་པར་བྱེད་དེ། བརྒྱད་པོ་དག་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པ་དང་། དེ་བཞིན་དུ་སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་ཡོངས་སུ་དག་པ་སྟེ། ལྟ་བ་བརྒྱད་པོ་དེ་དག་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་བག་ལ་ཉལ་བཞི་ཡོངས་སུ་སྤངས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། སོ་སོའི་སྐྱེ་བོའི་ཆོས་ཀྱི་བག་ལ་ཉལ་དང་། ཉན་ཐོས་ཀྱི་ཆོས་ཀྱི་བག་ལ་ཉལ་དང་། རང་ སངས་རྒྱས་ཀྱི་ཆོས་ཀྱི་བག་ལ་ཉལ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་བག་ལ་ཉལ་ཏེ། བག་ལ་ཉལ་བཞི་པོ་དེ་དག་ཡོངས་སུ་སྤངས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་འདུ་ཤེས་བཞི་ཡོངས་སུ་སྤངས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། རྟག་པར་འདུ་ཤེས་པ་ དང་། བདེ་བར་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་སྟེ། འདུ་ཤེས་བཞི་པོ་དེ་དག་ཡོངས་སུ་སྤངས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་རྣམ་པ་བཞི་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། བསམ་པ་ཡོངས་སུ་དག་པ་སྟེ། རྣམ་པ་བཞི་པོ་དེ་དག་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ཆགས་པ་གསུམ་ལས་ཤིན་ཏུ་འདས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། གསུམ་གང་ཞེ་ན། རྣམ་པར་སྨིན་ 44-215b པ་ལ་ཆགས་པ་དང་། འགྱོད་པ་ལ་ཆགས་པ་དང་། ཐེག་པ་དམན་པར་བསྔོ་བ་ལ་ཆགས་པ་སྟེ། གསུམ་པོ་དེ་དག་ལས་ཤིན་ཏུ་འདས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་འཇིགས་པ་གསུམ་ལས་ཤིན་ཏུ་འདས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། གསུམ་གང་ཞེ་ན། ལྷག་པའི་ང་རྒྱལ་གྱི་འཇིགས་ པ་དང་། རློམ་སེམས་ཀྱི་འཇིགས་པ་དང་། བདུད་ཀྱི་ལས་ཀྱི་འཇིགས་པ་སྟེ། གསུམ་པོ་དེ་དག་ལས་ཤིན་ཏུ་འདས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་རྒྱ་བཞིས་བཏབ་ནས་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། ནང་སྟོང་པ་ཉིད་ཀྱི་རྒྱས་བཏབ་པ་དང་། ཕྱི་སྟོང་པ་ཉིད་ཀྱི་རྒྱས་ བཏབ་པ་དང་། སེམས་ཅན་སྟོང་པ་ཉིད་ཀྱི་རྒྱས་བཏབ་པ་དང་། བྱང་ཆུབ་སྟོང་པ་ཉིད་ཀྱི་རྒྱས་བཏབ་པ་སྟེ། རྒྱ་བཞི་པོ་དེ་དག་གིས་བཏབ་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་བརྩོན་འགྲུས་རྩོམ་པ་བཞི་དང་མི་འབྲལ་བར་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཚིམ་པར་ བྱེད་པའི་བརྩོན་འགྲུས་རྩོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པའི་བརྩོན་འགྲུས་རྩོམ་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའི་བརྩོན་འགྲུས་རྩོམ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་བརྩོན་འགྲུས་རྩོམ་པ་སྟེ། བརྩོན་ འགྲུས་རྩོམ་པ་བཞི་པོ་དེ་དག་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་དྲན་པ་བཞི་དང་མི་འབྲལ་བར་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་དྲན་པ་དང་། སངས་རྒྱས་མཐོང་བ་དྲན་པ་དང་། བྱམས་པ་ཆེན་པོ་དྲན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ ཉོན་མོངས་པ་སྤོང་བ་དྲན་པ་སྟེ། དྲན་པ་བཞི་པོ་དེ་དག་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དེ། གསུམ་གང་ཞེ་ན། བདག་གི་འཁོར་ཡོངས་སུ་དག་པ་དང་། སེམས་ཅན་གྱི་འཁོར་ཡོངས་སུ་དག་པ་དང་། བྱང་ཆུབ་ ཀྱི་འཁོར་ཡོངས་སུ་དག་པ་སྟེ། འཁོར་གསུམ་པོ་དེ་དག་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ཤེས་པ་ཡོངས་སུ་དག་པ་བཞི་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། སྦྱིན་པ་ཤེས་པ་ཡོངས་སུ་དག་པ་དང་། སེམས་ཅན་གྱི་བསམ་པ་ 44-216a ཚིམ་པར་བྱེད་པ་ཤེས་པ་ཡོངས་སུ་དག་པ་དང་། སྒྱུ་མའི་ཆོས་སུ་སོ་སོར་རྟོག་པ་ཤེས་པ་ཡོངས་སུ་དག་པ་དང་། བསྔོ་བ་ལ་སོ་སོར་རྟོག་པ་ཤེས་པ་ཡོངས་སུ་དག་པ་སྟེ། ཤེས་པ་ཡོངས་སུ་དག་པ་བཞི་པོ་དེ་དག་གིས་ཡོངས་སུ་དག་པར་སྦྱིན་པ་སྦྱིན་པར་བྱེད་དོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཆོས་ལ་ཞུགས་པ་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་ཤིན་ཏུ་ཡོངས་སུ་དག་པར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་ དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་ནི་རྣམ་པ་གཅིག་སྟེ། རྣམ་པ་གཅིག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ སེམས་མཉམ་པ་མེད་པའི་སེམས། ཐུན་མོང་མ་ཡིན་པའི་སེམས། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་མཆོག་ཏུ་བྱེ་བྲག་ཏུ་འཕགས་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པའི་སེམས། བདུད་ཐམས་ཅད་འདུལ་བའི་སེམས། ལས་ དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པར་བྱེད་པའི་སེམས། སེམས་ཅན་ཐམས་ཅད་སྒྲོལ་བའི་སེམས། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སེམས་དེ་ཉིད་མི་འདོར་ཞིང་སྲུང་བ་དང་། སྦེད་པ་དང་། མི་བརྗེད་པ་སྟེ། རིགས་ཀྱི་བུ་འདི་ ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་གཅིག་གོ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་གཉིས་ཏེ། རྣམ་པ་གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་འོད་ཟེར་ཐོགས་པ་མེད་པ་དང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཀྱི་བསམ་པའི་ཚུལ་ཁྲིམས་ལ་འཛུད་པ་སྟེ། འདི་ནི་རྣམ་པ་གཉིས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ 44-216b གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་གནོད་པ་ཐམས་ཅད་བསལ་བས་ལུས་ཡོངས་སུ་དག་པ་དང་། ཁ་གསག་དང་། གཞོགས་སློང་དང་། ངག་གི་སྐྱོན་ཐམས་ཅད་བསལ་བས། ངག་ཡོངས་སུ་དག་པ་དང་། འདོད་པ་དང་། གནོད་སེམས་དང་། རྣམ་ པར་འཚེ་བའི་རྣམ་པར་རྟོག་པ་བསལ་བས་སེམས་ཡོངས་སུ་དག་པ་སྟེ་འདི་ནི་རྣམ་པ་གསུམ་མོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། བསླབ་པ་ཡང་དག་པར་འཛིན་ པ་དང་། བསླབ་པ་ཡང་དག་པར་བཟུང་བ་མ་ཉམས་པ་དང་། སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨིན་པར་བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་སྟོན་པ་བཞིན་དུ་གུས་པར་བྱེད་པ་སྟེ། འདི་ནི་རྣམ་པ་བཞིའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔ་སྟེ། རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པ་དང་། མ་བསླབས་པ་ལ་མི་བརྙས་པ་དང་། ཉན་ཐོས་ཀྱི་སེམས་ལ་མི་རེ་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་མི་འདོད་པ་སྟེ། འདི་ནི་རྣམ་པ་ལྔའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་དྲུག་སྟེ། རྣམ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། བསླབ་པ་ལས་མི་འདའ་བས་སངས་རྒྱས་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་ལ་འགྱོད་པ་མེད་པས་ ཆོས་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་བསླབ་པ་ལ་ལྟ་བས་དགེ་འདུན་རྗེས་སུ་དྲན་པ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤོང་བས་གཏོང་བ་རྗེས་སུ་དྲན་པ་དང་། སྐྱེ་བ་ཐམས་ཅད་ལ་མི་གནས་པས་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ རྫོགས་པར་བྱེད་པས་ལྷ་རྗེས་སུ་དྲན་པ་སྟེ། འདི་ནི་རྣམ་པ་དྲུག་གོ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་བདུན་ཏེ། རྣམ་པ་བདུན་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ་དང་། 44-217a བདག་ཉིད་དཔང་དུ་བྱས་ཏེ་ངོ་ཚ་ཤེས་པ་དང་། སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ་ཁྲེལ་ཡོད་པ་དང་། ང་རྒྱལ་མེད་པས་གུས་པ་དང་། བདག་དང་གཞན་ལ་གདུང་བ་མེད་པས་ངེས་པ་དང་། འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བས་རྣམ་པར་འཚེ་བ་ མེད་པ་དང་། སེམས་ཀྱི་ཡོངས་སུ་གདུང་བ་ཉེ་བར་ཞི་བས་འཁོན་དུ་མི་འཛིན་པ་སྟེ། འདི་ནི་རྣམ་པ་བདུན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་བརྒྱད་དེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་མེད་ པའི་སེམས་ཀྱིས་ཚུལ་མི་འཆོས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་འདོར་བས་ཁ་གསག་མེད་པ་དང་། རང་བཞིན་གྱིས་ཆོག་ཤེས་པས་ཐོབ་ཀྱིས་འཇལ་བ་མི་བྱེད་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་འཕགས་པའི་རིགས་ཡང་དག་པར་འཛིན་པ་ཡོངས་ སུ་རྫོགས་པ་དང་། དགོན་པ་ལ་གནས་པ་རྗེས་སུ་མི་གཏོང་བས་ལུས་ལ་མི་ལྟ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་སྲོག་ལ་མི་ལྟ་བ་དང་། འདུ་འཛི་སྤོང་བས་གཅིག་པུ་ན་དགའ་བ་དང་། ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་པས་ཆོས་ཀྱི་དགའ་བ་ལ་མོས་པ་སྟེ་ འདི་ནི་རྣམ་པ་བརྒྱད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་དགུ་སྟེ། རྣམ་པ་དགུ་གང་ཞེ་ན། འདི་ལྟ་སྟེ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་རྣམས་འདུལ་བ་དང་། སེམས་ཅན་གྱི་གནས་དགུ་པོ་རྣམས་ ལས་ཤིན་ཏུ་འདའ་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་རྣམས་ཀྱི་རྩ་བ་ཡོངས་སུ་སྦྱོང་བ་དང་། ཡོངས་སུ་གདུང་བ་མེད་པས་སེམས་ཞི་བ་དང་། སེམས་ལས་སུ་རུང་བས་ཞི་གནས་ཀྱི་ཚོགས་ཀུན་ཏུ་ཚོལ་བ་དང་། ཆོ་ག་དང་ཚུལ་ཁྲིམས་དང་ལྟ་བ་ ཉམས་པ་ལས་ཤིན་ཏུ་འདས་པས་མི་ལྷོད་པ་དང་། ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པས་སེམས་ཅན་ཐམས་ཅད་ལ་མི་སླུ་བ་དང་། ཚུལ་ཁྲིམས་ལ་སྐྱོན་མེད་པས་ཤིན་ཏུ་མཐར་ཐུག་པ་དང་། ཡོངས་སུ་བསྔོ་བ་ལ་མཁས་པས་སེམས་ཕྱད་པ་སྟེ། འདི་ནི་རྣམ་པ་དགུའོ། ། 44-217b རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་བཅུ་སྟེ། རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་རྣམ་གསུམ་ཡོངས་སུ་དག་པ་དང་། ངག་གི་ལས་རྣམ་བཞི་ཡོངས་སུ་དག་པ་དང་། ཡིད་ཀྱི་ལས་རྣམ་གསུམ་ཡོངས་སུ་དག་ པ་དང་། གཡོ་སྒྱུ་དང་བྲལ་ཏེ་དྲང་ཞིང་ཚུལ་འཆོས་པ་མེད་པའི་བསམ་པ་དང་ལྡན་པ་དང་། བསླབ་པ་ཐམས་ཅད་དང་མི་འགལ་བ་དང་། ཕན་པར་སྦྱོར་བའི་དངོས་པོའི་སྔོན་དུ་འགྲོ་བས་རྗེས་སུ་སྟོན་པ་དང་། དུལ་ཞིང་ཅང་ཤེས་ཀྱི་སའི་ཕྱིར་སེམས་དམུ་རྒོད་མ་ཡིན་པ་དང་། བདག་ ཉིད་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་སློབ་མར་གྱུར་པ་དང་། ང་རྒྱལ་མེད་པས་སྦྱིན་པའི་གནས་རྣམས་ལ་འདུད་ཅིང་ཕྱག་འཚལ་བ་དང་། སྲོག་གི་དབང་པོར་ཆོས་མདུན་དུ་བྱེད་ཀྱི་འཇིག་རྟེན་གྱི་ཟང་ཟིང་མདུན་དུ་མི་བྱེད་པ་སྟེ། འདི་ནི་རྣམ་པ་བཅུའོ། །རིགས་ཀྱི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་གཉིས་ཏེ། རྣམ་པ་གཉིས་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་བཅས་ཤིང་འབད་པ་དང་བཅས་པའི་ཚུལ་ཁྲིམས་ནི་སྲོག་གི་ཕྱིར་ཡང་མི་འབྲལ་བ་དང་། མཚན་མ་མེད་པ་དང་ ལྷུན་གྱིས་གྲུབ་པའི་ཚུལ་ཁྲིམས་ནི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པར་སློབ་པ་སྟེ། འདི་ནི་རྣམ་པ་གཉིས་སོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ནང་རྣམ་ པར་དག་པས་སྐྱེ་མཆེད་རྣམ་པར་དག་པ་དང་། ཕྱི་རྣམ་པར་དག་པས་ཡུལ་ཐམས་ཅད་སྤངས་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ངོ་བོ་ ཉིད་ཀྱི་མཚན་ཉིད་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། མངོན་པར་འདུ་མི་བྱེད་པས་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དེ། གཉིས་པོ་དེ་དག་གོ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ 44-218a ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་དག་ཡོངས་སུ་དག་པས་འདི་ལྟར་གཤེ་ཡང་སླར་མི་གཤེའོ། །ལུས་ཡོངས་སུ་དག་པས་བརྡེགས་ཀྱང་སླར་མི་རྡེག་ གོ། སེམས་ཡོངས་སུ་དག་པས་ཁྲོས་ཀྱང་སླར་མི་ཁྲོའོ། །ལྷག་པའི་བསམ་པ་ཡོངས་སུ་དག་པས་འཚིག་པར་བྱས་ཀྱང་སླར་མི་འཚིག་གོ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ལྟ་བའི་ཕྱིར་གཞན་གྱིས་ངན་དུ་སྨྲས་སམ། ངན་དུ་བརྗོད་པའི་ཚིག་གི་ ལམ་ཐོས་ཀྱང་མི་གཤེའོ། །འཇིག་རྟེན་ཕ་རོལ་ལ་ལྟ་བའི་ཕྱིར་ལག་པ་དང་། བོང་བ་དང་དབྱུག་པས་བརྡེགས་ཀྱང་ཁོང་ཁྲོ་བར་མི་འགྱུར་རོ། །བྱང་ཆུབ་ཀུན་ཏུ་སྲུང་བའི་ཕྱིར་ཡན་ལག་དང་ཉིང་ལག་བཅད་ཀྱང་ཁོང་ཁྲོ་བར་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་ནི་བསྡུ་བའི་དངོས་པོ་ཡོངས་སུ་འཛིན་པའི་ཕྱིར་སློང་བ་ལ་མི་གཤེའོ། །བྱང་ཆུབ་ཀྱི་ལམ་གྱིས་ཉེ་བར་བརྟན་པའི་ཕྱིར་དེ་དག་ལ་བྱམས་པ་ཉེ་བར་སྒྲུབ་བོ། །སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་དག་ལ་སྙིང་རྗེ་སྐྱེད་དོ། །བདུད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་སྤང་ བའི་ཕྱིར་གང་སློང་ཡང་དེ་ལ་ཕན་པར་སེམས་ཤིང་སྙིང་རྗེ་དང་ལྡན་ཏེ་བྱང་ཆུབ་ཀྱི་ཡན་ལག་ཏུ་ངེས་པར་སྦྱིན་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་ཞིང་བཟོད་དོ། །སྟོབས་བཅུ་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་རྗེས་སུ་དྲན་ཞིང་བཟོད་དོ། །དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡེ་ཤེས་རྗེས་སུ་དྲན་ཞིང་བཟོད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕན་པར་འདོད་པ་རྗེས་སུ་དྲན་ ཞིང་བཟོད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབྲས་བུ་ཡོད་པ་རྣམ་པར་གནོན་པ་རྗེས་སུ་དྲན་ཞིང་བཟོད་དོ། །མི་འཇིགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེང་གེ་བསྒྱིངས་པ་རྗེས་སུ་དྲན་ཞིང་བཟོད་དོ། །སེམས་ཅན་ཐམས་ཅད་ལ་འདུད་པའི་ཕྱིར་སྤྱི་ 44-218b གཙུག་བལྟར་མི་སྣང་བ་རྗེས་སུ་དྲན་ཞིང་བཟོད་དོ། །འཇིག་རྟེན་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་མཚན་དང་དཔེ་བྱད་བཟང་པོ་རྗེས་སུ་དྲན་ཞིང་བཟོད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མྱང་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་རྗེས་སུ་དྲན་ ཞིང་བཟོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བཟོད་པ་ནི་སྟོབས་གཉིས་ཀྱིས་ཡོངས་སུ་དག་པར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སོ་སོར་རྟོག་པའི་སྟོབས་དང་སྒོམ་པའི་སྟོབས་སོ། །དེ་ལ་གང་ལུས་དང་སེམས་ལ་གནས་ཏེ་བཟོད་པ་ནི་སོ་སོར་རྟོག་པའི་སྟོབས་སོ། ། གང་ཆོས་ཐམས་ཅད་ལ་གནས་ཏེ་བཟོད་པ་ནི་སྒོམ་པའི་སྟོབས་སོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་ནི་གང་སེམས་ཅན་ཐམས་ཅད་ལ་བདག་མེད་པར་བཟོད་ཅིང་ཆོས་ཐམས་ཅད་ལ་དབེན་པར་བཟོད་དེ། གང་ཆོས་ ཐམས་ཅད་ལ་མི་བཟོད་པ་དེ་ནི་བཟོད་པ་ཡོངས་སུ་དག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་དོན་དམ་པར་གང་བཟོད་པ་འམ། མི་བཟོད་པའི་ཆོས་གང་ཡང་མེད་དོ། །གང་ཆོས་ཐམས་ཅད་ཁས་མི་ལེན་པ་དེའི་བཟོད་པ་ཡོངས་སུ་དག་པ་སྟེ། ཆོས་ཁས་ལེན་པ་ལ་ནི་བཟོད་པ་ཡོངས་སུ་ དག་པ་གང་ཡང་མེད་དོ། །གང་ཆོས་ཐམས་ཅད་ལ་ཞུམ་པ་མེད་པ་དེའི་བཟོད་པ་ཡོངས་སུ་དག་པ་སྟེ། ཞུམ་པ་ལ་ནི་བཟོད་པ་ཡོངས་སུ་དག་པ་གང་ཡང་མེད་དོ། །གང་ཆོས་ཐམས་ཅད་མི་འཛིན་པ་དེའི་བཟོད་པ་ཡོངས་ས་དག་པ་སྟེ། འཛིན་པ་ལ་ནི་བཟོད་པ་ཡོངས་སུ་དག་པ་གང་ཡང་མེད་ དོ། །གང་ལ་བདག་མེད་པ་དང་། སེམས་ཅན་མེད་པ་དང་། ཆོས་མེད་པ་དེའི་བཟོད་པ་ཡོངས་སུ་དག་པ་སྟེ། བདག་དང་སེམས་ཅན་དང་། ཆོས་ལ་གནས་པ་ལ་ནི་བཟོད་པ་ཡོངས་སུ་དག་པ་གང་ཡང་མེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ལུས་རྣམ་པར་འཕྲུལ་པའི་བཟོད་པ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཟོད་པ་ཡོངས་སུ་དག་པ་སྟེ། གཉིས་པོ་དེ་དག་གོ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་བཟོད་ 44-219a པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་མི་གཏོང་བ། དགོས་པ་དང་དགོས་པ་མ་ཡིན་པ་ལ་ཞུམ་པ་མེད་པ། རྩོམ་པས་མི་ངལ་བ། དགེ་བའི་རྩ་བ་སོགས་པ་ལ་མི་ཞན་པ། ཕ་རོལ་ཏུ་ཕྱིན་པ་འདི་དག་ལས་ཕྱིར་མི་ལྡོག་པ། ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པ། ཆོས་ཐམས་ཅད་སྟོན་པར་རྩོམ་པ། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་ལ་སྤྲོ་བ། མཆོད་སྦྱིན་ཆེན་པོ་ལས་ སྒྲོལ་བ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ལ་ཡོངས་སུ་མི་སྐྱོ་བ། སངས་རྒྱས་ཀྱི་ཞིང་རྣམ་པར་སྤྱོད་པ། ཐེག་པ་དམན་པ་ལས་ཤིན་ཏུ་འདའ་བ། སྔོན་དམ་བཅས་པ་ཡོངས་སུ་རྫོགས་པར་བྱེད་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། ཐོས་པའི་ཚོགས་ སོགས་པ། སྔོན་གྱི་བསོད་ནམས་བསགས་པ་ཆུད་མི་གཟོན་པ། ང་རྒྱལ་མེད་པས་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བྱའོ་ཅོག་བྱེད་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཡོངས་སུ་དག་པ་གང་ཞེ་ན། གང་ལུས་ལ་མིག་ཡོར་དང་གཟུགས་བརྙན་དུ་ ཤེས་པ། ཚིག་ལ་བརྗོད་དུ་མེད་པར་ཤེས་པ། སེམས་ལ་ཤིན་ཏུ་ཉེ་བར་ཞི་བར་ཤེས་པ། ཟད་པ་ཤེས་པ་རྣམ་པར་རིག་པ། ཟད་པ་ཤེས་པ་རབ་ཏུ་ཤེས་པ། མི་སྐྱེ་བ་ཤེས་པ་ངེས་པར་རྟོགས་པའོ། །དེ་རྩོམ་པ་གསུམ་ལས་རྣམ་པར་གྲོལ་བར་བརྩོན་འགྲུས་རྩོམ་སྟེ། གསུམ་གང་ཞེ་ན། གནས་པའི་རྩོམ་པ་དང་། དམིགས་པའི་རྩོམ་པ་དང་། ཡོངས་སུ་རྟོག་པའི་རྩོམ་པ་སྟེ། གསུམ་པོ་དེ་དག་གོ། དེ་ཆགས་པ་གསུམ་ལ་མི་ཆགས་པར་བརྩོན་འགྲུས་རྩོམ་སྟེ། གསུམ་གང་ཞེ་ན། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ ལ་མི་ཆགས་པ། རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་ལ་མི་ཆགས་པ། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་ལ་མི་ཆགས་པ། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་ལ་མི་ཆགས་པ། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་མི་ཆགས་ 44-219b པ། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་ཆགས་པའོ། །དེ་འཛིན་པ་མེད་ཅིང་འདོར་བ་མེད་པའི་བརྩོན་འགྲུས་དང་ལྡན་པས་སྦྱིན་པ་མི་ལེན། སེར་སྣ་མི་འདོར། ཚུལ་ཁྲིམས་མི་ལེན། འཆལ་པའི་ཚུལ་ཁྲིམས་མི་འདོར། བཟོད་པ་མི་ལེན། གནོད་སེམས་ མི་འདོར། བརྩོན་འགྲུས་མི་ལེན། ལེ་ལོ་མི་འདོར། བསམ་གཏན་མི་ལེན། གཡེང་བ་མི་འདོར། ཤེས་རབ་མི་ལེན། འཆལ་པའི་ཤེས་རབ་མི་འདོར། དགེ་བ་མི་ལེན། མི་དགེ་བ་མི་འདོར། སངས་རྒྱས་ཀྱི་བྱང་ཆུབ་མི་ལེན། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ མི་འདོར་རོ། །དེ་ལེན་པ་མེད་ཅིང་འདོར་བ་མེད་པས་གཉིས་ཡོངས་སུ་དག་པའི་བརྩོན་འགྲུས་དང་ལྡན་པར་འགྱུར་ཏེ། དེ་ལ་གཉིས་གང་ཞེ་ན། གང་ནང་གི་ཀུན་ཏུ་ལྡང་བ་ལས་དམིགས་པ་ཀུན་ཏུ་ལྡང་བ་དང་། ཕྱི་རོལ་དུ་རྣམ་པར་ཤེས་པ་མཚན་མའི་རྗེས་སུ་འབྲང་བར་འགྱུར་བ་དེ་ནི་གཉིས་ ཞེས་བྱའོ། །དེ་ལ་གཉིས་ཡོངས་སུ་དག་པ་གང་ཞེ་ན། གང་ནང་ཉེ་བར་ཞི་བས་ཕྱི་རོལ་དུ་མི་རྒྱུ་བ་དང་། སྤྲོས་པ་མེད་པ་སྟེ། འདི་ནི་གཉིས་ཡོངས་སུ་དག་པ་ཞེས་བྱའོ། །གང་རྒྱུ་བ་མེད་ཅིང་མ་སྤྲོས་པ། སྤྲོས་པ་མེད་པའི་བརྩོན་འགྲུས་འདི་ལྟ་བུ་དེ་ནི་བྱང་ཆུབ་སེམས་དཔའི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། གང་བསམ་གཏན་གྱི་ཡན་ལག་རྣམས་ཡང་དག་པར་སྒྲུབ་ཅིང་ཡང་དག་པར་བསྒྲུབས་ནས་སོ་སོར་ རྟོག་པ་དང་། སོ་སོར་བརྟགས་ནས་ཀྱང་སྙོམས་པར་འཇུག་པ་ཡིན་ཏེ། དེ་བསམ་གཏན་བྱེད་ཀྱང་གཟུགས་ལ་གནས་ཏེ་བསམ་གཏན་མི་བྱེད། དེ་བསམ་གཏན་བྱེད་ཀྱང་ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་གནས་ ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་མིག་ལ་གནས་ཏེ་བསམ་གཏན་མི་བྱེད། དེ་བསམ་གཏན་བྱེད་ཀྱང་རྣ་བ་ལ་གནས་ཏེ་བསམ་གཏན་མི་བྱེད། སྣ་ལ་མ་ཡིན། ལྕེ་ལ་མ་ཡིན། ལུས་ལ་མ་ཡིན། ཡིད་ལ་གནས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་ 44-220a གཏན་བྱེད་ཀྱང་གཟུགས་ལ་གནས་ཏེ་བསམ་གཏན་མི་བྱེད། སྒྲ་ལ་མ་ཡིན། དྲི་ལ་མ་ཡིན། རོ་ལ་མ་ཡིན། རེག་བྱ་ལ་མ་ཡིན། ཆོས་ལ་གནས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་ལུས་སུ་རྣམ་པར་རྟོག་པ་ལ་གནས་ཏེ་བསམ་གཏན་མི་བྱེད། དེ་བསམ་ གཏན་བྱེད་ཀྱང་སེམས་སུ་རྣམ་པར་རྟོག་པ་ལ་གནས་ཏེ་བསམ་གཏན་མི་བྱེད། དེ་བསམ་གཏན་བྱེད་ཀྱང་ས་ལ་གནས་ཏེ་བསམ་གཏན་མི་བྱེད། དེ་བཞིན་དུ་ཆུ་ལ་མ་ཡིན། མེ་ལ་མ་ཡིན། རླུང་ལ་མ་ཡིན། ནམ་མཁའ་ལ་གནས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་ ཟླ་བ་ལ་མ་ཡིན། ཉི་མ་ལ་མ་ཡིན། བརྒྱ་བྱིན་ལ་མ་ཡིན། ཚངས་པ་ལ་མ་ཡིན། སྐྱེ་དགུའི་བདག་པོ་ལ་གནས་ཏེ་བསམ་གཏན་མི་བྱེད་དོ། །འདོད་པའི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད། གཟུགས་ཀྱི་ཁམས་ལ་མ་ཡིན། གཟུགས་མེད་པའི་ཁམས་ལ་གནས་ ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་འཇིག་རྟེན་འདི་ལ་གནས་ཏེ་བསམ་གཏན་མི་བྱེད། འཇིག་རྟེན་ཕ་རོལ་ལ་གནས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་མི་མཐོ་མི་དམའ་བར་གནས་ཏེ་མི་གཡོ་བར་གྱུར་ཅིང་བསམ་གཏན་བྱེད་དོ། །དེ་བསམ་གཏན་ བྱེད་ཀྱང་བདག་ཉེ་བར་ལེན་པའི་ལྟ་བ་ལ་གནས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་སེམས་ཅན་ལ་མ་ཡིན། སྲོག་ལ་མ་ཡིན། གསོ་བ་ལ་མ་ཡིན། གང་ཟག་ལ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་ཉེ་བར་ལེན་པའི་ལྟ་བ་ལ་གནས་ཏེ་བསམ་གཏན་མི་ བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་ཆད་པར་ལྟ་བ་ཁས་བླངས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་རྟག་པར་ལྟ་བ་མ་ཡིན། འབྱུང་བར་ལྟ་བ་མ་ཡིན། འཇིག་པར་ལྟ་བ་ཁས་བླངས་ཏེ་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་ཟག་པ་ཤིན་ཏུ་ཟད་པར་བྱ་ བའི་ཕྱིར་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་སྐྱོན་མེད་པ་ལ་འཇུག་པ་དང་། འབྲས་བུ་ཐོབ་པ་མངོན་སུམ་དུ་བྱ་བའི་ཕྱིར་བསམ་གཏན་མི་བྱེད་དོ། །དེ་བསམ་གཏན་བྱེད་ཀྱང་ཤིན་ཏུ་མངོན་པར་འདུ་མི་བྱ་བའི་ཕྱིར་བསམ་གཏན་མི་བྱེད་དོ། །དེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ 44-220b འདྲིས་པར་བྱ་བའི་ཕྱིར་བསམ་གཏན་བྱེད་ཀྱང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བའི་ཕྱིར་བསམ་གཏན་མི་བྱེད་དོ། །དེ་མཚན་མ་མེད་པའི་ཏིང་ངེ་འཛིན་འདྲིས་པར་བྱ་བའི་ཕྱིར་བསམ་གཏན་བྱེད་ཀྱང་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བའི་ཕྱིར་བསམ་གཏན་མི་བྱེད་དོ། །དེ་ སྨོན་པ་མེད་པའི་ཏིང་ངེ་འཛིན་འདྲིས་པར་བྱ་བའི་ཕྱིར་བསམ་གཏན་བྱེད་ཀྱང་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བའི་ཕྱིར་བསམ་གཏན་མི་བྱེད་དོ། །དེ་བྱམས་པ་ཆེན་པོའི་གོ་བགོས་སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་ལ་གནས་ཏེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ པ་ཉིད་ཀྱི་རྣམ་པས་མངོན་པར་བསྒྲུབས་པ་བསམ་གཏན་དུ་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ། ཚུལ་ཁྲིམས་མ་ཚང་བ་མེད་པ། བཟོད་པ་མ་ཚང་བ་མེད་པ། བརྩོན་འགྲུས་མ་ཚང་བ་མེད་པ། བསམ་གཏན་ མ་ཚང་བ་མེད་པ། ཤེས་རབ་མ་ཚང་བ་མེད་པ། ཐབས་མ་ཚང་བ་མེད་པ། བྱམས་པ་མ་ཚང་བ་མེད་པ། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མ་ཚང་བ་མེད་པ། བདེན་པ་ཤེས་པ་ལ་འཇུག་པ་མ་ཚང་བ་མེད་པ། བྱང་ཆུབ་ཀྱི་སེམས་སེམས་ཅན་ལ་ལྟ་བ་མ་ཚང་བ་མེད་པ། བསམ་པ་དང་ལྷག་པའི་བསམ་པའི་སྦྱོར་བ་མ་ཚང་བ་མེད་པ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱེད་པ་དང་། དོན་འཐུན་པ་མ་ཚང་བ་མེད་པ། དྲན་པ་དང་ཤེས་བཞིན་མ་ཚང་བ་མེད་པ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཚང་བ་མེད་པ། ཞི་གནས་དང་ལྷག་མཐོང་མ་ཚང་བ་མེད་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པ་མ་ཚང་བ་མེད་པ། ངོ་ཚ་ཤེས་པ་དང་ཁྲེལ་ ཡོད་པ། མ་ཚང་བ་མེད་པ། མི་དགེ་བའི་ཆོས་དང་མི་ལྡན་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པ། སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པས་བྱིན་གྱིས་བརླབས་པ། ཆོས་ཀྱི་ཚུལ་འབར་བས་ཡང་དག་པར་བསྡུས་པ། དགེ་འདུན་གྱི་ཚུལ་ཡོངས་སུ་སྡུད་པ་དང་ལྡན་པ། 44-221a སེམས་ཅན་ཐམས་ཅད་ལ་ལྟ་བས་བྱིན་གྱིས་བརླབས་པ། སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབས་པས་ལེགས་པར་བརྒྱན་པ། སངས་རྒྱས་ཀྱི་དབྱིངས་ཡོངས་སུ་རྫོགས་པར་བསྔོས་པ། སངས་རྒྱས་ཀྱི་ཏིང་ངེ་འཛིན་མཉམ་པ་ཉིད་དང་ལྡན་པ། སངས་རྒྱས་ཀྱི་རྫུ་ འཕྲུལ་དང་། སོ་སོ་ཡང་དག་པར་རིག་པ་དང་ལྡན་པ། སྟོབས་བཅུའི་སྟོབས་ཀྱིས་ཡང་དག་པར་བཟུང་བ། མི་འཇིགས་པ་བཞི་ལ་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་རྗེས་སུ་འཐུན་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་མ་འདྲེས་པ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་བསལ་བ། མངོན་པར་ཤེས་པའི་ཡེ་ཤེས་དང་མ་བྲལ་བ། སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་པ་སྟོན་པ་བཞི་ཐོབ་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མཉམ་པ་ཉིད་ཐོབ་པ། སེམས་ཅན་ཐམས་ཅད་ཡོངས་སུ་ སྨིན་པར་བྱེད་པས་མ་སྨད་པ། དྲང་བ། མཁས་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ། ཉོན་མོངས་པ་ཐམས་ཅད་སྦྱོང་བ། ཆུ་བོ་ལས་སྒྲོལ་བ། འཛིན་པ་ཐམས་ཅད་གཅོད་པ། རང་བཞིན་གྱིས་ཉེ་བར་ཞི་བ། ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ཉེ་བར་ཞི་བ། ཆོས་ཉིད་ཀྱིས་བཏང་སྙོམས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྟ་བ། རང་གི་མཚན་ཉིད་ཀྱིས་བེམས་པོ་བྱིན་གྱིས་བརླབས་བྱ་བའི་ཕྱིར་རྣམ་པར་གྲོལ་བ་མེད་པ། རང་གི་ངང་གིས་ལུང་དུ་མ་བསྟན་པ། སངས་རྒྱས་ཀྱི་བྱ་བ་ལ་རྟག་ཏུ་བརྩོན་པ། ཉེ་བར་ཞི་བས་བསིལ་བར་གྱུར་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟག་ཏུ་འབར་བ་སྟེ། འདི་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཡོངས་སུ་བརྟག་པ་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་ པ་དེ་དག་ཐམས་ཅད་རི་མོ་མཁན་བཟོ་ཐ་དད་པར་བསླབས་པ། ཡན་ལག་རྣམ་པར་ཕྱེ་བ་ཐ་དད་དུ་བསླབས་པར་གྱུར་ཏེ། དེ་ལ་ལ་ལ་ནི་ས་གཅོད་པ་ལ་མཁས་ཀྱང་འདྲི་བ་ལ་མི་མཁས། ལ་ལ་ནི་གཏན་ལ་འབེབས་པ་ལ་མཁས་ཀྱང་ཡན་ལག་དང་ཉིང་ལག་ལ་མི་མཁས། ཁ་ 44-221b ཅིག་ནི་རྐང་ལག་འདྲི་བ་ལ་མཁས་ཀྱང་མིག་དང་མགོ་དང་རྣ་བ་འདྲི་བ་ལ་མི་མཁས་པ་དག་ཅིག་ཡིན་ལ། རིགས་ཀྱི་བུ་དེ་ལྟར་རྣམ་པ་ཐ་དད་དུ་བསླབས་པ། ཡན་ལག་རྣམ་པར་དབྱེ་བ་ལ་ཐ་དད་དུ་བསླབས་པ། གཟུགས་ཐ་དད་དུ་བསླབས་པའི་རི་མོ་མཁན་དེ་དག་ཐམས་ཅད་ ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རས་ཤིག་བྱིན་ཏེ། ཁྱེད་རྣམས་ཀྱིས་རས་འདི་ལ་ངའི་གཟུགས་བྲིས་ཏེ་འོན་ཅིག་ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་འདི་ལ་རི་མོ་བྲིས་ཤིག །དེ་ནས་རི་མོ་མཁན་དེ་དག་ཚོགས་ནས་རས་དེ་བརྒྱངས་པ་ལས་རི་མོ་མཁན་དེ་དག་གི་ནང་ནས་ རི་མོ་མཁན་གཅིག་ཅིག་ཡུལ་གཞན་ཞིག་ཏུ་སོང་བར་གྱུར་ལ། དེ་ནས་རི་མོ་མཁན་ཕྱི་མ་དེ་དག་གིས་དེ་ལ་རྒྱལ་པོ་དེའི་གཟུགས་བྲིས་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། རི་མོ་མཁན་གཅིག་པོ་དེའི་ལག་ཏུ་མ་བླངས་ན་རས་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་ འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ན་ཇི་ཙམ་དུ་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་འདི་དཔེར་བྱས་ཏེ། འདིའི་དོན་ཅིར་བལྟ་ཞེ་ན། རིགས་ཀྱི་བུ་ཇི་ལྟར་རི་མོ་མཁན་གཅིག་པོ་དེ་མེད་ན་ རས་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་མི་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་རྣམ་པ་ཇི་སྙེད་དང་། སྤྱོད་པ་ཇི་སྙེད་དང་། བརྩོན་པ་ཇི་སྙེད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པར་འགྱུར་བའི་རྣམ་པ་དེ་དག་ལས་གལ་ཏེ་རྣམ་པ་གཅིག་མ་བསྟན་ན་ཡང་རྣམ་པ་ཐམས་ཅད་ ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མ་ཡིན་ནོ། །ནམ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པ་ཡང་དག་པར་བསྡུས་ཤིང་ལྟ་བ་དང་། ཉོན་མོངས་པའི་ཀུན་ནས་ལྡང་བ་དང་། མཚན་མ་ལ་དམིགས་པའི་སྤྲོས་པ་ཐམས་ཅད་དང་ལྷན་ཅིག་མི་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ནོ། །བསྟན་པ་འདི་ངེས་པར་བཤད་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བཟོད་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་ 44-222a རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཡོངས་སུ་དག་པ་རྣམ་པ་བཅུ་གཉིས་དང་ལྡན་པ་ ཡིན་ཏེ། རྣམ་པ་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། ཕྱི་མའི་མཐའ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་ དང་། ད་ལྟར་བྱུང་བ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། འདུས་བྱས་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། འདུས་མ་བྱས་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་ མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། འཇིག་རྟེན་གྱི་བཟོའི་གནས་དང་ལས་ཀྱི་གནས་ཐམས་ཅད་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། འཇིག་རྟེན་ལས་འདས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། བདེན་པ་ཤེས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་ པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། ཀུན་རྫོབ་བསྟན་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དང་། དོན་དམ་པ་བསྟན་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་ པ་དང་། སེམས་ཅན་གྱི་དབང་པོ་དང་བརྩོན་འགྲུས་རྣམ་པ་ཐ་དད་པའི་ཕྱིར་རབ་དང་། འབྲིང་དང་། ཐ་མའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་སེམས་ཅན་ཐམས་ཅད་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་ཡིན་ 44-222b ཏེ། དེའི་ཤེས་རབ་དེ་ཡང་འཕགས་པ་ཟག་པ་མེད་པ། འཇིག་རྟེན་ལས་འདས་པ། ངེས་པར་འབྱེད་པའི་ཆ་དང་འཐུན་པ། སེམས་ཅན་གྱི་བསམ་པའི་རྗེས་སུ་ཞུགས་པ། གཏིང་དཔག་དཀའ་སྟེ་མཐོང་བར་དཀའ་ཞིང་ཟབ་ལ་ཁོང་དུ་ཆུད་པར་དཀའ་བ་བྱེ་བྲག་ཕྱེད་ཅིང་ངེས་པར་ རྟོགས་པ། ལྟ་བ་དང་བྲལ་བ། བག་ཆགས་བསལ་བ། བདག་སྟོང་པ་ཉིད་དུ་རྟོགས་པ། ཐམས་ཅད་སྟོང་པ་ཉིད་ཀྱི་རྗེས་སུ་ཞུགས་པ། ཆོས་སྟོང་པ་ཉིད་ཀྱི་ཚུལ་ཤེས་པ། དོན་ལ་ངེས་པར་རྟོགས་པ། ཤིན་ཏུ་ལྕིགས་པ། ཤིན་ཏུ་སྦྱངས་པ། ཅི་ཡང་སྣང་བ་མེད་པ། འགལ་བ་མེད་པ། མ་འགགས་པ། དུས་དང་དུས་མ་ཡིན་པ་ལ་རྟོག་པ། དུས་ལས་མི་འདའ་བ། སྐྱོན་མེད་པ། ལེགས་པར་བསྲུངས་པ། སྐྱོན་མེད་པ་ལ་དགའ་བ། བདེན་པ་ཁོང་དུ་ཆུད་པ། འགོག་པའི་བདེན་པ་རྗེས་སུ་རྟོགས་པ། ཤིན་ཏུ་རྒལ་བ་ཐམས་ཅད་དུ་ཁ་ན་མ་ཐོ་ བ་མེད་པ། གཅིག་ཏུ་སྤྱོད་པ་མེད་པ་སྤྱོད་པ། ལེགས་པར་སྤྱད་པ་སྤྱོད་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་སྤྱོད་པ། འཇིག་རྟེན་ཐམས་ཅད་ལས་ཕྱིར་ལོག་ཀྱང་གང་ནས་ཀྱང་འོངས་པ་མེད་པ། ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ཀྱང་སངས་རྒྱས་ཀྱི་ཡུལ་ལས་ཕྱིར་ མ་ལོག་པ། རྩོམ་པ་ཐམས་ཅད་ལས་ཤིན་ཏུ་འདས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལས་ཕྱིར་མ་ལོག་པ། སྤྱོད་པ་ཐམས་ཅད་ལས་ཤིན་ཏུ་འདས་ཀྱང་དགེ་བའི་སྤྱོད་པ་ལས་ཕྱིར་མ་ལོག་པ། སེམས་ཀྱི་དམིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་ཀྱང་ སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལས་ཕྱིར་མ་ལོག་པ། ཉེ་བར་ལེན་པ་ལ་སྤྱོད་ཀྱང་ཉེ་བར་ལེན་པ་མེད་པར་འབར་བ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་ཀྱང་འཇིག་རྟེན་དང་མ་བྲལ་བ། ལུས་མེད་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་བསམ་པའི་ རྗེས་སུ་ཞུགས་པའོ། །དེའི་ཤེས་རབ་དེ་ཡང་དེའི་ངང་ཚུལ་ལ་སྤྱོད་པ་མྱུར་དུ་ཁོང་དུ་ཆུད་པ། དབང་པོ་སྨིན་པར་འགྱུར་བ། ཡུན་རིང་པོར་ལྟ་བ་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་ལ་བརྩོན་པ། བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བ། དགེ་བ་སྦྱིན་པ་ལ་སྤྱོད་པ་ཉེ་བར་ལེན་པ་ 44-223a མེད་པར་འབར་བ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བདུད་ཐམས་ཅད་འདུལ་བ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བ། དོན་ཐམས་ཅད་རྗེས་སུ་རྟོགས་པ། ཆོས་ཐམས་ཅད་རོ་མཚུངས་ པ། ཐབས་ཐམས་ཅད་ཀྱིས་ཡང་དག་པར་བཟུང་བའོ། །རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲིད་པའི་ཕ་རོལ་ཏུ་སོང་བ་དང་དཔག་ཏུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མཚན་མ་ཐམས་ཅད་དང་། དམིགས་པ་ཐམས་ཅད་དང་། སེམས་ ཅན་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་ཕ་རོལ་དུ་སོང་བས་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཤེས་རབ་ཡོངས་སུ་དག་པ་ནི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པའི་མཚན་ཉིད་ཡོངས་སུ་དག་པ་དང་། ཐོགས་པ་མེད་པའི་ཡེ་ ཤེས་ཀྱི་མཚན་ཉིད་ཡོངས་སུ་དག་པ་སྟེ། དེ་དག་ནི་ཡོངས་སུ་དག་པ་གཉིས་སོ། །གཞན་ཡོངས་སུ་དག་པ་གཉིས་ཏེ། གཉིས་གང་ཞེ་ན། དམིགས་པ་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་སྟེ། དེ་དག་ནི་ཡོངས་སུ་དག་པ་གཉིས་སོ། །དེའི་ཤེས་རབ་དེ་ཡང་ ཐམས་ཅད་ཀྱི་རྗེས་སུ་སོང་བ། སེམས་ཅན་གྱི་རྗེས་སུ་སོང་བ། ཆོས་ཀྱི་རྗེས་སུ་སོང་བའོ། །དེའི་ཤེས་རབ་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་ཕྱིར་མཚམས་སྦྱོར་བ་ཡང་མེད་ལ་སྐྱེ་བའི་གནས་ཐམས་ཅད་ཀྱི་མཚམས་ཀྱང་སྦྱོར་རོ། །དེའི་ཤེས་རབ་དེ་གནས་པ་ཡང་མེད་ལ་ ཡུལ་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་ཡང་གནས་སོ། །དེའི་ཤེས་རབ་དེ་ནི་མཐའ་དང་ཡང་བྲལ་ལ་དབུས་ལ་ཡང་མི་གནས་སོ། །དེའི་ཤེས་རབ་དེ་ནི་ཕྱོགས་བཅུར་རྣམ་པར་ལྟ་བས་སྒྲིབ་པ་མེད་པའི་སྤྱོད་ཡུལ་ལ་འབྱུང་བ་ཤིན་ཏུ་མཐོང་བའི་ཕྱིར་ སྒྲིབ་པ་མེད་པ་ཡང་རྙེད་པའོ། །དེའི་ཤེས་རབ་དེ་ནི་ཆོས་ཐམས་ཅད་ཤེས་ཤིང་མངོན་པར་རྟོགས་པའི་སྔོན་དུ་འགྲོ་བའོ། །དེའི་ཤེས་རབ་དེ་ནི་ཆོས་ཀྱི་དོན་ཐམས་ཅད་དང་ལྡན་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཏེ་སྦྱོར་བའམ། མི་སྦྱོར་བའམ། 44-223b ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་འབྱུང་གནས་ནི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ནོ། །བསོད་ནམས་ཀྱི་འབྱུང་གནས་ཡིན་ནོ། །ཐོས་པའི་འབྱུང་གནས་ཡིན་ནོ། །ཡོན་ཏན་གྱི་འབྱུང་གནས་ཡིན་ནོ། །ཆོས་ཀྱི་འབྱུང་ གནས་ཡིན་ནོ། །གཟུངས་དང་སྤོབས་པའི་འབྱུང་གནས་ཡིན་ནོ། །སོ་སོ་ཡང་དག་པར་རིག་པའི་འབྱུང་གནས་ཡིན་ནོ། །ཡོན་ཏན་དང་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་འབྱུང་གནས་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་འདི་བསྟན་པ་ན་འཁོར་དེའི་ནང་ནས་ལྷ་དང་མི་སྲོག་ཆགས་ཉི་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་ མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་ཁྲི་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་ནས་དེ་དག་ཚིག་འདི་སྐད་ཅེས་འཛེར་ཏེ། བཅོམ་ལྡན་ འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའི་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་ལགས་ན། གང་དག་ཐོས་ནས་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཞེས་སྨྲས་སོ།། །། བམ་པོ་གཉིས་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་བྱང་ ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་ཏེ། ལུས་ལ་རྣམ་པ་གཉིས་སུ་སོ་སོར་རྟོག་པ་དང་ལྡན་པའི་དྲན་པ་ཉེ་བར་ 44-224a འཇོག་གོ། རྣམ་པ་གཉིས་སུ་སོ་སོར་རྟོག་པ་དང་ལྡན་པ་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་པའི་རྣམ་པར་སོ་སོར་རྟོག་པ་དང་ལྡན་པ་དང་། སྡུག་པའི་རྣམ་པར་སོ་སོར་རྟོག་པ་དང་ལྡན་པའོ། །དེ་ལ་མི་སྡུག་པའི་རྣམ་པར་སོ་སོར་རྟོག་པ་དང་ལྡན་པ་གང་ཞེ་ན། འདི་ ལྟ་སྟེ། ཀྱེ་མ་ལུས་འདི་ནི་མི་གཙང་བ་སྟེ། བཙོག་པས་ཡོངས་སུ་གང་བ། ཡུན་ཐུང་ཞིང་བྱིས་པ་འདྲིད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་སྡུག་པའི་རྣམ་པར་སོ་སོར་རྟོག་པ་དང་ལྡན་པའོ། །དེ་ལ་སྡུག་པའི་རྣམ་པར་སོ་སོར་རྟོག་པ་དང་ལྡན་པ་གང་ཞེ་ན། འདི་ལྟ་སྟེ། གང་ལུས་ མི་གཙང་བ་གྲོགས་མེད་པ་འདིས་དེ་བཞིན་གཤེགས་པའི་སྐུ། ཆོས་ཀྱི་སྐུ། བསོད་ནམས་ཀྱི་སྐུ། ཡེ་ཤེས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཤིགས་པའི་སྐུ། ཟག་པ་མེད་པའི་སྐུ། འཇིག་རྟེན་གསུམ་ལས་བྱེ་བྲག་ཏུ་འཕགས་པའི་སྐུ། གཟུགས་མཐོང་ན་སེམས་ཅན་ཐམས་ཅད་ཚིམ་ པར་འགྱུར་བའི་སྐུ་ཐོབ་པར་བྱའོ་སྙམ་པ་འདི་ནི་སྡུག་པའི་རྣམ་པར་སོ་སོར་རྟོག་པ་དང་ལྡན་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་རྣམ་པ་གཉིས་སུ་སོ་སོར་རྟོག་པ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ནི་ཆོས་གཉིས་ཡོངས་སུ་སྦྱོང་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། མི་རྟག་པའི་རྣམ་པ་དང་། རྟག་པའི་རྣམ་པའོ། །དེ་ལ་མི་རྟག་པའི་རྣམ་པ་གང་ཞེ་ན། ཀྱེ་མ་ལུས་འདི་ནི་མི་རྟག་པའི་རྣམ་པ་སྟེ། རིང་པོར་མི་ གནས་པ། ཐ་མར་འཆི་བ་ཡིན་པར་ཤེས་ནས་ལུས་ཀྱི་ཕྱིར་མི་འཐུན་པའི་འཚོ་བ་མི་སྤྱོད་ཅིང་སྙིང་པོ་ཉིད་ལེན་ཏོ། །དེ་སྙིང་པོ་གསུམ་ལེན་ཏེ། གསུམ་གང་ཞེ་ན། ལུས་ཀྱི་སྙིང་པོ་དང་། ལོངས་སྤྱོད་ཀྱི་སྙིང་པོ་དང་། འཚོ་བའི་སྙིང་པོ་དང་གསུམ་མོ། །དེ་ལུས་མི་རྟག་གོ་སྙམ་ ནས་སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་ཁས་བླངས་ཏེ་ཅི་བྱའོ་ཅོག་ལ་འབད་པ་ཡིན། ལུས་མི་རྟག་གོ་སྙམ་ནས་ལུས་ཀྱི་ཉེས་པ་ཡོན་པོ་དང་། གཡོ་དང་ཚུལ་འཆོས་པ་ཐམས་ཅད་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་སྲོག་ལ་བག་མི་རྟོན་པར་འགྱུར་ཏེ། སྲོག་གི་ཕྱིར་ཡང་ 44-224b སྡིག་པ་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་ལོངས་སྤྱོད་ལ་སྲེད་ཅིང་ཆགས་པར་མི་བྱེད་དེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་རྟག་པའི་རྣམ་པས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ལས་ཡོན་ཏན་ གྱི་ཕན་ཡོན་རབ་ཏུ་འཐོབ་བོ། །དེ་ལ་རྟག་པའི་རྣམ་པ་གང་ཞེ་ན། གང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་དགེ་བ་དང་ལྡན་པའི་སེམས་ཀྱི་དཔྱོད་པའི་ཡེ་ཤེས་སྐྱེས་ཤིང་བྱུང་བ་དེ་དག་སངས་རྒྱས་ཀྱི་རིགས་མི་འཆད་པ་དང་། ཆོས་ཀྱི་རིགས་མི་འཆད་ པ་དང་། དགེ་འདུན་གྱི་རིགས་མི་འཆད་པ་དང་། སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་བསྐྱབ་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་སྟེ། སེམས་ཅན་ཐམས་ཅད་ལ་བཏང་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེད་པ་འདི་ནི་རྟག་པའི་རྣམ་པ་ཞེས་བྱའོ། ། གང་མི་ཟད་པ་ནི་རྟག་པ་ཞེས་བྱ་སྟེ། འདུས་མ་བྱས་ནི་མི་ཟད་པ་ཞེས་བྱའོ། །འདུས་མ་བྱས་ནི་རྟག་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་མཁྱེན་པའི་འདུས་མ་བྱས་ཉིད་དུ་ཡོངས་སུ་སྔོ་བ་འདི་ནི་རྟག་པའི་རྣམ་པ་ཞེས་བྱའོ། །སྟོང་པ་ཉིད་ དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་རྟག་པ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་དང་། མཚན་མ་མེད་པ་ངེས་པར་བརྟགས་པ་དང་། སྨོན་པ་མེད་པའི་རྒྱུ་འཐུན་པས་བརྩོན་འགྲུས་བརྩམ་པ་ཐམས་ཅད་རྩོམ་པ་འདི་ནི་རྟག་པའི་རྣམ་པ་ ཞེས་བྱའོ། །ནམ་མཁའ་ནི་རྟག་པ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་དང་མཚུངས་པའི་སེམས་རྣམ་པར་མི་རྟོག་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འདི་ནི་རྟག་པའི་རྣམ་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་ རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་དེ་བདག་གི་ལུས་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་འདོགས་ཤིང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་ལ་གནས་པར་བྱའོ་སྙམ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཟག་པ་མེད་པ་ལྟར་རང་གི་ 44-225a ལུས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་དུ་རྟོག་གོ། དེ་ཟག་པ་མེད་པའི་ཆོས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ། །དེ་ཟག་པ་མེད་པའི་ལུས་ཀྱིས་ཟག་པ་མེད་པའི་རང་བཞིན་གྱི་དགེ་བའི་རྩ་བ་རྣམས་སོགས་སོ། ། དེ་ཟག་པ་མེད་པའི་སེམས་ཀྱིས་ཀྱང་དགེ་བའི་རྩ་བ་དེ་དག་ཟག་པ་མེད་པའི་ཐམས་ཅད་མཁྱེན་པར་ཡོངས་སུ་སྔོའོ། །དེ་ཟག་པ་མེད་པའི་ཆོས་ཐོབ་པས་ཟག་པ་ལས་འབྱུང་བར་མི་བྱེད་དོ། །ཟག་པ་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་ དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པའོ། །དེ་འདོད་པའི་ཟག་པ་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེའོ། །སྲིད་པའི་ཟག་པ་ཡོངས་སུ་ཤེས་པ་དང་ལྡན་པས་དགེ་བའི་རྩ་བ་ བསགས་པའི་ཕྱིར་བསམས་བཞིན་དུ་སྲིད་པ་ཡོངས་སུ་འཛིན་ཏོ། །མ་རིག་པའི་ཟག་པ་དང་ལྟ་བའི་ཟག་པ་དེ་གཉིས་རྩ་བ་ནས་གདོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣལ་འབྱོར་ལ་འཇུག་གོ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པ་དེ་ལུས་ལ་སྔོན་གྱི་ མཐའ་ནས་ཀྱང་མ་བྱུང་བར་སོ་སོར་རྟོག་གོ། ལུས་ལ་ཕྱི་མའི་མཐར་ཡང་མི་འཕོ་བར་སོ་སོར་རྟོག་གོ། ལུས་ལ་ད་ལྟར་བྱུང་བ་ན་རང་བཞིན་གྱིས་དབེན་པར་ཡང་སོ་སོར་རྟོག་གོ། དེ་དེ་ལྟར་ལུས་ལ་རྗེས་སུ་ལྟ་ཞིང་གནས་པས་ལུས་དང་ལྡན་པའི་འཇིག་ཚོགས་ལ་ལྟ་བ་མི་སྐྱེད་ དོ། །འཇིག་ཚོགས་ལ་ལྟ་བ་དང་བྲལ་བས་བདག་གིར་མི་བྱེད་དོ། །བདག་གིར་བྱེད་པ་མེད་པས་ཡོངས་སུ་འཛིན་པ་ལ་ཡོངས་སུ་མི་འཛིན་ཏོ། །ཡོངས་སུ་འཛིན་པ་མེད་པས་རྩོད་པ་མེད་པ་རབ་ཏུ་འཐོབ་བོ། །རྩོད་པ་སྤངས་པས་གནོད་སེམས་མེད་དོ། །གནོད་སེམས་མེད་པས་ བཟོད་པ་རབ་ཏུ་འཐོབ་བོ། །བཟོད་པ་རབ་ཏུ་ཐོབ་པས་ཕྱིར་ཁེངས་པར་ཡང་མི་འགྱུར་འདུད་པར་ཡང་མི་འགྱུར་རོ། །ཁེངས་པར་ཡང་མི་འགྱུར་འདུད་པར་ཡང་མི་འགྱུར་བས་ཆོས་ཉིད་ལ་གནས་པར་འགྱུར་རོ། །ཆོས་ཉིད་ལ་གནས་པས་ཕྱིར་ཡང་ཆོས་མ་ཡིན་པ་སྤྱོད་པར་མི་འགྱུར་རོ། །ཆོས་ 44-225b སྤྱོད་པས་ཆོས་དང་ལྡན་པའི་འགྲོས་སུ་སོང་ངོ་། །ཆོས་ཀྱི་འགྲོས་སུ་སོང་བས་ཆོས་དང་ལྡན་པའི་གྲོགས་པོ་རབ་ཏུ་རྙེད་དོ། །ཆོས་དང་ལྡན་པའི་གྲོགས་པོས་ཡོངས་སུ་བཟུང་བས་ཆོས་དང་ལྡན་པའི་མཉན་པ་ཐོས་པར་འགྱུར་རོ། །ཆོས་ཐོས་པ་དང་ལྡན་པས་ཕྱིར་ཡང་ཡུལ་རྣམས་ ལ་ཟག་པར་མི་འགྱུར་རོ། །དེ་ཡུལ་ལ་བསྲུངས་པས་ཏིང་ངེ་འཛིན་སྒྲུབ་བོ། །མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཕྱིར་ཡང་རྟོག་པར་མི་བྱེད་དོ། །རྣམ་པར་རྟོག་པར་མི་བྱེད་དོ། །རྣམ་ པར་མི་རྟོག་པས་མི་འགྱུར་རོ། །མི་འགྱུར་བས་ཕྱིར་ཡང་མི་བྱེད་དོ། །རྣམ་པར་མི་བྱེད་དོ། །ནམ་མི་བྱེད་རྣམ་པར་མི་བྱེད་པ་དེ་ནི་ཆོས་མཉམ་པ་ཉིད་ཀྱིས་ཆོས་ཇི་ལྟ་བ་བཞིན་ཐོབ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་ཐོབ་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ན་ཚོར་བ་ལ་བདེ་བར་གནས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་འདི་ལྟར་གང་ལ་ཚོར་བ་མེད་པ་དེ་ནི་བདེ་བ་ཡིན་ནོ་ཞེས་སློབ་སྟེ། དེ་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྤོང་བའི་ ཕྱིར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །དེ་སེམས་ཅན་རྣམས་ཀྱི་ཚོར་བ་འགོག་པའི་ཕྱིར་གོ་ཆ་བགོས་ཀྱང་བདག་གི་ཚོར་བ་འགོག་པར་ཡང་མི་བྱེད་དོ། །དེས་ཚོར་བ་གང་ཅི་མྱོང་ཡང་ཚོར་བ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་ ཞིང་མྱོང་བར་བྱེད་དེ། དེ་ནམ་བདེ་བའི་ཚོར་བ་མྱོང་བ་དེ་ན་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ། བདག་གི་འདོད་ཆགས་ཀྱི་བག་ལ་ཉལ་བ་ཡང་རབ་ཏུ་སྤོང་ངོ་། །ནམ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་ན་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ 44-226a ཆེན་པོ་རྙེད་དེ། བདག་གི་ཞེ་སྡང་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ་། །ནམ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་དེ་ན་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་གཏི་མུག་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ་། །དེ་ བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པར་མི་འགྱུར་ཏེ། རྗེས་སུ་ཆགས་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། །དེ་སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བར་མི་འགྱུར་ཏེ། ཁོང་ཁྲོ་བ་ལེགས་པར་འཇོམས་པར་ཡང་བྱེད་དོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ་དང་། ལྡན་པར་མི་འགྱུར་ཏེ། མ་རིག་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། །དེས་ཚོར་བ་གང་ཅི་མྱོང་བ་དེ་དག་ཐམས་ཅད་ཀྱང་མི་རྟག་པར་ཤེས་ཤིང་མྱོང་བར་བྱེད་དོ། །སྡུག་བསྔལ་དུ་ཤེས་ཤིང་མྱོང་བར་བྱེད་དོ། །བདག་མེད་པར་ཤེས་ཤིང་མྱོང་བར་བྱེད་དོ། །དེ་བདེ་བའི་ཚོར་བ་ལ་ནི་མི་རྟག་པར་ ཤེས་པར་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཟུག་རྔུར་ཤེས་པར་འགྱུར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་ཞི་བར་ཤེས་པར་འགྱུར་རོ། །དེ་ལྟར་ན་གང་བདེ་བ་དེ་ནི་མི་རྟག་པའོ། །གང་སྡུག་བསྔལ་བ་དེ་ནི་སྡུག་བསྔལ་བ་ཉིད་དོ། །གང་བདེ་བ་ཡང་མ་ཡིན་ སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ནི་བདག་མེད་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པ་དེ་ཆོས་ཐམས་ཅད་སྐྱེས་པ་དང་། ཞིག་པ་དང་། ཞུ་བ་དང་། གནས་པ་མེད་པར་ཤེས་སོ། །ཆོས་ཐམས་ཅད་ལ་སྐྱེ་བ་དང་འཇིག་ པར་ཡང་སོ་སོར་རྟོག་གོ། སོ་སོར་རྟོག་པ་ན་ཆོས་སྐྱེ་བ་དེ་དག་གང་ནས་འོང་། འགག་པ་རྣམས་གང་དུ་སོགས་པར་འགྱུར་སྙམ་དུ་ཆོས་རྣམས་ཀྱི་སྐྱེ་བ་དང་། འཇིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ཆོས་རྣམས་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་བར་ཤེས་ནས་ ཚོར་བ་ཐམས་ཅད་རྒྱུན་ཆད་པར་སྒྲུབ་བོ། །བསྒྲུབས་ནས་ཀྱང་ནན་ཏན་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཚོར་བ་འགག་པར་བྱེད་ཀྱི། བདག་འབའ་ཤིག་གི་ཚོར་བ་འགག་པར་བྱེད་པ་ནི་མ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་བའི་ 44-226b རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཐབས་མཁས་པ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའོ། །གང་ཚོར་བ་འགག་པ་ཡང་རབ་ཏུ་ཤེས་ལ་ཚོར་བ་འགག་པ་མངོན་སུམ་དུ་ཡང་མི་བྱེད་དེ། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ལ་གནས་པ་དེ་ཚོར་བ་ རྣམས་ལ་དབེན་པ་དང་། རྣམ་པར་དབེན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ལ་ནི་མྱོང་བ་གང་ཡང་མེད་དོ། །འདི་ལ་ནི་ཚོར་བར་བྱེད་པ་གང་ཡང་མེད་དོ། །ཆོས་དེ་དག་ཐམས་ཅད་ནི་སྟོང་པ་སྟེ། བདག་དང་བདག་གི་དང་བྲལ་བའོ། །བྱེད་པ་པོ་དང་ཚོར་བ་པོ་དང་མི་ལྡན་པའོ། ། རྒྱུ་དང་རྐྱེན་ལ་རག་ལུས་པའོ། །བདག་པོ་མེད་པའོ། །ངའི་བ་མེད་པའོ། །ཡོངས་སུ་འཛིན་པ་མེད་པའོ། །དེས་ཡང་དག་པར་ན་རྒྱུ་དང་རྐྱེན་དེ་དག་གི་དངོས་པོ་མི་དམིགས་སོ། །དེ་མ་དམིགས་ནས་འདི་སྙམ་དུ་སེམས་ཏེ། ཇི་ལྟར་རྐྱེན་སྟོང་པ་ཡིན་པ་དེ་བཞིན་དུ་རྐྱེན་ལས་བྱུང་བའི་ཆོས་རྣམས་ཀྱང་སྟོང་ པའོ། སྙམ་ནས་དེ་སྟོང་པ་ཉིད་ཀྱི་དོན་རིག་པས་ལུས་དབེན་པ་དང་། སེམས་དབེན་པ་དང་དོན་ཤེས་པ་དང་ཆོས་རྣམས་ཤེས་པ་དང་། ཡེ་ཤེས་རིག་པས་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་ པ་ཉེ་བར་གཞག་པས་གནས་པ་བྱང་ཆུབ་ཀྱི་སེམས་དྲན་པ་ཉེ་བར་གཞག་པ་ཤིན་ཏུ་ཉེ་བར་གཞག་སྟེ། སེམས་དྲན་པའི་ཡེ་ཤེས་ཀྱིས་སེམས་ཀུན་ཏུ་ཚོལ་ལོ། །དེ་སེམས་ཀུན་ཏུ་ཚོལ་བ་ན་སེམས་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་རོལ་ན་ཡང་ཡང་དག་པར་རྗེས་སུ་ མི་མཐོང་། སེམས་ཕྱི་དང་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ 44-227a སེམས་ཡང་དག་པར་རྗེས་སུ་མ་མཐོང་བས་སེམས་ག་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཀུན་ཏུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་ གཞན་ནམ་འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ཡིན་ན་ནི་སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་ སེམས་མཐོང་བར་མི་རུང་ངོ་། །འདི་ལྟ་སྟེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་ནས། དེ་འདི་ལྟར་ ཚུལ་བཞིན་དུ་རབ་ཏུ་སྦྱོར་བ་ལས་གང་སེམས་མི་གནས་པ་ཆད་པ་མ་ཡིན་པ། རྟག་པ་མ་ཡིན་པ། ཐེར་ཟུག་ཏུ་མི་གནས་པ། རྒྱུ་མེད་པ་མ་ཡིན་པ། རྐྱེན་དང་མི་འགལ་བ། དེ་ལས་ཀྱང་མ་ཡིན་གཞན་ལས་ཀྱང་མ་ཡིན་པ། དེ་ཉིད་ཀྱང་མ་ཡིན་གཞན་ཡང་མ་ཡིན་པའི་སེམས་ཀྱི་རྒྱུད་ སེམས་ཀྱི་འཁྲི་ཤིང་སེམས་ཀྱི་ཆོས་ཉིད་སེམས་མི་གནས་པ་དང་། སེམས་རྒྱུ་བ་མེད་པ་དང་། སེམས་སྣང་བ་མེད་པ་དང་། སེམས་ཀྱི་རང་གི་མཚན་ཉིད་ཇི་ལྟར་དེ་བཞིན་ཉིད་འཁྲུག་པར་མི་བྱེད་པ་དེ་ལྟར་ཤེས་སོ། །དེ་ལྟར་མཐོང་ངོ་། །དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སེམས་དེ་དག་དབེན་པ་ ཉིད་དུ་རབ་ཏུ་ཤེས། དེ་བཞིན་དུ་མཐོང་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་གཞན་ཡང་སེམས་ལ་ཅུང་ཟད་ཙམ་ཡང་མི་མཐོང་། རྣམ་པར་མི་མཐོང་། མི་རྟོག་རྣམ་པར་མི་རྟོག་ གཡོ་མེད་རློམ་སེམས་མེད། སྤྲོས་པ་མེད་པ་འདི་ཡང་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །རིགས་ཀྱི་བུ་གཞན་ཡང་ཇི་ལྟར་སེམས་གཟུགས་མེད་པ་དེ་བཞིན་དུ་སེམས་ཀྱིས་མངོན་པར་འདུས་བྱས་པའི་དགེ་བའི་རྩ་བ་རྣམས་ཀྱང་གཟུགས་ 44-227b མེད་པའོ། །ཇི་ལྟར་སེམས་ཀྱིས་མངོན་པར་འདུས་བྱས་པའི་དགེ་བའི་རྩ་བ་རྣམས་གཟུགས་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སུ་བསྔོས་པ་ཡང་གཟུགས་མེད་པའོ། །ཇི་ལྟར་བྱང་ཆུབ་ཀྱི་སེམས་སུ་བསྔོས་པ་གཟུགས་མེད་པ་དེ་བཞིན་དུ་བྱང་ཆུབ་དེ་ཡང་གཟུགས་མེད་དེ་དེའི་ཕྱིར་སེམས་ཇི་ ལྟ་བར་སྤྱོད་པ་ཡང་དེ་བཞིན་ནོ། །སྤྱོད་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་ཇི་ལྟ་བར་ཡོངས་སུ་བསྔོ་བ་ཡང་དེ་བཞིན་ཞེས་བྱ་སྟེ། སེམས་ཀྱི་རང་བཞིན་ནི་བྱང་ཆུབ་བོ། །བྱང་ཆུབ་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་དེ། གང་འདི་ལྟར་སེམས་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་འདི་ནི་ བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །རིགས་ཀྱི་བུ་གཞན་ཡང་གང་མགྱོགས་པ། རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ། སྤྲེའུ་དང་རླུང་འདྲ་བ། འབབ་ཆུའི་རྒྱུན་དང་འབྲུ་མར་གྱི་མར་མེ་དང་འདྲ་བ་རྒྱང་རིང་པོར་འགྲོ་བ་ལུས་མེད་པ། ཡུལ་ ལ་བརྐམ་པ། སྐྱེ་མཆེད་དྲུག་ལ་སྤྱོད་ཡུལ་བ། གཞན་དང་གཞན་གྱི་ཤེས་པ་དང་ལྡན་པའི་སེམས་གནས་པ། རྩེ་གཅིག་པ། མི་འཕྲོ་བ། རྣམ་པར་མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་པ། གཡེང་བ་མེད་པ་འདི་ནི་སེམས་གནས་པ་ཞེས་བྱའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ ཡོངས་སུ་རྫོགས་པ་གང་ཞེ་ན། གང་སེམས་ལ་རྣམ་པར་འབྱེད་པར་ཤེས་པ་དང་། སེམས་ལ་ཆོས་ཀྱི་དབྱིངས་སུ་གནས་པར་ཤེས་པ་དང་། སེམས་ལ་སེམས་གནས་པར་ཤེས་པ་དང་། སེམས་ལ་རང་བཞིན་གྱིས་འོད་གསལ་བར་ཤེས་པ་དང་། སེམས་ལ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། སེམས་ལ་མངོན་སུམ་གྱི་ཤེས་པས་རབ་ཏུ་ཤེས་པ་དང་། སེམས་ལ་སྒྱུ་མའི་ཆོས་སུ་ཤེས་པ་དང་། སེམས་ལ་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དང་། སེམས་ལ་དེ་ཁོ་ནར་ཤེས་པ་དང་། སེམས་ལ་གཡོ་བ་མེད་ཅིང་གཟུང་བ་མེད་པར་ཤེས་པ་འདི་ནི་དྲན་པ་ཉེ་བར་གཞག་པ་ཡོངས་ སུ་རྫོགས་པ་ཞེས་བྱའོ། །དེ་རང་གི་སེམས་ཀྱི་རང་བཞིན་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཡང་དེ་ཡིན་པར་རབ་ཏུ་ཤེས་སོ། །སེམས་ཀྱི་རང་བཞིན་དེ་ཡོངས་སུ་ཤེས་ནས་དེ་བཞིན་དུ་ཆོས་སྟོན་ཏོ། །རང་གི་སེམས་ཀྱི་ངོ་བོ་ཉིད་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ 44-228a ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་པར་རབ་ཏུ་ཤེས་སོ། །སེམས་ཀྱི་ངོ་བོ་ཉིད་དུ་ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །རང་གི་སེམས་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་མཚན་ཉིད་ཀྱང་དེ་ཡིན་པར་རབ་ཏུ་ཤེས་སོ། །སེམས་ཀྱི་མཚན་ཉིད་དེ་ཤེས་ ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །ཇི་ལྟར་རང་གི་སེམས་སྟོང་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་སྟོང་པར་རབ་ཏུ་ཤེས་སོ། །སེམས་དེ་དག་སྟོང་པ་ཉིད་དུ་ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་རང་གི་སེམས་ཡང་དག་པར་འདུ་བ་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་ སེམས་ཡང་དག་པར་འདུ་བ་ཡང་དེ་ཡིན་པར་རབ་ཏུ་ཤེས་སོ། །སེམས་ཡང་དག་པར་འདུ་བ་དེ་དག་ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་རང་གི་སེམས་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དུ་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་ པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དུ་རབ་ཏུ་ཤེས་ཤིང་སེམས་ཀྱིས་འགྱུར་བར་མི་བྱེད་དེ་རྣམ་པར་མི་འགྱུར་རོ། །སེམས་གནས་པས་ཆོས་ཀྱི་དབྱིངས་གནས་པ་རྗེས་སུ་ཤེས་ཀྱང་སེམས་གནས་པའི་ཆོས་ཉིད་ དེ་ལས་ཀྱང་མི་གཡོ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་ པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱིས་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། ཆོས་ཁོ་ན་སྐྱེ་བ་རྣམས་སྐྱེ། ཆོས་ཁོ་ན་འགག་པ་རྣམས་འགག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་ བ་པོའམ། གསོ་བའམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་པའམ། ཤེད་བུའམ། གང་སྐྱེ་བའམ། རྒ་བ་འམ། འཆི་བ་འམ། འཕོ་བའམ། སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། གལ་ཏེ་བསྒྲུབས་ན་ནི་འགྲུབ། མ་བསྒྲུབས་ན་ 44-228b ནི་མི་འགྲུབ་སྟེ། དགེ་བ་ཡང་རུང་། མི་དགེ་བ་ཡང་རུང་། མི་གཡོ་བ་ཡང་རུང་། ཇི་ལྟ་བུར་བསྒྲུབས་པ་དེ་ལྟ་བུར་འགྲུབ་མོད་ཀྱི། ཆོས་རྣམས་ལ་སྒྲུབ་པར་བྱེད་པ་ཡང་མེད་ལ་ཆོས་རྣམས་རྒྱུ་མེད་པར་ཡང་གག་ཀྱང་མི་སྐྱེའོ་སྙམ་དུ་ཉེ་བར་བརྟགས་ན་འདི་ལྟར་ཆོས་དྲན་པའི་ཡེ་ཤེས་སྐྱེ་སྟེ། གང་ བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་བྱེད་པ་དང་གསུམ་མོ། །དེ་ལ་བདག་གིས་ནི་བསོད་ནམས་མངོན་པར་འདུ་བྱེད་པ་ལ་བརྩོན་པར་བྱའོ། །དེ་ནི་བདག་གིས་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ། མཆོག་དམ་པ། རབ། ཁྱད་པར་དུ་འཕགས་པ་བཅུའི་རྒྱུར་ འགྱུར་ཏེ། བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། ལུས་ཡོངས་སུ་དག་པས་མཚན་དང་། དཔེ་བྱད་བཟང་པོ་དང་། སྤྱི་གཙུག་བལྟར་མི་མཐོང་བ་དང་། ཕ་རོལ་གྱི་གནོད་པར་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། ངག་ཡོངས་སུ་དག་པས་དེ་བཞིན་གཤེགས་པའི་གསུང་སེམས་ ཅན་ཐམས་ཅད་ཚིམ་པར་བྱེད་པ་རྣམ་པ་དྲུག་ཅུ་ཤིན་ཏུ་ཡོངས་སུ་རྫོགས་པ་དང་། སེམས་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་རྟག་ཏུ་རྒྱུན་མི་འཆད་པར་ཏིང་ངེ་འཛིན་མི་འཁྲུགས་པ་དང་། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པས་དོན་དང་། ཆོས་དང་། ངེས་ པའི་ཚིག་དང་། སྤོབས་པ་མི་ཟད་པ་དང་། བྱམས་པ་ཆེན་པོ་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་འགོད་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས་བསྐལ་པ་དཔག་ཏུ་མེད་པར་འཁོར་བས་ཡོངས་སུ་མི་སྐྱོ་བ་དང་། སྟོབས་བཅུ་ཡོངས་སུ་རྫོགས་ པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། མི་འཇིགས་པ་ཡོངས་སུ་རྫོགས་པས་བར་དུ་གཅོད་པ་དང་བར་དུ་གཅོད་པའི་ཆོས་མ་ཡིན་པ་རབ་ཏུ་རྟོགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པས་འདས་པ་དང་། མ་འོངས་པ་ དང་། ད་ལྟར་བྱུང་བ་དང་། དུས་གསུམ་ལ་མི་ཆགས་པའི་ཡེ་ཤེས་མཐོང་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་རང་བྱུང་གི་ཡེ་ཤེས་རབ་ཏུ་རྟོགས་པ་སྟེ། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ། དམ་པ། བཟང་པོ། མཆོག རབ། བྱེ་བྲག་ཏུ་འཕགས་པ་བཅུ་པོ་དེ་དག་གི་ 44-229a རྒྱུར་འགྱུར་རོ། །དེས་དོན་གྱི་དབང་འདི་མཐོང་བས་བསོད་ནམས་ཀྱི་ཚོགས་སོགས་པ་ལ་ཆོག་མི་ཤེས་པར་འགྱུར་རོ། །དེ་བསོད་ནམས་མ་ཡིན་པའི་འདུ་བྱེད་རྣམས་མངོན་པར་འདུ་མི་བྱ་བའི་ཕྱིར་ཇི་ལྟར་བདག་ལ་མི་དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་བག་ཆགས་སུ་ ཡང་མི་འགྱུར་བར་བྱའོ་སྙམ་ནས་བརྩོན་པར་བྱེད་དོ། །དེ་མི་གཡོ་བའི་འདུ་བྱེད་རྣམས་རབ་ཏུ་ཤེས་ནས་མི་གཡོ་བའི་སྙོམས་པར་འཇུག་པ་སྐྱེད་ཀྱང་ཏིང་ངེ་འཛིན་དེ་ལ་སྙིང་པོར་འདུ་ཤེས་པར་ཡང་མི་འགྱུར་ལ་ཏིང་ངེ་འཛིན་གྱི་དབང་གིས་ཀྱང་མི་སྐྱེ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་སུ་ཡང་སྐྱེའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་ཤིང་བྱང་ཆུབ་ཏུ་སྒྲུབ་པའི་ཆོས་གང་ཡིན་པ་དེ་ དག་སྒོམ་ལ། བྱང་ཆུབ་ཀྱི་མི་འཐུན་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་དག་སྤོང་ཡང་དགེ་བའི་ཆོས་མངོན་པར་འདུ་བྱེད་པས་རྟག་པར་ལྟ་བར་ཡང་མི་ལྟུང་། མི་དགེ་བའི་ཆོས་སྤོང་ཡང་ཆད་པར་ལྟ་བར་ཡང་མི་ལྟུང་སྟེ། གང་ལ་ཆད་པ་མེད་ཅིང་རྟག་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རྟག་ པ་དང་ཆད་པ་ཡོངས་སུ་སྤངས་པའི་དབུ་མའི་ལམ་མོ། །དེ་ཡང་གང་ཞེ་ན་འདི་ལྟ་སྟེ། གང་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དང་། མ་རིག་པ་དེ་གཉི་ག་ཡང་མཐའ་སྟེ། གང་དེ་གཉིས་ཀྱི་དབུ་མ་དེ་ནི་བཏགས་པ་མེད་ཅིང་གདགས་པར་འགྱུར་བ་མ་ཡིན་ཏེ། འདི་ནི་ཆོས་རྣམས་ཀྱི་ དབུ་མའི་ལམ་ཞེས་བྱའོ། །དེ་བཞིན་དུ་མ་རིག་པ་དང་མ་རིག་པ་མེད་པ་དང་། འདུ་བྱེད་རྣམས་དང་འདུ་བྱེད་མེད་པ་རྣམས་དང་། རྣམ་པར་ཤེས་པ་དང་རྣམ་པར་ཤེས་པ་མེད་པ་དང་། མིང་དང་གཟུགས་དང་མིང་དང་གཟུགས་མེད་པ་དང་། སྐྱེ་མཆེད་དྲུག་དང་སྐྱེ་མཆེད་དྲུག་མེད་པ་ དང་། རེག་པ་དང་རེག་པ་མེད་པ་དང་། ཚོར་བ་དང་ཚོར་བ་མེད་པ་དང་། སྲེད་པ་དང་སྲེད་པ་མེད་པ་དང་། ལེན་པ་དང་ལེན་པ་མེད་པ་དང་། སྲིད་པ་དང་སྲིད་པ་མེད་པ་དང་། སྐྱེ་བ་དང་སྐྱེ་བ་མེད་པ་དང་། རྒ་ཤི་དང་རྒ་ཤི་མེད་པ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ 44-229b བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། གང་དེ་གཉིས་ཀྱི་དབུ་མ་དེ་ནི་བཏགས་པ་མེད་ཅིང་གདགས་པར་འགྱུར་བ་མ་ཡིན་ཏེ། འདི་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་ཞེས་བྱའོ། །ཆོས་རྣམས་ཀྱི་དབུ་མའི་ལམ་དེ་ནི་འདི་འདྲའོ། །དེ་འདྲའོ་ཞེས་བསྟན་ པར་མི་རུང་སྟེ། དབུ་མའི་ལམ་ནི་བཏགས་པ་མེད་པ་གདགས་པར་འགྱུར་བ་མ་ཡིན་པ། མཚན་མ་མེད་པ། གནས་མེད་པ། གཟུང་བ་མེད་པ། ཀུན་གཞི་མེད་པ། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མདའ་གང་ནས་འཕངས་པ་དང་། གང་དུ་ཕོག་ པ་དེ་གཉི་ག་ཡང་མཐའ་སྟེ། གང་ཕིགས་པ་དང་ཕོག་པ་དེའི་དབུ་མ་དེ་ནི་བཏགས་པ་མེད་ཅིང་གདགས་པར་འགྱུར་བ་མ་ཡིན་ཏེ། བལྟ་བའམ་རེག་པར་མི་ནུས་པ་དེ་བཞིན་དུ་རིགས་ཀྱི་བུ་དམིགས་པ་གང་གིས་རྣམ་པར་ཤེས་པ་སྐྱེ་བ་དང་། གང་དུ་སོ་སོར་རྣམ་པར་རིག་པ་གནས་པ་དེ་གཉི་ག་ཡང་ མཐའ་སྟེ། གང་དེ་གཉིས་ཀྱི་དབུ་མ་བསྟན་པར་མི་ནུས་པ་འདི་ནི་རིགས་ཀྱི་བུ་བརྡ་ཙམ་དུ་དབུ་མའི་ལམ་ཞེས་བྱའི་དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་དེ། དེ་ལ་ནི་ཉུང་ངུ་ཡང་མེད་མང་པོ་ཡང་མེད་དོ། །གང་ལ་ཉུང་ངུ་ཡང་མེད་མང་པོ་ཡང་མེད་པ་དེ་ནི་དབུ་མའི་ ལམ་མོ། །རིགས་ཀྱི་བུ་གཞན་ཡང་བདག་དང་བདག་མེད་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། བདག་དང་བདག་མེད་པའི་ངོ་བོ་ཉིད་རྣམ་པར་དག་པ་ནི་དབུ་མའི་ལམ་མོ། །སྲོག་དང་གང་ཟག་ཅེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། སྲོག་དང་གང་ཟག་གི་ངོ་བོ་ཉིད་རྣམ་པར་དག་པ་ནི་དབུ་མའི་ ལམ་མོ། །མཚན་མ་དང་མཚན་མ་མེད་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། མཚན་མ་མེད་པར་རྟོག་པ་ནི་དབུ་མའི་ལམ་མོ། །དམིགས་པ་དང་མི་དམིགས་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། རྟོག་པ་དང་འཇིག་པ་མེད་པ་ནི་དབུ་མའི་ལམ་མོ། །བརྫུན་པ་དང་བདེན་པ་ཞེས་བྱ་བ་དེ་ གཉི་ག་ཡང་མཐའ་སྟེ། བརྗོད་དུ་མེད་པ་ནི་དབུ་མའི་ལམ་མོ། །ཚུ་རོལ་དང་ཕ་རོལ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། འཇིག་ཚོགས་འགག་པ་ནི་དབུ་མའི་ལམ་མོ། །འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། སྤྱོད་པ་མེད་པ་ནི་དབུ་མའི་ལམ་མོ། །འཁོར་ 44-230a བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། རྣམ་པར་རིག་པ་མེད་པ་ནི་དབུ་མའི་ལམ་མོ། །རིགས་ཀྱི་བུ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ ཕྱིར་དྲན་པ་ལ་གནས་ཏེ། དེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདུ་བར་རབ་ཏུ་ཤེས་སོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཉིད་སེམས་ཅན་གྱི་ཁམས་སོ། །དེ་ཆོས་ཀྱི་དབྱིངས་དབྱེར་མེད་པས་སེམས་ཅན་གྱི་ཁམས་དབྱེར་མེད་པར་ཁོང་དུ་ཆུད་དོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དང་ སེམས་ཅན་གྱི་ཁམས་གང་ཡིན་པ་དེ་གཉི་ག་ཡང་ནམ་མཁའི་དབྱིངས་དང་མཚུངས་པར་རབ་ཏུ་ཤེས་སོ། །དེས་ཆོས་ཐམས་ཅད་དབྱིངས་གཅིག་ཏུ་ཤེས་ནས་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་ཆོས་ལ་མངོན་པར་ཆགས་ཤིང་ལྟ་བར་ཡང་མི་འགྱུར་རོ། །དེ་ནམ་མཐོང་བ་དེ་ནི་ ཆོས་རྣམས་ལ་ཐ་དད་དུ་མི་བྱེད་དོ། །དེས་ཆོས་རྣམས་མཐོང་ཡང་ཤའི་མིག་གིས་མཐོང་བ་མ་ཡིན། ལྷའི་མིག་གིས་མཐོང་བ་མ་ཡིན། ཤེས་རབ་ཀྱི་མིག་གིས་མཐོང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་མིག་མཚན་མར་འདུ་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་དེ་ཤའི་མིག་གིས་ མཐོང་བ་མ་ཡིན་ནོ། །དེའི་མིག་མངོན་པར་འདུ་བྱེད་པར་ལྷུང་བ་མ་ཡིན་ཏེ། དེའི་ཕྱིར་དེ་ལྷའི་མིག་གིས་མཐོང་བ་མ་ཡིན་ནོ། །དེའི་མིག་སྤྲོས་པ་ལ་སྤྱོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ཤེས་རབ་ཀྱི་མིག་གིས་མཐོང་བ་མ་ཡིན་ནོ། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་ནས་ཆོས་གང་ལ་ཡང་མི་གནས་སོ། །དེས་ཆོས་ཐམས་ཅད་མི་གནས་པར་ཤེས་ནས་ཆོས་རྗེས་སུ་དྲན་པ་དེས་སྔོན་གྱི་སྨོན་ལམ་མི་གཏོང་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་དྲན་པ་སངས་རྒྱས་ཀྱིས་གནང་བའོ། ། གང་ཅུང་ཟད་ཆོས་ཟབ་མོ་ལ་སོ་སོར་རྟོག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དེ་ཡང་མི་འདོར་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའི་སྤྱོད་པ་ཡོངས་སུ་དག་པའོ། །དྲན་པ་ཉེ་བར་གཞག་ 44-230b པ་བཞི་པོ་དེ་དག་ལ་གནས་པ་དེ་ཕྱིན་ཅི་ལོག་བཞི་རབ་ཏུ་སྤོང་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པས་མི་སྡུག་པ་ལ་སྡུག་པར་འདུ་ཤེས་པའི་ཕྱིན་ཅི་ལོག་རབ་ཏུ་སྤོང་ངོ་། །ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པས་སྡུག་བསྔལ་བ་ལ་བདེ་བར་ འདུ་ཤེས་པའི་ཕྱིན་ཅི་ལོག་རབ་ཏུ་སྤོང་ངོ་། །སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པས་མི་རྟག་པ་ལ་རྟག་པར་འདུ་ཤེས་པའི་ཕྱིན་ཅི་ལོག་རབ་ཏུ་སྤོང་ངོ་། །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པས་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིན་ཅི་ལོག་རབ་ཏུ་སྤོང་ངོ་། །དེ་ཕྱིན་ ཅི་ལོག་མེད་པས་ཡང་དག་པ་ཉིད་སྒྲུབ་བོ། །ཡང་དག་པ་ཉིད་ལ་ཞུགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་དེ་ཡང་དག་པར་སྤོང་བའི་སྤྱོད་པ་ཡོངས་སུ་དག་པ་རབ་ཏུ་འཐོབ་སྟེ། ཡང་ དག་པར་སྤོང་བའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དེ་འབད་པ་མེད་ཅིང་ལྷུན་གྱིས་གྲུབ་པས་དགེ་བའི་ཆོས་ལ་སྦྱོར་བ་ལ་སེམས་འཇུག་གི་མི་དགེ་བ་ལ་ནི་མ་ཡིན་ནོ། །དེ་ཕྱིར་ཞིང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཉམས་པར་མི་འགྱུར་བ་དང་། ཕྱིར་ཞིང་འབྱུང་བ་དང་། ཡོངས་ སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་སྔོན་གྱི་ལས་ཡོངས་སུ་དག་པའི་ཕྱིར་རང་གི་ངང་ཉིད་ཀྱིས་དགེ་བའི་ཆོས་རྣམས་མངོན་དུ་འགྱུར་ཏེ། འབད་པ་མེད་ཅིང་ལྷུན་གྱིས་གྲུབ་པས་དགེ་བའི་ཆོས་མ་སྐྱེས་པ་རྣམས་ནི་སྐྱེའོ། །དགེ་ བའི་ཆོས་སྐྱེས་པ་རྣམས་ནི་ཉམས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་དེ་ཡང་དག་པར་སྤོང་བ་བཞི་པོ་འདི་དག་སེམས་ཀྱིས་དབང་སྒྱུར་བར་འགྱུར་གྱི། བརྩོན་འགྲུས་ཀྱིས་དབང་སྒྱུར་བར་འགྱུར་བ་ནི་མ་ཡིན་ནོ། །དེ་དག་པ་དང་། 44-231a དྲི་མ་མེད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་གནང་བའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་འཇུག་སྟེ། ཡང་དག་པ་ལ་ཞུགས་པ་དེ་ནི་ཡང་དག་པར་སྤོང་བ་ལ་གནས་པ་ཞེས་བྱའོ། །དེ་ ཅིའི་ཕྱིར་ཞེ་ན། དེའི་སྤོང་བ་མཉམ་པ་ཡིན་གྱི་མི་མཉམ་པ་མ་ཡིན་ནོ། །དེའི་སྦྱོར་བ་མཉམ་པ་ཡིན་གྱི་མི་མཉམ་པ་མ་ཡིན་ནོ། །ཡང་དག་པར་སྤོང་བ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱིས་མཉམ་པར་སྦྱོར་བ་དང་། མཉམ་པ་ཉིད་ཀྱིས་མཉམ་པར་སྒྲུབ་པ་སྟེ། དེའི་ཕྱིར་ཡང་དག་ པར་སྤོང་བ་ཞེས་བྱའོ། །དེ་ལྟར་ཡང་དག་པར་ཞུགས་པ་དེའི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བ་ འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དེ་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་པའི་བསམ་པས་འདུན་པ་ཡང་ བར་འགྱུར་རོ། །མི་དགེ་བའི་ཆོས་སྤོང་བས་བརྩོན་འགྲུས་ཡང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པས་སེམས་ཡང་བར་འགྱུར་རོ། །ཐབས་མཁས་པ་རབ་ཏུ་ཐོབ་པས་དཔྱོད་པ་ཡང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་དག་གིས་ བྱང་ཆུབ་ཀྱི་རྣམ་པ་མངོན་པར་བསྒྲུབས་པས་དབང་བཞི་རབ་ཏུ་འཐོབ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཚེ་ལ་དབང་བ་འཐོབ་བོ། །ཚེ་ལ་དབང་བ་དེས་འདོད་ན་སེམས་ཅན་ཚེ་ཐུང་ངུ་རྣམས་ཀྱི་ནང་དུ་ཚེ་རིང་པོ་ཡོངས་སུ་འཛིན་ཅིང་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ ཅན་ཚེ་རིང་པོ་ཆོས་བསྟན་ན་ཡོངས་སུ་སྐྱོ་བ་རྣམས་ལ་ཆོས་བསྟན་པས་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་ཚེ་ཐུང་ངུ་ཡོངས་སུ་འཛིན་པ་དང་། ལྷ་འམ་མི་གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་ཚེའི་ཚད་ལ་དབང་སྒྱུར་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དབང་དང་པོ་འདི་འཐོབ་ 44-231b བོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ལུས་ལ་དབང་འཐོབ་སྟེ། ལུས་ལ་དབང་བ་དེས་ཡིད་ཀྱི་ལུས་རབ་ཏུ་ཐོབ་ནས་ལུས་ཅི་འདྲ་བ་དང་། གཟུགས་ཅི་འདྲ་བ་དང་། ཁ་དོག་དང་མཚན་དང་དབྱིབས་དང་། སྤྱོད་ལམ་ཅི་འདྲ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ འགྱུར་བ་དང་། འདུལ་བར་འགྱུར་བ་དེ་འདྲ་བར་བྱང་ཆུབ་སེམས་དཔའ་དེ་ལུས་དང་། གཟུགས་དང་ཁ་དོག་དང་མཚན་དང་དབྱིབས་དང་སྤྱོད་ལམ་ཀུན་ཏུ་སྟོན་ཏེ། དེ་འདོད་ན་སེམས་ཅན་ཐམས་ཅད་ཀྱི་ལུས་དང་། གཟུགས་དང་། ཁ་དོག་དང་མཚན་དང་དབྱིབས་དང་། སྤྱོད་ལམ་ མཚུངས་པར་འགྱུར་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དབང་གཉིས་པ་འདི་འཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ལ་དབང་འཐོབ་སྟེ། ཆོས་ལ་དབང་བ་དེས་འཇིག་རྟེན་ལས་འདས་པའི་ཆོས་ལ་རྟོན་པར་འགྱུར་གྱི། འཇིག་རྟེན་གྱི་ཆོས་ལ་ རྟོན་པར་མི་འགྱུར་བ་དང་། དེ་འཇིག་རྟེན་ལས་འདས་པའི་ཆོས་ལ་རྟོན་ཀྱང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་སྣང་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་ལས་ཀྱང་མི་གཡོ་བ་དང་། གང་འདི་ཤེས་རབ་དང་ཡེ་ཤེས་ཆགས་པ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ ཡེ་ཤེས་ཀྱི་བདག་ཉིད་དང་། ཆོས་རྣམ་པར་བསྒྲུབས་པས་ལྷ་དང་བཅས་པའི་འཇིག་རྟེན་མོས་པར་བྱེད་ཅིང་། གང་གིས་སེམས་ཅན་ཚད་མེད་པ་རྣམས་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་འདུལ་བར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་གཏམ་བྱེད་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་ སེམས་དཔས་དབང་གསུམ་པ་འདི་འཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱིན་གྱི་རླབས་ཀྱི་དབང་ཐོབ་སྟེ། བྱིན་གྱི་རླབས་ལ་དབང་བ་དེས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་དེ་དག་ཐམས་ཅད་རྒྱ་མཚོ་གཅིག་ཏུ་བྱིན་གྱིས་ བརླབས་ཀྱང་འདྲེས་པ་ཡང་མེད་ལ་སྤྱོད་པ་དེ་ཡང་ཀུན་ཏུ་སྟོན་པ་དང་། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རིའི་རྒྱལ་པོ་རི་རབ་དེ་དག་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་བརླབས་ཀྱང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ 44-232a རྣམས་ཕན་ཚུན་འཕྲོས་པར་ཡང་མི་ཤེས་ལ་སྤྱོད་པ་དེ་ཡང་ཀུན་ཏུ་སྟོན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཇི་ལྟར་རིན་པོ་ཆེའི་ས་གཞི་འམ། ཙན་དན་གྱི་ས་གཞི་འམ། སྤོས་ཀྱི་ས་གཞི་འམ། མེ་ཏོག་གི་ས་གཞི་འམ། ནམ་ མཁར་གྱུར་པའམ། ཆུས་ཡོངས་སུ་གང་བའམ། མེས་ཡོངས་སུ་གང་བའམ། རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་གྱུར་ཅིག་ཅེས་དེ་ལྟར་བྱིན་གྱིས་བརླབས་ན་ཡང་དེ་འདྲ་བར་གནས་པ་དང་། དེ་བཞིན་དུ་བྱིན་གྱི་རླབས་ཐམས་ཅད་ཀྱིས་གང་ཇི་ལྟར་བྱིན་གྱིས་བརླབས་པ་ དེའི་དེ་དེ་ལྟར་འགྱུར་བ་དང་། དེའི་སེམས་བསྐྱེད་མ་ཐག་ཏུ་བྱིན་གྱི་རླབས་ཐམས་ཅད་དེ་བཞིན་དུ་ཀུན་ཏུ་གནས་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དབང་བཞི་པོ་འདི་འཐོབ་བོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་པ་ནི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་འདུག་ཅིང་གཏམ་ཟེར་རོ། །དེ་བཞིན་དུ་ཚངས་པ་ཐམས་ཅད་དང་། བརྒྱ་བྱིན་ཐམས་ཅད་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དང་ལྷན་ཅིག་ཏུ་གནས་ཤིང་འདུག་སྟེ་གཏམ་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེའི་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ཕྱིར་རོ། །དེ་ལ་རྫུ་ འཕྲུལ་གྱི་རྐང་པ་རྣམས་ཀྱི་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ལུས་ཡང་བར་བྱ་བའི་ཕྱིར་བླ་མ་དང་སྦྱིན་གནས་རྣམས་ལ་ལྡང་བ་དང་། རིམ་གྲོ་བྱེད་པ་དང་། གུས་པར་སྨ་བ་དང་། ཕྱག་འཚལ་བ་དང་། ཐལ་མོ་སྦྱོར་ཞིང་འཐུན་པར་བྱེད་པ་དང་། ངག་ཡང་བར་བྱ་བའི་ཕྱིར་ བཀའ་བློ་བདེ་ཞིང་འཐུན་པར་འཛིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། སེམས་ཡང་བར་བྱ་བའི་ཕྱིར་ང་རྒྱལ་མེད་པ་དང་། ཞེ་འགྲས་པ་མེད་པ་དང་། བླ་མ་ལ་རིམ་གྲོ་བྱེད་ཅིང་གུས་པ་དང་། འདུད་པ་དང་། རབ་ཏུ་འདུད་པ་དང་། སེམས་ལས་སུ་རུང་བ་དང་། སེམས་ 44-232b ལ་ཡོངས་སུ་གདུང་བ་མེད་པ་དང་། སྤོང་བ་རྣམས་ལ་བརྩོན་པ་མི་འདོར་བ་དང་། བདེན་པའི་བརྟུལ་ཞུགས་རྫོགས་པར་བྱེད་པ་དང་། མི་ལྷོད་པར་བརྩོན་པ་དང་། དགོས་པ་གྲུབ་པར་བྱེད་པ་དང་། སྙོམ་ལས་མི་བྱེད་པ་དང་། སེམས་མི་ཞུམ་པ་དང་། འདོད་ཆགས་རྣམ་པར་སེལ་བ་དང་། ཞེ་སྡང་ཉེ་བར་ཞི་བར་བྱེད་པ་དང་། གཏི་མུག་གི་མུན་པ་སེལ་བ་དང་། འདོད་པ་མེད་པ་དང་། ཕྲག་དོག་མེད་པ་དང་། སེར་སྣ་དང་བྲལ་བ་དང་། བསམ་པ་དང་ལྷག་པའི་བསམ་པ་ལ་སྦྱོར་བ་དང་། གཞན་གྱི་དགོས་པ་སྒྲུབ་ཅིང་ཁུར་ཁྱེར་བ་དང་། ཉམ་ཆུང་བ་རྣམས་ཀྱི་ཁུར་སྒྲོལ་བ་དང་། འདམ་རྫབ་ལ་སྟེགས་འདོགས་པ་དང་། ཀླུང་ལ་ཟམ་པས་སྒྲོལ་བ་དང་། ཆུ་བོ་ལ་གྲུ་སྦྱོར་བ་དང་། སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། དགའ་བའི་ཚིག་ཐོས་པར་བྱེད་པ་དང་། གཞན་གྱི་ཉེས་པ་མི་གླེང་བ་དང་། ཉེས་པ་བྱུང་བ་རྣམས་གསོ་བར་བྱེད་པ་དང་། འགྱོད་ པ་རྣམས་སེལ་བ་དང་། ཀུན་ནས་ལྡང་བ་རྣམས་རྣམ་པར་སེལ་བ་དང་། ཁམས་གང་གིས་འབྱུང་བ་ཁོང་དུ་ཆུད་པ་དང་། ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། བྱིན་ནས་ཀྱང་འགྱོད་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་ལྟ་བའི་ཕྱིར་བྱང་ཆུབ་ཏུ་སྔོ་བ་དང་། དད་ པ་སྔོན་དུ་འགྲོ་བ་དང་། གཞན་དག་དགེ་བའི་རྩ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། བདག་བདེ་བ་ལ་མི་ཆགས་པ་དང་། བདེ་བ་གཞན་ལ་སྟོབས་པ་དང་། བདག་གི་རྙེད་པས་ཆོག་ཤེས་པ་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། གཞན་ དག་ཀྱང་རབ་ཏུ་འབྱུང་བ་ལ་མོས་པར་བྱེད་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པ་དང་། མཛའ་བ་བརྟན་པ་དང་། མཛའ་བ་དང་མི་མཛའ་བ་ལ་སེམས་མཉམ་པ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་སྦྱིན་པ་དང་། ངལ་བ་རྣམས་ཡང་དག་པར་ སྤྲོ་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། བསླབས་པ་རྣམས་ལ་སྟོན་པ་ཙམ་དུ་ཕངས་པར་འཛིན་པ་དང་། མ་བསླབས་པ་རྣམས་ལ་མི་བརྙས་པ་དང་། དབུལ་པོ་རྣམས་ལ་ལོངས་སྤྱོད་འགེད་པ་དང་། ནད་པ་རྣམས་ཀྱི་གཡོག་བྱེད་པ་དང་། སྨན་ 44-233a སྦྱིན་པ་དང་། བྱས་པ་རྣམས་ལ་མི་སྨོད་པ་དང་། དཀོན་མཆོག་གསུམ་ལ་རིམ་གྲོ་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། བསྟི་སྟང་མི་བྱེད་པ་རྣམས་ལ་བཏང་སྙོམས་པ་དང་། འཇིག་རྟེན་གྱི་ཆོས་ལས་ཤིན་ཏུ་འདའ་བ་དང་། སྡིག་པ་ཐམས་ཅད་ཤིན་ཏུ་མི་བྱེད་པ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ་དང་། ཡོན་ཏན་ཐམས་ཅད་སྒྲུབ་པ་དང་། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་དང་། དྲན་པ་མི་ཉམས་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་སྦྱང་བའོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ ཡོངས་སུ་སྦྱངས་ན་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཉམས་པར་མི་འགྱུར། ཡོངས་སུ་ཉམས་པར་མི་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་དབང་པོའི་སྤྱོད་པ་ཡོངས་སུ་དག་པ་གང་ ཞེ་ན་འདི་ལྟ་སྟེ། མི་འཕྲོགས་པ་དད་པའི་དབང་པོ་དང་། གཞན་གྱི་དྲིང་ལ་མི་འཇོག་པ་བརྩོན་འགྲུས་ཀྱི་དབང་པོ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དྲན་པའི་དབང་པོ་དང་། སྙིང་རྗེ་ཆེན་པོ་མི་གཏོང་བ་ཏིང་ངེ་འཛིན་གྱི་དབང་པོ་དང་། ཆོས་ཐམས་ཅད་ཡོངས་སུ་འཛིན་པར་བརྩོན་པ་ཤེས་རབ་ ཀྱི་དབང་པོའོ། །རིགས་ཀྱི་བུ་གཞན་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་ཤིང་དད་པ་ནི་བྱང་ཆུབ་སེམས་དཔའི་དདཔའི་དབང་པོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡོངས་སུ་མི་སྐྱོ་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ བརྗེད་པ་ནི་དྲན་པའི་དབང་པོའོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐམས་ཅད་མངོན་པར་སྒྲུབ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པར་ཡོངས་སུ་བསྔོས་པ་ནི་ཤེས་རབ་ཀྱི་དབང་པོའོ། །རིགས་ཀྱི་བུ་གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་དང་ བསམ་པ་མི་ཕྱེད་པར་གྱུར་པ་ནི་བྱང་ཆུབ་སེམས་དཔའི་དད་པའི་དབང་པོའོ། །ལྷག་པའི་བསམ་པ་ཁྱད་པར་དུ་འགྲོ་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །ཡོངས་སུ་བསྔོ་བ་ལ་མཁས་པ་ནི་དྲན་པའི་དབང་པོའོ། །སེམས་ཅན་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་བ་ནི་ཏིང་ངེ་ 44-233b འཛིན་གྱི་དབང་པོའོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཤེས་པ་ནི་ཤེས་རབ་ཀྱི་དབང་པོའོ། །རིགས་ཀྱི་བུ་གཞན་ཡང་སེམས་ཅན་ཐམས་ཅད་ཆགས་པ་ལས་ཤིན་ཏུ་འདའ་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་དད་པའི་དབང་པོའོ། །སེམས་ཅན་ཐམས་ཅད་ཆགས་པ་ ལས་ཤིན་ཏུ་ཐར་བར་བྱེད་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །གང་ལ་ཡང་མི་ཆགས་པ་ནི་དྲན་པའི་དབང་པོའོ། །སེམས་ཅན་ཐམས་ཅད་ཀྱི་ཆགས་པ་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །གང་ཆགས་པ་དང་མི་ཆགས་པ་ཐམས་ཅད་ཤེས་པ་འདི་ནི་ཤེས་ རབ་ཀྱི་དབང་པོའོ། །རིགས་ཀྱི་བུ་གཞན་ཡང་གང་རྙོག་པ་མེད་པར་འགྱུར་བ་འདི་ནི་དད་པའི་དབང་པོའོ། །སེམས་རྙོག་པ་ཅན་དང་བར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །གང་རྙོག་པ་མེད་པའི་ཆོས་ཉིད་ཀྱི་དྲན་པ་མི་འདོར་བ་འདི་ནི་དྲན་པའི་དབང་པོའོ། །གང་སེམས་ རྙོག་པ་མེད་པར་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ལྡང་བ་ཤེས་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །གང་རྙོག་པ་མེད་པའི་ཆོས་ཐོབ་པས་རྙོག་པ་ཅན་དུ་གྱུར་པ་རྣམས་རྙོག་པ་མེད་པའི་ཆོས་ཉིད་ལ་རབ་ཏུ་འགོད་པ་འདི་ནི་ཤེས་རབ་ཀྱི་དབང་པོའོ། །རིགས་ཀྱི་བུ་གཞན་ཡང་མི་དགེ་ བའི་ཆོས་ཐམས་ཅད་སྤོང་བ་ནི་བྱང་ཆུབ་སེམས་དཔའི་དད་པའི་དབང་པོའོ། །དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དགེ་བའི་ཆོས་བསྒྲུབས་པ་དང་མ་བསྒྲུབས་པ་རྣམས་མི་བརྗེད་པ་ནི་དྲན་པའི་དབང་པོའོ། །གང་ཏིང་ངེ་འཛིན་གྱི་དགའ་བ་དང་བདེ་བ་ མི་འདོད་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བསམ་གཏན་བྱེད་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །གང་དགེ་བ་དང་མི་དགེ་བའི་ཆོས་རྣམས་མཉམ་པ་ཉིད་དུ་སོ་སོར་རང་གིས་ཤེས་པ་འདི་ནི་ཤེས་རབ་ཀྱི་དབང་པོའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དད་ པས་ནི་འདོར་རོ། །བརྩོན་འགྲུས་ཀྱིས་ནི་ཡང་དག་པར་སྒྲུབ་བོ། །དྲན་པས་ནི་ཆུད་མི་གཟོན་ཏོ། །ཏིང་ངེ་འཛིན་གྱིས་ནི་སྲུང་ངོ་། །ཤེས་རབ་ཀྱིས་ནི་རྣམ་པར་འབྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དད་པས་ནི་བདག་ཏུ་འཛིན་པ་རབ་ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱིས་ནི་ 44-234a བདག་གིར་འཛིན་པ་འདོར་རོ། །དྲན་པས་ནི་འཇིག་ཚོགས་ལ་ལྟ་བ་ལས་ཤིན་ཏུ་འདའོ། །ཏིང་ངེ་འཛིན་གྱིས་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་འདོར་རོ། །ཤེས་རབ་ཀྱིས་ནི་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་རྣམས་རབ་ཏུ་སྤོང་སྟེ། རིགས་ཀྱི་བུ་འདི་ནི་ བྱང་ཆུབ་སེམས་དཔའི་དབང་པོའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། གང་དབང་པོ་དེ་དག་གིས་ཉེ་བར་བརྟན་ནས་བདུད་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་ པ་གཉིས་ཀྱིས་མི་འཕྲོགས་པར་འགྱུར་བ་དང་། ཐེག་པ་ཆེན་པོ་འདི་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཐུལ་བར་འགྱུར་བ་དང་། སྔོན་གྱི་དམ་བཅས་པ་ལ་བརྟན་པར་འགྱུར་བ་དང་། སེམས་ཀྱིས་ཤིན་ཏུ་བརྟན་པར་འགྱུར་བ་དང་། ལུས་ཀྱིས་ སྟོབས་དང་ལྡན་པར་འགྱུར་བ་དང་། དབང་པོ་རྣམས་སྦེད་པར་འགྱུར་བ་དང་། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བསྐྱོད་པར་འགྱུར་བའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་བྱ་བ་མ་ཡིན་པ་མི་བྱེད་ དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་བྱ་བ་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་བྱས་པའི་ལས་ཆུད་མི་གཟོན་ཏོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་པ་རྣམས་ཀྱིས་རྨ་མི་ཕྱིན་ཏོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་འགྱོད་པ་དང་། ཀུན་ནས་ལྡང་བ་ ཐམས་ཅད་ལས་ཤིན་ཏུ་འདའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་ཡང་གཞན་ལ་དད་པས་མི་འགྲོའོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་བར་མ་དོར་ཞུམ་པར་མི་འགྱུར་རོ། །དྲན་པའི་སྟོབས་ཀྱིས་ནི་གཟུངས་དང་སྤོབས་པ་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་ གྱི་སྟོབས་ཀྱིས་ནི་མཚུངས་པར་ཆོས་སྟོན་ཏོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་མོས་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ 44-234b སྟོབས་ཀྱིས་ནི་རྣམ་པར་གྲོལ་བའི་སྟོབས་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྟོབས་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་སེམས་དང་བསམ་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ ཀྱི་སྟོབས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཚིམ་པར་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་སེར་སྣའི་དྲི་མ་རབ་ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་བདག་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ངོ་། །དྲན་པའི་སྟོབས་ ཀྱིས་ནི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་མཉམ་པའི་སེམས་ཀྱིས་འདོར་རོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་རྣམ་པར་སྨིན་པ་ལ་རེ་བ་མེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་རབ་ ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་བསླབ་པ་རྣམས་ལས་མི་འདའོ། །དྲན་པའི་སྟོབས་ཀྱིས་ནི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་དུལ་བ་དང་ཞི་བ་དང་ཅང་ཤེས་ཀྱི་ས་ལ་འགྲོའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་མངོན་པར་འདུ་བྱེད་པའི་ཚུལ་ཁྲིམས་རབ་ ཏུ་སྤོང་ངོ་། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་གནོད་སེམས་ཀྱི་དྲི་མ་རབ་ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་བཟོད་པ་སྒོམ་མོ། །དྲན་པའི་སྟོབས་ཀྱིས་ནི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་སེམས་ཅན་རྣམས་རྗེས་ སུ་སྲུང་ངོ་། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་བདག་དང་སེམས་ཅན་དང་། བཟོད་པ་ལ་རྣམ་པར་མི་རྟོག་གོ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་ལེ་ལོའི་དྲི་མ་རབ་ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་རྩོམ་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་ བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྒྲུབ་བོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་མི་བྱེད་རྣམ་པར་མི་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་རྣམ་པར་གཡེང་ 44-235a བའི་དྲི་མ་རབ་ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་བསམ་གཏན་གྱི་ཡན་ལག་རྣམས་ཡང་དག་པར་སྒྲུབ་བོ། །དྲན་པའི་སྟོབས་ཀྱིས་ནི་རྩེ་གཅིག་ཏུ་ཡོངས་སུ་སྔོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་ལས་མི་གཡོའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ ནི་བསམ་གཏན་དེ་ལ་ཆགས་པ་རབ་ཏུ་སྤོང་ངོ་། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་འཆལ་པའི་ཤེས་རབ་ཀྱི་དྲི་མ་རབ་ཏུ་སྤོང་ངོ་། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་ཐོས་པ་ཡོངས་སུ་ཚོལ་ལོ། །དྲན་པའི་སྟོབས་ཀྱིས་ནི་ཚུལ་བཞིན་ལ་རབ་ཏུ་སྦྱོར་ རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་སེམས་ངེས་པར་སེམས་པ་རབ་ཏུ་འཐོབ་བོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་ནན་ཏན་གྱིས་ཡང་དག་པར་སྒྲུབ་བོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱིས་ནི་ནོར་བདུན་རབ་ཏུ་འཐོབ་བོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་ བྱང་ཆུབ་ཀྱི་ཡན་ལག་བདུན་རབ་ཏུ་འཐོབ་བོ། །དྲན་པའི་སྟོབས་ཀྱིས་ནི་རྗེས་སུ་དྲན་པ་དྲུག་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་རྣམ་པར་ཤེས་པ་གནས་པ་བདུན་ལས་ཤིན་ཏུ་འདའོ། །ཤེས་རབ་ཀྱི་སྟོབས་ཀྱིས་ནི་ལོག་པ་ཉིད་དུ་ངེས་པ་བརྒྱད་ལས་ཤིན་ཏུ་འདའོ། །རིགས་ཀྱི་ བུ་གཞན་ཡང་གང་མི་ཕྱེད་ཅིང་སེམས་དང་བསམ་པ་རྙོག་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །གང་ཕྱིར་མི་ལྡོག་ཅིང་བླང་བ་མེད་ལ་དོར་བ་མེད་པ་འདི་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །གང་དྲན་པ་སྔོན་དུ་འགྲོ་ལ་དྲན་ པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་འདི་ནི་དྲན་པའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །གང་སེམས་རབ་ཏུ་དུལ་བས་རང་བཞིན་གྱིས་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ལྡང་བ་ཤེས་པ་འདི་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །གང་ལྟ་བ་ཐམས་ཅད་སེལ་བ་ལ་ མཁས་པ་འདི་ནི་ཤེས་རབ་ཀྱི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་གཞན་ཡང་དང་བར་བྱེད་པའི་མཚན་ཉིད་ནི་བྱང་ཆུབ་སེམས་པའི་དད་པའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །ཕྱིར་མི་ལྡོག་པའི་མཚན་ཉིད་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། ། 44-235b མི་བརྗེད་པའི་མཚན་ཉིད་ནི་དྲན་པའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །རྣམ་པར་གཡེང་བ་མེད་པའི་མཚན་ཉིད་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །སོ་སོར་རྟོག་པའི་མཚན་ཉིད་ནི་ཤེས་རབ་ཀྱི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ ཆུབ་སེམས་དཔའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བ་ནི་བདུན་ཏེ། བདུན་གང་ཞེ་ན་འདི་ལྟ་སྟེ། དྲན་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསགས་ཤིང་བསགས་པ་རྣམས་ཆུད་མི་གཟོན་པ་ཡིན་ཏེ། འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། ཆོས་རྣམ་ པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་ལྷག་མཐོང་གི་ཚོགས་དང་ཟུང་དུ་འབྲེལ་པར་འགྱུར་བ་ཡིན་ཏེ། འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་སྤོང་བ་ཁྱད་པར་དུ་འགྲོ་བར་འགྱུར་བ་ཡིན་ཏེ། འདི་ ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་མི་དགའ་བ་སེལ་བར་འགྱུར་བ་ཡིན་ཏེ། འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་ལུས་དང་སེམས་ཤིན་ཏུ་བྱང་ བར་འགྱུར་བ་ཡིན་ཏེ། འདི་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་རྣམ་པར་གྲོལ་བ་སྙིང་པོར་འགྱུར་བ་ཡིན་ཏེ། འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ 44-236a ཡན་ལག་ནི་གང་བྱེད་པ་བྱས་པར་འགྱུར་བ་ཡིན་ཏེ། འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །རིགས་ཀྱི་བུ་གཞན་ཡང་གང་བྱང་ཆུབ་ཀྱི་བསམ་པ་མི་བརྗེད་པ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གང་དམ་པའི་ཆོས་ཡོངས་སུ་འཛིན་ པ་ལ་བརྩོན་པ་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཡོངས་སུ་མི་སྐྱོ་བ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གང་དམ་པའི་ཆོས་ཀྱི་ཀུན་དགའ་ལ་དགའ་བས་གནས་པ་འདི་ནི་དགའ་བ་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གང་ཤིན་ཏུ་སྦྱངས་པ་ལ་སེམས་ཅན་རྣམས་རབ་ཏུ་འགོད་པ་འདི་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གང་ཏིང་ངེ་འཛིན་ལ་སེམས་ཅན་རྣམས་རབ་ཏུ་འགོད་པ་འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གང་མངོན་ སུམ་དུ་ཤེས་པ་བཏང་སྙོམས་པ་ལ་སེམས་ཅན་རྣམས་རབ་ཏུ་འགོད་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། རིགས་ཀྱི་བུ་གཞན་ཡང་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །གང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བའི་ཡེ་ཤེས་ལ་མཁས་པ་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །གང་ལུས་དང་ངག་དང་། ཡིད་ཀྱི་ལས་རྟུལ་བ་འདི་ནི་བརྩོན་འགྲུས་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །གང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །གང་བྱ་བ་བྱས་པ་དང་བྱེད་པ་བྱས་པ་འདི་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ སྤྱོད་པ་ཡོངས་སུ་དག་པའོ། །གང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་ཀྱང་གཅིག་ཏུ་སྙོམས་པར་ཞུགས་པར་ཡང་འགྱུར་བ་འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །གང་གཉིས་སུ་མེད་པའི་ཆོས་ལ་རབ་ཏུ་གནས་ཏེ་རྟོག་པ་ 44-236b དང་སེལ་བ་མེད་ཅིང་བཏང་སྙོམས་པར་ཡང་ཀུན་ཏུ་སྣང་ལ་སེམས་ཅན་ལ་ཡང་ལྟ་བ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པ་དང་རྗེས་སུ་རྟོགས་པར་བྱེད་པ་ དང་། རབ་ཏུ་ཤེས་པར་བྱེད་པ་དང་། འཇལ་བར་བྱེད་པ་དང་། ཉེ་བར་རྟོག་པ་ཁོང་དུ་ཆུད་ཅིང་སེམས་ཅན་གྱི་སྤྱོད་པ་མཐོ་བ་དང་དམའ་བ་ཐམས་ཅད་རྟོགས་ཏེ། དེ་ལ་གནས་ནས་ཀྱང་ངན་སོང་དུ་འགྱུར་བའི་ལམ་སྒོམ་པ་དང་། དངོས་པོ་དང་དངོས་པོ་མེད་པའི་བག་ལ་ཉལ་བ་དང་། ཀུན་ ནས་དཀྲིས་པ་དང་བྲལ་བ་འདི་དག་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་སྟེ། འདི་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། འཕགས་པ་མ་ཡིན་པ་རྣམས་ཀྱི་ནི་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་བདུད་སྡིག་ཅན་ རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ང་རྒྱལ་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ ཡིན་པ་དེ་ནི་མཚན་མ་ལ་དམིགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་པ་དང་། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཚོར་བ་ ཡོངས་སུ་འཛིན་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་སེམས་དང་། ཡིད་དང་རྣམ་པར་ཤེས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་ པ་དང་། རྣམ་པར་རིག་པའི་ཆོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཐ་ན་མྱ་ངན་ལས་འདའ་བའི་འདུ་ཤེས་ཡིད་ལ་བྱེད་པ་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་ 44-237a སྤྱོད་ཡུལ་ལོ། །ཆོས་ཐམས་ཅད་ལ་རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཆོས་ཐམས་ཅད་ཀུན་ནས་མི་ལྡང་བའི་སྤྱོད་ཡུལ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཆོས་ཐམས་ཅད་ དང་མི་འཐུན་པའི་སྤྱོད་ཡུལ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཆོས་ཐམས་ཅད་རྩོད་པ་མེད་པའི་སྤྱོད་ཡུལ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཆོས་ཐམས་ཅད་མཚན་མ་མེད་པའི་སྤྱོད་ཡུལ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །རིགས་ཀྱི་བུ་དེ་ལྟར་གང་ འཕགས་པའི་སྤྱོད་ཡུལ་ཡོངས་སུ་དག་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་གི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ལམ་གྱི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པའི་ལྟ་བ་ཞེས་སྨོས་པ་དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་ཆོས་ཐམས་ཅད་ མཉམ་པ་ཉིད་ནི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། དེ་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་ཡང་ལྡང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་ དང་། གང་ཟག་ཏུ་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དེ་ནི་མཚུངས་སོ། །དེ་ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་ཡང་ལྡང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དེ་ནི་མཚུངས་སོ། །དེ་འབྱུང་བར་ ལྟ་བ་དང་། འཇིག་པར་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་ཡང་ལྡང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དེ་ནི་མཚུངས་སོ། །དེ་འཇིག་ཚོགས་ལ་ལྟ་བ་དང་། ངར་འཛིན་པ་ལྟ་བ་དང་། ང་ཡིར་འཛིན་པར་ལྟ་བ་ 44-237b དང་། སྟོང་པ་ཉིད་དུ་ལྟ་བ་ཡང་ལྡང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་ཚོགས་ལ་ལྟ་བ་དང་། ངར་འཛིན་པར་ལྟ་བ་དང་། ང་ཡིར་འཛིན་པར་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དེ་ནི་མཚུངས་སོ། །དེ་སངས་རྒྱས་སུ་ལྟ་བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་ཡང་ལྡང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་སུ་ལྟ་བ་དང་། ཆོས་སུ་ལྟ་བ་དང་། དགེ་འདུན་དུ་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དེ་ནི་མཚུངས་སོ། །རིགས་ཀྱི་བུ་དེ་ལྟར་ན་ལྟ་བའི་དམིགས་པ་ནི་ཇི་ཙམ་དུ་ཆུང་དུ་ན་མྱ་ངན་ལས་འདས་པ་ལ་ལྟ་བའི་ དམིགས་པ་ཡང་རུང་སྟེ། དེ་ཙམ་དུ་ཡང་དག་པའི་ལྟ་བ་མ་ཡིན་ནོ། །གང་ཐ་མ་དང་། རབ་དང་འབྲིང་གི་ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་མཉམ་པར་ལྟའི་མི་མཉམ་པར་མ་ཡིན་ནོ། །ཇི་ལྟར་ན་མཉམ་ པར་ལྟའི་མི་མཉམ་པར་མ་ཡིན་ཞེ་ན། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་དམན་པ། སློབ་པའི་ཆོས་རྣམས་ནི་དམ་པའོ་སྙམ་དུ་གལ་ཏེ་དེ་ལྟར་ལྟ་ན་མི་མཉམ་པར་ལྟ་བའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་མི་སློབ་པའི་ཆོས་རྣམས་ནི་ཟག་པ་མེད་པའོ་སྙམ་དུ་གལ་ ཏེ་དེ་ལྟར་ལྟ་ན་མི་མཉམ་པར་ལྟ་བའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟང་ཟིང་དང་བཅས་པ་རང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཟང་ཟིང་མེད་པའོ་སྙམ་དུ་གལ་ཏེ་དེ་ལྟར་ལྟ་ན་མི་མཉམ་པར་ལྟ་བའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཉོན་མོངས་པ་དང་བཅས་པ། བྱང་ཆུབ་སེམས་ དཔའི་ཆོས་རྣམས་ནི་ཉོན་མོངས་པ་མེད་པའོ་སྙམ་དུ་གལ་ཏེ་དེ་ལྟར་ལྟ་ན་མི་མཉམ་པར་ལྟ་བའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་འདུས་བྱས་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ནི་འདུས་མ་བྱས་ཡིན་ནོ་སྙམ་དུ་གལ་ཏེ་དེ་ལྟར་ལྟ་ན་མི་མཉམ་པར་ལྟ་བའོ། །ནམ་སོ་སོའི་སྐྱེ་ བོའི་ཆོས་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་སློབ་པའི་ཆོས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དུ་མཐོང་སྟེ། དེ་ལྟར་ལྟ་བ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །སོ་སོའི་སྐྱེ་བོའི་ཆོས་སྟོང་པ་ཉིད་དང་། མི་སློབ་པའི་ཆོས་སྟོང་པ་ཉིད་མཚུངས་པར་མཐོང་སྟེ། དེ་ལྟར་ལྟ་བ་ནི་ཡང་ 44-238a དག་པའི་ལྟ་བ་ཞེས་བྱའོ། །སོ་སོའི་སྐྱེ་བོའི་ཆོས་ཀྱི་རྐྱེན་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་། རང་སངས་རྒྱས་ཀྱི་ཆོས་ཀྱི་རྐྱེན་མཉམ་པ་ཉིད་ཁོང་དུ་ཆུད་པ་མཚུངས་པར་མཐོང་སྟེ། དེ་ལྟར་ལྟ་བ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །སོ་སོའི་སྐྱེ་བོའི་ཆོས་དབེན་པ་དང་། བྱང་ཆུབ་སེམས་དཔའི་ཆོས་དབེན་པ་ཉིད་མཚུངས་པར་མཐོང་སྟེ། དེ་ལྟར་ལྟ་བ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །སོ་སོའི་སྐྱེ་བོའི་ཆོས་ཡོངས་སུ་གྲུབ་པ་མེད་པ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པ་མེད་པ་མཉམ་པ་ཉིད་མཚུངས་པར་མཐོང་སྟེ། དེ་ལྟར་ ལྟ་བ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །གང་མཚུངས་པར་མཐོང་བ་དེ་ཕྱིར་ཡང་གཉིས་ལ་བློ་མི་འཇུག་སྟེ། གང་གཉིས་སུ་མེད་པར་མཐོང་བ་དེ་ཡང་དག་པར་མཐོང་བའོ། །གང་མཚུངས་པར་མཐོང་བ་དེ་ཡང་ཐ་དད་དུ་མི་བྱེད་དོ། །ཐ་དད་མེད་པར་མཐོང་བ་ནི་ཡང་དག་པ་མཐོང་བའོ། ། གང་མཚུངས་པར་མཐོང་བ་དེ་ཐ་མ་དང་འབྲིང་དང་། རབ་ཀྱི་ཆོས་ལ་རྣམ་པར་རྟོག་པ་མི་སྐྱེད་དེ། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པར་མཐོང་བ་ནི་ཡང་དག་པ་མཐོང་བའོ། །གང་མཚུངས་པར་མཐོང་བ་ནི་མཐོང་བ་ཅི་ཡང་མེད་དེ་མཐོང་བ་ཅི་ཡང་མེད་པ་ནི་ཡང་དག་པ་མཐོང་ བའོ། །གང་མཚུངས་པར་མཐོང་བ་དེ་ལ་ནི་ཆོས་གང་ཡང་སྣང་བར་མི་འགྱུར་ཏེ། ཆོས་ཐམས་ཅད་སྣང་བ་མེད་པར་མཐོང་བ་དེ་ནི་ཡང་དག་པ་མཐོང་བའོ། །རིགས་ཀྱི་བུ་གང་ཆོས་འདི་དག་དེ་ལྟར་མཐོང་བ་འདི་ནི་ཡང་དག་པ་མཐོང་བའོ། །ཇི་ལྟ་བ་བཞིན་དུ་མཐོང་བ་དང་། མཉམ་པ་ཉིད་དུ་མཐོང་བ་འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་ མང་པོ་ཞིག་ནི་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་བཟོད་པ་སྐྱེས་སོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་རྟོག་པ་སྤོང་བར་འགྱུར་བའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཀྱིས་ཡོངས་སུ་བསྡུས་པའི་ལྷག་མཐོང་ལ་ 44-238b མཁས་པ་སྟེ། དེ་ཆོས་གང་ཞིག་ཆོས་གང་དང་ལྡན་སྙམ་དུ་དེ་ཆོས་དེ་དག་ལ་རྣམ་པར་ལྟའོ། །རྣམ་པར་རྟོག་གོ། དེ་ཆོས་ཐམས་ཅད་ཕན་ཚུན་མི་ལྡན་པ་དང་། རབ་ཏུ་ལྡན་པ་མ་ཡིན་པ་དང་། མ་འདྲེས་པར་རབ་ཏུ་ཤེས་ཏེ། དེས་དེ་ལྟར་ཤེས་ནས་མཉམ་པར་ཡང་མི་ རྟོག་ན་གང་མི་མཉམ་པར་རྟོག་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མ་ཡིན་ནོ། །དེ་ཆོས་སུ་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་ཕྱིར་ཡང་མི་རྟོག །རྣམ་པར་མི་རྟོག་པ་འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་བྱང་ ཆུབ་སེམས་དཔའི་ཡང་དག་པའི་ངག་གང་ཞེ་ན། ཚིག་གང་གིས་བདག་ལ་ཡང་མི་གདུང་ལ་གཞན་ལ་ཡང་མ་ཡིན་པ་དང་། བདག་ཀྱང་ཀུན་ནས་ཉོན་མོངས་པར་མི་བྱེད་ལ་གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་མི་གནོད་ལ་གཞན་ལ་ཡང་མ་ཡིན་པ་སྟེ། འདི་ནི་ ཡང་དག་པའི་ངག་ཅེས་བྱའོ། །གཞན་ཡང་ཡང་དག་པའི་ངག་ནི་ཚིག་གང་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ངེས་པར་རྟོག་པའོ། །དེའི་ཆོས་ངེས་པར་རྟོག་པ་དེ་ཡང་ཆོས་ངེས་པའི་ཚིག་ངེས་འབྱུང་བ་འདི་ནི་ཡང་དག་པའི་ངག་ཅེས་བྱའོ། །གཞན་ཡང་ཡང་དག་པའི་ངག་ནི་གང་མཛའ་ བ་དང་། མི་མཛའ་བ་རྣམས་ལ་ངག་མཉམ་པ་དང་། ཆོས་ཐམས་ཅད་སྟོང་པའོ་ཞེས་ངག་མཉམ་པ་དང་། ཆོས་ཐམས་ཅད་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའོ་ཞེས་ངག་མཉམ་པ་དང་། འདུ་བྱེད་ ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ངག་མཉམ་པ་དང་། ཆོས་ཐམས་ཅད་ནི་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་དང་བྲལ་བའོ་ཞེས་ངག་མཉམ་པ་དང་། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ངོ་བོ་ཉིད་མེད་པའོ་ཞེས་ངག་མཉམ་པ་དང་། རྒྱུ་ཅི་འདྲ་བ་འབྲས་བུ་ཡང་དེ་འདྲའོ་ཞེས་ངག་མཉམ་པའོ། །གཞན་ཡང་ཡང་དག་པའི་ངག་ཅེས་བྱ་བ་ནི་གང་སེམས་ཅན་གཞན་ 44-239a རྣམས་དང་། གང་ཟག་གཞན་དག་ཡང་དག་པའི་ཆོས་ལ་འཛུད་པ་དང་། བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ་འདི་ནི་ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ངག་ཡོངས་སུ་དག་པ་གང་ཞེ་ན། ངག་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་ཟིན་ པར་འབྱུང་བ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ངག་ཡོངས་སུ་དག་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ལས་གང་ལས་ཟད་པར་འགྱུར་གྱི། ལས་མངོན་པར་འདུ་བྱ་བའི་ཕྱིར་མ་ཡིན་པ་དང་། ལས་གང་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་གྱི། ཉོན་མོངས་པ་འབར་བའི་ཕྱིར་མ་ཡིན་པ་དང་། ལས་གང་ཉོན་མོངས་པ་དང་བྲལ་བར་འགྱུར་གྱི། ཉོན་མོངས་པ་སྐྱེ་བའི་ཕྱིར་མ་ཡིན་པ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའི་ཡང་དག་པའི་ལས་ཀྱི་མཐའ་ནི་གང་ཆོས་འདི་དག་འདི་ལྟར་རབ་ཏུ་ཤེས་ཤིང་དགེ་བའི་མངོན་པར་འདུ་བྱ་བ་ཐམས་ཅད་མངོན་པར་འདུ་བྱེད་ཀྱང་དེའི་མངོན་པར་འདུ་བྱ་བ་དེ་དག་ཀྱང་གསོབ་ཉིད་དུ་སྣང་བ་དང་། གསོག་ཉིད་དང་། སྙིང་པོ་མེད་པ་ཉིད་དང་། སྟོང་པ་ཉིད་དུ་ སྣང་བ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་ཡང་དག་པའི་ལས་ཀྱི་མཐའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པའི་འཚོ་བ་གང་ཞེ་ན། འཚོ་བ་གང་བདག་ལ་ཡང་གནོད་པར་མི་འགྱུར། གཞན་ལ་ཡང་གནོད་ པར་མི་འགྱུར། གཉི་ག་ལ་ཡང་གནོད་པར་མི་འགྱུར་བ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །གཞན་ཡང་ཡང་དག་པའི་འཚོ་བ་ནི་འཚོ་བ་གང་ཉོན་མོངས་པ་ཐམས་ཅད་མི་སོགས་པ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཡང་དག་པའི་ འཚོ་བ་ཞེས་བྱ་བ་ན་གང་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡོངས་སུ་དག་པར་འགྱུར་བ་སྟེ། འཚོ་བ་ཡོངས་སུ་དག་པ་དེ་ལ་ཧ་ཅང་ཡང་འདུད་པར་ཡང་མི་བྱེད། མི་འདུད་པར་ཡང་མི་བྱེད་ལ། འཚོ་བ་གང་གིས་བདག་གི་དོན་དང་གཞན་གྱི་དོན་དང་། ཆོས་ཀྱི་དོན་ཡོངས་སུ་རྫོགས་ 44-239b པར་འགྱུར་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཡང་དག་པའི་འཚོ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པའི་རྩོལ་བ་གང་ཞེ་ན། གང་དགེ་ཞིང་ཟབ་པའི་ཆོས་དེ་དག་ཡང་དག་པ་བསྒྲུབ་པའི་ཕྱིར་སེམས་ཡང་དག་པར་རབ་ཏུ་འཛིན་པ་དང་། འདུན་པ་ དང་། བརྩོན་པ་དང་། སྤྲོ་བ་དང་། རྩོམ་པ་དང་། མི་ཞུམ་པ་དང་། ཡང་དག་པའི་ནན་ཏན་གྱིས་མངོན་དུ་བྱེད་པ་སྟེ། འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །གཞན་ཡང་ཡང་དག་པའི་རྩོལ་བ་ནི་གང་མཉམ་པར་རྩོལ་གྱི། མི་མཉམ་པར་མ་ཡིན་ནོ། །ཇི་ལྟར་ན་མཉམ་ པར་རྩོལ་གྱི། མི་མཉམ་པར་མ་ཡིན་ཞེ་ན། གང་ཆོས་རྣམས་མཉམ་པར་ཡང་མི་བྱེད་མི་མཉམ་པར་ཡང་མི་བྱེད་ལ་བྱེད་པ་མེད་ཅིང་རྣམ་པར་མི་བྱེད་པའོ། །ཆོས་དེ་དག་གི་ཆོས་ཉིད་དང་ཆོས་གནས་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་རྩོལ་བའོ། །ཆོས་དེ་དག་གི་ཡང་དག་པའི་ཆོས་ཉིད་ཇི་ ལྟ་བ་དེ་བཞིན་དུ་རྩོལ་བའོ། །ཆོས་དེ་དག་གི་མཉམ་པ་ཉིད་དང་བྱེ་བྲག་ཏུ་བྱ་བ་མེད་པ་ཇི་ལྟ་བ་དེ་བཞིན་དུ་རྩོལ་བའོ། །ཡང་དག་པའི་རྩོལ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ལོག་པའི་རྩོལ་བ་སྤང་བའི་ཕྱིར་ཐམས་ཅད་མཁྱེན་པར་ཡོངས་སུ་སྔོ་བ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ ཆུབ་སེམས་དཔའི་ཡང་དག་པའི་རྩོལ་བའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པའི་དྲན་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་དྲན་པ་དང་། སྦྱིན་པ་དྲན་པ་དང་། ཚུལ་ཁྲིམས་དྲན་པ་དང་། བཟོད་པ་དྲན་པ་དང་། བརྩོན་འགྲུས་དྲན་པ་དང་། བསམ་གཏན་ དྲན་པ་དང་། ཤེས་རབ་དྲན་པ་དང་། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དྲན་པ་སྟེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཡང་དག་པའི་དྲན་པ་ནི་ཡང་དག་པའི་དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་ ཀྱི་སྐབས་མི་འདོད་པ་དང་། དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལམ་གོལ་བ་དང་། ལམ་ངན་པར་མི་ལྟུང་བ་དང་། དྲན་པ་སྒོ་བ་ལྟ་བུར་གྱུར་པ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་ 44-240a སྐབས་མི་འབྱེད་པ་སྟེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ཡང་དག་པའི་དྲན་པ་ནི་དྲན་པ་གང་གིས་དྲན་པ་ཕུན་སུམ་ཚོགས་པ་དང་། སྐྱོན་མེད་པའི་རིགས་ཐོབ་ཀྱང་འབྲས་བུ་མངོན་སུམ་དུ་མི་བྱེད་པ་སྟེ། རིགས་ཀྱི་བུ་འདི་ ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་དྲན་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་འཕགས་པའི་རྣམ་པར་ཐར་པར་གྱུར་པའི་ཏིང་ངེ་འཛིན་ཏེ། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་དང་འཐུན་པ། ཀུན་འབྱུང་བའི་ བདེན་པ་སྤང་བ་དང་འཐུན་པ། འགོག་པའི་བདེན་པ་མངོན་དུ་བྱ་བ་དང་འཐུན་པ། ལམ་གྱི་བདེན་པ་བསྒོམ་པ་དང་འཐུན་པ་སྟེ། འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །བདག་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དང་། བདག་རྣམ་པར་དག་པས་ཆོས་ཐམས་ ཅད་རྣམ་པར་དག་པ་དང་། བདག་སྟོང་པ་ཉིད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་སྙོམས་པར་འཇུག་ལ། གང་དེ་ལྟར་སྙོམས་པར་འཇུག་ཅིང་ཡང་དག་པ་ཉིད་ལ་འཇུག་ཀྱང་ངེས་པར་ཡང་མི་ལྟུང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་ དག་པའི་ཏིང་ངེ་འཛིན་གང་གིས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། འདི་ ནི་བྱང་ཆུབ་སེམས་དཔའི་ལམ་གྱི་སྤྱོད་པ་ཡོངས་སུ་དག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་འདི་བསྟན་པ་ན་ལྷ་དང་མི་སྲོག་ཆགས་ཉན་ཐོས་ཀྱི་ཐེག་པ་ཅན་ངེས་པར་གྱུར་པ་ལ་མ་ཞུགས་པ་ཁྲི་དྲུག་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་སྐྱེས་སོ།། །། བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་སྤྱོད་པ་ 44-240b ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ལྷའི་མིག་གི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔ་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན་འདི་ལྟ་སྟེ། ཕྱོགས་བཅུར་རྣམ་པར་ལྟ་བས་སྣང་བ་ཐོབ་པ་དེ་ནི་དེའི་ལྷའི་མིག་ཡིན་ནོ། ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཡང་དག་པར་ལྟ་བས་མུན་པ་མུན་ནག་དང་བྲལ་བ་དེ་ནི་དེའི་ལྷའི་མིག་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་ལ་ཡང་དག་པར་ལྟ་བས་ཤིན་ཏུ་ངེས་པར་བརྟགས་པ་དེ་ནི་དེའི་ལྷའི་མིག་ཡིན་ནོ། །ཕྱོགས་བཅུའི་གཟུགས་ སྣང་བ་དང་ཁ་དོག་དང་མཚན་དང་། དབྱིབས་ལ་ཡང་དག་པར་ལྟ་བས་ཤིན་ཏུ་བརྒྱན་པ་དེ་ནི་དེའི་ལྷའི་མིག་ཡིན་ནོ། །རང་གི་གཟི་བརྗིད་གྲུབ་པས་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ཀྱི་སྤྱི་བོར་ཕྱིན་པ་དེ་ནི་དེའི་ལྷའི་མིག་ཡིན་ཏེ། རིགས་ཀྱི་བུ་རྣམ་པ་འདི་ལྔ་ནི་བྱང་ཆུབ་སེམས་དཔའི་ལྷའི་མིག་གི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པའོ། །དེ་ལྷའི་རྣ་བའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔ་དང་ལྡན་པ་ཡིན་ཏེ། རྣམ་པ་ ལྔ་གང་ཞེ་ན། གང་གིས་མིའི་སྒྲ་རྣམས་ཐོས་པར་འགྱུར་བ་དང་། མི་མ་ཡིན་པའི་སྒྲ་རྣམས་ཐོས་པར་འགྱུར་བ་དང་། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སྒྲ་རྣམས་ཐོས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་བསྟན་ པའི་སྒྲ་ཐམས་ཅད་ཐོས་པར་འགྱུར་བ་དང་། ཕྱོགས་བཅུའི་སྐད་དང་སྒྲ་ཐམས་ཅད་ཐོས་པར་འགྱུར་བ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ལྷའི་རྣ་བའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔའོ། །དེ་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་ པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔ་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། གང་གིས་ལྷ་དང་མི་དང་། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐར་སེམས་སྐྱེས་པ་གང་ཡིན་པ་ 44-241a དེ་ཡང་རབ་ཏུ་ཤེས་པ་དང་། ཕྱི་མའི་མཐར་སེམས་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཡང་རབ་ཏུ་ཤེས་པ་དང་། ད་ལྟར་བྱུང་བའི་དུས་ན་སེམས་སྐྱེ་བ་གང་ཡིན་པ་དེ་ཡང་རབ་ཏུ་ཤེས་པ་དང་། རྒྱུ་དང་། རྐྱེན་དང་། དམིགས་པར་ལྡན་པ་དང་། ངེས་པ་དང་། མ་ངེས་པ་ དང་། ལོག་པ་ཉིད་དུ་ངེས་པ་དང་། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པ་དང་། འདོད་ཆགས་ལ་སྤྱོད་པ་རྣམས་དང་། ཞེ་སྡང་ལ་སྤྱོད་པ་རྣམས་དང་། གཏི་མུག་ལ་སྤྱོད་པ་རྣམས་དང་། ཆ་མཉམ་པ་ལ་སྤྱོད་པའི་སེམས་ ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རྣམས་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེ་ཁོ་ན་བཞིན་དུ་དེ་དང་འཐུན་པར་ཆོས་སྟོན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔའོ། །དེ་སྔོན་གྱི་གནས་ རྗེས་སུ་དྲན་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔ་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། སེམས་གང་འདོད་ཆགས་ཀྱི་རྒྱུ་ལས་བྱུང་བ་རྣམས་དང་། ཞེ་སྡང་གི་རྒྱུ་ལས་བྱུང་བ་རྣམས་དང་། གཏི་མུག་གི་རྒྱུ་ལས་བྱུང་བ་རྣམས་དང་། དེ་དག་གིས་ ལུས་ཅི་འདྲ་བ་ཡོངས་སུ་བཟུང་བ་དེ་དག་ཀྱང་རྗེས་སུ་དྲན་པ་དང་། སེམས་གང་སྦྱིན་པའི་རྒྱུ་ལས་བྱུང་བ་རྣམས་དང་། ཚུལ་ཁྲིམས་ཀྱི་རྒྱུ་ལས་བྱུང་བ་རྣམས་དང་། བྱམས་པའི་རྒྱུ་ལས་བྱུང་བ་རྣམས་དང་། སྙིང་རྗེའི་རྒྱུ་ལས་བྱུང་བ་རྣམས་དང་། ཏིང་ངེ་འཛིན་གྱི་རྒྱུ་ལས་བྱུང་ བ་རྣམས་དང་། དེ་དག་གིས་ལུས་ཅི་འདྲ་བ་ཡོངས་སུ་བཟུང་བ་དེ་དག་ཀྱང་རྗེས་སུ་དྲན་པ་དང་། སེམས་གང་རྒྱུ་དང་མི་འདྲ་བ་རྣམས་དང་། རྐྱེན་དང་མི་འདྲ་བ་རྣམས་དང་། དམིགས་པ་དང་མི་འདྲ་བ་རྣམས་དང་། དེ་དག་གིས་ལུས་ཅི་འདྲ་བ་ཡོངས་སུ་བཟུང་བ་དེ་དག་ཀྱང་རྗེས་ སུ་དྲན་པ་དང་། སེམས་གང་ལུང་དུ་མ་བསྟན་པ་རྣམས་དང་། མ་རིག་པ་དང་། གཏི་མུག་གིས་ཡང་དག་པར་བསྡུས་པ་རྣམས་དང་། དེ་དག་གིས་ལུས་ཅི་འདྲ་བ་ཡོངས་སུ་བཟུང་བ་དེ་དག་ཀྱང་རྗེས་སུ་དྲན་པ་དང་། དེ་དག་གི་ཚེ་དང་། ཁ་དོག་དང་། གཟུགས་དང་། 44-241b གཟི་བརྗིད་དང་། གཡོག་དང་། སྟོབས་དང་། གྲགས་པ་དང་། བརྗོད་པ་དང་། དབང་ཕྱུག་ཅི་འདྲ་བར་གྱུར་པ་དེ་ཡང་རྗེས་སུ་དྲན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔའོ། ། དེ་རྫུ་འཕྲུལ་བྱ་བའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔ་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། ལུས་དང་གཟུགས་ཀུན་ཏུ་སྟོན་པའི་རྫུ་འཕྲུལ་དང་ཚིག་དང་སྐད་རྣམ་པར་རིག་པར་བྱེད་པའི་རྫུ་འཕྲུལ་དང་། སེམས་དང་ཡིད་མངོན་པར་འདུ་ བྱེད་པའི་རྫུ་འཕྲུལ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་རྣམ་པར་རིག་པར་བྱེད་པའི་རྫུ་འཕྲུལ་དང་། མངོན་དུ་མངོན་པར་འདུ་མི་བྱེད་པའི་རྫུ་འཕྲུལ་ཏེ། རྫུ་འཕྲུལ་བྱ་བའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་འདི་ལྔ་དང་ལྡན་པ་ཡིན་ནོ། །རིགས་ཀྱི་བུ་འདི་ནི་ བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་བྱ་བའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་རྣམ་པ་ལྔའོ། །རིགས་ཀྱི་བུ་གཞན་ཡང་ཤེས་རབ་ཀྱི་མིག་གིས་བརྟགས་པ་ནི་བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པའོ། །རྣམ་པར་ཤེས་པ་རབ་ ཏུ་གནས་པ་ནི་ལྷའི་རྣ་བའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པའོ། །རང་བཞིན་གྱིས་ཡོངས་སུ་དག་པ་རབ་ཏུ་གནས་པ་ནི་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་གཅོད་པར་རབ་ ཏུ་གནས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པའོ། །མངོན་པར་འདུ་མི་བྱེད་པར་རབ་ཏུ་གནས་པ་ནི་རྫུ་འཕྲུལ་གྱི་རྐང་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པའོ། །རིགས་ཀྱི་བུ་མངོན་པར་ཤེས་པ་རྣམས་ཞེས་བྱ་བ་དེ་ནི་ཟག་པ་ ཟད་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ནི་མངོན་པར་ཤེས་པ་ལྔ་པོ་དེ་དག་གིས་རྣམ་པར་རྩེན་ཅིང་ཟག་པ་ཟད་པའི་ཡེ་ཤེས་ལ་ཡང་གནས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དཔག་ཚད་བརྒྱ་སྟོང་ཕྲག་བྱེ་བ་བགྲོད་དགོས་པ་ན་ 44-242a གྲོང་ཁྱེར་ཆེན་པོ་ཞིག་ཡོད་དེ། གྲོང་ཁྱེར་ཆེན་པོ་དེའི་ལམ་ནི་བགྲོད་པར་དཀའ་ཞིང་རིང་ལ་ཉམ་ང་སྟེ། འཇིགས་པ་དང་བཅས་པ། ཟས་དང་སྐོམ་དང་བཟའ་བ་ཡང་མེད་པ་ཞིག་ལ། གང་གྲོང་ཁྱེར་ཆེན་པོ་དེར་ཕྱིན་པ་དེའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་ འགྱུར་བ་ཞིག་ཡོད་པ་དང་། དེ་ནས་སྐྱེས་བུ་ལ་ལ་ཞིག་གིས་གྲོང་ཁྱེར་ཆེན་པོ་དེའི་ཡང་དག་པའི་ཡོན་ཏན་དང་བསྔགས་པ་ཐོས་ནས་སྐྱེས་བུ་དེ་ལ་བུ་མཐོང་ན་དགའ་བ། སྡུག་པ་ཡིད་དུ་འོང་བ་མི་འཐུན་པ་མ་ཡིན་པ་གཅིག་ཀྱང་ཡོད་པ་ལས། དེས་བུ་གཅིག་པ་དེ་བོར་ནས་གྲོང་ ཁྱེར་ཆེན་པོ་དེའི་ལམ་དུ་ཞུགས་ཏེ། དེ་སྟོབས་ཀྱི་ཤུགས་དང་བརྩོན་འགྲུས་ཐམས་ཅད་ཀྱིས་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་དེ། ལམ་རིང་པོ་དེ་འདས་ནས་རྐང་པ་ཡ་གཅིག་ནི་གྲོང་ཁྱེར་ཆེན་པོ་དེའི་སྒོའི་ཐེམ་པ་ལ་བཞག །རྐང་པ་ཡ་གཅིག་ནི་ཕྱི་རོལ་ན་འདུག་པ་ལས་དེས་བུ་ གཅིག་པ་དེ་ཡིད་ལ་དྲན་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་ཀྱེ་མའོ་བདག་གིས་བུ་གཅིག་པ་དེ་འདིར་ཁྲིད་དེ་མ་འོངས་པ་ལྟ་ཞིག་སྙམ་ནས། བུ་གཅིག་པ་དེ་སྡུག་པས་གྲོང་ཁྱེར་ཆེན་པོ་དེར་མ་ཞུགས་ཀྱི། ཕྱིར་ཕྱོགས་ནས་དེ་བུ་གཅིག་པ་དེ་ག་ལ་འདུག་པར་སླར་ལོག་ པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འབད་པ་ཆེན་པོ་དང་། བརྩོན་འགྲུས་རྩོམ་པ་ཆེན་པོ་དང་། ལྷག་པའི་བསམ་པ་བརྟན་པའི་ནན་ཏན་གྱིས་མངོན་པར་ཤེས་པ་ལྔ་པོ་རྣམས་བསྐྱེད་དེ། སེམས་ཀྱིས་བསམ་གཏན་དང་མངོན་ པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པ་དེ་ལ་ཟག་པ་ཟད་པའི་ཡེ་ཤེས་མངོན་སུམ་དུ་འགྱུར་རོ། །དེ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཟག་པ་ཟད་པའི་ཡེ་ཤེས་འདྲིས་པར་བྱས་པ་ལས་སེམས་ཅན་རྣམས་ལ་ལྟ་བས་ཕྱིར་ཕྱོགས་ ཏེ་སླར་ལོག་ནས་སོ་སོའི་སྐྱེ་བོའི་ས་ན་ཡང་ཀུན་ཏུ་སྣང་ངོ་། །རིགས་ཀྱི་བུ་གྲོང་ཁྱེར་ཞེས་བྱ་བ་དེ་ནི་ཟག་པ་ཟད་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །དཔག་ཚད་བརྒྱ་སྟོང་ཕྲག་བྱེ་བ་བགྲོད་དགོས་པ་ཞེས་བྱ་བ་དེ་ནི་འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པའི་ཚིག་བླ་དགས་སོ། ། 44-242b བར་དུ་གཅོད་པ་མང་པོས་བགྲོད་ཅེས་བྱ་བ་དེ་ནི་བདུད་ཀྱི་ལས་འདུན་པ་ཟློག་པའི་བར་ཆད་ཀྱི་ཚིག་བླ་དགས་སོ། །སྐྱེས་བུ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །རྐང་པ་ཡ་གཅིག་ནི་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་བཞག །རྐང་པ་ཡ་གཅིག་ནི་སྒོའི་ཕྱི་རོལ་དུ་བཞག་ ཅེས་བྱ་བ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་འདུས་བྱས་དང་འདུས་མ་བྱས་དང་འདྲེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འཇུག་པའོ། །བུ་གཅིག་པ་དྲན་ནས་གྲོང་ཁྱེར་ཆེན་པོ་དེར་ཞུགས་པ་ལས་ཕྱིར་ཕྱོགས་ཏེ་སླར་ལོག་ཅེས་བྱ་བ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ཉེ་བར་གནས་པར་འགྱུར་བའོ། །དེ་ཟག་པ་ཟད་པའི་སྤྱི་བོར་ཕྱིན་ཀྱང་ཟག་པ་ཡང་མི་སྤོང་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱིར་ཕྱོགས་ཤིང་ལྡོག་པར་ཡང་འགྱུར་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ ཅི་འདྲ་བའི་ཐབས་མཁས་པས་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བ་ལ་ལྟོས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་ལྟར་ བྱང་ཆུབ་ལག་མཐིལ་དུ་ཐོབ་པ་ཡང་མི་འཚལ་བར་འཁོར་བ་ཉིད་ཀྱི་རྗེས་སུ་འཇུག་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པས་ཡོངས་སུ་མི་སྐྱོ་བ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་ཞིག་དང་ལྡན་པ་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཉི་ཤུ་དང་ལྡན་ན་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་ཡིན་ཏེ། ཆོས་ཉི་ཤུ་གང་ཞེ་ན་འདི་ལྟ་སྟེ། དགེ་བའི་རྩ་བས་ཡང་དག་པར་ཟིན་པའི་བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོས་ཡང་དག་པར་ཟིན་པའི་སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཡང་དག་པར་ཟིན་པའི་བརྩོན་འགྲུས་དང་། བརྩོན་འགྲུས་ཀྱིས་ཡང་དག་པར་ཟིན་ 44-243a པའི་ལྷག་པའི་བསམ་པ་དང་། ལྷག་པའི་བསམ་པས་ཡང་དག་པར་ཟིན་པའི་ཐབས་དང་། ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་དང་། ཤེས་རབ་ཀྱིས་ཡང་དག་པར་ཟིན་པའི་བསམ་གཏན་དང་། བསམ་གཏན་གྱིས་ཡང་དག་པར་ཟིན་པའི་མངོན་པར་ ཤེས་པ་དང་། མངོན་པར་ཤེས་པས་ཡང་དག་པར་ཟིན་པའི་ཡེ་ཤེས་དང་། ཡེ་ཤེས་ཀྱིས་ཡང་དག་པར་ཟིན་པའི་རྟུལ་བ་དང་། རྟུལ་བས་ཡང་དག་པར་ཟིན་པའི་དྲན་པ་དང་། དྲན་པས་ཡང་དག་པར་ཟིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་པའི་བསམ་པ་དང་། བྱང་ཆུབ་ ཀྱི་སེམས་ཀྱི་ལྷག་པའི་བསམ་པས་ཡང་དག་པར་ཟིན་པའི་བསྡུ་བའི་དངོས་པོ་བཞི་དང་། བསྡུ་བའི་དངོས་པོ་བཞིས་ཡང་དག་པར་ཟིན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པས་ཡང་དག་པར་ཟིན་པའི་ཐོས་པའི་ནན་ཏན་དང་། ཐོས་པའི་ནན་ཏན་གྱིས་ ཡང་དག་པར་ཟིན་པའི་གཟུངས་དང་། གཟུངས་ཀྱིས་ཡང་དག་པར་ཟིན་པའི་སྤོབས་པ་དང་། སྤོབས་པས་ཡང་དག་པར་ཟིན་པའི་བསོད་ནམས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་ཀྱི་ཚོགས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་ཉི་ཤུ་པོ་དེ་དག་དང་ལྡན་ན་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཁོར་བ་ན་མཛེས་ཤིང་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བསོད་ནམས་ཀྱིས་བརྒྱན་པའི་ཐོས་པས་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་སོ། །ཐོས་པས་བརྒྱན་པའི་སྤོབས་པས་ནི་ སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དྲན་པ་ཉམས་པ་མེད་པ་ཐོབ་པའི་གཟུངས་ཀྱིས་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་སོ། །ལག་ན་རིན་པོ་ཆེ་མི་ཟད་པའི་ལོངས་སྤྱོད་ཀྱིས་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ 44-243b ཆུབ་སེམས་དཔའ་བག་ཡོད་པས་ནི་འཁོར་བ་ན་མཛེས་སོ། །ཆོས་སྟོན་པས་ཡོངས་སུ་མི་སྐྱོ་བས་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་། བྱང་ཆུབ་སེམས་དཔའ་མཚན་གྱིས་ལེགས་པར་བརྒྱན་པས་ནི་འཁོར་བ་ན་མཛེས་སོ། །ཡེ་ཤེས་ ཀྱིས་བརྒྱན་པས་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པས་ནི་འཁོར་བ་ན་མཛེས་སོ། །དེ་བཞིན་དུ་བྱེད་པ་ཉིད་ཀྱིས་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བདོག་པ་ ཐམས་ཅད་ཡོངས་སུ་གཏོང་བས་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་སོ། །སོ་སོ་ཅི་རིགས་པར་ཆོས་སྟོན་པས་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པས་ནི་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་སོ། །ཐོས་པ་ ཡོངས་སུ་དག་པས་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་ཇི་ལྟར་བག་ཡོད་པས་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་ཤིང་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་བ་དེ་ཁྱོད་ཀྱིས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན་བསྐལ་པ་དགའ་བར་གྱུར་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ལྷས་རྣམ་པར་བལྟས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་ཅིའི་ཕྱིར་བསྐལ་པ་དེ་དགའ་བར་གྱུར་པ་ཞེས་བྱ་ཞེ་ན། རིགས་ཀྱི་བུ་བསྐལ་པ་དེ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་བར་གྱུར་ཏེ། དེ་ན་གནས་གཙང་མའི་རིས་ཀྱི་ལྷ་དག་གིས་ཀྱེ་མའོ་གྲོགས་པོ་དག་འདི་ནི་བསྐལ་པ་བཟང་པོ་ཡིན་ཏེ། 44-244a བསྐལ་པ་འདི་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་འབྱུང་བར་འགྱུར་རོ་ཞེས་དགའ་བའི་སྒྲ་བསྒྲགས་པ་དང་། དེ་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དགའ་བའི་སྒྲ་དེ་ཐོས་སོ། །ཐོས་ནས་ཀྱང་དགའ་བ་དང་དད་པ་དང་མོས་པ་ཆེན་པོ་སྐྱེས་ཏེ། དེ་ནས་ལྷ་དང་མི་དེ་དག་ གིས་ཀྱེ་མའོ་བསྐལ་པ་འདི་ནི་དགའ་བར་གྱུར་པའོ་ཞེས་དེ་སྐད་ཅེས་སྨྲས་པས་དེའི་ཕྱིར་བསྐལ་པ་དེའི་མིང་དགའ་བར་གྱུར་པ་ཞེས་བཏགས་སོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེ་ལྷ་ཐམས་ཅད་ཀྱིས་བལྟས་བརྟགས་ཀྱང་དེ་ངོམས་པར་མི་འགྱུར་བ་དེ་ཙམ་དུ་བལྟ་ན་སྡུག་ཅིང་ དེ་ཙམ་དུ་ཉམས་དགའ་བར་གྱུར་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ལྷས་རྣམ་པར་བལྟས་པ་ཞེས་བྱའོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་ལྷས་རྣམ་པར་བལྟས་པ་དེའི་གཞི་ནི་ཙན་དན་སྦྲུལ་གྱི་སྙིང་པོ་ཤ་སྟག་སྟེ། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱིས་ཙན་དན་སྦྲུལ་གྱི་སྙིང་ པོ་དེའི་ཕྱེ་མ་ཁལ་གཅིག་གི་རིན་དུ་ཡང་མི་བཟོད་དོ། །འཇིག་རྟེན་གྱི་ཁམས་དེ་ནས་སྤོས་ཀྱི་ངད་ལངས་པའི་དྲིས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ཏུ་ཁྱབ་བོ། །ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྱུར་པའི་ས་ཆེན་པོ་དེ་ལ་འོད་ཟེར་གྱི་དྲ་བ་སྣང་བ་ ཞེས་བྱ་བའི་པད་མ་ཆེན་པོ་ཤ་སྟག་བྱུང་བར་གྱུར་ཏེ། པད་མ་དེ་དག་གི་འོད་ཀྱིས་འཇིག་རྟེན་གྱི་ཁམས་དེ་རྟག་ཏུ་སྣང་བར་གྱུར་ཏོ། །མི་དེ་དག་ཀྱང་ཙན་དན་གྱི་ཕྱེ་མ་ལས་བྱས་པའི་ཁང་པ་བརྩེགས་པ་པུ་ཤུ་དང་། སྒོ་ཁང་དང་། ཁྱམས་དང་། རྟ་བབས་ཀྱིས་ལེགས་པར་བརྒྱན་ པ་ལ་ལོངས་སྤྱོད་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་གནས་པ་མེད་དོ། །མི་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོའོ། །དེ་དག་མངོན་པར་ཤེས་པ་རབ་ཏུ་ཐོབ་ནས་ནམ་མཁའི་དཀྱིལ་ན་འདུག་པའི་ཁང་པ་བརྩེགས་པ་ དག་གི་ནང་དུ་འཇུག་ཅིང་ནམ་མཁའ་ལ་འགྲོའོ། །འཇིག་རྟེན་གྱི་ཁམས་དེ་ན་མངལ་ན་གནས་པ་ཡང་མེད་དེ། མི་དེ་དག་ཐམས་ཅད་ཀྱང་རྫུས་ཏེ་སྐྱེ་བུ་ཤ་སྟག་གོ། དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་གོ། ངན་སོང་རྣམས་ཀྱང་མེད་དོ། །ངན་འགྲོ་རྣམས་ཀྱང་མེད་དོ། །སྡུག་ 44-244b བསྔལ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་དེ་ན་ཁ་ཟས་རགས་པ་ཡང་མེད་དོ། །མི་དེ་དག་ཐམས་ཅད་ཀྱང་མངོན་པར་ཤེས་པ་དང་། བསམ་གཏན་གྱི་དགའ་བའི་ཟས་ཅན་ནོ། །མོས་པ་རླབས་པོ་ཆེས་ཐེག་པ་ཆེན་པོ་ལ་ཞུགས་པ་སྟེ། དེ་ན་ཐེག་པ་གཞན་གྱི་མིང་ཡང་ མེད་དོ། །གང་འཇིག་རྟེན་གྱི་ཁམས་དེའི་མི་དེ་དག་ཐམས་ཅད་ཀྱང་གསེར་གྱི་ཅོད་པན་ཐོགས་ཤིང་དཔུང་རྒྱན་དང་རྣ་ཆས་བརྒྱན་པ། ལྷའི་ཁ་དོག་དང་གཟུགས་དང་ལྡན་པར་གྱུར་པ་ཤ་སྟག་གོ། གང་ཉོན་མོངས་པ་དང་བྲལ་བར་གྱུར་པ་དེ་ཉིད་དེ་དག་གི་རབ་ཏུ་བྱུང་བ་ཡིན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་དག་ལ་གོས་ངུར་སྨྲིག་ཏུ་བཀའ་སྩལ་པ་ཡང་མེད་དེ། འདི་ལྟར་སེམས་ལ་རྙོག་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་ཡང་ཚངས་པའི་ཁ་དོག་ལྟ་བུ་སྤྱོད་ལམ་རབ་ཏུ་ཞི་བས་བྱང་ཆུབ་སེམས་དཔའ་ དེ་དག་ལ་ཆོས་སྟོན་ཏོ། །རིགས་ཀྱི་བུ་གང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་བ་དེ་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་ ལྷས་རྣམ་པར་བལྟས་པ་དེར་ལྷགས་ཏེ། སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་འདོང་ངོ་། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་དེ་ནམ་བྱང་ཆུབ་སེམས་དཔའ་དེ་དག་ ལ་ཆོས་སྟོན་པ་དེ་ན་ཏ་ལ་བརྒྱད་ཅུ་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཚངས་པ་བཀོད་པའི་སེང་གེའི་ཁྲི་ལ་བཞུགས་ཏེ་ཆོས་སྟོན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཇི་ལྟར་ད་ལྟར་ང་བཞིན་དུ་མང་དུ་སྤྲོས་ཏེ་རྣམ་པར་ཕྱེ་བས་ཆོས་ཀྱི་གཏམ་མི་སྟོན་ཏེ། དེ་བཞིན་ གཤེགས་པ་དེ་ཚིག་དང་ཡི་གེ་ཉུང་ངུས་ཆོས་ཀྱི་གཏམ་མདོར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་ནི་ཟུར་ཙམ་གྱིས་གོ་བ་ཤ་སྟག་སྟེ། ཚིག་གཅིག་གིས་ཚིག་བརྒྱ་སྟོང་གི་རྗེས་སུ་འཇུག་པའོ། །དེ་བཞིན་གཤེགས་པ་དེ་ཡང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ 44-245a སྤྱོད་པ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་བསྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་ཡོངས་སུ་དག་པ་དང་། སྤྱོད་པ་ ཡོངས་སུ་དག་པ་བཞི་པོ་དེ་དག་ཉིད་བྱང་ཆུབ་སེམས་དཔའ་དཀོན་མཆོག་སྐར་མདའ་ལ་བརྩམས་ཏེ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་དེ་ལ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དཀོན་མཆོག་སྐར་མདས་འདི་སྐད་དུ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བ་ན་མཛེས་ཤིང་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་ཞེས་གསོལ་ཏེ། དེ་བཞིན་གཤེགས་པ་དེས་ཚིག་དེ་ཉིད་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་ནས། དེ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་བློ་ཐོགས་པ་མེད་པ་ནི་འཁོར་བ་ན་མཛེས་སོ། །ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པ་ནི་སྐྱེ་བོ་མང་པོ་ཉེ་བར་འཚོ་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ མངོན་པར་དགའ་བ་དེས་བསྟན་པ་དེ་ལྟ་བུ་བཤད་པ་ན། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དྲུག་ཅུ་ཆོས་རྣམས་ལ་རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་སྐར་མདའ་དེས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་སྐར་མདའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ནི་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་ 44-245b པའོ། །དེ་ལ་བག་ཡོད་པ་གང་ཞེ་ན། ཇི་ཙམ་དུ་ཆོས་རྣམས་སྒྲུབ་པའོ། །ཆོས་རྣམས་སྒྲུབ་པ་ཡང་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། འདི་ནི་བག་ཡོད་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་བག་ ཡོད་པ་ནི་འདི་ལྟ་སྟེ། སྦྱོར་བ་ཚད་མེད་པ་མཐར་གཏུགས་པས་གོ་ཆ་རྩོམ་པ་ཚད་མེད་པ་དང་། སེམས་ཅན་ཚད་མེད་པ་སྡུད་པས་སྦྱིན་པ་མི་ཟད་པ་ཚད་མེད་པ་དང་། མི་ལྷོད་ཅིང་སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་ཚད་ མེད་པ་དང་། སྡུག་བསྔལ་ཐམས་ཅད་དང་དུ་ལེན་པས་བཟོད་པ་ཚད་མེད་པ་དང་། སྐྱེས་བུ་དམ་པའི་ལས་ཀྱིས་བརྩོན་འགྲུས་ཚད་མེད་པ་དང་། ཏིང་ངེ་འཛིན་ཚད་མེད་པ་སྒྲུབ་པས་བསམ་གཏན་ཚད་མེད་པ་དང་། ཆགས་པ་མེད་པའི་ཤེས་རབ་ཀྱི་ ཕྱིར་ཤེས་རབ་ཚད་མེད་པ་དང་། སེམས་ཅན་ཚད་མེད་པས་བྱམས་པ་ཚད་མེད་པ་དང་། ཕན་པའི་དངོས་པོས་སྙིང་རྗེ་ཚད་མེད་པ་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པས་འཁོར་བ་ཡོངས་སུ་འཛིན་པ་ཚད་མེད་པ་དང་། བདག་བདེ་བ་ལ་ མི་ཆགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཚད་མེད་པ་དང་། བརྩོན་འགྲུས་བརྟན་པས་དམ་པའི་ཆོས་ཡོངས་སུ་འཛིན་པ་ཚད་མེད་པ་དང་། ཡང་དག་པར་སྦྱོར་བས་ཡོན་ཏན་ཡང་དག་པར་སྒྲུབ་ཅིང་སོགས་པ་ཚད་མེད་པ་དང་། ཡེ་ཤེས་ཚད་ མེད་པས་སངས་རྒྱས་ལ་མཆོད་པ་དང་རིམ་གྲོ་བྱེད་པ་ཚད་མེད་པ་དང་། ཤེས་རབ་སྦྱོང་བས་ཐོས་པ་ཡོངས་སུ་ཚོལ་བ་ཚད་མེད་པ་དང་། སེམས་ཅན་གྱི་བསམ་པའི་ཚུལ་ཤེས་པས་སེམས་ལ་འཇུག་པ་ཚད་མེད་པ་དང་། བྱམས་པ་ངེས་པས་སྦྱངས་པའི་ཡོན་ ཏན་དང་ཡོ་བྱད་བསྙུངས་པ་ལ་ཞུགས་པ་ཚད་མེད་པ་དང་། སེམས་འདུལ་བས་དགོན་པ་ལ་གནས་པའི་ཡོན་ཏན་གྱི་ཚོགས་ཚད་མེད་པ་དང་། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བས་ཞི་གནས་དང་ལྷག་མཐོང་གི་ཚོགས་ཚད་མེད་པ་ 44-246a སྟེ། དཀོན་མཆོག་སྐར་མདའ་ཆོས་འདི་དག་ནི་བག་ཡོད་པ་སྒྲུབ་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ནི་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་པའོ། །རིགས་ཀྱི་བུ་བག་ཡོད་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རྩ་བའོ། ། བག་ཡོད་པ་ནི་ཡེ་ཤེས་སྒྲུབ་པའི་ཆོས་རྣམས་ཀྱི་གནས་སོ། །བག་ཡོད་པ་ནི་དགེ་བའི་ཆོས་བསགས་ཤིང་བསགས་པ་རྣམས་སོ་སོར་ཡང་དག་པར་འཛིན་པའོ། །བག་ཡོད་པ་ནི་སྔོན་ཐོས་པའི་ཆོས་རྣམས་ཆུད་མི་གཟོན་པའོ། །བག་ཡོད་པ་ནི་བསྡུ་བར་ བྱ་བའི་ཆོས་རྣམས་སྡུད་པའོ། །བག་ཡོད་པ་ནི་སྒྲིབ་པའི་ཆོས་རྣམས་མི་སྡུད་པའོ། །བག་ཡོད་པ་ནི་སྒྲིབ་པར་མི་འགྱུར་བའི་ཆོས་རྣམས་རབ་ཏུ་འཛིན་པའོ། །བག་ཡོད་པ་ནི་མ་རིག་པའི་སྒོ་ངའི་སྦུབས་གཅོག་པའོ། །བག་ཡོད་པ་ནི་དམ་པའི་ཆོས་ཡོངས་སུ་ འཛིན་པ་འབར་བར་བྱེད་པའོ། །བག་ཡོད་པ་ནི་དབང་པོ་རྣམས་སྡོམ་པར་བྱེད་པའོ། །བག་ཡོད་པ་ནི་ལམ་ཉམ་ང་བ་ལས་ཀུན་ཏུ་སྲུང་བའོ། །བག་ཡོད་པ་ནི་དུས་དང་དུས་མ་ཡིན་པར་སྤྱོད་པ་ལས་སྐུལ་བའོ། །བག་ཡོད་པ་ནི་སྟོབས་ཏེ། སྟོབས་བཅུ་ ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བག་ཡོད་པ་ནི་ཟིལ་གྱིས་གནོན་པ་སྟེ་མི་འཇིགས་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བག་ཡོད་པ་ནི་ཡོན་ཏན་དང་ཡེ་ཤེས་དཔག་ཏུ་མེད་པའི་འབྱུང་གནས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་ སུ་རྫོགས་པར་བྱེད་པར་འགྱུར་རོ། །བག་ཡོད་པ་ནི་སྤྱི་བོར་ཕྱིན་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་དེས་འདི་ལྟ་བུ་བསྟན་པ་དང་། བྱང་ ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་དཀོན་མཆོག་སྐར་མདར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟ་འམ། ཡིད་གཉིས་ 44-246b སུ་གྱུར་ན་ཡང་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཀོན་མཆོག་སྐར་མདའ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་ཁྱོད་རྣམ་གྲངས་འདིས་ཀྱང་ཇི་ལྟར་བག་ཡོད་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱང་བག་ཡོད་པས་ཐོབ་པར་རིག་པར་བྱའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པའི་སྤྱོད་པ་ཡོངས་སུ་དག་པ་གང་ཞེ་ན། རིགས་ཀྱི་བུ་སེམས་ཅན་གྱི་སྤྱོད་པ་ནི་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་ཡང་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་ བོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་བསམ་པ་ཤེས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་སེམས་ཅན་ལ་ལ་ནི་ཚུལ་ཁྲིམས་ཀྱིས་ཡོངས་སུ་སྨིན་པར་འགྱུར། ལ་ལ་ནི་ཚུལ་ ཁྲིམས་སྤངས་པས། སེམས་ཅན་ལ་ལ་ནི་ཚིག་གིས་ཤིན་ཏུ་གདམས་པས་ཡོངས་སུ་སྨིན་པར་འགྱུར། ལ་ལ་ནི་འཇམ་པོས། ལ་ལ་ནི་ཚིག་རྩུབ་པོས། ལ་ལ་ནི་དེ་གཉི་གས། ལ་ལ་ནི་འཇིགས་པར་བྱས་པས། ལ་ལ་ནི་འཇིགས་པ་ལས་ཡོངས་སུ་ཐར་ བར་བྱས་པས། ལ་ལ་ནི་བསླངས་པས། ལ་ལ་ནི་མ་བསླངས་པས། ལ་ལ་ནི་གནོད་པས ལ་ལ་ནི་མི་གནོད་པས། ལ་ལ་ནི་ཟིལ་གྱིས་མནན་པས། ལ་ལ་ནི་ཟིལ་གྱིས་མ་མནན་པས། ལ་ལ་ནི་སྦྱང་བས། ལ་ལ་ནི་མི་སྦྱང་བས། ལ་ལ་ནི་ ཚར་གཅད་པས། ལ་ལ་ནི་སྦྱིན་པའི་ཕྱིར་བྱིན་པས། ལ་ལ་ནི་བླངས་པས། སེམས་ཅན་ལ་ལ་ནི་ཡིད་དུ་འོང་བའི་གཟུགས་ཉེ་བར་བསྒྲུབས་པས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་ 44-247a ཡིད་དུ་འོང་བ་ཉེ་བར་བསྒྲུབས་པས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་གཟུགས་ཡིད་དུ་མི་འོང་བ་ཉེ་བར་བསྒྲུབས་པས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་ཡིད་དུ་མི་འོང་བ་ཉེ་བར་ བསྒྲུབས་པས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་སྤྱོ་བས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་རྟག་ཏུ་མཐོང་བས། ལ་ལ་ནི་མི་མཐོང་བས། སེམས་ཅན་ལ་ལ་ནི་སངས་རྒྱས་ཀྱི་སྒྲས། སེམས་ཅན་ལ་ལ་ནི་ཆོས་ཀྱི་སྒྲས། ལ་ ལ་ནི་དགེ་འདུན་གྱི་སྒྲས། ལ་ལ་ནི་མི་རྟག་པའི་སྒྲས། ལ་ལ་ནི་སྡུག་བསྔལ་བའི་སྒྲས། ལ་ལ་ནི་བདག་མེད་པའི་སྒྲས། ལ་ལ་ནི་ཞི་བའི་སྒྲས། སེམས་ཅན་ལ་ལ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་ གཏན་དང་། ཤེས་རབ་ཀྱི་སྒྲས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མྱོང་བར་འགྱུར་བའི་སྒྲས་ཡོངས་སུ་སྨིན་པར་འགྱུར་རོ། །ལ་ལ་ནི་ལྷའི་ བདེ་བ་མྱོང་བར་འགྱུར་བའི་སྒྲས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པའི་གཏམ་གྱིས། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་གྱིས། ལ་ལ་ནི་ཐེག་པ་ཆེན་པོའི་གཏམ་གྱིས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ ཅན་ལ་ལ་ནི་སྦྱིན་པས་ཡོངས་སུ་སྨིན་པར་འགྱུར་གྱི། སྙན་པར་སྨྲ་བས་མ་ཡིན། དོན་སྤྱོད་པས་མ་ཡིན། དོན་འཐུན་པས་མ་ཡིན། སེམས་ཅན་ལ་ལ་ནི་སྙན་པར་སྨྲ་བས་ཡོངས་སུ་སྨིན་པར་འགྱུར་གྱི། སྦྱིན་པས་མ་ཡིན། དོན་སྤྱོད་པས་མ་ཡིན། དོན་འཐུན་པས་མ་ཡིན། སེམས་ཅན་ལ་ལ་ནི་དོན་སྤྱོད་པས་ཡོངས་སུ་སྨིན་པར་འགྱུར་གྱི། སྦྱིན་པས་མ་ཡིན། སྙན་པར་སྨྲ་བས་མ་ཡིན། དོན་འཐུན་པས་མ་ཡིན། སེམས་ཅན་ལ་ལ་ནི་དོན་འཐུན་པས་ཡོངས་སུ་སྨིན་པར་འགྱུར་གྱི། སྦྱིན་པས་ 44-247b མ་ཡིན། སྙན་པར་སྨྲ་བས་མ་ཡིན། དོན་སྤྱོད་པས་ཡོངས་སུ་སྨིན་པར་འགྱུར་བ་མ་ཡིན། སེམས་ཅན་ལ་ལ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་གིས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་ནང་གི་དངོས་པོ་ཡོངས་སུ་གཏོང་བས། ལ་ལ་ནི་ཕྱི་ རོལ་གྱི་དངོས་པོ་ཡོངས་སུ་གཏོང་བས། ལ་ལ་ནི་ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་བས། སེམས་ཅན་ལ་ལ་ནི་ཆུང་མ་དང་། བུ་ཕོ་དང་། བུ་མོ་ཀུན་གཏོང་བས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་ལག་པ་དང་། རྐང་པ་དང་། མིག་ དང་། མགོ་ཀུན་གཏོང་བས་ཡོངས་སུ་སྨིན་པར་འགྱུར་རོ། །སེམས་ཅན་ལ་ལ་ནི་རྩེད་མོ་ལ་དགའ་བ་དང་། གླུ་དང་སིལ་སྙན་གྱིས་ཡོངས་སུ་སྨིན་པར་འགྱུར་རོ། །ལ་ལ་ནི་གཅིག་ཏུ་བདེ་བས། ལ་ལ་ནི་གཅིག་ཏུ་སྡུག་བསྔལ་བས། ལ་ལ་ནི་དེ་གཉི་གས། ལ་ལ་ནི་གཉི་ག་མ་ཡིན་པས། སེམས་ཅན་ལ་ལ་ནི་དགེ་སྦྱོང་དུ་སྤྲུལ་པས་འདུལ་བ། སེམས་ཅན་ལ་ལ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མར་སྤྲུལ་པས་འདུལ་བ། སེམས་ཅན་ལ་ལ་ནི་སངས་རྒྱས་ཀྱི་གཟུགས་ དང་ཁ་དོག་གིས་འདུལ་བ་ཡིན་ཏེ། དེ་དག་ལ་སངས་རྒྱས་ཀྱི་གཟུགས་དང་སྐུ་བསྟན་པས་འདུལ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་ཅན་གྱི་སྤྱོད་པ་སྣ་ཚོགས་བྱེད་པ་ཤེས་ནས། སེམས་ཅན་གྱི་བསམ་པ་ཡོངས་སུ་ཤེས་ པ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་འདི་ལྟར་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལས་ངེས་པར་བྱུང་བར་གྱུར་ཅིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡང་དག་པར་བསྡུས་པར་གྱུར་ཏེ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྤྱོད་པ་ལ་མཁས་པར་གྱུར་པ་ན། དེ་ནས་གདོད་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་སྐལ་བ་དང་མཐུ་ཡོད་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཡོངས་སུ་མི་སྐྱོ་བ་དང་། 44-248a བདག་བདེ་བ་ལ་མི་ཆགས་པ་དང་། དུས་དང་དུས་མ་ཡིན་པར་སྐུལ་བ་དང་། བསམ་པ་ཡོངས་སུ་ཤེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་སོ། །རིགས་ ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། བཞི་གང་ཞེ་ན། བཀའ་བློ་བདེ་བ་དང་། སྙན་པར་སྨྲ་བ་དང་། ངང་ཚུལ་གྱིས་འཇམ་པ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་སྟེ། རིགས་ ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་སོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། བཞི་གང་ཞེ་ན། ཁོང་ཁྲོ་བ་ མེད་པའི་སེམས་དང་། སྙིང་རྗེ་ཆེན་པོའི་སེམས་དང་། ཕན་པའི་དངོས་པོའི་སེམས་དང་། བདག་ཤིན་ཏུ་དུལ་བའི་སེམས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་སོ། །རིགས་ཀྱི་ བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། བཞི་གང་ཞེ་ན། བསམ་པ་དག་པ་དང་། གཡོ་མེད་ཅིང་སྒྱུ་དང་བྲལ་བ་དང་། བརྩོན་འགྲུས་བརྟན་པ་དང་། ལེགས་པར་བྱས་པ་དང་ཉེས་པར་ བྱས་པ་བཟོད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ནུས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར། གང་བྱང་ཆུབ་སེམས་དཔའ་ཡོངས་སུ་མི་སྐྱོ་བས་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བྱེད་ནུས་པར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན་བསྐལ་པ་དགའ་བྱེད་ལ་འཇིག་རྟེན་གྱི་ཁམས་ 44-248b ཞི་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་ཞི་བ་དེ་ཡང་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། ལྷ་དང་མིས་རབ་ཏུ་གང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་སྣང་བ་དེའི་ཉན་ཐོས་ཀྱང་ཉན་ཐོས་ཆེན་པོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདུས་པར་གྱུར་ཏོ། །དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བརྒྱད་ཁྲི་བཞི་སྟོང་འདུས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་རྒྱལ་བུ་གཞོན་ནུ་ནོར་དཔལ་ཞེས་བྱ་བ་གཟུགས་ བཟང་བ། མཛེས་པ། བལྟ་ན་སྡུག་པ། མདོག་བཟང་པོ་རྒྱས་པ། མཆོག་དང་ལྡན་པ་ཞིག་བྱུང་སྟེ། བཙས་ནས་ལོ་བཅུ་དྲུག་ལོན་པ་དང་། དེ་གཟུགས་བཟང་བ་དང་། ལོངས་སྤྱོད་དང་སྐྱིད་པས་དྲེགས་ཤིང་ང་རྒྱལ་སྐྱེས་ཏེ་རྒྱགས་ནས། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེའི་གན་དུ་མི་འགྲོ། སྟེན་པར་མི་བྱེད། སྙེན་པར་མི་བྱེད། རིམ་གྲོ་མི་བྱེད་དོ། །རིགས་ཀྱི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེ་འདི་སྙམ་དུ་དགོངས་ཏེ། མ་ལ་ རྒྱལ་བུ་གཞོན་ནུ་ནོར་དཔལ་འདི་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་ན་དེ་གཟུགས་དང་། ལོངས་སྤྱོད་དང་སྐྱིད་པས་རྒྱགས་དྲེགས་ཏེ། ང་རྒྱལ་གྱིས་དེ་བཞིན་ 44-249a གཤེགས་པའི་དྲུང་དུ་ཡང་མི་འོང་ན། གལ་ཏེ་དེ་རྒྱུན་མི་འཆད་པར་བསྐུལ་ན་ནི་དེ་དེ་བཞིན་གཤེགས་པའི་དྲུང་དུ་འོང་ཡང་སྲིད་སྙམ་མོ། །རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་ པོ་དེ་དག་བསྡུས་སོ། །བསྡུས་ནས་ཀྱང་རིགས་ཀྱི་བུ་དག་ཁྱེད་ཀྱི་ནང་ནས་ཡིད་ཡོངས་སུ་མི་སྐྱོ་བར་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རྒྱལ་བུ་གཞོན་ནུ་ནོར་དཔལ་གྱི་ཁྱིམ་གྱི་སྒོར་འགྲོ་ཞིང་བདེ་བ་ཐམས་ཅད་ནི་སྤངས། སྡུག་བསྔལ་ཐམས་ཅད་ནི་དང་དུ་བླངས་ཏེ། དེ་ ལས་ཐ་ན་ཀུན་ཏུ་སྨྲ་བའམ། ཡང་དག་པར་སྨྲ་བའམ། སྟན་ཙམ་ཡང་མི་རྙེད་ཀྱི་སྟེང་དུ་གཤེ་རྒྱ་ཞིང་ཚིག་ངན་པ་རྩུབ་པོ་མི་སྙན་པར་ཟེར་ཡང་སྤྲོ་བར་འགྱུར་བ་སུ་ཡོད་ཅེས་ཚུལ་ཤིང་བྲིམས་སོ། །རིགས་ཀྱི་བུ་དེ་ལྟར་ཚུལ་ཤིང་བྲིམས་ཀྱང་བྱང་ཆུབ་སེམས་དཔའ་ བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ལས་བྱང་ཆུབ་སེམས་དཔའ་འགའ་ཙམ་ཡང་སྤྲོ་བར་མ་གྱུར་ཏོ། །བཅོམ་ལྡན་འདས་དེས་ཚུལ་ཤིང་ཐོགས་ཏེ། ལན་གཉིས་ལན་གསུམ་དུ་བྲིམས་ཀྱང་སུས་ཀྱང་མ་བླངས་པ་དང་། རིགས་ཀྱི་བུ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་འབར་བ་ཞེས་བྱ་བ་ཞིག་བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དྲི་མ་མེད་པར་སྣང་བ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ཡིད་ཡོངས་སུ་མི་སྐྱོ་བར་བདེ་བ་ཐམས་ཅད་ནི་ སྤངས། སྡུག་བསྔལ་ཐམས་ཅད་ནི་ཇི་མི་སྙམ་པར་བགྱིད་དེ། རྒྱལ་བུ་གཞོན་ནུ་ནོར་དཔལ་གྱི་ཁྱིམ་དུ་མཆིའོ་ཞེས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་འབར་གྱིས་ཚིག་དེ་སྨྲས་མ་ཐག་ཏུ། དེ་ནས་དེ་ཉིད་ཀྱི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ 44-249b འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ནས་ལྷའི་བུ་བརྒྱ་སྟོང་གིས་ཀྱང་སྟེང་གི་བར་སྣང་ལས། ཀྱེ་མའོ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་གྱིས་བརྩོན་འགྲུས་ཆེན་པོའི་གོ་ཆ་བགོས་པ་འདི་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་འབར་བ་དེ་རྒྱལ་བུ་གཞོན་ནུ་ནོར་དཔལ་གྱི་ཁྱིམ་དུ་སོང་སྟེ། ཁྱིམ་གྱི་སྒོ་དྲུང་ན་འདུག་པ་དང་། དེ་སྐྱེ་བོའི་ཚོགས་ཆེན་པོ་དེས་མཐོང་ནས་གཤེ་རྒྱ་ཞིང་ཚིག་ངན་པ་རྩུབ་པོ་སྣ་ཚོགས་སྨྲས་ཏེ། དེ་ལ་ས་དང་རྡུལ་ཀྱང་གཏོར། དེ་ལ་ལག་པ་དང་། དབྱུག་པ་དང་། བོང་བས་ཀྱང་བརྡེགས་སོ། །དེས་མཐོང་ཞིང་ཐོས་ཏེ། ལུས་ལ་རེག་ཅིང་ཚོར་བར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་བ་འཁྲུག་པའམ། གཤེ་བའམ། ཁོང་ཁྲོ་བའམ། ཕྱིར་ལོག་པར་མ་གྱུར་གྱི་སྟེང་དུ། བརྩོན་འགྲུས་བརྟན་པའི་སྟོབས་རབ་ཏུ་བསྐྱེད་ནས་སྟོབས་དང་རབ་ཏུ་ལྡན་པ་དང་། སྙིང་རྗེ་ཆེན་པོ་ཡང་སྐྱེད་དེ། དེ་ལོ་སྟོང་ལོན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་གཅིག་ཏུ་ཞུགས་ཏེ། སྨད་པ་དང་། བསྡིགས་པ་དང་། རྡེག་པ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མི་སྐྱོ་ བར། དེ་ལོ་ཁྲི་ལོན་པ་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་གཉིས་ཀྱི་ནང་དུ་ཞུགས་སོ། །དེ་ལོ་ཉི་ཁྲི་ལོན་པ་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་གསུམ་པའི་ནང་དུ་ཞུགས་པ་ནས། ལོ་བདུན་ཁྲི་ལོན་པ་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་དྲུག་པའི་ནང་དུ་ཞུགས་སོ། །དེ་ལོ་བརྒྱད་ཁྲི་ བཞི་སྟོང་ལོན་པ་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་བདུན་པའི་ནང་དུ་ཞུགས་པ་དང་། དེ་ནས་གདོད་རྒྱལ་བུ་གཞོན་ནུ་ནོར་དཔལ་དེས་ཚིག་སྟེར་ཏེ། དགེ་སློང་ཁྱོད་ཅི་འདོད། ཅི་ཞིག་ཚོལ། ཁྱོད་ལ་ཅི་དགོས་སྨྲོས་ཤིག་དང་། ཅི་ནུས་ཀྱིས་རབ་ཏུ་སྦྱིན་པར་བྱའོ། །རྒྱལ་བུ་ གཞོན་ནུ་དེ་དགེ་སློང་དེ་ལ་ངོ་མཚར་ཆེན་པོའི་འདུ་ཤེས་སྐྱེས་ནས་ཇི་ཙམ་དུ་དགེ་སློང་དེས་ཡོངས་སུ་མི་སྐྱོ་བ་མནགས་ནུས་པ་ནི་ངོ་མཚར་ཏོ་སྙམ་མོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་འབར་བ་དེས་རྒྱལ་བུ་གཞོན་ནུ་ནོར་དཔལ་དེ་སེམས་ 44-250a རབ་ཏུ་དང་བར་ཤེས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཟས་དང་སྐོམ་དང་གོས་དང་བཟའ་བ་རྣམས། །གཞོན་ནུ་བདག་ལ་དགོས་པ་ཅི་ཡང་མེད། །ཟང་ཟིང་མེད་པའི་སེམས་ནི་ཉེར་གཞག་ནས། །བདག་ནི་ཆོས་ཀྱི་ཕོ་ཉར་འདིར་འོངས་སོ། ། འཇིག་རྟེན་དོན་མཛད་དྲང་སྲོང་ཆེར་བྱུང་བ། །མི་མཆོག་དྲི་མ་མེད་པར་སྣང་ཞེས་བྱ། །དེ་ནི་སྡུག་བསྔལ་མཐར་འབྱིན་ཆོས་སྟོན་ཏེ། །སེམས་ཅན་གང་གིས་ཐོས་པས་མི་འཆི་འཐོབ། །བསྐལ་པ་སྟོང་ཕྲག་བྱེ་བ་གྲངས་མེད་ན། །སངས་རྒྱས་རྣམས་ནི་བརྒྱ་ལམ་འབྱུང་བར་འགྱུར། ། ད་ལྟར་འཇིག་རྟེན་མུན་ནག་སྒྲོན་གྱུར་པ། །ཡོན་ཏན་དམ་པ་མངའ་བ་དེ་སྐྱེས་ན། །ཁྱོད་ནི་འདི་ན་འདོད་པའི་ཡོན་ཏན་ཆགས། །གཟུགས་དང་ལོངས་སྤྱོད་རྣམས་ལ་རྟག་ཏུ་མྱོས། །སྐྱིད་མྱོས་དེ་བཞིན་རྒྱལ་སྲིད་མྱོས་པས་ན། །ཆོས་ཀྱི་རྒྱལ་པོ་ལྟ་བར་ཡོང་མི་འགྲོ། །ལོངས་སྤྱོད་མི་ རྟག་དེ་བཞིན་རྒྱལ་སྲིད་སྲོག །རྩྭ་རྩེའི་ཟིལ་ཐིགས་འདྲ་ཞེས་རྒྱལ་བས་གསུངས། །གང་ཕྱིར་སངས་རྒྱས་ཐོས་ཀྱང་མྱོས་འགྱུར་བ། །དེ་ནི་རྒྱལ་བུ་ཁྱོད་ཀྱི་ཆ་མ་ཡིན། །ཁྱོད་ནི་འདི་ན་བྱང་ཆུབ་མཆོག་ཞུགས་ལ། །སེམས་ཅན་དག་ཀྱང་གཉེར་ཏེ་གྲོལ་བར་གྱིས། །ཁྱོད་བདག་ ད་ལྟར་འདོད་པའི་བྲན་གྱུར་ན། །ཇི་ལྟར་མྱོས་པས་སྐྱེ་བོ་འདུལ་བར་འགྱུར། །ང་རྒྱལ་སྤོངས་ཏེ་ཉོན་མོངས་རྣམས་སོལ་ལ། །ད་ནི་རྒྱལ་བའི་དྲུང་དུ་འགྲོ་བར་གྱིས། །བརྩོན་འགྲུས་སྐྱེད་དེ་འཇིག་རྟེན་སྙིང་བརྩེ་གྱིས། །ཕྱི་མའི་དུས་ན་གདུང་བར་གྱུར་ཏ་རེ། །རྒྱལ་བུས་ ཚིགས་སུ་བཅད་པ་འདི་ཐོས་ནས། །ང་རྒྱལ་སྤངས་ཏེ་གུས་པ་རབ་བསྐྱེད་ནས། །བརྩོན་འགྲུས་འབར་བའི་རྐང་ལ་ཕྱག་འཚལ་ཏེ། །གང་སྔོན་བདག་གིས་གནོད་བགྱིས་བཟོད་པར་གསོལ། །བདག་ནི་རྒྱལ་སྲིད་ཐམས་ཅད་སྤང་བར་བྱ། །འདོད་དང་དེ་བཞིན་ལོངས་སྤྱོད་ཀུན་མི་ ཚོལ། །ང་རྒྱལ་ཐ་བའི་སྐྱོན་དང་དྲེགས་སྤངས་ཏེ། །མྱུར་དུ་བདེ་བར་གཤེགས་པའི་གན་དུ་འགྲོ། །དེ་ནི་སྲོག་ཆགས་བྱེ་བ་བརྒྱད་ཅུས་བསྐོར། །མེ་ཏོག་ན་བཟའ་སྤོས་དང་བདུག་པ་ཐོགས། །དྲི་མ་མེད་པར་སྣང་བ་སྐྱེས་བུ་མཆོག །རྒྱལ་བ་དེ་ཡི་དྲུང་དུ་ཉེ་བར་སོང་། ། 44-250b བདེ་བར་གཤེགས་ཀྱི་གན་དུ་ཕྱིན་ནས་ཀྱང་། །ཞབས་ལ་ཕྱག་འཚལ་དེ་ནས་མཆོད་བྱས་ཏེ། །དེ་བཞིན་གཤེགས་པ་དེ་ཡི་སྤྱན་སྔར་འདུག །རྒྱལ་བུ་དེ་ཡིས་ཚིག་ནི་འདི་སྨྲས་སོ། །གང་ཕྱིར་སྐྱོ་མེད་སེམས་ཀྱིས་བསྐུལ་བས་ན། །བརྩོན་འགྲུས་འབར་བ་བདག་གི་སྟོན་ པ་མགོན། །ཇི་ལྟར་དེ་ནི་མཆོད་པའི་འོས་ལགས་ན། །དེ་ལ་ལན་དུ་ཕན་པ་བགྱིད་མི་ནུས། །བདག་ནི་འཇིག་རྟེན་མགོན་ལ་བཟོད་པར་གསོལ། །ཆོས་ཀྱི་རྒྱལ་ལ་གུས་པ་གང་མ་བགྱིས། །དེ་དག་ཐམས་ཅད་དེ་རིང་སོ་སོར་བཤགས། །བདག་གི་ནོངས་པ་འཇིག་ རྟེན་མགོན་མཁྱེན་མཛོད། །སེམས་ཅན་དོན་དུ་སྙིང་རྗེ་བསྐྱེད་ནས་སུ། །བདག་ནི་བྱང་ཆུབ་མཆོག་ལ་རབ་ཞུགས་ཏེ། །བྱང་ཆུབ་དམ་མཆོག་མ་ཐོབ་བར་དུ་ནི། །སླན་ཆད་བག་མེད་སྤྱོད་པ་མི་བགྱིའོ། །རྒྱལ་བུ་དེ་ཡིས་རྒྱལ་སྲིད་རྣམ་སྤངས་ཏེ། །སེམས་ཅན་བྱེ་བ་ བརྒྱད་ཅུ་རྣམས་ཀྱིས་བསྐོར། །བྱང་ཆུབ་དམ་པ་འདི་ནི་ཡོངས་ཚོལ་ཞིང་། །མངོན་བྱུང་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་། །རྒྱལ་བས་དེ་དག་གི་ནི་བསམ་མཁྱེན་ནས། །བྱང་ཆུབ་ལམ་མཆོག་རབ་ཏུ་བསྟན་པས་ན། །ཆོས་ཐོས་སེམས་ཅན་རྟག་ཏུ་དག་པ་རྣམས། ། ཐམས་ཅད་ཀྱིས་ཀྱང་རྗེས་འཐུན་བཟོད་པ་ཐོབ། །རིགས་ཀྱི་བུ་ངས་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་དེའི་འཇིག་རྟེན་གྱི་ཁམས་ཀྱི་བསྔགས་པ་བརྗོད་ཅིང་། གང་ཆོས་བསྟན་པ་བསམ་གྱིས་མི་ཁྱབ་པ་དེ་ཡོངས་སུ་ བརྗོད་ཀྱང་ཡོན་ཏན་གྱི་མཐའ་ཟད་པར་མི་འགྱུར་རོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟ་འམ། ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ ན། དེའི་ཚེ་དེའི་དུས་ན་ང་ཉིད་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་བ་ཞེས་བྱ་བ་དེར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་དཔལ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟ་འམ། ཡིད་གཉིས་སུ་གྱུར་ན་ཡང་དེ་ 44-251a ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་དཔལ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་སྔོན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ ཡོངས་སུ་མི་སྐྱོ་ཞིང་འདི་ལྟར་ཤིན་ཏུ་སྟོབས་དང་ལྡན་ཏེ་བརྩོན་འགྲུས་ཉེ་བར་སྟོན་ཏོ། །རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་འདོད་པས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་བ་ཞེས་བྱ་བ་དེ་ལྟར་བསླབ་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཡིན་ནོ། །རིགས་ཀྱི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལས་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྡུད་པར་ འགྱུར་བའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། བདུད་ཀྱི་ལས་ལས་ཤིན་ཏུ་འདའ་བ་བྱང་ཆུབ་སེམས་དཔའི་ལས་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་བྱང་ཆུབ་སེམས་དཔའི་ལས་དང་། ལུས་དང་ངག་དང་ཡིད་བརྒྱན་པ་བྱང་ཆུབ་སེམས་དཔའི་ལས་དང་། སངས་རྒྱས་ཀྱི་ ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་བྱང་ཆུབ་སེམས་དཔའི་ལས་ཏེ། རིགས་ཀྱི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལས་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྡུད་པར་འགྱུར་བའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། བསམ་པ་ལ་འཇུག་པའི་ཡེ་ཤེས་དང་། དབང་པོ་ཡོངས་སུ་ཤེས་པའི་ཡེ་ཤེས་དང་། ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་སྦྱིན་པའི་ཡེ་ཤེས་ དང་། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་མི་འཁྲུགས་པའི་ཡེ་ཤེས་ཏེ། རིགས་ཀྱི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ལས་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་འགྱུར་བའོ། །དེ་ནས་བྱང་ཆུབ་ 44-251b སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེས་གཙུག་གི་ནོར་བུ་རིན་པོ་ཆེ་གང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པའི་དགེ་བའི་རྩ་བས་མངོན་པར་གྲུབ་པ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུ་ནོར་བུ་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་བས་ ཀྱང་རིན་དུ་མི་བཟོད་པའི་གཙུག་གི་ནོར་བུ་རིན་པོ་ཆེ་དེ་དེ་བཞིན་གཤེགས་པ་ལ་ཕུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་གི་གཙུག་ན་མཆིས་པའི་ནོར་བུ་རིན་པོ་ཆེ་འདི་དེ་བཞིན་གཤེགས་པ་ལ་ཕུལ་བའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་བདག་སྤྱི་གཙུག་བལྟར་ མི་སྣང་བ་ཐོབ་པ་དང་། བདག་སངས་རྒྱས་ཀྱི་ཡེ་ཤེས་སྤྱི་བོར་གྱུར་པ་བསམ་གྱིས་མི་ཁྱབ་པ་དེ་དང་ལྡན་པར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། ནམ་འཛུམ་པ་མཛད་པ་དེ་ན་ བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དེ་དག་ འོད་ཀྱིས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ་ཟླ་བ་དང་ཉི་མ་རྣམས་ཀྱི་གཟི་བརྗིད་ཀྱང་གཟི་བརྗིད་ཀྱིས་ཡོངས་སུ་ཟད་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ ནུབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པ་མྱུར་བ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་ བཅད་པའི་དབྱངས་ཀྱིས་འཛུམ་པ་མཛད་པའི་དོན་ཞུས་སོ། །མི་མཉམ་མཉམ་པ་དམ་པ་འཇིག་རྟེན་མིག་སྦྱིན་འཇིག་རྟེན་མཆོག །ཤཱཀྱའི་རྒྱལ་སྲས་དབང་པོ་ཞི་ཞིང་དྲི་གསུམ་དྲི་མ་སྤངས། །མཚུངས་མེད་མཚུངས་འདས་བྱམས་པས་འཕགས་པ་རྒྱལ་བ་རི་རབ་བཞིན། །ཅི་སླད་འདིར་འཛུམ་ 44-252a ཡེ་ཤེས་འབྱུང་གནས་བདག་ལ་ལུང་བསྟན་གསོལ། །གྱ་གྱུ་མི་མངའ་རབ་ཏུ་མཉེན་ལ་ཤིན་ཏུ་སྙན་པའི་གསུང་། །སྐྱེས་བུ་དམ་པ་བདེ་རབ་སྦྱིན་པ་དྲན་མཆོག་བློ་གྲོས་ཐུགས། །བདེ་གཤེགས་མོས་པ་མཆོག་དང་བདེན་པ་ལྷ་དང་མིས་མཆོད་པ། །ཅི་སླད་འཛུམ་པ་འདི་མཛད་ ཕན་པ་མཛད་པས་བསྟན་དུ་གསོལ། །སྟོབས་བཅུའི་སྟོབས་མངའ་འདོམ་གང་འོད་དང་བསོད་ནམས་གཟི་བརྗིད་འོད། །འཁོར་གྱི་ནང་དུ་སེང་གེ་ལྟ་བུར་རབ་སྒྲོགས་རྒོལ་བ་བཅོམ། །ཐུབ་པ་སྲིད་གསུམ་ཁྱོད་དང་མཉམ་པའམ་ལྷག་པ་གང་ཡང་མེད། །ཆོས་ཀྱི་དབང་ཕྱུག་ཅི་སླད་འཛུམ་ པ་མཛད་པ་བསྟན་དུ་གསོལ། །རབ་ཏུ་བཞད་ཅིང་མཆོག་ཏུ་དགྱེས་པ་ཤིན་ཏུ་དྲི་མེད་ཞལ། །ཟླ་བ་ལྟ་བུར་ནམ་མཁར་གཤེགས་ནས་ཕྱོགས་བཅུ་ལམ་མེ་བར། །མུན་པ་བཅོམ་ཞིང་རྡུལ་བཅོམ་འོད་དང་དཔལ་ནི་རབ་རྒྱས་པ། །བདེ་བར་གཤེགས་པ་འཛུམ་མཛད་ཕན་པ་མཛད་པས་བཀའ་ སྩོལ་ཅིག །གསེར་རི་འོད་འདྲ་བརྟུལ་ཞུགས་གྲུབ་པ་བསོད་ནམས་ཡེ་ཤེས་འཕྲོ། །མཁས་པས་རྟག་ཏུ་རབ་བསྔགས་འཇིག་རྟེན་ངོ་མཚར་མཆོད་པར་འོས། །སྲིད་པའི་དམ་པ་འཇིག་རྟེན་འདས་པ་སྦྱིན་གནས་མི་ཟད་ཅིང་། །ནམ་མཁའི་ངོས་རབ་སྣང་བར་ཤཱཀྱ་སེང་གེའི་འཛུམ་པ་བསྟན། ། ལྷ་དང་མིས་མཆོད་ཁྱོད་འདྲས་དང་ལྷ་ཡུལ་དག་ནའང་མེད། །ཡིད་མཉམ་མོས་པ་མཉམ་པ་ཁྲེལ་ཡོད་དཔལ་གྱིས་རབ་ཏུ་རྒྱས། །ཡོན་ཏན་བརྒྱ་རྣམས་ཤིན་ཏུ་རྒྱས་པའི་མཚན་ནི་རབ་རྫོགས་པ། །བདེ་གཤེགས་འཛུམ་པ་མཛད་པ་ཐུབ་པ་དམ་པ་བཀའ་སྩོལ་ཅིག །ཀུན་ཏུ་ཁྱོད་ཀྱི་ཡེ་ ཤེས་དུས་གསུམ་ཆགས་པ་མེད་པར་འཇུག །སེམས་དང་ཡིད་སྦྱོར་དབང་པོ་གང་དང་སེམས་ཅན་བསམ་པ་གང་། །སེམས་ཅན་ཀུན་གྱི་བསམ་པ་ཅི་འདྲ་ཐམས་ཅད་སྐད་ཅིག་མཁྱེན། །མི་ཡི་སེང་གེས་གང་སླད་འཛུམ་མཛད་རིགས་དོན་བདག་ལ་གསུངས། །ནམ་མཁར་གནས་ པའི་ལྷ་མང་ཡིད་ཀྱང་རབ་ཏུ་དགའ། །མིའི་ཚོགས་ས་ལ་གནས་པ་ཐལ་སྦྱར་ཕྱག་འཚལ་གྱིས། །གང་ཐོས་ལྷ་མི་མུན་པའི་རྡུལ་རྣམས་སེལ་འགྱུར་བ། །མི་མཆོག་གིས་ནི་བདུད་རྩིའི་རོ་མཆོག་དབྱེ་བར་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ 44-252b སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེ་འདིས་སངས་རྒྱས་ཀྱི་ཡེ་ཤེས་སྤྱི་བོར་གྱུར་པ་བསམ་གྱིས་མི་ཁྱབ་པའི་ཆེད་དུ་གང་གཙུག་གི་ནོར་བུ་རིན་པོ་ཆེ་འདི་དེ་བཞིན་གཤེགས་ པ་ལ་ཕུལ་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེ་འདིས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་མཉེས་པར་བྱས། བསྟི་ སྟང་དུ་བྱས། བཙུན་པར་བྱས། རི་མོར་བྱས་ཤིང་མཆོད་ནས་ཐམས་ཅད་དུ་ཡང་ཚངས་པར་སྤྱོད་པ་སྤྱད་དེ། སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་ཐེག་པ་གསུམ་པོ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེ་འདི་བསྐལ་པ་གྲངས་ མེད་པ་བརྒྱ་སྟོང་ན་བསྐལ་པ་དྲི་མ་མེད་པ་ལ་འཇིག་རྟེན་གྱི་ཁམས་འོད་དྲི་མ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་ མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེ་འབྱུང་བ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་འོད་དྲི་མ་མེད་པ་དེའི་ས་གཞི་ནི་རིན་པོ་ཆེ་སྣ་བདུན་དུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནས་འོད་གང་བྱུང་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ ཞིང་གྲངས་མེད་པ་རྣམས་སྣང་བར་འགྱུར་རོ། །འོད་དེ་ཡང་གསེར་གྱི་ཁ་དོག་ལྟ་བུར་འགྱུར་རོ། །སེམས་ཅན་གང་དག་འོད་དེས་རེག་པར་གྱུར་པ་དེ་དག་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གཟིར་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འོད་དྲི་མ་མེད་པ་དེ་ཡང་འབྱོར་པ། རྒྱས་པ། བྱང་ཆུབ་སེམས་ དཔའ་འབའ་ཤིག་གི་གནས་སུ་འགྱུར་རོ། །དེར་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་མ་གཏོགས་པར་རིན་པོ་ཆེ་གཞན་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེའི་མིང་རིན་པོ་ཆེ་འབྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་ 44-253a འགྱུར་རོ། །དེ་དག་གི་ལོངས་སྤྱོད་དང་ཀུན་སྤྱོད་པ་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་རོ། །གང་འཇིག་རྟེན་གྱི་ཁམས་དེར་ལྷ་དང་མི་འབྱུང་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །དེ་ན་མི་ཁོམ་པ་དང་ངན་སོང་ རྣམས་ཀྱི་མིང་ཡང་མེད་པར་འགྱུར་རོ། །དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་འབྱུང་བ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་མ་གཏོགས་པར་རྒྱལ་པོ་གཞན་འབྱུང་བར་མི་འགྱུར་རོ། །ལྷ་དང་མི་དེ་དག་ཐམས་ཅད་ཀྱང་རྫུས་ཏེ་སྐྱེ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་བུད་མེད་དང་ འཁྲིག་ཅིང་འདུ་བའི་མིང་ཡང་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་ལོང་བའམ། ཞར་བའམ། ཞ་བོ་འམ། སྒུར་པོའམ། ཡན་ལག་མ་ཚང་བར་འགྱུར་བ་གང་ཡང་མེད་དེ། དེ་དག་ཐམས་ཅད་ཀྱང་ལུས་མཚན་གྱིས་ལེགས་པར་བརྒྱན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་ བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་དཔག་ཏུ་མེད་པར་འགྱུར་རོ། །དེའི་ཚེའི་ཚད་ཀྱང་བསྐལ་པ་བར་མ་བཞི་བཅུ་རྩ་གཉིས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡང་བྱང་ཆུབ་དང་རབ་ཏུ་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པ། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པ། ཐེག་པ་ཆེན་པོ་དང་རབ་ཏུ་ ལྡན་པ་མ་གཏོགས་པར་གཏམ་གཞན་སྟོན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དབང་པོ་རྣོ་སྟེ་ཟུར་ཙམ་གྱིས་གོ་བར་འགྱུར་རོ། །དེ་དག་ཀྱང་ཆོས་ཀྱི་སྒོའི་ཚིག་རེ་རེས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་རྗེས་སུ་རྟོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡང་བྱང་ ཆུབ་སེམས་དཔའ་དེ་དག་ལ་རྡོ་རྗེའི་ཚིག་གི་གཟུངས་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེ་ལ་རྡོ་རྗེའི་ཚིག་གི་གཟུངས་གང་ཞེ་ན་འདི་ལྟ་སྟེ། ཚིག་གཅིག་གིས་ཚིག་ཐམས་ཅད་ལ་འཇུག་པའོ། །ཚིག་གཅིག་པོ་དེ་ཡང་གང་ཞེ་ན་འདི་ལྟ་སྟེ། ཚིག་མི་ཟད་པའོ། །ཚིག་མི་ཟད་པ་དེ་ཡང་གང་ཞེ་ན། ཚིག་མི་ཟད་པ་ཞེས་བྱ་བ་ནི་གང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཟད་པར་བྱེད་མི་ནུས་པའོ། །ཚིག་མི་ཟད་པ་དེ་ཡང་གང་ཞེ་ན་འདི་ལྟ་སྟེ། ཨ་ཞེས་བྱ་བ་ནི་ཚིག་མི་ཟད་པ་སྟེ། ཨ་ཞེས་བྱ་བ་ལ་ཞུགས་ན་ཡི་གེའི་འབྲུ་ཐམས་ཅད་ལ་འཇུག་པར་འགྱུར་རོ། །དེ་ལྟར་ན་ཡི་གེ་ཐམས་ཅད་ནི་མི་ཟད་ 44-253b པ་སྟེ། ཡི་གེ་འབྲུ་གཉིས་སྔ་ཕྱི་མེད་པར་ཐོས་པར་བྱ་མི་ནུས་སོ། །ཡི་གེའི་འབྲུ་རེ་རེ་ནས་བརྗོད་ཀྱི་ཡི་གེ་ཡང་ཡི་གེ་གཉིས་དང་འབྲེལ་བ་མ་ཡིན་ནོ། །དེ་བས་ན་ཚིག་གཅིག་པོ་དེ་ཉིད་རྣམ་པར་རིག་པའི་ཚིག་སྟེ། གང་རྣམ་པར་རིག་པའི་ཚིག་དེ་ཡང་རྣམ་པར་རིག་པའི་ཚིག་ཅེས་རྟོག་པར་མི་བྱེད་ རྣམ་པར་རྟོག་པར་མི་བྱེད་དོ། །དེ་ལྟར་ཚིག་དེ་མི་རྟོག་རྣམ་པར་མི་རྟོག་པར་དགོས་པ་བྱེད་དེ། རིགས་ཀྱི་བུ་འདི་ནི་རྡོ་རྗེའི་ཚིག་གི་གཟུངས་ལ་འཇུག་པའོ། །དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་འབྱུང་བ་དེ་བྱང་ཆུབ་སེམས་དཔའ་དེ་དག་ལ་རྡོ་རྗེའི་ཚིག་གི་གཟུངས་ཡང་དག་པར་རབ་ ཏུ་སྟོན་པར་འགྱུར་རོ། །རིགས་ཀྱི་བུ་ངས་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་འཇིག་རྟེན་གྱི་ཁམས་འོད་དྲི་མ་མེད་པ་དེའི་བསྔགས་པ་བརྗོད་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་འབྱུང་བ་དེའི་ཆོས་བསྟན་པ་བསམ་གྱིས་མི་ཁྱབ་ པ་དེ་ཡོངས་སུ་བརྗོད་ཀྱང་ཡོན་ཏན་ཡོངས་སུ་བརྗོད་པ་ཟད་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་ནི་ཡོན་ཏན་གྱི་རྣམ་པ་བཀོད་པ་ཚད་མེད་པ་དེ་སྙེད་འབྱུང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་པོ་ཆེས་བདག་ཉིད་ལུང་བསྟན་པ་ཐོས་ནས་ དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། བདེ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཆོས་རྣམས་ཀུན་གྱི་ཕ་རོལ་གཤེགས། །འཁྲུལ་པའི་ སྐྱོན་རྣམས་ཐམས་ཅད་ལས། །དེ་བཞིན་གཤེགས་པ་ཤིན་ཏུ་འདས། །ཡེ་ཤེས་ཆེན་པོ་ཁྱོད་རེ་མཚར། །སངས་རྒྱས་བྱེ་བ་དེ་སྙེད་ལ། །བདག་གིས་སྔོན་མཆོད་གང་བགྱིས་པ། །དེ་དག་ཐམས་ཅད་མངོན་པར་མཁྱེན། །འདས་དང་མ་འོངས་དུས་རྣམས་དང་། །དེ་བཞིན་ད་ལྟར་ བྱུང་བ་ཡི། །བདག་གི་སྤྱོད་དང་དེ་བཞིན་དུ། །སྲོག་ཆགས་ཀུན་གྱི་རབ་ཏུ་མཁྱེན། །ཐུབ་པ་ཅི་འདྲ་དེ་འདྲ་བར། །འཇིག་རྟེན་སངས་རྒྱས་བདག་འགྱུར་ཞེས། །རྫོགས་སངས་རྒྱས་ཀྱིས་བདག་ལུང་བསྟན། །བདག་ནི་ཐེ་ཚོམ་ཡོང་མ་མཆིས། །ས་རྣམས་ཐམས་ཅད་འགགས་ 44-254a ཀྱང་གདའ། །ཉི་ཟླ་མཁའ་ལས་ལྷུང་ཡང་གདའ། །བཅོམ་ལྡན་ཁྱོད་ཀྱི་ཞལ་སྒོ་ནས། །ཕྱིན་ཅི་ལོག་གི་གསུང་མི་འབྱུང་། །ཡེ་ཤེས་ལྡན་ལ་ཤེས་རབ་ཆེ། །དེས་ནི་བདག་ལ་བདེན་ཚིག་གིས། །བྱང་ཆུབ་མཆོག་ཏུ་ལུང་བསྟན་པས། །སངས་རྒྱས་བླ་ན་མེད་ པར་འགྱུར། །ཐུགས་ཀྱིས་ཡིད་ནི་མཁྱེན་པས་ན། །བདག་གི་སྤྱོད་པ་ཅི་འདྲ་དང་། །སངས་རྒྱས་ཞིང་ཡང་ཅི་འདྲ་བར། །དེ་འདྲ་ཉིད་དུ་ཀུན་བསྟན་ཏོ། །རྫོགས་སངས་རྒྱས་ཀྱི་གསུང་ཐོས་ནས། །ཐེ་ཚོམ་མ་མཆིས་དབང་པོ་ཚིམ། །སེམས་ཅན་རྣམས་ལ་ཕན་པའི་རྒྱུར། ། མཆོག་གི་སྤྱོད་པ་སྤྱད་པར་བགྱི། །བདག་གི་སྤྱོད་པ་ཅི་འདྲ་བ། །སྔོན་གྱི་མཐར་ནི་རྣམ་སྦྱངས་པ། །དེ་བས་ཤིན་ཏུ་དཔག་ཡས་པར། །བདག་གི་སྤྱོད་པ་སྤྱད་པར་བགྱི། །འདི་ནི་ལེ་ལོས་མི་འདའ་བས། །བརྩོན་འགྲུས་བརྟན་པའི་སྤྱོད་པ་འདི། །ཞུམ་པ་མ་མཆིས་སེམས་ ཀྱིས་སུ། །བྱང་ཆུབ་སྤྱོད་པ་སྤྱད་པར་བགྱི། །བདག་ནི་བྱང་ཆུབ་ལུང་བསྟན་པ། །སངས་རྒྱས་ཀྱིས་ནི་སྤྲོ་བ་སྩལ། །ཇི་སྲིད་འདྲེན་པར་མ་གྱུར་པ། །དེ་སྲིད་བརྩོན་འགྲུས་མི་གཏོང་ངོ་། །རྟག་ཏུ་བྱང་ཆུབ་མཆོག་གཞོལ་ཏེ། །སེམས་ཅན་ཐམས་ཅད་གཉེར་བར་བགྱི། །བྱང་ ཆུབ་དམ་པ་དོན་དུ་བཙལ། །དེ་དག་བདག་གིས་བསྐྱང་བར་བགྱི། །བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེས་ཚིགས་སུ་བཅད་པ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་སྟོང་ཕྲག་བདུན་ཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ འཇིག་རྟེན་གྱི་ཁམས་འོད་དྲི་མ་མེད་པར་སྐྱེ་བར་སེམས་ཀྱིས་སྨོན་ཏེ་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་ནམ་དེ་བཞིན་གཤེགས་པ་རིན་པོ་ཆེ་འབྱུང་བ་དེས་བྱང་ཆུབ་ཐོབ་པར་གྱུར་པ་དེ་ན་བདག་ཅག་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གྱུར་ཅིག་ཅེས་སྨྲས་པ་དང་། དེ་དག་ཐམས་ ཅད་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ 44-254b ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། ཀློག་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ང་ལུང་སྟོན་ཏོ། །ཀུན་དགའ་བོ་ རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ལོ་སྟོང་དུ་ཅི་བཞེད་ཅེས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་ཏེ། འཆང་ ངམ། ཀློག་གམ། དེ་ཁོ་ན་བཞིན་དུ་ནན་ཏན་བྱེད་ན། འདི་ནི་དེ་བས་བསོད་ནམས་ཆེས་མང་སྟེ། ཚད་མེད་གྲངས་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ན་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ཞེས་བྱ་བར་ཟུང་ཤིག །དེ་ བཞིན་གཤེགས་པའི་མན་ངག་ཅེས་བྱ་བར་ཡང་ཟུང་ཤིག །གཙུག་ན་རིན་པོ་ཆེས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་རིན་ཆེན་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ ལས། གཙུག་ན་རིན་པོ་ཆེས་ཞུས་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།  
<h3 class="clear-none pb-2">༄༅། །རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །</h3> <div class="text-150r pl-4 p-bl-fix">སྨྲ་བའི་དམ་པ་མགོན་པོ་ཉི་མའི་གཉེན།། བསྟན་པའི་མཛེས་རྒྱན་མཁས་གྲུབ་རྒྱུ་སྐར་ཕྲེང་།། རྒྱལ་བས་ལུང་བསྟན་འཇམ་དཔལ་སྙིང་བོ་ལ།། ཤེས་ནས་དད་པས་ལན་བརྒྱར་ཕྱག་བགྱིའོ།།</div></br> <div class="text-150r pl-4 p-bl-fix">བློ་གཏེར་ངག་ལ་དབང་བའི་ཆོས་ཀྱི་སྤྱན།། བཟང་བོའི་འོད་སྟོང་འབར་བའི་ལེགས་བཤད་ཀྱི།། གྲགས་པའི་སྒྲ་བརྒྱ་རྒོད་པ་ལྷ་ཡི་རྔ།། བསྟོད་བསྔགས་རྒྱ་མཚོའི་དབྱངས་དང་ལྷན་ཅིག་རྩེན།།</div></br> <div class="text-150r pl-4 p-bl-fix">མདོ་རྒྱུད་མན་ངག་རིན་ཆེན་ས་ལེ་སྦྲམ།། མཁྱེན་རབ་ཟབ་མོའི་འཕྲུལ་ལས་ལེགས་འོངས་ཤིང་།། ཐུབ་བསྟན་གླིང་བཞིའི་མཁའ་ལ་དབང་འབྱོར་བའི།། ལུགས་བཟང་གསེར་གྱི་འཁོར་ལོས་འཇིག་རྟེན་གནོན།།</div></br> <div class="text-150r pl-4 p-bl-fix">དྲི་མེད་རིགས་ལམ་རིན་ཆེན་ཡུ་བ་ལ།། ཟབ་རྒྱས་ཆོས་ཀྱི་འདབ་མ་འབུམ་དུ་རྫོགས།། ངོ་མཚར་རྒྱན་མང་བཀྲ་བའི་རིན་ཆེན་གདུགས།། ལྷར་བཅས་སྐྱེ་དགུའི་གཙུག་ཏུ་མངོན་པར་བསྒྲེང་།།</div></br> <div class="text-150r pl-4 p-bl-fix">མ་སྨད་ཚུལ་ཁྲིམས་དག་པའི་སྲོག་གི་ཤིང་།། ཚུལ་བཞིན་བསྒྲུབ་པའི་ཏིང་འཛིན་ཤམ་བུ་མཛེས།། ལྟ་ངན་མུན་སེལ་འབུམ་ཕྲག་ཉི་མའི་ཏོག། འབར་བའི་རྒྱལ་མཚན་འོག་མིན་གནས་སུ་བསྒྲེང་།།</div></br> <div class="text-150r pl-4 p-bl-fix">འཛམ་གླིང་ཡངས་པའི་ཕྱོགས་ཀྱི་འཁོར་ལོ་ཀུན།། རྣམ་དག་བསླབ་པའི་རྒྱན་ལྡན་ངུར་སྨྲིག་སྡེ།། ལི་ཁྲིའི་རྒྱ་མཚོ་བཤད་སྒྲུབ་འཁྲི་ཤིང་གར།། མཛེས་པའི་རྣམ་ཐར་གཙང་མར་སུ་མི་གུས།།</div></br> <div class="text-150r pl-4 p-bl-fix">བཀའ་གདམས་མེས་པོའི་མན་ངག་ཨཱ་དརྴ།། དྲི་མེད་རིགས་པས་བྱི་དོར་ལེགས་པར་བསྒྲུབ།། རྒྱལ་ཀུན་དགྱེས་པའི་དགོངས་པ་བླ་ན་མེད།། འདི་ཀོ་རིས་མེད་མཁས་དང་གྲུབ་པས་བསྔགས།།</div></br> <div class="text-150r pl-4 p-bl-fix">སྒོ་གསུམ་སྤྱོད་པ་དམ་ཚིག་སྡོམ་པས་བསྡམས།། རྣམ་མང་གྲུབ་མཐས་ཀུན་བཏགས་མཐའ་བྲལ་ལྟ།། ཞི་ལྷག་ཚོགས་ལྡན་རྒྱལ་བའི་བཀའ་བཞིན་བསྒོམ།། དེ་ཉིད་གཟིགས་པའི་རྒྱ་ལས་ཇི་ལྟར་འགོང་།།</div></br> <div class="text-150r pl-4 p-bl-fix">བགྲང་ཡས་མཁས་དབང་རྒོལ་བའི་དཀྱིལ་འཁོར་དུ།། བཀའ་པོཏ་གཞུང་བརྒྱའི་བརྒལ་བརྟག་རྩེ་མོར་སོན།། སྒྲུབ་ལ་གཞོལ་བའི་དཀའ་ཐུབ་མང་བསྟེན་པས།། ཉམས་རྟོགས་བརྟོལ་བའི་ངོ་མཚར་བཀྲ་མིན་ནམ།།</div></br> <div class="text-150r pl-4 p-bl-fix">མ་ལུས་མཁས་པའི་བཞེད་པ་པདྨའི་རྩ།། མ་འདྲེས་འབྱེད་པའི་ལེགས་བཤད་སྣང་བའི་མཛོད།། མ་བརྟགས་གཟུ་ལུམ་སྨྲ་བའི་ལྗགས་ཐུང་བ།། མ་རིག་རིམས་ནད་འབྱམས་པ་མིན་ནོ་ལོ།།</div></br> <div class="text-150r pl-4 p-bl-fix">རིག་འཛིན་རྫོགས་པ་ཆེན་པོའི་ཉམས་བཞེས་ཀྱིས།། ས་ལམ་ཐེམ་སྐས་འཛེག་པ་ཕྱིར་བཤུང་སྟེ།། ལུས་མེད་མདའ་ཡིས་རེག་པའི་འགལ་རྐྱེན་གྱིས།། རྟག་ཆད་ཉམ་ངའི་ཆོ་ངེ་མི་འདེབས་ཨང་།།</div></br> <div class="text-150r pl-4 p-bl-fix">ཐེག་པ་བླ་ན་མེད་པའི་མཐའ་བྲལ་དོན།། ཚུལ་བཞིན་འབྱེད་པར་ལུང་བསྟན་འཕགས་པ་ཀླུའི།། དགོངས་པ་ཇི་བཞིན་ཕྱེད་པར་ལྟ་བ་དང་།། ཕྲ་རགས་དགག་བྱའི་སྤུ་རིས་ཤིན་ཏུ་མང་།།</div></br> <div class="text-150r pl-4 p-bl-fix">དེ་སླད་འཕགས་བོད་མཁས་པའི་གཞུང་ལུགས་ཀྱི།། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་པའི་ཚུལ།། རྣམ་མང་རིས་མེད་མཁས་པའི་འདུན་ས་ཆེར།། རྩོད་ངག་འབེལ་གཏམ་བགྱིད་པར་ཁོ་བོ་དད།།</div></br> <div class="text-150r pl-4 p-bl-fix">འཕགས་ཡུལ་པཎ་ཆེན་བྱེ་བའི་ལམ་སྲོལ་མཆོག། གོ་རིགས་ལུང་གིས་གཞུང་དོན་བརྟག་པའི་ཚུལ།། གྲུབ་དབང་པདྨ་ཀ་རའི་བཀའ་ལུང་ལྟར།། འཇུག་པར་དགག་སྒྲུབ་མཁན་ཁྱོད་སྤྲོ་བར་ངེས།།</div></br> <div class="text-150r pl-4 p-bl-fix">ཅི་དགར་བསྐྱོད་པའི་ཡིག་ཚོགས་སྤེལ་སླ་མོད།། འཕྲལ་དུ་སུན་འབྱིན་རིགས་པས་ལེགས་ཕྱེ་ན།། རྣམ་དཔྱོད་ཡངས་པས་དབུགས་དབྱུང་དགའ་སྟོན་སྦྱིན།། སྔོན་དུས་མཁས་པའི་ཉམས་བཞེས་རྫོགས་པ་ཆེར།།</div></br> <div class="text-150r pl-4 p-bl-fix">གཞོགས་དྲུད་གྲུབ་མཐའ་སུན་འབྱིན་མི་ཉུང་མོད།། མཁས་ཁྱོད་བཤད་སྒྲུབ་ཟུང་གིས་རྒྱལ་བའི་ལམ།། ཚོལ་ཞིང་དོན་ལ་རྟོན་པ་ཡི་གར་འོང་།། དེ་ལྟ་ན་འང་འཇམ་མགོན་ཐུགས་བཅུད་ཀྱི།།</div></br> <div class="text-150r pl-4 p-bl-fix">ནང་མཛོད་བསྲུང་བའི་སྤྱན་པ་མཐའ་ཡས་ཏེ།། འདིར་ནི་རྟོག་གེའི་རློམ་འཆང་པྲ་ཤ་ཀས།། རིགས་པས་མེལ་ཚེ་ལས་ཀྱི་བགོ་སྐལ་བླངས།། ལེགས་པར་བཤད་པའི་འདབ་མ་ཀུན་ནས་བཞད།།</div></br> <div class="text-150r pl-4 p-bl-fix">ཐོག་མཐའ་བར་དུ་དགེ་བའི་དྲི་བསུང་ལྡང་།། དོན་གྱི་རོ་མཆོག་ཡིད་ལ་དགའ་བའི་དཔལ།། རྒྱབ་རྟེན་ལུང་གི་པདྨོའི་གུར་ཁང་མཛེས།། སྐྱེས་སྦྱངས་རྣམ་དཔྱོད་འཕྲུལ་ལས་ལེགས་འོངས་ཤིང་།།</div></br> <div class="text-150r pl-4 p-bl-fix">ཕྲ་ཞིབ་རྡོ་རྗེ་རྩེ་བརྒྱ་ཀུན་ནས་འབར།། དངོས་སྟོབས་ཚད་མའི་ཤུགས་འཆང་དབང་བོའི་མཚོན།། དྲི་མེད་རིགས་ལམ་རྡོ་རྗེའི་གུར་ཁང་ཕུབ།། ལུང་རིགས་ཐོག་མདའ་རྒོད་པའི་རང་ཆོས་ཀྱི།།</div></br> <div class="text-150r pl-4 p-bl-fix">སུན་འབྱིན་ལྕེ་བརྒྱ་གཡོ་བའི་ཁོར་གསུམ་འཕྲེང་།། ལྟག་ཆོད་བུད་ཤིང་མཐར་བྱེད་དུས་ཀྱི་ཞུགས།། རྔམ་འཇིགས་བཟོད་དཀའི་མེ་དཔུང་ཕྱོགས་བཅུར་འཕྲོ།།</div></br> <div class="text-150r pl-4 p-bl-fix">དེ་ལྟར་གུས་རྟག་བརྩོན་པའི་འཕྲུལ་གྱིས་ལྷག་བསམ་ཆུ་གཏེར་འཇིངས་བསྲུབས་པས།། སྡེབ་ལེགས་ཚིག་གི་རླབས་འཕྲེང་ཡལ་འདབ་མཁའ་ལ་རྩེན་པའི་གདེངས་ཀ་ནས།། མཚམས་སྤྲིན་གསར་བའི་གོས་བཟང་རབ་འཛིན་བྱ་མ་རྟ་ཡི་སྣང་བའི་དཔལ།། རིགས་ལམ་ཕྱོགས་ཀྱི་འཇུག་པ་མང་འཕྲུལ་མཚོ་བྱུང་རོལ་བའི་བློ་གྲོས་སྤྲོས།།</div></br> <div class="text-150r pl-4 p-bl-fix">ཚིག་དོན་ལང་ཚོ་དར་བའི་ཡིད་འཛིན་མ།། གངས་ཅན་ལུམ་བིའི་སྐྱེད་ཚལ་མ་ལ་ཡའི།། དཔལ་འཛིན་ངོ་མཚར་བྱང་ཆུབ་ཤིང་དྲུང་ནས།། རབ་ཚེས་གསེར་འཕྱང་ཟླ་བའི་ཚེས་ལ་བཏེག།</div></br> <span class="p-bl-fix" style="color: #B22222;">༈ ཅེས་<em>རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ་</em>ཞེས་བྱ་བ་འདི་ནི། དགེ་ལྡན་རིང་ལུགས་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་རྟོག་གེ་བ་མཚོ་བྱུང་རོལ་བའི་བློ་གྲོས་ཀྱིས་འཇུ་མི་ཕམ་པ་ཞེས་བྱ་བའི་རྫོགས་ཆེན་པ་ལ། འདུལ་བ་ནས་གསུངས་པ་ལྟར་རྩོད་པའི་སྐབས་འབྱེད་པའི་སྦྱོར་བཅོམ་དུ་རབ་ཚེས་བགྲང་བྱ་སོ་གཅིག་པ་མེ་བྱ་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོཪ་༧ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་སྦྱར་བ་སྟེ་དངོས་གཞི་དང་མཇུག་ཀྱང་མཐར་ཕྱིན་པར་སྨོན་ནོ།།</span> <div class="text-150r pl-4 p-bl-fix">ཚིག་སྦྱོར་ལང་ཚོ་འབར་བའི་སྨིན་ལེགས་མ།། རྨད་བྱུང་ཉམས་ཀྱིས་སྒེག་པའི་ཟློས་གར་ལ།། བསྐུལ་ཕྱིཪ་ཀུན་གཟིགས་རྒྱལ་བའི་ཞིང་གི་ཟླ།། སྐུ་འབུམ་བློ་བཟང་ཆོས་ཀྱི་འདུན་སར་བཀྲམ།།</div></br>  
8-5-1a ༄༅། །རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ་བཞུགས་སོ། ༄། །བྱེ་བྲག་ཏུ་སྨྲ་བའི་ལུགས། ༈ སྤྱིར་རྟེན་འབྲེལ་བཞིར་དབྱེ་བ། ༄༅། །རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ་བཞུགས་སོ།། །། 8-5-1b ༄༅། །རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་འདུས་མཐོང་ལམ་རྩེ་སྦྱོར་གྱི། །རྟོགས་ པ་བརྙེས་ནས་སེང་གེ་རྣམ་བསྒྱིངས་ཀྱིས། །རྣམ་པར་བསྒྱིངས་ནས་སླར་ཡང་རྗེས་ཐོབ་ཏུ། །རྟེན་འབྲེལ་རྟོགས་མཛད་རྒྱལ་སྲས་འཕགས་པ་རྒྱལ། །གང་ཞིག་རྟོགས་ནས་སྲིད་པའི་ར་བ་ལས། །རྣམ་པར་བརྒལ་ཏེ་ཐར་པའི་རི་ངོས་སུ། ། འཛེགས་པའི་ཐབས་ནི་རྟེན་འབྲེལ་རྟོགས་པ་ལས། །གཞན་དུ་མེད་པར་རྫོགས་པའི་སངས་རྒྱས་གསུང་། །འཁོར་བའི་རྩ་བ་གང་ཟག་ལ་རྨོངས་པའི། །མ་རིག་ཡིན་ཞིང་དེ་ཡི་རྩ་བ་ཡང་། །གནས་ལུགས་དོན་ལ་རྨོངས་པའི་མ་རིག་ ཏུ། །ཐེག་ཆེན་དབུ་མའི་སྡེ་སྣོད་རྣམས་ལས་གསུངས། །མ་རིག་དེ་ཡི་ཞེན་ཡུལ་སྤྲོས་པ་ནི། །སྟོང་པ་ཉིད་ཀྱི་ལྟ་བས་བཅད་བྱས་ནས། །འཇིག་ཚོགས་ལྟ་སོགས་ཉོན་མོངས་མཐའ་དག་དང་། །ཟག་བཅས་ལས་རྣམས་འབྱུང་ 8-5-2a བ་མེད་པར་ནི། །འཁོར་བར་སྐྱེ་བའི་སྡུག་བསྔལ་མི་འབྱུང་བས། །ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་གི། །གོ་རིམ་ངེས་པར་བྱས་ནས་སྒོམ་པ་ནི། །བྱང་ཆུབ་གསུམ་ལ་འཛེགས་པའི་ ཐེམ་སྐས་ཡིན། །རྟེན་འབྲེལ་དོན་དང་སྟོང་ཉིད་དོན་གཅིག་པའི། །དབུ་མའི་ལྟ་བ་སྐྱེ་ཚུལ་རིགས་པ་ཡི། །རྣམ་བཞག་འཕགས་མཆོག་ཀླུ་སྒྲུབ་གཞུང་ལུགས་ལས། །གསལ་བར་གསུངས་པ་ཐེག་པ་ཆེན་པོའི་ལུགས། ། འདིར་ནི་གྲུབ་མཐའ་ཀུན་ལ་གྲགས་པ་ཡི། །ཡན་ལག་བཅུ་གཉིས་སོ་སོའི་ངོ་བོ་དང་། །རྒྱུ་འབྲས་དུས་བསྡུས་ས་མཚུངས་དཔྱད་པ་སོགས། །བཤད་པར་བྱ་ཡི་དོན་གཉེར་དགའ་བས་ཉོན། །འདི་ལ་བཞི་སྟེ། བྱེ་བྲག་ ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་སོ། །དང་པོ་ལ་གཉིས་ཏེ། སྤྱིར་རྟེན་འབྲེལ་བཞིར་དབྱེ་བ་དང་། གནས་སྐབས་པའི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ 8-5-2b ནི། སྐད་ཅིག་མའི། འབྲེལ་པ་ཅན་གྱི། གནས་སྐབས་པའི། རྒྱུན་ཆགས་པའི་རྟེན་འབྲེལ་དང་བཞིའོ། །དང་པོ་ནི། འདོད་ཆགས་དྲག་པོས་ཀུན་ནས་བསླངས་པའི་སྲོག་གཅོད་པའི་གནས་སྐབས་ཀྱི་སྐད་ཅིག་མ་གཅིག་ལ་ཡང་ཡན་ལག་བཅུ་གཉིས་བརྩིར་རུང་ སྟེ། དེའི་གནས་སྐབས་ཀྱི་སེམས་བྱུང་རྨོངས་པ་ནི་མ་རིག་པ། སེམས་བྱུང་སེམས་པ་ནི་འདུ་བྱེད། གཙོ་སེམས་ནི་རྣམ་པར་ཤེས་པ། དེ་ཉིད་ཕུང་པོ་གཞན་བཞི་དང་བཅས་པ་ནི་མིང་གཟུགས། མིང་གཟུགས་དེ་ལ་གནས་པའི་མིག་སོགས་དྲུག་ནི་སྐྱེ་མཆེད་ དྲུག །སྐྱེ་མཆེད་དྲུག་ཡུལ་དང་འཕྲད་པ་ནི་རེག་པ། རེག་པ་ཉམས་སུ་མྱོང་བ་ནི་ཚོར་བ། འདོད་ཆགས་དྲག་པོ་ནི་སྲེད་པ། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་ནི་ལེན་པ་དང་སྲིད་པ། ལས་དེས་འབྲས་བུ་ཕྱི་མ་བསྐྱེད་ནུས་པ་ནི་སྐྱེ་བ། ལས་དེ་ཞིག་ཅིང་ འགག་པ་ནི་རྒ་ཤི་སྟེ། དེ་ཐམས་ཅད་ཀྱང་འདོད་ཆགས་དྲག་པོས་ཀུན་ནས་སློང་བའི་སྲོག་གཅོད་པའི་གནས་སྐབས་ཀྱི་སྐད་ཅིག་མ་སྐྱེས་ནས་འགགས་པ་ཙམ་ལ་ཚང་བའི་ཕྱིར་རོ། །གཉིས་པ་ནི་བསྟན་བཅོས་རབ་ཏུ་བྱེད་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་ བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །ཞེས་གསུངས་པ་ལྟར། འདུས་བྱས་ཐམས་ཅད་འབྲེལ་པ་ཅན་གྱི་རྟེན་འབྲེལ་ཏེ། རྒྱུ་དང་རྐྱེན་དེ་དང་དེ་ལ་བརྟེན་ནས་འབྲས་བུ་དེ་དང་དེ་འབྱུང་བའི་ཕྱིར་ན་རྒྱུ་འབྲས་སུ་འབྲེལ་པ་ལ་རྟེན་འབྲེལ་དུ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། ཚེ་གསུམ་གྱིས་བསྡུས་པའི་ཕུང་པོའི་གནས་སྐབས་ལ་ཡན་ལག་བཅུ་གཉིས་སུ་འགྱུར་པ་སྟེ་འཆད་པར་འགྱུར་རོ། །བཞི་པ་ནི། འབྲེལ་པ་ཅན་གྱི་རྟེན་འབྲེལ་དང་། གནས་སྐབས་པའི་རྟེན་འབྲེལ་གཉིས་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་འབྱུང་བ་སྟེ་ 8-5-3a གཉིས་པོ་ཁོ་ན་ལ་འཇོག་གོ། ༈ གནས་སྐབས་པའི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ། གཉིས་པ་ལ་སྡོམ་ནི། ཚེ་གསུམ་ཕུང་པོའི་སྐབས་ལ་བཅུ་གཉིས་བཞག །ཡན་ལག་ཐ་སྙད་གཙོ་བོའི་སྒོ་ནས་བསྟན། །ཚེ་གསུམ་ཉིད་ལ་བཞག་པའི་དགོས་པ་བསྟན། །ཉོན་མོངས་གསུམ་དང་རྒྱུ་འབྲས་གཉིས་ སུ་བསྡུ། །གཉིས་ཀྱི་རྒྱུ་འབྲས་བསྡུས་ཀྱང་བར་མས་རྟོགས། །སྔ་ཕྱིའི་རྒྱུ་འབྲས་ཡོད་ཀྱང་བཅུ་གཉིས་ངེས། །འབྱུང་དང་བྱུང་བའི་རྟེན་འབྲེལ་ཁྱད་པར་བཤད། །ཅེས་པ་ལྟར་བདུན་ལས། དང་པོ་ནི། ཡན་ལག་བཅུ་གཉིས་ཚང་བ་ནི་འདོད་པ་ཁམས་ པའི་བརྫུས་སྐྱེས་མ་ཡིན་པའི་སེམས་ཅན་ཚེ་ཡོངས་སུ་རྫོགས་པ་གཅིག་དབུས་སུ་བྱས་ནས་དེའི་ཚེ་གསུམ་ལ་མ་རིག་པ་དང་འདུ་བྱེད། རྣམ་ཤེས་ནས་སྲིད་པའི་བར་བརྒྱད། སྐྱེ་རྒ་གཉིས་སོ་སོར་བཞག་དགོས་ཏེ། མཛོད་ལས། སྔོན་དང་ཕྱི་མཐར་གཉིས་ གཉིས་དང་། །བར་དུ་བརྒྱད་ཡང་རྫོགས་ལྡན་ལ། །ཞེས་སོ། །འོ་ན་དེ་ཚེ་གསུམ་ལ་བཞག་པའི་ངོ་བོ་གང་ཞེ་ན། མ་རིག་པ་ནི་ཚེ་སྔ་མའི་ལས་ཀུན་ནས་བསློངས་བའི་ཉོན་མོངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །འདུ་བྱེད་ནི་སྔ་མའི་ཉོན་མོངས་པའི་དབང་གིས་ལས་ བསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྣམ་པར་ཤེས་པ་ནི་ལས་དེས་ཚེ་འདིར་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །མིང་དང་གཟུགས་ནི་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པ་ནས་སྐྱེ་མཆེད་ དྲུག་མ་དོད་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་དོད་པ་ནས་ཡུལ་དབང་རྣམ་ཤེས་གསུམ་མ་འདུས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རེག་པ་ནི་དེ་གསུམ་འདུས་ནས་བདེ་སྡུག་གི་འགྱུར་བ་མི་ཤེས་པའི་བར་གྱི་གནས་ 8-5-3b སྐབས་ཀྱི་ཕུང་པོ་ལྔའོ། ཚོར་བ་ནི་བདེ་སྡུག་གི་འགྱུར་བ་ཤེས་ནས་འཁྲིག་པ་སྤྱོད་མི་ཤེས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། སྲེད་པ་ནི་འཁྲིག་པ་སྤྱོད་ཤེས་པ་ནས་འཁྲིག་པའི་ལོངས་སྤྱོད་ལ་ཆགས་པ་མ་སྐྱེས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །ལེན་ པ་ནི་དེ་ལ་ཆགས་པ་སྐྱེས་པ་ནས་ལོངས་སྤྱོད་དེ་ཐོབ་པའི་ཆེད་དུ་ཡོངས་སུ་རྒྱུག་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྲིད་པ་ནི་རྒྱུག་པ་དེ་ཉིད་ཡང་སྲིད་ཕྱི་མ་འབྱུང་བའི་ལས་སོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྐྱེ་བ་ནི་ལས་དེས་ཚེ་ཕྱི་མར་མངལ་དུ་ཉིང ་མཚམས་སྦྱོར་བའི་སྐད་ཅིག་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྒ་ཤི་ནི་དེའི་སྐད་ཅིག་གཉིས་པ་མིང་གཟུགས་ནས་བཟུང་སྟེ་ཚོར་བའི་བར་གྱི་ཕུང་པོ་ལྔའོ། །དེ་ཡང་འདི་ཉིད་དབུས་སུ་བཞག་པ་ན་སྐྱེ་བ་ལ་རྣམ་ཤེས་དང་། རྒ་ཤི་ལ་མིང་གཟུགས་ནས་ཚོར་བའི་བར་བཞག་སྟེ། གཞན་ལ་ཡང་འགྲེའོ། །གཉིས་པ་ནི་ཐམས་ཅད་ཕུང་པོ་ལྔ་པ་ཡིན་ན། མ་རིག་པ་སོགས་ཅིའི་ཕྱིར་ཡན་ལག་ཏུ་བཞག་ཅེ་ན། དེ་དང་དེའི་གནས་སྐབས་ན་གཙོ་གང་ཆེ་བ་དེའི་མིང་ནས་སྨོས་ཏེ་ཡན་ལག་ཏུ་བཞག་པ་ཡིན་ཏེ། སྔོན་ཉོན་མོངས་པའི་གནས་སྐབས་ན་མ་རིག་ པ་གཙོ་ཆེ་བ་དང་། ལས་ཀྱི་གནས་སྐབས་ན་འདུ་བྱེད་སེམས་པ་གཙོ་ཆེ་བ་ལ་སོགས་པའི་དབང་གིས་ཡན་ལག་རེ་རེ་ལ་ཕུང་པོ་ལྔ་ཆར་ཡོད་ཀྱང་མ་རིག་པ་སོགས་དེ་དང་དེའི་མིང་གིས་སྨོས་པའི་ཕྱིར་ཏེ། གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཞེས་སོ། །གསུམ་པ་ནི། འོ་ ན་ཡན་ལག་བཅུ་གཉིས་ཕུང་པོ་ཉིད་ལ་བཞག་ནས། དེ་ཡང་ཚེ་གསུམ་ལ་བཞག་པའི་དགོས་པ་གང་ཞེ་ན། སྔོན་གྱི་མཐར་བདག་བྱུང་ངམ་མ་བྱུང་སྙམ་པའི་རྨོངས་པ་བསལ་ནས་ཕུང་པོའི་རྒྱུན་ཙམ་ཞིག་འབྱུང་གི་བདག་ནི་ཅུང་ཟད་ཙམ་ཡང་མ་བྱུང་བར་ཤེས་པ་དང་། ཕྱི་མའི་ 8-5-4a ཚེ་བདག་འབྱུང་ངམ་མི་འབྱུང་སྙམ་པའི་རྨོངས་པ་བསལ་ནས་ཕུང་པོའི་རྒྱུན་ཙམ་ཞིག་འབྱུང་གི་བདག་ནི་ཅུང་ཟད་ཀྱང་འབྱུང་བ་མེད་པར་ཤེས་པ་དང་། ད་ལྟར་བདག་གི་ངོ་བོ་ནི་ཇི་ལྟ་བུ་ཞིག་ཡིན་སྙམ་པའི་རྨོངས་པ་བསལ་ནས་ཕུང་པོའི་རྒྱུན་ཙམ་ཞིག་ཡོད་ཀྱི་བདག་ནི་ཅུང་ ཟད་ཀྱང་ཡོད་པ་མིན་ནོ་ཞེས་ཤེས་པའི་ཆེད་དུ་ཡིན་ཏེ། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་དང་། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ནི། བཅུ་གཉིས་པོ་ཐམས་ཅད་ཉོན་མོངས་པ་གསུམ་དུ་ཡང་འདུས་ཏེ། མ་རིག་ པ་དང་། སྲེད་པ་དང་། ལེན་པ་གསུམ་ནི། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ལྷག་མ་བདུན་ནི་གཞིའི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཡང་རྒྱུ་འབྲས་གཉིས་སུ་ཡང་འདུས་ཏེ། ཉོན་མོངས་ པ་དང་ལས་ཀྱིས་བསྡུས་པ་ལྔ་ནི་རྒྱུའི་རྟེན་འབྲེལ་དང་། ལྷག་མ་བདུན་ནི་འབྲས་བུའི་རྟེན་འབྲེལ་ཡིན་པའི་ཕྱིར་ཏེ། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཅེས་སོ། ལྔ་པ་ནི། ཡན་ལག་བཅུ་གཉིས་ཆ་གཅིག་གིས་བསྡུས་ པའི་ཚེ་ཕྱི་མའི་འབྲས་བུའི་གནས་སྐབས་སུ་རྣམ་ཤེས་ནས་ཚོར་བའི་བར་ལྔ་མེད་པར་ཐལ། ཕྱི་མའི་འབྲས་བུའི་ཡན་ལག་རྣམས་སྐྱེ་རྒ་གཉིས་སུ་འདུས་པའི་ཕྱིར་རོ། །ཚེ་སྔ་མའི་རྒྱུའི་གནས་སྐབས་སུ་སྲེད་ལེན་སྲིད་པ་གསུམ་མེད་པར་ཐལ། ཚེ་སྔ་མའི་རྒྱུའི་ཡན་ ལག་རྣམས་མ་རིག་པ་དང་འདུ་བྱེད་གཉིས་སུ་འདུས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། ཚེ་འདིའི་འབྲས་བུའི་ཡན་ལག་ལ་ལྔར་ཕྱེ་བའི་རྗེས་སུ་དཔག་པ་ལས་ཕྱི་མའི་འབྲས་བུའི་ཡན་ལག་ལ་ཡང་ཡན་ལག་ལྔ་པོ་དེ་ཡོད་པར་རྟོགས་ནུས་པའི་ཕྱིར་དང་། ཚེ་འདིའི་རྒྱུའི་ཡན་ལག་ལ་གསུམ་དུ་ 8-5-4b ཕྱེ་བའི་རྗེས་སུ་དཔག་པ་ལས་སྔ་མའི་རྒྱུའི་ཡན་ལག་ལ་ཡང་གསུམ་པོ་དེ་ཡོད་པར་རྟོགས་ནུས་པའི་ཕྱིར་ཏེ། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཞེས་སོ། འོ་ན་སྔ་ཕྱི་གཉིས་ཀྱི་རྒྱུ་འབྲས་རྒྱས་པར་མི་ཕྱེ་བའི་རྒྱུ་མཚན་ཅི་ཡིན་ སྙམ་ན། དེ་ལྟར་ན་མདོ་ལས། ཡན་ལག་བཅུ་གཉིས་ཆ་གཅིག་གིས་སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་བསྐྱེད་པ་དེ་མི་འགྲུབ་པས་དེ་བསྒྲུབ་པའི་ཆེད་དུ་སྔ་ཕྱི་གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་ནས་བར་མ་རྒྱས་པར་ཕྱེ་བའོ། །དྲུག་པ་ནི་མ་རིག་པ་ལ་རྒྱུ་མེད་ན་འཁོར་ བ་ལ་ཐོག་མ་ཡོད་པར་འགྱུར་ཞིང་། ཡོད་ན་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་བ་དང་། རྒ་ཤི་ལ་འབྲས་བུ་མེད་ན་འཁོར་བ་ལ་ཐ་མ་ཡོད་པར་འགྱུར་ཞིང་། ཡོད་ན་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་རོ་ཞེ་ན། འདིའི་ལན་དུ་ཉོན་ མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་གསུངས་ཏེ། རྒྱས་པར་འོག་ཏུ་འཆད་དོ། །དེ་ཡང་མདོ་ལས་གསུངས་པའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་འཁོར་བས་ བསྡུས་པའི་ཡན་ལག་བཅུ་གཉིས་ཆ་གཉིས་ངེས་པར་ཚང་བ་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་གྱི་དགོངས་པར་སྣང་སྟེ། འདིར་ཡང་མདོ་ལས་གསུངས་པའི་ཡན་ལག་བཅུ་གཉིས་ཆ་གཅིག་བཞག་པ་ལ་ཡང་ཚེ་གསུམ་ངེས་པར་དགོས་ཤིང་། འཁོར་བས་བསྡུས་པའི་ཡན་ ལག་བཅུ་གཉིས་ཆ་གཅིག་ལ་ཚེ་གཉིས་ཀྱིས་ཆོག་པའི་ཕྱིར་ཏེ། ཚེ་སྔ་མའི་མ་རིག་པ་དང་འདུ་བྱེད་ལ་སྲེད་ལེན་སྲིད་པ་གསུམ་ཚང་ཞིང་། ཚེ་འདིའི་རྣམ་ཤེས་ནས་ཚོར་བའི་བར་ལ་སྐྱེ་བ་དང་རྒ་ཤི་གཉིས་ཚང་བས་དེར་ཡང་འཁོར་བའི་རྒྱུ་འབྲས་ཆ་གཅིག་རྫོགས་ལ། ཚེ་ 8-5-5a འདིའི་སྲེད་ལེན་སྲིད་པ་གསུམ་ལ་མ་རིག་པ་དང་འདུ་བྱེད་གཉིས་ཚང་། ཚེ་ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་ལ་རྣམ་ཤེས་ནས་ཚོར་བའི་བར་ལྔ་ཚང་བས་དེར་ཡང་འཁོར་བའི་རྒྱུ་འབྲས་ཆ་གཅིག་རྫོགས་པའི་ཕྱིར་རོ། །འོ་ན་མདོ་ལས་འཁོར་བའི་རྒྱུ་འབྲས་ཆ་ གཅིག་ལ་ཡན་ལག་བཅུ་གཉིས་སུ་མི་འཇོག་པར་ཆ་གཉིས་ལ་ཡན་ལག་བཅུ་གཉིས་སུ་བཞག་པའི་དགོས་པ་གང་ཞེ་ན། འདི་ལ་ཚེ་གསུམ་ལ་བཞག་པའི་དགོས་པ་དང་། སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བར་རྟོགས་པའི་དགོས་པ་གཉིས་ལས། དང་པོ་ནི་ བཤད་ཟིན་ལ། ཕྱི་མ་ནི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་མདོ་ལས་ཡན་ལག་བཅུ་གཉིས་སུ་བཞག་ན་སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བར་མི་འགྲུབ་སྟེ། དེའི་ཚེ་སྲེད་ལེན་སྲིད་པ་གསུམ་པོ་རྒྱུར་བྱས་ནས་རྣམ་ཤེས་ནས་ཚོར་བའི་བར་འབྲས་བུར་བཞག་ དགོས་པས་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མི་འགྲུབ་པའི་ཕྱིར་རོ། །ཆ་གཉིས་ལ་ཡན་ལག་བཅུ་གཉིས་ཆ་གཅིག་ཏུ་བཞག་པའི་ཚེ་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་འགྲུབ་སྟེ། དེའི་ཚེ་ཚོར་བ་ནི་ཆ་སྔ་མའི་འབྲས་བུ་ཡིན་ལ། སྲེད་པ་ནི་ཆ་ཕྱི་མའི་རྒྱུ་ཡིན་ཅིང་། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་ཚེ་གཉིས་ཀ་ཡང་ཆ་གཅིག་ཏུ་རྟོགས་པའི་ཕྱིར་རོ། །གཞན་དག་གིས་ཐེ་ཚོམ་ཡང་ག་ལ་ཞུགས། བདུན་པ་ནི། འོ་ན་མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་བྱུང་བ་ཞེས་གཉིས་གསུངས་ན་དེ་གཉིས་ཀྱི་ཁྱད་པར་གང་ ཞེ་ན། མདོའི་དགོངས་པ་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་འབྱུང་བ་དང་བྱུང་བ་གཉིས་ཀ་ཡིན་པའི་དོན་ཡིན་ལ། བསྟན་བཅོས་ལས་ནི་རྒྱུའི་ཡན་ལག་ལྔ་པོ་འབྱུང་བ་དང་། འབྲས་བུའི་ཡན་ལག་བདུན་པོ་བྱུང་བར་འཆད་དེ། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་ 8-5-5b བ་འབྲས་བུ་ཡིན་པར་འདོད། །ཅེས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་ཟིན་ཏོ།། །། ༄། །མདོ་སྡེ་པའི་ལུགས། གཉིས་པ་མདོ་སྡེ་པའི་ལུགས་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་སུན་ཕྱུང་བ་དང་། རང་གི་འདོད་པ་བཞག་པའོ། །དང་པོ་ནི། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཕུང་ པོ་ལྔ་པར་འདོད་པ་མི་འཐད་དེ། ལུང་རིགས་གཉིས་ཀྱིས་གནོད་པའི་ཕྱིར་རོ། །ལུང་ནི་བཅོམ་ལྡན་འདས་ཀྱིས་མདོ་ལས། མ་རིག་པ་གང་ཞེ་ན་སྔོན་གྱི་མཐའ་མི་ཤེས་པ་དང་ཞེས། སེམས་བྱུང་རྨོངས་པ་ལ་མ་རིག་པར་བཤད་པས་ཕུང་པོ་ལྔ་པར་འདོད་པ་མི་འཐད་དོ། ། རིག་པ་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཕུང་པོ་ལྔ་པ་ཡིན་ན། མིང་གཟུགས་ཁོ་ན་ཕུང་པོ་ལྔ་པར་བཤད་པ་ལ་དགོས་པ་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། མ་རིག་པ་ནི། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་ པ་སྟེ། རིག་པ་ཡེ་ཤེས་ལས་གཞན་ཙམ་དང་། རིག་པ་ཡེ་ཤེས་བཀག་ཙམ་མ་རིག་པ་ཡིན་ན། མདོ་ལས། མ་རིག་པའི་ཀུན་སྦྱོར་དང་། མ་རིག་པའི་འཆིང་བ་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་ཤེས་རབ་ངན་པ་མ་རིག་པ་ཡིན་ནོ་སྙམ་ན་མིན་ཏེ། ཤེས་རབ་ངན་པ་ནི་ལྟ་བ་ཡིན་ལ། ལྟ་བ་ནི་མ་རིག་པ་དེ་དང་མཚུངས་ལྡན་དུ་བཤད་པས་རྣམ་ཤེས་གཅིག་གི་འཁོར་དུ་ཤེས་རབ་ཀྱི་རྫས་གཉིས་འབྱུང་བ་མི་སྲིད་པའི་ཕྱིར་རོ། །ཡང་མདོ་ལས་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་གྲོལ་ལོ་ ཞེས་ཤེས་རབ་དེ་མ་རིག་པས་ཉོན་མོངས་པར་བྱ་བ་ཡིན་པའི་ཕྱིར་ན་ཡང་ཤེས་རབ་མ་རིག་པ་མ་ཡིན་ནོ་ཞེས་པ་ནི་མངོན་པ་སྨྲ་བའི་མདོ་སྡེ་པའི་ལུགས་ཡིན་ལ། ཚད་མ་སྨྲ་བའི་མདོ་སྡེ་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་མ་རིག་པར་འདོད་དེ། རྣམ་འགྲེལ་ལས། ཉེས་པ་རྣམ་པ་ 8-5-6a ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེ་དེ་ལས་ཆགས། །ཞེས་སོ། །འདུ་བྱེད་ནི་ལས་བསྟན་པའི་སྐབས་སུ་འཆད་པར་འགྱུར་རོ། །རྣམ་ཤེས་དང་། གཟུགས་དང་། སྐྱེ་མཆེད་དྲུག་ནི། ཁམས་ བསྟན་པར་བཤད་ཟིན་ནས། མིང་ནི་མིང་གཞིའི་ཕུང་པོའོ། །རིག་པ་ནི་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་སེམས་བྱུང་སྟེ། མིག་གི་འདུས་ཏེ་རེག་པ་སོགས་དྲུག་གོ། དེ་ཉིད་ཀྱི་དང་པོ་ལྔ་ལ་ཐོགས་པའི་རེག་པ་དང་། ཕྱི་མ་ལ་ཚིག་བླ་ དྭགས་པའི་རེག་པ་ཞེས་གཉིས་སུ་ཡང་དབྱེའོ། །ཡང་རེག་པ་ལ་དབྱེ་ན། རིག་པའི་རེག་པ། མ་རིག་པའི་རེག་པ། དེ་ལས་གཞན་པའི་རེག་པ་གསུམ་སྟེ། དང་པོ་ནི་ཟག་མེད་ཀྱི་རེག་པ། གཉིས་པ་ནི་ཉོན་མོངས་ཅན་གྱི་རེག་པ། གསུམ་པ་ནི་དགེ་བ་ཟག་ བཅས་དང་། མ་བསྒྲིབས་པའི་རེག་པའོ། །ཉོན་མོངས་ཅན་གྱི་རེག་པ་ལ་གནོད་སེམས་དང་མཚུངས་ལྡན་གྱི་རེག་པ་དང་། རྗེས་སུ་ཆགས་པ་དང་མཚུངས་ལྡན་གྱི་རེག་པ་གཉིས་སོ། །ཡང་རེག་པ་ལ་བདེ་བ་སྡུག་བསྔལ་བཏང་སྙོམས་མྱོང་འགྱུར་གྱི་རེག་པ་དང་གསུམ་ སྟེ། དེ་ལྟར་དབྱེ་སྒོ་ལྔ་ལས། རྣམ་གྲངས་ཀྱི་སྒོ་ནས་བཅུ་དྲུག་ཏུ་བཞེད་དོ། །ཚོར་བ་ནི་རེག་པས་བཅད་པ་ལྟར་རྣམ་སྨིན་ཉམས་སུ་མྱོང་བའི་སེམས་བྱུང་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་དྲུག་གོ། སྲེད་པ་དང་ལེན་པ་གཉིས་ནི་ཕྲ་རྒྱས་བསྟན་པའི་ སྐབས་སུ་འཆད་པར་འགྱུར་རོ། །སྲིད་པ་ནི་འདུ་བྱེད་ཀྱི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་དོ། །སྐྱེ་བ་དང་རྒ་ཤི་གཉིས་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལ་བཏགས་པའི་བཏགས་ཡོད་དོ། །ཉོན་མོངས་པ་གསུམ་དུ་བསྡུ་བ་སོགས་ཕལ་ཆེར་ནི་སྔ་མ་དང་འདྲ་ 8-5-6b ལ། རྒྱུ་འབྲས་དུས་བསྡུས་པ་ནི་མངོན་པ་ཀུན་ལས་བཏུས་བཞིན་དུ་བཞེད་པར་མངོན་ནོ། །མདོ་སྡེ་པའི་ལུགས་བཤད་ཟིན་ཏོ།། །། ༄། །སེམས་ཙམ་པའི་ལུགས། གསུམ་པ་སེམས་ཙམ་པའི་ལུགས་ལ། རྟེན་འབྲེལ་གང་ལ་འཇོག་པའི་གཞི་ངོས་བཟུང་བ། དེ་ལ་བཞག་པའི་རྟེན་འབྲེལ་ གྱི་རབ་དབྱེ་བཤད་པ། སྐབས་སུ་བབ་པའི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། འདིའི་ལུགས་ལ་རྟེན་འབྲེལ་གྱི་རྣམ་བཞག་འདུས་བྱས་ཐམས་ཅད་ལ་བརྩི་ཡིས། འདུས་མ་བྱས་ལ་ནི་མི་རྩི་སྟེ། དེ་ལ་རྟེན་འབྲེལ་གྱི་མཚན་ཉིད་གསུམ་པོ་དེ་མ་ཚང་བའི་ཕྱིར། གསུམ་ གང་ཞེ་ན། གཡོ་བ་མེད་པའི་རྐྱེན་གྱིས་བྱུང་བ། མི་རྟག་པའི་རྐྱེན་གྱིས་བྱུང་བ། ནུས་པའི་རྐྱེན་གྱིས་བྱུང་བའོ། །དེ་གསུམ་གྱི་ངོས་འཛིན་རིམ་པ་བཞིན། ཕྱིའི་རྟེན་འབྲེལ་མྱུ་གུ་སོགས་དང་། ནང་གི་རྟེན་འབྲེལ་མ་རིག་སོགས་རྣམས་ཆོས་ཅན། གཡོ་བ་མེད་པའི་རྐྱེན་གྱིས་ བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱུ་རྐྱེན་དེ་དང་དེ་ཚོགས་པ་ལས་འབྲས་བུ་འབྱུང་བ་ཡིན་གྱི་བདག་གིས་འབྲས་བུ་འདི་བསྐྱེད་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་བའི་གཡོ་བ་མེད་པའི་ཕྱིར། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་འདི་ཡོད་པས་འདི་ འབྱུང་ཞེས་པ་དང་། ཡང་དེ་གཉིས་ཆོས་ཅན། མི་རྟག་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཡོ་བ་མེད་པ་ལས་བྱུང་དུ་ཟིན་ཀྱང་རྟག་པས་འབྲས་བུ་བསྐྱེད་ན་འབྲས་བུ་ཐམས་ཅད་ཅིག་ཆར་བསྐྱེད་པར་ཐལ་བའི་ཕྱིར་རོ། །འདི་ལ་དགོངས་ནས་ བཅོམ་ལྡན་འདས་ཀྱིས་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་གསུངས་སོ། །ཡང་དེ་གཉིས་ཆོས་ཅན། ནུས་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཡོ་བ་མེད་པ་དང་། མི་རྟག་ཏུ་ཟིན་ཀྱང་རྐྱེན་གང་ཡང་རུང་བས་འབྲས་བུ་ཐམས་ཅད་བསྐྱེད་པ་མིན་པའི་ཕྱིར་དང་། 8-5-7a བསྐྱེད་པར་ནུས་པའི་རྐྱེན་གྱིས་འབྲས་བུ་བསྐྱེད་པ་ཡིན་པའི་ཕྱིར། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དང་། རྣམ་བྱང་གི་ རྟེན་འབྲེལ་ལོ། །དང་པོ་ལ་ནང་གི་དང་། ཕྱིའི་རྟེན་འབྲེལ་གཉིས། དང་པོ་ལ། བརྟེན་པའི་དབང་དུ་བྱས་པ། རྟེན་གྱི་དབང་དུ་བྱས་པ། གྲུབ་ཟིན་གནས་པའི་དབང་དུ་བྱས་པ། མ་གྲུབ་པ་གྲུབ་པའི་དབང་དུ་བྱས་པ་དང་བཞི་ནི་རིམ་པ་བཞིན། མིག་དབང་ གཟུགས་ཅན་པ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ལྟ་བུ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་ལྟ་བུ་དང་། ཁམས་གསུམ་གྱི་སེམས་ཅན་རྣམས་ཟས་ལ་བརྟེན་ནས་གནས་པ་ལྟ་བུ་དང་། ལེགས་སྤྱད་དང་ཉེས་ སྤྱད་ལ་བརྟེན་ནས་བདེ་འགྲོ་དང་། ངན་འགྲོ་སོ་སོར་འགྲུབ་པ་ལྟ་བུའོ། །གཉིས་པ་ལ་བརྟེན་པའི་དབང་དུ་བྱས་པ་དང་། རྟེན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། ས་བོན་ལས་མྱུ་གུ། དེ་ལས་སྡོང་བུ་འབྱུང་བ་ལ་སོགས་པ་ལྟ་བུའོ། །ཕྱི་མ་ནི་སེམས་ཅན་རྣམས་ ཀྱི་སྤྱི་མཐུན་གྱི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། འཇིག་པ་ལྟ་བུའོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ལ་བརྟེན་པའི་དབང་དུ་བྱས་པ་དང་། རྟེན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། ཚོགས་ལམ་ལས་སྦྱོར་ལམ། དེ་ལས་མཐོང་ལམ་འབྱུང་བ་ ལྟ་བུའོ། །གཉིས་པ་ནི་བསམ་གཏན་ལ་བརྟེན་ནས་སྤྱན་དང་མངོན་ཤེས་སོགས་ཀྱི་ཡོན་ཏན་ཁྱད་པར་ཅན་འབྱུང་བ་ལྟ་བུའོ། །གསུམ་པ་ལ་དགུ་སྟེ། མཚན་ཉིད། ཡན་ལག་རྣམ་པར་དབྱེ་བ། ཡན་ལག་མདོར་བསྡུ་བ། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་། ཡན་ 8-5-7b ལག་གི་ལས་བསྟན་པ། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ། རྟེན་འབྲེལ་གྱི་སྒྲ་དོན། ཟབ་མོ་རྟོགས་པར་དཀའ་བའི་ཚུལ། ལུགས་མཐུན་དང་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ལོ། །དང་པོ་ནི། ཁྱད་པར་གསུམ་དང་ལྡན་པའི་རྐྱེན་ལས་བྱུང་བ་ནི་རྟེན་ཅིང་ འབྲེལ་བར་འབྱུང་བའི་མཚན་ཉིད་དོ། །ཁྱད་པར་གསུམ་པོ་གང་ཞེ་ན། གཡོ་བ་མེད་པ་ལ་སོགས་པའོ། །དེ་ལ་དང་པོས་ནི། སྔོན་གྱི་མཐའ་ལ་རྨོངས་པ་སེལ་ཏེ། ཕྱི་ནང་གི་འབྲས་བུ་འདི་དག་སྔོན་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་འགའ་ཞིག་གིས་བློ་སྔོན་ དུ་བཏང་སྟེ་བྱས་སོ་སྙམ་པའི་དོགས་པ་བཟློག་པར་བྱེད་པའི་ཕྱིར་རོ། །གཉིས་པས་ནི་ད་ལྟར་གྱི་རང་གི་ངོ་བོ་ལ་རྨོངས་པ་སེལ་ཏེ། གཙོ་བོ་ལ་སོགས་པ་རྟག་པའི་རྒྱུ་ལས་བྱུང་བས་རང་གི་ངོ་བོ་སྐད་ཅིག་གི་སྐྱེ་འགག་མི་བྱེད་པའི་རྟག་པར་སྒྲོ་འདོགས་པ་བཟློག་ པའི་ཕྱིར་ཏེ། རྒྱུ་རྐྱེན་མི་རྟག་པ་ལས་སྐྱེས་པའི་འབྲས་བུ་རྟག་པའི་གོ་སྐབས་མི་འཐད་པའི་ཕྱིར་རོ། །གསུམ་པས་ནི། ཕྱི་མའི་མཐའ་ལ་རྨོངས་པ་སེལ་ཏེ། ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་མ་འོངས་པ་ན་མཐོ་རིས་ཀྱི་བདེ་བ་ལ་སོགས་ པའི་མི་མཐུན་པའི་འབྲས་བུ་འབྱུང་བར་སྨྲ་བ་སེལ་བའི་ཕྱིར་ཏེ། རྒྱུ་དང་རྗེས་སུ་མཐུན་པར་འབྲས་བུ་འབྱུང་གི་མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་དང་། གསུམ་པ་དང་། དྲུག་པ་ནི་དབུ་མ་པའི་སྐབས་སུ་འཆད་པར་ འགྱུར་རོ། །བཞི་པ་ནི། ཀུན་ལས་བཏུས་ལས། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། བག་ཆགས་དང་། ཤུགས་དང་། ཡིད་ལ་བྱེད་པ་དང་། ལྷན་ཅིག་འབྱུང་བས་ཀྱང་ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཅི་རིགས་སུ་ 8-5-8a སྦྱར་རོ། །ཞེས་གསུངས་པ་དེའི་དོན་ནི། བག་ཆགས་ཀྱིས་རྒྱུའི་རྐྱེན། ཤུགས་ཀྱིས་དེ་མ་ཐག་རྐྱེན། ཡིད་ལ་བྱེད་པས་དམིགས་རྐྱེན། ལྷན་ཅིག་འབྱུང་བས་བདག་རྐྱེན་བསྟན་པ་ཡིན་པས་མ་རིག་པ་ལ་འདུ་བྱེད་ཀྱི་རྒྱུའི་རྐྱེན་ཞེས་བརྗོད་པའི་ རྒྱུ་མཚན་ཡོད་དེ། མ་རིག་པས་བག་ཆགས་བསྒོས་པའི་སེམས་རྒྱུད་ལ་ཡོད་པའི་འདུ་བྱེད་ཀྱིས་ཡང་སྲིད་འཕེན་གྱི་གཞན་གྱིས་མིན་པའི་ཕྱིར། དེ་ལ་དེའི་དེ་མ་ཐག་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་པའི་དབང་གིས་འདུ་བྱེད་སྔ་མ་ལས་དེ་ཕྱི་མ་ འབྱུང་བ་ཡིན་པའི་ཕྱིར། དེ་ལ་དེའི་དམིགས་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་པ་དེའི་དབང་གིས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་སྒོ་ནས་ཡུལ་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིར། དེ་ལ་དེའི་བདག་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་ པའི་དབང་གིས་དེ་དང་ལྷན་ཅིག་ཏུ་འབྱུང་བའི་སེམས་བྱུང་རྣམས་ཡུལ་ལ་མངོན་པར་འདུ་བྱེད་པ་ཡིན་པའི་ཕྱིར། ཅི་རིགས་ཞེས་པའི་དོན་ནི། རིག་པས་རིག་པའི་རྐྱེན་བཞི་ཀ་དང་། དེས་བེམ་པོའི་རྐྱེན་བྱས་ན་བདག་རྐྱེན་ཁོ་ན། བེམ་པོས་བེམ་པོའི་རྐྱེན་བྱས་ན། རྒྱུའི་རྐྱེན་དང་། བདག་རྐྱེན་གཉིས། བེམ་པོས་རིག་པའི་རྐྱེན་བྱས་ན་དམིགས་རྐྱེན་དང་བདག་རྐྱེན་གཉིས་བྱེད་དོ། །དེ་དག་ཀྱང་དངོས་བཏགས་མ་ཕྱེ་བའི་དབང་དུ་བྱས་པ་ཡིན་གྱི། ཕྱེ་ན། མ་རིག་པས་འདུ་བྱེད་ཀྱི་རྐྱེན་བྱེད་པའི་ཚེ་ན་དང་པོ་གསུམ་ བཏགས་པ་བ་ཡིན་ཅིང་། ཕྱི་མ་ཁོ་ན་མཚན་ཉིད་པ་ཡིན་ནོ། །ཡང་། སའི་དངོས་གཞི་ལས། ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་རྒྱུའི་རྐྱེན་བྱེད་པར་མི་སྲིད་དེ། རྒྱུའི་རྐྱེན་གྱི་དོན་ནི། རང་རང་གི་ས་བོན་གྱིས་སོ་སོར་ཕྱེ་བ་ཡིན་པའི་ཕྱིར། དེས་ན་བདག་ 8-5-8b རྐྱེན་ཁོ་ན་ཡིན་ཞེས་གསུངས་པའི་དོན་ནི་རྒྱུའི་རྐྱེན་མཚན་ཉིད་པ་ལ་དགོངས་སྟེ། འདི་བའི་ལུགས་ཀྱི་རྒྱུའི་རྐྱེན་མཚན་ཉིད་པ་ཡིན་ན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་གི་རང་རང་གི་ས་བོན་ཡིན་དགོས་པ་ལ། ཡན་ལག་བཅུ་གཉིས་པོ་དེའི་སྟེང་གི་ས་བོན་མིན་པའི་ ཕྱིར། བསྡུ་བ་ལས། དམིགས་རྐྱེན་དང་བདག་རྐྱེན་གཉིས་གསུངས་པ་ནི་རིག་པས་བེམ་པོའི་རྐྱེན་དང་། བེམ་པོས་རིག་པའི་རྐྱེན་བྱེད་པ་ལ་དགོངས་སོ། །དབུས་མཐའ་དང་ཐེག་བསྡུས་ལས། བདག་རྐྱེན་ཁོ་ནར་གསུངས་པ་ནི་རྐྱེན་མཚན་ཉིད་པ་ལ་དགོངས་ སོ། །ལྔ་པ་ལ། ཡན་ལག་དང་པོ་བཅུ་གཅིག་གིས་གང་ཟག་དང་ཆོས་ལ་བྱ་བ་བྱེད་དེ། དེ་ཡང་མ་རིག་པས་གཉིས་བྱེད་དེ། སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་པ་དང་། འདུ་བྱེད་ཀྱི་རྐྱེན་བྱེད་པའི་ཕྱིར། འདུ་བྱེད་ཀྱིས་གཉིས་བྱེད་དེ། དེས་ འགྲོ་བ་རྣམས་སུ་སེམས་ཅན་རྣམས་འབྱེད་པར་བྱེད་པ་དང་། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་བྱེད་པའི་ཕྱིར། རྣམ་པར་ཤེས་པས་གཉིས་བྱེད་དེ། སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན་པ་དང་། མིང་གཟུགས་ཀྱི་རྐྱེན་བྱེད་པའི་ཕྱིར། དེ་ བཞིན་དུ་མིང་དང་གཟུགས་ཀྱིས་སེམས་ཅན་རྣམས་ལུས་ལེན་དུ་འཇུག་པ་དང་། སྐྱེ་མཆེད་དྲུག་གི་རྐྱེན་བྱེད། སྐྱེ་མཆེད་དྲུག་གིས་སེམས་ཅན་རྣམས་ལུས་རྫོགས་པར་ལེན་པ་དང་རེག་པའི་རྐྱེན་བྱེད། རེག་པས་སེམས་ཅན་རྣམས་ཡུལ་གྱི་ལོངས་སྤྱོད་ལ་ སྦྱོར་བ་དང་ཚོར་བའི་རྐྱེན་བྱེད། ཚོར་བས་སེམས་ཅན་རྣམས་སྐྱེ་བའི་ལོངས་སྤྱོད་ལ་སྦྱོར་བ་དང་། སྲེད་པའི་རྐྱེན་བྱེད། སྲེད་པས་སེམས་ཅན་རྣམས་ཀྱི་སྐྱེ་བ་མངོན་པར་འགྲུབ་པ་དང་ལེན་པའི་རྐྱེན་བྱེད། ལེན་པས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་ 8-5-9a བར་ལེན་པ་དང་བཅས་པར་བྱེད་པ་དང་། སྲིད་པའི་རྐྱེན་བྱེད། སྲིད་པས་སེམས་ཅན་རྣམས་ཡང་སྲིད་ཕྱི་མ་ལ་མངོན་དུ་ཕྱོགས་པ་དང་། སྐྱེ་བའི་རྐྱེན་བྱེད། སྐྱེ་བས་སེམས་ཅན་རྣམས་མིང་གཟུགས་ནས་ཚོར་བའི་བར་རིམ་གྱིས་ འགྲུབ་པ་དང་། རྒ་ཤིའི་རྐྱེན་བྱེད། རྒ་ཤིས་ཡང་དང་ཡང་དུ་ན་ཚོད་འགྱུར་བར་བྱེད་པས་གང་ཟག་ལ་བྱ་བ་བྱེད་ཅིང་། འཁོར་བས་བསྡུས་པའི་རྟེན་འབྲེལ་ཆ་གཅིག་ལ་ཆོས་ལ་བྱ་བ་བྱེད་པ་ནི་མེད་ལ། མདོ་ལས་བྱུང་བའི་ཆ་གཅིག་གི་དབང་དུ་བྱས་ན་ སྲེད་པའི་རྐྱེན་བྱེད་པས་ཆོས་ལ་བྱ་བ་བྱེད་པ་ཡང་ཡོད་དོ། །བདུན་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་སྒྲས་བྱེད་པ་པོ་མེད་པའི་དོན་བསྟན་ཏེ། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་མེད་པར་གཡོ་བ་མེད་པའི་རྐྱེན་ཙམ་ལས་བྱུང་བར་བསྟན་པའི་ཕྱིར། འོ་ན་རྒྱུ་མེད་པར་འགྱུར་རོ་ཞེ་ན། རྒྱུ་དང་བཅས་པར་ཡང་བསྟན་ཏེ། མ་རིག་པ་ལས་འདུ་བྱེད་སོགས་ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བར་བསྟན་པའི་ཕྱིར། བདག་མེད་པར་ཡང་བསྟན་ཏེ། ཕུང་པོ་ལས་གཞན་པའི་གང་ཟག་མེད་པར་བསྟན་པའི་ཕྱིར། གཞན་དབང་ཙམ་ཡང་བསྟན་ཏེ། རྒྱུ་རྐྱེན་གཞན་གྱི་དབང་གིས་བྱུང་བར་བསྟན་པའི་ཕྱིར། གཡོ་བ་མེད་པར་ཡང་བསྟན་ཏེ། རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འབྱུང་གི་འདི་བསྐྱེད་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་བའི་གཡོ་བ་མེད་པར་ བསྟན་པའི་ཕྱིར། མི་རྟག་པར་ཡང་བསྟན་ཏེ། ཐེར་ཟུག་ཏུ་མི་གནས་པར་བསྟན་པའི་ཕྱིར། སྐད་ཅིག་མར་ཡང་བསྟན་ཏེ། སྐྱེས་པའི་དུས་ནས་ཕ་རོལ་ཏུ་མི་གནས་པར་བསྟན་པའི་ཕྱིར། འོ་ན་རྒྱུ་འབྲས་རྒྱུན་ཆད་པར་འགྱུར་རོ་ཞེ་ན། མིན་ཏེ། རྒྱུ་ཞིག་ 8-5-9b པའི་སྐད་ཅིག་ཕྱིར་ལོགས་ན་འབྲས་བུ་ཡོད་པས་རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པའི་ཕྱིར། འོ་ན་རྒྱུ་འབྲས་ངེས་པ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སྦྱིན་པ་ལས་ལོངས་སྤྱོད་སེར་སྣ་ལས་དབུལ་བ་སོགས་རྒྱུ་དང་འབྲས་བུ་མཐུན་པའི་དོན་ཡིན་པའི་ཕྱིར། འོ་ན་རྒྱུ་འབྲས་གྲངས་མཉམ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྒྱུ་དུ་མ་ལས་འབྲས་བུ་གཅིག་འབྱུང་བ་དང་། རྒྱུ་གཅིག་ལས་འབྲས་བུ་དུ་མ་འབྱུང་བ་ཡོད་པས་རྒྱུ་དང་འབྲས་བུ་སྣ་ཚོགས་པའི་དོན་ཡིན་པའི་ཕྱིར། འོ་ན་ལས་མ་བྱས་པ་དང་ཕྲད་པར་འགྱུར་རོ་ ཞེ་ན་མ་ཡིན་ཏེ། རང་རྒྱུད་ལ་གང་བསགས་པའི་ལས་ཀྱི་འབྲས་བུ་དེ་མྱོང་བར་འགྱུར་བས་རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ཡིན་པའི་ཕྱིར། འདི་དག་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཚིག་གི་ནུས་པ་ལ་ཚང་བའི་དོན་ནོ། །བརྒྱད་པ་ལ་ ལྔ་ལས། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དག་ཆོས་ཅན། རྒྱུས་ཟབ་པ་ཡིན་ཏེ། བྱེད་པ་པོ་མེད་པ་དང་རྒྱུ་དང་བཅས་པའི་དོན་གཉིས་ཀྱིས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་སྤངས་པའི་ཕྱིར། རང་གི་མཚན་ཉིད་ཀྱིས་ཟབ་ སྟེ། བདག་ཏུ་སྣང་ཡང་བདག་ཏུ་མེད་པའི་དོན་ཅན་ཡིན་པའི་ཕྱིར། སྐྱེ་བས་ཟབ་པ་ཡིན་ཏེ། གཞན་གྱི་དབང་དང་སྐྱེ་བ་མེད་པའི་དོན་གཉིས་ཀྱིས་རྐྱེན་རྣམས་ལས་འབྲས་བུ་འབྱུང་ཡང་དེ་དག་གི་བློ་སྔོན་དུ་བཏང་ནས་མ་བྱས་པའི་ཕྱིར་རོ། །གནས་པས་ཟབ་པ་ ཡིན་ཏེ། མི་རྟག་པ་དང་སྐད་ཅིག་མའི་དོན་གཉིས་ཀྱིས་དོན་དམ་པར་གནས་པ་མེད་བཞིན་དུ་ཐ་སྙད་དུ་རྒྱུན་གནས་པར་སྣང་བ་ཡིན་པའི་ཕྱིར། འབྱུང་བས་ཟབ་པ་ཡིན་ཏེ། རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པ་སོགས་བཞིས་རྒྱུ་ལས་འབྲས་བུ་འབྱུང་བའི་ཚུལ་ཤིན་ཏུ་ 8-5-10a རྟོགས་པར་དཀའ་བའི་ཕྱིར་རོ། །ཡང་ཚུལ་གཞན་གྱི་སྒོ་ནས་ཀྱང་ཟབ་པར་ལྟ་སྟེ། འདི་ལྟར་རང་གི་ངོ་བོ་སྐད་ཅིག་ཀྱང་མི་གནས་ལ་རྒྱུན་གནས་པར་ཡང་དམིགས། བློ་སྔོན་དུ་བཏང་བའི་གཡོ་བ་མེད་པར་ནུས་པའི་རྐྱེན་ལས་རྗེས་སུ་དཔག་པའི་འབྲས་བུ་ འབྱུང་བར་ཡང་དམིགས། དོན་དམ་པར་སེམས་ཅན་མེད་ཀྱང་ཐ་སྙད་དུ་སེམས་ཅན་དུ་གདགས་པར་ཡང་དམིགས། ལས་བྱེད་པ་པོ་མེད་ཀྱང་བྱས་པའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་ཡང་དམིགས། མཐའ་བཞི་དང་བྲལ་བའི་རྐྱེན་ལས་སྐྱེས་པ་དེའི་ཕྱིར་ཟབ་པར་ ཡང་ལྟའོ། །ཅིའི་ཕྱིར་མཐའ་བཞི་དང་བྲལ་ཞེ་ན། ཕྱི་ནང་གི་རྟེན་འབྲེལ་རྣམས་ཆོས་ཅན། བདག་གིས་མ་བྱས་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར། གཞན་ལས་སྐྱེ་བ་མ་ཡིན་ཏེ། རིགས་མི་འཐུན་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་དང་། རིགས་མཐུན་པའི་ རྒྱུ་རྐྱེན་རྣམས་ནི་གཞན་དུ་མི་འཐད་པའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མ་ཡིན་ཏེ། ཉེས་པ་གཉིས་ཀར་ཡོད་པར་ཐལ་བའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཏེ། དུས་རྟག་ཏུ་སྐྱེ་བའམ་གཏན་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །འདི་དག་ནི་དངོས་པོར་སྨྲ་བ་རྣམས་ཀྱིས་ མཐའ་བཞིའི་སྐྱེ་བ་འགོག་པའི་ཚུལ་ཡིན་གྱིས་དབུ་མ་པ་རྣམས་ཀྱིས་གཞན་ལས་སྐྱེ་བ་མིན་ཏེ། འབྲས་བུ་རྒྱུ་ལས་གཞན་མིན་པའི་ཕྱིར། གཞན་ཡིན་ན་མི་ལྟོས་པར་ཐལ་བའི་ཕྱིར་རོ། །ཞེས་འཆད་པས། དངོས་སྨྲ་བ་རྣམས་ཀྱིས་གཞན་སྐྱེ་ཇི་ལྟར་བཀག་ཀྱང་གཞན་ སྐྱེ་ཁས་བླངས་པ་ལས་མ་འདས་པར་འཆད་དོ། །དགུ་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་ཞེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ཞེས་པའི་བར་གྱི་སྒོམ་ཚུལ་ནི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་མཐུན་དུ་སྒོམ་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་ 8-5-10b སྣང་བའི་རྟེན་འབྲེལ་གྱི་རིམ་པ་དང་། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་གྱི་རིམ་པ་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་ལས་ཉོན་གྱི་འབྲས་བུ་མཐར་ཐུག་པ་སྡུག་བསྔལ་དུ་རྟོགས་པའི་ཆེད་ཡིན་ནོ། །རྒ་ཤི་གང་ལས་བྱུང་སྐྱེ་བ་ལས་བྱུང་ཞེས་པ་ནས་འདུ་ བྱེད་གང་ལས་བྱུང་མ་རིག་པ་ལས་བྱུང་ཞེས་པའི་བར་གྱི་སྒོམ་ཚུལ་ནི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་གོ་རིམ་དང་། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་སྐྱེ་བའི་རིམ་པ་མི་མཐུན་ པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་སྡུག་བསྔལ་གྱི་རྩ་བ་མཐར་ཐུག་པ་མ་རིག་པར་རྟོགས་པའི་ཆེད་ཡིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པའི་བར་གྱི་སྒོམ་ཚུལ་ནི་རྣམ་བྱང་གི་རྟེན་ འབྲེལ་ལུགས་མཐུན་དུ་སྒོམ་པའི་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་གོ་རིམ་དང་རྣམ་བྱང་གི་རྟེན་འབྲེལ་གྱི་སྐྱེ་ཚུལ་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་ལམ་སྒོམ་པའི་འབྲས་བུ་མཐར་ཐུག་པ་འགོག་བདེན་དུ་རྟོགས་པའི་ ཆེད་ཡིན་ནོ། །སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པའི་བར་གྱི་སྒོམ་ཚུལ་ནི་རྣམ་བྱང་གི་རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་རིམ་པ་དང་། རྣམ་བྱང་གི་རྟེན་འབྲེལ་སྐྱེ་ཚུལ་མི་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་འཁོར་བ་སྤངས་པའི་མྱང་འདས་ཀྱི་རྩ་བ་མཐར་ཐུག་པ་ནི་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་རིག་པ་ཡེ་ཤེས་ཡིན་པར་རྟོགས་པའི་ཆེད་ཡིན་ནོ། །མངོན་པ་བ་ཁ་ 8-5-11a ཅིག་རྣམ་བྱང་གི་རྟེན་འབྲེལ་གྱི་རིམ་པ་གཉིས་པོ་དེ་རྣམ་བྱང་གི་རྟེན་འབྲེལ་སྒོམ་ཚུལ་མིན་པར་ཐལ། དེ་རྣམ་བྱང་གི་རྟེན་འབྲེལ་མིན་པའི་ཕྱིར་ཏེ། དེ་འདུས་བྱས་ཀྱི་ཆོས་མིན་པའི་ཕྱིར། ཞེས་བཀག་ནས། རང་ལུགས་ལ་མ་རིག་པ་འགགས་པའི་ཟག་མེད་ ཀྱི་ཡེ་ཤེས་ལས་ཟག་མེད་ཀྱི་འདུ་བྱེད་སེམས་པ་འབྱུང་བ་ལ་སོགས་པ་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་མ་རིག་པ་འགགས་པས་འདུ་བྱེད་འབྱུང་ཞེས་པར་སོང་བའི་ཕྱིར། སྔ་མའི་དགག་པ་ཡང་མི་འཇུག་སྟེ། མ་རིག་པ་འགགས་པའི་ཟག་མེད་ཀྱི་ཡེ་ ཤེས་ལས་འདུ་བྱེད་འགགས་པའི་ཟག་མེད་ཀྱི་སེམས་པ་འབྱུང་བ་སོགས་ཡིན་པའི་ཕྱིར་རོ།། །། ༄། །དབུ་མ་པའི་ལུགས། བཞི་པ་དབུ་མ་པའི་ལུགས་ལ་གསུམ་སྟེ། རྟེན་འབྲེལ་གང་ལ་འཇོག་པའི་གཞི་ངོས་བཟུང་བ། དེ་ལ་འཇོག་པའི་རྟེན་འབྲེལ་གྱི་རྣམ་བཞག་བཤད། གྲུབ་མཐའ་འོག་མ་ལས་རྟེན་འབྲེལ་རྟོགས་ཚུལ་ཁྱད་པར་དུ་འཕགས་པར་བསྟན་པའོ། ། ༈ རྟེན་འབྲེལ་གང་ལ་འཇོག་པའི་གཞི་ངོས་བཟུང་བ། དང་པོ་ནི། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མ་ཡིན་པར་ཡུལ་ཅན་གྱི་བློ་ལ་སྣང་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཐ་སྙད་འདོགས་པའི་ཆོས་ཐམས་ཅད་རྟེན་ འབྲེལ་ཡིན་ཏེ། རྩ་ཤེ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །འོ་ན་རྟེན་འབྲེལ་དང་སྟོང་པ་དོན་གཅིག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཀུན་རྫོབ་སྣང་ཙམ་དུ་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་རྒྱུ་འབྲས་སོ་སོར་ངེས་ཀྱང་རྒྱུ་དེ་ལས་འབྲས་བུ་སྐྱེ་བའི་རྒྱུ་མཚན་ལ་རིགས་པས་དཔྱད་པའི་ཚེ། མཐའ་བཞིའི་སྐྱེ་བ་དང་བྲལ་བས་རྒྱུ་ལས་འབྲས་བུ་སྐྱེ་བ་ཉིད་མི་འགྲུབ་པ་ནི་རྟེན་ 8-5-11b འབྲེལ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱིས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ནི་མཁས་རྟོགས་བྱ། །ཞེས་གསུངས་པས་སོ། །དེས་ན་དངོས་སྨྲ་བ་དག་གིས་རྟེན་འབྲེལ་ཇི་ལྟར་ གཏན་ལ་དབབ་ཀྱང་རྒྱུ་འབྲས་བདེན་པ་བ་ཁས་བླངས་པས་རྟེན་འབྲེལ་གྱི་དོན་ལ་ཕྱིན་ཅི་ལོག་ཏུ་གྱུར་ལ། རྒྱུ་བརྫུན་པ་ལས་འབྲས་བུ་བརྫུན་པ་འབྱུང་བ་འདི་ལ། བདེན་པ་གཉིས་ཆར་དང་འགལ་བ་མེད་པའི་རྟེན་འབྲེལ་གྱི་གནད་འབྱུང་བར་བཞེད་དེ། དཔལ་ ལྡན་ཟླ་བས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཞེས་སོ། ། ༈ དེ་ལ་འཇོག་པའི་རྟེན་འབྲེལ་གྱི་རྣམ་བཞག་བཤད་པ། གཉིས་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང་། རྣམ་བྱང་གི་རྟེན་འབྲེལ་ལོ། ། ༈ ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ། དང་པོ་ལ་བདུན་ཏེ། ཡན་ལག་སོ་སོའི་ ངོ་བོ། ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ། ཡན་ལག་གི་བསྡུ་བ། ཡན་ལག་གི་གྲངས་ངེས། རྟེན་འབྲེལ་གྱི་སྒྲ་དོན། ཚེ་དུ་ཞིག་ལ་རྫོགས་པའི་ཚུལ། ས་མཚུངས་དཔྱད་པའོ། ། ༈ ཡན་ལག་སོ་སོའི་ངོ་བོ། དང་པོ་ལ་བཅུ་གཉིས་ལས། མ་རིག་པ་ལ་ཁ་ཅིག །ཡུལ་ལ་ མི་གསལ་བའི་རྣམ་པས་འཇུག་པའི་སེམས་བྱུང་ཞེས་ཟེར་ན། ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་སེམས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། ཀུན་གཞིའི་རྣམ་ཤེས་དེ་ཡུལ་ལ་མི་གསལ་བའི་ རྣམ་པས་འཇུག་པའི་གཙོ་སེམས་ཡིན་པའི་ཕྱིར་རོ། །ཁ་ཅིག་རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་སེམས་བྱུང་ཟེར་ན། རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་མ་རིག་པ་དང་མཚུངས་ལྡན་གྱི་འདོད་ཆགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་ 8-5-12a དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་མ་རིག་པ་དང་དམིགས་རྣམ་མཚུངས་པའི་ཕྱིར། རང་ལུགས་ནི་རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་སེམས་བྱུང་རྨོངས་པ་གང་ཞིག །ཟག་བཅས་ཀྱི་ ལས་ཀུན་ནས་སློང་བར་ནུས་པ་དེ་འདིར་བསྟན་མ་རིག་པའི་མཚན་ཉིད། དེ་ལ་ཁ་ཅིག །ཉན་ཐོས་སློབ་པ་འཕགས་པའི་རྒྱུད་ཀྱི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཡང་སྲིད་འཕེན་བྱེད་ ཀྱི་ལས་གསར་དུ་སོགས་པ་ཡོད་པར་ཐལ། འདོད་པ་དེའི་ཕྱིར་ཞེ་ན། མ་ཁྱབ་སྟེ། དེའི་རྒྱུད་ལ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱིས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསོས་འདེབས་པ་མེད་པར་ཐལ། དེའི་རྒྱུད་ལ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བའི་ཉོན་ མོངས་པ་མེད་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་དེས་ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་བྱེད་མི་ནུས་པ་དང་འགལ་ལོ། །འདིར་བསྟན་མ་རིག་པ་མཐོང་སྤངས་དང་སྒོམ་སྤངས་གང་ཡིན་དཔྱད་པ་ལ། དོན་གསང་རྣམ་པར་ བཤད་པ་ལས། འདི་ནི་ཡང་སྲིད་འཕེན་བྱེད་ཡིན་པའི་ཕྱིར་དང་། རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་བྱེད་མེད་ཅེས་གསུངས་པའི་ཕྱིར། མཐོང་བས་སྤང་བར་བྱ་བའི་མ་རིག་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་ལ། མཁས་པ་ཁ་ཅིག། ། དེ་ནི་མི་འཐད་དེ། གྲུབ་མཐས་བློ་མ་བསྒྱུར་བའི་བྱ་དང་རི་དྭགས་སོགས་ཀྱི་རྒྱུད་ལ་ཡང་འདིར་བསྟན་གྱི་མ་རིག་པ་ཡོད་པའི་ཕྱིར་རོ། །ཁྱབ་སྟེ། མཐོང་སྤངས་སུ་གྱུར་པའི་མ་རིག་པ་ཡིན་ན། གྲུབ་མཐས་བློ་བསྒྱུར་བའི་སྤང་བྱ་ཀུན་བཏགས་ཡིན་དགོས་པའི་ 8-5-12b ཕྱིར། གཞན་ཡང་། འདོད་པར་བསགས་པའི་བསོད་ནམས་དང་། མི་གཡོ་བའི་འདུ་བྱེད་དེ་དག་མི་དགེ་བ་ཡིན་པར་འགྱུར་ཏེ། འདོད་པ་ན་སྤྱོད་པའི་མཐོང་སྤང་གི་ཉོན་མོངས་པ་ཐམས་ཅད་ནི་མི་དགེ་བ་ཁོ་ན་ཡིན་པའི་ཕྱིར། ཞེས་བཀག་ནས། རང་ལུགས་ ལ་སྒོམ་སྤངས་ཁོ་ན་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་བྱུང་བའི་མ་འདྲེས་པའི་མ་རིག་པ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ནི། འདིར་བསྟན་གྱི་མ་རིག་པ་མིན་ཏེ་ དེ་ནི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་དག་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །འོ་ན་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཁ་ནང་དུ་བལྟས་པའི་ཕྱིར། དགེ་མི་དགེའི་ལས་ཇི་ལྟར་སློང་སྙམ་ན་ཀུན་སློང་ལ་རྒྱུ་དུས་ཀྱི་དང་། དེ་དུས་ཀྱི་ཀུན་སློང་ གཉིས་ཡོད་པ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་ཞེས་པ་འདི་ནི། རྒྱུ་དུས་ཀྱི་ཀུན་སློང་གི་དབང་དུ་བྱས་ཀྱི། དེ་དུས་ཀྱི་ཀུན་སློང་ནི་མིན་ཏེ། གཞན་དུ་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱང་ཉོན་མོངས་ཅན་ཁོ་ནར་འགྱུར་ཏེ། མ་རིག་པ་དེ་ དུས་ཀྱི་རྐྱེན་དུ་ལྡན་པའི་ཕྱིར། ཞེས་སྤྲོས་པ་དང་བཅས་ཏེ་འཆད་དོ། །འདི་མི་འཐད་པར་སྟོན་པ་ལ་ཁས་བླངས་ནང་འགལ་གྱི་སྐྱོན་དང་། རང་ལུགས་ཀྱི་སྒྲུབ་བྱེད་མ་ངེས་པའི་སྐྱོན་དང་། དེ་དུས་ཀྱི་ཀུན་སློང་ཡན་ལག་བཅུ་གཉིས་ཀྱིས་མ་བསྡུས་པར་ ཐལ་བའི་སྐྱོན་གསུམ་ལས། དང་པོ་ནི། གཞན་ལ་ཀུན་སློང་གི་མ་རིག་པ་མི་དགེ་བ་ཡིན་ན། དེས་ཀུན་ནས་བསླངས་པའི་ལས་ཐམས་ཅད་མི་དགེ་བར་ཐལ་བ་འཕངས་ནས། རང་གི་ཀུན་སློང་གི་མ་རིག་པ་ཉོན་མོངས་པ་ཅན་ཡིན་ཀྱང་དེས་བསླངས་ 8-5-13a པའི་ལས་ཐམས་ཅད་ཉོན་མོངས་ཅན་ཁོ་ནར་མི་འགྱུར་བའི་སྒྲུབ་བྱེད་དུ་རྒྱུ་དུས་ཀྱི་ཀུན་སློང་ལ་དགོངས་པའི་ཕྱིར་ཞེས་བཀོད་པ་ནི་རྣམ་པ་ཀུན་ཏུ་མཚུངས་ཏེ། གཞན་གྱིས་ཀྱང་རྒྱུ་དུས་ཀྱི་ཀུན་སློང་ལ་དགོངས་པའི་ཕྱིར་ཞེས་བརྗོད་ ཤེས་པའི་ཕྱིར། གཉིས་པ་ནི་ཡིད་ཤེས་འཁོར་གྱི་མ་རིག་པ་མ་ཡིན་པའི་སྒྲུབ་བྱེད་དུ་དེ་ནི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་དག་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཞེས་བཀོད་པ་ཡང་ཧ་ཅང་རྩིངས་ཏེ། ཀུན་སློང་གི་མ་རིག་པ་ཡིན་ན། ལས་གསུམ་ཆར་ ཀུན་ནས་སློང་བས་མ་ཁྱབ་པའི་ཕྱིར། གསུམ་པ་ནི། འདུ་བྱེད་ཀྱི་དེ་དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་དེ་ཆོས་ཅན། ཁྱོད་ཡན་ལག་བཅུ་གཉིས་ཀྱིས་མ་བསྡུས་པར་ཐལ། ཁྱོད་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ནས་རྒ་ཤིའི་བར་ གང་གིས་ཀྱང་མ་བསྡུས་པའི་ཕྱིར། གལ་ཏེ་ཡན་ལག་གཉིས་པས་བསྡུས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཡན་ལག་གཉིས་པ་ཀུན་ནས་སློང་བར་བྱེད་པའི་མ་རིག་པ་ཡིན་པའི་ཕྱིར། གཞན་ཡང་ལས་འབྲས་མེད་པར་ལྟ་བའི་ལོག་ལྟ་དང་མཚུངས་ ལྡན་གྱི་མ་རིག་པའི་དབང་གིས་ངན་སོང་དུ་སྐྱེ་བའི་ལས་སོགས་པ་མེད་པར་ཐལ། ཀུན་སློང་གི་མ་རིག་པ་ཡིན་ན། ཉོན་ཡིད་འཁོར་གྱི་མ་རིག་པ་ཡིན་དགོས་པའི་ཕྱིར། རང་ལུགས་ནི་མཐོང་སྤངས་དང་སྒོམ་སྤངས་གཉིས་ཀ་ཡོད་དེ། སའི་དངོས་གཞི་ལས། རྒྱུན་དུ་ ཞུགས་པས་ཡན་ལག་དུ་སྤངས་པར་བརྗོད་པར་བྱ་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིལ་གྱིས་སྤངས་པ་ནི་མ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལན་གཅིག་ཕྱིར་འོང་བ་ཡང་དེ་བཞིན་ནོ། །ཕྱིར་མི་འོང་བས་ཡན་ལག་ 8-5-13b དུ་སྤངས་པར་བརྗོད་ཅེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལ་ནི་ངེས་པ་མེད་དོ། །དགྲ་བཅོམ་པས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་མ་རིག་པ་ལ་དབྱེ་ན། ལས་འབྲས་ལ་རྨོངས་པའི་དང་། དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་གཉིས་ལས། དང་པོས་ནི། བསོད་ནམས་མ་ཡིན་པའི་ལས་ཀུན་ནས་སློང་ལ། ཕྱི་མས་ནི། བསོད་ནམས་དང་མི་གཡོ་བའི་ལས་ཀུན་ནས་སློང་ བར་ཀུན་བཏུས་ལས་བཤད་དོ། །འདུ་བྱེད་ནི་རང་རྒྱུ་མ་རིག་པས་ཀུན་ནས་བསླངས་ཤིང་ཡང་སྲིད་འཕེན་པར་ནུས་པའི་ཟག་པ་དང་བཅས་པའི་ལས། དབྱེ་ན་བསོད་ནམས་མ་ཡིན་པ་དང་། བསོད་ནམས་དང་། མི་གཡོ་བའི་ལས་དང་གསུམ། མཚན་ཉིད་ནི་རིམ་པ་བཞིན། ངན་འགྲོར་འཕེན་པའི་ལས་དང་། འདོད་པའི་བདེ་འགྲོར་འཕེན་པའི་ལས་དང་། ཁམས་གོང་མར་འཕེན་པའི་ལས་རྣམས་སོ། །རྣམ་པར་ཤེས་པ་ནི་རྒྱུའི་ཆ་བཟུང་ན་ལས་ཀྱི་བག་ཆགས་འཛིན་པར་བྱེད་པའི་ཀུན་ གཞི་ས་བོན་གྱི་ཆ་དང་། འབྲས་བུའི་ཆ་བཟུང་ན་ལས་ལ་བརྟེན་ནས་སྐྱེ་གནས་སུ་དང་པོར་གྲུབ་པའི་རྣམ་ཤེས་སོ། །ཐོགས་མེད་ཀྱིས་ནི་རྒྱུའི་ཆ་འཛིན་ཏེ། འཕེན་པར་བྱེད་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ ཤེས་པའོ་ཞེས་གསུངས་པའི་ཕྱིར། ཀླུ་སྒྲུབ་ཀྱིས་ནི་འབྲས་བུའི་ཆ་བཟུང་སྟེ། གཉིས་ལས་བདུན་འབྱུང་ཅེས་གསུངས་པའི་ཕྱིར། འོ་ན་རྟེན་འབྲེལ་གྱི་མདོ་ལས། འདིའི་རྣམ་ཤེས་ལ་ཚོགས་དྲུག་ཏུ་དབྱེ་བ་ཡོད་པར་གསུངས་པའི་དགོངས་པ་ཇི་ལྟར་ཞེ་ 8-5-14a ན། མངོན་པ་བ་ཁ་ཅིག །ཐོགས་མེད་ཀྱི་ལུགས་ལ་ཀུན་གཞི་ས་བོན་གྱི་ཆ་ལ་ཚོགས་དྲུག་བསྐྱེད་པའི་ནུས་པ་ཡོད་པ་ལ་དགོངས། ཀླུ་སྒྲུབ་ཀྱི་ལུགས་ནི། ལས་ལ་བརྟེན་ནས་སྐྱེ་གནས་སུ་དང་པོར་གྲུབ་པའི་རྣམ་ཤེས་དེ་བདག་རྐྱེན་དང་ དམིགས་རྐྱེན་གཉིས་དང་འཕྲད་ན། ཚོགས་དྲུག་བསྐྱེད་པའི་ནུས་པ་ཡོད་པ་ལ་དགོངས་པའམ། ཡང་ན་རྫུས་སྐྱེས་ལ་མིང་གཟུགས་དང་སྐྱེ་མཆེད་དྲུག་གཅིག་ཆར་གྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས། མིང་གཟུགས་ནི་ཉིང་ མཚམས་སྦྱོར་བའི་སྐད་ཅིག་གཉིས་པར་ཕུང་པོ་ལྔ་གྲུབ་པའོ། །འོ་ན་གཞན་ནས་བཤད་པའི་ཕུང་པོ་ལྔའི་གོ་རིམ་དང་མི་མཐུན་པའི་རྒྱུ་མཚན་ཅི་ཞེ་ན། མངོན་པ་བ་ཁ་ཅིག །ཉེ་བར་ལེན་པ་པོ་དང་། ཉེ་བར་བླང་བྱའི་དབང་དུ་བྱས་པར་བཞེད་ཀྱང་ མི་འཐད་དེ། རྣམ་སྨིན་གྱི་ཕུང་པོ་ཡིན་པས་ཉེ་བར་བླང་བྱར་མཚུངས་པའི་ཕྱིར། དེས་ན་རྣམ་ཤེས་ཀྱི་དུས་སུ་མིང་གཞིའི་ཕུང་པོ་གྲུབ་ཀྱང་སྐད་ཅིག་གཉིས་པར་གཟུགས་ཕུང་གྲུབ་པའི་ཚེ་མིང་གཟུགས་སུ་འཇོག་པས་གྲུབ་སྔ་ཕྱི་གོ་རིམ་གྱི་དབང་དུ་ བྱས་ལ། གཟུགས་ཕུང་དང་པོར་བྱས་པ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །ཞེས་པ་ལྟར་ཤེས་པར་བྱའོ། །སྐྱེ་མཆེད་དྲུག་ནི་མིང་གཟུགས་འཕེལ་བ་ལས་སྐྱེ་མཆེད་དྲུག་ཚང་བར་དོད་པའོ། །རེག་པ་ནི་སྐྱེ་མཆེད་དྲུག་ཡུལ་དང་ཕྲད་ པ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ངོ་། །དབྱེ་ན་མིག་གི་འདུས་ཏེ་རེག་པ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་གོ། ཚོར་བ་ནི་རེག་པས་བཅད་པ་ལྟར་སིམ་ 8-5-14b གདུང་བར་མ་ཅི་རིགས་པར་ཉམས་སུ་མྱོང་བའི་སེམས་བྱུང་། དབྱེ་ན་མིག་གི་འདུས་ཏེ་རེག་པ་སོགས་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དྲུག་གོ། གལ་ཏེ་རེག་ཚོར་གཉིས་པོ་དེ་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པ་མི་འཐད་དེ། སེམས་བྱུང་ཀུན་འགྲོའི་རྫས་ཡིན་པས་ ཟག་མེད་ཀྱང་སྲིད་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། རྟེན་འབྲེལ་གྱི་འགགས་རིམ་བསྟན་པའི་ཤུགས་ལ་རེག་ཚོར་ཟག་བཅས་སུ་གྲུབ་པའི་ཕྱིར་ཏེ། སྐྱེ་མཆེད་དྲུག་འགགས་པས་ཟག་མེད་ཀྱི་རེག་པ་འགགས་པའི་དོན་མེད་པའི་ཕྱིར་དང་། ཟག་ མེད་ཀྱི་ཚོར་བ་འགགས་པས་སྲེད་པ་འགགས་པའི་དོན་མེད་པའི་ཕྱིར། སྲེད་པ་ནི་ཚོར་བའི་ངོ་བོ་ལ་ཆགས་པའི་སེམས་བྱུང་ངོ་། །དབྱེ་ན་ཚོར་བ་གསུམ་ཡོད་པའི་བྱེ་བྲག་གིས། འཐོབ་པར་སྲེད་པ། འབྲལ་བར་སྲེད་པ། གཉིས་མིན་དུ་སྲེད་པ་ དང་གསུམ་མོ། །ལེན་པ་ནི་ཚོར་བའི་རྒྱུ་ལུས་དང་ལོངས་སྤྱོད་ལ་ཆགས་པའི་སེམས་བྱུང་ངོ་། །དབྱེ་ན་འདོད་པ་ཉེ་བར་ལེན་པ། སྲིད་པ་ཉེ་བར་ལེན་པ། ལྟ་བ་ཉེ་བར་ལེན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ། བདག་ཏུ་ལྟ་བ་ཉེ་བར་ལེན་པ་དང་ བཞི༷འོ། །ཁ་ཅིག །སྤྱིར་ཡང་སྲིད་མངོན་པར་འདོད་པ་ནི་སྲེད་པ། ཡང་སྲིད་བྱེ་བྲག་པ་མངོན་པར་འདོད་པ་ནི་ལེན་པར་བཞེད་ཅིང་། འཇུག་འགྲེལ་ལས། དང་པོར་ཡང་སྲིད་མངོན་པར་འདོད་པ་ནི་སྲེད་པ། དེ་ཉིད་འཕེལ་བ་ནི་ལེན་པའོ་ཞེས་ བཤད་དོ། །སྲིད་པ་ནི་རྒྱུ་འབྲས་ཆ་གཉིས་པ་ལྟར་ན་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་སོགས་པའི་སེམས་པ་དང་། ཆ་གཅིག་པ་ལྟར་ན་སྔར་གྱི་འདུ་བྱེད་སྲེད་ལེན་གྱིས་གསོས་བཏབ་ནས་ལས་ཀྱི་བག་ཆགས་ནུས་པ་མཐུ་ཅན་དུ་བྱེད་པའོ། ། 8-5-15a སྐྱེ་བ་ནི་སྲིད་པའི་དབང་གིས་ཉིང་མཚམས་སྦྱོར་བའི་དུས་སུ་ཕུང་པོ་ལྔ་རིམ་གྱིས་གྲུབ་པའོ། །རྒས་པ་ནི་ན་ཚོད་གཞན་དུ་འགྱུར་བ། འཆི་བ་ནི་ཚེ་གཅིག་གི་དབང་དུ་བྱས་པའི་སྲོག་གི་དབང་པོ་འགག་བཞིན་པའི་གནས་སྐབས་ སོ། །རྒ་ཤི་གཉིས་ཡན་ལག་གཅིག་ཏུ་བྱས་པ་ནི་མ་རྒས་པར་འཆི་བ་ཡོད་པའི་ཕྱིར། འོ་ན་མིང་གཟུགས་དང་སྐྱེ་མཆེད་དྲུག་ཀྱང་ཡན་ལག་གཅིག་ཏུ་བྱེད་རིགས་པར་འགྱུར་ཏེ། རྫུས་སྐྱེས་ཀྱི་སེམས་ཅན་ལ་མིང་གཟུགས་གྲུབ་པ་དང་དུས་མཉམ་དུ་ སྐྱེ་མཆེད་དྲུག་ཚང་བའི་ཕྱིར་ཞེ་ན་སྐྱོན་མེད་དེ། འདི་ནི་མངལ་སྐྱེས་ལ་དགོངས་པའི་ཕྱིར་ཞེས་རྒྱལ་སྲས་མ་ལས་བཤད་དོ། །འགྲེལ་པ་འདིའི་ལུགས་ལ་ན་ཚོད་གཞན་དུ་འགྱུར་བ་ཙམ་རྒས་པ་མ་ཡིན་པར་དབང་པོ་རྒུད་པའི་གནས་སྐབས་ལ་རྒས་ པར་འཇོག་པར་མངོན་ཏེ། གཞན་དུ་ན་མ་རྒས་པར་ཤི་བ་མེད་པའི་ཕྱིར་རོ། །སའི་དངོས་གཞི་ལས་ནི། གཞན་དུ་འགྱུར་བ་ཙམ་ལ་རྒས་པར་བཤད་དེ། དེ་ཉིད་ལས། འདོད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན་ཐམས་ཅད་རི༷མ་གྱིས་འདུས་པའོ། ། གཟུགས་དང་རབ་ཏུ་ལྡན་པ་དུ་ཞེ་ན་ཐམས་ཅད་ཀྱི་ཕྱོགས་གཅིག་གོ། དེར་རྒས་པ་ཇི་ལྟར་ཡོད་ཅེ་ན། འདུ་བྱེད་རྣམས་རྙིང་པ་དང་དེངས་པ་གང་ཡིན་པའོ། །གཟུགས་དང་རབ་ཏུ་ལྡན་པ་ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད་པ་དང་རབ་ཏུ་ལྡན་པ་ ཡང་དེ་དང་འདྲའོ། །ཞེས་གསུངས་སོ། ། ༈ ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ། གཉིས་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་སྟེ། མ་རིག་པའི་དབང་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་སོག་པ་དེ་འབྱུང་བའི་ཕྱིར། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་ 8-5-15b པར་ཤེས་པ་རྒྱུའི་ཆ་བཟུང་ན། འདུ་བྱེད་སྔ་མ་ལས་བག་ཆགས་ཅན་གྱི་རྣམ་ཤེས་ཕྱི་མ་དེ་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་ན། འདུ་བྱེད་སྔ་མ་ལས་རྣམ་ཤེས་སྐྱེ་གནས་སུ་འཕེན་པ་དེ་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་ ལས་མིང་གཟུགས་འབྱུང་སྟེ། རྣམ་ཤེས་རྒྱུའི་ཆ་བཟུང་ན་བག་ཆགས་ཅན་གྱི་རྣམ་ཤེས་ལས་མིང་གཟུགས་ཀྱི་བག་ཆགས་རིམ་གྱིས་བརྟས་པ་དེ་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་ན། སྐྱེ་གནས་སུ་དང་པོར་གྲུབ་པའི་ སྐད་ཅིག་གཉིས་པར་མིང་གཟུགས་རིམ་གྱིས་གྲུབ་པ་དེ་འབྱུང་བའི་ཕྱིར། མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་སྟེ། མིང་གཟུགས་རིམ་གྱིས་འཕེལ་བ་ལས་སྐྱེ་མཆེད་དྲུག་ཚང་བར་དོད་པ་དེ་འབྱུང་བའི་ཕྱིར། སྐྱེ་མཆེད་དྲུག་གི་རྐྱེན་ གྱིས་རེག་པ་འབྱུང་སྟེ། སྐྱེ་མཆེད་དྲུག་ཡུལ་དང་ཕྲད་པ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་དེ་འབྱུང་བའི་ཕྱིར། རེག་པ་ལས་ཚོར་བ་འབྱུང་སྟེ། རེག་པས་ཇི་ལྟར་བཅད་པ་ལྟར་ཚོར་བས་ཉམས་སུ་མྱོང་བ་ དེ་འབྱུང་བའི་ཕྱིར། ཚོར་བ་ལས་སྲེད་པ་འབྱུང་སྟེ། ཚོར་བའི་དབང་གིས་ཚོར་བ་བདེ་སྡུག་ལ་བླང་དོར་དུ་ཆགས་པ་དེ་འབྱུང་བའི་ཕྱིར། སྲེད་པ་ལས་ལེན་པ་འབྱུང་སྟེ། ཚོར་བའི་ངོ་བོ་ལ་ཆགས་པས་ཚོར་བའི་རྒྱུ་ཚོལ་བ་ལ་འདུན་ཅིང་ཆགས་པ་དེ་འབྱུང་ བའི་ཕྱིར། ལེན་པ་ལས་སྲིད་པ་འབྱུང་སྟེ། ལེན་པའི་དབང་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་ནུས་པ་མཐུ་ཅན་དུ་གྱུར་པ་དེ་འབྱུང་བའི་ཕྱིར། སྲིད་པ་ལས་སྐྱེ་བ་འབྱུང་སྟེ། སྲིད་པའི་དབང་གིས་འགྲོ་བ་གཞན་དང་སྐྱེ་གནས་གཞན་དུ་འདྲེན་པ་དེ་ 8-5-16a འབྱུང་བའི་ཕྱིར། སྐྱེ་བ་ལས་རྒ་ཤི་འབྱུང་སྟེ། སྐྱེ་བའི་དབང་གིས་ན་ཚོད་གཞན་དུ་འགྱུར་བ་དང་སྲོག་གི་དབང་པོ་འགག་པ་དེ་འབྱུང་བའི་ཕྱིར། ༈ ཡན་ལག་གི་བསྡུ་བ། གསུམ་པ་ཡན་ལག་གི་བསྡུ་བ་ལ། རྒྱུ་འབྲས་གཉིས་སུ་བསྡུ་བ། ཀུན་ནས་ཉོན་ མོངས་པ་གསུམ་དུ་བསྡུ་བ། འཕེན་འགྲུབ་ཀྱི་ཡན་ལག་བཞིར་བསྡུ་བ་དང་གསུམ་ལས། དང་པོ་ནི། ཀུན་ལས་བཏུས་ལྟར་ན། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ་གསུམ། སྲེད་ལེན་སྲེད་པ་དང་དྲུག་རྒྱུའི་ཡན་ལག །ལྷག་མ་དྲུག་འབྲས་ བུའི་ཡན་ལག །ཀླུ་སྒྲུབ་ལྟར་ན། རྣམ་པར་ཤེས་པ་ཡང་འབྲས་བུའི་ཡན་ལག་ཏུ་འདོད་པས་འབྲས་བུའི་ཡན་ལག་བདུན་དུ་འདོད་དོ། །གཉིས་པ་ལ། མ་རིག་པ། སྲེད་པ། ལེན་པ་གསུམ་ནི་ཉོན་མོངས་པའི་ཉོན་མོངས་པ་ཡིན་ཏེ། ལས་ཀྱི་ ཉོན་མོངས་པ་ཀུན་ནས་སློང་བར་བྱེད་ཅིང་། སྐྱེ་བའི་ཉོན་མོངས་པ་འདྲེན་པར་བྱེད་པའི་ཕྱིར། འདུ་བྱེད་རྣམ་པར་ཤེས་པ་སྲེད་པ་གསུམ་ནི་ལས་ཀྱི་ཉོན་མོངས་པ་ཡིན་ཏེ། ཉོན་མོངས་པའི་ཉོན་མོངས་པས་ཀུན་ནས་བསླངས་ཤིང་། སྐྱེ་བའི་ཉོན་མོངས་པ་འདྲེན་ པར་བྱེད་པའི་ཕྱིར། ལྷག་མ་དྲུག་ནི་སྐྱེ་བའི་ཉོན་མོངས་པ་ཡིན་ཏེ། ལས་ཉོན་གྱི་འབྲས་བུར་གྱུར་པའི་རྣམ་སྨིན་གྱི་ངོ་བོ་ཡིན་པའི་ཕྱིར། ཀླུ་སྒྲུབ་ལྟར་ན། རྣམ་པར་ཤེས་པ་ཡང་སྐྱེ་བའི་ཉོན་མོངས་པར་བཤད་དེ། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། ། གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཅེས་གསུངས་པའི་ཕྱིར། མཛོད་དང་། དབུས་མཐའ་དང་། སའི་དངོས་གཞི་ལས་ཀྱང་དེ་ལྟར་དུ་བཤད། །མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འ 8-5-16b བྲས་བུ་ཡིན། །ཅེས་དང་། དབུས་མཐའ་ལས། རྣམ་གསུམ་རྣམ་གཉིས་ལས་ཉོན་མོངས། །རྣམ་བདུན་ཡང་དག་མིན་རྟོག་ལས། །ཞེས་དང་། སའི་དངོས་གཞི་ལས། གསུམ་ནི་ཉོན་མོངས་པའི་ལམ་མོ། །གཉིས་ནི་ལས་ཀྱི་ལམ་མོ། །བདུན་ ནི་སྡུག་བསྔལ་གྱི་ལམ་མོ་ཞེས་གསུངས་སོ། །དེ་རྣམས་ཀྱི་དགོངས་པ་གང་ཞེ་ན། ཐོགས་མེད་ཀྱིས་ནི་ཀུན་གཞི་ས་བོན་གྱི་ཆ་ལ་དགོངས། ཀླུ་སྒྲུབ་དང་། མཛོད་ཀྱི་དགོངས་པ་ནི་ཀུན་གཞི་རྣམ་པར་མ་བཞག་པའི་དབང་དུ་བྱས་ལ། དབུས་མཐའ་ དང་། སའི་དངོས་གཞི་གཉིས་ལས་ནི། ཀུན་གཞི་རྣམ་སྨིན་གྱི་ཆ་ལ་དགོངས་སོ། །གསུམ་པ་ནི། ཡན་ལག་བཅུ་གཉིས་པོ་ཐམས་ཅད་འཕེན་འགྲུབ་ཀྱི་ཡན་ལག་བཞིར་འདུས་ཏེ། མ་རིག་པ། འདུ་བྱེད། རྣམ་ཤེས་རྒྱུའི་ཆ་ལ་བཞག་པ་ལྟར་ན། རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་ཡན་ལག །མིང་དང་གཟུགས་སྐྱེ་མཆེད་དྲུག །རེག་པ་ཚོར་བ་བཞི་ནི་འཕངས་པའི་ཡན་ལག །སྲེད་ལེན་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་ཡན་ལག །སྐྱེ་རྒ་གཉིས་ནི་གྲུབ་པའི་ཡན་ལག་ཡིན་པའི་ཕྱིར་རོ། །འཕེན་ བྱེད་རྒྱུ་འབྲས་ལ་ཡང་གང་གིས་འཕེན་པ། ཇི་ལྟར་འཕེན་པ། གང་འཕངས་པ་དང་གསུམ་ལས། དང་པོ་ནི། མ་རིག་པ་དང་འདུ་བྱེད་གཉིས་ཏེ། མ་རིག་པའི་དབང་གིས་འདུ་བྱེད་ཀྱིས་ལས་སོག་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། རྣམ་ ཤེས་ལ་བག་ཆགས་བསྒོས་པའི་ཚུལ་གྱིས་ཏེ། རྒྱུའི་ཆ་ལ་དགོངས་སོ། །གསུམ་པ་ལ། ལུས་དང་ལོངས་སྤྱོད་གཉིས་ལས། ལུས་ཀྱི་ངོ་བོའི་དབང་དུ་བྱས་ནས་མིང་དང་གཟུགས། ཁྱད་པར་གྱི་དབང་དུ་བྱས་ནས་སྐྱེ་མཆེད་དྲུག །ལོངས་སྤྱོད་ 8-5-17a ལ་ཡུལ་གྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་རེག་པ། རྣམ་སྨིན་གྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་ཚོར་བ་འཕངས་སོ། །འགྲུབ་བྱེད་རྒྱུ་འབྲས་ལ་ཡང་། གང་གིས་འགྲུབ། ཇི་ལྟར་འགྲུབ། གང་འགྲུབ། དེའི་ཉེས་དམིགས་ དང་བཞི་ལས། དང་པོ་ནི། སྲེད་ལེན་གཉིས་ཏེ། སྲེད་པའི་དབང་གིས་ཉེ་བར་ལེན་པས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་སྲིད་པ་སྟེ། སྲེད་ལེན་གཉིས་ཀྱི་དབང་གིས་རྣམ་སྨིན་འགྲུབ་པའི་ནུས་པ་མཐུ་ཅན་ཏུ་བྱས་པའི་ཚུལ་གྱིས་སོ། ། གསུམ་པ་ནི། སྐྱེ་བ་སྟེ། རྣམ་སྨིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྒ་ཤི་སྟེ། དེའི་གནས་སྐབས་ཀྱི་ཉེས་དམིགས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང་། །དེ་འགྲུབ་བྱེད་ པ་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །གཉིས་ཀྱིས་ཡན་ལག་གཅིག་གིས་དང་། །རྣམ་པ་བཞི་དང་གཉིས་ཀྱིས་དང་། །གཅིག་གིས་གཅིག་གི་གཅིག་གི་དང་། །དོན་ བདུན་དག་ཏུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོས་པའི་ཕྱིར། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །དེ་ཡི་ས་བོན་ཡང་བརྟས་ཕྱིར། །འཕངས་པ་བཞིན་དུ་སྐྱེས་པ་ཡི། །ཚོར་བས་བསྐྱེད་པའི་སྲེད་ པ་ལ། །ལེན་པ་འབྱུང་བས་དེ་ཡི་ལས། །དགོས་པ་མངོན་དུ་འགྱུར་བ་ཡིན། །གྲུབ་པ་སྐྱེ་བཞིན་དེ་ལ་ཡང་། །རྒ་སོགས་ཉེས་དམིགས་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་བྱེད་མེད། །སྲེད་དང་བྲལ་ལ་འབྱུང་བ་མེད། །ཅེས་སོ། 8-5-17b འདི་དག་ཀྱང་མདོ་ལས་འབྱུང་བའི་ཡན་ལག་ཆ་གཅིག་ལ་སྦྱར་བ་དང་། འཁོར་བའི་རྒྱུ་འབྲས་ཀྱིས་བསྡུས་པའི་ཆ་གཅིག་ལ་སྦྱར་བ་གཉིས་ལས། དང་པོ་ལྟར་ན་ཐམས་ཅད་ཀྱང་མངོན་གྱུར་ལ་སྦྱར་ཏེ་དོན་ལ་རྒྱུ་འབྲས་ཆ་གཉིས་ཡོད་པས་ཚོར་བ་མངོན་ གྱུར་པའི་དབང་གིས་སྲེད་པ་བསྐྱེད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་མིང་གཟུགས་ནས་ཚོར་བའི་བར་བཞི་ནི་ས་བོན་ལ་བཞག་དགོས་ཏེ། འཕེན་བྱེད་རྒྱུ་འབྲས་ཀྱི་རྗེས་སུ་འགྲུབ་བྱེད་རྒྱུ་འབྲས་འབྱུང་བའི་ཕྱིར་རོ། ། ༈ ཡན་ལག་གི་གྲངས་ངེས། བཞི་པ་ནི། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་ འབྲས་བུ་ཡོད་དམ་མེད། ཡོད་ན་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་ཞིང་། མེད་ན་འཁོར་བ་ལ་ཐོག་མ་ཡོད་པར་ཐལ་བ་དང་། མ་རིག་པ་དེ་རེས་འགའ་བའི་དངོས་པོ་མིན་པར་ཐལ་བ་དང་། ཡན་ལག་གཞན་རྣམས་ལ་ཡང་རྒྱུ་མེད་ པར་འགྱུར་ཏེ། མ་རིག་པ་ལ་རྒྱུ་མེད་པའི་ཕྱིར། ཡན་ལག་ཆ་གཅིག་རྫོགས་ནས་འབད་མེད་དུ་གྲོལ་བར་འགྱུར་ཏེ། རྒ་ཤི་ལ་འབྲས་བུ་མེད་པའི་ཕྱིར་ཞེ་ན། མ་རིག་པ་ལ་རྒྱུ་དང་། རྒ་ཤི་ལ་འབྲས་བུ་ཡོད་ཀྱང་ཡན་ལག་བཅུ་གཉིས་སུ་གྲངས་ མ་ངེས་པར་ཐལ་བའི་སྐྱོན་མེད་དེ། དེ་དག་ནི་རྟེན་འབྲེལ་གྱི་ཆ་གཞན་དང་གཞན་དུ་གཏོགས་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བར། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་ གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་དང་། དེའི་ཚུལ་ཡང་རྟེན་འབྲེལ་སྙིང་པོ་ལས། གསུམ་པོ་དག་ལས་གཉིས་འབྱུང་ཞིང་། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །དེ་ཉིད་ཡང་དང་ 8-5-18a ཡང་དུ་འཁོར། །ཞེས་སོ། །དེའི་དོན་ཡང་སྐྱེ་བ་དང་རྒ་ཤི་གཉིས་ཀྱི་གནས་སྐབས་སུ། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་རྒྱུན་མ་ཆད་པར་ཡོད་པ་དེ་ཤེས་སྒྲིབ་ཀྱི་རྣམ་རྟོག་ཡིན་ལ། དེས་སྐད་ཅིག་མ་རེ་རེ་བཞིན་དུ་ དངོས་འབྲས་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་བསྐྱེད་པ་ནི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་སྟེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་ པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་ཕུང་པོ་ལ་བདེན་པར་འཛིན་པའི་མ་རིག་པ་དེ་ཡན་ལག་བཅུ་གཉིས་ཀྱི་རྒྱུར་གསུངས་པའི་ཕྱིར་དང་། དེ་བཞིན་དུ། དབུ་མ་རྩ་བ་ལས། ལས་དང་ཉོན་མོངས་རྣམ་རྟོག་ ལས། །ཞེས་པའི་རྣམ་རྟོག་དང་། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པའི་ཕུང་པོར་འཛིན་པ་དང་། རྒྱུད་བླར་ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། ། ཞེས་པའི་ཚུལ་མིན་ཡིད་བྱེད་རྣམས་ཀྱང་། ཇི་སྲིད་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱི་བར་དུ་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཡིན་པས་ཡན་ལག་བཅུ་གཉིས་ཀྱི་རྒྱུར་གྱུར་པའི་མ་རིག་པ་ཡིན་ལ། ཕུང་པོ་བདེན་མེད་དུ་མངོན་གསུམ་ དུ་རྟོགས་པའི་མཐོང་ལམ་སྐྱེས་ནས་ཐེག་དམན་གྱི་སློབ་མི་སློབ་གཉིས་ཀ་དང་། ཐེག་ཆེན་གྱི་ས་བདུན་པ་མན་ཆད་དུ་ཕུང་པོ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་ཤེས་སྒྲིབ་ཀྱི་རྣམ་རྟོག་ཡིན་པས་ཟག་བཅས་ཀྱི་ལས་འཕེན་པར་བྱེད་པ་ནི་ 8-5-18b མ་ཡིན་ནོ། །འདི་ལ་དགོངས་ནས་བདེན་པ་མཐོང་ལ་འཕེན་བྱེད་མེད། །ཅེས་གསུངས་པ་ཡང་ཐེག་པ་ཆེ་ཆུང་གཉིས་ཆར་གྱི་དབང་དུ་བྱས་པའོ། །དེ་ལྟར་ན་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱི་བར་དུ་ཡན་ལག་བཅུ་གཉིས་ཀྱི་གནས་སྐབས་ ཐམས་ཅད་དུ་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པས་དངོས་འབྲས་གང་ཟག་ལ་བདེན་པར་འཛིན་པའི་མ་རིག་པ་ཡང་ཡོད་པར་འགྱུར་རོ་ཞེ་ན། ཤིན་ཏུ་འདོད་དེ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་ མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་པས་སོ། །ཟབ་མོའི་གནད་འདི་ལ་དབུ་མའི་གཞུང་ལུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྒྱས་པར་ནི་ངག་ལས་ ཤེས་པར་བྱའོ། ། ༈ རྟེན་འབྲེལ་གྱི་སྒྲ་དོན། ལྔ་པ་ནི། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཉོན་མོངས་པར་འདུས་ན་ཉོན་མོངས་པར་འཇོག་པའི་རྒྱུ་མཚན་གང་ཞེ་ན། མ་རིག་པས་ནི། ཡུལ་གྱི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་སྒོ་ནས་འགྲོ་བ་རྣམས་ཉོན་མོངས་པར་ འདྲེན་པར་བྱེད་དེ། དེ་བཞིན་དུ་འདུ་བྱེད་ཀྱིས་ནི་ཡང་སྲིད་ཀྱི་ས་བོན་འདེབས་པའི་སྒོ་ནས། རྣམ་པར་ཤེས་པས་ནི་སྐྱེ་གནས་སུ་འཁྲིད་པའི་སྒོ་ནས། མིང་གཟུགས་ཀྱིས་ནི་ཡང་སྲིད་ཀྱི་ལུས་ཀུན་འཛིན་པའི་སྒོ་ནས། སྐྱེ་མཆེད་དྲུག་གིས་ནི་ ཡང་སྲིད་ཀྱི་ལུས་ཀུན་རྫོགས་པར་བྱེད་པའི་སྒོ་ནས། རེག་པས་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་སྒོ་ནས། ཚོར་བས་ནི་རྣམ་སྨིན་གྱི་ལོངས་སྤྱོད་ལ་ཉེ་བར་སྦྱོར་བའི་སྒོ་ནས། སྲེད་པས་ནི་ 8-5-19a ཡང་སྲིད་ཀྱི་ལུས་ཀུན་སྡུད་པའི་སྒོ་ནས། ལེན་པས་ནི་ཡང་སྲིད་ཀྱི་ལས་ལ་སྦྱོར་བའི་སྒོ་ནས། སྲིད་པས་ནི་ཡང་སྲིད་ལ་མངོན་དུ་ཕྱོགས་པའི་སྒོ་ནས། སྐྱེ་བས་ནི་དོག་པའི་སྡུག་བསྔལ་སོགས་ལ་སྦྱོར་བའི་སྒོ་ནས། རྒ་ཤིས་ ནི་ན་ཚོད་གཞན་དུ་འགྱུར་བ་དང་། སྲོག་གི་དབང་པོ་འགགས་པའི་སྡུག་བསྔལ་ལ་སྦྱོར་བའི་སྒོ་ནས་འགྲོ་བ་རྣམས་ཉོན་མོངས་པར་འདྲེན་པར་བྱེད་པའི་ཕྱིར། དེ་སྐད་དུ་ཡང་། དབུས་མཐའ་ལས། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་ པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེར་སྦྱོར་ཕྱིར་དང་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་འདུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཞེས་སོ། ། ༈ ཚེ་དུ་ཞིག་ལ་རྫོགས་པའི་ཚུལ། དྲུག་པ་ལ། འཁོར་བའི་རྒྱུ་འབྲས་ ཆ་གཅིག་གིས་བསྡུས་པའི་ཡན་ལག་བཅུ་གཉིས་ཚེ་དུ་ལ་རྫོགས་དཔྱད་པ་དང་། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཚེ་དུ་ལ་རྫོགས་དཔྱད་པ་གཉིས་ལས། དང་པོ་ནི། ཤིན་ཏུ་མྱུར་ན་ཚེ་གཉིས་ལ་རྫོགས་པ་ཡང་སྲིད་དེ། ཚེ་སྔ་མའི་ཚེ་ སྟོད་ལ་འཕེན་བྱེད་ཀྱི་ལས་བསགས། ཚེ་མཇུག་ལ་འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་ནས་ཚེ་ཕྱི་མ་ལ་འཕངས་པའི་འབྲས་བུ་དང་། གྲུབ་པའི་འབྲས་བུ་རྣམས་འབྱུང་བའི་ཕྱིར་ཤིན་ཏུ་རིང་ན་ཚེ་གསུམ་ལ་རྫོགས་ཏེ། སྔ་མ་ལ་འཕེན་བྱེད་ཀྱི་ལས་ བསགས། བར་པ་ལ་འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་ནས། ཚེ་ཕྱི་མ་ལ་འབྲས་བུ་རྣམས་འབྱུང་བའི་ཕྱིར། དེ་ཡང་ལས་བསགས་པའི་སྐྱེ་བ་དང་། གསོས་བཏབ་པའི་སྐྱེ་བ་གཉིས་པོ་བར་མ་ཆད་དུ་འབྱུང་བར་ནི་མ་ངེས་ཏེ། འཕེན་བྱེད་ 8-5-19b ཀྱི་ལས་བསགས་ནས་སྐྱེ་བ་དུ་མས་བར་དུ་ཆོད་ཀྱང་གསོས་མ་བཏབ་པ་སྲིད་པའི་ཕྱིར། འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་པའི་སྐྱེ་བ་དེ་དང་འབྲས་བུ་འགྲུབ་པའི་སྐྱེ་བ་དེ་ནི་བར་མ་ཆད་དུ་འབྱུང་བར་ངེས་ཏེ། འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་ པའི་དུས་སུ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་པའི་ཕྱིར། གལ་ཏེ་ཤིན་ཏུ་རིང་ན་ཚེ་གསུམ་ལ་རྫོགས་པ་མི་འཐད་པར་ཐལ། ལས་བསགས་པའི་སྐྱེ་བ་དང་། འབྲས་བུ་འགྲུབ་པའི་སྐྱེ་བ་གཉིས་ཀྱི་བར་དུ་སྐྱེ་བ་དུ་མས་ཆོད་པ་ སྲིད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། དེ་རྣམས་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་ཕྱིར། གཞན་དུ་མོས་སྤྱོད་ཀྱི་ཚོགས་དང་། དག་སའི་ཚོགས་གཉིས་བསྐལ་པ་གྲངས་མེད་གཉིས་ལ་རྫོགས་པ་མི་སྲིད་པར་ཐལ། མོས་སྤྱོད་ཀྱི་མགོ་བརྩམས་ ནས་དག་ས་མ་རྫོགས་ཀྱི་བར་དུ་བསྐལ་པ་གྲངས་མེད་གསུམ་དགོས་པའི་ཕྱིར། ཁྱབ་པ་ཁས། འདིར་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མེད་པར་ཐལ། ཚོར་བ་དེ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པའི་རྗེས་སུ་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར། ཞེས་པའི་ལན་དུ་དོན་གསང་མཁན་པོས་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བས་སྐྱོན་མེད་ཅེས་པའི་ལན་མཛད་ཀྱང་། ཕྱོགས་སྔ་མའི་བསམ་པ་དང་། ལན་གདབ་ཚུལ་ནི་མི་མཐུན་ཏེ། སྔ་མ་ནི་མདོ་ལས་ འབྱུང་བའི་རྟེན་འབྲེལ་ཆ་གཅིག་གི༷་དབང་དུ་བྱས་ནས་རྩོད་པ་ཡིན་ཏེ། གཞན་དུ་ན་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལ་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་ལན་མཛད་པ་ནི་འཁོར་བས་བསྡུས་པའི་རྒྱུ་ 8-5-20a འབྲས་ཆ་གཞན་དུ་གཏོགས་པའི་དོན་ཡིན་ན་ནི། ཕྱོགས་སྔ་མའི་ལན་དུ་མ་སོང་ལ། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཞན་དུ་གཏོགས་པའི་དོན་ཡིན་ན་ནི། མདོ་ལས་འབྱུང་བའི་རྟེན་འབྲེལ་ཆ་གཅིག་ལ་ཚོར་བའི་ རྐྱེན་གྱིས་སྲེད་པ་འབྱུང་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །ལུགས་འདི་ལ་ནི་རྩོད་པའི་གནས་མེད་དེ། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་ཚོར་བའི་ས་བོན་གྱིས་སྲེད་པ་བསྐྱེད་པ་ཡོད་ཀྱང་ཚོར་བ་མངོན་འགྱུར་བའི་རྐྱེན་གྱིས་སྲེད་པ་ འབྱུང་བ་མེད་པའི་ཕྱིར་རོ། །གཉིས་པ་ལ་འཕེན་འགྲུབ་དངོས་ཤུགས་བརྒྱད་དུ་དབྱེ་བ། དངོས་བསྟན་བཞི་ལ་ཡན་ལག་བཅུ་གཉིས་སུ་བཞག་པ། དེ་ལྟར་བཞག་པའི་དགོས་པ། རྒྱུ་འབྲས་ཆ་གཅིག་ཏུ་བཞག་པའི་དགོས་པ། དེས་ན་གསུམ་ དང་བཞི་ལ་རྫོགས་པའི་ཚུལ་དང་ལྔ་ལས། དང་པོ་ནི། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་འཕེན་འགྲུབ་ཀྱི་ཡན་ལག་བརྒྱད་ཚང་དགོས་ཏེ། དེ་ལ་འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཉིས་ངེས་པར་དགོས་པ་གང་ཞིག་ དེ་རེ་རེའི་སྟེང་དུ་ཡང་འཕེན་འགྲུབ་ཀྱི་ཡན་ལག་བཞི་བཞི་ཚང་བའི་ཕྱིར། དེ་ལྟར་བརྒྱད་ཡོད་པ་ལས་འཕེན་བྱེད་ཀྱི་རྒྱུ་གཅིག་མ་རིག་པ། འདུ་བྱེད་རྣམ་པར་ཤེས་པ་གསུམ་གྱི་སྐབས་སུ་དངོས་སུ་བསྟན། གཅིག་སྲེད་ལེན་སྲིད་པ་གསུམ་གྱི་ སྐབས་སུ་ཤུགས་ལ་བསྟན། འཕངས་པའི་འབྲས་བུ་གཅིག་མིང་གཟུགས་ནས་ཚོར་བའི་བར་དུ་དངོས་སུ་བསྟན། གཅིག་སྐྱེ་བ་དང་རྒ་ཤི་གཉིས་ཀྱི་སྐབས་སུ་ཤུགས་ལ་བསྟན། འགྲུབ་བྱེད་ཀྱི་རྒྱུ་གཅིག་སྲེད་ལེན་སྲིད་པ་གསུམ་གྱི་སྐབས་སུ་ 8-5-20b དངོས་སུ་བསྟན། གཅིག་མ་རིག་པ་སོགས་ཀྱི་སྐབས་སུ་ཤུགས་ལ་བསྟན། གྲུབ་པའི་འབྲས་བུ་གཅིག་སྐྱེ་བ་དང་རྒ་ཤི་གཉིས་ཀྱི་སྐབས་སུ་དངོས་སུ་བསྟན། གཅིག་མིང་གཟུགས་ནས་ཚོར་བའི་བར་ལ་ཤུགས་ལ་བསྟན་པ་ཡིན་ནོ། ། ལུགས་འདི་ལ་ཡན་ལག་བཅུ་གཉིས་ཆ་གཅིག་གི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་དང་། ཚོར་བ་སྲེད་ལེན་གྱིས་གསོས་བཏབ་པའི་རྗེས་སུ་སྐྱེ་བ་ཕྱི་མ་ལ་འབྱུང་བ་མི་འགལ་ཏེ། དངོས་བསྟན་གྱི་ཚོར་བའི་རྐྱེན་གྱིས་སྲིད་པ་འབྱུང་ལ་ཤུགས་བསྟན་ གྱི་ཚོར་བ་དེ་སྲེད་ལེན་གྱིས་གསོས་བཏབ་པའི་རྗེས་སུ་སྐྱེ་བ་ཕྱི་མ་ལ་འབྱུང་བའི་ཕྱིར། གཉིས་པ་ནི། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་འཕེན་འགྲུབ་དངོས་བསྟན་བཞི་དང་། ཤུགས་བསྟན་བཞི་ཡོད་པ་ལས། དངོས་བསྟན་ བཞི་པོ་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡན་ལག་བཅུ་གཉིས་སུ་བཞག་གོ། གསུམ་པ་ནི། འོ་ན་དེ་ལ་དགོས་པ་ཅི་ཡོད་ཅེ་ན། འདི་ལ་དགོས་པ་གཉིས་ལས། དང་པོ་ནི། རྒྱུ་ལ་རིང་རྒྱུ་དང་། ཉེ་རྒྱུ་གཉིས་ཡོད་པ་དང་། འབྲས་བུ་ལ་རིང་བའི་འབྲས་བུ་དང་། ཉེ་བའི་ འབྲས་བུ་གཉིས་ཡོད་པ་རྟོགས་པའི་ཆེད་དུ་ཡིན་ཏེ། འཕེན་བྱེད་རྒྱུ་འབྲས་ཀྱི་སྐབས་སུ་རིང་བའི་རྒྱུ་འབྲས་བསྟན་ནས། འགྲུབ་བྱེད་རྒྱུ་འབྲས་ཀྱི་སྐབས་སུ་ཉེ་བའི་རྒྱུ་འབྲས་བསྟན་པའི་ཕྱིར། དེ་ལྟར་རྟོགས་པ་ལ་དགོས་པ་ཅི་ཡོད་སྙམ་ན་རྒྱུ་ལ་གཉིས་ཡོད་པ་ རྟོགས་པའི་དགོས་པ་ནི་རིང་བའི་རྒྱུ་བསགས་ཀྱང་ཉེ་བའི་རྒྱུས་གསོས་མ་བཏབ་ན་འབྲས་བུ་མི་བསྐྱེད་པར་ཤེས་ནས་སྲེད་པ་སྤོང་བའི་ཆེད་ཡིན་ལ། འབྲས་བུ་ལ་གཉིས་ཡོད་པ་རྟོགས་པའི་དགོས་པ་ནི་རྣམ་སྨིན་གྱི་ངོ་བོ་དང་། དེའི་ཉེས་དམིགས་རྟོགས་པའི་ 8-5-21a ཆེད་ཡིན་ནོ། །དགོས་པ་གཉིས་པ་ནི། ཡན་ལག་བཅུ་གཉིས་སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བ་དང་། སྔ་མ་སྔ་མ་འགགས་པས་ཕྱི་མ་ཕྱི་མ་འགག་པར་རྟོགས་པའི་ཆེད་ཡིན་ཏེ། རྒྱུ་འབྲས་ཆ་གཉིས་ཀྱི་དངོས་ བསྟན་བཞི་ཕྱོགས་གཅིག་ཏུ་མ་བསྒྲིགས་ན་དགོས་པ་དེ་གཉིས་མི་འགྲུབ་པའི་ཕྱིར་རོ། །བཞི་པ་ནི་དེ་ལྟར་ན་མཛོད་ལས་འབྱུང་བ་ལྟར་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་རྒྱུ་འབྲས་ཆ་གཉིས་སུ་སྟོན་རིགས་པར་འགྱུར་ཏེ། དོན་ལ་རྒྱུ་འབྲས་ཆ་གཉིས་ ཡོད་པའི་ཕྱིར་ཞེ་ན། འདིར་རྒྱུ་འབྲས་ཆ་གཅིག་ཏུ་བསྟན་པའི་དགོས་པ་ནི། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་ཡང་འཕེན་འགྲུབ་ཀྱི་ཡན་ལག་བཞི་ཚང་བར་ཤེས་པའི་ཆེད་ཡིན་ཏེ། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་ཡན་ལག་བཅུ་ གཉིས་ཚང་ཞིང་འདིར་ཡན་ལག་བཅུ་གཉིས་ལ་འཕེན་འགྲུབ་ཀྱི་ཡན་ལག་བཞིར་བསྟན་པའི་ཕྱིར། ལྔ་པ་ནི། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་མྱུར་ན་ཚེ་གསུམ་གྱིས་རྫོགས་ཏེ། ཚེ་སྔ་མ་ལ་འཕེན་བྱེད་དངོས་བསྟན་གསུམ། འགྲུབ་བྱེད་ཤུགས་བསྟན་གསུམ་ཏེ་དྲུག་རྫོགས་ཤིང་། ཚེ་བར་པ་ལ་འཕངས་པའི་འབྲས་བུ་དངོས་བསྟན་བཞི། འགྲུབ་པའི་འབྲས་བུ་ཤུགས་བསྟན་གཉིས་ཏེ་དྲུག་རྫོགས། དེ་ཉིད་ཀྱི་ཚེ་འགྲུབ་བྱེད་དངོས་བསྟན་གསུམ་དང་། འཕེན་བྱེད་ ཤུགས་བསྟན་གསུམ་སྟེ་དྲུག་འབྱུང་བས་བཅུ་གཉིས་སུ་འགྱུར་ལ། ཚེ་ཕྱི་མ་ལ་གྲུབ་པའི་འབྲས་བུ་དངོས་བསྟན་གཉིས། འཕངས་པའི་འབྲས་བུ་ཤུགས་བསྟན་གཉིས་རྫོགས། དངོས་ཤུགས་ཉི་ཤུ་རྩ་བཞི་པོ་དེ་ཉིད་ཀྱིས་མདོ་ལས་འབྱུང་ 8-5-21b བའི་ཡན་ལག་བཅུ་གཉིས་པོ་ཆ་གཅིག་རྫོགས་པའི་ཕྱིར་རོ། །རིང་ན་ཚེ་བཞི་ལ་རྫོགས་ཏེ། ཚེ་སྔ་མ་ལ་འཕེན་བྱེད་དངོས་བསྟན་གསུམ། ཚེ་གཉིས་པ་ལ་འགྲུབ་བྱེད་ཤུགས་བསྟན་གསུམ། ཚེ་གསུམ་པ་ལ་འཕངས་པའི་འབྲས་བུ་དངོས་ བསྟན་བཞི། གྲུབ་པའི་འབྲས་བུ་ཤུགས་བསྟན་གཉིས་ཏེ་དྲུག་རྫོགས་ཤིང་། དེ་ཉིད་ཀྱི་ཚེ་འགྲུབ་བྱེད་དངོས་བསྟན་གསུམ་འཕེན་བྱེད་ཤུགས་བསྟན་གསུམ་སྟེ་དྲུག་འབྱུང་བས་བཅུ་གཉིས་སུ་འགྱུར་ལ། ཚེ་བཞི་པ་ལ་གྲུབ་པའི་འབྲས་བུ་དངོས་ བསྟན་གཉིས་དང་། འཕངས་པའི་འབྲས་བུ་ཤུགས་བསྟན་བཞི་སྟེ་དྲུག་འབྱུང་བས་དངོས་ཤུགས་ཉི་ཤུ་རྩ་བཞི་པོ་དེ་ཉིད་ཀྱིས་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་རྫོགས་པའི་ཕྱིར། འདིའི་ཚེ་དང་པོ་དང་གཉིས་པ་བར་མ་ཆད་དུ་ འབྱུང་བ་ངེས་པ་མེད་པ་ནི་སྔར་དང་འདྲ་ལ། ཚེ་ཕྱི་མ་གསུམ་པོ་བར་མ་ཆད་དུ་འབྱུང་སྟེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་དགོས་པའི་ཕྱིར་དང་། འགྲུབ་བྱེད་ཀྱིས་གསོས་བཏབ་པའི་སྐྱེ་བ་དང་། འབྲས་བུ་འགྲུབ་པའི་སྐྱེ་བ་གཉིས་ལ་སྐྱེ་བ་གཞན་ གྱིས་བར་ཆོད་པ་མི་སྲིད་པའི་ཕྱིར། མདོར་ན་རྒྱུ་འབྲས་སྔ་མའི་ཚོར་བ་རྒྱུར་བྱས་ནས་རྒྱུ་འབྲས་ཕྱི་མའི་སྲེད་པ་འབྲས་བུར་བྱས་པ་ལ་སྔ་མའི་འབྲས་བུ་དང་། ཕྱི་མའི་རྒྱུ་གཉིས་པོ་ཚེ་གཅིག་ལ་འབྱུང་དགོས་ཤིང་། དེ་ཡང་མདོ་ལས་འབྱུང་བའི་ཡན་ལག་བཅུ་ གཉིས་ཆ་གཅིག་གིས་བསྡུས་པ་ནི་གནད་ཀྱི་དོན་ནོ། །འདིར་རྣམ་ཤེས་འཕེན་བྱེད་ཀྱི་ཡན་ལག་ཏུ་བྱས་པ་ནི་ཀུན་ལས་བཏུས་ལས་གསུངས་པའི་དབང་དུ་བྱས་ལ། རྣམ་ཤེས་འབྲས་བུའི་ཆ་བཟུང་བ་ལྟར་ན་འཕངས་པའི་འབྲས་བུའི་ཁོངས་སུ་བསྡུ་བར་ 8-5-22a བྱའོ། ། ༈ ས་མཚུངས་དཔྱད་པ། བདུན་པ་ལ་དགག་བཞག་གཉིས་ལས། ༈ གཞན་ལུགས་དགག་པ། དང་པོ་ནི། མཁས་པ་ཁ་ཅིག །འདོད་པ་ནས་འདོད་པར་སྐྱེ་བའི་ཚེ་ཐམས་ཅད་ས་མཚུངས་ཤིང་ཁམས་དང་ས་གཞན་ནས་གཞན་དུ་སྐྱེ་བའི་ཚེ་མི་མཚུངས་པ་ཡང་ཡོད་དེ། དེ་ལ་ འདུ་བྱེད་དང་མིང་གཟུགས་ནས་སྲེད་པའི་བར་དག་ནི་སྐྱེ་བའི་ས་པ་ཁོ་ནར་གཏོགས་པའི་ཕྱིར་ས་མཚུངས་པ་ཡིན་ཏེ། ས་གཞན་གྱི་འདུ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་དང་། ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་མི་ འཕེལ་བའི་ཕྱིར། མ་རིག་པ་དང་། རྣམ་ཤེས་ནི་གང་དུ་ལས་སོག་པར་བྱེད་པའི་ས་དེ་ཁོ་ནར་གཏོགས་ཏེ། རྣམ་ཤེས་ནི་ལས་སོག་པའི་རྟེན་དེའི་ཀུན་གཞི་ཡིན་པའི་ཕྱིར་དང་། མ་རིག་པ་ནི་ཉོན་ཡིད་དང་མཚུངས་ལྡན་ཡིན་པས་གང་དུ་ སྐྱེས་པ་དེའི་ས་པ་ཡིན་པའི་ཕྱིར་རོ། །ལེན་པ་དང་སྲིད་པ་ནི་སྐྱེ་བ་དང་རྒ་ཤི་གར་གཏོགས་པ་དེའི་ས་པར་གཏོགས་ཏེ་དེ་དག་མངོན་པར་འགྲུབ་པར་བྱེད་པའི་ཉེར་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདོད་པ་ནས་བསམ་གཏན་དང་པོར་སྐྱེས་དེ་ནས་བསམ་ གཏན་གཉིས་པར་སྐྱེ་བར་འགྱུར་བ་དེའི་ཚེ་མ་རིག་པ་དང་། རྣམ་པར་ཤེས་པ་ནི་འདོད་པའི་ས་པ། འདུ་བྱེད་དང་མིང་གཟུགས་ནས་སྲེད་པའི་བར་ནི་བསམ་གཏན་དང་པོའི་ས་པ། ལྷག་མ་རྣམས་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། ། སྲེད་པ་བསམ་གཏན་དང་པོའི་ས་པ་ཡིན་ཏེ། བསམ་གཏན་དང་པོའི་ཚོར་བ་ལ་ཆགས་པའི་འདོད་ཆགས་ཡིན་པའི་ཕྱིར་དང་། ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་མི་འཕེལ་བའི་ཕྱིར་རོ། །ལེན་པ་དང་སྲིད་པ་བསམ་གཏན་གཉིས་ 8-5-22b པའི་ས་པ་ཡིན་ཏེ། སྲིད་པ་ནི་བསམ་གཏན་གཉིས་པའི་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་ངོ་བོ་ཡིན་པའི་ཕྱིར་དང་། ལེན་པ་ནི་བསམ་གཏན་གཉིས་པའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར་རོ། །འོ་ན་བསམ་གཏན་དང་པོའི་སྲེད་པ་གཉིས་པའི་ ལེན་པའི་རྐྱེན་དུ་ཇི་ལྟར་འགྱུར་ཞེ་ན། བསམ་གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་གྱི་བདག་ལ་ཆགས་པའི་དབང་གིས་གཉིས་པའི་ཕུང་པོ་ལ་སྲེད་པའི་ལེན་པ་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །དེས་ན་དོན་གསང་རྣམ་པར་ བཤད་པ་ལས། སྐྱེ་བའི་ས་པ་གང་ཡིན་པ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པའོ། །ཞེས་བཤད་པ་གང་ཡིན་པ་དེ་མི་འཐད་པ་ཡིན་ནོ། །ཞེས་སྤྲོས་པ་དང་བཅས་ཏེ་སྨྲའོ། །འདི་དགག་པ་ལ། ཁས་བླངས་ འགལ་བ་དང་། སྒྲུབ་བྱེད་མི་འཐད་པ་དང་། རྣམ་པར་བཏགས་ནས་དགག་པ་དང་གསུམ་ལས། དང་པོ་ནི། འདུ་བྱེད་སྐྱེ་བའི་ས་པར་གཏོགས་པའི་ཤེས་བྱེད་དུ་ས་གཞན་གྱི་འདུ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་ཞེས་བཀོད་ པ་ནི་སྲེད་པ་ལ་ཡང་མཚུངས་ཏེ། སྲེད་པ་ཡང་། སྐྱེ་བ་དང་རྒ་ཤི་གང་དུ་གཏོགས་པའི་ས་དེར་གཏོགས་པར་ཐལ། ས་གཞན་གྱི་འགྲུབ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་རོ། །ལེན་པ་སྐྱེ་བ་དང་རྒ་ཤི་གང་དུ་གཏོགས་པའི་ས་ དེར་གཏོགས་པའི་ཤེས་བྱེད་དུ་ལེན་པ་ནི་སྐྱེ་བ་ཕྱི་མའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར་རོ། །ཞེས་བཀོད་པ་ཡང་སྲེད་པ་ལ་མཚུངས་ཏེ། སྲེད་པ་ཡང་སྐྱེ་བ་ཕྱི་མའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། 8-5-23a སྲེད་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ལ་ཆགས་པ་ཡིན་པས་ཀུན་གཞིའི་རྣམ་ཤེས་ཁོ་ན་ལ་སྲེད་པའི་ཕྱིར་ཞེ་ན། དེ་ལྟར་ན་ཚོར་བ་ལ་ཆགས་པ་སྲེད་པ་ཡིན་པར་འདོད་པ་དང་འགལ་ཏེ། ཚོར་བ་ནི་ཀུན་གཞི་མིན་པའི་ཕྱིར་རོ། ། གཉིས་པ་ནི། ཚོར་བ་དང་སྲེད་པ་ས་མཚུངས་པའི་ཤེས་བྱེད་དུ་ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་མི་འཕེལ་བའི་ཕྱིར་ཞེས་བཀོད་པ་ནི་རྣམ་པར་མ་བརྟགས་པ་སྟེ། སྲེད་པ་ཡིན་ན་ཚོར་བ་བདེ་བ་ལ་མི་འབྲལ་བར་སྲེད་པས་མ་ཁྱབ་པའི་ཕྱིར་ཏེ། ཚོར་བ་གསུམ་ལ་སྲེད་ཚུལ་གསུམ་ཡོད་པའི་ཕྱིར། དེས་ན་ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་འཕེལ་བ་ཡོད་དེ། འདོད་པའི་ཚོར་བ་སྡུག་བསྔལ་ལ་དམིགས་ནས་དེ་དང་འབྲལ་བར་འདོད་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་སྲེད་པ་ འཕེལ་བ་ཡོད་པའི་ཕྱིར་ཏེ། འདོད་པ་དང་། བསམ་གཏན་དང་པོ་ལ་ཞི་རགས་སུ་ལྟ་བའི་སྐབས་ཀྱི་སྲེད་པ་དེ་བསམ་གཏན་དང་པོའི་སས་བསྡུས་ཡིན་པའི་ཕྱིར། ལེགས་པར་སོམས་ཤིག །གསུམ་པ་ནི། དེ་ལྟ་བུའི་ས་མཚུངས་འདི་འཁོར་བས་ བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་འཇོག་གམ། ཆ་གཉིས་ལ་འཇོག །དང་པོ་ལྟར་ན། མིང་གཟུགས་ནས་ཚོར་བའི་བར་དང་། སྐྱེ་བ་དང་རྒ་ཤི་གཉིས་ས་མཚུངས་ཡོད་པར་འདོད་པ་དང་འགལ་ལ། ཕྱི་མ་ལྟར་ན་འདུ་བྱེད་གང་དུ་ སྐྱེ་བའི་སར་གཏོགས་ཤིང་སྲེད་པ་རྣམ་སྨིན་འགྲུབ་པའི་སར་མི་གཏོགས་པར་འདོད་པ་དང་འགལ་ཏེ། རྒྱུ་འབྲས་སྔ་མའི་མ་རིག་པ་དང་། འདུ་བྱེད་གཉིས་རྒྱུར་འཇོག་པ་ལྟར། རྒྱུ་འབྲས་ཕྱི་མའི་སྲེད་ལེན་སྲིད་པ་གསུམ་པོ་ཡང་རྒྱུར་འཇོག་ 8-5-23b དགོས་པའི་ཕྱིར། ༈ རང་ལུགས་བཞག་པ། གཉིས་པ་ལ་གཉིས་ཏེ། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་གི་ས་མཚུངས་དཔྱད་པ་དང་། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་གི་ས་མཚུངས་དཔྱད་པ་གཉིས་ལས། དང་པོ་ནི། ཁམས་གསུམ་ ས་དགུ་ནས་སྐྱེ་བའི་ཚུལ་བསྡུ་ན། རང་ས་ནས་རང་སར་སྐྱེ་བ། འོག་ས་ནས་གོང་སར་སྐྱེ་བ། གོང་ས་ནས་འོག་སར་སྐྱེ་བ་གསུམ་དུ་འདུས་ཤིང་། རྒྱས་པར་ཕྱེ་ན་གྱ་གཅིག་ཡོད་དེ། ཁམས་གསུམ་ས་དགུ་ནས་འདོད་པར་སྐྱེ་བ་དགུ་ཡོད་པ་ ནས་བཟུང་སྟེ། སྲིད་རྩེར་སྐྱེ་བ་དགུའི་བར་རྣམས་སུ་ཡོད་པའི་ཕྱིར། དེ་ལ་ཡན་ལག་བཅུ་གཉིས་ལས། འདུ་བྱེད་ལ་སོགས་པའི་ཕྱི་མ་བཅུ་གཅིག་པོ་དེ་གང་དུ་སྐྱེ་བའི་སྐྱེ་ས་ཁོ་ནར་གཏོགས་ཏེ། རྣམ་སྨིན་གྱི་ཡན་ལག་དྲུག་གམ་བདུན་པོ་ དེ་སྐྱེས་པ་དེའི་ཟག་བཅས་ཀྱི་ཕུང་པོ་ལ་འཇོག་དགོས་ཤིང་། ས་གཞན་གྱི་འཕེན་བྱེད་ཀྱི་ལས་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འཕེན། ས་གཞན་གྱི་འགྲུབ་བྱེད་ཀྱི་ལས་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་རོ། །མ་རིག་པ་གང་དུ་སྐྱེ་བའི་སྐྱེ་ སར་གཏོགས་པ་ལ་ཡང་དགུ་ཡོད་དེ། ཁམས་གསུམ་ས་དགུ་ནས་འདོད་པར་སྐྱེ་བ་ནའོ། །དེའི་རྒྱུ་མཚན་ཡང་ཁམས་གོང་གི་སས་བསྡུས་ཀྱི་མ་རིག་པས་འདོད་པར་འཕེན་བྱེད་ཀྱི་ལས་ཀུན་ནས་མི་སློང་བའི་ཕྱིར་ཏེ། གོང་མའི་དངོས་གཞིའི་སེམས་ མ་ཐོབ་པར་གོང་མའི་མ་རིག་པ་མངོན་དུ་མི་འགྱུར་ལ། གོང་མའི་དངོས་གཞི་ཐོབ་ནས་མ་ཉམས་པར་འདོད་པར་འཕེན་བྱེད་ཀྱི་ལས་སོགས་པ་མི་སྲིད་པའི་ཕྱིར་ཏེ། འདོད་པ་དམན་པར་མཐོང་བའི་ཕྱིར། ཡང་ཁམས་གསུམ་ས་དགུ་ནས་ 8-5-24a བསམ་གཏན་དང་པོར་སྐྱེ་བའི་སྐྱེ་བ་དགུ་ལ་མ་རིག་པ་འདོད་པའི་སས་བསྡུས་ཁོ་ན་ཡིན་ཏེ། བསམ་གཏན་དང་པོ་ཡན་ཆད་ཀྱི་སས་བསྡུས་ཀྱི་མ་རིག་པས་བསམ་གཏན་དང་པོར་འཕེན་བྱེད་ཀྱི་ལས་ཀུན་ནས་མི་སློང་བའི་ ཕྱིར་ཏེ། དེར་སྐྱེ་བའི་འཕེན་བྱེད་ཀྱི་ལས་སོགས་པར་བྱེད་པ་ལ་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་སྔོན་དུ་འགྲོ་དགོས་ཞིང་། ཀུན་སློང་གི་མ་རིག་པ་ནི་དེའི་སྔོན་དུ་ཡང་འགྲོ་དགོས་པའི་ཕྱིར་རོ། ཡང་ཁམས་གསུམ་ས་དགུ་ནས་བསམ་གཏན་གཉིས་པར་སྐྱེ་བའི་སྐྱེ་བ་དགུ་ལ་མ་རིག་པ་བསམ་གཏན་དང་པོའི་སས་བསྡུས་ཁོ་ན་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་མ་རིག་པས་བསམ་གཏན་གཉིས་པའི་ལས་ཀུན་ནས་མི་སློང་བ་གང་ཞིག །བསམ་ གཏན་གཉིས་པ་ཡན་ཆད་ཀྱི་མ་རིག་པས་ཀྱང་བསམ་གཏན་གཉིས་པར་འཕེན་བྱེད་ཀྱི་ལས་ཀུན་ནས་མི་སློང་བའི་ཕྱིར། གཏན་ཚིགས་སྔ་མ་གྲུབ་སྟེ། བསམ་གཏན་གཉིས་པར་སྐྱེ་བའི་འཕེན་བྱེད་ཀྱི་ལས་སོགས་པ་ལ་བསམ་གཏན་དང་པོའི་དངོས་གཞིའི་ སེམས་ཐོབ་པ་དགོས། དེ་ཐོབ་ནས་འདོད་པའི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་སྤང་བའི་ཕྱིར་དང་། འདོད་པའི་མཐོང་སྤངས་སུ་གྱུར་པའི་མ་རིག་པ་ནི་མི་དགེ་བ་ཡིན་པས་མི་གཡོ་བའི་ལས་ཀུན་ནས་མི་སློང་བའི་ཕྱིར། དེས་མཚོན་ནས་བསམ་གཏན་ གསུམ་པ་ནས་བཟུང་སྟེ་སྲིད་རྩེའི་བར་གྱི་སྐྱེ་བ་དགུ་དགུ་པོ་ཐམས་ཅད་ཀྱི་ཀུན་སློང་གི་མ་རིག་པ་རང་རང་གི་འོག་ས་དེ་མ་ཐག་ཏུ་ཤེས་པར་བྱའོ། །བསྡུ་ན་མ་རིག་པ་ལ་མུ་བཞི་ལས། སྐྱེ་འཆི་གཉིས་ཀའི་སར་གཏོགས་པ་ནི་འདོད་པ་ནས་འདོད་པར་སྐྱེ་བ་ལྟ་བུ། 8-5-24b སྐྱེ་སར་གཏོགས་ནས་འཆི་སར་མི་གཏོགས་པ་ནི་གོང་མ་བརྒྱད་ནས་འདོད་པར་སྐྱེ་བ་ལྟ་བུ། འཆི་སར་གཏོགས་ནས་སྐྱེ་སར་མི་གཏོགས་པ་ནི་འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ནས་བཟུང་སྟེ། ཅི་ཡང་མེད་ནས་སྲིད་རྩེར་སྐྱེ་བའི་བར་བརྒྱད་ལྟ་ བུའོ། །སྐྱེ་འཆི་གཉིས་ཀའི་སར་མི་གཏོགས་པ་ནི་བཅུ་བདུན་པོ་དེའི་ལྷག་མ་རྣམས་སོ། །འདི་དག་ཀྱང་ཡིད་ཀྱི་ས་པའི་མ་རིག་པས་ཀུན་སློང་བྱེད་པའི་དབང་དུ་བྱས་ཀྱི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པས་ཀུན་སློང་བྱེད་ན་མ་རིག་པ་ནི་ གང་དུ་ལས་སོགས་པའི་རྟེན་དེའི་སར་གཏོགས་ཏེ། ཉོན་ཡིད་ནི་ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་བདག་ཏུ་འཛིན་པ་ཡིན་པས་གཞན་གྱི་ཉོན་ཡིད་ཀྱིས་ས་གཞན་གྱི་ཀུན་གཞི་ལ་བདག་ཏུ་འཛིན་པ་མི་སྲིད་པའི་ཕྱིར། འདི་དག་གི་ དགག་སྒྲུབ་རྒྱས་པ་ནི་སྐྱེས་བུ་མཆོག་གི་གསལ་བྱེད་དུ་བསྟན་ཟིན་པས་དེར་ལྟ་བར་བྱའོ། །གཉིས་པ་ལ། འདོད་པ་ནས་འདོད་པར་སྐྱེ་བ་ལ་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བའི་ཚེ་ཐམས་ཅད་ས་མཚུངས་པ་ནི་རྟོགས་པར་སླ་ ལ། འདོད་པ་ནས་བསམ་གཏན་དང་པོ། དེ་ནས་བསམ་གཏན་གཉིས་པར་སྐྱེ་བ་ལ་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བའི་ཚེ་དངོས་བསྟན་གྱི་མ་རིག་པ་ནི་འདོད་པའི་སས་བསྡུས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ནས་ཚོར་ བའི་བར་ནི་བསམ་གཏན་དང་པོའི་སས་བསྡུས་ཡིན་ལ། འདི་ལ་ཤུགས་བསྟན་གྱི་འགྲུབ་བྱེད་གསུམ་དང་གྲུབ་པའི་འབྲས་བུ་གཉིས་ཡོད་པ་ཡང་། བསམ་གཏན་དང་པོའི་སས་བསྡུས་ཡིན་ནོ། །དངོས་བསྟན་གྱི་སྲེད་ལེན་སྲིད་པ་གསུམ་ནི་ 8-5-25a བསམ་གཏན་གཉིས་པའི་སས་བསྡུས་ཡིན་ཏེ། བསམ་གཏན་གཉིས་པའི་རྣམ་སྨིན་འགྲུབ་བྱེད་ཡིན་པའི་ཕྱིར། དངོས་བསྟན་གྱི་གྲུབ་པའི་འབྲས་བུ་གཉིས་ཀྱང་བསམ་གཏན་གཉིས་པའི་སས་བསྡུས་ཡིན་ཏེ། དེའི་རྣམ་སྨིན་གྱི་ཕུང་ པོ་ཡིན་པའི་ཕྱིར། འདི་ལ་ཤུགས་བསྟན་གྱི་ཡན་ལག་བདུན་ཡོད་པ་ལས་མ་རིག་པ་བསམ་གཏན་དང་པོའི་སས་བསྡུས་དང་། འདུ་བྱེད་ནས་ཚོར་བའི་བར་དྲུག་ནི་བསམ་གཏན་གཉིས་པའི་སས་བསྡུས་ཡིན་པའི་སྒྲུབ་བྱེད་སྔ་མ་ལ་དཔག་སྟེ་ཤེས་པར་ བྱའོ། །དེ་ཡང་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པས་ཀུན་སློང་བྱེད་པའི་དབང་དུ་བྱས་ཀྱི། ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པས་ཀུན་སློང་བྱེད་ན་མ་རིག་པ་ཕྱི་མ་བསམ་གཏན་གཉིས་པའི་འཕེན་བྱེད་ཀྱི་ལས་གང་དུ་བསགས་ པའི་རྟེན་དེར་གཏོགས་པར་ཤེས་པར་བྱའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ནས་བསམ་གཏན་དང་པོར། དེ་ནས་འདོད་པར་སྐྱེ་བ་ལ་དངོས་བསྟན་གྱི་མ་རིག་པ་འདོད་པའི་སས་བསྡུས་དང་། དངོས་བསྟན་གྱི་འདུ་བྱེད་ནས་ཚོར་བའི་བར་ བསམ་གཏན་དང་པོའི་སས་བསྡུས་དང་། འདི་ལ་ཤུགས་བསྟན་ལྔ་ཡོད་པ་ལས་ལྔ་ཆར་ཡང་བསམ་གཏན་དང་པོའི་སས་བསྡུས་ཡིན་ལ། དངོས་བསྟན་གྱི་འགྲུབ་བྱེད་གསུམ་དང་གྲུབ་པའི་འབྲས་བུ་གཉིས་ནི་འདོད་པའི་སས་བསྡུས་དང་། འདིའི་ཤུགས་ བསྟན་བདུན་ནི་འདོད་པའི་སས་བསྡུས་སུ་ཤེས་པར་བྱའོ། ། ༈ རྣམ་བྱང་གི་རྟེན་འབྲེལ། གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ལ། སྤྱིར་ཐར་ལམ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བ་དང་ལམ་བདེན་ལ་བརྟེན་ནས་འགོག་བདེན་འབྱུང་བ་དང་། སྦྱོར་བཞི་བསྒོམས་པ་ལས་འབྲས་བུ་ 8-5-25b ཆོས་སྐུ་འབྱུང་བ་སོགས་རྣམ་བྱང་གི་རྒྱུ་ལས་རྣམ་བྱང་གི་འབྲས་བུ་འབྱུང་བ་ཐམས་ཅད་རྣམ་བྱང་གི་རྟེན་འབྲེལ་དུ་ཤེས་པར་བྱ་སྟེ། རྒྱུ་འབྲས་གཉིས་ཀ་ཡང་རྣམ་བྱང་གི་ཆོས་ཡིན་ཅིང་། རྒྱུ་འབྲས་ཐམས་ཅད་ལ་རྒྱུ་དེ་ཉིད་འབྲས་བུའི་ངོ་བོར་གྱུར་པ་ ཡང་མ་ཡིན། རྒྱུ་དེ་ལ་མ་བརྟེན་པར་འབྱུང་བ་ཡང་མ་ཡིན། འོན་ཀྱང་འབྲས་བུ་དེ་འབྱུང་བ་རྒྱུ་དེ་ལ་ངེས་པར་བརྟེན་དགོས་པས་རིགས་པས་དཔྱད་མི་བཟོད་ཀྱང་ཀུན་རྫོབ་ཏུ་རྒྱུ་འབྲས་སོ་སོར་ངེས་པའི་ཆ་ནས་རྟེན་འབྲེལ་གྱི་དོན་ཚང་བའི་ཕྱིར་རོ། ། འདིར་ཡང་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་འགག་པའི་རིམ་པ་ལ་རྣམ་བྱང་གི་རྟེན་འབྲེལ་དུ་འཇོག་པའི་ཚུལ་བཤད་ན། སོ་སོ་སྐྱེ་བོ་དང་ཉན་རང་སློབ་པ་ལ་ཡོད་པའི་རྟེན་འབྲེལ་འགག་པའི་རིམ་པ་དང་། ཉན་རང་དགྲ་བཅོམ་པ་དང་བྱང་སེམས་ འཕགས་པ་ལ་ཡོད་པའི་རྟེན་འབྲེལ་འགག་པའི་རིམ་པ་གཉིས་ལས། ༈ སོ་སོ་སྐྱེ་བོ་དང་ཉན་རང་སློབ་པ་ལ་ཡོད་པའི་རྟེན་འབྲེལ་འགག་པའི་རིམ་པ། དང་པོ་ནི། དབུ་མ་རྩ་བ་ལས། མ་རིག་འགག་པར་གྱུར་པ་ནི། །འདུ་བྱེད་རྣམས་ཀུན་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་ བསྒོམས་པས་སོ། །ཞེས་པས། མ་རིག་པ་འགགས་པས་འདུ་བྱེད་མི་འབྱུང་བ་དང་། མ་རིག་པ་འགག་པའི་རྒྱུ་ངོས་བཟུང་ནས། །དེ་དང་དེ་ནི་འགག་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་ དེ་ལྟར་ཡང་དག་འགག །ཞེས་འདུ་བྱེད་འགགས་པས་ཡན་ལག་ཕྱི་མ་རྣམས་རིམ་གྱིས་འགག་པའི་ཚུལ་གསུངས་སོ། །ལུགས་འདི་ལ་མ་རིག་པ་འགག་པའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ 8-5-26a བསྒོམ་པ་ཡིན་ལ། དེ་རྟོགས་པ་ལ་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་དགོས་པས། ཐེག་དམན་ཚོགས་སྦྱོར་གྱི་གནས་སྐབས་སུ་གང་ཟག་གི་བདག་མེད་བསྒོམས་ནས་མཐོང་ལམ་དུ་མངོན་གསུམ་མཐོང་བའི་ཚེ་ མཐོང་སྤངས་སུ་གྱུར་པའི་མ་རིག་པ་འགག་ཅིང་། སྒོམ་སྤངས་སུ་གྱུར་པའི་མ་རིག་པ་མ་འགགས་ཀྱང་དེས་འཕེན་བྱེད་ཀྱི་ལས་སློང་བར་མི་བྱེད་དེ། བདེན་པ་མངོན་སུམ་མཐོང་བའི་ཕྱིར། སྔར་སོ་སྐྱེའི་རྟེན་ལ་འཕེན་བྱེད་ཀྱི་ལས་ མང་དུ་བསགས་པས། འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་པའི་དབང་གིས་སྐྱེ་བ་དུ་མ་ལེན་པ་ད་དུང་ཡོད་དེ། སྲིད་པ་ལན་བདུན་པ་བཞིན་ནོ། །བསྒོམ་ལམ་གྱི་གནས་སྐབས་སུ་མཐོང་སྤངས་ཀྱི་མ་རིག་པའི་རྐྱེན་གྱིས་ཡན་ལག་ཕྱི་ མ་འགགས་ཟིན་ཀྱང་སྔར་སོ་སྐྱེའི་རྟེན་ལ་སྒོམ་སྤངས་ཀྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འགགས་པའི་དབང་གིས་བྱུང་བའི་ཡན་ལག་ཕྱི་མ་རྣམས་ནི་མ་འགགས་ལ། བསྒོམ་ལམ་སྐད་ཅིག་མ་ཐ་མས་སྒོམ་སྤངས་ཀྱི་མ་རིག་པ་བཅོམ་པའི་རྗེས་སུ་ ནི་བསྒོམ་སྤངས་ཀྱི་མ་རིག་པའི་རྐྱེན་གྱིས་བྱུང་བའི་ཡན་ལག་ཕྱི་མ་རྣམས་ཀྱང་མི་འབྱུང་བར་ཤེས་པར་བྱའོ། །བྱང་སེམས་ལ་ནི་མཐོང་ལམ་སྐྱེས་པའི་ཚེ་སྔར་གྱི་མཐོང་སྤང་དང་བསྒོམ་སྤངས་ཀྱི་མ་རིག་པ་ཐམས་ཅད་ཅིག་ཆར་འགགས་པས་ ལས་དང་ཉོན་མོངས་ཀྱི་དབང་གིས་སྐྱེ་འཆི་སྤངས་པ་ནི་རྒྱུད་བླ་མ་སོགས་ཚད་ལྡན་གྱི་གཞུང་རྣམས་ལས་གསུངས་ཏེ་གཞན་དུ་བཤད་ཟིན་ཏོ།། །། ༈ ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་ལ་ཡོད་པའི་རྟེན་འབྲེལ་འགག་པའི་རིམ་པ། གཉིས་པ་ལ་ཉན་རང་དགྲ་བཅོམ་དང་། བྱང་སེམས་འཕགས་པ་རྣམས་ཀྱི་རྒྱུད་ལ་ཟག་ 8-5-26b བཅས་ཀྱི་ཡན་ལག་བཅུ་གཉིས་མེད་ཀྱང་། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལས་བྱུང་བའི་ཡན་ལག་བཅུ་གཉིས་ཆ་འདྲ་བ་ཡོད་པ་ནི་སངས་རྒྱས་མ་ཐོབ་ཀྱི་བར་དུ་མ་འགག་སྟེ། མ་རིག་བག་ཆགས་ཀྱི་ས་མ་སྤངས་པའི་ཕྱིར་རོ། །འདི་ ཇི་ལྟར་ཤེས་ཅེ་ན། རྒྱུད་བླ་མ་ལས། གང་ཟག་དེ་དག་ལ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལས་བྱུང་བའི་ཡིད་ཀྱི་རང་བཞིན་ཅན་གྱི་སྐྱེ་བ་དང་། ཟག་མེད་མངོན་པར་འདུ་བྱེད་ཀྱི་རྒ་བ་དང་། བག་ཆགས་ཕྲ་མོའི་ནད་དང་། བསམ་ གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ཡོད་ཅིང་། སངས་རྒྱས་འཕགས་པས་དེ་བཞི་སྤངས་པས་རྟག་པ་དམ་པ་སོགས་ཐོབ་པར་གསུངས་པས་སོ་སྐྱེ་དང་ཉན་ཐོས་སློབ་པ་ལ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་རྒ་ན་འཆི་བཞི་ཡོད་པ་ལྟར། ཉན་ རང་དགྲ་བཅོམ་དང་བྱང་སེམས་འཕགས་པ་ལ་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལས་བྱུང་བའི་སྐྱེ་རྒ་ན་འཆི་ཡོད་པས། ཡན་ལག་བཅུ་གཉིས་ཀྱི་ཚུལ་འདི་ཡང་ཤིན་ཏུ་གནས་པའི་ཕྱིར་རོ། །འོ་ན་དེའི་ཡན་ལག་བཅུ་གཉིས་ནི་གང་། འགག་པའི་དུས་ནི་ནམ་ཞིག་ཅེ་ན། དང་པོ་ནི་མ་རིག་བག་ཆགས་ཀྱི་ས་ནི་དེའི་མ་རིག་པ། ཟག་མེད་ཀྱི་ལས་ནི་འདུ་བྱེད། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པར་འདོད་པའི་དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ནི་སྲེད་ལེན་སྲིད་པ་ གསུམ་ཡིན་པས། དེ་ལས་ཡིད་ཀྱི་རང་བཞིན་གྱི་མིང་གཟུགས་ནས་ཚོར་བའི་བར་གྲུབ་པ་ནི་ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་ཡིན་ཏེ། དེ་ཉིད་སྐད་ཅིག་སྔ་མ་འགགས་ནས་ཕྱི་མ་སྐྱེ་བ་ནི་འདུ་བྱེད་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ནི་སྐྱེ་བ་དང་རྒ་ 8-5-27a ཤི་ཡིན་ནོ། །གཉིས་པ་འགག་པའི་དུས་ནི། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའི་ཚེ་མ་རིག་བག་ཆགས་ཀྱི་ས་འགག་ལ། དེ་འགགས་པས་ཡན་ལག་ཕྱི་མ་ ཐམས་ཅད་འགགས་ནས་དམ་པའི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པར་འགྱུར་རོ། །གསུམ་པ་གྲུབ་མཐའ་འོག་མ་ལས་རྟེན་འབྲེལ་རྟོགས་ཚུལ་ཁྱད་པར་དུ་འཕགས་པར་སྟོན་པ་ནི། ཕྱི་རོལ་པ་རྣམས་ནི་རྟེན་འབྲེལ་ཁས་མི་ལེན་ཏེ། ཁ་ཅིག་ གཙོ་བོ་དང་དབང་ཕྱུག་སོགས་བྱེད་པོ་དང་། ཁ་ཅིག་རྟག་པའི་རྒྱུ་དང་། ཁ་ཅིག་རྒྱུ་མེད་པར་སྨྲ་བའི་ཕྱིར་རོ། །ཆོས་འདི་པ་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པ་ཤ་སྟག་སྟེ། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་ བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་རྟེན་འབྲེལ་དེ་བཞིན་གཤེགས་པའི་གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོར་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐམས་ཅད་ཀྱིས་རྟེན་ཅིང་འབྲེལ་བར་ འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་མ་ཡིན་ཏེ། འདི་ལྟར་རྟེན་འབྲེལ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང་། སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པའི་རྟེན་འབྲེལ་གཉིས། དང་པོ་ནི་ཕྱི་ནང་གི་དངོས་པོ་ ཀུན་རྒྱུ་གང་དང་རྐྱེན་གང་ལས་ཇི་ལྟར་བྱུང་བའི་ཚུལ་ལོ། །གཉིས་པ་ནི་ནང་གི་སྐྱེ་མཆེད་དྲུག་གི་དངོས་པོ་འདི་རྒྱུ་གང་དང་རྐྱེན་གང་ལས་འགྲོ་བ་ལྔར་ཇི་ལྟར་འཁོར་བའི་ཚུལ་ལོ། །དེ་ལ་ཕྱི་རོལ་པ་དག་ནི་གཉིས་ཀ་ལ་རྨོངས་ཞིང་། ཉན་ཐོས་སྡེ་ 8-5-27b གཉིས་དག་དང་པོ་ལ་རྨོངས་སྟེ། ཕྱི་རོལ་གྱི་དངོས་པོ་རྣམས་རྡུལ་ཕྲ་རབ་ཀྱིས་བྱས་པ་དང་། ནང་གི་སྐྱེ་མཆེད་རྣམས་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བ་སོགས་རིགས་པས་དཔྱད་བཟོད་དུ་ཁས་ལེན་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ འབྱུང་བ་སོགས་ཡན་ལག་བཅུ་གཉིས་ཀྱི་འཇུག་པ་ཁས་ལེན་པའི་ཆ་ནས་རྟེན་འབྲེལ་གཉིས་པ་ལ་རྨོངས་པ་མ་ཡིན་མོད་ཀྱི། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་ཚེ་གསུམ་གྱི་ཕུང་པོའི་གནས་སྐབས་ལ་འཇོག་པ་སོགས་ ལོག་པར་རྟོག་པ་ཡང་ཡོད་པས་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་མ་ཡིན་ནོ། །རྣམ་རིག་པ་རྣམས་ནི་ཕྱི་ནང་གི་དངོས་པོ་རྣམས་ཇི་ལྟར་སྣང་བའི་རྒྱུ་མཚན་བོར་ནས་ཀུན་གཞིའི་རྣམ་ཤེས་བདེན་གྲུབ་པ་ལས་བྱུང་བར་ཁས་ལེན་ པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་རྟོགས་པ་མ་ཡིན་ལ་མཐའ་བཞིའི་སྐྱེ་བ་བཀག་པའི་ཐ་སྙད་ཙམ་ཁས་བླངས་ཀྱང་དོན་ལ་བཀག་མ་ནུས་ཏེ། རྒྱུ་རྐྱེན་རྫས་གཞན་ལས་སྐྱེ་བ་ཁས་བླངས་པའི་ཕྱིར། མདོར་ན་ཕྱི་རོལ་པ་ནས་རྣམ་ རིག་པའི་བར་གྱི་དངོས་སྨྲ་བ་རྣམས་ནི་ཕྱི་ནང་གི་དངོས་པོ་རྣམས་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པར་འབྱུང་བ་གང་རུང་སྨྲ་བས་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་མ་རྟོགས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། སྡུག་བསྔལ་རང་ གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་བརྟག །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་གསུངས་སོ། །དེས་ན་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་དབུ་མ་པ་ཁོ་ན་སྟེ། 8-5-28a རིག་པས་དཔྱད་པའི་ཚེ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་པའི་ཚུལ་གྱིས་མཐའ་བཞིའི་སྐྱེ་བ་མི་ རྙེད་ཀྱང་། ཐ་སྙད་དུ་རྒྱུ་འདི་ལ་རྟེན་ནས་འབྲས་བུ་འདི་འབྱུང་ཞེས་པ་ཙམ་ཞིག་མི་འགལ་བས་ན་སྐྱེ་བ་མེད་ཀྱང་སྐྱེ་བར་སྣང་། སྐྱེ་བར་སྣང་ཡང་སྐྱེ་བ་མེད་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བར་འཇོག་པའི་ཕྱིར་རོ། །མདོར་ན་ས་བོན་གྱི་རྐྱེན་ གྱིས་མྱུ་གུ་ཞེས་སོགས་ཕྱིའི་རྟེན་འབྲེལ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་སོགས་ནང་གི་རྟེན་འབྲེལ་ཐམས་ཅད་ལ་ཐ་སྙད་དུ་རྒྱུ་འབྲས་ཁས་བླངས་ཀྱང་རྒྱུ་འབྲས་དེ་ཉིད་གཅིག་དང་། ཐ་དད་དང་། རྟག་པ་དང་། མི་རྟག་པ་ དང་། དངོས་པོ་དང་། དངོས་མེད་སོགས་གང་ཡིན་དཔྱད་པའི་ཚེ་དེ་དག་གང་རུང་ཞིག་ཏུ་ཁས་ལེན་པ་ནི། དངོས་སྨྲ་བའི་ལུགས་ཡིན་ལ། དབུ་མ་པས་ནི། ཕྱོགས་གཉིས་གང་དུ་ཡང་ཁས་མི་ལེན་ཏེ། ཇི་ལྟར་སྣང་བ་ཙམ་ལ་རྟེན་ ནས་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་ཞེས་པ་ཙམ་ཞིག་ཁས་ལེན་པའོ། །ཐོག་མཐའ་མེད་པའི་ཉོན་མོངས་ལས་དང་རྣམ་པར་སྨིན། །མུ་མཐའ་མེད་པའི་འཁོར་བར་མགལ་མེའི་འཁོར་ལོ་ལྟར། །བར་མཚམས་མེད་པར་འཁོར་ བའི་ཚུལ་འདི་ལེགས་ཤེས་ནས། །སྐྱེ་འགག་མེད་པར་རྟོགས་པའི་བློ་ཡིས་བཅད་བྱའི་ཕྱིར། །འཁོར་དང་མྱ་ངན་འདས་པའི་གནས་ལུགས་གསལ་བ་ཡི། །ལེགས་བཤད་འདི་ནི་གྲུབ་མཐའི་གནད་རྣམས་མ་འདྲེས་ཤིང་། །ཁྱད་ 8-5-28b པར་དབུ་མའི་ཐ་སྙད་རྟེན་འབྲེལ་གཙོར་བྱས་ནས། །ལུང་རིགས་དོན་ལ་མ་རྨོངས་བློ་ལྡན་དེ་ཡིས་སྦྱར། །རྒྱུ་འབྲས་གཅིག་གི་འཕེན་གྲུབ་སྦྱར་དང་ས་མཚུངས་ཙམ། །བརྒྱ་ཚར་ཐོས་ནས་འདོན་པ་གོམས་ཀྱང་ཚུལ་ལུགས་འདིའི། །མན་ ངག་མེད་ན་མངོན་པའི་ང་རྒྱལ་མཚོ་བརྡོལ་ནས། །ཚིག་གི་རླབས་ཕྲེང་གཡོ་ཡང་དོན་མེད་ལྦུ་བའི་རྒྱུ། །སྔ་མའི་རྐྱེན་གྱིས་ཕྱི་མ་འབྱུང་བའི་ཚར་གཅིག་ལ། །དངོས་ཤུགས་སྦྱར་ཚེ་འཁོར་བའི་རྒྱུ་འབྲས་ཚར་གཉིས་འབྱུང་། །དེ་ལྟ་ན་ ཡང་ཚར་གཅིག་ཉིད་དུ་བཞག་ཚུལ་དང་། །བཞག་པའི་དགོས་པ་དེ་ཡི་འཕེན་གྲུབ་སྦྱར་ཚུལ་དང་། །དེ་ཉིད་ཚེ་རབས་དུས་བསྡུས་དེ་ཡི་ས་མཚུངས་དང་། །གྲུབ་མཐའ་གཞན་དུ་ཚར་གཉིས་བཞག་པའི་གནད་རྣམས་ནི། །རོང་སྟོན་དམ་ པའི་གསུང་གི་མན་ངག་ལ་བརྟེན་ནས། །ཁོ་བོས་རྟོགས་འདི་སྨྲ་བ་གཞན་དང་ཐུན་མོང་མིན། །འདི་སྦྱར་དགེ་བ་ཡེ་ཤེས་རྡོ་རྗེའི་མེ་ཆར་གྱིས། །མཁའ་མཉམ་འགྲོ་བའི་སྲིད་པའི་འཁོར་ལོ་རྣམ་བཤིག་ནས། །ཡོན་ཏན་ལྷུན་ བརྩེགས་མྱ་ངན་འདས་པའི་སྨན་ལྗོངས་སུ། །རྣམ་གྲོལ་བདེ་བའི་འབྲས་བུའི་ཟས་ཀྱིས་འཚོ་བར་ཤོག །རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ་འདི་ནི། བསྟན་པ་མི་འགྱུར་བའི་སྲོག་ཤིང་ཐམས་ ཅད་མཁྱེན་པ་སངས་རྒྱས་འཕེལ་གྱི་ཞབས་རྡུལ་ལ་རེག་པ་མདོ་ཁམས་པ་བསོད་ནམས་སེང་གེས་ལྕགས་ཕོ་སྟག་གི་ལོ། གྲོ་བཞིན་གྱི་ཟླ་བ་ལ་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བློ་ལྡན་ནོ།། ༈ །འདི་བསྒྲུབས་ 8-5-29a པ་ལས་བྱུང་བ་ཡི། །དགེ་བ་གང་ཞིག་ཐོབ་པ་དེས། །མཁའ་ཁྱབ་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་ འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །།དགེའོ། །དགེའོ། །དགེའོ།། །། 8-5-29b  
S
56-70b ༄༅། །འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༄། །ལེའུ་དང་པོ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་པུ་ཎྱ་ས་མུཙྪ་ཡ་ས་མ་དྷི་ན་མ་མ་ཧ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ན་ཨ་མྲས་བསྲུངས་པའི་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགེ་སློང་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་ཉི་ཁྲི་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། མངོན་པར་ཤེས་པ་ཐོབ་པ། ཏིང་ངེ་འཛིན་བསྒྲུབ་པ་ལ་མཁས་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། བརྟན་པ་དང་། ཤེས་རབ་དང་། ཐབས་ལ་མཁས་པའི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བླ་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕེལ་བའི་བློ་གྲོས་ 56-71a དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་། ལྷའི་བུ་བཞི་ཁྲི་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤ་སྟག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་མང་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་ཤིན་ཏུ་སྙིང་པོར་གྱུར་ཏེ། མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཤིན་ཏུ་སྙིང་པོར་གྱུར་ཏེ། མུ་སྟེགས་ཅན་ངན་པ་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་གྲངས་མ་མཆིས་པ་དང་། གཅེར་བུ་པ་ལ་སོགས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་མཛེས་པར་གྱུར་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལེགས་པར་ཡོངས་སུ་གཟུང་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་སུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བསྐྱང་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཟེངས་བསྟོད་པ་དང་། ཡང་དག་པར་དགའ་བར་མཛད་པ་དང་། ཡང་དག་པར་བསྟན་པར་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་ 56-71b པའི་ཆོས་ཀྱི་ཚུལ་ཡོངས་སུ་གཟུང་དུ་གསོལ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གསོལ། ཇི་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་ཕན་གདགས་པས་མྱ་ངན་ལས་འདས་པར་མཆི་བའི་ལམ་བསྟན་པར་གསོལ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་དང་། ཡོངས་སུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་། མི་འབྲལ་བ་དང་། བསྐྱུད་ངས་པ་མ་མཆིས་པའི་ཆོས་ཅན་གྱི་སླད་དུ་དྲན་པ་དང་ལྡན་པར་འགྱུར་བ་དང་། ཆོས་ཀྱི་དགོངས་པ་རྟོགས་པར་འགྱུར་བའི་སླད་དུ་བློ་གྲོས་དང་ལྡན་པར་འགྱུར་བ་དང་། དོན་རྟོགས་པ་རྗེས་སུ་འཐོབ་པའི་སླད་དུ་རྟོགས་པ་དང་ལྡན་པར་འགྱུར་བ་དང་། རང་གི་སེམས་ཡོངས་སུ་དག་པའི་སླད་དུ་ངོ་ཚ་དང་ལྡན་པར་འགྱུར་བ་དང་། སྡིག་པའི་ལས་ཐམས་ཅད་སྤོང་བའི་སླད་དུ་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ཆོ་ག་དང་སྤྱོད་པ་ཕུན་སུམ་ཚོགས་པའི་སླད་དུ་བརྟན་པ་དང་ལྡན་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་བསལ་བའི་སླད་དུ་དཔའ་བར་འགྱུར་བ་དང་། འཁོར་ཐམས་ཅད་ཀྱི་ནང་དུ་བག་ཚ་བ་དང་བྲལ་བའི་སླད་དུ་སྲན་ཐུབ་པར་འགྱུར་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསོད་ནམས་ཡོངས་སུ་མི་ཉམས་པ་དང་། ཆོས་ཡོངས་སུ་མི་ཉམས་པ་དང་། ཤེས་བ་ཡོངས་སུ་མི་ཉམས་པ་དང་། ཡེ་ཤེས་ཡོངས་སུ་མི་ཉམས་པར་འགྱུར་བ་ལགས། ཇི་ལྟར་ན་ལྷག་པའི་བསམ་པ་བརྟན་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་ཉམས་པ་དང་། མྱ་ངན་ལས་འདས་པའི་མཐར་ཐུག་གི་བར་དུ་སེམས་ཅན་ཐམས་ཅད་ལ་མཛའ་བ་བརྟན་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་གནས་པས་སེམས་ཅན་རྣམས་ལ་མི་སླུ་བ་དང་། གཏོང་བ་ཐམས་ཅད་རྗེས་སུ་འཇུག་པས་མ་བསྟན་པའི་སྦྱིན་པ་དང་ལྡན་པ་དང་། སྡོམ་པ་གསུམ་ཡོངས་སུ་དག་པ་ལ་གནས་པས་མ་བསྟན་པའི་ཚུལ་ 56-72a ཁྲིམས་དང་ལྡན་པ་དང་། གནོད་སེམས་མེད་པའི་ཡིད་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་མ་བསྟན་པའི་བཟོད་པ་དང་ལྡན་པ་དང་། ཡོངས་སུ་མི་སྐྱོ་བའི་ཡིད་ཀྱིས་དོན་ཐམས་ཅད་ཡོངས་སུ་སྒྲུབ་པས་མ་བསྟན་པའི་བརྩོན་འགྲུས་དང་ལྡན་པ་དང་། དྲན་པ་དང་། ཤེས་བཞིན་ལ་མཁས་ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མི་གནས་པས་མ་བསྟན་པའི་བསམ་གཏན་དང་ལྡན་པ་དང་། ལྟ་བ་ཐམས་ཅད་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པས་མ་བསྟན་པའི་ཤེས་རབ་དང་ལྡན་པ་དང་། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུ་བ་ལ་ཤིན་ཏུ་བརྩོན་པས་བསྡུ་བ་ཤིན་ཏུ་བསྡུས་པ་དང་། ལྷ་དང་མིའི་སྐྱེ་བ་ཐམས་ཅད་ལ་མི་རྟག་པར་ཡིད་ལ་བགྱིད་པ་ལ་བརྩོན་པས་རེ་བ་མ་མཆིས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་ལེགས་པར་གནས་ཤིང་ཉན་ཐོས་དང་། རང་སངས་རྒྱས་འདོད་པ་དང་བྲལ་བས་སྒོའི་ཐེམ་པའི་རྟེན་ལྟ་བུ་དང་། ཆོས་ཀྱི་དབང་དུ་བགྱིད་ཀྱི་འདོད་པའི་དབང་དུ་མི་བགྱིད་པ་དང་། ཆོས་ཀྱི་རྒྱལ་སྲིད་དོན་དུ་གཉེར་བར་བགྱིད་ཀྱི་ལྷ་དང་མིའི་རྒྱལ་སྲིད་དོན་དུ་མི་གཉེར་བ་དང་། སངས་རྒྱས་ཀྱིས་གནང་བའི་ཚིག་དང་ལྡན་པའི་ཆོས་སྨྲ་བར་འགྱུར་བ་དང་། ཆོས་ཀྱིས་འཚོ་བར་འགྱུར་གྱི་ཟང་ཟིང་གིས་མི་འཚོ་བ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མ་མཆིས་པའི་སེམས་དང་ལྡན་པས་ཞེ་སྡང་དང་བྲལ་བར་འགྱུར་བ་དང་། ཆོས་ཐམས་ཅད་ལ་གཏི་མུག་གི་མུན་པ་དང་བྲལ་བས་གཏི་མུག་དང་བྲལ་བར་འགྱུར་བ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བས་བདུད་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། སྒོ་ཐམས་ཅད་ནས་ཡོངས་སུ་བསྔོ་བ་ལ་མཁས་པས་ཐབས་ལ་མཁས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་བདག་པོ་བསྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་ཁྱོད་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་དོན་འདི་འདྲི་བར་སེམས་ 56-72b པ་ནི་སྲེད་མེད་ཀྱི་བུ་ཁྱོད་ལེགས་སོ། །སྲེད་མེད་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གྱི་ཁྱད་པར་འདི་དག་དང་། གཞན་དག་ཀྱང་ཐོབ་པར་འགྱུར་བ་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་བསོད་ནམས་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཡོད་དེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསོད་ནམས་ཡོངས་སུ་ཉམས་པར་མི་འགྱུར། ཆོས་ཡོངས་སུ་ཉམས་པར་མི་འགྱུར། ཤེས་རབ་ཡོངས་སུ་ཉམས་པར་མི་འགྱུར། ཡེ་ཤེས་ཡོངས་སུ་ཉམས་པར་མི་འགྱུར། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་འབྲལ་བར་མི་འགྱུར། བསྡུ་བའི་དངོས་པོ་བཞི་ལ་བརྩོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པ་ནས། སྒོ་ཐམས་ཅད་ནས་ཡོངས་སུ་བསྔོ་བ་ལ་མཁས་པས། ཐབས་ལ་མཁས་པར་འགྱུར་བའི་བར་དེ་དག་དང་། ཡོན་ཏན་གྱི་ཁྱད་པར་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདིའི་མིང་ཙམ་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེའི་ཚེ་དྲི་མ་མེད་པའི་གཟི་བརྗིད་ཅེས་བྱ་བ་ཚན་པོ་ཆེ་ཆེན་པོ་སྟོབས་ཆེན་པོ་དང་ལྡན་པ་ཞིག་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་སོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཚན་པོ་ཆེ་ཆེན་པོ་སྟོབས་པོ་ཆེའི་ཤུགས་དང་ལྡན་པ་སྟེ། འཛམ་བུའི་གླིང་འདིའི་སེམས་ཅན་ལ་འདི་ལྟ་སྟེ། སྟོབས་སམ་སྤྲོ་བ་བདག་དང་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ག་ལ་ཡོད་སྙམ་མོ། །དེས་དགེ་སྦྱོང་གོའུ་ཏ་མ་སྟོབས་པོ་ཆེའི་ཤུགས་དང་ལྡན་ཏེ། སྟོབས་བཅུའི་སྟོབས་དང་ལྡན་ཞིང་སྲེད་མེད་ཀྱི་བུའི་ལུས་ཐོབ་བོ། །ཞེས་གྲག་གོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་དགེ་སྦྱོང་གོའུ་ཏ་མའི་ཐད་དུ་སོང་ལ། བཅོམ་ལྡན་འདས་ 56-73a དེ་ཅི་འདྲ་བ་དང་། བདག་ཅི་འདྲ་བ་སད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། ཨ་མྲས་བསྲུངས་པའི་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སངས་རྒྱས་ཀྱི་མཐུ་ཆེན་པོས་ཆོས་སྟོན་ཅིང་། རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་མངོན་པར་འཕགས་པ་དང་འདྲ་ལ་ཀུན་ནས་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་མཐོང་ངོ་། །དེས་བཅོམ་ལྡན་འདས་མཐོང་མ་ཐག་ཏུ་དགའ་བ་དང་དང་བ་དང་མཆོག་ཏུ་དགའ་བ་ཆེན་པོ་ཐོབ་བོ། །དེ་དགའ་བ་དང་དང་བ་དང་མཆོག་ཏུ་དགའ་བ་ཆེན་པོ་ཐོབ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་མགོ་བོར་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་གདུལ་བའི་ཕྱིར་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་སོང་ལ། ང་བྱང་ཆུབ་སེམས་དཔར་གྱུར་པ་ན་ཤཱཀྱའི་བུ་མོ་ས་འཚོ་མའི་ཕྱིར། མདའ་འཕངས་པ་གང་ཡིན་པ་དེ་འདིར་ལོང་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནམ་མདའ་དེ་ག་ལ་མཆིས་པ་བདག་གིས་མ་མཐོང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་གཡས་པ་ནས་སྣང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་ཅིག་བཏང་སྟེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་སོ། །དེ་ནས་སངས་རྒྱས་ཀྱི་ཞིང་འདིའི་ཁོར་ཡུག་ཆེན་པོ་གང་ཡིན་པ་དེ་ན་མདའ་དེ་འདུག་པ་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་ 56-73b འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་འདིའི་ཁོར་ཡུག་ཆེན་པོ་ན་མདའ་འདུག་པ་དེ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་སོང་ལ་མདའ་དེ་ལོང་ཤིག །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། འཁོར་ཐམས་ཅད་ཀྱི་ནང་ནས་མི་སྣང་བར་གྱུར་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་རྐྱོང་བའམ་བརྐྱང་བ་ལས་སྐུམ་པ་བཞིན་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་ཆེན་པོ་དེ་ནས་མདའ་དེ་བླངས་ཏེ། བཅོམ་ལྡན་འདས་ལ་ཕུལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་གནམ་མདའ་འདི་བྱང་ཆུབ་སེམས་དཔས་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་འཕངས་པ་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཕངས་པ་ལགས། བཀའ་སྩལ་པ། མཽད་གལ་གྱི་བུ་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་མདའ་འཕངས་པ་ཡིན་གྱི། རྫུ་འཕྲུལ་གྱི་སྟོབས་ཀྱིས་འཕངས་པ་ནི་མ་ཡིན་ནོ། །མཽད་གལ་གྱི་བུ་གལ་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཕངས་སུ་ཟིན་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་འགྲོ་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡབ་ཡུམ་ལས་བྱུང་བའི་སྟོབས། རང་གི་སྟོབས་བསོད་ནམས་ཡོངས་སུ་སྨིན་པ་ལས་སྐྱེས་པ་དེ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་མི་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་གཅིག་གི་སྟོབས་སོ། །གླང་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་སྔོན་པོ་གཅིག་གི་སྟོབས་སོ། །གླང་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་ཐ་མལ་པ་གཅིག་གི་སྟོབས་སོ། །གླང་པོ་ཆེ་ཐ་མལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་འཇིགས་སུ་རུང་བ་གཅིག་གི་སྟོབས་སོ། །གླང་པོ་ཆེ་འཇིགས་སུ་རུང་བ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་གླང་པོ་ཆེ་མོ་འདྲ་བ་གཅིག་གི་སྟོབས་སོ། །གླང་པོ་ཆེ་གླང་པོ་ཆེ་མོ་འདྲ་བ་བཅུའི་སྟོབས་གང་ཡིན་པ་དེ་ནི་དགོན་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །དགོན་པའི་ 56-74a གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་རི་འབིགས་བྱེད་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ། །རི་འབིགས་བྱེད་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་མཚོན་ཆའི་སྡེར་མོ་ཅན་གཅིག་གི་སྟོབས་སོ། །གླང་པོ་ཆེ་མཚོན་ཆའི་སྡེར་མོ་ཅན་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་གཤོལ་མདའ་འཛིན་གཅིག་གི་སྟོབས་སོ། །གླང་པོ་ཆེ་གཤོལ་མདའ་འཛིན་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་སྟང་ཟིལ་མདོག་གཅིག་གི་སྟོབས་སོ། །གླང་པོ་སྟང་ཟིལ་མདོག་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་གེལ་བ་གཅིག་གི་སྟོབས་སོ། །གླང་པོ་ཆེ་གེལ་བ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་སྔོན་པོ་གཅིག་གི་སྟོབས་སོ། །གླང་པོ་ཆེ་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་སེར་པོ་གཅིག་གི་སྟོབས་སོ། །གླང་པོ་ཆེ་སེར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་དམར་པོ་གཅིག་གི་སྟོབས་སོ། །གླང་པོ་ཆེ་དམར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་སྐྱ་བོ་གཅིག་གི་སྟོབས་སོ། །གླང་པོ་ཆེ་སྐྱ་བོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་ཀུ་མུ་ད་གཅིག་གི་སྟོབས་སོ། །གླང་པོ་ཆེ་ཀུ་མུ་ད་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་པད་མ་དཀར་པོ་གཅིག་གི་སྟོབས་སོ། །གླང་པོ་ཆེ་པད་མ་དཀར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་གླང་པོ་ཆེ་པད་མ་གཅིག་གི་སྟོབས་སོ། །གླང་པོ་ཆེ་པད་མ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ། །སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་ཆེན་པོ་གཅིག་གི་སྟོབས་སོ། །སྤོས་ཀྱི་གླང་པོ་ཆེ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་སེང་གེ་རལ་པ་ཅན་ཐབས་ཅན་གཅིག་གི་སྟོབས་སོ། །སེང་གེ་རལ་པ་ཅན་ཐབས་ཅན་བཅུའི་སྟོབས་གང་ཡིན་པ་དེ་ནི་ཚན་པོ་ཆེ་གཅིག་གི་སྟོབས་སོ། །ཚན་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་ཚན་པོ་ཆེ་ཆེན་པོ་གཅིག་གི་སྟོབས་སོ། །ཚན་པོ་ཆེ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྟོབས་མཆོག་གཅིག་གི་སྟོབས་སོ། །སྟོབས་མཆོག་བཅུའི་སྟོབས་གང་ཡིན་པ་དེ་ནི་སྟོབས་མཆོག་ཆེན་པོ་གཅིག་གི་སྟོབས་སོ། །སྟོབས་མཆོག་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་རབ་གནོན་གཅིག་གི་སྟོབས་སོ། །རབ་གནོན་བཅུའི་ 56-74b སྟོབས་གང་ཡིན་པ་དེ་ནི་རབ་གནོན་ཆེན་པོ་གཅིག་གི་སྟོབས་སོ། །རབ་གནོན་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་ས་བླའི་ལྷའི་བུ་གཅིག་གི་སྟོབས་སོ། །ས་བླའི་ལྷའི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི་གཞལ་མེད་ཁང་ན་གནས་པའི་ལྷའི་བུ་གཅིག་གི་སྟོབས་སོ། །གཞལ་མེད་ཁང་ན་གནས་པའི་ལྷའི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི་ལྷའི་བུ་གཤོལ་མདའ་འཛིན་གཅིག་གི་སྟོབས་སོ། །ལྷའི་བུ་གཤོལ་མདའ་འཛིན་བཅུའི་སྟོབས་གང་ཡིན་པ་དེ་ནི་ལྷའི་བུ་ལག་ན་ཕྲེང་ཐོགས་གཅིག་གི་སྟོབས་སོ། །ལྷའི་བུ་ལག་ན་ཕྲེང་ཐོགས་བཅུའི་སྟོབས་གང་ཡིན་པ་དེ་ནི་ལྷའི་བུ་རྟག་ཏུ་མྱོས་གཅིག་གི་སྟོབས་སོ། །ལྷའི་བུ་རྟག་ཏུ་མྱོས་བཅུའི་སྟོབས་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་གཅིག་གི་སྟོབས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་ལུས་ངན་གཅིག་གི་སྟོབས་སོ། །ལུས་ངན་བཅུའི་སྟོབས་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་གཅིག་གི་སྟོབས་སོ། །སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་ལྷའི་དབང་པོ་བརྒྱ་བྱིན་གཅིག་གི་སྟོབས་སོ། །ལྷའི་དབང་པོ་བརྒྱ་བྱིན་བཅུའི་སྟོབས་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷའི་བུ་གཅིག་གི་སྟོབས་སོ། །འཐབ་བྲལ་གྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་ལྷའི་བུ་རབ་འཐབ་བྲལ་གཅིག་གི་སྟོབས་སོ། །ལྷའི་བུ་རབ་འཐབ་བྲལ་བཅུའི་སྟོབས་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷའི་བུ་གཅིག་གི་སྟོབས་སོ། །དགའ་ལྡན་གྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་གཅིག་གི་སྟོབས་སོ། །ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་བཅུའི་སྟོབས་གང་ཡིན་པ་དེ་ནི་འཕྲུལ་དགའི་ལྷའི་བུ་གཅིག་གི་སྟོབས་སོ། །འཕྲུལ་དགའི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་ལྷའི་རྒྱལ་པོ་རབ་འཕྲུལ་གཅིག་གི་སྟོབས་སོ། །ལྷའི་རྒྱལ་པོ་རབ་འཕྲུལ་བཅུའི་སྟོབས་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་གཅིག་གི་སྟོབས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་ལྷའི་རྒྱལ་པོ་དབང་བྱེད་གཅིག་གི་སྟོབས་སོ། །ལྷའི་རྒྱལ་པོ་དབང་བྱེད་བཅུའི་སྟོབས་གང་ཡིན་པ་དེ་ནི་བདུད་ཀྱི་རིས་ཀྱི་ 56-75a ལྷའི་བུ་གཅིག་གི་སྟོབས་སོ། །བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱི་སྟོབས་གང་ཡིན་པ་དེ་ནི་བདུད་སྡིག་ཅན་གཅིག་གི་སྟོབས་སོ། །བདུད་སྡིག་ཅན་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུ་ཕྱེད་པ་གཅིག་གི་སྟོབས་སོ། །སྲེད་མེད་ཀྱི་བུ་ཕྱེད་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུ་གཅིག་གི་སྟོབས་སོ། །སྲེད་མེད་ཀྱི་བུ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྲེད་མེད་ཀྱི་བུ་ཆེན་པོ་གཅིག་གི་སྟོབས་སོ། །སྲེད་མེད་ཀྱི་བུ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བརྒྱ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བརྒྱ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་སྟོང་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་སྟོང་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་ཁྲི་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་ཁྲི་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་འབུམ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་འབུམ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་ས་ཡ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་ས་ཡ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བཅུ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བཅུ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བརྒྱ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་བརྒྱ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་ 56-75b དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་སྟོང་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་སྟོང་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ཁྲི་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ཁྲི་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་འབུམ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་འབུམ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ས་ཡ་ལོན་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་ངེས་པར་བྱུང་ནས་བསྐལ་པ་བྱེ་བ་ཕྲག་ས་ཡ་ལོན་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གཅིག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་སྲིད་པ་ཐ་མ་པ་གཅིག་གི་སྟོབས་ཡིན་ཏེ། མཽད་གལ་གྱི་བུ་སྟོབས་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཙས་མ་ཐག་ཏུ་ས་ལ་གོམ་པ་བདུན་འགྲོ་བར་འགྱུར་རོ། །མཽད་གལ་གྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ག་ལ་འདུག་པའི་འཇིག་རྟེན་གྱི་ཁམས་དེ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་མ་བརླབས་སུ་ཟིན་ན། བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བའི་ཚེ། འཇིག་རྟེན་གྱི་ཁམས་དེའི་ས་ཆེན་པོ་ཐུར་དུ་དཔག་ཚད་དྲུག་ཁྲི་བརྒྱད་སྟོང་ཞོམ་པར་འགྱུར་ཏེ། དེའི་འོག་ནས་ཆུའི་ཕུང་པོ་ལས་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་ས་གཞི་ཆེན་པོ་བརྟོལ་ཏེ་འབྱུང་བར་འགྱུར་བ་ཞིག་ན། འོན་ཀྱང་སངས་རྒྱས་ཀྱི་མཐུས་ས་ཆེན་པོ་དེ་ཡང་ཞོམ་པར་མི་འགྱུར་ལ། སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་པ་བཙས་མ་ཐག་པའི་སྟོབས་དང་། མྱུར་བ་དང་། ཤུགས་དང་། མཐུ་ནི་དེ་འདྲ་འོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་སྲིད་ 56-76a པ་ཐ་མ་པ་བཙས་མ་ཐག་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ལང་ཚོའི་མཆོག་ལ་བབ་པ་གཅིག་གི་སྟོབས་ཡིན་ཏེ། སྟོབས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་འགྲོའོ། །ཇི་ལྟ་བུའི་སྟོབས་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དེ་བས་འབུམ་འགྱུར་གྱིས་ལྷག་པའི་སྟོབས་ཀྱིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་གོ། །དེ་བས་ཀྱང་ཆེས་གྲངས་མེད་དཔག་ཏུ་མེད་བརྗོད་དུ་མེད་བསམ་གྱིས་མི་ཁྱབ་པའི་སྟོབས་དང་ལྡན་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽད་གལ་གྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་དེ། བྱང་ཆུབ་སེམས་དཔའི་སྟོབས་དང་ལྡན་པར་གྱུར་ན་ཡང་། དེ་དག་ནི་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་གཅིག་གི་འབུམ་གྱི་ཆར་ཡང་མི་ཕོད་པ་ནས་དཔེའི་བར་དུ་ཡང་མི་བཟོད་དེ། སྟོབས་དེ་ལྟ་བུ་བརྙེས་པས་སྟོབས་བཅུའི་སྟོབས་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའི་སྟོབས་འདི་ནི་སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་བསྡུས་པ་སྟེ། དེ་ལས་ཆུང་བ་ཡང་མེད། ལྷག་པ་ཡང་མེད་དོ། །དེ་ནི་རྫུ་འཕྲུལ་ཡང་མ་ཡིན། ཆོ་འཕྲུལ་ཡང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་ནི་སྟོབས་གང་དང་ལྡན་ན་བྱང་ཆུབ་སེམས་དཔས་རྐང་པའི་མཐེ་བོའི་སྤུའི་ཁུང་བུ་གཅིག་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་བགྲངས་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕངས་ཀྱང་། སེམས་ཅན་འགའ་ཙམ་ལ་ཡང་གནོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་གྱི་སྟོབས་ནི་དེ་ལྟར་དཔག་ཏུ་མེད་བསམ་གྱིས་མི་ཁྱབ། མཚུངས་པ་མེད། གྲངས་མེད་དོ། །དེ་བཞིན་གཤེགས་པ་ནི་མི་མཉམ་པ་དང་མཉམ་ 56-76b མོ། །མཽད་གལ་གྱི་བུ་གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་དེ་བསྟན་དུ་ཟིན་ན་ནི་ཁྱེད་ཀྱིས་ཀྱང་ཡིད་ཆེས་པར་མི་ནུས་ན་སེམས་ཅན་གཞན་གྱིས་ལྟ་ཅི་སྨོས། མཽད་གལ་གྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དེའི་ཚེ་ཁམས་བཞི་པོ་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་འདི་དག་ཁམས་གཅིག་པུ་འདི་ལྟ་སྟེ། ནམ་མཁའི་ཁམས་སུ་བྱིན་གྱིས་རློབ་སྟེ། དེས་ན་ས་ཆེན་པོ་དེ་ཞོམ་པར་མི་འགྱུར་ལ། སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་རོ། །དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་དེ་བཞིན་གཤེགས་པ་ལས་བྱང་ཆུབ་སེམས་དཔའི་ཡབ་ཡུམ་ལས་བྱུང་བའི་སྟོབས་འདི་ཐོས་ནས་དགའ་ཞིང་སྤུ་ཟིང་ཞེས་བྱེད་ལ་ངོ་མཚར་དུ་གྱུར་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ལས། བྱང་ཆུབ་སེམས་དཔའི་སྟོབས་ཐོས་ནས། བདག་གི་ང་རྒྱལ་དང་དྲེགས་པ་ཆག་སྟེ་མ་མཆིས་པར་གྱུར་ལགས་སོ། །བཅོམ་ལྡན་འདས་བདག་སངས་རྒྱས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ལ་སྨན་པ་དང་བདེ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བཅུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོབ་པར་གྱུར་ཅིག །ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལས་ལྷའི་བུ་ཁྲིས་ཚིག་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་འདྲ་བ་དེ་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་མིང་བཀའ་སྩལ་ནས། ཅང་མི་གསུང་བར་གྱུར་ 56-77a པའི་ཏིང་ངེ་འཛིན་བསོད་ནམས་ཐམས་ཅད་བསྡུས་པ་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཅི་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་སླད་དུ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་བདག་པོ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་ལ་བཀའ་སྩལ་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཡོངས་སུ་མ་བཟུང་བ་དེ་ནི་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པའི་ཕྱིར་རོ། །སྲེད་མེད་ཀྱི་བུ་དཔེར་ན་ཆུ་མིག་ཐམས་ཅད་དང་། མཚོ་བྲན་ཐམས་ཅད་དང་། མཚེའུ་ཐམས་ཅད་དང་། ཆུ་ཀླུང་ཐམས་ཅད་དང་། ཆུ་བྲན་ཐམས་ཅད་དང་། མཚོ་ཐམས་ཅད་དང་། ལྟེང་ཀ་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་བཞིན་དུ། སྲེད་མེད་ཀྱི་བུ་བསོད་ནམས་བྱ་བའི་དངོས་པོ་ཅི་ཡང་རུང་བ་སྦྱིན་པ་ལས་བྱུང་བ་རྣམས་དང་། ཚུལ་ཁྲིམས་ལས་བྱུང་བ་རྣམས་དང་། སྒོམ་པ་ལས་བྱུང་བ་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ལྷ་རྣམས་དང་། མི་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་ཇི་སྙེད་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དག་གོ། སྲེད་མེད་ཀྱི་བུ་དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྲེད་མེད་ཀྱི་བུ་དཔེར་ན། རིན་པོ་ཆེའི་རི་ཆེན་པོ་གང་དག་ཡིན་པ་འདི་ལྟ་སྟེ། ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། 56-77b གཞན་ཡང་རི་ནག་པོ་རྣམས་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་ཇི་སྙེད་ཡོད་པ་ནས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་བར་འདི་དག་ཐམས་ཅད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པར་བལྟ་བར་བྱ་བ་དེ་བཞིན་དུ་སྲེད་མེད་ཀྱི་བུ་སོ་སོའི་སྐྱེ་བོའི་བསོད་ནམས་རྣམས་དང་། སློབ་པའི་བསོད་ནམས་རྣམས་དང་། མི་སློབ་པའི་བསོད་ནམས་རྣམས་དང་། རང་སངས་རྒྱས་ཀྱི་བསོད་ནམས་རྣམས་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་རྣམས་ཇི་ཡང་རུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་ཏེ། སྲེད་མེད་ཀྱི་བུ་རྣམ་གྲངས་དེས་ཀྱང་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་གིས་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བ་དེ་ལྟར་རིག་པར་བྱའོ། །སྲེད་མེད་ཀྱི་བུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་གཏོགས་པ་ཇི་སྙེད་པ་དེ་དག་གི་ནང་ན་འཁོར་ལོས་སྒྱུར་བ་ནི་བསོད་ནམས་དང་ཤེས་རབ་ཀྱིས་མཆོག་ཏུ་བརྗོད་དོ། །སྲེད་མེད་ཀྱི་བུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཏེ། སེམས་ཅན་རེ་རེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཅི་འདྲ་བ་དེ་ལྟ་བུའི་བསོད་ནམས་དང་ལྡན་པར་གྱུར་ན། སྲེད་མེད་ཀྱི་ 56-78a བུ་འདི་ཇི་སྙམ་དུ་སེམས། ཅི་བསོད་ནམས་ཀྱི་ཕུང་པོ་དེ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་འཁོར་ལོས་སྒྱུར་བ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཡང་མང་ལགས་ན་སེམས་ཅན་གྲངས་མ་མཆིས་པ་དེ་དག་གི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་རེ་རེ་ནས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པའམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་ལྟ་ཞོག་གི། སྲེད་མེད་ཀྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་དག་ཡིན་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ན། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་སེམས་ཅན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་མང་ངམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཅིག་འཁོར་ལོས་སྒྱུར་བ་དང་མཉམ་པར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དཔག་ཏུ་མ་མཆིས་གྲངས་མ་མཆིས་ན་སེམས་ཅན་གྲངས་མ་མཆིས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་ཆེས་མང་ལ་ཆེས་དཔག་ཏུ་མེད་དེ། འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོས་ནི་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆར་ཡང་མི་ཕོད། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་དང་པོའོ། །སྲེད་མེད་ཀྱི་བུ་གཞན་ཡང་སྟོང་གི་བདག་པོ་ཚངས་པ་ནི་སྟོང་ 56-78b གི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པར་བྱེད་དོ། །སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། གལ་ཏེ་མི་ལ་ལ་ཞིག་གིས་སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་དང་། ཚངས་པའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཆེས་མང་གི་སྦྱིན་པ་ལས་བྱུང་བ་ནི་དེ་ལྟ་མ་ལགས་སོ། །སྲེད་མེད་ཀྱི་བུ་སྟོང་གི་བདག་པོ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གི་སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། སྟོང་གཉིས་ཀྱི་བདག་པོ་ཚངས་པས་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པར་བྱེད་ལ། སྲེད་མེད་ཀྱི་བུ་གལ་ཏེ་མི་ལ་ལ་ཞིག་གིས་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། སྲེད་མེད་ཀྱི་བུ་སྦྱིན་པ་ལས་བྱུང་བ་དང་། བྱམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སྟོང་གཉིས་ཀྱི་བདག་པོ་ཚངས་པའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་ཉིད་ཆེས་མང་གི་སྦྱིན་པ་ལས་བྱུང་བ་ནི་དེ་ལྟ་མ་ལགས་སོ། །སྲེད་མེད་ཀྱི་བུ་སྟོང་གཉིས་ཀྱི་བདག་པོ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གི། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་བདག་པོ་ཚངས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པར་བྱེད་ལ། སྲེད་མེད་ཀྱི་བུ་མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། སྲེད་མེད་ཀྱི་བུ་སྦྱིན་པ་ལས་བྱུང་བ་དང་། ཚངས་པ་ཆེན་པོའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་གང་མང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་ཚངས་པ་ཆེན་པོའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་ལགས་སོ། །བཅོམ་ལྡན་ 56-79a འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚངས་པ་ཆེན་པོའི་བྱམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག་གི། སྲེད་མེད་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཚངས་པ་ཆེན་པོའི་བྱམས་པ་བསྒོམ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ལ་ཞུགས་པ་སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བ་ལ་བརྩོན་པ། གཡོ་མེད་ཅིང་སྒྱུ་མེད་པའི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་འདི་ཉིད་དེ་བས་ཆེས་མང་སྟེ། ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་དེ་ལྟར་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དཔག་ཏུ་མེད་པ་ཡིན་ཏེ། སྲེད་མེད་ཀྱི་བུ་རྣམ་གྲངས་འདིས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྐྱེད་པར་འགྱུར་བ་དེ་དག་གི་བསོད་ནམས་ཐམས་ཅད་ཡོངས་སུ་བསྡུས་པ་དེ་ལྟར་རིག་པར་བྱ་སྟེ། སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་གཉིས་པའོ། །སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཡོད། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཡོད། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས་སོ། །བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ནི་བརྗོད་པའམ། བརྡ་སྤྲད་པར་རྔོ་མི་ཐོགས་ལགས་ 56-79b སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་གལ་ཏེ་དཔེར་བླང་བ་བསྟན་པས་བསྐལ་པ་འབུམ་གྱི་བར་དུ་བསྟན་དུ་ཟིན་ཀྱང་། ཕྱོགས་བཅུ་ན་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་ནི་བསྟན་པར་སླ་བ་མ་ཡིན་ནོ། །སྲེད་མེད་ཀྱི་བུ་འོན་ཀྱང་དོན་འདི་ཉིད་བརྡ་སྤྲད་པ་དང་། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་བསོད་ནམས་འདོད་པ་རྣམས་ཕྱིར་ཞིང་འབོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་སེམས་ཅན་རྣམས་ཀྱི་བརྩོན་འགྲུས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ངས་ཁྱོད་ལ་དཔེས་བསྟན་ཏོ། །སྲེད་མེད་ཀྱི་བུ་དཔེར་ན་མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཡུངས་འབྲུས་ཡོངས་སུ་གང་བར་བྱས་ལ། སྲེད་མེད་ཀྱི་བུ་དེ་ལས་ཤར་ཕྱོགས་སུ་ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས་ཡུངས་འབྲུ་གཅིག་བོར་ཏེ། དེ་ལྟ་བུའི་ཚུལ་གྱིས་ཡུངས་འབྲུ་དེ་དག་ཐམས་ཅད་ཡོངས་སུ་ཟད་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་མཐའ་རྟོགས་པར་མི་ནུས་སོ། །ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ཏུ་ཡང་དེ་བཞིན་ཏུ་སྦྱར་རོ། །སྲེད་མེད་ཀྱི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡུངས་འབྲུས་ཡོངས་སུ་གང་བར་གྱུར་ལ་དེ་ལས་མི་ལ་ལ་ཞིག་གིས་ཡུངས་འབྲུ་རེ་རེ་ཡང་། ཡུངས་འབྲུ་དེ་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆར་གསེས་ན། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཡུངས་འབྲུའི་ཆ་གསེས་པ་དེ་དག་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་སམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་ཡུངས་འབྲུ་གཅིག་གི་ཆ་གསེས་པའི་ཕྱོགས་གང་ལགས་པ་དེ་ཡང་གླིང་བཞི་པའི་སེམས་ཅན་ཐམས་ཅད་ཤཱ་རིའི་བུ་དང་འདྲ་བར་གྱུར་པས་ཀྱང་བསྐལ་པར་ཡང་རྟོགས་པར་རྔོ་མི་ཐོགས་ལགས་ན། ཡུངས་འབྲུའི་ཆ་གསེས་པ་ཐམས་ཅད་ལྟ་སྨོས་ཀྱང་ཅི་འཚལ། སྲེད་མེད་ཀྱི་བུ་གལ་ཏེ་མི་ལ་ལ་ཞིག་གིས་ཤར་ཕྱོགས་སུ་ཡུངས་འབྲུའི་ཆ་གསེས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས་ཡུངས་ 56-80a འབྲུའི་ཆ་གསེས་པ་རེ་རེ་བོར་ཏེ། སྲེད་མེད་ཀྱི་བུ་དེ་ལྟ་བུའི་ཚུལ་གྱིས་ཡུངས་འབྲུའི་ཆ་གསེས་པ་ཐམས་ཅད་ཟད་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་མཐའ་རྟོགས་པར་མི་ནུས་སོ། །ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་ཏུ་ཡང་དེ་བཞིན་དུ་སྦྱར་རོ། །སྲེད་མེད་ཀྱི་བུ་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁས་ཡོངས་སུ་ཁྱབ་པ་ཇི་སྙེད་པ་དེ་དག་ཐམས་ཅད་མི་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། སྲེད་མེད་ཀྱི་བུ་འདི་ཇི་སྙམ་དུ་སེམས། མི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས་སོ། །བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་དེ་ལྟ་བུའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་བསྡུས་པ་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་གཡོ་མེད་པ་སྒྱུ་མེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་བསྒོམ་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་བསྡུས་པའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་དཔེར་ན་གཟུགས་ཀྱི་རྣམ་པ་ནམ་མཁའི་ཁམས་ཀྱིས་མ་ཁྱབ་པ་ཅི་ཡང་མེད་པ་དེ་བཞིན་དུ་སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ནི་ཕྱོགས་བཅུའི་འཇིག་རྟེན་ན་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དང་། སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་མ་ཁྱབ་པ་གང་ཡང་མེད་དེ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱམས་པས་ཡོངས་སུ་ཁྱབ་བོ། །འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་གང་དག་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཏམ། དེ་བཞིན་དུ་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཏམ། དེ་བཞིན་དུ་ཚངས་པའི་ 56-80b བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ལ་ཞུགས་པ། གཡོ་མེད་པ། སྒྱུ་མེད་པ། སེམས་ཅན་ཡོངས་སུ་དགྲོལ་བ་ལ་བརྩོན་པ། སྙིང་རྗེ་ཆེན་པོ་ལ་ཞུགས་པ། བྱམས་པ་ཆེན་པོ་ལ་གནས་པའི་གོམ་པ་བདུན་ལ་བསོད་ནམས་ཀྱི་ཕུང་པོ་བསྡུས་པ་གང་ཡིན་པ་དེ་ནི་དེ་བས་ཆེས་མང་སྟེ། སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་བསོད་ནམས་དང་ལྡན་པར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་ནི་དེ་ལྟ་མ་ཡིན་ནོ། །སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་གསུམ་པའོ། །སྲེད་མེད་ཀྱི་བུ་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་དེ་དག་ཐམས་ཅད་ནི་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བརྒྱ་བྱིན་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་དེ་དག་ཐམས་ཅད་ནི་ཚངས་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཚངས་པ་ཆེན་པོ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་དེ་དག་ཐམས་ཅད་ནི་དགེ་བསྙེན་ནག་པོའི་མཆོག་གི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བསྙེན་ནག་པོའི་མཆོག་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་དེ་དག་ཐམས་ཅད་ནི་ཤཱ་རིའི་བུའི་ཤེས་རབ་དང་། ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་ 56-81a སྙེད་པ་དེ་དག་ཐམས་ཅད་ཤཱ་རིའི་བུ་དང་མཉམ་པའི་ཤེས་རབ་དང་། ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། དེ་དག་ཐམས་ཅད་ནི་རང་སངས་རྒྱས་གཅིག་གི་ཤེས་རབ་དང་། ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་བྱུང་ནས་བསྐལ་པ་ལྔ་བརྒྱ་ལོན་པའི་ཤེས་རབ་དང་། ཡེ་ཤེས་དང་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་ཏེ། སྲེད་མེད་ཀྱི་བུ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལ་འཇུག་པ་བཞི་པའོ། །བསྟན་པ་འདི་བཤད་པ་ན། མི་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་དང་མིའི་སིལ་སྙན་དག་ཀྱང་གྲག་གོ། །ལྷ་དང་མིའི་མེ་ཏོག་གི་སྤྲིན་དག་ཀྱང་ཕབ་སྟེ། མེ་ཏོག་གི་སྤྲིན་དེ་དག་གིས་ས་ཆེན་པོ་འདི་པུས་མོ་ནུབ་ཙམ་དུ་བཀྲམ་མོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་ཀྱིས་ཀྱང་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྐྱེད་པ་དང་། སྐྱེད་པར་འགྱུར་བ་གང་དག་ལགས་པ་དེ་དག་གིས་ནི་བདག་ཅག་ཟིལ་གྱིས་གནོན་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་དེ་དག་གི་དོན་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གིས་འཚལ་བ་ལྟར་ན་སེམས་ཅན་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་ཞུགས་པ་དེ་དག་ནི་བསོད་ནམས་ 56-81b ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་མངོན་པར་བྱུང་བ་ཡང་མ་ལགས། དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ལ་ཡང་དག་པར་གཞོལ་བ་ཡང་མ་ལགས་ཀྱི། བཅོམ་ལྡན་འདས་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་མངོན་པར་བྱུང་བ་ཡང་ལགས། དེ་དག་ཐམས་ཅད་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་དེ་ལ་ཡང་དག་པར་གཞོལ་བ་ཡང་ལགས་སོ། །ལེའུ་དང་པོའོ།། །། ༄། །ལེའུ་གཉིས་པ། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བགྱིད་པའི་ཆོས་རྣམས་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་བ་སྟེ། རིགས་ཀྱི་བུ་ཆོས་གཅིག་པོ་འདི་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། མཉན་པའི་ཆོས་ཡོངས་སུ་ཚོལ་བས་ཆོག་མི་ཤེས་པ་དང་། ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་སྟེ། རིགས་ཀྱི་བུ་ཆོས་འདི་གཉིས་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་དང་། དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད་པ་དང་། ཡོངས་སུ་བསྔོ་བ་ལ་མཁས་པ་སྟེ། རིགས་ཀྱི་བུ་ཆོས་གསུམ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་ 56-82a པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཤེས་རབ་ཡོངས་སུ་དག་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་བྱང་ཆུབ་ལ་ཞུགས་པ་དང་། རྟག་ཏུ་བདེན་པའི་ཚིག་སྨྲ་བ་དང་། གཡོ་མེད་པ་དང་། ཕྲག་དོག་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་སྟེ། རིགས་ཀྱི་བུ་ལྔ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང་། ཚོགས་ཀྱི་ཁ་མི་འདྲེན་པ་དང་། དབེན་པའི་གནས་ན་གནས་པ་དང་། བྱམས་པ་ཆེན་པོ་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། རིགས་ཀྱི་བུ་ཆོས་དྲུག་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཡོངས་སུ་འཚོལ་བ་དང་། ལྷག་མཐོང་ལ་མཁས་པ་དང་། རྒྱུ་ཡོངས་སུ་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། ཡང་དག་པར་སྒྲུབ་པ་དང་། ལམ་གྱི་ཚོགས་ཡོངས་སུ་ཚོལ་བ་དང་། ལམ་བསྒོམ་པ་ལ་ལེ་ལོ་མེད་པ་སྟེ། རིགས་ཀྱི་བུ་བདུན་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ 56-82b ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། ལུས་ལས་སུ་རུང་བ་ཉིད་དང་། སེམས་ལས་སུ་རུང་བ་ཉིད་དང་། ཚོར་བ་ལ་སོ་སོར་རྟོག་པ་ཉིད་དང་། ཆོས་ལ་རྗེས་སུ་ལྟ་བ་ཉིད་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཀུན་ནས་བསྲུང་ཞིང་ཡོངས་སུ་སྦྱོང་བ་སྟེ། རིགས་ཀྱི་བུ་ཆོས་བརྒྱད་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་དགུ་སྟེ། དགུ་གང་ཞེ་ན་འདི་ལྟ་སྟེ། འདས་པ་མི་ཟད་པའི་ཆོས་ཉིད་དང་། མ་འོངས་པ་མི་ཟད་པའི་ཆོས་ཉིད་དང་། ད་ལྟར་བྱུང་བ་མི་ཟད་པའི་ཆོས་ཉིད་དུ་སོ་སོར་རྟོག་པ་དང་། སྒྱུ་མའི་ཆོས་ལ་སོ་སོར་རྟོག་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་བཟོད་པ་དང་ལྡན་པ་དང་། སྟོང་པ་ཉིད་མི་སྤོང་བ་དང་། མཚན་མ་མེད་པ་རྣམ་པར་བསྒོམས་པས་སྨོན་པ་དང་བྲལ་བ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་སྟེ། རིགས་ཀྱི་བུ་ཆོས་དགུ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །རིགས་ཀྱི་བུ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། བདག་མེད་པ་ལ་མོས་པ་དང་། སྲོག་མེད་པ་ལ་བཟོད་པ་དང་། གང་ཟག་མེད་པ་ལ་གཅིག་ཏུ་ངེས་པ་དང་། མི་རྟག་པ་ལ་ཡིད་ཆེས་པ་དང་། སྐྱེ་བ་ཐམས་ཅད་ལ་སེམས་ཅན་དམྱལ་བར་འདུ་ཤེས་པ་དང་། ཕུང་པོ་རྣམས་ལ་གཤེད་མར་འདུ་ཤེས་པ་དང་། ཁམས་རྣམས་ལ་སྦྲུལ་གདུག་པར་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་། སྲིད་པ་རྣམས་ལ་ངེས་པར་འབྱུང་བར་འདུ་ཤེས་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་འདྲིས་པར་འདུ་ཤེས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ 56-83a ཏིང་ངེ་འཛིན་འདི་འཐོབ་པར་བྱེད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་ཡང་དག་པར་བསྡུ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་མཉན་པར་བགྱིའོ། །བསོད་ནམས་སོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་མཉན་པར་བགྱིའོ། །བསོད་ནམས་བསམ་གྱིས་མི་ཁྱབ་པ་འཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་མཉན་པར་བགྱི། མོས་པར་བགྱིའོ། །བསོད་ནམས་མི་ཟད་པ་འཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ལ་བརྩོན་པར་བགྱིའོ། །བསོད་ནམས་རྒྱ་མཚོ་འཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་གཟུང་བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། བཤད་པར་བགྱིའོ། །བསོད་ནམས་བརྒྱའི་མཚན་ཡོངས་སུ་གཟུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་སྒོམ་པའི་རྣལ་འབྱོར་ལ་བརྩོན་པར་བགྱིའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་བརྩོན་པས་འདི་ལྟ་སྟེ། བསོད་ནམས་མི་ཟད་པ་དང་། བསོད་ནམས་རྒྱ་མཚོ་དང་། བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་། བསོད་ནམས་སྩོགས་པ་དང་། བསོད་ནམས་བརྒྱའི་མཚན་གྱི་ཆོས་འདི་དག་ཇི་ལྟར་ཡོངས་སུ་རྫོགས་པར་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གསུམ་པོ་འདི་དག་ནི་བསོད་ནམས་ཉེ་བར་རྟོན་པ་དང་། བསོད་ནམས་ཀྱི་ཚོགས་དང་། བསོད་ 56-83b ནམས་འདུ་བ་དང་། བསོད་ནམས་རྒྱས་པ་དང་། བསོད་ནམས་མི་ཟད་པ་དང་། བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་། བསོད་ནམས་རྒྱ་མཚོ་ཡིན་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་སོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཚོགས་ལ་ཇི་ལྟར་བརྩོན་པར་བྱ་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངོས་པོ་གང་ལ་དེའི་གཏོང་བའི་སེམས་མི་སྐྱེ་ཞིང་གཏོང་བའི་བློ་མི་འབྱུང་བའི་དངོས་པོ་དེ་བླང་བར་མི་བྱའོ། །ཡོངས་སུ་གཟུང་བ་གང་ལ་བཏང་བའི་སེམས་མི་སྐྱེ་བའི་ཡོངས་སུ་གཟུང་བ་དེ་ཡོངས་སུ་གཟུང་བར་མི་བྱའོ། །གང་ལ་སློང་བ་རྣམས་ཀྱིས་བསླངས་ན་ཡོངས་སུ་འཛིན་པའི་བློ་སྐྱེ་བའི་གཡོག་འཁོར་དེ་གཟུང་བར་མི་བྱའོ། །དངོས་པོ་གང་ལ་སློང་བ་རྣམས་ཀྱིས་བསླངས་ན་བྱང་ཆུབ་སེམས་དཔའ་མི་གཏོང་བའི་བློ་སྐྱེ་བར་འགྱུར་བའི་རྒྱལ་སྲིད་དེ་བླང་བར་མི་བྱའོ། །ལོངས་སྤྱོད་དེ་དག་དང་། ནོར་དེ་དག་དང་། རྫས་དེ་དག་དང་། རིན་པོ་ཆེ་དེ་དག་བླང་བར་མི་བྱ་བ་ནས་དེ་ལྟ་བུའི་དངོས་པོ་ཅི་ཡང་རུང་བའི་བར་དུ་བླང་བར་མི་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་གཏང་སྟེ་ཡོངས་སུ་གཏང་ན་ཕྱི་རོལ་ཀྱི་དངོས་པོ་རྣམས་ལྟ་ཅི་སྨོས་སྙམ་དུ་སེམས་བསྐྱེད་པར་བྱའོ། །གཞན་ཡང་སེམས་ཅན་གང་དང་གང་ལ་དངོས་པོ་གང་དང་གང་གིས་དངོས་པོ་གང་དང་གང་བྱེད་པར་འགྱུར་བ་དེ་ཡོད་ན་དེ་དང་དེ་ལ་དེ་དང་དེ་མི་དགའ་བ་མེད་པ་དང་འགྱོད་པ་མེད་པར་སྦྱིན་པར་བྱ་སྟེ། ལག་པ་འདོད་པ་རྣམས་ལ་ལག་པ་ཡང་སྦྱིན་ནོ། །རྐང་པ་འདོད་པ་རྣམས་ལ་རྐང་པ་དང་། མིག་འདོད་པ་རྣམས་ལ་མིག་ཀྱང་སྦྱིན་ནོ། །ཤ་འདོད་པ་རྣམས་ལ་ཤ་དང་། ཁྲག་འདོད་པ་རྣམས་ལ་ཁྲག་དང་། རྐང་འདོད་པ་རྣམས་ལ་རྐང་དང་། ཡན་ལག་དང་ཉིང་ལག་འདོད་པ་རྣམས་ལ། ཡན་ལག་དང་ཉིང་ལག་དང་། མགོ་བོ་འདོད་པ་རྣམས་ལ་མགོ་བོ་ཡང་ཡོངས་སུ་གཏོང་བར་བྱ་ན། ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ། ནོར་དང་། 56-84a འབྲུ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། ཚོང་འདུས་དང་། རི་འོར་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། བུ་དང་། བུ་མོ་དང་། ཆུང་མ་དང་། འཁོར་རྣམས་ལྟ་ཅི་སྨོས། གཞན་ཡང་སེམས་ཅན་གང་དང་གང་ལ་གང་དང་གང་གིས་དོན་བྱེད་པར་འགྱུར་བ་དེ་དང་དེ་ཡོད་ན་དེ་དང་དེ་ལ་དངོས་པོ་དེ་དང་དེ་སྦྱིན་པར་བྱ་སྟེ། མི་དགའ་བ་མེད་པ་དང་། འགྱོད་པ་མེད་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བར་ཡོངས་སུ་གཏོང་བར་བྱའོ། །མི་ལྟ་བར་སྦྱིན་པར་བྱའོ། །གཞན་དུ་ན་སེམས་ཅན་ལ་ཕན་གདགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ་དང་། སེམས་ཅན་དེ་ལ་སྙིང་བརྩེ་བ་དང་། སེམས་ཅན་དེ་དག་ཉིད་བསྡུ་བའི་ཕྱིར་བྱ་བར་ཟད་དོ། །བདག་གིས་བྱང་ཆུབ་ཐོབ་པ་ན་ཅི་ནས་སེམས་ཅན་འདི་དག་ཆོས་ཀུན་རྟོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་སུ་དག་དེ་ལྟར་སེམས་སྐྱེད་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ཏེ། དེ་ནི་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་དོ། །ལུས་རྟས་པར་བྱ་བའི་ཕྱིར་ཡ་ང་བའི་འཚོ་བས་འཚོ་བར་མི་བྱེད་དོ། །དེ་ནི་སྲོག་གི་ཕྱིར་ཡང་གཞན་ལ་སློང་ཁྲོ་མི་བྱེད་དོ། །ལོངས་སྤྱོད་ཀྱི་ཕྱིར་མི་དགེ་བ་མངོན་པར་འདུ་མི་བྱེད་དོ། །གཡོག་འཁོར་གྱི་ཕྱིར་ཡང་རྩོད་པ་དང་འཐབ་མོ་སློང་བར་མི་བྱེད་དོ། །ཆུང་མ་དང་། བུ་དང་། བུ་མོ་རྣམས་ཀྱི་ཕྱིར་ཡང་གཞན་དག་ལ་འདྲིད་པར་མི་བྱེད་དོ། །གཞན་གྱི་ལོངས་སྤྱོད་དག་ལ་ཡང་བརྣབ་སེམས་སྐྱེད་པར་མི་བྱེད། སེར་སྣའི་སེམས་སྐྱེད་པར་མི་བྱེད་དོ། །དེ་འདོད་པ་ཉུང་སྟེ་སེམས་སྐྱེད་པ་གཅིག་ཀྱང་དགེ་བ་དང་མི་ལྡན་པ་སྐྱེད་པར་མི་བྱེད་ན་མང་པོ་ལྟ་ཅི་སྨོས། དེ་དེ་ལྟར་བརྩོན་ན་འདོད་ཆེན་དང་ཆགས་པ་སྤོང་བར་འགྱུར་རོ། །འདོད་ཆེན་དང་ཆགས་པ་སྤངས་ན་བཙལ་བར་བྱ་བ་ 56-84b ཚོལ་བར་མི་བྱེད་དོ། །བཙལ་བར་བྱ་བ་མི་ཚོལ་ན་ཡང་དག་པ་ལ་བརྩོན་པར་འགྱུར་རོ། །ཡང་དག་པ་ལ་བརྩོན་ན་ཡང་དག་པར་འགྲོ་བ་ཐོབ་པར་འགྱུར་རོ། །ཡང་དག་པར་སོང་ན་ཡང་དག་པའི་བསྒྲུབ་པ་ལ་གནས་པར་འགྱུར་རོ། །ཡང་དག་པ་ལ་ཞུགས་ན། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱེད་དོ། །ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱས་ནས་སྟེན་པར་བྱེད། འགྲོགས་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་དགེ་བའི་བཤེས་གཉེན་རྣམས་དང་བསྟེན་ཅིང་འགྲོགས་ལ་བསྙེན་བཀུར་བྱེད་ན་དགེ་བའི་བཤེས་གཉེན་རྣམས་ལས་ཡང་དག་པར་ངེས་པའི་ཆོས་རྣམས་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་སྒྲུབ་པར་བྱེད་དོ། །དེ་ཡང་དག་པའི་ཆོས་ལ་ཞུགས་ནས་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་བྱེད་དོ། །དེ་སེམས་ཅན་གྱི་དོན་ལ་བརྩོན་ན་མི་རིགས་པར་ལྟུང་བར་མི་འགྱུར་རོ། །དེ་རིགས་པ་ལ་ཞུགས་ན་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ཚུལ་དང་ཚུལ་མ་ཡིན་པ་ལ་མཁས་པ་འཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་སྦྱིན་པའི་ཚོགས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ནང་དང་ཕྱི་རོལ་གྱི་ཆོས་རྣམས་ལ་གཅིག་གིས་འདུ་ཤེས་བསྐྱེད་པར་བྱའི་གཉིས་ཀྱི་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ནང་གི་སའི་ཁམས་གང་ཡིན་པ་དང་། ཕྱི་རོལ་གྱི་སའི་ཁམས་གང་ཡིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལུས་འདི་ནི་རྩྭ་དང་ཤིང་དང་། རྩིག་པ་དང་། ལམ་སྣང་བ་དང་འདྲ་སྟེ། སྤྱོད་པ་མེད་པ། བྱེད་པ་མེད་པ། སེམས་པ་མེད་པ། སྙིང་པོ་མེད་པ་ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་ལ་ལ་ལ་ཞིག་གིས་བཅད་དམ། གཏུབས་སམ། དབྱུག་པའམ། མཚོན་ཆ་འམ། ཤིང་ངམ། བོང་བས་བསྣུན་ཀྱང་རུང་སྟེ། དེ་ལ་བདག་གིས་ཚོར་བའི་རྣམ་པར་རིག་པ་བསྐྱེད་པར་མི་བྱའོ། །ལུས་ལ་བལྟ་བར་མི་བྱའོ། །སྲོག་ལ་ཆགས་པ་བསྐྱེད་པར་མི་བྱའོ། །སེམས་ཅན་དེ་དག་ལ་ཡང་ཐ་བ་དང་སྡང་བའི་སེམས་ 56-85a བསྐྱེད་པར་མི་བྱའོ་སྙམ་པའི་སྟེང་དུ་དེས་སེམས་ཅན་དེ་དག་ལ་བྱམས་པའི་སེམས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་དཔེར་ན་སྨན་གྱི་ཤིང་ལྗོན་པ་ནི་རྩ་བ་ལས་ཁྱེར་རམ། སྡོང་པོའམ། ཡལ་གའམ། ཤུན་ལྤགས་སམ། ལོ་མའམ། མེ་ཏོག་གམ། འབྲས་བུའམ། སྙིང་པོ་ལས་ཁྱེར་ན། འདི་སྙམ་དུ་བདག་གི་རྩ་བ་ཁྱེར་ལ་སྡོང་པོ་མ་ཁྱེར་ཅིག་ཅེའམ། བདག་གི་སྡོང་པོ་ཁྱེར་ལ་རྩ་བ་མ་ཁྱེར་ཅིག་ཅེའམ། བདག་གི་ཡལ་ག་ཁྱེར་ལ་ལོ་མ་མ་ཁྱེར་ཅིག་ཅེའམ། བདག་གི་ལོ་མ་ཁྱེར་ལ་ཡལ་ག་མ་ཁྱེར་ཅིག་ཅེའམ། དེ་བཞིན་དུ་བདག་གི་ཡལ་ག་ཕྲེའུ་དང་། མེ་ཏོག་དང་། འབྲས་བུ་དང་། ཤུན་ལྤགས་དང་། སྙིང་པོ་ལས་ཁྱེར་ལ་སྙིང་པོ་མེད་པ་ལས་མ་ཁྱེར་ཅིག་ཅེའམ། བདག་གི་སྙིང་པོ་མེད་པ་ལས་ཁྱེར་ལ་སྙིང་པོ་ལས་མ་ཁྱེར་ཅིག་སྙམ་དུ་རྟོག་པར་མི་བྱེད་དེ། དེ་ལྟར་ན་སྨན་གྱི་ཤིང་ལྗོན་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་སྨན་གྱི་ཤིང་ལྗོན་པ་ནི་རྣམ་པར་མི་རྟོག་བཞིན་དུ་ནད་རབ་དང་། འབྲིང་དང་། ཐ་མ་སེལ་བར་བྱེད་པ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ལ་སྨན་གྱི་ཤིང་ལྗོན་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །སེམས་ཅན་གང་དང་གང་དག་ལ་ཅི་དང་ཅི་དགོས་པ་དེ་དང་དེ་དེ་བཞིན་དུ་ཁྱེར་ཅིག་ཅེས་བྱས་ཏེ། ལག་པ་འདོད་པ་ལ་ནི་ལག་པ། རྐང་པ་འདོད་པ་ལ་ནི་རྐང་པ། མིག་འདོད་པ་ལ་ནི་མིག །ཤ་འདོད་པ་ལ་ནི་ཤ། །ཁྲག་འདོད་པ་ལ་ནི་ཁྲག །རུས་པ་འདོད་པ་ལ་ནི་རུས་པ། རྐང་འདོད་པ་ལ་ནི་རྐང་། མགོ་བོ་འདོད་པ་ལ་ནི་མགོ་བོ། ཡན་ལག་དང་ཉིང་ལག་ཐམས་ཅད་འདོད་པ་ལ་ནི་བདག་གི་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྱེར་ཅིག་སྙམ་སྟེ། རིགས་ཀྱི་བུ་དེ་ལྟར་སེམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཚོགས་ཀྱིས་བསོད་ནམས་མི་ཟད་པས་མངོན་པར་འབྱུང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྦྱིན་པ་བྱིན་པ་ན་སེམས་ཅན་སེར་སྣ་ཅན་རྣམས་ཀྱི་གཏོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། །སེམས་ཅན་དབུལ་པོ་རྣམས་ཀྱིས་ལོངས་སྤྱོད་ 56-85b ཆེན་པོ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། །དེས་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་གཏོང་བ་ན་སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། །དེས་སྦྱིན་པ་སྦྱིན་པ་ན་དུས་ཐམས་ཅད་དུ་ཆོས་གསུམ་དུ་ཡོངས་སུ་བསྔོ་བར་མི་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་དགའ་བ་དང་། རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་མི་བྱ་བ་དང་། བདག་ཉིད་བསོད་ནམས་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་མི་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་མི་བྱ་བའོ། །དེས་སྦྱིན་པ་སྦྱིན་པ་ན་སྦྱིན་པ་དེ་ཡན་ལག་བཞི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལ་ཡན་ལག་བཞི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པ་གང་ཞེ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱ་བ་སྟེ། དེ་ལྟར་ན་ཡན་ལག་བཞི་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་དེ་ཡོངས་སུ་བསྔོ་བར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ཉེ་བར་བརྟན་པར་བྱའི་ཟད་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཇི་ལྟར་ཟད་པར་འགྱུར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་བསྔོས་པ་དང་། ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བར་འདོད་པ་དང་། སྡིག་པའི་གྲོགས་པོ་ལ་བསྟེན་པ་སྟེ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཟད་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་ 56-86a དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངས་སུ་ཟད་པར་མི་འགྱུར་ལ་ཉེ་བར་བརྟན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ཐབས་ལ་མཁས་པ་དང་། ཆོས་ཀྱི་རྒྱལ་སྲིད་འདོད་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངས་སུ་ཟད་པར་མི་འགྱུར་ལ་ཉེ་བར་བརྟན་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་མངོན་དུ་བྱས་ལ་སྦྱིན་པ་སྦྱིན་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། དེ་བཞིན་གཤེགས་པའི་བཀའ་དང་མི་འགལ་བ་དང་། ཆོས་དང་ཟང་ཟིང་གི་སྦྱིན་པའི་རྣམ་པར་སྨིན་པ་ལའང་མི་རེ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་དེ་དག་མངོན་དུ་བྱས་ལ་སྦྱིན་པ་སྦྱིན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ཆོས་གསུམ་ལ་དགོད་པའི་ཕྱིར་སྦྱིན་པ་སྦྱིན་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་དགོད་པ་དང་། ཆོས་བསྟན་པ་དེ་ཉིད་ལ་དགོད་པ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བ་ལ་དགོད་པའི་ཕྱིར་ཏེ། རིགས་ཀྱི་བུ་ཆོས་གསུམ་པོ་དེ་དག་ལ་སེམས་ཅན་རྣམས་དགོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ལོངས་སྤྱོད་ཆེན་པོ་དང་། གཏོང་བའི་སེམས་ཏེ། ཆོས་དེ་གཉིས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་དང་། 56-86b སེར་སྣ་སྟེ། རིགས་ཀྱི་བུ་ཆོས་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་དང་ཡེ་ཤེས་ཏེ། རིགས་ཀྱི་བུ་ཆོས་འདི་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་གཉིས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་སྟེ། རིགས་ཀྱི་བུ་ཆོས་འདི་གཉིས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་གང་དག་སྦྱིན་པར་བྱ་བའི་སྦྱིན་པ་དག་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་སྙོམས་པའི་སྦྱིན་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྦྱིན་པ་དང་། དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡོངས་སུ་རྫོགས་པའི་སྦྱིན་པ་སྟེ། རིགས་ཀྱི་བུ་སྦྱིན་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པར་བྱ་བ་དག་གོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བསོད་ནམས་མི་བཟད་པ་མངོན་པར་འབྱུང་བར་འདོད་པས་སྦྱིན་པའི་ཚོགས་འདི་ལྟ་བུ་ལ་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་གཟུང་བའི་སླད་དུ་སྦྱིན་པའི་ཚོགས་འདི་བཀའ་སྩལ་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཚོགས་འདི་ལྟ་བུ་དང་ལྡན་པ་དེ་དག་ནི་ནམས་ཀྱང་བསོད་ནམས་ཡོངས་སུ་ཉམས་པའམ། ཡེ་ཤེས་ཡོངས་སུ་ཉམས་པའམ། 56-87a ཤེས་རབ་ཡོངས་སུ་ཉམས་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྦྱིན་པའི་ཚོགས་འདི་ལྟ་བུ་དང་ལྡན་པ་དེ་དག་ནི་བསོད་ནམས་མི་ཟད་པ་དང་། བསོད་ནམས་རྒྱ་མཚོས་མངོན་པར་འབྱུང་བར་འགྱུར་རོ། །དེ་དག་ནི་འཕགས་པའི་ཆོས་དང་ལྡན་པས་དབུལ་པོར་ཡང་མི་འགྱུར་རོ། །དེ་དག་ནི་ཆོས་ཀྱི་རྒྱུན་དང་ལྡན་པས་ལོངས་སྤྱོད་ཆེན་པོར་ཡང་འགྱུར་རོ། །དེ་དག་ནི་ནོར་བདུན་དང་ལྡན་པས་ཕྱུག་པོར་ཡང་འགྱུར་རོ། །དེ་དག་ནི་བསོད་ནམས་བརྒྱའི་མཚན་ཡོད་པས་བསོད་ནམས་ཆེན་པོ་དང་ལྡན་པ་ཡང་ཡིན་ནོ། །དེ་དག་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱི་ཞིང་ཡང་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་གཞན་ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་གང་ཞེ་ན། གང་ཚུལ་ཁྲིམས་མ་ཉམས་པ་དང་། བསླབ་པ་ཡོངས་སུ་མི་གཏོང་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་རྗེ་བ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་གུས་པ་དྲག་པོ་དང་ལྡན་པ་དང་། ལུས་ཀྱི་ཡན་ལག་གསུམ་ཡོངས་སུ་དག་པ་དང་། ངག་གི་ཡན་ལག་བཞི་ཡོངས་སུ་དག་པ་དང་། ཡིད་ཀྱི་ཡན་ལག་གསུམ་ཡོངས་སུ་དག་པ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་རྗེས་སུ་སྒྲུབ་པ་སྟེ། གཞན་དག་ཀྱང་དེ་ལ་འཛུད་པ་དང་། དེ་དག་ལ་འགོད་པར་བྱེད་པ་དང་། བདག་ལ་མི་སྟོད་པ་དང་། གཞན་དག་ལ་མི་སྨོད་པ་དང་། ཚུལ་ཁྲིམས་དག་ལ་དེའི་ངང་ཅན་དུ་གྱུར་པ་དང་། ཚུལ་ཁྲིམས་ཀྱིས་མི་རློམ་པ་དང་། བརྩོན་པ་མི་འདོར་བ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་དག་ལས་མི་གཡོ་བ་དང་། འཕགས་པའི་རིགས་གནས་པར་བྱེད་པ་དང་། རང་གི་སེམས་སྲུང་བ་དང་། གཞན་གྱི་འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ་དང་། སྡིག་པ་ཐམས་ཅད་མི་བྱེད་པ་དང་། སྲིད་པ་མངོན་པར་འགྲུབ་པ་ལ་མངོན་པར་མི་དགའ་བ་དང་། གཞན་རྣམས་དགེ་བའི་རྩ་བ་དག་ལ་འཛུད་པ་དང་། གཞན་གྱི་ 56-87b བྱ་བདག་ལ་སྤྲོ་བ་དང་། བདེ་བ་དག་ལ་དེའི་ངང་ཅན་དུ་མི་འགྱུར་བ་དང་། དགོན་པར་གནས་པ་མི་འདོར་བ་དང་། ནད་པ་རྣམས་ཀྱི་གཡོག་བྱེད་པ་དང་། བྱས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བར་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། བཀུར་སྟི་མི་བྱེད་པ་དག་ལ་དང་དུ་ལེན་པ་དང་། བཀུར་སྟི་བྱེད་པ་རྣམས་ལ་ཁེངས་པར་མི་བྱེད་པ་དང་། རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་མ་གྲགས་པ་དང་། སྨད་པ་དང་བསྔགས་པ་དང་། བདེ་བ་དང་སྡུག་བསྔལ་བ་དག་ལ་ཁེངས་པར་ཡང་མི་འགྱུར། ཞུམ་པར་ཡང་མི་འགྱུར་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བ་དང་། ཁོན་དུ་མི་འཛིན་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་བྱམས་པ་ལ་གནས་པ་དང་། མཛའ་བཤེས་དང་དགྲ་རྣམས་ལ་སེམས་སྙོམས་པར་ལྟ་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཆོག་ཏུ་མི་འཛིན་པ་དང་། ཐེག་པ་གཞན་དུ་ཡོངས་སུ་མི་སྔོ་བ་དང་། ལྷ་གཞན་ལ་ཕྱག་མི་འཚལ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་དང་། བག་ལ་ཉལ་དང་ཀུན་ནས་ལྡང་བ་རྣམ་པར་གནོན་པ་དང་། འགྱོད་པ་སྤོང་བ་དང་། ཡིད་ལ་གཅགས་པ་མེད་པ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ལ་མཆོག་ཏུ་དགའ་བ་དང་། སྐྱེ་བའི་གནས་ཐམས་ཅད་ལ་ལྷག་པར་ཆགས་པ་མེད་པ་དང་། བསམས་བཞིན་དུ་སྲིད་པའི་འགྲོ་བར་སྐྱེ་བ་དང་། མི་དགའ་བ་བཟོད་པ་དང་། བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་པ་དང་། དམིགས་པ་ལ་རྣམ་པར་གཡེངས་པ་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་ཅིང་མི་སྐྲག་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཚོགས་དེ་ལ་བརྟེན་ནས་སྲོག་གི་ཕྱིར་ཡང་བསླབ་པ་ཉམས་པར་མི་བྱེད་དེ། དེ་ནི་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་དུ་འགྱུར་བའི་ཕྱིར་མ་ཡིན། ཚངས་པར་འགྱུར་བའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན། ཁ་དོག་གི་ཕྱིར་མ་ཡིན། གྲགས་པའི་ཕྱིར་མ་ཡིན། སྙན་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ 56-88a ཕྱིར་མ་ཡིན། རྙེད་པའི་ཕྱིར་མ་ཡིན། བཀུར་སྟིའི་ཕྱིར་མ་ཡིན། སྲོག་གི་ཕྱིར་མ་ཡིན། གོས་ཀྱི་ཕྱིར་མ་ཡིན། ཟས་ཀྱི་ཕྱིར་མ་ཡིན། མལ་ཆ་དང་སྟན་གྱི་ཕྱིར་མ་ཡིན་ཏེ། ན་བའི་གསོས་དང་། སྨན་ཟོང་གི་ཕྱིར་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །གཟུགས་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །འདོད་པའི་ཁམས་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །གཟུགས་ཀྱི་ཁམས་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །གཟུགས་མེད་པའི་ཁམས་ལ་རྟེན་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །སེམས་ཅན་དམྱལ་བའི་འཇིགས་པས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པས་སྐྲག་སྟེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པས་སྐྲག་སྟེ་སྐྱབས་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །མི་དབུལ་པོའི་འཇིགས་པས་སྐྲག་སྟེ་ཚུལ་ཁྲིམས་སྲུང་བར་མི་བྱེད་དོ། །ལྷ་དབུལ་པོའི་འཇིགས་པས་སྐྲག་པ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དབུལ་པོའི་འཇིགས་པས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བར་མི་བྱེད་དེ། གཞན་དུ་ན་སངས་རྒྱས་ཀྱི་ཚུལ་གནས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སངས་རྒྱས་ཀྱི་རིགས་གནས་པར་བྱ་བ་དང་། ཆོས་ཀྱི་རིགས་གནས་པར་བྱ་བ་དང་། དགེ་འདུན་གྱི་རིགས་གནས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བར་ 56-88b འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བ་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སངས་རྒྱས་ཀྱི་ཆོས་གནས་པར་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །འཕགས་པའི་དགེ་འདུན་ཡོངས་སུ་བསྡུ་བར་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སངས་རྒྱས་ཀྱི་རིགས་མི་འཆད་པར་འདོད་པ་དང་། ཆོས་ཀྱི་རིགས་མི་འཆད་པར་འདོད་པ་དང་། དགེ་འདུན་གྱི་རིགས་མི་འཆད་པར་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །འཕགས་པའི་རིགས་ཡོངས་སུ་སྤྱད་པར་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །ལྷའི་མངོན་པར་ཤེས་པ་འདོད་པ་དང་། ཏིང་ངེ་འཛིན་འདོད་པ་དང་། ཤེས་རབ་འདོད་པ་དང་། རྣམ་པར་གྲོལ་བ་འདོད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དོ། །རྫུ་འཕྲུལ་འདོད་པ་དང་། ཆོ་འཕྲུལ་འདོད་དེ་ཚུལ་ཁྲིམས་སྲུང་བར་བྱེད་དེ། དེའི་ཚུལ་ཁྲིམས་དེ་ཡང་མ་ཉམས་པ་དང་། མ་ཞིག་པ་དང་། མ་འདྲེས་པ་དང་། མ་འཆོལ་བ་དང་། རང་དབང་ཡོད་པ་དང་། ལེགས་པར་ཚར་ཕྱིན་པ་དང་། ལེགས་པར་བསམས་པ་དང་། མ་ནོགས་པ་དང་། རྨ་མེད་པ་དང་། གཙང་བ་དང་། དྲི་ཞིམ་པ་དང་། མཁས་པས་བསྔགས་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་། མ་སྨས་པ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པས་ཆོས་བཅུ་ལས་ཉམས་པར་མི་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་པ་དང་། བརྒྱ་བྱིན་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་ཅིང་སངས་རྒྱས་མཐོང་བ་འབའ་ཞིག་འདོད་པ་དང་། ཚངས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་ལ་ཡང་བག་ཡོད་ལ་བྱང་ཆུབ་འདོད་པ་དང་། ཤེས་ནས་དང་བ་ཐོབ་པའི་ཕྱིར་སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། ཇི་ལྟར་ཐོས་པའི་ཆོས་ལ་ནན་ཏན་དུ་བསྒྲུབ་པའི་ཕྱིར་ཆོས་ཐོས་པ་ལས་ 56-89a ཡོངས་སུ་ཉམས་པར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་དམ་བཅས་པ་ཤེས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཤེས་པ་འདོད་པའི་ཕྱིར་སྤོབས་པ་མི་ཆོད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། བསམ་གཏན་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། མངོན་པར་ཤེས་པ་མྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་བཅུ་པོ་དེ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན་ནོ། །ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན་ནོ། །གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བཀུར་སྟི་བྱས་པ་ཡིན་ནོ། །དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན་ནོ། །ཀླུའི་དབང་པོ་དང་། ལྷ་མ་ཡིན་རྣམས་ཀྱིས་རྟག་ཏུ་བསྙེན་བཀུར་བྱས་པ་ཡིན་ནོ། །རྒྱལ་རིགས་དང་། བྲམ་ཟེ་དང་། ཚོང་དཔོན་དང་། ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་བཀུར་བ་ཡིན་ནོ། །མཁས་པ་རྣམས་ཀྱིས་རྟག་ཏུ་ཐད་དུ་འགྲོ་བར་བྱ་བ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན་ནོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་སྟོན་པར་བཀུར་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཅན་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འགྲོ་བ་བཞིར་འགྲོ་བར་མི་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་མ་གཏོགས་པར་མི་ཁོམ་པའི་འགྲོ་བར་འགྲོ་བར་མི་འགྱུར་བ་དང་། སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་གི་འགྲོ་བར་འགྲོ་བར་མི་འགྱུར་བ་དང་། ལོག་པར་ལྟ་བའི་རིགས་སུ་སྐྱེ་བའི་འགྲོ་བར་འགྲོ་བར་མི་འགྱུར་བ་དང་། 56-89b ངན་འགྲོ་ཐམས་ཅད་ཀྱི་འགྲོ་བར་འགྲོ་བར་མི་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལེགས་པར་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་བ་བཞི་པོ་དེ་དག་ཏུ་འགྲོ་བར་མི་འགྱུར་རོ། །གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་བཞི་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། ཇི་ལྟར་ཐོས་པ་དང་། ཀུན་ཆུབ་པར་བྱེད་པའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་བཞི་པོ་དེ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པར་འཇིག་པ་བཞི་དང་ཕྲད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་རྣམ་པར་འཇིག་པ་དང་ཕྲད་པར་མི་འགྱུར་བ་དང་། མཚོན་གྱི་བར་གྱི་བསྐལ་པ་དང་ཕྲད་པར་མི་འགྱུར་བ་དང་། མུ་གེའི་བར་གྱི་བསྐལ་པ་དང་ཕྲད་པར་མི་འགྱུར་བ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་ཕྲད་པར་མི་འགྱུར་བ་སྟེ། རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པར་སྲུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པར་འཇིག་པ་བཞི་པོ་དེ་དག་དང་ཕྲད་པར་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་མཐོ་བ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སླུ་བ་དང་། ལྷ་ལ་མི་སླུ་བ་དང་། སེམས་ཅན་རྣམས་ལ་མི་སླུ་བ་དང་། རང་གི་སེམས་ལ་མི་སླུ་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་མཐོ་བ་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །རིགས་ཀྱི་ 56-90a བུ་གཞན་ཡང་དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིགས་པ་བཅུ་ལས་ཡང་དག་པར་འདའ་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། དབུལ་བའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། བསྔགས་པ་དང་། སྙན་པ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པའི་འཇིགས་པ་དང་། བདུད་ཀྱིས་ཀུན་ནས་དཀྲིས་པའི་འཇིགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པའི་འཇིགས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། སྲིན་པོའི་འཇིགས་པ་དང་། དུག་དང་། མཚོན་དང་། མེ་དང་། ཆུའི་འཇིགས་པ་དང་། སེང་གེ་དང་། སྟག་དང་། སྦྲུལ་དང་། དོམ་དང་། དྲེད་དང་། གཟིག་དང་། ཁྱི་དང་། ཝ་དང་། ཆུ་སྲིན་མ་ཀ་ར་དང་། ཆུ་སྲིན་བྱིས་པ་གསོད་དང་། ཆུ་སྲིན་ཀུམ་བྷི་ར་དང་། བྱི་ལ་དང་། བྱི་བ་དང་། སྡིག་པ་དང་། སྲིན་གྱི་མེ་དང་། སྦྲུལ་གདུག་པ་དང་། རྒྱལ་པོ་དང་། ཆོམ་རྐུན་གྱི་འཇིགས་པ་རྣམས་ལས་ཡང་དག་པར་འདའ་བར་འགྱུར་བ་སྟེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིགས་པ་བཅུ་པོ་དེ་དག་ལས་ཡང་དག་པར་འདའ་བར་འགྱུར་རོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་སོ། །གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་ཏིང་ངེ་འཛིན་འདི་ཡོད་དོ། །གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་ཤེས་རབ་འདི་ཡོད་དོ། །གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་རྣམ་པར་གྲོལ་བ་འདི་ཡོད་དོ། །གང་ལ་ཚུལ་ཁྲིམས་ཡོད་པ་དེ་ལ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདི་ཡོད་དོ། །རིགས་ཀྱི་བུ་དེ་ལ་ 56-90b གང་ཉོན་མོངས་པ་རྣམས་རབ་ཏུ་ཞི་བའི་ཚུལ་ཁྲིམས་ནི་གང་ཡིན། ཅིའི་ཕྱིར་ན་ཉོན་མོངས་པ་རྣམས་ཞེས་བྱ་ཞེ་ན། ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་རྣམས་ཏེ། འདི་ལྟར་ཁམས་གསུམ་དུ་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་རྣམས་ཞེས་བྱའོ། །དེ་དག་ཞི་བར་བྱེད་པ་གང་ཞེ་ན། གང་རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཡོངས་སུ་རྟོག་པ་མེད་པ་དང་། རྒྱུ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། ཀུན་ཏུ་རྟོག་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་སྟེ། འདི་ནི་ཉོན་མོངས་པ་རྣམས་རྣམ་པར་ཞི་བ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་ཉོན་མོངས་པ་རབ་ཏུ་ཞི་བ་མི་ཤེས་པ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཡོངས་སུ་དག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཚངས་པའི་འཇིག་རྟེན་དུ་སོང་ཡང་ཉོན་མོངས་པ་དང་བཅས་པར་ཟད་དོ། །དེ་དག་ནི་སྲིད་པའི་རྩེ་མོར་སོང་ཡང་ཉོན་མོངས་པ་དང་བཅས་པར་ཟད་དོ། །རིགས་ཀྱི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་གང་ལ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་མེད་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཡོངས་སུ་དག་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་མ་མཆིས་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ལགས་ན། བཅོམ་ལྡན་འདས་ཉོན་མོངས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ཇི་ལྟར་ཁམས་གསུམ་པར་སྨོན་པར་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་ཁམས་གསུམ་པར་སྨོན་པར་མི་བྱེད་དེ། རིགས་ཀྱི་བུ་གང་དག་བདག་ཉིད་ཀྱང་ཉོན་མོངས་པ་མེད་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁམས་གསུམ་དུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་ 56-91a མི་ལ་ལ་ཞིག་གིས་ནམ་མཁའ་ལ་རི་མོ་རྣམ་པ་སྣ་ཚོགས་བཀྲ་བ་སྟོན་པར་བྱེད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། མི་དེ་ནི་དཀའ་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དག་བདག་ཉིད་ཀྱང་ཉོན་མོངས་པ་མེད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁམས་གསུམ་དུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་ཀྱང་ཐེག་པ་གསུམ་སྟོན་པར་བྱེད་པ་དེ་དག་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཐར་པའི་སྒོ་ཡང་མཐོང་ལ། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་ཁམས་གསུམ་ན་ཡང་གནས་པ་དེ་དག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན། དགུམ་པའི་གནོད་པ་ལས་ཐར་པ་ལགས་པའི་མི་སླར་དགུམ་པའི་གནོད་པའི་གནས་སུ་མཆིས་ཏེ། དགུམ་པའི་གནོད་པ་བགྱིད་པ་རྣམས་ལ་འདི་སྐད་དུ་བདག་སོད་ཅིག །གཞན་མ་གསད་ཅིག་ཅེས་མཆི་བ་དེ་བཞིན་དུ་བཅོམ་ལྡན་འདས་དགུམ་པའི་གནོད་པའི་གནོད་པ་ལྟ་བུ་ནི་ཁམས་གསུམ་ལགས་སོ། །དགོན་པར་བགྱི་བ་ལྟ་བུ་ནི་འཇིག་རྟེན་གནས་པ་ལགས་སོ། །དགུམ་པའི་གནོད་པ་བགྱིད་པ་ལྟ་བུ་ནི་འདུ་བྱེད་རྣམས་ལགས་སོ། །དགུམ་པའི་གནོད་པ་སྤངས་པ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་ལས་རྣམ་པར་གྲོལ་བ་དེ་དག་ལགས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། སེམས་ཅན་ཡོངས་སུ་དགྲོལ་བར་བགྱི་བའི་སླད་དུ་ཁམས་གསུམ་འབའ་ཞིག་ཏུ་རྒྱུ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་དེས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ནི་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་ཡང་མ་མཆིས། ཐབས་ལ་མཁས་པ་ཡང་མ་མཆིས་པའི་སླད་དུའོ། །དེ་ནས་ 56-91b ཡང་བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོགས་ལ་ནི་ཇི་ལྟར་བརྩོན་པར་བྱ། དེས་ཐོས་པ་ནི་ཇི་ལྟར་བཙལ་བར་བྱ་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཁན་པོ་དང་། སློབ་དཔོན་ལ་ང་རྒྱལ་བཅོམ་པ་དང་། བཀའ་བློ་བདེ་བས་བླ་མའི་སྲི་ཞུ་དང་། གུས་པ་དང་། ཕངས་པ་དང་། གཅེས་པའི་སེམས་བསྐྱེད་པར་བྱའོ། །དེས་ཆོས་ལ་ནི་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །མཁན་པོ་དང་སློབ་དཔོན་རྣམས་ལ་ནི་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེས་ཆོས་ཀྱི་གདམས་ངག་སྟོན་པ་ལ་ནི་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེས་སེམས་ཅན་ཐམས་ཅད་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེས་སངས་རྒྱས་ཀྱི་ཆོས་ཚོལ་བ་ནི་ལུས་ལ་ཕངས་པར་མི་བྱའོ། །སྲོག་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱའོ། །དངོས་པོ་སྣ་ཚོགས་ཡོངས་སུ་འཛིན་པ་རྣམས་ལ་ཡང་དེས་ཤིན་དུ་ཉོན་མོངས་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །ནོར་ཕུན་སུམ་ཚོགས་པ་ལ་ཡང་དེས་ཆགས་པ་བསྐྱེད་པར་མི་བྱའོ། །ཆོས་གཙོ་བོར་བྱས་ཏེ་ནོར་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །དམ་པའི་ཆོས་ཀྱི་དོན་དང་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །ཆོས་ཀྱི་རྙེད་པ་འདོད་པས་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཡོངས་སུ་གཏང་བར་བྱའོ། །ཆོས་ཀྱི་རྒྱལ་སྲིད་འདོད་པའི་ཕྱིར་རྒྱལ་སྲིད་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏང་བར་འདོད་པས་དམ་པའི་ཆོས་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱའོ། །སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་འདོད་པས་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱའོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཛིན་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་འདོད་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ 56-92a པ་དང་། ཤེས་རབ་ཀྱི་ཀ་བ་བསྒྲེང་བར་འདོད་པ་རྣམས་ཀྱིས་ཐོས་པ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཁང་བཟངས་རྣམ་པར་རྒྱལ་བྱེད་ནི་ཀ་བས་བརྟན་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུ་བར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་ཤེས་རབ་ཀྱི་ཀ་བ་ནི་ཐོས་པའི་སྟོབས་ཀྱིས་ཡོངས་སུ་བཟུང་བས་གནས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ལྷ་དང་བཅས་པའི་འཇིག་རྟེན་འདུ་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་སྐྱེད་ནས་བྱང་ཆུབ་སེམས་དཔར་དམ་བཅས་ཏེ། བདག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨྲས་ལ་དེ་ཡང་ཐོས་པ་ཡོངས་སུ་ཚོལ་བ་ལ་མི་བརྩོན་ན་སེམས་ཅན་ཐམས་ཅད་ཤེས་རབ་འཆལ་པར་བྱ་བ་ལ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོས་པ་ཡོངས་སུ་ཚོལ་བ་ལ་བརྩོན་འགྲུས་རྩོམ་པར་བྱེད་ན། དེས་ནི་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉེ་བར་བརྟན་པ་བྱས་པ་ཡིན་ནོ། །ལྷ་རྣམས་ཀྱང་དེའི་ཚེ་དེ་ལ་མགུ་ཞིང་ཡིད་བདེ་བར་གྱུར་ནས་ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་ཐོས་པ་དང་། བརྩོན་འགྲུས་དང་། ཤེས་རབ་སྦྱངས་པའི་བློས་སྟོབས་བཅུ་ཐོབ་པར་ནུས་སོ། །ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དྲ་བའི་རྒྱུད་ཐམས་ཅད་རྣམ་པ་ཐམས་ཅད་དུ་གཅད་པར་ནུས་སོ། །ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་སྟོན་པར་ནུས་སོ། །ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་སྔོན་གྱི་རྒྱལ་བ་བཞུགས་བཞུགས་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་ནུས་སོ། །ཨ་ལ་ལ་སྐྱེས་བུ་དམ་པ་འདིས་ནི་བདུད་དཔུང་དང་བཞོན་པ་དང་བཅས་པ་ཕམ་པར་བྱེད་ནུས་སོ། །ཨ་ལ་ལ་བྱང་ཆུབ་སེམས་དཔའ་འདིས་ནི་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་སོ་ཞེས་ཆེད་དུ་རྗོད་པར་བྱེད་དོ། །རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཉན་པ་ལ་བརྩོན་པ་དེའི་ཚེ་རིགས་ཀྱི་བུ་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ 56-92b ཅན་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་གང་དག་ཡིན་པ་དེ་དག་ཐམས་ཅད་དེའི་ཚེ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་ཏེ། འདི་ནི་བདག་ཅག་གི་དབང་དུ་མི་འགྱུར་རོ། །འདི་ལ་ནི་བདག་ཅག་དབང་མེད་དོ། །འདིས་ནི་བདག་ཅག་རྣམ་པ་ཐམས་ཅད་དུ་བཅོམ་མོ། །འདིས་ནི་བདག་ཅག་དབང་དུ་བྱས་སོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་ཐོས་པ་དང་ལྡན་ན་ཤེས་རབ་སྐྱེ་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་ན་བདུད་ཀྱིས་གླགས་མི་རྙེད་དོ། །ཐོས་པ་དང་ལྡན་ན་རྟོག་པར་འགྱུར་རོ། །རྟོག་པ་ཡོད་ན་ཚུལ་བཞིན་དུ་ཆོས་ཡོངས་སུ་ཚོལ་བར་འགྱུར་རོ། །ཚུལ་བཞིན་དུ་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ན་བདུད་སྔིག་ཅན་གྱིས་གླགས་མི་རྙེད་དོ། །ཐོས་པ་དང་ལྡན་ན་ལོག་པར་ལྟ་བ་དང་བྲལ་བར་འགྱུར་ལ་ཡང་དག་པའི་ལྟ་བ་ཡང་སྐྱེད་པར་འགྱུར་རོ། །ཡང་དག་པར་ཞུགས་ན་བདུད་ཀྱིས་གླགས་མི་རྙེད་དོ། །ཡང་དག་པར་ཞུགས་ན་དོན་ལ་ཉེ་བར་རྟོག་པ་དང་གནོད་པ་དང་འབྲལ་བར་འགྱུར་རོ། །དོན་འདོད་ན་དོན་ལ་ཡང་དག་པར་འབྲང་བར་འགྱུར་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་ཐོས་པ་མང་པོ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་བཞི་ཕམ་པར་བྱེད་ནུས་པར་འགྱུར་བ་དེ་ལྟར་རིག་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དེ། བདུད་བཞི་པོ་འདི་དག་ཕམ་པར་བྱེད་ནུས་སོ། །རིགས་ཀྱི་བུ་གཞན་ཡང་ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་རྣམས་ཀྱིས་ཐོས་པ་ཡོངས་སུ་བཙལ་བ་དེ་ལས་ཆུང་ཟད་ཙམ་ཁྱོད་ལ་བསྟན་པར་བྱའོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡུན་རིང་པོ་ཚད་མེད་བསམ་གྱིས་མི་ཁྱབ་པ། འདས་པ་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆེན་པོ་མཆོག་ཅེས་བྱ་བ། ནགས་དང་། ནགས་འདབ་དང་། རི་ལ་གནས་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། རྟག་ཏུ་བྱམས་པ་ལ་གནས་པ་དང་། སྙིང་རྗེ་ལ་གནས་པ་ཞིག་བྱུང་སྟེ། དྲང་སྲོང་དེ་མཆོག་ཏུ་ 56-93a གྱུར་ཏོ། །དེ་ནགས་ཁུང་དེ་དག་ན་གནས་པ་ན་འདི་སྙམ་དུ་སེམས་ཏེ། བདག་བྱམས་པ་ལ་གནས་པ་འདི་ནི་སེམས་ཅན་རྣམས་ཀྱི་དགའ་བ་སྐྱེད་པར་ཡང་མི་འགྱུར་ལ། བྱམས་པ་འདིས་ནི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་དང་བསྐལ་པ་མཐའ་ཡས་པ་ནས་བསགས་པའི་ཉོན་མོངས་པ་ཐམས་ཅད་ཀྱང་ཉེ་བར་ཞི་བར་བྱེད་མི་ནུས་སོ། །བྱམས་པ་འདིས་ནི་འཕགས་པའི་ཡང་དག་པའི་ལྟ་བ་ཡང་བསྐྱེད་པར་མི་ནུས་སོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། འཕགས་པའི་ཡང་དག་པའི་ལྟ་བ་གང་ལས་སྐྱེ་ཞིག་གུ་སྙམ་མོ། །དེ་ལ་རྟོག་པ་འདི་ལྟ་བུ་ཞིག་བྱུང་སྟེ། འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བ་ལ་ནི་རྒྱུ་གཉིས་དང་། རྐྱེན་གཉིས་ཡོད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་སྒྲ་དང་། སོ་སོར་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། འདི་གཉིས་ནི་འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་གཉིས་དང་རྐྱེན་གཉིས་པོ་ཡིན་སྙམ་མོ། །དེ་དེའི་ཚེ་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པའི་བློ་སྐྱེས་ཏེ། ལེགས་པར་གསུངས་པ་བདག་གིས་ག་ལས་རྙེད་པར་འགྱུར་སྙམ་མོ། །དེ་ཆོས་ཀྱི་ཕྱིར་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་སོང་ནས་ཆོས་བཙལ་ཏོ། །བཙལ་ཀྱང་ཆོས་སྨྲ་བ་འགའ་ཡང་མ་རྙེད་དོ། །དེ་ནས་དེའི་མདུན་དུ་བདུད་ཀྱི་རིས་ཀྱི་ལྷ་ཞིག་བྱུང་སྟེ། དེ་དྲང་སྲོང་དེའི་ཐད་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སངས་རྒྱས་ཀྱིས་གསུངས་པའི་སངས་རྒྱས་ཀྱི་མཚན་གྱི་ཚིགས་སུ་བཅད་པ་གཅིག་བཟུང་བ་ང་ལ་ཡོད་དོ། །དྲང་སྲོང་དེས་སྨྲས་པ། སྨྲོས་ཤིག །ལྷ་དེས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་རང་གི་ལུས་ལས་པགས་པ་བཤུས་ཏེ་ཉི་མ་ལ་སྐམས་ནས་ཤོག་བུར་བྱས་ཏེ། རང་གི་ཁྲག་དང་སྦྱར་བས་སྣག་ཚ་བྱས་ལ་རང་གི་རུས་པས་སྨྱུག་གུ་བྱས་ཏེ། ང་ལས་ཚིགས་སུ་བཅད་པ་དེ་འདྲི་ན་དེ་ལྟ་ན་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་དེ་ངས་ཁྱོད་ལ་སྦྱིན་ནོ། །རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་འདི་འཁོར་བ་ཐོག་མ་མེད་པ་ནས་ 56-93b སྐྱེ་བ་དེ་དང་དེ་དག་དང་སྐྱེ་བའི་གནས་དེ་དང་དེ་དག་ཏུ་བསྐལ་པ་འབུམ་ཕྲག་མང་པོར་ཉེས་པ་བྱས་ནས། དགྲ་དང་གཤེད་མའི་ལག་ཏུ་སོང་ནས་ཆོམ་རྐུན་དང་རྒྱལ་པོས་བཀྲབས་པ་ལ་སོགས་པས་མཚོན་རྣོན་པོས་ཡན་ལག་དང་ཉིང་ལག་ཐམས་ཅད་དུམ་བུ་དུ་མར་བཅད་ཅིང་གཏུབས་ཏེ་འདོད་པའི་ཕྱིར་དང་། ནོར་གྱི་ཕྱིར་དང་། བཅད་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་ལ་སོགས་པ་དཀའ་བ་འབུམ་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་བདག་གི་ལུས་དེ་དག་དང་། ཚོར་བ་དེ་དག་གིས་སེམས་ཅན་སུ་ལ་ཡང་དོན་ཅི་ཡང་བྱས་པ་མེད་ན། ད་བདག་གིས་སྙིང་པོ་མེད་པའི་ལུས་འདིས་ཆོས་རྙེད་པར་འགྱུར་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས། དགའ་ཞིང་མགུ་ལ་ཡི་རངས་ཏེ། ལྷ་དེ་ལ་ཡང་སློབ་དཔོན་གྱི་འདུ་ཤེས་བསྐྱེད་ནས་མཚོན་རྣོན་པོས་རང་གི་ལུས་ལས་པགས་པ་བཤུས་ཏེ་ཉི་མ་ལ་སྐམས་ནས་ཤོག་བུར་བྱས་ཏེ། རང་གི་ལུས་ལས་ཁྲག་གཟགས་ནས་རང་གི་ཁྲག་གིས་སྣག་ཚ་སྦྱར་ཏེ། རང་གི་རུས་པས་སྨྱུག་གུ་བྱས་ནས་ལྷ་དེ་ལ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །ལྷ་སངས་རྒྱས་ཀྱིས་གསུངས་པའི་སངས་རྒྱས་ཀྱི་མཚན་བསྡུས་པའི་ཚིགས་སུ་བཅད་པ་དེ་བདག་ལ་གསུངས་ཤིག །ཁྱོད་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་བདག་གིས་བགྱིས་ལགས་ཏེ། བདག་གིས་པགས་པ་བཤུས་ནས་སྐམས་ཏེ་ཤོག་བུར་བགྱིས་ནས་རང་གི་ཁྲག་གིས་སྣག་ཚ་སྦྱར་ཏེ། རང་གི་རུས་པས་སྨྱུག་གུ་བགྱིས་ལགས་སོ་ཞེས་བྱས་སོ། །རིགས་ཀྱི་བུ་དེ་ནས་བདུད་ཀྱི་རིས་ཀྱི་ལྷ་དེས་དྲང་སྲོང་ཆེན་པོ་མཆོག་དེའི་གུས་པ་དང་། དོན་དུ་གཉེར་བ་དེ་ལྟ་བུ་མཐོང་ནས། གནོང་གནོང་ལྟར་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་དེས་དེའི་ཚེ་ལྷ་དེ་མི་སྣང་བར་གྱུར་པར་རིག་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་ཚིགས་སུ་བཅད་པ་དེ་མ་ཐོས་སུ་ཟིན་ཀྱང་། གང་གི་ཕྱིར་བདག་གིས་ཆོས་ལ་གུས་པ་ཆེན་པོས་རང་གི་པགས་པ་བཤུས་ཏེ་སྐམས་ནས་རང་གི་ཁྲག་དང་སྦྱར་བ་དང་། རང་གི་རུས་པ་ཕྱུང་སྟེ་སྨྱུག་གུ་བྱས་པས་བདག་གི་ཆོས་ལ་གུས་པའི་དགེ་བའི་རྩ་བ་འདི་ཆུད་ཟ་བར་མི་འགྱུར་རོ། །སླུ་བར་ཡང་མི་འགྱུར་རོ། །འོན་ 56-94a ཀྱང་བདག་གིས་ལྷག་པའི་བསམ་པ་དང་། གཡོ་བ་མེད་པས་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་བསྐྱེད་ནས། ལུས་དང་སྲོག་ལ་མི་ལྟ་བར་པགས་པ་ཤོག་བུར་བྱས་ཏེ་རང་གི་ཁྲག་གིས་སྦྱར་ནས། རུས་པས་སྨྱུག་གུ་བྱས་པའི་ཆོས་ལ་གུས་པའི་བདེན་པ་དང་བདེན་པའི་ཚིག་གང་ཡིན་པའི་བདེན་པ་དང་བདེན་པའི་ཚིག་དེས་ན་འཇིག་རྟེན་གྱི་ཁམས་འདི་དང་འཇིག་རྟེན་གྱི་ཁམས་གཞན་དག་ན་ཆོས་གསུང་ཞིང་ཆོས་སྟོན་པ་བདག་ཉིད་ཆེན་པོ་སུ་བཞུགས་ཀྱང་རུང་སྟེ། དེ་དག་གིས་བདག་ལ་ཞལ་བསྟན་པར་གསོལ། བདག་ལ་ཆོས་ཀྱང་ཐོས་པར་མཛད་དུ་གསོལ་ཞེས་བྱས་སོ། །རིགས་ཀྱི་བུ་དེ་ལྟར་དྲང་སྲོང་ཆེན་པོ་མཆོག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ཉིད་ལ་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་ཀུན་ནས་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེས་དྲང་སྲོང་ཆེན་པོ་མཆོག་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་དེ། འཛམ་བུའི་གླིང་འདིའི་སེམས་ཅན་ཡོངས་སུ་སྨིན་པ་ཡང་གཟིགས་ནས་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་རྐྱོང་པའམ། བརྐྱང་པ་ལས་སྐུམ་པ་བཞིན་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་ཐབས་ཅིག་ཏུ་དེ་ནས་མི་སྣང་བར་གྱུར་ནས། དྲང་སྲོང་ཆེན་པོ་མཆོག་གི་མདུན་དུ་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེ་བྱུང་མ་ཐག་ཏུ་དེའི་མོད་ལ་ནགས་ཁུང་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་ཡང་བབ་བོ། །དེའི་ཚེ་ནགས་ཁུང་དེ་ན་ཤིང་གི་ཡལ་ག་དང་། ལོ་མ་དང་། མགོ་ལྕོགས་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལས་ཆོས་སྟོན་པའི་སྒྲ་དག་བྱུང་ངོ་། །དེའི་ཚེ་ལྷ་ 56-94b བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འདུས་པར་གྱུར་ཏོ། །དེ་ནས་དྲང་སྲོང་ཆེན་པོ་མཆོག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེའི་འོད་ཀྱིས་ཕོག་མ་ཐག་ཏུ། དེ་ནས་དེའི་མོད་ལ་ཁ་དོག་དང་གཟུགས་སྔ་མཁོ་བཞིན་དུ་གྱུར་ཏེ། རྨ་དང་སྣད་པ་མེད་པར་གྱུར་ཏོ། །དེ་ནས་དྲང་སྲོང་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་སོར་མོ་བཅུའི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདེ་བར་གཤེགས་པ་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཅི་ནས་བདག་གིས་ཆོས་ཐོས་ནས་ལོག་པར་ཞུགས་པའི་སེམས་ཅན་ལྟ་བར་གྱུར་པའི་གླག་གླག་པ་སྤྱོད་ཡུལ་བ་རྣམས་ཀྱི་ལོག་པར་ལྟ་བའི་མུན་པ་བསལ་ནས། ཡང་དག་པའི་ལྟ་བའི་ཆོས་སྟོན་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པས་བདག་ལ་ཆོས་བསྟན་དུ་གསོལ། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེས་དྲང་སྲོང་ཆེན་པོ་མཆོག་གཙོ་བོར་མཛད་ནས་ལྷའི་བུ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཉིད་ལས་བརྩམས་ཏེ། ཅི་ནས་ལྷའི་བུའི་འཁོར་དེའི་ནང་ནས་སྔོན་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པའི་ལྷའི་བུ་བརྒྱད་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་དང་། དྲང་སྲོང་ཆེན་པོ་མཆོག་དེ་ཡང་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དང་། སྤོབས་པ་མི་ཆོད་པ་ཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ།། །། བམ་པོ་གསུམ་པ། བཅོམ་ལྡན་འདས་དེས་རྡོ་རྗེའི་ཚིག་བརྒྱད་པོ་འདི་དག་ཀྱང་བསྟན་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། 56-95a ཆོས་ཐམས་ཅད་ནི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ནི་ཟག་པ་ཐམས་ཅད་ཡོངས་སུ་ཆད་པའི་ཕྱིར་ཟག་པ་མེད་པའོ། །ཆོས་ཐམས་ཅད་ནི་གནས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་གནས་མེད་པའོ། །ཆོས་ཐམས་ཅད་ནི་གཉིས་སུ་མེད་པའི་ཕྱིར་སྒོ་མེད་པའོ། །ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་ཀུན་ནས་སྟོན་པའི་ཕྱིར་ཀུན་ནས་སྒོའོ། །ཆོས་ཐམས་ཅད་ནི་འགྲོ་བ་མེད་པའི་ཚུལ་གྱིས་འཕོ་བ་མེད་པའོ། །ཆོས་ཐམས་ཅད་ནི་འགྲོ་བ་ཐམས་ཅད་ཡང་དག་པར་ཆད་པའི་ཕྱིར་འགྲོ་བ་མེད་པའོ། །ཆོས་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་གཉིས་སུ་དབྱེར་མེད་པའི་ཕྱིར་དུས་གསུམ་མཉམ་པ་སྟེ། རྡོ་རྗེའི་ཚིག་བརྒྱད་པོ་དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེས། ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཕྱིར་བསྟན་ཏོ། །མཆོག་གཞན་ཡང་ཆོས་ཀྱི་སྒོའི་ཚིག་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་རྟུལ་བར་མི་འགྱུར་བ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། མིང་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། སྒོ་སྣ་ཚོགས་རྣམ་པར་གཞག་པའི་ཕྱིར་རོ། །སྒྲ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ངག་ཐ་དད་པར་བརྗོད་པའི་ཕྱིར་རོ། །བརྡ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གསོ་བ་དང་། གསོག་དང་། ཡ་མ་བརླ་ཡིན་པའི་ཕྱིར་རོ། །བདག་གི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། བདག་གི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཟད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཡོད་པ་མ་ཡིན་པའི་ཕྱིར་རོ། །གདགས་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདགས་པ་འབྱུང་བ་མེད་པའི་ཕྱིར་རོ། །མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། རོ་གཅིག་པའི་ཕྱིར་རོ། །མཆོག་ཆོས་ཀྱི་སྒོའི་ཚིག་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་རྟུལ་བར་མི་འགྱུར་བའོ། །མཆོག་གཞན་ཡང་ས་བོན་གྱི་ཚིག་བརྒྱད་པོ་འདི་དག་ནི་སྤོབས་པ་མི་ཟད་པར་འགྱུར་བ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། མཆོག་ཨ་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་གཟོད་མ་ 56-95b ནས་མ་སྐྱེས་པར་སྟོན་ཏོ། །མཆོག་པ་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་དོན་དམ་པར་སྟོན་ཏོ། །མཆོག་ན་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་ཀྱི་མིང་དང་གཟུགས་ཡོངས་སུ་ཤེས་པར་སྟོན་ཏོ། །མཆོག་ད་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་དུལ་བ་དང་ཞི་བར་སྟོན་ཏོ། །མཆོག་ས་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པར་སྟོན་ཏོ། །མཆོག་ཏ་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་དབྱེར་མེད་པར་སྟོན་ཏོ། །མཆོག་ཀ་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་ཟད་པ་ཉིད་དུ་སྟོན་ཏོ། །མཆོག་མ་ཞེས་བྱ་བ་ས་བོན་གྱི་ཚིག་ནི་ཆོས་ཐམས་ཅད་དབུས་དང་མཐའ་ཡོངས་སུ་ཆད་པར་སྟོན་ཏོ། །མཆོག་ས་བོན་གྱི་ཚིག་བརྒྱད་པོ་དེ་དག་ནི་སྤོབས་པ་མི་ཟད་པར་འགྱུར་བའོ། །དེ་ལྟ་བས་ན་ས་བོན་གྱི་ཚིག་འདི་དག་དང་། ཆོས་ཀྱི་སྒོའི་ཚིག་འདི་དག་དང་། རྡོ་རྗེའི་ཚིག་འདི་དག་ལ་དྲན་པ་དང་། ཤེས་བཞིན་དུ་སྤྱོད་པ་མཉམ་པ་ཉིད་ལ་བརྩོན་པར་བྱའོ། །རྟག་ཏུ་འདུ་འཛི་མེད་པར་སྤྱོད་པས་ཚུལ་བཞིན་དུ་སོ་སོར་བརྟག་པ་ལ་བརྩོན་པར་བྱའོ། །རྟག་ཏུ་དགེ་བ་གང་ཡིན་ཞེས་ཚོལ་ཞིང་འདོད་པ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེས་ཆོས་ཀྱི་ཚིག་ཞུས་པ་དེ་དག་གི་ལན་བཏབ་ནས། འཇིག་རྟེན་གྱི་ཁམས་དེ་སྣང་བར་མཛད་ཅིང་རབ་ཏུ་གཡོས་པར་མཛད་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་ཐབས་ཅིག་ཏུ་མི་སྣང་བར་གྱུར་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་རང་གི་སངས་རྒྱས་ཀྱི་ཞིང་དུ་བཞུགས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ནས་ཀྱང་གང་དུ་ཡང་གཤེགས་པའམ་སླར་གཤེགས་པར་མངོན་པ་མེད་དོ། །རིགས་ཀྱི་བུ་དེ་ནས་དྲང་སྲོང་ཆེན་པོ་མཆོག་དེ་སྤོབས་པ་མི་ཆོད་པ་དང་ལྡན་པར་གྱུར་ཏེ། བརྗེད་ངས་པ་མེད་པའི་དྲན་པ་དེ་དང་ཡང་ལྡན་པར་གྱུར་ནས་ལྷས་ཡོངས་སུ་བཟུང་བ་ཐོབ་པར་གྱུར་ཏོ། །ལྷས་ཡོངས་སུ་བཟུང་བ་དེས་ན་བདུད་ཕྱིར་རྒོལ་བ་ཡང་ཆོམས་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་སོང་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ 56-96a ཏེ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཉིད་རྒྱས་པར་བཤད་ཅིང་རབ་ཏུ་བསྟན་ཏོ། །དེས་ལོ་སྟོང་ཐམ་པར་ཆོས་བསྟན་ཏེ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཉན་ཐོས་སུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་རང་སངས་རྒྱས་སུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་འཁོར་ལོས་སྒྱུར་བར་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་བརྒྱ་བྱིན་དུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཚངས་པར་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་བྱམས་པ་བསྒོམ་པ་ལ་བཀོད་དོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་སྙིང་རྗེ་བསྒོམ་པ་ལ་བཀོད་དོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་དགའ་བ་བསྒོམ་པ་ལ་བཀོད་དོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་བཏང་སྙོམས་བསྒོམ་པ་ལ་བཀོད་དོ། །སྲོག་ཆགས་དཔག་ཏུ་མེད་པ་ཞིག་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་ཉེ་བར་འགྲོ་བར་བྱས་སོ། །དེའི་འོག་ཏུ་དྲང་སྲོང་ཆེན་པོ་མཆོག་དེ་ཤི་ནས་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེ་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་སོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆེན་པོ་མཆོག་དེ་གཞན་ཞིག་ཡིན་པར་ཁྱོད་སོམ་ཉིའམ་ཡིད་གཉིས་སམ། ཐེ་ཙོམ་ཟན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆེན་པོ་མཆོག་ཏུ་གྱུར་ཏེ། ངས་ཆོས་འདོད་པ་དང་། ཆོས་ལ་གུས་པར་གནས་པའི་བདེན་པའི་བྱིན་གྱི་རླབས་དེས་འོག་གི་ཕྱོགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དེ་སྤྱན་དྲངས་སོ། །དྲི་མ་མེད་པའི་གཟི་བརྗིད་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་ནམས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་ 56-96b མི་འགྱུར་ལ། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བ་དེ་ལྟར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་སྒྲུབ་པར་བྱེད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་དེ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ལྷའི་བྱིན་གྱི་རླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུ་ཡང་འཁོད་དོ། །ལོ་འབུམ་ཕྲག་གཉིས་སམ། གསུམ་མམ། བཞིའམ། ལྔའི་བར་དུ་ཡང་འཁོད་པ་ནས། བསྐལ་པའམ། བསྐལ་པ་ལས་ལྷག་པའམ། ཡང་ན་ཇི་སྲིད་འདོད་པའི་བར་དུ་ཡང་འཁོད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་ལ་གུས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྒ་བ་ཡང་སེལ་བར་མཛད་དོ། །ནད་ཀྱང་སེལ་བར་མཛད་དོ། །དྲན་པ་ཡང་བསྒྲུབ་པར་མཛད་དོ། །རྟོགས་པ་དང་སྤོབས་པ་ཡང་བསྒྲུབ་པར་མཛད་དོ། །ཆོས་ལ་གུས་པ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་བར་གྱུར་པ་རྣམས་ནི་སེལ་བར་མཛད་ལ། ཡང་དག་པའི་ལྟ་བ་ནི་བསྒྲུབ་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་ལ་གུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཞན་གྱི་གནོད་པ་ 56-97a ཐམས་ཅད་འབྱུང་བར་མི་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོགས་ལ་མཁས་པ་ལ་བརྩོན་པར་བྱའོ། །ཐོས་པའི་ཚོགས་ལ་མཁས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་འབྱུང་བར་འགྱུར་བའམ། ཡང་ན་དེ་བས་ཀྱང་གོང་མའམ། དེ་བས་ཀྱང་ལྷག་པར་འགྱུར་ཏེ། དྲི་མ་མེད་པའི་གཟི་བརྗིད་གསུམ་པོ་འདི་དག་ནི་བསོད་ནམས་ཉེ་བར་རྟོན་པ་དང་། བསོད་ནམས་ཀྱི་ཚོགས་དང་། བསོད་ནམས་འབྱུང་བ་དང་། བསོད་ནམས་རྒྱས་པ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་དང་། བསོད་ནམས་མི་ཟད་པ་དང་། བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་། བསོད་ནམས་རྒྱ་མཚོ་ཡིན་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་བསོད་ནམས་རྣམས་ཀྱི་མཐའ་འམ་ཚད་ནི་རྟོགས་པར་མི་ནུས་སོ། །དྲི་མ་མེད་པའི་གཟི་བརྗིད་རྒྱ་མཚོ་ཆེན་པོའི་ཐིགས་པ་རྣམས་ཀྱི་ཚད་དང་མཐའ་ནི་རྟོགས་པར་ནུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་བསགས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་དང་མཐའ་ནི་རྟོགས་པར་མི་ནུས་སོ། །དྲི་མ་མེད་པའི་གཟི་བརྗིད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ས་ལ་རི་དང་། ཤིང་ལྗོན་པ་དང་། ནགས་ཚལ་དང་། རྩྭ་ཡོད་པ་ཐམས་ཅད་ནི་སྲང་ཚད་ཀྱིས་ཚད་དང་མཐའ་རྟོགས་པའམ་ཤེས་པར་ནུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་གཟུང་བར་མི་ནུས་སོ་ཞེས་ང་སྨྲའོ། །དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚོགས་གསུམ་པོ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་དེ་དག་གི་ནང་ན་ཚོགས་གང་ཆེས་མཆོག་དང་། ཆེས་གཙོ་བོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་མ་མེད་པའི་གཟི་བརྗིད་ 56-97b ཚོགས་གསུམ་པོ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཐོས་པའི་ཚོགས་དེ་དག་གི་ནང་ན་ཐོས་པའི་ཚོགས་འབའ་ཞིག་མཆོག་ཅེས་བྱ། རབ་ཅེས་བྱ། རབ་མཆོག་ཅེས་བྱ། གྱ་ནོམ་པ་ཞེས་བྱ། གཙོ་བོ་ཞེས་བྱ། ཁྱད་པར་དུ་འཕགས་པ་ཞེས་བྱ། བླ་མ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ། གོང་མའི་ཡང་གོང་མ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་མདུན་ན་ཡུངས་འབྲུ་གཅིག་འདུག་པ་བཞིན་དུ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །རིའི་རྒྱལ་པོ་རི་རབ་ཇི་ལྟ་བ་དེ་བཞིན་དུ་ནི་ཐོས་པའི་ཚོགས་བལྟ་བར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱའི་རྗེས་ཇི་ལྟ་བ་བཞིན་དུ་སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ཕྱོགས་བཅུའི་ནམ་མཁའ་མཐའ་ཡས་པ་ཇི་ལྟ་བ་དེ་བཞིན་དུ་ནི་ཐོས་པའི་ཚོགས་བལྟ་བར་བྱའོ། །རིགས་ཀྱི་བུ་སྦྱིན་པའི་ཚོགས་ནི་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། དབུལ་བ་སེལ་བ་དང་། ལོངས་སྤྱོད་ཆེན་པོ་བསྒྲུབ་པ་སྟེ་བྱ་བ་འདི་གཉིས་བྱེད་དོ། །ཚུལ་ཁྲིམས་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ངན་འགྲོ་སེལ་བ་དང་། བདེ་འགྲོ་བསྒྲུབ་པ་སྟེ་བྱ་བ་འདི་གཉིས་བྱེད་དོ། །ཤེས་རབ་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ལྟ་བར་གྱུར་པ་ཐམས་ཅད་སེལ་བ་དང་། ཤེས་རབ་བསྒྲུབ་པ་སྟེ་བྱ་བ་འདི་གཉིས་བྱེད་དོ། །རིགས་ཀྱི་བུ་སྦྱིན་པའི་ཚོགས་ནི་ཟག་པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨིན་པའོ། །རིགས་ཀྱི་བུ་ཚུལ་ཁྲིམས་ཀྱི་ཚོགས་ནི་ཟག་པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨིན་པའོ། །རིགས་ཀྱི་བུ་ཐོས་པའི་ཚོགས་ནི་ཟག་པ་མེད་པ་དང་། ལེན་པ་མེད་པ་དང་། ཕུང་པོར་རྣམ་པར་སྨིན་པ་མ་ཡིན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ཐོས་པའི་ཚོགས་ལ་བརྩོན་པར་བྱའོ། །སྦྱིན་པའི་ཚོགས་དང་ཚུལ་ཁྲིམས་ཀྱི་ཚོགས་དང་ 56-98a ཐོས་པའི་ཚོགས་འདི་དག་བསྟན་པ་ན་སྔོན་དགེ་བའི་རྩ་བ་བསྐྱེད་པའི་སྲོག་ཆགས་སུམ་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷའི་བུ་ལྔ་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཀྱང་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་གཟུགས་བརྙན་དང་འདྲ་བར་མོས་པ་དང་། ངག་ལ་བྲག་ཅ་དང་འདྲ་བར་མོས་པ་དང་། སེམས་ལ་སྒྱུ་མ་དང་འདྲ་བར་མོས་པ་དང་། ཆོས་ཐམས་ཅད་ལ་མི་ཟད་པའི་ཆོས་ཉིད་དུ་མོས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་ཡང་བྱེད་ལ་སེམས་ཅན་དུ་འདུ་ཤེས་པ་ཡང་མེད་པ་དང་། ཆོས་ཐམས་ཅད་ལ་སྟོང་པ་དང་། མི་རྟག་པར་ཡང་མོས་པར་བྱེད་ལ་གཞིར་ཡང་མི་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱང་མཐོང་ལ་ཤའི་མིག་ལ་ཡང་མངོན་པར་ཞེན་པ་མེད་པ་དང་། སེམས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་མཁས་ལ་སེམས་ཀྱང་སེམས་ལ་གཏོད་པར་མི་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 56-98b ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་སྤངས་པའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཆོས་ཀྱིས་ལྷག་པའི་ཕྱིར་བཟོད་པའི་སྟོབས་དང་ལྡན་པ་དང་། དབེན་པའི་ཆོས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་ཡང་ཐོབ་ལ་བསམ་གཏན་ལ་ཡང་མི་རྟེན་པ་དང་། ཤེས་རབ་ཀྱིས་ཀྱང་རྣམ་པར་བརྟགས་ལ་སྤྲོས་པ་ཡང་མེད་པ་དང་། ཐབས་ལ་མཁས་པ་ཡང་རབ་ཏུ་འཛིན་ལ་སེམས་ཅན་ཡང་སྡུད་པ་དང་། སྤྱོད་པ་ཐམས་ཅད་ལ་ཡང་གེགས་མེད་ལ་སྤྱོད་པ་ཡང་ཁོང་དུ་ཆུད་པར་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་དང་། སྙིང་རྗེ་ཆེན་པོས་འཁོར་བ་ལས་ཡོངས་སུ་མི་སྐྱོ་བ་དང་། དགའ་བ་ཆེན་པོས་ཆོས་ལ་དགའ་ཞིང་མཆོག་ཏུ་དགའ་བ་དང་། བཏང་སྙོམས་ཆེན་པོས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་མངོན་ 56-99a སུམ་དུ་བྱེད་པ་དང་། དུས་གསུམ་ཡོངས་སུ་ཤེས་པ་དང་། ཁམས་གསུམ་ལས་ཡང་དག་པར་འདའ་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ལ་ཡིད་ཆེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །བཞི་པ་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེ་དགའ་བ་དང་མཆོག་ཏུ་དགའ་བ་ཐོབ་པ་དེ་ཁོ་ནས་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར་འཕགས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་དང་མིའི་སིལ་སྙན་འབུམ་ཡང་འཁྲོལ་ལོ། །པད་མའི་སྤྲིན་གྱི་ཆར་ཆེན་པོ་ཡང་མངོན་པར་བབ་བོ། །འཇིག་རྟེན་འདི་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །དེ་དག་བྱུང་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འོད་ཀྱིས་ཁྱབ་པར་གྱུར་ནས་ཉི་མ་དང་ཟླ་བ་རྣམས་ཀྱི་འོད་ཀྱང་ཟིལ་གྱིས་མནན་ཏེ་ཚངས་པའི་འཇིག་རྟེན་དུ་ཐུག་ནས་ཕྱིར་ལོག་སྟེ་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །ཡེ་ 56-99b ཤེས་མཆོག་བརྙེས་ཡོངས་དག་ཡངས་པའི་སྤྱན་མངའ་བ། །དབང་པོ་ཞི་བ་ཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས། །སྐུ་མདོག་གསེར་གྱི་རི་བོ་ལྷ་ཡི་འོད་འདྲ་བ། །ཅི་ཡི་སླད་དུ་བཅོམ་ལྡན་འཛུམ་པ་འདི་སྟོན་མཛད། །གང་གི་བློ་གྲོས་ཅི་འདྲ་དུས་གསུམ་ལྡན་པ་དང་། །ལྷ་དང་མི་རྣམས་སེམས་ཀྱི་སྤྱོད་པ་མཁྱེན་བཞིན་དུ། །འདུ་ཤེས་མི་མངའ་རྟག་ཏུ་ཡེ་ཤེས་མཆོག་བརྙེས་པ། །ཞལ་རས་ཟླ་འདྲ་འཛུམ་པའི་དོན་ནི་བསྟན་པར་གསོལ། །འདས་པའི་སངས་རྒྱས་ཇི་སྙེད་གང་དག་མ་འོངས་དུས། །གང་དག་གནས་པའི་རྒྱལ་བ་དེ་དག་མཚུངས་པ་སྟེ། །སེམས་ཅན་གང་དག་དཀར་པོ་སྤྱོད་པ་སྣ་ཚོགས་པ། །སྦྱོར་མཁྱེན་ལུང་བསྟན་སླད་དུ་ཐམས་ཅད་ཡང་དག་གསུངས། །སངས་རྒྱས་ཞིང་འདི་དག་ནི་སྐུ་ཡིས་ཐམས་ཅད་ཁྱབ། །ཁྱོད་ཀྱི་གསུང་ནི་སངས་རྒྱས་ཞིང་མང་ཡངས་པར་གྲག །འདིར་ནི་ཐུགས་ཀྱིས་འགྲོ་བ་ཀུན་ལ་བྱམས་པ་བསྐྱེད། །རྒྱལ་བ་ཡེ་ཤེས་མཐའ་ཡས་ལྡན་པ་གང་སླད་གསུངས། །ཆོས་རྣམས་ཡ་མ་བརླ་སྟེ་ཆུ་ཟླ་འདྲ་བ་དང་། །སྒྱུ་མ་ལྟ་བུར་འཇིག་པ་རྨི་ལམ་ངོ་བོ་ཉིད། །སྤྲིན་ལྟར་མི་བརྟན་འཇིག་པའི་ཆོས་ཅན་མཁྱེན་པ་པོ། །མི་ཡི་སེང་གེ་གང་སླད་འཛུམ་དོན་བསྟན་པར་གསོལ། །སྟོང་པ་མཚན་མེད་སྨོན་མེད་རྟོགས་པས་རྣམ་པར་གྲོལ། །རྟག་ཏུ་ཐུགས་དུལ་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། །རླུང་སྲུབས་མཁའ་ལ་འཚུབ་ཀྱང་སྤྲོས་མེད་འདྲ་བ་པོ། །ཅི་སླད་འཛུམ་མཛད་འདི་ལ་དོན་ནི་ཅི་མཆིས་གསུངས། །གང་གི་སེམས་དེང་སངས་རྒྱས་ཡེ་ཤེས་མཆོག་ལ་བཏུད། །གང་གིས་དེ་རིང་ཤིང་རྒྱལ་དྲུང་དུ་བདུད་ཀྱང་བཅོམ། །གང་གིས་རྒྱལ་བ་མཆོག་རྣམས་གདན་ནི་ཡོངས་སུ་བཟུང་། །སྐྱེས་བུ་ཁྱུ་མཆོག་གིས་ནི་ཅི་ཕྱིར་འཛུམ་པ་བསྟན། །འདི་ན་རྒྱལ་བའི་ཉན་ཐོས་དེ་རྣམས་ས་མ་མཆིས། །འདི་ལ་རང་སངས་རྒྱས་ཀྱི་ཡུལ་ཡང་ཅི་མ་མཆིས། །འདི་ནི་སངས་རྒྱས་ཡོན་ཏན་རྒྱ་མཚོ་རྣམས་ཀྱི་ཡུལ། །འཇིག་རྟེན་མཆོག་གིས་འཛུམ་པའི་རྒྱུ་ནི་བསྟན་པར་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་ 56-100a བོ་ཁྱོད་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་འདི་བསྐལ་པ་གྲངས་མེད་པ་གསུམ་པ་ཕྲག་འབུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་བྱེད་པ་ཞེས་བྱ་བར་བསྐལ་པ་ཚངས་པས་བསྟོད་པ་ཞེས་བྱ་བ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཀོད་པ་མང་པོའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་མང་པོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པའི་འཇིག་རྟེན་གྱི་ཁམས་དེ་ཡང་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་བར་འགྱུར་ཏེ། ཀུན་དགའ་བོ་དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་གི་ལོངས་སྤྱོད་དང་། ལོངས་སུ་སྤྱད་པ་ཡང་དེ་འདྲ་བར་འགྱུར་རོ། །དེ་བཞིན་གཤེགས་པ་བཀོད་པ་མང་པོའི་རྒྱལ་པོ་དེ་ཡང་གཏམ་གཞན་མི་གསུང་བར་བྱང་ཆུབ་སེམས་དཔའ་བསྡུ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་འབའ་ཞིག་སྟོན་ཏོ། །དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ། ། 56-100b དེ་བཞིན་གཤེགས་པ་དེ་ཡང་ཚེ་དཔག་ཏུ་མེད་པར་འགྱུར་རོ། །དེའི་སངས་རྒྱས་ཀྱི་ཞིང་དེ་ན་མི་ཁོམ་པ་བརྒྱད་མེད་དེ། དེ་བདུད་དང་ཕྱིར་རྒོལ་བ་བཅོམ་པ་དང་། གཞན་མུ་སྟེགས་ཅན་མེད་པ་དང་། བཻ་དཱུརྱ་ལས་གྲུབ་ལ་འཛམ་བུའི་ཆུ་བོའི་གསེར་གྱི་པད་མས་སྤྲས་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་རོ། །དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གསོལ་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་ལེགས་པར་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པའམ། ཀླན་ཀ་ཚོལ་བའམ། ཐོ་འཚམས་པའམ། བསྟིང་པའི་སླད་དུ་མཆིས་པ་གང་དག་ལྷགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་མཐོང་མ་ཐག་ཏུ་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་དྲག་པོ་འཐོབ་པར་འགྱུར་ལ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ངེས་པར་བཅོམ་ནས་དེ་བཞིན་གཤེགས་པ་ཉག་གཅིག་ལ་འདུད་ཅིང་། བཅོམ་ལྡན་འདས་ཉག་གཅིག་ལ་ཐལ་མོ་སྦྱར་བ་བཏུད་པ་དང་། བཅོམ་ལྡན་འདས་འདི་ལྟར་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་འདི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དྲག་པོས་མཆིས་ལ། ཆོས་འདི་ལྟ་བུ་འདི་ཐོས་ནས་བདག་ཉིད་ཆེན་པོ་འདི་ལྟ་བུ་ཐོབ་སྟེ། སེམས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས་པའི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་སྤང་བའི་སླད་དུ་ཆོས་སྟོན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚལ་བའི་སླད་དུ་དགེ་བའི་རྩ་བ་བསྐྱེད་ནས་དེས་ན་ད་ལྟར་འདི་ལྟ་བུའི་མངོན་པར་ཤེས་པ་མྱུར་ 56-101a བ་ཐོབ་པར་གྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ནི་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ལ་དགེ་བའི་རྩ་བ་བསྐྱེད་དོ། །དེ་ཕྱིན་ཆད་ཀྱང་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད། གྲངས་མེད་པ་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོ་བྱེད། མཆོད་པ་བྱེད་པར་འགྱུར་ཏེ། ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ། །སྲེད་མེད་ཀྱི་བུས་གསོལ་པ། བཅོམ་ལྡན་འདས་མི་དགེ་བའི་རྩ་བ་གང་གིས་ན་དེའི་བྱང་ཆུབ་ཀྱི་སེམས་མ་མཆིས་པར་གྱུར་ནས། དེས་ན་འདི་བརྩད་པའི་བསམ་པས་དེ་བཞིན་གཤེགས་པའི་སྤྱན་སྔར་མཆིས་ལ་འདི་ལྟ་བུའི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་དང་ལྡན་པར་གྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་ང་རྒྱལ་དང་། ཆོས་ལ་མ་གུས་པ་དང་། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོད་པ་དང་། ལོག་པའི་ཚིག་སྨྲ་བ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རྣལ་འབྱོར་སྤྱོད་པ་དག་དང་འདྲིས་པར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་པ་འདེབས་པ་དང་། ཆོས་རྣམས་ལ་སློབ་དཔོན་དཔེ་མཁྱུད་བྱེད་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ 56-101b ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྒྱུ་བྱེད་པ་དང་། སེམས་ཅན་རྣམས་ལ་གཡོས་སྟེན་པར་བྱེད་པ་དང་། དགེ་བའི་བཤེས་གཉེན་རྣམས་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཞེན་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། བདུད་ཀྱི་ལས་མ་རྟོགས་པ་དང་། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང་། ལྷག་པའི་བསམ་པ་སྟོབས་ཆུང་བ་དང་། ཤེས་རབ་དང་ཐབས་མེད་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་ཡང་གང་གི་ཕྱིར་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱི་བྱང་ཆུབ་ཀྱི་སེམས་བརྗེད་པར་གྱུར་པ་དེ་ཉོན་ཅིག །སྲེད་མེད་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་བསྟན་པ་གནས་པ་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནོར་བཟངས་ཞེས་བྱ་བ་ཞིག་བྱུང་སྟེ་དེ་བདུད་ཀྱིས་བསླུས་ནས་ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཏེ། དེ་བཞིན་གཤེགས་པའི་ཐད་དུ་མི་འགྲོ་བའི་སྟེང་དུ་ང་རྒྱལ་གྱིས་ཟིལ་གྱིས་ནོན་ནས་བྲམ་ཟེ་དང་ཁྱིམ་བདག་ཆོས་སྨྲ་བ་རྣམས་དང་། ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་ལ་ཞུགས་ཏེ། ཆོས་དང་ཆོས་སྨྲ་བ་རྣམས་ལ་ཡང་མ་གུས་པ་བསྐྱེད་དོ། །དེའི་ཚེ་དེ་ཉིད་ལ་ཆོས་ལྔ་དང་བྲལ་བར་གྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 56-102a པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དག་དང་། འབེལ་བའི་གཏམ་སྣ་ཚོགས་དྲི་བར་བྱ་བ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པོར་བྱ་བ་དང་བྲལ་བར་གྱུར་ནས་དེས་མི་དགེ་བའི་ཆོས་ནི་ཡོངས་སུ་བཟུང་ལ་བྱང་ཆུབ་ཀྱི་སེམས་ནི་ཡོངས་སུ་མ་བཟུང་སྟེ། སྲེད་མེད་ཀྱི་བུ་ཆོས་ལྔ་པོ་དེ་དག་དང་བྲལ་བར་གྱུར་ཏོ། །སྲེད་མེད་ཀྱི་བུ་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནོར་བཟངས་གང་ཡིན་པ་དེ་གཞན་ཞིག་ཡིན་པར་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་འདི་ཉིད་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནོར་བཟངས་སུ་གྱུར་ཏེ། ང་རྒྱལ་དེས་ན་དེའི་བྱང་ཆུབ་ཀྱི་སེམས་བརྗེད་དོ། །སྔོན་གྱི་དགེ་བའི་རྩ་བས་ཡོངས་སུ་བསྲུངས་པ་དང་། བྱང་ཆུབ་ཀྱི་སེམས་ཁོ་ནས་བསྐྱབས་པ་དེས་ནི་ངན་སོང་དག་ཏུ་མ་སྐྱེས་སོ། །དེ་ང་རྒྱལ་གྱིས་ཁེངས་ཏེ། ཚན་པོ་ཆེ་ཆེན་པོའི་ཤུགས་ཐོབ་ཀྱང་སངས་རྒྱས་ཀྱི་མཐུས་སངས་རྒྱས་མཐོང་བ་དང་མ་བྲལ་ལོ། །དེ་དེ་བཞིན་གཤེགས་པའི་སྟོབས་ཀྱི་ཤུགས་མ་བཟོད་དེ་འོངས་པ་ལས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཤུགས་ཐོས་ནས་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་ཡོངས་སུ་ཆད་དོ། །སྡིག་པ་མ་བྱས་པའི་ཕྱིར་ནི་དེ་བཞིན་གཤེགས་པ་མཐོང་ངོ་། །དེའི་སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བ་མངོན་དུ་བྱུང་སྟེ། དེས་ན་མངོན་པར་ཤེས་པ་མྱུར་ལ་བཟོད་པ་ཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་གང་བསྐྱེད་ན། དེས་ཁྱོད་ཀྱིས་བཟོད་པ་ཐོབ་པར་གྱུར། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། བདག་གིས་སོ་སོའི་སྐྱེ་བོའི་ཆོས་ཐམས་ཅད་བསྐྱེད་དོ། །སྲེད་མེད་ཀྱི་བུས་སྨྲས་པ། ཁྱོད་ཀྱིས་ཇི་ལྟར་བསྐྱེད། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། ཇི་ལྟར་འབྱུང་བ་མེད་པ་དང་། འཇིག་པ་མེད་པ་དེ་ལྟར་བསྐྱེད་དོ། །ཇི་ལྟར་མངོན་པར་ཞེན་པ་མེད་པ་ 56-102b དང་། སྐྱེ་བ་མེད་པ་དེ་ལྟར་བསྐྱེད་དོ། །སྲེད་མེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཁྱད་པར་ནི་ཅི་ཞིག་ཡོད། ཐ་དད་དུ་དབྱེ་བ་ནི་ཅི་ཞིག་ཡོད། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། མིང་ལ་ནི་ཐ་དད་དུ་དབྱེ་བ་ཡོད་ཀྱི་དོན་ལ་ནི་ཐ་དད་དུ་ནི་དབྱེ་བ་མེད་དོ། །སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟི་བརྗིད་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་དོན་གང་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། དེའི་དོན་ནི་མེད་པ་ལས་ཡོངས་སུ་བརྟགས་པ་དང་། རྣམ་པར་རྟོག་པ་མེད་པའོ། །སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟི་བརྗིད་དོན་གྱིས་ནི་ཅི་ཞིག་སེལ་བར་བྱེད། ཅི་ཞིག་ནི་སྒྲུབ་པར་བྱེད། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་དོན་གྱིས་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སེལ་བར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྒྲུབ་པར་བྱེད་དོ། །སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟི་བརྗིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་གང་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་ནི་གཉིས་སུ་དབྱེར་མེད་པའོ། །སྲེད་མེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །ཞེས་དེ་བཞིན་གཤེགས་པས་གསུངས་པ་དང་། ཡང་དག་པའི་ལྟ་བ་སྐྱེ་བ་ལ་ནི་རྒྱུ་གཉིས་དང་། རྐྱེན་གཉིས་ཡོད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་སྒྲ་དང་། རང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་ན། ཇི་ལྟར་ཚིག་འབྲུ་ཡང་དེ་ཉིད་ཡིན་ལ། དོན་ཀྱང་དེ་ཉིད་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་དོན་ལ་རྟོན་པའི་བྱང་ཆུབ་སེམས་དཔས་ནི་ཚིག་འབྲུ་ཕྲི་བ་ཡང་མེད་དོ། །ཡང་ཚིག་འབྲུ་དམིགས་སུ་མེད་པ་དེ་ནི་དོན་ཡིན་ལ། དོན་དེ་ཡང་བརྗོད་དུ་མེད་པའི་དོན་ཡིན་ནོ། །དོན་ལ་རྟོན་པ་ལ་ནི་ཆོས་ཀྱང་ཅི་ཡང་མེད་དོ། །དོན་ཀྱང་ཅི་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ་དང་། ཡ་མ་བརླ་དང་། ཡུལ་ན་མི་གནས་པ་དང་། ཕྱོགས་ན་མི་གནས་པ་དང་། གང་ཁོ་ན་ན་གནས་ 56-103a པ་དེ་ཁོ་ནར་འགགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་ནི་གཏན་དུ་འགོག་པའི་མཚན་ཉིད་དོ་ཞེས་གསུངས་ཏེ། སྲེད་མེད་ཀྱི་བུ་དེ་ལྟ་བས་ན་གང་དོན་ལ་རྟོན་པ་དེ་ནི་ཆོས་གང་ལས་ཀྱང་མི་འཕྲོ་རྣམ་པར་མི་འཕྲོའོ། །གང་མི་འཕྲོ་བ་རྣམ་པར་མི་འཕྲོ་བ་དེ་ནི་དོན་ཏོ། །སྲེད་མེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་གང་དོན་ལ་རྟོན་པ་དེ་ཆོས་ཐམས་ཅད་ལ་རྟོན་པའི་རྣམ་གྲངས་ཡོད་དམ། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་ཡོད་དེ། འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ། ཆོས་ཐམས་ཅད་ནི་དབེན་པ་སྟེ། དེ་དག་ནི་ཆོས་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ་དེ་ལ་རྟོན་ཏོ། །ཇི་ལྟར་དབེན་པ་དེ་ཁོ་ན་བཞིན་དུ་དེ་ལ་རྟོན་ཏོ། །སྲེད་མེད་ཀྱི་བུ་དེ་ལྟར་ན་གང་དོན་ལ་རྟོན་པ་དེ་ནི་ཆོས་ཐམས་ཅད་ལ་རྟོན་ཏོ། །སྲེད་མེད་ཀྱི་བུས་སྨྲས་པ། དྲི་མ་མེད་པའི་གཟི་བརྗིད་དེ་ལྟ་བས་ན་ཆོས་ཐམས་ཅད་ཉིད་རྟོན་པ་ཡིན་ནོ། །དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། སྲེད་མེད་ཀྱི་བུ་དེ་ནི་དེ་བཞིན་ནོ། །ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། ཆོས་ཐམས་ཅད་ནི་དོན་དམ་པ་ལ་རྟོན་པ་ཡིན་ནོ། །དོན་དམ་པ་ནི་དེ་དག་གི་སྒོ་ཡིན་ཏེ། དོན་དམ་པར་དེ་དག་བཙལ་བར་བྱ་བ་ཡིན་ནོ། །ཇི་ལྟར་ཆོས་ཀྱང་མི་བསྒྲུབ། ཆོས་མ་ཡིན་པའང་མི་བསྒྲུབ་པ་དེ་ལྟར་དེ་དག་བཙལ་བར་བྱའོ། །གཉིས་སུ་མེད་པ་བཙལ་བ་ནི་འཕགས་པ་རྣམས་ཀྱི་བཙལ་བ་ཡིན་ནོ། །བཙལ་བ་དེ་ནི་བྱེད་པ་མེད་པའོ། །བཙལ་བ་དེ་ནི་བྱ་བ་མ་ཡིན། རྣམ་པར་བྱ་བ་མ་ཡིན་ནོ། །གང་གི་ཚེ་མི་བྱེད་ཅིང་རྣམ་པར་མི་བྱེད་པ་དེའི་ཚེ་བཙལ་བ་བྱས་པ་ཡིན་ནོ། །གལ་ཏེ་དོན་དང་འགལ་བར་མི་བྱེད་ན། བཙལ་བར་བྱ་བའི་འོས་ཡིན་ནོ། །དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་དོན་འདི་བསྟན་པ་ན་དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་གཟི་བརྗིད་ལ་གཞན་ཡང་འདི་སྐད་ཅེས་སྨྲས་ 56-103b སོ། །དྲི་མ་མེད་པའི་གཟི་བརྗིད་དེ་བཞིན་གཤེགས་པས་དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་མ་ཡིན་ཞེས་གསུངས་པ་དེ་ནི། སེམས་ཅན་འདི་དག་དོན་ལ་མི་མཁས་ཤིང་གཉིས་ལ་སྤྱོད་པ་དང་། ཚིག་འབྲུ་ལའང་མི་མཁས་པས་ཚིག་འབྲུ་ལ་སྒྲོ་འདོགས་ཤིང་དོན་མི་ཤེས་པའི་ཕྱིར་དེ་དག་ལ་དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་མ་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་དག་དོན་ལ་རྟོན་པས་ཚིག་འབྲུའི་རང་བཞིན་མཉམ་པ་ཉིད་དུ་རྟོགས་པས་ཚིག་འབྲུ་ལས་ཡང་དག་པར་འདའ་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བ་སྐྱེ་བ་ལ་ནི་རྒྱུ་གཉིས་དང་། རྐྱེན་གཉིས་ཡོད་དོ་ཞེས་དེ་སྐད་གསུངས་པ་དེ་ནི་འདི་ལྟར་ཆོས་འདུལ་བ་མ་ཐོས་པས་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་དེ་དག་འཁོར་བ་ལས་རྣམ་པར་མ་གྲོལ་བཞིན་དུ་རང་བཞིན་གྱིས་མངོན་པའི་ང་རྒྱལ་ཅན་ཡིན་ཏེ། རང་བཞིན་གྱིས་མངོན་པའི་ང་རྒྱལ་ཅན་དེ་དག་ཐོས་པ་མང་པོ་ལ་གཟུད་པའི་ཕྱིར་ཏེ། དེ་དག་གིས་ཆོས་ཐོས་ནས་གལ་ཏེ་ཚུལ་བཞིན་དུ་བསྒྲུབ་ན་ནི་དེ་དག་ཀྱང་ལྷག་པའི་ང་རྒྱལ་མེད་པར་འགྱུར་ཏེ། ལམ་ལ་གནས་པ་དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་པ་བྱེད་མི་འགྱུར། །ཐོས་པས་གནོད་པ་སྤང་བར་འགྱུར། །ཐོས་པས་མྱ་ངན་འདའ་བ་འཐོབ། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་དགེ་སློང་རྣལ་འབྱོར་སྤྱོད་པ་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་ཡིན། དྲི་མ་མེད་པའི་གཟི་བརྗིད་ཀྱིས་སྨྲས་པ། གང་དུ་ཡང་སྦྱོར་བ་མེད་ལ་འབྲལ་བར་ཡང་མི་བྱེད་ན། དེ་ལྟར་ན་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་ཡིན་ནོ། །སྲེད་མེད་ཀྱི་བུ་ཚུལ་བཞིན་དུ་སྦྱོར་བ་ཞེས་བྱ་བ་དེ་ནི་སྦྱོར་བ་མེད་པའི་ཚིག་བླ་དགས་སོ། །སྲེད་མེད་ཀྱི་བུ་གཞན་ཡང་གང་གི་ཚེ་དགེ་སློང་སྦྱོར་བར་མི་བྱེད་ན་ཉེས་པ་ཀུན་ནས་སློང་བར་མི་བྱེད། བདག་ཀུན་ནས་སློང་བར་མི་བྱེད་དེ། དེ་ནི་དེའི་ཚུལ་བཞིན་དུ་སྦྱོར་བའོ། །གང་གི་ཚེ་སྔོན་གྱིས་མཐའ་དང་ཕྱི་མའི་མཐའ་ལ་སོ་སོར་རྟོག་སྟེ། གང་ལ་སྨྲ་བ་དང་། གང་སྨྲ་བར་བྱ་བ་དང་། གང་ཡོངས་སུ་ 56-104a ཤེས་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་སྤང་བའི་ཕྱིར་སྨྲ་བ་དང་། གང་རྟོགས་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་བསྒོམ་པའི་ཕྱིར་སྨྲ་བ་དེ་དག་ཐམས་ཅད་འདས་པའི་རྒྱུས་འཐོབ་པ་མ་ཡིན། མ་འོངས་པའི་རྒྱུས་འཐོབ་པ་མ་ཡིན། ད་ལྟར་བྱུང་བའི་རྒྱུས་འཐོབ་པ་མ་ཡིན་པ་འདི་ནི་ཚུལ་བཞིན་དུ་སྦྱོར་བ་ཞེས་བྱའོ། །གང་གི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་འགགས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་དུ་མཐོང་བ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ཞི་བ་དང་། རང་བཞིན་གྱིས་སྙོམས་པར་ཞུགས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་དུ་མཐོང་བ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་གཏན་དུ་མ་སྐྱེས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་དུ་མཐོང་བ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་གཏན་དུ་མ་སྐྱེས་པ་དང་། གཏན་དུ་མ་བྱུང་བ་དང་། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་བ་དང་། གང་གིས་མཐོང་བ་དང་། གང་མཐོང་བ་དེ་ཡང་མི་མཐོང་བ་དང་། ཇི་ལྟར་མི་མཐོང་བ་དང་། རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ན་ཚུལ་བཞིན་དུ་མཐོང་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །གལ་ཏེ་བསྟན་ནམ་བསྟན་པ་ན་དེ་ལྟར་བསྟན་པར་བྱའོ། །ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ལ་ཡང་རྨོངས་པ་མེད་དོ། །ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ལ་ཡང་སྒྲིབ་པ་མེད་དོ། །ཚུལ་བཞིན་དུ་བརྩོན་པ་ནི་གང་དུ་ཡང་བཅིངས་པ་ཡང་མེད་གྲོལ་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་དུ་བརྩོན་པ་ནི་ཆོས་གང་ཡང་སྤང་བའམ། འབྲལ་བར་བྱ་བའི་ཕྱིར་འབད་པ་མེད་དོ། །གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་དེའི་ཡང་དག་པར་ལྟ་བ་ཡིན་ནོ། །ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ། མཐོང་བ་མེད་པ་ཁོ་ནའོ། །མཐོང་བ་མེད་པ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི་ཚིག་བླ་དགས་སོ། །མ་སྐྱེས་པ་ཞེས་བྱ་བ་དེ་ནི་མ་བྱུང་བའི་ཚིག་བླ་དགས་སོ། ། 56-104b མ་བྱུང་བ་ཞེས་བྱ་བ་དེ་ནི་མ་མཐོང་བའི་ཚིག་བླ་དགས་ཏེ། ངས་དེ་ལས་དགོངས་ནས་ཚིག་འདི་སྐད་དུ་ཆོས་ཐམས་ཅད་མ་སྐྱེས་མ་མཐོང་ན་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །འདི་ནི་ཡང་དག་པའི་ལྟ་བ་སྟེ། འདི་ལྟ་སྟེ། ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པའོ། །ཅིའི་ཕྱིར་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱ་ཞེ་ན། བདག་མཉམ་པ་གང་ཡིན་པ་དེ་ནི་བདག་མེད་པའི་མཉམ་པའོ། །བདག་མེད་པའི་མཉམ་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་སྟེ། དེ་བས་ན་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་འདི་ལྟ་བུའི་མཚན་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་ཤེས་ཤིང་ཐོས་ལ་ཡིད་ཆེས་ཤིང་མོས་སུ་ལགས་ཀྱང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དེ་དག་ནི་ཐབས་མཁས་པ་དེ་དང་ལྡན་པས་སེམས་བསྐྱེད་པ་ཐམས་ཅད་ལ་ཆོས་བཞིས་ཡོངས་སུ་སྒོ་བར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། སངས་རྒྱས་འབྱུང་བས་ཆོས་ཀྱི་ཚུལ་རྒྱུན་མི་འཆད་པར་བྱ་བ་སྟེ། སྲེད་མེད་ཀྱི་བུ་ཆོས་བཞི་པོ་དེ་དག་གིས་ཆོས་ཐམས་ཅད་ཡོངས་སུ་སྒོ་བར་བྱེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་ཤིང་ཐོས་ལ་ཡིད་ཆེས་ཤིང་མོས་སུ་ཟིན་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །དེས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཆོས་འདུལ་བ་འདི་ཤེས་ཏེ། ཤེས་ཤིང་མཐོང་ལ་ངེས་པ་ནི་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེས་ 56-105a སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ངེས་པར་ལྟུང་བར་འགྱུར་རོ་ཞེས་དེ་སྐད་གསུངས་པའི་བྱང་ཆུབ་སེམས་དཔའི་སྐྱོན་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྐྱོན་གང་ཡིན་པའི་ལྟ་བར་གྱུར་པ་ཡང་ཅི་ཡང་མེད་ལ་རྣམ་པར་རྟོག་པ་ཡང་ཅི་ཡང་མེད་མོད་ཀྱི། འོན་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་དམིགས་པ་བྱས་ནས་སེམས་ཅན་ཐམས་ཅད་ལ་མ་དམིགས། སངས་རྒྱས་ཀྱི་རིགས་ལ་མ་དམིགས། ཆོས་དང་དགེ་འདུན་གྱི་རིགས་ལ་མ་དམིགས། ཐེག་པ་ཆེན་པོ་ལ་མ་དམིགས་ཏེ། ཐམས་ཅད་མཁྱེན་པ་ཡལ་བར་བོར་ནས་མི་ལྟ་བ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་པ་དང་། འདུས་བྱས་ཐམས་ཅད་ལ་སྐྱོ་བས་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་འཇུག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ལ་དམིགས་པ་བྱས་ཏེ། དཀོན་མཆོག་གསུམ་གྱི་རིགས་ལ་དམིགས་པ་བྱས་ཞིང་ཐེག་པ་ཆེན་པོ་ལ་དམིགས་པ་བྱས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟའོ། །ཆོས་ཐམས་ཅད་མཚན་ཉིད་གཅིག་པར་ཤེས་ཀྱང་སྐྱོན་མེད་པ་ལ་འཇུག་པར་མི་བྱེད། སེམས་ཅན་ལ་ལྟ་བའི་ཕྱིར་བསམ་གཏན་ཡང་འདྲིས་པར་བྱེད་ལ། ཉན་ཐོས་ཀྱི་སྐྱོན་མེད་པར་ཡང་མི་ལྟུང་སྟེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱོན་ཡང་མེད་ལ། སྐྱོན་མེད་པ་ལ་ཡང་འཇུག་པར་མི་བྱེད་པ་དེ་ལྟར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་དེ་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་མཆིས་པ་ནི་ངོ་མཚར་ལགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་ 56-105b གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདིའི་སྐབས་སུ་བཀའ་མཆིད་ཀྱི་རྒྱུད་ཅི་ཡང་མི་མཆི་ལགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསོད་ནམས་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་མི་བྱེད་དོ། །རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པ་དང་། མཐོ་རིས་འདོད་པ་དང་། ལོངས་སྤྱོད་འདོད་པ་དང་། འཁོར་འདོད་པ་དང་། གྲགས་པ་དང་། སྙན་པ་དང་། བསྔགས་པ་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་མི་བྱེད་དོ། །སྲེད་མེད་ཀྱི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཏུ་སྤྱོད་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་འདོད་པ་དང་། ཡང་དག་པ་མ་ཡིན་པའི་ཉོན་མོངས་པ་རབ་ཏུ་ཞི་བར་འདོད་པ་དང་། བདག་གི་སྡུག་བསྔལ་དང་འདྲ་བར་འདོད་པ་དང་། ལན་དུ་ཕན་འདོགས་པ་མི་འདོད་པའི་ཕྱིར་བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ། །རིགས་ཀྱི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་དང་སེམས་ལ་མི་ལྟ་བ་དང་། ཡོངས་སུ་འཛིན་པ་མེད་པ་དང་། མི་འཕྲོགས་པ་དང་། ལྷག་པར་ཞེན་པ་མེད་པ་དང་། མཚན་མ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། མི་ལྡོག་པ་དང་། མི་ལྡོག་པའི་ཆོས་ཅན་དང་། ཡང་དག་པར་རྟོག་པར་མི་བྱེད་པ་དང་། བསྐྱོད་དུ་མེད་པ་དང་། རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པ་དང་། གཅིག་ཏུ་དཔའ་བ་དང་། ཐུབ་པ་མེད་པ་དང་། གོང་བ་མེད་པ་དང་། མི་སྐྲག་པ་དང་། མི་འཇིགས་པ་དང་། ཀུན་ཏུ་རབ་ཏུ་མི་འཇིགས་པ་དང་། མ་ཁེངས་པ་དང་། མ་དུད་པ་དང་། བརྟན་པ་དང་། མི་ 56-106a གཡོ་བ་ཐོབ་པ་དང་། དབེན་པ་ལས་སྐྱེས་པ་དང་། དོན་གཅིག་པ་དང་། ཚུལ་གཅིག་པ་དང་། གཅིག་ཏུ་ཆད་པ་དང་། ཚུལ་གཅིག་ལ་ཞུགས་པ་དང་། གཅིག་ཏུ་ངེས་པར་བརྩོན་པ་དང་། སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པ་དང་། གཅིག་ཏུ་འདོད་པ་དང་། དེ་ཉིད་འདོད་པ་རྣམས་ནི་བྱང་ཆུབ་ཏུ་སྤྱོད་པར་བྱེད་དོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན། སྨྲས་པ། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་དེ་ཟད་པའི་ཕྱིར་དང་། སྐྱེ་བའི་ཕྱིར་དང་། མི་ཟད་པའི་ཕྱིར་དང་། མི་སྐྱེ་བའི་ཕྱིར་མི་སྤྱོད་དེ། གཏན་དུ་ཟད་པ་དང་། ཟད་པ་མེད་པའི་ཕྱིར་རློམ་སེམས་སུ་མི་བྱེད་ལ། གཏན་དུ་མི་སྐྱེ་བ་ཡང་འཁྲུག་པར་མི་བྱེད་དེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདས་པའི་སེམས་ཟད་དོ། །ཞེས་སྤྱོད་པར་མི་བྱེད། མ་འོངས་པའི་སེམས་མ་ཕྱིན་ཏོ་ཞེས་སྤྱོད་པར་མི་བྱེད། ད་ལྟར་བྱུང་བའི་སེམས་མི་གནས་སོ་ཞེས་སྤྱོད་པར་མི་བྱེད་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་རྣམས་ལ་ཆགས་པར་མི་བྱེད་དེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ། །ཚུལ་ཁྲིམས་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ། །བཟོད་པ་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ། །བརྩོན་འགྲུས་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ། །བསམ་གཏན་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ། །ཤེས་རབ་དང་། བྱང་ཆུབ་དང་། སེམས་ཅན་རྣམས་དང་། དེ་བཞིན་ 56-106b གཤེགས་པ་འདི་ལ་གཉིས་སུ་མེད་པར་སྤྱོད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ལ། སྤྱོད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱང་འཁྲུག་པར་མི་བྱེད་ན་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྤྱད་པ་ལ་སྤྱོད་པ་ཞེས་བྱའོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་སྟོང་ཞེས་མི་སྤྱོད་དེ། གཟུགས་ཉིད་སྟོང་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་མི་སྤྱོད་དེ། རྣམ་པར་ཤེས་པ་ཉིད་སྟོང་པའོ། །གཟུགས་ནི་སྟོང་པ་ཉིད་ཀྱིས་ཟད་པར་མི་བྱེད་དེ། གཟུགས་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གཏན་དུ་ཟད་པ་ཁོ་ནའོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟད་པར་མི་བྱེད་དེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་ཤེས་པ་གཏན་དུ་ཟད་པ་ཁོ་ནའོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཟད་པ་ཁོ་ནས་ཟད་པ་ཡིན་ཏེ། གཟུགས་ཟད་པས་ཆོས་ཐམས་ཅད་ཟད་པ་མ་ཡིན་ནོ། །ཚོར་བ་ཟད་པ་དང་། འདུ་ཤེས་ཟད་པ་དང་། འདུ་བྱེད་རྣམས་ཟད་པ་དང་། རྣམ་པར་ཤེས་པ་ཟད་པས་ཆོས་ཐམས་ཅད་ཟད་པ་མ་ཡིན་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤང་བའི་ཕྱིར་ཡང་འབད་པར་མི་བྱེད་ལ། སངས་རྒྱས་ཀྱི་ཆོས་རྣམས་བསྐྱེད་པའི་ཕྱིར་ཡང་སྤྱོད་པར་མི་བྱེད་དོ། །འཁོར་བ་ལས་ཡང་དག་པར་འདའ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པར་མི་བྱེད་དོ། །མི་དགེ་བའི་ཆོས་ཡོངས་སུ་འགྲུབ་པར་ཡང་མི་མཐོང་ལ། དགེ་བའི་ཆོས་ཡང་དག་པར་འགྲུབ་པ་ཡང་མི་མཐོང་ངོ་། །ཤེས་བྱ་ལ་མ་གཏོགས་པར་ཤེས་པ་ཡང་ཡང་དག་པར་མི་མཐོང་སྟེ། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པར་སྤྱོད་པ་ལ་མོས་པ་ཡིན་ཏེ། སྲེད་མེད་ཀྱི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ 56-107a གྱི་ཁམས་ཚད་མེད་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པར་ཡང་མོས་ལ། སེམས་ཅན་གྱི་ཁམས་ཀྱང་ཟད་པར་མི་བྱེད་ཅིང་ཆུད་གཟན་པའི་ཕྱིར་ཡང་སྤྱོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་དེ་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་མཚན་ཉིད་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱང་འཕེལ་བ་ཡང་མེད། ཡོངས་སུ་འགྲིབ་པ་ཡང་མེད་ལ། སེམས་ཅན་གྱི་ཁམས་ཀྱང་འཕེལ་བ་ཡང་མེད། ཡོངས་སུ་འགྲིབ་པ་ཡང་མེད་དོ། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་སེམས་ཅན་གྱིས་ཁམས་ཀྱི་མཚན་ཉིད་ཀྱང་དེ་ཉིད་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་ནས། ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཟད་པའི་ཕྱིར་ཡང་མི་སྤྱོད། འཕེལ་བའི་ཕྱིར་ཡང་མི་སྤྱོད་དོ། །འདི་ལ་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་ལས་བྱུང་བ་དང་། ཕྱིན་ཅི་ལོག་ལས་བྱུང་བ་དང་། རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་ཉོན་མོངས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྤྱོད་ཀྱི། འཁོར་བའི་གནོད་པ་གཞིག་པའི་ཕྱིར་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་གཞིག་པའི་ཕྱིར་སྤྱོད་པར་མི་བྱེད་དེ། སྲེད་མེད་ཀྱི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། །། བམ་པོ་བཞི་པ་སྟེ་ཐ་མ། འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད་པའི་ལེའུའི་ཆོས་བསྟན་པ་འདི་བཤད་པ་ན་ཐེག་པ་ཆེན་པོ་ལ་ཡང་དག་ཞུགས་པའི་ལྷའི་བུ་བཅུ་དྲུག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ནས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་བྱ་བ་དང་། ཡོངས་སུ་གཟུང་བའི་ཕྱིར་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་སེམས་ཅན་གང་དག་ལགས་པ་དེ་དག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་ལགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་བདུད་བྲལ་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་ 56-107b སེམས་དཔའ་ཆེན་པོས་ཇི་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་སྤོབས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁྱོད་ཀྱིས་དེའི་དུས་ལ་དབབ་པར་ཤེས་ན་སྤོབས་པར་གྱིས་ཤིག །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ལ་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བདུད་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སློབ་པ་དང་མི་སློབ་པ་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐམས་ཅད་ལ་བསླབ་དགོས་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་ལྷའི་བུ་བདུད་བྲལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་སྤྱོད་པ་འདི་ལ་ཇི་ལྟར་སྤྱད་པར་བྱ། ལྷའི་བུས་སྨྲས་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་བསླབ་པར་བྱ་སྟེ། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་པོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་སྤྱོད་པ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་དང་། ཞེ་སྡང་སྤྱོད་པ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་དང་། ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཉི་ཁྲི་ཆིག་སྟོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྤྱོད་པ་དེ་ལ་ཡང་འཇུག་པར་བྱ་སྟེ། དེས་འདོད་ཆགས་སྤྱོད་པ་ལ་སྤྱད་པར་བྱ་ཞིང་འདོད་ཆགས་དང་བྲལ་བར་ཡང་བྱའོ། །ཞེ་སྡང་སྤྱོད་པ་ལ་སྤྱད་པར་བྱ་ཞིང་། ཞེ་སྡང་དང་བྲལ་བར་ཡང་བྱའོ། །གཏི་མུག་སྤྱོད་པ་ལ་སྤྱད་པར་བྱ་ཞིང་གཏི་མུག་དང་བྲལ་བར་ཡང་བྱའོ། །ཉེས་པ་ཐམས་ཅད་སྤྱོད་པ་ལ་སྤྱད་པར་བྱ་ཞིང་། ཉེས་པ་ཐམས་ཅད་དང་བྲལ་བར་ཡང་བྱའོ། །བྱང་ཆུབ་སེམས་དཔའ་གང་སྤྱད་པ་ 56-108a ཐམས་ཅད་ལ་ཡང་སྤྱོད་ལ། སྤྱོད་པ་ཐམས་ཅད་ཀྱིས་ཀྱང་མི་གོས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་པ་ཐམས་ཅད་ཀྱང་འགྲུབ་པར་སྣང་བའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་སྨྲས་པ། ལྷའི་བུ་ཇི་ལྟར་ན་བདུད་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། ལྷའི་བུས་སྨྲས་པ། བྱང་ཆུབ་སེམས་དཔས་ནི་སེམས་ཀྱི་འཇུག་པ་རྣམས་ལས་བདུད་ཐམས་ཅད་ཀྱི་སྤྱོད་པ་བལྟ་བར་བྱ་སྟེ། བདུད་ཀྱི་ལས་བྱུང་ངོ་ཅོག་གི་དབང་དུ་ཡང་འགྲོ་བར་མི་བྱའོ། །བདུད་ཀྱི་ལས་ཀྱི་ཉིང་མཚམས་སྦྱོར་བར་ཡང་མི་བྱའོ། །སྤྱོད་པ་ཐམས་ཅད་ལ་འཇུག་པ་ལ་ཡང་སྦྱོར་བར་བྱའོ། །བདུད་གཅིག་ཏུ་ངེས་པར་ཡང་བསྟན་པར་བྱ་སྟེ། དེའི་དབང་དུ་འགྲོ་བར་ཡང་མི་བྱའོ། །དེས་བདུད་ཀྱི་རྣམ་པར་སྨིན་པ་ལ་ཡང་བསླབ་པར་བྱ་སྟེ། བདུད་ཀྱི་ལས་དང་འབྲལ་བར་ཡང་བྱའོ། །སྨྲས་པ། ལྷའི་བུ་ཇི་ལྟར་ན་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། སྨྲས་པ། རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་སྤྱོད་པ་ཐམས་ཅད་ངོ་བོ་ཉིད་མེད་པའི་སྤྱོད་པ་དང་། རྣམ་པར་སྨིན་པ་མེད་པའི་སྤྱོད་པ་དང་། གནས་པ་མེད་པའི་སྤྱོད་པ་དང་། འཕོ་བ་མེད་པའི་སྤྱོད་པ་དང་། སྐྱེ་བ་མེད་པའི་སྤྱོད་པ་ལ་མོས་པ་རྣམས་ལ་སྦྱོར་བར་བྱའོ། །དེ་ནས་ལྷའི་བུ་བདུད་བྲལ་གྱིས་བསྟན་པ་འདི་བཤད་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་གི་སྤོབས་པ་ནི་དེ་ཙམ་དུ་བས་ཀྱིས། སྤྱོད་པ་བཤད་པ་འདི་ལས་བརྩམས་ཏེ་རྒྱས་པར་ཁྱོད་སྤོབས་པར་མཛོད་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་དེ་ནི་མིག་དང་གཟུགས་ཀྱི་ཡུལ་དུ་བགྲང་བ་མ་ཡིན་ནོ། །རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་ཆོས་ཀྱི་ཡུལ་དུ་བགྲང་བ་མ་ཡིན་ཏེ། ལྷའི་བུ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་ཅི་ནས་སྐྱེས་བུ་ 56-108b དམ་པ་དེ་དག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱོད་པ་གང་ལ་སྤྱོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་མཉེས་པར་མི་བྱེད་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཇི་ལྟར་སྤྱད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡང་དག་པར་སྟོང་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ལྟ་བ་འགའ་ཞིག་ལ་མངོན་པར་ཞེན་ཏེ། ཐ་ན་སངས་རྒྱས་ཀྱི་ཆོས་དང་། མྱ་ངན་ལས་འདས་པའི་ལྟ་བ་ལ་མངོན་པར་ཞེན་ན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སླུ་བ་ཡིན་ནོ། །ལྷའི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡང་དག་པར་མཚན་མ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་འགའ་ཞིག་མཚན་མར་བྱེད་དམ། མཚན་མ་དང་འགྲོགས་པར་བྱེད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་སླུ་བ་ཡིན་ནོ། །དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡང་དག་པར་སྨོན་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། ཡོད་པ་མ་ཡིན་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འཐོན་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། མ་འོངས་པ་དང་། མ་སོང་བ་དང་། མི་གནས་པ་དང་། རང་བཞིན་གྱིས་ཡོངས་སུ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་སམ། ཆོས་ཀྱི་ངོ་བོ་ཉིད་འགའ་ཞིག་ལ་དམིགས་པར་བྱེད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སླུ་བ་ཡིན་ནོ། །ལྷའི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་ལྟ་བར་གྱུར་པ་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་འདུ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་མཚན་མ་མེད་པར་ 56-109a ཡང་དག་པར་འདུ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་སྨོན་པ་མེད་པར་ཡང་དག་པར་འདུ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་ཁམས་གསུམ་ལས་ཡང་དག་པར་འདས་པར་ཤེས་ནས་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང་། ཡོད་པ་མ་ཡིན་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འཐོན་པ་དང་། མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། མ་འོངས་པ་དང་། མ་སོང་བ་དང་། མི་གནས་པ་དང་། རང་བཞིན་གྱིས་ཡོངས་སུ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་ཤེས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མི་སླུ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ཏེ། ལུང་བསྟན་པ་ཡང་མྱུར་དུ་ཐོབ་པར་འགྱུར་རོ། །འཇམ་དཔལ་ངས་མངོན་པར་ཤེས་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་སྔོན་རོལ་དུ་དཀར་པོའི་སྤྱོད་པ་གང་ལ་ངས་མ་སྤྱད་པ་ཅི་ཡང་མེད་དེ། འོན་ཀྱང་ངས་ལུང་བསྟན་པ་མ་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངས་མཚན་མ་དང་བཅས་པར་སྤྱད་པ་དང་། རྩོལ་བ་དང་བཅས་པར་སྤྱད་པ་དང་། དམིགས་པ་དང་བཅས་པར་སྤྱད་པའི་ཕྱིར་རོ། །གང་གི་ཚེ་ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་བའི་ཚེ་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་དེའི་སྤྱོད་པ་མཐོང་བ་ངས་ཐོབ་པར་གྱུར་ཅིང་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ཡང་རྟོགས་ཏེ། དེ་ནས་གདོད་མ་འོངས་པའི་དུས་ན་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་ལུང་བསྟན་ཏོ། །དེ་ཉིད་ཀྱི་ཚེ་ངས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཡང་ 56-109b ཐོབ་བོ། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འདོད་པ་རྣམས་ཀྱིས་སྤྱོད་པའི་ལེའུ་འདི་ལ་དམིགས་སུ་མེད་པ་དང་། རྩོལ་བ་མེད་པའི་ཆོས་ལ་མོས་པ་དང་། །རྣམ་པར་གྲོལ་བ་ལ་སྦྱོར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཐོབ་པར་བགྱི་བའི་སླད་དུ་བཟོད་པ་བརྙེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐོབ་པར་བྱ་བའི་ཕྱིར་བཟོད་པ་ཐོབ་སྟེ། དེ་ཡང་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བཟོད་པ་ཐོབ་བོ། །འཇམ་དཔལ་བཟོད་པ་ཐོབ་ཅེས་བྱ་བ་དེ་ནི་མི་ཟད་པའི་ཆོས་ཉིད་དེ་ཐོབ་པའོ། །འཇམ་དཔལ་བཟོད་པ་ཐོབ་ཅེས་བྱ་བ་དེ་ནི་ཡང་དག་པ་ཉིད་ཀྱི་ཚིག་བླ་དགས་སོ། །འཇམ་དཔལ་བཟོད་པ་ཐོབ་པ་དེ་ལ་ནི་འཇིག་རྟེན་གྱི་ཆོས་རྣམས་ཀུན་ཏུ་སྤྱོད་པ་མེད་དོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སློབ་པའི་ཆོས་རྣམས་དང་། མི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀུན་ཏུ་སྤྱོད་པ་མེད་དོ། །ཆོས་ཐམས་ཅད་ཀུན་ཏུ་མི་སྤྱོད་པས་ན་དེའི་ཕྱིར་དེ་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །བཟོད་པ་དེ་ནི་ཆོས་ཐམས་ཅད་ཀྱི་མཚན་མ་དང་། དམིགས་པ་རྣམས་ཀྱི་སྒོ་ནས་སྐད་ཅིག་པ་མ་ཡིན་ཏེ། དེ་བས་ན་བཟོད་པ་ཞེས་བྱའོ། །བཟོད་པ་འདི་ལ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དུ་བགྲང་བ་ཅི་ཡང་མེད་དོ། །རློམ་སེམས་སུ་བྱ་བ་ཡང་མེད་དོ། །ཟད་པ་ཡང་མེད་དེ། བཟོད་པ་དེ་ལ་ནི་ཟད་པ་ཡང་མེད་དོ། །བཟོད་པ་དེ་ལ་ནི་ཡུལ་ཡང་མེད་དོ། །བཟོད་པ་དེ་ལ་ནི་ཡུལ་དང་བྲལ་བ་ཡང་མེད་དེ། དེ་བས་ན་བཟོད་པ་ཞེས་བྱའོ། །བཟོད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཚིག་འདི་སྐད་དུ་བདག་ཅག་གིས་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་གནས་ 56-110a པར་འགྱུར་བའི་བྱ་བ་བྱས་སོ། །དཔེ་མེད་པའི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཟབ་མོའི་གནས་ཐམས་ཅད་གུས་པར་མཉན་པར་བྱའོ། །བསྒོམ་པར་བྱའོ། །ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཟབ་མོ་འདི་དག་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་མ་བྱས་པ་དང་། མ་བསྒྱུར་བར་ཤེས་ན་སྲེད་མེད་ཀྱི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པར་ཤེས་པ་དང་། བྱས་པ་ལ་མི་འགྱོད་པ་དང་། མ་བྱས་པ་ལ་ཡང་རྨོངས་པ་མེད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །བྱ་བ་ལ་ཡང་སྦྱོར་བ་དང་། བྱས་པ་ལ་བྱས་པ་མི་གཟོ་བ་ལས་བྱས་པ་གཟོ་བར་བྱེད་པ་དང་། བཀུར་སྟི་བྱས་པ་དང་། བཀུར་སྟི་མ་བྱས་པས་ཀྱང་སྲོ་སོས་པ་དང་། སྲོ་ཤི་བར་མི་འགྱུར་བ་དང་། བྱེད་པ་པོ་དང་། ཚོར་བ་པོ་ཡང་མི་དམིགས་ལ། ཡོངས་སུ་སྦྱང་བ་ཡང་བྱས་པ་དང་། སྦྱིན་པ་ཡང་སྦྱིན་ཞིང་། དེ་ཡང་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ་ཡོངས་སུ་སྦྱང་བ་ཡང་བྱས་པ་དང་། སྦྱིན་པ་དང་། བྱང་ཆུབ་དང་། བདག་དང་། ཕ་རོལ་ཀྱང་མི་དམིགས་ལ། ཡོངས་སུ་སྦྱང་བ་ཡང་བྱས་པ་དང་། ཚུལ་ཁྲིམས་ཀྱང་སྲུང་བར་བྱེད། བཟོད་པ་ཡང་སྒོམ་པར་བྱེད། བརྩོན་འགྲུས་ཀྱང་རྩོམ་པར་བྱེད། བསམ་གཏན་ཡང་སྟེན་པར་བྱེད། ཤེས་རབ་ཀྱང་སྒོམ་པར་བྱེད་ཅིང་བྱང་ཆུབ་ཏུ་ཡང་ཡོངས་སུ་སྔོ་བར་བྱེད་ལ། ཤེས་རབ་དེ་ཡང་དམིགས་པར་མི་བྱེད། བྱང་ཆུབ་དང་། བདག་དང་། ཕ་རོལ་ཡང་དམིགས་པར་མི་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཡོངས་སུ་སྦྱང་བ་བྱས་ 56-110b པ་ཡིན་པར་རིག་པར་བྱའོ། །ལུས་དང་ངག་དང་ཡིད་ཀྱི་དགེ་བ་རྣམས་མི་དམིགས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་ཚོགས་ལ་མཁས་པ་མི་དམིགས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་འགྲུས་བརྟན་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པ་ལ་སྤོབས་སོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེའི་དུས་ལ་ད་བབ་པར་ཤེས་ན་སྤོབས་པར་གྱིས་ཤིག །བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་བརྟན་གྱིས་སྨྲས་པ། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔས་ཐ་ན་སེམས་ཅན་གཅིག་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱེད་ན་ཡང་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །གང་གི་ཟས་ཟ་བའམ། གང་ལས་ལེན་པར་བྱེད་པའམ། གང་ལ་སྦྱིན་པར་བྱེད་པ་དེ་དག་བྱང་ཆུབ་ལ་འཛུད་པར་བྱེད་ན། གཉིས་ཀ་ལ་བྱང་ཆུབ་སེམས་དཔའི་ཡོན་དག་པར་འགྱུར་རོ། །ཆོས་སྒྲུབ་པ་ལ་བཙུད་ན་ཡང་སྦྱིན་པ་པོ་དང་། ལེན་པ་པོ་གཉིས་ཀ་ལ་བྱང་ཆུབ་སེམས་དཔའི་ཡོན་དག་པར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་དག་ལ་སངས་རྒྱས་ཀྱི་སྒྲ་སྒྲོགས་པར་བྱེད་ཅིང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་སྒྲོགས་པར་བྱེད་ལ། བདག་ཉིད་ཀྱང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་བཞིན་དུ་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་ཡིད་ལ་བྱེད་དམ། གཞན་དག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲོགས་པར་བྱེད་ཅིང་། སེམས་ཅན་རྣམས་ལ་སེམས་པར་བྱེད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་དེ་དག་དང་ཐུན་མོང་དུ་བྱས་ནས། བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ 56-111a ཡིན་ཏེ། དེའི་ཚེ་ཟས་ལོངས་སྤྱོད་པའི་འོས་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་བཟོད་པ་སྒོམ་པ་ན། ཆོམ་རྐུན་པ་རྣམས་དང་། རིགས་ངན་ཡན་ཆད་ཀྱིས་སྤྱོས་ཤིང་བརྒྱད་བཀག་ཀྱང་འཁྲུག་པར་མི་འགྱུར། གནོད་སེམས་མི་བྱེད་དེ། སེམས་ཅན་དེ་དག་ཉིད་ཀྱི་དགའ་བ་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་ཞིང་། སྟོབས་དང་། བརྩོན་འགྲུས་དང་། མཐུ་ཆེན་པོ་སྐྱེད་པར་བྱེད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དབྱིག་བྱེ་བ་ཕྲག་བརྒྱའམ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དབྱིག་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་བྱིན་ཏེ། བྲིད་ན་ཡང་ཤེས་བཞིན་དུ་བརྫུན་དུ་མི་སྨྲ་ལ། གཞན་དག་གིས་ཆོས་དྲིས་ན་ཡང་གཟིང་གཟིང་བའི་ཚིག་མི་སྨྲ་ཞིང་། ཆོས་ལ་སྐུར་པ་བཏབ་ནས། ཆོས་མ་ཡིན་པར་སྨྲ་བར་མི་བྱེད་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞག་བདུན་གྱི་བར་དུ་ཟན་ཆད་ནས་ཁ་ཟས་བསྟབས་ན་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འབའ་ཞིག་དེ་ལ་མངོན་དུ་འགྱུར་ཞིང་། སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བར་བྱ་བ་འབའ་ཞིག་གི་ཕྱིར་དེ་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཉན་པའི་ཕྱིར་ས་གཞི་མཚོན་ཆ་གཏམས་པའམ། མེས་གང་བ་རྒལ་ཏེ་འགྲོ་བར་བྱེད་ལ། ལུས་ཕངས་པའམ། སྲོག་ཕངས་པར་མི་བྱེད་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་རྙེད་པར་སླའི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྙེད་པར་དཀའོ། །ཆོས་སྟོན་པ་ནི་རྙེད་པར་དཀའོ། །ཆོས་ལ་གུས་པའི་སེམས་ཅན་དག་ཀྱང་རྙེད་པར་དཀའོ། །སྙམ་དུ་དེ་ལྟར་ཡང་སློབ་སྟེ། གལ་ཏེ་དེ་ལྟ་བུར་འཛིན་པ་ལ་ཞུགས་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་ 56-111b པར་བྱའོ། །འཇམ་དཔལ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གམ། སྡོམ་པའམ། ཆོས་ཀྱི་གདམས་ངག་གིས་ནི་ཆེས་ཡི་རངས་པར་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱིས་ནི་ཡི་རངས་པར་མི་འགྱུར་བ་དང་། །སེམས་ཅན་གཅིག་ལ་ཡང་ཚིག་བཞི་པའི་ཚིགས་སུ་བཅད་པ་བསྒྲགས་པས་ནི་ཆེས་ཡི་རངས་པར་འགྱུར་ལ། བརྒྱ་བྱིན་དུ་འགྱུར་བ་ཐོབ་པས་ནི་དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཁྱི་ལ་སྦྱིན་པ་བྱེད་པས་ནི་ཆེས་ཡི་རངས་པར་འགྱུར་ལ། ཚངས་པར་འགྱུར་བ་ཐོབ་པས་ནི་མ་ཡིན་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཐོས་པ་ལ་གནས་པའི་རྙེད་པ་གཅིག་ཅིག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་ནི་ཆེས་ཡི་རངས་པར་འགྱུར་ལ། ནོར་གྱི་ཕུང་པོ་དཔག་ཏུ་མེད་པས་ནི་དེ་ལྟ་མ་ཡིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ནི་ཆེས་ཡི་རངས་པར་འགྱུར་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བས་ནི་དེ་ལྟ་མ་ཡིན་པ་དང་། དགེ་བའི་རྩ་བ་གཅིག་ཅིག་སེམས་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས། བྱང་ཆུབ་ཏུ་དམིགས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཡོངས་སུ་བསྔོས་པས་ནི་ཆེས་ཡི་རངས་པར་འགྱུར་ལ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་ནི་ཡི་རངས་པར་མི་འགྱུར་ཏེ། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཐོས་པ་མང་པོ་བཙལ་བའི་ཕྱིར་མཐུ་རྩལ་བརྟན་པོར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཡན་ལག་དང་། 56-112a ཉིང་ལག་ཡོངས་སུ་གཏང་བས་མཐུ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་འཇིག་རྟེན་གྱི་ཆོས་རྣམས་དང་དུ་ལེན་པར་སྤྲོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་སྲོག་གི་ཕྱིར་ཡང་བསླབ་པ་ཡོངས་སུ་མི་གཏང་བས་སྤྱོད་པ་ལ་བློ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ངན་དུ་སྨྲས་པའི་ཚིག་དང་དུ་ལེན་པའི་ངང་ཚུལ་ཅན་གྱིས་བཟོད་པའི་སྟོབས་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོངས་སུ་གཟུང་བས་ལེ་ལོ་མེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བས་རྩེ་གཅིག་ཏུ་བྱའོ། །བྱང་ཆུབ་སེམས་དཔས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བཙལ་བས་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་རང་གི་དོན་ལ་བརྩོན་པ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐབས་དབྱེ་བའི་ཕྱིར་མི་འཕྲོགས་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་རིགས་མི་འཆད་པར་བྱ་བའི་ཕྱིར་དམ་བཅས་པ་ལ་བརྟན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ལུས་དང་ངག་དང་ཡིད་དྲང་པོ་ཡོངས་སུ་དག་པས་གཡོ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་སྐྱབས་སུ་འོངས་པ་ཡོངས་སུ་བསྐྱབ་པའི་ཕྱིར་ཤིན་ཏུ་དཀར་བའི་ཕྱོགས་གཅིག་ཏུ་ངེས་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ལུས་དང་སྲོག་ལ་མ་ཆགས་པས་མི་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཚུར་ཤོག་འོངས་པ་ལེགས་སོ་ཞེས་སྨྲ་བས་འཇམ་པོར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཁྲོ་གཉེར་མེད་པའི་བཞིན་གྱིས་གསོང་པོར་སྨྲ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པས་ས་དང་འདྲ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་འགྲོགས་ན་བདེ་བས་དེས་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་འཐུན་པར་འཛིན་པས་བཀའ་བློ་བདེ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ལ་འདུད་པས་ང་རྒྱལ་ 56-112b གཞོམ་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ང་རྒྱལ་བཅག་པས་ཁྱི་དང་འདྲ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་སྔོན་དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་སླུ་བ་མེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མངོན་པར་བརྩོན་པས་སྙིང་རྗེ་ཆེན་པོ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཆོས་དང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་སེམས་དགའ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་འདོད་པའི་ཡོན་ཏན་གྱི་དགའ་བ་དང་རྩེ་བ་ཐམས་ཅད་ལ་མི་ལྟ་བས་བཏང་སྙོམས་སུ་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་རང་གི་ལུས་དང་སྲོག་ཡོངས་སུ་གཏོང་བས་སེར་སྣ་མེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཡོངས་སུ་གཟུང་བའི་དངོས་པོ་རྣམས་ལ་བདག་གིར་འཛིན་པ་མེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཡོངས་སུ་རྟོག་པ་དང་ལྟ་བར་གྱུར་པ་ཐམས་ཅད་དོར་བའི་སེམས་སུ་བྱའོ། །བྱང་ཆུབ་སེམས་དཔས་ནི་ནོར་བདུན་གྱི་ནོར་ཆེན་པོས་ཕྱུག་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སྒྲུབ་པ་ལ་གནས་པས་བརྟན་པ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་ཚོལ་བས་ཆོག་མི་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཡོངས་སུ་རྫོགས་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་བདུད་བཞི་ལས་རྣམ་པར་རྒྱལ་བས་དཔའ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱ་བ་ལ་མཁས་པས་སྨན་པའི་རྒྱལ་པོར་བྱའོ། །བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་ཡོན་གནས་སུ་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་བསོད་ནམས་ཀྱི་ཞིང་དུ་བྱའོ། །བྱང་ཆུབ་སེམས་དཔས་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་འདམ་གྱིས་མི་གོས་པས་པད་མ་ལྟ་བུར་བྱའོ། །བྱང་ཆུབ་ 56-113a སེམས་དཔས་ནི་སེམས་ཅན་ཐམས་ཅད་སྒྲོལ་བས་གྲུ་དང་འདྲ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་རབ་དང་འབྲིང་དང་ཐ་མ་ལ་མི་བརྙས་པས་ཟམ་པ་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་དམ་པའི་ཆོས་ཀྱི་ཆུ་མི་ཟད་པའི་བསམ་པས་ཆུ་མིག་དང་། མཚོ་དང་། མཚོ་བྲན་དང་། མཚེའུ་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཐོས་པ་ལ་རྩེ་གཅིག་པས་ཆོག་མི་ཤེས་པས་རྒྱ་མཚོ་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་བསྐྱོད་དུ་མེད་པས་ལྷུན་པོ་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་སྒོའི་ཐེམ་པའི་རྟེན་ལྟ་བུས་ཤིན་ཏུ་བརྟན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ལྷག་པར་ཆགས་པ་མེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཡོངས་སུ་སྒྱུར་བ་ལ་མཁས་པས་དབང་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་རྒྱ་ཆེན་པོ་ལ་མོས་པས་རྒྱལ་པོ་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱིས་བསྟེན་པའི་འོས་སུ་གྱུར་པས་བརྒྱ་བྱིན་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་ཀྱི་བདག་པོ་བྱེད་པས་ཚངས་པ་ལྟ་བུར་བྱའོ། །བྱང་ཆུབ་སེམས་དཔས་ནི་གཏན་དུ་བདེ་བའི་མྱ་ངན་ལས་འདས་པ་ལ་འགོད་པས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དངོས་པོ་བསྟབས་པས་ཕ་མ་དང་འདྲ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀྱིས་མ་ཉམས་མ་སྨས་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་མཛའ་བཤེས་དང་དགྲ་རྣམས་ལ་སེམས་སྙོམས་པས་ཞེ་འགྲས་པ་མེད་པར་བྱའོ། །བྱང་ཆུབ་སེམས་དཔས་ནི་སྐྱེ་བའི་གནས་ཐམས་ཅད་ལ་ཡིད་བརྟན་པར་མི་བྱའོ། །བྱང་ཆུབ་སེམས་དཔས་ནི་ལྷུག་པར་གཏོང་བས་ཆོས་ཀྱི་སྦྱིན་བདག་བྱའོ། །བྱང་ཆུབ་སེམས་དཔས་ནི་བག་ཡོད་པས་རྒྱགས་པ་དང་། བག་མེད་པ་ཐམས་ཅད་དང་བྲལ་བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚོལ་བ་དང་། སྤྱོད་པ་དང་། སྡོམ་པ་དང་། བསླབ་པ་དང་། བརྩོན་ 56-113b འགྲུས་རྣམས་ལ་བག་ཡོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་བརྟན་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གནས་པ་ལ་མཁས་པ་འདི་ཁྱོད་ཀྱིས་ལེགས་པར་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ནི་བསོད་ནམས་མ་ཡིན་པ་ཐམས་ཅད་དང་བྲལ་བར་བྱ་བ་དང་། བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའི་རྣམ་པ་ནི་གང་དག་ལགས། རྟག་ནི་གང་དག་ལགས། མཚན་མ་ནི་གང་དག་ལགས། ཡོན་ཏན་ནི་གང་དག་ལགས། ཕན་ཡོན་ནི་གང་དག་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་མི་ཁོམ་པ་བརྒྱད་ལས་ལོག་པས་ན་ངན་སོང་དང་བྲལ་བ་ཡིན་ནོ། །བསམས་པ་ཙམ་གྱིས་ཐམས་ཅད་འགྲུབ་པས་ན་དབུལ་བ་ཐམས་ཅད་ཡང་དག་པར་ཆད་པ་ཡང་ཡིན་ནོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པས་ན་དབང་པོ་ཚང་བ་ཡང་ཡིན་ནོ། །མི་ཟད་པའི་ཆོས་ཉིད་ཀྱིས་ན་སྤོབས་པ་ཐོབ་པ་ཡང་ཡིན་ནོ། །བརྗེད་ངས་པ་མེད་པས་ན་གཟུངས་ཐོབ་པ་ཡང་ཡིན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བས་ན་བསོད་ནམས་ཐམས་ཅད་ཀྱིས་མཐོ་བ་ཡང་ཡིན་ནོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་གི་དབང་ཐོབ་པས་ན་སེམས་ཅན་ཐམས་ཅད་ཀྱི་མཆོད་པའི་གནས་ཀྱི་དབང་བསྐུར་བ་ཐོབ་པ་ཡང་ཡིན་ནོ། །མངོན་པར་ཤེས་པ་མ་ཉམས་པས་ན་མངོན་པར་ཤེས་པ་ཐོབ་པ་ཡང་ 56-114a ཡིན་ནོ། །སྐྱེ་བའི་གནས་ཐམས་ཅད་དུ་དབང་ཐོབ་པ་ཡང་ཡིན་ནོ། །ཆོས་ཀྱི་ནོར་ཐམས་ཅད་རྣམ་པར་འཕེལ་བས་ན་ཐབས་ཀྱིས་མཛོད་མི་ཟད་པ་ཡང་ཡིན་ནོ། །སྡིག་པའི་ལྟ་བ་དང་བྲལ་བས་ན་ཤེས་རབ་ཀྱིས་ཀུན་ཏུ་ལྟ་བ་ཡང་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདོད་པ་མེད་པ་ཡང་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་འདུལ་བ་པོ་ཡང་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དབང་པོ་ལ་མཁས་པ་ཡང་ཡིན་ནོ། །བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་རྣམ་པར་རྩེ་བ་ཡང་ཡིན་ནོ། །གཏོང་བ་ལ་མོས་པས་ན་མ་བསྟན་པའི་སྦྱིན་པ་དང་ལྡན་པ་ཡང་ཡིན་ནོ། །སྡོམ་པ་གསུམ་ཡོངས་སུ་དག་པས་ན་མ་བསྟན་པའི་ཚུལ་ཁྲིམས་ཅན་ཡང་ཡིན་ནོ། །སེམས་ཀྱི་རྒྱུད་ལ་བྱམས་པ་མངོན་པར་བསྒྲུབས་པས་ན་བཟོད་པ་དཔག་ཏུ་མེད་པ་དང་ལྡན་པ་ཡང་ཡིན་ནོ། །ཡིད་སྐྱོ་བ་མེད་པས་ན་སེམས་ཅན་ཐམས་ཅད་ལ་བརྩོན་འགྲུས་རྩོམ་པ་ཡང་ཡིན་ནོ། །དབེན་པ་ལ་མོས་པས་ན་བསམ་གཏན་གྱི་ཕ་རོལ་ཏུ་སོན་པ་ཡང་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་ཡང་སྐྱེ་བར་འགྱུར་རོ། །སྒྲ་དང་སྒྲ་མ་ཡིན་པ་སོ་སོར་བརྟག་པ་ལ་མཁས་པས་ན་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམ་པར་དག་པ་དང་ལྡན་པ་ཡང་ཡིན་ནོ། །ཡ་ང་བའི་ལམ་ཡོངས་སུ་སྤངས་པས་ན་མིག་དང་ལྡན་པ་ཡང་ཡིན་ནོ། །ཆོས་ཉིད་དང་སངས་རྒྱས་མཐོང་བ་དང་ཡང་མ་བྲལ་བ་ཡིན་ནོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པའི་སྒྲ་དང་ཡང་མ་བྲལ་བ་ཡིན་ནོ། །སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ཀྱང་འཛིན་ཏོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་མཐོང་བ་དང་ཡང་མི་འབྲལ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཐམས་ཅད་ཡོངས་སུ་འཛིན་པས་ན་ 56-114b སྒྲིབ་པ་མེད་པར་གྲོལ་བ་ཡང་ཡིན་ནོ། །བདུད་བཞི་སྤངས་པས་ན་བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཡང་ཡིན་ནོ། །ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན་པས་ན་ཟབ་མོ་བཟོད་པ་ཡང་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཀྱི་ཆོ་འཕྲུལ་གྱིས་ན་མངོན་པར་ཤེས་པ་མྱུར་བ་ཡང་ཡིན་ནོ། །དེ་ནི་མ་ཐོས་པའི་ཆོས་ཀྱི་རྒྱུན་ཀྱང་རྣམ་པར་རིག་པར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངས་སུ་དག་པ་རྒྱ་ཆེན་པོ་ཐམས་ཅད་ཡོངས་སུ་འཛིན་པས་ན་བསམ་པ་ཐམས་ཅད་དང་ལྡན་པ་ཡང་ཡིན་ནོ། །དེའི་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བ་ཐམས་ཅད་ཀྱང་ཕྱིར་ལོག་པ་ཡང་ཡིན་ནོ། །ལུས་དང་། གཟུགས་དང་། ལུས་ཀྱི་ངོ་བོ་ཐམས་ཅད་ཀུན་ཏུ་སྟོན་པས་ན་ཡིད་ལས་བྱུང་བའི་གནས་དང་། ལུས་ངེས་པ་ཡང་ཡིན་ནོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀྱང་མི་ཚུགས་པ་ཡང་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཡང་ཡིན་ནོ། །དམ་པའི་ཆོས་ཀུན་ཏུ་བསྲུང་བའི་ཕྱིར། ལུས་དང་སྲོག་ཡོངས་སུ་གཏོང་བ་ཡང་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་ཡང་སྟོན་ལ། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ། །འཁོར་གྱིས་བག་ཚ་བ་དང་། འཇིགས་པ་དང་བྲལ་བས་ན་མི་འཇིགས་པ་ཐོབ་པ་ཡང་ཡིན་ནོ། །བྱ་བ་ཐམས་ཅད་ཀྱང་ཤེས་པས་བྱེད་ཀྱི་ང་རྒྱལ་གྱིས་བྱེད་པ་མ་ཡིན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྣམ་པར་འཕྲུལ་པས་ན་བཀོད་པ་ཆེན་པོ་དང་ལྡན་པ་ཡང་ཡིན་ནོ། །གནོད་པ་ཐམས་ཅད་དང་བྲལ་བས་ན་མི་གཡོ་བའི་ཤུགས་ཐོབ་པ་ཡང་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཚིག་གིས་ཤིན་ཏུ་གོ་བར་བྱེད་པས་ན་སྒྲའི་ཚོགས་ཡོངས་སུ་དག་པ་ཡང་ཡིན་ནོ། །བདུད་ཀྱི་དཔུང་ཐམས་ཅད་འཇོམས་པས་ན་སེམས་དཔའ་བ་ཡང་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོ་བར་བྱེད་པས་ན། རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ། །དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་ཕུན་སུམ་ཚོགས་པས་ན་སོ་སོ་ཡང་དག་པར་ 56-115a རིག་པ་ཐོབ་པ་ཡང་ཡིན་ནོ། །བག་ཡོད་པས་ན་ཐོགས་པ་མེད་པའི་ཡེ་ཤེས་ལ་མོས་པ་ཡང་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྟོན་པས་ན། སངས་རྒྱས་ཀྱི་ཕྲིན་ལས་ལ་ཉེ་བར་གནས་པ་ཡང་ཡིན་ནོ། །སྲེད་མེད་ཀྱི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ལ་ངེས་པར་འགྱུར་བ་གང་ཡིན་པ་དེ་དག་གི་རྣམ་པ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །ཡོན་ཏན་དང་། ཕན་ཡོན་ནི་དེ་དག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཅི་ནས་ཏིང་ངེ་འཛིན་འདི་ཐོབ་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མ་མཆིས་པའི་ཡོན་ཏན་དང་། ཕན་ཡོན་གང་དག་ལགས་པ་འདི་དག་དང་ལྡན་པར་གྱུར་ཅིག །བཅོམ་ལྡན་འདས་སེམས་ཅན་གང་དག་ཏིང་ངེ་འཛིན་རིན་པོ་ཆེ་འདི་རྣ་ལམ་དུ་མི་ཐོས་པ་དང་། ཐོས་ན་ཡང་མོས་པར་མི་འགྱུར་བ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་དེ་དེ་བཞིན་ཏེ། ཁྱོད་ཚིག་ཇི་སྐད་ཟེར་བ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གང་དག་ཏིང་ངེ་འཛིན་འདིས་ངེས་པར་བྱུང་བ་རྣམས་དང་། ངེས་པར་འབྱུང་བ་རྣམས་དང་། ངེས་པར་འབྱུང་བར་འགྱུར་བ་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དང་། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ཆོས་གང་དག་ལ་སྦྱོར་བར་བྱ། འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ 56-115b སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ནི་སོ་སོ་སྐྱེ་བོའི་ཆོས་རྣམས་ཀྱང་ཆུད་མི་གཟན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འཐོབ་པར་མི་བྱ་བའི་ཕྱིར་སྦྱོར་བར་བྱའོ། །ཅི་ནས་ཆོས་དང་ཆོས་མ་ཡིན་པ་ལ་སྦྱོར་བར་ཡང་མི་བྱ། འབྲལ་བར་ཡང་མི་བྱ་བ་དེ་ལྟར་དེས་སྦྱོར་བར་བྱའོ། །ཅི་ནས་འཁོར་བའི་ཁོངས་སུ་ཡང་གཏོགས་ལ། འཁོར་བར་བྱ་བའི་ཕྱིར་ཡང་སློབ་པར་མི་བྱེད་པ་དང་། འཁོར་བའི་ཉེ་བའི་ཉོན་མོངས་པས་ཀྱང་ཉོན་མོངས་པར་མི་འགྱུར་བ་དང་། མྱ་ངན་ལས་འདའ་བའི་ཕྱིར་ཡང་སློབ་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་པ་དེ་ལྟར་དེས་སྦྱོར་བར་བྱའོ། །གཞན་ཡང་སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ནི། བསོད་ནམས་ཐམས་ཅད་ཡང་དག་པར་འབྱུང་བ་ལ་བསླབ་པར་བྱ་སྟེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བསོད་ནམས་དག་ལ་ཡང་རྣམ་པར་རྟོག་པ་བསྐྱེད་པར་མི་བྱའོ། །ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དག་ལ་ཡང་རྣམ་པར་རྟོག་པ་བསྐྱེད་པར་མི་བྱའོ། །དེས་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་བསོད་ནམས་ཐམས་ཅད་ལ་མོས་པར་བྱའོ། །དེས་བསོད་ནམས་དང་། མི་གཡོ་བའི་འདུ་བྱེད་རྣམས་ལ་མཚན་ཉིད་གཅིག་པར་འཇུག་པར་བྱའོ། །དེས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱང་འདི་དང་འདྲ་བར་བལྟ་བར་བྱ་སྟེ། འཁོར་བ་མེད་པར་ཉམས་སུ་མྱོང་བའི་ཕྱིར་རོ། །སངས་རྒྱས་གཅིག་གི་བསོད་ནམས་དང་། སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱང་འདྲ་བར་བལྟ་བར་བྱའོ། །འོན་ཀྱང་འདྲ་བ་དང་མི་འདྲ་བ་ཡང་ཅུང་ཟད་ཀྱང་བལྟ་བར་མི་བྱ་སྟེ། ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་བསོད་ 56-116a ནམས་གང་དག་ཡིན་པ་དང་། སློབ་པའི་བསོད་ནམས་གང་དག་ཡིན་པ་དང་། མི་སློབ་པའི་བསོད་ནམས་གང་དག་ཡིན་པ་དང་། རང་སངས་རྒྱས་ཀྱི་བསོད་ནམས་གང་དག་ཡིན་པ་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་གང་དག་ཡིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསོད་ནམས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ། དངོས་པོ་མེད་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ་ཡིན་པར་མོས་པར་བྱའོ། །བསོད་ནམས་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་དང་འབྲེལ་བར་མོས་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གཟུགས་གང་ཅིའང་རུང་བ་དེ་དག་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་པོ་དག་དང་། འབྱུང་བ་ཆེན་པོ་བཞི་པོ་རྒྱུར་བྱས་པའི་གཟུགས་ཞེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཀྱང་ཐམས་ཅད་དུ་འབྲེལ་བར་མོས་པར་བྱའོ། །བསོད་ནམས་ཀྱིས་རྒྱགས་པར་ཡང་མི་བྱ་སྟེ། རྟག་ཏུ་མི་ཟད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རིན་པོ་ཆེ་འདི་འཐོབ་པར་འདོད་པས་ནི་བསོད་ནམས་མི་ཟད་པ་དང་། ཚད་མེད་པ་རྣམ་པ་བཞིས་སྐྲག་པར་མི་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཚད་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཚད་མེད་པ་སྟེ། སྲེད་མེད་ཀྱི་བུ་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སྐྲག་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གྱིས་མི་ཁྱབ་པ་བཞི་ལ་མོས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལས་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པའི་ཡུལ་ཐ་དད་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ 56-116b རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བར་སྐྱེ་བ་ཡོངས་སུ་དག་པའི་ཡུལ་བསམ་གྱིས་མི་ཁྱབ་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གྱིས་མི་ཁྱབ་པ་བཞི་པོ་དེ་དག་ལ་མོས་པར་བྱའོ། །རིགས་ཀྱི་བུ་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔས་ནི་མི་ཟད་པ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་མི་ཟད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་མི་ཟད་པ་དང་། ཐོགས་པ་མེད་པའི་སྤོབས་པ་མི་ཟད་པ་དང་། བསོད་ནམས་དང་ཡེ་ཤེས་མི་ཟད་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔས་མི་ཟད་པ་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་བཞི་ལ་སྦྱོར་བར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བའི་ཚོགས་ཀྱིས་ཆོག་མི་ཤེས་པ་དང་། ཆོས་སྟོན་པས་ཆོག་མི་ཤེས་པ་དང་། ཡོངས་སུ་བསྔོ་བ་ཤིན་ཏུ་རྫོགས་པ་ལ་མཁས་པས་ཆོག་མི་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཐམས་ཅད་བདག་གི་ཞིང་དུ་འཇུག་པར་བྱ་བས་ཆོག་མི་ཤེས་པ་སྟེ། སྲེད་མེད་ཀྱི་བུ་བཞི་པོ་དེ་དག་ལ་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པའམ། རབ་ཏུ་བྱུང་བ་ཇི་ལྟ་བུ་དག་གི་ལག་ཏུ་འོང་བར་འགྱུར། གླེགས་བམ་དུ་བྱེད་པའམ། ཁ་ཏོན་དུ་བྱེད་པའམ། ངེས་པར་སེམས་པའི་བཟོད་པ་དང་ལྡན་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་རྣ་ལམ་དུ་ཐ་ན་ཏིང་ངེ་འཛིན་འདི་གྲག་པར་འགྱུར་བའམ། ལག་ཏུ་འོང་བའམ། གླེགས་བམ་དུ་བྱེད་པའམ། ཁ་ཏོན་དུ་བྱེད་ལ། དེ་ཡང་སྤོང་བར་མི་བྱེད་པ་དེ་དག་ནི་ཁྱིམ་ན་གནས་པ་ 56-117a ཞེས་ང་མི་སྨྲ་སྟེ། དེ་དག་ནི་རབ་ཏུ་བྱུང་བ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བརྩོན་པ་རྣམས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བར་འགྱུར་ཏེ། གནས་པ་གང་དང་གང་གིས་གནས་པ་དེ་དང་། དེས་བསོད་ནམས་དང་ཡེ་ཤེས་མི་ཟད་པ་ཐམས་ཅད་མི་སྤོང་ངོ་། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཁ་དོག་དང་། གཟུགས་སྣ་ཚོགས་སྟོན་ཏོ། །སྲེད་མེད་ཀྱི་བུ་གཞན་ཡང་དེ་དག་ནི་ཐམས་ཅད་དུ་ཡང་འབྲེལ་ལ། ཐམས་ཅད་དུ་ཡང་མ་གཏོགས་ཏེ། སྲེད་མེད་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཟླ་བ་དང་། ཉི་མ་འདི་གཉིས་ནི་ཐམས་ཅད་དུ་འབྲེལ་ཏེ། གླིང་བཞི་པོ་དག་ཏུ་ཡང་རྒྱུ་ལ་ཐམས་ཅད་དུ་ཡང་མ་གཏོགས་པ་དེ་བཞིན་དུ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་སྤྱོད་པ་ཐམས་ཅད་ལ་ཡང་མི་རྟེན་ལ། ཁྱིམ་གྱི་ས་ན་གནས་པ་ཡང་མ་ཡིན། ཁྱིམ་གྱི་ཆོས་ལ་ཡང་མི་རྟེན། རབ་ཏུ་བྱུང་བ་ཡང་མ་ཡིན། རབ་ཏུ་བྱུང་བ་ལ་ཡང་མི་གནས། དགེ་སྦྱོང་གི་ཆོས་ལ་ཡང་མི་རྟེན་ཏེ། དེ་དག་ནི་གཉིས་ཀའི་ཕྱོགས་སུ་བརྗོད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་སྐྱེ་བའི་གནས་ཐམས་ཅད་ལ་མི་རྟེན་པར་བལྟ་བར་བྱ་བའི་ཕྱིར་རོ། །སྲེད་མེད་ཀྱི་བུ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་བཻ་དཱུརྱ་ནི་སྣོད་གང་དང་གང་ན་གནས་ཀྱང་རུང་སྟེ། དེ་དང་དེ་ཉིད་ན་ནོར་བུ་རིན་པོ་ཆེའི་རང་བཞིན་མི་འདོར་བ་དེ་བཞིན་དུ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ན། ཁྱིམ་གྱི་ས་ན་གནས་པ་དེ་དག་ཀྱང་། རབ་ཏུ་བྱུང་བ་ཞེས་བརྗོད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ཡང་མི་འདོར་རོ། །དེ་སྐད་ཅེས་སྨྲས་ནས། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་ 56-117b སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་གང་གིས་གནས་ན། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ལས་ཡོངས་སུ་ཉམས་པར་མི་འགྱུར་ལ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཡང་འཐོབ་པར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་། སྲོག་ལ་ལྷག་པར་ཞེན་པ་མེད་པར་གནས་པ་ཡིན་ཏེ། དེ་དག་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པ་ལ་འཇུག་པས་གནས་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པ་འདོད་པ་ཡིན་ཏེ། གཡོ་བ་དང་། རློམ་སེམས་དང་། ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་མི་འཛིན་པར་གནས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་འདྲ་བར་ཐར་པ་ལ་གནས་པ་ཡིན་ཏེ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ལ་མི་དམིགས་པར་གནས་པའོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་བཞི་པོ་དེ་དག་ནི་གནས་པའི་མཆོག་དང་། རབ་དང་། རབ་མཆོག་ཡིན་ཏེ། བསོད་ནམས་ཀྱི་ཚོགས་མི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པར་འགྱུར་བ་ནས་ལྟ་བའི་རྣམ་པ་ཐམས་ཅད་སྤོང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་རྟོགས་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་པ་འདི་དག་ཐོབ་པར་འགྱུར་ཞིང་། ཁྱིམ་གྱི་གནས་ནས་ཀྱང་མངོན་པར་འབྱུང་བར་འགྱུར། འཇམ་ 56-118a དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ལ་གནས་པ་དང་། སྙིང་རྗེ་ལ་གནས་པ་དང་། དགའ་བ་ལ་གནས་པ་དང་། བཏང་སྙོམས་ལ་གནས་པ་སྟེ། སྲེད་མེད་ཀྱི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ནོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ཡང་རུང་སྟེ། གྲོང་ངམ། དགོན་པ་ན་གནས་ཀྱང་རུང་། གནས་པ་བཞི་པོ་དེ་དག་གིས་གནས་པ་དེ་ནི་གནས་པ་ལ་གནས་པ་ཞེས་བརྗོད་པར་བྱའོ། །གལ་ཏེ་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁྱམས་དང་། ཁང་པ་བརྩེགས་པ་དག་ན་གནས་སུ་ཟིན་ཀྱང་། གནས་པ་ན་གནས་པ་ཞེས་བརྗོད་པར་མི་བྱའོ། །སྲེད་མེད་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ཚངས་པའི་གནས་པ་བཞི་དང་བྲལ་བཞིན་དུ། བདག་ཉིད་གནས་པ་ལ་གནས་སོ་སྙམ་དུ་འཛིན་ན། དེ་ནི་བདག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སླུ་བ་ཡིན་ཏེ། ཡུལ་འཁོར་གྱི་བསོད་སྙོམས་ཟ་བ་ཡང་དོན་མེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཚངས་པར་སྤྱད་པ་སྤྱོད་པ་གང་དག་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚངས་པའི་གནས་པ་ཆེན་པོ་བཞིས་ངེས་པར་འབྱུང་ངོ་། །སྲེད་མེད་ཀྱི་བུ་དེ་བས་ན་ཚངས་པའི་གནས་པ་བཞི་པོ་རྣམས་དང་། འཕགས་པའི་བསམ་གཏན་འཐོབ་པ་ལ་མི་སྣང་བ་གང་དག་ཡིན་པ་དེ་དག་ནི་ཚངས་པར་སྤྱོད་པ་ལ་གནས་པ་ལས་ཐག་རིང་ལ། ང་རྒྱལ་མ་སྤངས་པའི་ཕྱིར་འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བས་རློམ་སེམས་སུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བྱམས་པ་ལ་གནས་པ་ཡིན། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་ཡིན། ཇི་ལྟར་ན་དགའ་བ་ལ་གནས་པ་ཡིན། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྲེད་མེད་ཀྱི་ 56-118b བུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ལྟར་གནས་པར་བྱེད་དེ། བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་སྙམ་དུ་སེམས་ན་བྱམས་པ་ལ་གནས་པ་ཡིན་ནོ། །བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་སེམས་ན་སྙིང་རྗེ་ལ་གནས་པ་ཡིན་ནོ། །བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལ་དགོད་པར་བྱའོ་སྙམ་དུ་སེམས་ན་དགའ་བ་ལ་གནས་པ་ཡིན་ནོ། །བདག་གིས་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་རྣམས་ལས་རྣམ་པར་གྲོལ་བར་བྱའོ་སྙམ་དུ་སེམས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལྟར་གནས་ན་བཏང་སྙོམས་ལ་གནས་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཆོས་ཀྱི་དབྱིངས་སྟོང་པ་ལ་མོས་པ་དེའི་ཚེ་བྱམས་པ་ལ་གནས་པ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་དབེན་པ་ལ་མོས་པ་དེའི་ཚེ་སྙིང་རྗེ་ལ་གནས་པ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་ཆགས་པ་མེད་པ་དང་། བཅིངས་པ་མེད་དང་། གྲོལ་བ་མེད་པར་མོས་པ་དེའི་ཚེ་དགའ་བ་ལ་གནས་པ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་སོང་བ་མེད་པ་དང་། འོང་བ་མེད་པ་ལ་མོས་པ་དེའི་ཚེ་བཏང་སྙོམས་ལ་གནས་པ་ཡིན་ཏེ། སྲེད་མེད་ཀྱི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཆོས་བདག་མེད་པས་མི་སྐྲག་པ་དེའི་ཚེ་བྱམས་པ་ལ་གནས་པ་ཡིན་ནོ། །གང་གི་ཚེ་ཆོས་ཐམས་ཅད་དབེན་པས་མི་སྐྲག་པ་དེའི་ཚེ་སྙིང་རྗེ་ལ་གནས་པ་ཡིན་ནོ། །གང་གི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པའི་ཆོས་ཉིད་ཀྱིས་མི་སྐྲག་པ་དེའི་ཚེ་དགའ་བ་ལ་གནས་པ་ཡིན་ནོ། །གང་གི་ཚེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་མི་ཟད་པའི་ཆོས་ཉིད་ཀྱིས་མི་སྐྲག་པ་དེའི་ཚེ་བཏང་སྙོམས་ལ་གནས་པ་ཡིན་ནོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱམས་པ་ནི་ཞེ་འགྲས་པ་མེད་པའི་མཚན་ཉིད་དོ། །སྙིང་རྗེ་ནི་ཀུན་ཏུ་སྤྱོད་པ་མེད་པའི་མཚན་ཉིད་དོ། ། 56-119a དགའ་བ་ནི་གནོད་སེམས་མེད་པའི་མཚན་ཉིད་དོ། །བཏང་སྙོམས་ནི་མ་ཁེངས་མ་དུད་པའི་མཚན་ཉིད་དོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱམས་པ་དང་སྙིང་རྗེ་ཡིན་ལ། བྱམས་པ་ཆེན་པོ་ཡང་མ་ཡིན། སྙིང་རྗེ་ཆེན་པོ་ཡང་མ་ཡིན་པ་ཡང་ཡོད་དེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །ཉན་ཐོས་དང་། རང་སངས་རྒྱས་ལ་ཡོད་པ་གང་ཡིན་པ་དེ་ནི། བྱམས་པ་དང་། སྙིང་རྗེ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་བྱ་བ་འདི་ནི། བྱམས་པ་དང་། སྙིང་རྗེ་ཡིན་གྱི། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མ་ཡིན་ནོ། །འོ་ན་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་གང་ཡིན་པ་དེ་ནི་བྱམས་པ་ཆེན་པོའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོའོ། །བདག་གི་བདེ་བ་སྤངས་ནས་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ནང་དུ་བསམས་བཞིན་དུ་སྲིད་པར་འགྲོ་བ་ལེན་པ་གང་ཡིན་པ་དེ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །བདག་གིས་སེམས་ཅན་འདི་དག་འཁོར་བའི་ལམ་ངན་པ་ལས་བསྒྲལ་ཏེ། ལམ་བཟང་པོར་དགོད་པར་བྱའོ་སྙམ་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སྲེད་མེད་ཀྱི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ནི་བྱམས་པ་དང་། སྙིང་རྗེ་ཡིན་ལ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ནི་མ་ཡིན་པ་ཡང་ཡོད་པ་དེ་ལྟར་རིག་པར་བྱའོ། །སྲེད་མེད་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་བྱའོ། །བསྟན་པ་འདི་བཤད་པ་ན། སྲོག་ཆགས་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚིག་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བཤད་པ་གང་ 56-119b ལགས་པའི་གནས་པ་འདི་དག་གིས་གནས་པར་བགྱིའོ་ཞེས་ཀྱང་གསོལ་ཏོ། །བྱང་ཆུབ་སེམས་དཔའ་བརྒྱད་ཁྲིས་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་བོ། །སྲོག་ཆགས་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ཞེས་བགྱི་བ་དེ་ལ། བསོད་ནམས་ཇི་ལྟ་བུ་དག་གིས་དེ་བཞིན་གཤེགས་པའི་བསོད་ནམས་བརྒྱའི་མཚན་རྣམས་མངོན་པར་གྲུབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གཅིག་ཏུ་བསྡོམས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་གཅིག་ལ་ཡོད་དོ། །སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བསྡམས་པ་ནི། ཚངས་པ་གཅིག་ལ་ཡོད་དོ། །སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ 56-120a ཅད་ཀྱི་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གཅིག་ཏུ་བསྡམས་པ་ནི་ཉན་ཐོས་གཅིག་ལ་ཡོད་དོ། །སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གཅིག་ཏུ་བསྡམས་པ་ནི། རང་སངས་རྒྱས་གཅིག་ལ་ཡོད་དོ། །སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་རིལ་གྱིས་བསྡམས་པ་དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཅེས་བྱ་བ་འདི་ཐོབ་པར་འགྱུར་རོ། །སྲེད་མེད་ཀྱི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཀྱིས་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བསྡམས་པས་ནི་ནན་གྱིས་དཔེར་བྱ་ན་གཏན་པ་མེད་པའི་མཆོད་སྦྱིན་གཅིག་འགྲུབ་པར་འགྱུར་རོ། །སྲེད་མེད་ཀྱི་བུ་དེ་ལྟ་བུའི་མཆོད་སྦྱིན་དང་། མཆོད་སྦྱིན་གྱི་འབྲས་བུའི་བསོད་ནམས་ཀྱི་ཕུང་པོ་དེ་དག་བརྒྱ་འགྱུར་དུ་བསྒྲེས་པས་ནི་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་པར་འགྱུར་ཏེ། དེས་ན་དེ་བཞིན་གཤེགས་པ་བསོད་ནམས་བརྒྱའི་མཚན་དང་ལྡན་པ་ཞེས་བྱའོ། །ཐབས་དེ་ལྟ་ 56-120b བུའི་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བར་དུ་མངོན་པར་འགྲུབ་སྟེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་བསམ་པར་མི་ནུས་སོ། །དེས་ན་དེ་བཞིན་གཤེགས་པ་བསོད་ནམས་བསམ་གྱིས་མི་ཁྱབ་པའི་མཚན་དང་ལྡན་པ་ཞེས་བྱའོ། །བསོད་ནམས་བརྒྱའི་མཚན་བསྟན་པ་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ། །སིལ་སྙན་འབུམ་ཡང་མ་བརྡུངས་པར་འཁྲོལ་བར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་བོ། །ལྷ་དང་བཅས་པའི་འཇིག་རྟེན་ཡང་ངོ་མཚར་དུ་གྱུར་ཏེ། ཅ་ཅོ་དང་ག་ཞའི་སྒྲ་བཏོན་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་ཚིག་འདི་སྐད་དུ་སེམས་ཅན་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །བསོད་ནམས་བརྒྱའི་མཚན་འདི་ལྟ་བུ་དང་ལྡན་པར་འགྱུར་བ་དེ་དག་གིས་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་ནོན་ལགས་སོ། །ཏིང་ངེ་འཛིན་རིན་པོ་ཆེ་འདི་སེམས་ཅན་གང་དག་གི་རྣ་ལམ་དུ་གྲག་པའམ། ཐོས་ནས་ཀྱང་མ་ནོར་བར་བསྒྲུབ་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །ས་ཕྱོགས་གང་ན་ཏིང་ངེ་འཛིན་འདི་སྤྱོད་པ་དེ་དག་ཀྱང་སྐལ་བ་དང་ལྡན་པ་ལགས་སོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཏིང་ངེ་འཛིན་རིན་པོ་ཆེ་འདི་རྒྱས་པར་ཡང་དག་པར་སྟོན་པ་དེ་དག་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པར་རིག་པར་བགྱིའོ། །གང་དུ་ཏིང་ངེ་འཛིན་གྱི་ཆོས་ཀྱི་རྣམ་གྲངས་འདི་རྣ་ལམ་དུ་གྲགས་པར་འགྱུར་བ་དེར་ནི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཞུགས་ཀྱིས་གཏམས་པ་ལ་ཡང་འབོགས་ཏེ། ཏིང་ངེ་འཛིན་འདི་མཉན་པའི་སླད་དུ་མཆི་བར་བགྱིའོ་ཞེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ 56-121a ནི་དེ་བཞིན་ཏེ། ཁྱེད་ཇི་སྐད་ཟེར་བ་བཞིན་ནོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཏིང་ངེ་འཛིན་འདི་མི་ཉན་པ་དང་། མི་འཆང་བ་དང་མི་ཀློག་པ་དང་ཀུན་ཆུབ་པར་མི་བྱེད་པ་དང་། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་མི་སྟོན་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་གཞན་དག་ལ་རྒྱས་པར་ཡང་དག་པར་མི་སྟོན་པ་དེ་དག་ལ་ནི་མང་དུ་ཐོས་པ་ཞེས་ང་མི་སྨྲའོ། །དེ་ནས་ལྷའི་བུ་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སླད་མའི་དུས་ན་སྤྱོད་པ་དང་རྒྱས་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཕྱུང་སྟེ། འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སྣང་བར་བྱས་སོ། །འོད་དེ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་སྒྲ་ཡང་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་རིང་པོ་མི་ཐོགས་པར་ཟླ་བ་གསུམ་འདས་པ་ན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་བསྟན་པའི་བར་གྱི་ཕྱིར་ཁྱོད་ལ་གཏད་དོ། །ཀུན་དགའ་བོ་སེམས་ཅན་གང་དག་སུ་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འཆང་བར་བྱེད་པ་དེ་དག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལ་སྒྲུབ་པར་བྱེད་ན་དེ་ནི་སངས་རྒྱས་མཐོང་བ་ཡིན་ལ་གཞན་དག་ལ་བརྗོད་ཅིང་སྟོན་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ངུས་ཏེ་མཆི་མ་ཕྱིས་ནས། བཅོམ་ལྡན་ 56-121b འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བཞུགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག །སྨྲེ་སྔགས་མ་འདོན་ཅིག །ཀུན་དགའ་བོ་ཁྱོད་ཡུན་ཇི་སྲིད་དུ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། སྟོན་པར་བྱེད་པ་དེ་སྲིད་དུ་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་གཟུགས་དང་། མཚན་དང་། དཔེ་བྱད་དུ་བལྟ་བ་མ་ཡིན་ཏེ། ཀུན་དགའ་བོ་ཇི་སྲིད་དུ་ཇི་སྐད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་དག་མཐོང་བ་དེ་ཉིད་སངས་རྒྱས་མཐོང་བ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་དང་། ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷའི་བུ་མང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙ་ཝརྨ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།  
63-177a The Sūtra Gathering All Fragments ༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་བི་ད་ལྱ་སཾ་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང་། ལྷ་དྲུག་ཁྲི་དང་། དགེ་བསྙེན་སྟོང་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་སྟེ། འདི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དབྱར་གནས་ཤིང་བཞུགས་པའི་ཐ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རྣམ་པ་ཇི་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དར་གྱི་ལྡ་ལྡི་བྲེས་པས་བརྒྱན་པ་དང་། པོག་ཕོར་གྱིས་བརྒྱན་ཅིང་བདུག་པས་བདུགས་པ་དང་། མེ་ཏོག་སིལ་མས་ཆལ་པར་གང་བ་དང་། པད་མ་འདབ་མ་སྟོང་ཕྲག་བརྒྱ་པས་ཁེབས་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་བྱེ་བ་ཕྲག་སྟོང་ཇི་སྙེད་ཡོད་པའི་ཚངས་པ་དེ་དག་རེ་རེ་ཞིང་ཡང་གཡོག་འཁོར་བྱེ་བ་ཕྲག་སྟོང་དང་། 63-177b བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་དབང་ཕྱུག་རྣམས་དང་། དབང་ཕྱུག་ཆེན་པོ་རྣམས་དང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ནམ་མཁའ་ལྡིང་གི་དབང་པོ་རྣམས་དང་། མི་འམ་ཅིའི་དབང་པོ་རྣམས་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་གཡོག་འཁོར་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་ཇི་སྙེད་པ་དེ་དག་ཀྱང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོ་མན་ཆད། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་དག་གིས་གང་བར་མ་གྱུར་པ་ནི། ཐ་ན་འཁར་བའི་རྩེ་མོ་གཟུགས་པའི་ཕྱོགས་ཙམ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བཞེངས་ནས་ཀྱང་འཁོར་ལ་ལན་གསུམ་གཟིགས་སོ། །འཁོར་ལ་གཟིགས་ནས་ཀྱང་སེང་གེའི་བསྒྱིངས་པ་ཆེན་པོ་ལན་གསུམ་མཛད་དོ། །བསྒྱིངས་ 63-178a ནས་ཀྱང་ལྗགས་ཀྱི་དབང་པོ་ལན་གསུམ་ཕྱུང་ངོ་། །ལྗགས་ཀྱི་དབང་པོ་ལན་གསུམ་ཕྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད་ཅིང་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེས་ཁྱབ་པར་མཛད་ནས་ཡང་རྣམ་པར་གཟིགས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འཁོད་པར་ཡང་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། མི་ཕམ་པ་དེ་བཞིན་གཤེགས་པ་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས་འདི་ནི་ཁྱེད་དེ་བཞིན་གཤེགས་པ་ལ་ཡོངས་སུ་དྲི་བའི་དུས་ཡིན་ནོ། །འདི་ནི་ཚོད་ཡིན་ནོ། །ཁྱེད་གང་སུ་དག་ཆོས་ལ་ཐེ་ཚོམ་ཡོད་པ་དེ་དག་དེ་བཞིན་གཤེགས་པ་ལ་ཡོངས་སུ་མ་ཞུས་ན་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པའི་ཚེ་བདག་ཅག་གིས་མ་ཞུས་པ་ག་ལ་སྲིད་ཅེས་ཕྱིས་འགྱོད་པར་གྱུར་ཏ་རེ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་མཁས་པ། བཅོམ་ལྡན་འདས་ཉིད་དུས་མཁྱེན་པ། ཚོད་མཁྱེན་པ། རན་པ་མཁྱེན་པ། བཅོམ་ལྡན་འདས་ཉིད་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་སྟེ། ཆོས་ཐམས་ཅད་རྟོགས་པར་ཐུགས་སུ་ཆུད་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་རྣམ་པ་ཇི་ལྟ་བུས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པར་འགྱུར་བ། དེ་ལྟ་བུར་ཆོས་ལེགས་པར་བསྟན་དུ་གསོལ། དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོ་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་ཕྲག་བརྒྱད་ཅུའི་གཡོག་འཁོར་དང་ལྡན་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ 63-178b ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ན་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་དུ་གསོལ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། མི་ཕམ་པ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མ་གསུངས་པ་དེ་མི་བཞུགས་སོ། །མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བ་གང་ཆོས་ཀྱི་རྣམ་གྲངས་འདི་གསུང་བར་མི་འགྱུར་བ་གང་ཡང་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཆོས་འདི་ལ་སྦྱང་བ་མ་བྱས་པར་ཆོས་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། ཆོས་སྤོང་བ་ཡིན། དགེ་འདུན་ལ་སྨོད་པ་ཡིན་ནོ། །སུ་དཀོན་མཆོག་གསུམ་ལ་ལོག་པར་ཞུགས་པ་དེ་ནི་ངས་ངན་སོང་བ་སེམས་ཅན་དམྱལ་བ་པར་གསུངས་སོ། །བྱམས་པ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་གང་དག་བདག་ལ་འཁྲུལ་པ་མེད་པར་འདོད་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་ཁོང་དུ་ཆུད་པར་བྱས་ལ་དེ་ནས་གདོད་ཆོས་བསྟན་པར་བྱའོ། །བྱམས་པ་ཕྱི་མའི་དུས་ན་དམ་པའི་ཆོས་བསྡུ་བ་འདི་ཁྱོད་ཀྱི་ལས་ཡིན་གྱིས་སོམས་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །དེ་ནས་ཡང་ 63-179a བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་ཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། བྱམས་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པའམ། ཅ་ཅོའམ། བསྙེལ་བའམ། གསུང་གིས་ཉེས་པར་གསུངས་པའམ། ཉེས་པར་དགོངས་པའམ། ཕྲིན་ལས་ཉེས་པར་མཛད་པ་ཅི་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། མི་ཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ། དེ་བཞིན་གཤེགས་པ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་གང་ཅི་གསུངས་པ་དེ་དག་ཐམས་ཅད་ནི་ཡང་དག་པ། དེ་ཁོ་ན་དེ་བཞིན་མ་ནོར་བ་དེ་བཞིན་ཏེ་གཞན་དུ་མ་ཡིན་ནོ། །འདི་ལ་མི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་མི་ཤེས་ཤིང་ཁོང་དུ་མ་ཆུད་པར་ངའི་ལྡེམ་པོ་ངག་ལ་འདི་སྐད་དུ་འདི་ནི་རུང་ངོ་། །འདི་ནི་མི་རུང་ངོ་ཞེས་ཟེར་ཏེ། དེ་ལྟ་བུ་དེ་དག་ནི་དམ་པའི་ཆོས་སྤོང་བ་ཡིན། དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ཏེ། རྒྱུ་དེས་ན་དེ་དག་ནི་སེམས་ཅན་དམྱལ་བ་པ་ཞེས་ང་འཆད་དོ། །མི་ཕམ་པ་མ་འོངས་པའི་དུས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བྱང་ཆུབ་སེམས་དཔར་ཁས་འཆེ་བ། སྔོན་མུ་སྟེགས་ཅན་དུ་གྱུར་པ། སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་བསྟན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཕྱོགས་གཅིག་ལ་སྤྱོད་པ། གཉེན་ལ་གདུ་བ། རྙེད་པ་དང་། བཀུར་སྟི་ལ་ཆགས་པ། ཁྱིམ་ལ་སེར་སྣ་བྱེད་པ། ཁྱིམ་སུན་པར་བྱེད་པ། མདོག་ངན་པ། དམན་པ་ལ་མོས་པ། བཀའ་བློ་མི་བདེ་བ། མ་གྲགས་པ། རིགས་དམའ་བ། ཡོ་བྱད་ 63-179b ལ་ཡོངས་སུ་ཆགས་པ། ཆོས་ལ་བདེ་བར་གནས་པའི་ཟས་ཐམས་ཅད་དང་བྲལ་བ། ཏིང་ངེ་འཛིན་གྱི་ཟས་ལས་ཤིན་ཏུ་རིང་ཞིང་རྣམ་པར་རིང་བ། སྒྱུ་དང་གཡོ་ལ་གནས་པ་དག་གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ། དེ་དག་མི་ཤེས་བཞིན་དུ་ངེད་ནི་ཤེས་པ་དང་ལྡན་ནོ། །ཞེས་ཟེར་མི་མཁས་བཞིན་དུ་ངེད་ནི་མཁས་སོ་ཞེས་ཟེར་ཏེ། ངས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ལ་གནས་ནས་ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བསྙེལ་བ་མི་མངའ་བ་ལ་གནས་ཏེ། མོས་པ་ལ་གཟུད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་བསྟན་པ་གང་ཡིན་པ་དེ་ལ། དེ་དག་ཁ་ཅིག་འདི་སྐད་དུ་གང་ཉན་ཐོས་རྣམས་ལ་གསུངས་པའི་མདོ་སྡེ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མི་བྱའོ། །དེ་དག་མཉན་པར་མི་བྱའོ། །དེ་ནི་བདག་ཅག་གི་ཆོས་མ་ཡིན་ཏེ། འདི་ནི་ཉན་ཐོས་དང་ལྡན་པ་ཡིན་གྱིས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མི་བྱའོ། །གང་རང་སངས་རྒྱས་རྣམས་ལ་གསུངས་པའི་མདོ་སྡེ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མི་བྱའོ། །དེ་དག་མཉན་པར་མི་བྱའོ། །དེ་ནི་བདག་ཅག་གི་ཆོས་མ་ཡིན་ཏེ། འདི་ནི་རང་སངས་རྒྱས་དང་ལྡན་པ་ཡིན་གྱིས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མི་བྱའོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །མི་ཕམ་པ་ངས་ནི་ལྷ་རྣམས་ལ་ཆོས་བསྟན་ཏེ་ངས་མོས་པ་ཇི་ལྟ་བ་བཞིན་དུ་བཏུལ་ཏོ། །དེ་བཞིན་དུ་ངས་ནི་ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། དྲི་ཟ་རྣམས་དང་། མི་རྣམས་ལ་ཆོས་བསྟན་ཏེ་ངས་མོས་པ་ཇི་ལྟ་བ་བཞིན་དུ་བཏུལ་ཏོ། །མི་ཕམ་པ་ང་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འགྲོ་ཞིང་དེར་ཡང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ན། དེ་ནི་བྱང་ཆུབ་སེམས་དཔའ་ཁས་འཆེ་བ། བྱང་ཆུབ་སེམས་དཔའ་དམུ་རྒོད། བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ། 63-180a བརྫུན་དུ་སྨྲ་བ། ཐོས་པ་ཉུང་བ་དེ་དག་ངའི་བྱང་ཆུབ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་འདི་ལ་གཉིས་སུ་སྨྲ་སྟེ། འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་བྱ། འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་མི་བྱའོ་ཞེས་ཟེར་ཏེ། སེམས་དེས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་སོ། །ཆོས་སྤོང་ངོ་། །དགེ་འདུན་ལ་སྨོད་དོ། །དེ་དག་ལུས་ཞིག་སྟེ། ཤི་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་བསྐལ་པ་མང་པོ་དང་། བསྐལ་པ་བརྒྱ་ཕྲག་མང་པོ་འདས་ནས་ཐར་པ་འཐོབ་སྟེ། ཡང་དེ་དག་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་བརྒྱ་ལམ་བརྒྱ་ལམ་ན་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་འགྱུར་ན། ཡང་སྙིགས་མ་ལྔའི་དུས་ན་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། དཔེར་ན་ད་ལྟར་ང་ཡུན་རིང་པོ་འགྱངས་པས་དུས་ཀྱི་སྙིགས་མའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་བུའོ། །གང་དག་དེ་དག་གི་ལྟར་ཉན་པའམ། བྱེད་པའམ། ཡིད་ཆེས་པར་སེམས་པ་དེ་དག་ཀྱང་འདི་ལྟ་སྟེ། སྡིག་པའི་གྲོགས་པོ་ལ་མོས་པས་འགྲོ་བ་དེ་ལྟ་བུ་ཉིད་དུ་འགྲོ་བར་འགྱུར་རོ། །མི་ཕམ་པ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་ལོ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ། །དེའི་གསུང་རབ་ལ་དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ། ཆོས་སྨྲ་བ། གཏམ་སྣ་ཚོགས་སྨྲ་བ། སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་གཟེངས་བསྟོད་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་དགའ་བར་བྱེད་པ་བྱུང་ནས། དེ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་དེས་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་བསྡུ་བར་བཅོལ་ཏེ། དེས་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བྱེ་བར་དམ་པའི་ཆོས་ཀྱི་ཚུལ་བཟུང་སྟེ། 63-180b དེ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ནས་ཆོས་སྟོན་ཏེ། མོས་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ། །དེས་གྲོང་ཁྱེར་སྟོང་ཕྲག་བརྒྱད་ཅུར་སྨོན་ལམ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་རབ་ཏུ་དགའ་བར་བྱས་ནས་དེ་གྲོང་ཁྱེར་ཆེན་པོ་བཟང་པོ་ཞེས་བྱ་བར་སོང་སྟེ། ཁྱིམ་བྱེ་བ་ཕྲག་བརྒྱད་ཅུ་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས་གྲོང་ཁྱེར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་རབ་ཏུ་དད་པར་བྱས་སོ། །དེའི་ནང་ནས་བྱེ་བ་ཕྲག་གཅིག་ནི་བླ་ན་མེད་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་བྱེ་བ་ཕྲག་བདུན་ཅུ་རྩ་དགུ་ནི་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་དེ་བཏུལ་ཏོ། །དེ་ནས་དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་དགེ་སློང་ཁྲི་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་ཡུལ་རྒྱུ་ཞིང་སོང་ངོ་། །མི་ཕམ་པ་དགེ་སློང་འཚོ་བ་ཡོངས་སུ་དག་པ་སོང་ནས་རིང་པོ་མ་ལོན་པར་གྲོང་ཁྱེར་ཆེན་པོ་བཟང་པོ་དེར་དགེ་སློང་ཆོས་ཞེས་བྱ་བ་ཕྱིན་ཏེ། དེས་རྣམ་པར་འཐག་པའི་མདོ་སྟོང་བཟུང་ངོ་། །བསམ་གཏན་བཞི་ཡང་ཐོབ་པར་གྱུར་ཏོ། །དགེ་སློང་འཚོ་བ་ཡོངས་སུ་དག་པས་ནི་མདོ་སྡེ་བྱེ་བ་ཕྲག་བཅུ་དང་། རྣམ་པར་འཐག་པའི་མདོ་དྲུག་ཁྲི་བཟུང་བར་གྱུར་ཏོ། །དེ་ནས་དགེ་སློང་ཆོས་དེས། གྲོང་ཁྱེར་ཆེན་པོ་བཟང་པོ་དེར་ཚུལ་གཅིག་གིས་ཆོས་བསྟན་པས་སྐྱེ་བོ་རབ་ཏུ་དགའ་བར་བྱས་ཀྱང་དེ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་ལ་མཁས་པ་མ་ཡིན་ཏེ། དེ་སྐྱེ་བོ་དེ་དག་ལ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་སྟོང་པ་ཉིད་ཀྱིས་འདོམས་ཤིང་སྟོང་པ་ཉིད་ཀྱིས་རྗེས་སུ་སྟོན་ཏེ། གང་ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་བསྟན་པ་འདི་ནི་དེ་བཞིན་གཤེགས་པའི་བཀའ་ཁོ་ན་ཡིན་ནོ། །གང་འཚོ་བ་ཡོངས་སུ་དག་པ་དེས་བཤད་པ་དེ་ནི་སྐྱོན་ཆགས་པ་སྟེ། དགེ་སློང་དེ་འཚོ་བ་ཡོངས་སུ་དག་པ་མ་ཡིན་ན། ཅིའི་ཕྱིར་དགེ་སློང་དེའི་མིང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ། དེ་ནི་འཚོ་བ་ཡོངས་སུ་དག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་ཡོངས་སུ་ལེན་ཅིང་བླངས་ནས་ཡོངས་སུ་སྤྱོད་དོ། །སྤོས་དང་བྱུག་པ་ཡོངས་སུ་ལེན་ཅིང་བླངས་ནས་ཡོངས་སུ་སྤྱོད་ 63-181a དོ། །དེ་ནི་ཤེས་པ་མ་ཡིན་ཏེ་བྱིས་པའོ། །ང་ནི་ཚངས་པར་སྤྱད་ནས་ཡུན་རིང་བ་ཡིན་གྱི་དེ་ནི་གསར་བུ་སྟེ། བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པ་ཡིན་གྱིས་དེ་ལྟར་ཡིད་ཆེས་པར་མ་བྱེད་ཅིག་ཅེས་ཟེར་རོ། །དགེ་སློང་དེ་ནི་བག་ཡོད་པ་ཡིན་ཏེ། དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་ལ་སྐྱེ་བོ་དེ་དག་རབ་ཏུ་དད་པས་དེ་ལྟར་དེས་སྐྱེ་བོ་དེ་དག་ལ་དབྱེན་བྱས་ན་དབྱེ་བར་མ་ནུས་སོ། །དེ་ནས་དགེ་སློང་ཆོས་དེ་འཆི་བའི་དུས་བྱས་པར་གྱུར་ཏེ་འཆི་བའི་དུས་བྱས་ནས་འདི་ལྟར་དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པ་དང་། འདི་ལྟར་ཆོས་སྤངས་པས་བསྐལ་པ་བདུན་ཅུར་སེམས་ཅན་དམྱལ་བར་སྐྱེས་སོ། །དེ་བསྐལ་པ་བདུན་ཅུ་པོ་དེ་དག་འདས་ནས་བསྐལ་པ་དྲུག་ཅུར་བྱང་ཆུབ་ཀྱི་སེམས་བརྗེད་དོ། །བསྐལ་པ་དྲུག་ཅུ་པོ་དེ་དག་འདས་ནས་དེ་བཞིན་གཤེགས་པ་ཀུན་ནས་སྤོས་རིན་པོ་ཆེའི་འོད་ཀྱི་གསུང་རབ་ལ་དེ་བཞིན་གཤེགས་པ་དེས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས་དེས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཚེ་རབས་དགུ་ཁྲིར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་སོ། །ཚེ་རབས་དྲུག་ཁྲིར་མི་དབུལ་པོ་རྣམས་ཀྱི་ནང་དུ་སྐྱེས་ཏེ་ཐམས་ཅད་དུ་ཡང་ལྕེ་མེད་པར་གྱུར་ཏོ། །དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་སངས་རྒྱས་ཁྲག་ཁྲིག་ཕྲག་ལྔའི་གན་ན་ཆོས་སྨྲ་བར་གྱུར་ཏེ། ཐམས་ཅད་དུ་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བོད་པར་འོས་པར་གྱུར་ཏོ། །ཆོས་ཐམས་ཅད་ལ་ཡོངས་སུ་དག་པར་ཆོས་སྟོན་པར་ཡང་གྱུར་ཏོ། །མི་ཕམ་པ་དེའི་ཚེ་དེའི་དུས་ན་དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱ་བ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་ཏོ། །མི་ཕམ་པ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་ཞེས་བྱ་བར་གྱུར་ཏོ་ང་ཉིད་ལས་དེ་ལྟ་བུའི་མི་ཚུལ་བ་བྱུང་ངོ་། །མི་ཕམ་པ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་དེ་ལྟར་ 63-181b ཤེས་པར་དཀའ་སྟེ། ལས་དེའི་རྣམ་པར་སྨིན་པས་ང་སྙིགས་མ་ལྔའི་དུས་ན་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མི་ཕམ་པ་བྱང་ཆུབ་སེམས་དཔའ་གང་དག་གཉིས་སུ་འབྱེད་ཅིང་ཆོས་སྟོན་པ་དེ་དག་ནི་ལས་དེའི་རྣམ་པར་སྨིན་པས་དུས་ཀྱི་སྙིགས་མའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་པར་བྱ་བ་དང་ཆོས་བསྟན་པ་ལ་བདུད་དང་བར་ཆད་མང་པོ་འབྱུང་བར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་མཆི་མ་བླགས་ཏེ་ངུས་ནས་ཚིག་འདི་སྐད་ཅེས་དེང་ཕན་ཅད་དགེ་སློང་ཆོས་ཀྱིས་ཇི་སྐད་སྨྲས་པ་ལྟར་སུ་ཡང་ཆོས་སྟོན་པར་མ་གྱུར་ཅིག་ཅེས་འཛེར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དེར་འདུས་པ་དག་ཀྱང་སྟན་ལས་ལངས་ཏེ་ས་ལ་འཁོད་དོ། །ས་ལ་འཁོད་ནས་ཀྱང་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་ཕྱིར་ས་ལ་འཁོད་ཅིང་ངུ་། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་ལས་ཀྱི་སྒྲིབ་པ་དེ་དང་ལྡན་པར་བདག་ཅག་ཉིད་ཀྱིས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་གསུང་རབ་ལ་ཤེས་རབ་བརྩེགས་ཞེས་བྱ་བ་ཆོས་སྨྲ་བ་ཞིག་བྱུང་བ་ལ་ཁྱེད་ཀྱིས་སྨད་དེ། དེ་ཕྱིན་ཅད་ཁྱེད་ཀྱིས་ནམ་ཡང་སངས་རྒྱས་མ་མཐོང་ངོ་། །ནམ་ཡང་བྱང་ཆུབ་ཀྱི་སེམས་མ་རྙེད་དོ། །གཟུངས་དང་ཏིང་ངེ་འཛིན་མ་རྙེད་དོ། །རིགས་ཀྱི་བུ་དག་ཁྱེད་ངའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཀྱང་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་གང་དག་འབྱུང་བའི་ཐ་མ་པའི་ཚེ་ཁྱེད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དེ་ཕྱིན་ཆད་བསྐལ་པ་གྲངས་མེད་པ་གསུམ་གྱི་ས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་ 63-182a མཐོང་ན་སེམས་ཀྱིས་གཞན་བསམ་པར་མི་བྱ་སྟེ། བདག་ཅག་གིས་མཆོད་རྟེན་ནམ། དེ་བཞིན་གཤེགས་པ་མཐོང་ངོ་། །བདག་ཅག་གིས་མདུན་ན་སངས་རྒྱས་བཞུགས་སོ་སྙམ་དུ་བསམ་མོ། །རིགས་ཀྱི་བུ་དག་གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་མཐོང་ན་མཆོད་རྟེན་གྱི་འདུ་ཤེས་སམ། དེ་བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པ་མ་གཏོགས་པར་འདུ་ཤེས་གཞན་བསྐྱེད་པར་མི་བྱའོ། །གཞན་དུ་གྱུར་ན་བྱང་ཆུབ་སེམས་དཔས་བདག་ཉིད་ལ་རྨ་ཕྱུང་བར་འགྱུར་རོ། །དེ་ལ་དགོངས་ཏེ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཐུགས་དམ་བཞེས་པ། གལ་ཏེ་བདག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ་སངས་རྒྱས་ཀྱི་འདུ་ཤེས་མ་བསྐྱེད་ན་ངས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ན་གང་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསླུས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རིགས་ཀྱི་བུ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་གང་སུ་དག་གཟུངས་ཐོབ་པའམ། ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུས་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདི་ལ་སུ་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེས་ནི་དེ་བཞིན་གཤེགས་པ་སྤངས་པར་འགྱུར་རོ། །རིགས་ཀྱི་བུ་དག་གང་སུ་ཞིག་སེམས་ཅན་དག་ཇི་ལྟར་མོས་པས་མོས་པ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་སྟོན་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འཁོར་གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་ལན་འགའ་ཞིག་སྤུ་ཟིང་ཞེས་བྱེད་དམ་མཆི་མ་ལན་འགའ་ཞིག་ཀློག་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུར་ཤེས་པར་བྱ་བ་ཡིན་ན། དེ་ལ་མི་བླུན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་འཆེ་བ། བྱང་ཆུབ་སེམས་དཔའ་སུན་འབྱིན་པར་གྱུར་པ། ཆོས་རྐུ་བ། ཚུལ་འཆོས་པ། ཆོ་ག་ངན་པ་ལ་སྤྱོད་པ་དེ་དག་ཁ་ཅིག་འདི་སྐད་ཅེས་འདི་ལྟ་བུ་ཞིག་ཅི་ཤེས་ཞེས་ཟེར་རོ། །བྱམས་པ་ངས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་བདག་ཉིད་ཀྱིས་གང་ 63-182b ཚིགས་སུ་བཅད་པ་ཉོས་པ་ནི་རང་གི་ལུས་ཡོངས་སུ་བཏང་བ་དང་། ཆུང་མ་ཡོངས་སུ་བཏང་བ་དང་། བུ་དང་བུ་མོ་ཡོངས་སུ་བཏང་བ་དང་། རྒྱལ་སྲིད་ཡོངས་སུ་བཏང་བས་ཉོས་ཤིང་། བྱམས་པ་ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་གི་ཕྱིར་འཛམ་བུའི་གླིང་བྱིན་ཏེ་ཉོས་པར་ངས་མངོན་པར་དྲན་ན། དེ་དག་ནི་རྙེད་པ་དང་བཀུར་སྟི་སྲུང་ཞིང་སངས་རྒྱས་དང་འདྲ་བའི་གན་དུ་འགྲོ་བར་མི་སེམས་སོ། །མི་ཕམ་པ་དམ་པའི་ཆོས་ཀྱི་ཚུལ་འདི་གཟུང་བ་ཡང་འབྱོར་པ་དང་ལྡན་པས་ནུས་ཀྱི་མི་ལྡན་པས་ནི་མ་ཡིན་ནོ། །མི་ཕམ་པ་ངས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་གང་བསྟན་པ་དེ་ལ་དེ་དག་འདི་སྐད་དུ་དེ་ནི་ལུང་མནོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ཏེ། སེམས་ཅན་དེ་དག་འབྱུང་བ་མ་ཡིན་པའི་ཉེས་པ་ཆེན་པོ་ཇི་ཙམ་དང་ལྡན་པ་ལ་ལྟོས། མི་ཕམ་པ་དགེ་སློང་ཆོས་དེས་རྣམ་པར་འཐག་པའི་མདོ་སྟོང་བསྟན་ཏེ། བསམ་གཏན་བཞི་བསྐྱེད་ཀྱང་དེ་ལྟ་བུའི་གནས་སུ་གྱུར་ན། གང་ཕྱོགས་ཙམ་འམ། ཆ་ཙམ་ལ་རེག་པ། རྣམ་པར་འཐག་པ་འཛིན་པའི་དགེ་སློང་རྣམས་ལ་མངོན་པར་མི་དགའ་ཞིང་རྣམ་པར་འཐག་པ་ལ་སྐྱོན་འདོགས་པ་ལྟ་ཅི་སྨོས་ཏེ། དེ་དག་ནི་ཆོས་སྨྲ་བའི་དགེ་སློང་ལ་སྐུར་པ་འདེབས་པ་ཡིན། སངས་རྒྱས་ཀྱི་ཆོས་སྤོང་བ་ཡིན། རློམ་སེམས་ཆེན་པོས་སྐུར་པ་འདེབས་པ་ཡིན་ཏེ་སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་ལ་ནི་ལེགས་པར་བྱས་པ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་ཆོས་སྨྲ་བ་ལ་རྣམ་པར་སྨོད་པ་དེ་དག་ནི་སངས་རྒྱས་ལ་རྣམ་པར་སྨོད་པ་ཡིན། ཆོས་ལ་རྣམ་པར་སྨོད་པ་ཡིན་ནོ། །གང་དག་ཆོས་སྨྲ་བ་ལ་རིམ་གྲོ་མེད་པ་དེ་དག་ནི་སངས་རྒྱས་ལ་རིམ་གྲོ་མེད་པ་ཡིན་ནོ། །གང་དག་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་དག་ནི་སངས་རྒྱས་མཐོང་བར་མི་འདོད་པ་ཡིན། སངས་རྒྱས་ལ་མི་སྙན་པར་བརྗོད་པ་ཡིན་ནོ། །གང་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་དེ་དག་གིས་ནི་སངས་རྒྱས་ཡོངས་སུ་བཏང་བ་ཡིན་ཏེ་ཇི་སྙེད་དུ་ཁོང་ཁྲོ་བའི་སེམས་སྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་ 63-183a པར་གོ་ཆ་བགོ་དགོས་སོ། །ཇི་ཙམ་དུ་ཁོང་ཁྲོ་བའི་མིག་གིས་ལྟ་བ་དེ་སྲིད་དུ་ལོང་བའི་སྐྱེ་མཆེད་ཐོབ་པར་འགྱུར་རོ། །ཇི་ཙམ་དུ་མི་སྙན་པར་བརྗོད་པ་དེ་སྲིད་དུ་ལྕེའི་སྐྱེ་མཆེད་མེད་པ་ཐོབ་པར་འགྱུར་རོ། །མི་ཕམ་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པའི་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བར་ལོག་པར་ལྟུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ནི་ངས་མ་མཐོང་ངོ་། །མི་ཕམ་པ་སེམས་ཅན་གྱི་འདུ་ཤེས་དང་ཆོས་ཀྱི་འདུ་ཤེས་ལ་གནས་པ་རྣམས་ལ་ནི་ལས་མངོན་པར་འདུ་བྱ་བ་ཡོད་དེ་མི་དམིགས་པ་ལ་ནི་མེད་དོ། །བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐ་དད་དུ་འབྱེད་ཅིང་སྟོན་པ་དེ་དག་ནི་སྤྲོས་པ་ལ་གནས་པ་ཡིན་ནོ། །མི་ཕམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་འདི་ནི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་མི་བླུན་པོ་དེ་དག་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ་ཞེས་ཟེར་ཞིང་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་སུན་འབྱིན་ཏོ། །མི་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤི་ཀའི་རྒྱལ་པོ་གང་ཡིན་པས་མགོ་བྱིན་པར་གྱུར་པ་དེ་འཆལ་བའི་ཤེས་རབ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། མི་ཕམ་པ་ངས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་གང་དག་བསྟན་པ་དེ་དག་ཅི་བྱང་ཆུབ་འཐོབ་པར་འགྱུར་བ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སོ། །བཀའ་སྩལ་པ། མི་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསྐལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། དེ་ལ་མི་བླུན་པོ་དག་འདི་སྐད་དུ་འདི་ལྟ་སྟེ། མི་དམིགས་པའི་ཚུལ་གཅིག་པུས་བྱང་ཆུབ་འཐོབ་པོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པ་ཡིན། ཚིག་ཙམ་གྱིས་དགའ་བར་སེམས་ཤིང་ 63-183b བསྒྲུབ་པ་སྙིང་པོར་བྱེད་པ་མ་ཡིན། ངག་གི་ལས་ལྷུར་ལེན་གྱི་ནན་ཏན་ལས་རིང་བ་ཡིན་ཏེ། ཕྲག་དོག་ཅན་དུ་གྱུར་པ། ཆགས་པར་གནས་པ། ཉེ་དུ་ལ་གདུ་བ་ཡིན་ནོ། །མི་ཕམ་པ་ང་ཡང་མགོ་བྱིན་པས་དགའ་བ་ཙམ་དུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པས་ནི་མ་ཡིན་ན་དེ་ལ་མི་བླུན་པོ་ཟང་ཟིང་ལ་སེར་སྣ་བྱེད་པ་དེ་དག་གཞན་གྱི་ཁྱིམ་རྣམས་སུ་དོང་ནས་འདི་སྐད་དུ་བྱང་ཆུབ་ཏུ་ནི་འདི་ལྟར་སྤྱད་དོ། །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ་འདི་ནི་ཚུལ་ལོ། །གཞན་ནི་ཚུལ་མ་ཡིན་ནོ། །ཆོས་ཀྱི་ཚུལ་འདི་ནི་ཆོས་སྨྲ་བ་ཕལ་ཆེར་གྱིས་ཀྱང་ཤེས་སོ་ཞེས་ཟེར་ཏེ་དེ་དག་རྙེད་པ་དང་བཀུར་སྟིའི་ཕྱིར་ཆོས་སྨྲ་བ་དག་ལ་ཀུན་ནས་མནར་སེམས་མང་པོ་འབྱུང་ངོ་། །མི་ཕམ་པ་འཚོ་བ་ཅན་གྱི་མི་དེ་དག་ནི་བསྐལ་པ་བརྒྱས་ཀྱང་འཐུན་པའི་བཟོད་པ་ཐོབ་པར་ང་མི་སྨྲ་ན་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་ཕམ་པ་གཡོ་དང་ལྡན་པ་ལ་བྱང་ཆུབ་མེད་དོ། །ཕྲག་དོག་ཅན་ལ་མེད་དོ། །རིམ་གྲོ་མེད་པ་ལ་མེད་དོ། །ཡང་དག་པའི་ཤེས་པ་མེད་པ་ལ་མེད་དོ། །ཁྱིམ་སུན་པར་བྱེད་པ་ལ་མེད་དོ། །གཉིས་སུ་སྤྱོད་པ་ལ་མེད་དོ། །མི་ཕམ་པ་མི་བླུན་པོ་དེ་དག་ནི་ང་བས་ཀྱང་ཆེས་མཁས་པར་ཁས་འཆེ་ཞིང་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་གང་ཡིན་པའི་ཆོས་དེ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གཉིས་སུ་མེད་པར་སྤྱོད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་མོད། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་མི་གནས་པ་ལ་བྱང་ཆུབ་ཡོད་མོད། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་སྤྲོས་པ་མེད་པ་ལ་བྱང་ཆུབ་ཡོད་མོད། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཉེ་དུ་ལ་གདུ་བའི་ཕྱིར་ངོ་ཚ་མེད་པ་དེ་དག་གིས་འདི་ལྟ་སྟེ་དབུལ་པོར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཇི་ཙམ་ཡོངས་སུ་གཟུང་བར་སེམས་པ་ལ་ལྟོས། མི་ཕམ་པ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ 63-184a ཉན་ཐོས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རང་སངས་རྒྱས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །མངོན་པར་ཞེན་པར་མི་བྱའོ། །ཆོས་ཐམས་ཅད་ཉན་ཐོས་ཀྱི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རང་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་མི་བྱའོ། །མངོན་པར་ཞེན་པར་མི་བྱའོ། །ཆོས་ཐམས་ཅད་སོ་སོའི་སྐྱེ་བོའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སོ་སོའི་སྐྱེ་བོའི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རྣམ་པར་བྱང་བའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རྣམ་པར་བྱང་བ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཉེ་བར་ལེན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཉེ་བར་ལེན་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བྱ་བ་དང་བཅས་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བྱ་བ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་གསར་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་གསར་པ་མ་ཡིན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སྲིད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སྲིད་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སེམས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སེམས་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སེམས་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སེམས་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ལས་ཀྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ལས་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ 63-184b རྣམ་པར་སྨིན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རྣམ་པར་སྨིན་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བཟོད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བཟོད་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཐར་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཐར་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རྣལ་འབྱོར་གྱི་ཆོས་ས་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་རྣལ་འབྱོར་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་འཕགས་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་འཕགས་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སེམས་ཅན་གྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་སེམས་ཅན་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་གཟུང་བའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་གཟུང་དུ་མེད་པའི་ཆོས་ས་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བདེན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བདེན་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཚུལ་བཞིན་གྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་ཚུལ་བཞིན་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་བརྟེན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །ཆོས་ཐམས་ཅད་མི་བ་རྟན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། །མི་ཕམ་པ་ངས་བྱང་ཆུབ་ཀྱི་སྙིང་པོར་ཆོས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་ཡུལ་ཐམས་ཅད་མཁྱེན་ཀྱང་དམིགས་པས་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀུན་ཏུ་མཁྱེན་ཀྱང་མངོན་པར་ཞེན་པས་འཇིག་རྟེན་ལ་ཆོས་མི་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམས་ཀྱི་སྣང་བ་ཐོབ་པར་བྱ་བ་དང་། གཟུངས་དང་ཆོས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་ཕྱིར་ངས་དེ་བཞིན་ཉིད་རྣམ་པར་དཀྲུགས་པ་མེད། ཆོས་རྣམས་བསལ་བ་མ་བྱས། གཞག་པ་མ་བྱས་སོ། །མི་ཕམ་པ་ངས་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འོག་མིན་གྱི་གནས་མན་ཆད་དུ་ཆོས་བསྟན་པའི་ཚེ་ 63-185a སེམས་ཅན་རྣམས་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་ཅག་ཁོ་ན་ལ་ཆོས་སྟོན་ཏོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། གླིང་བཞི་པ་གཉིས་པ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཆོས་བསྟན་པའི་ཚེ་སེམས་ཅན་རྣམས་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་ཅག་ཁོ་ན་ལ་ཆོས་སྟོན་ཏོ། །འདི་ན་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །འདིར་དེ་བཞིན་གཤེགས་པ་སྐྱེས་སོ། །འདིར་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་ཆོས་སྟོན་ཏོ་སྙམ་མོ། །མི་ཕམ་པ་འདི་ལ་ང་ནི་ཐབས་འདིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་སྔ་དྲོའི་དུས་ཀྱི་ཚེ་ཡང་ཆོས་སྟོན་ཅིང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དོ། །ཉི་མ་གུང་གི་དུས་ཀྱི་ཚེ་ཡང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དོ། །ཕྱི་དྲོའི་དུས་ཀྱི་ཚེ་ཡང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དེ། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྤྱན་ཐོགས་པ་མི་མངའ་བར་གཟིགས་པ་དང་། ཤེས་རབ་དང་ཡེ་ཤེས་ཀྱི་གཟིགས་པ་འཇུག་སྟེ། དེ་ལྟར་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་ན་དེ་ལ་དེ་དག་འདི་ལྟར་ཆོས་སྤོང་བ་ལ་གནས་པས་བྱང་ཆུབ་སེམས་དཔས་འདི་ལ་ནི་བསླབ་པར་བྱའོ། །འདི་ལ་ནི་བསླབ་པར་མི་བྱའོ་ཞེས་ཟེར་ཏེ། གང་སུ་དག་ཆོས་སྤོང་བར་གནས་པ་དེ་དག་ནི་སངས་རྒྱས་ལ་སྐུར་པ་འདེབས་པར་གནས་པ་ཡིན། གང་དག་སངས་རྒྱས་ལ་སྐུར་པ་འདེབས་པར་གནས་པ་དེ་དག་ནི་འདི་ལྟ་སྟེ། ངན་སོང་གི་གཡང་སའི་ས་ལ་གནས་པ་ཡིན་ཏེ་དེ་དག་ནི་ཆོས་ཀྱིས་ཕོངས་པར་འགྱུར་བ་ལ་གནས་པ་ཡིན་ནོ། །མི་ཕམ་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པའི་ཐབས་མཁས་པས་བསྟན་པའི་ཆོས་ལ་བདག་བསྲུང་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕུང་པོ་ཡང་དག་གྲུབ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་གཅིག་ཏུ་སྤོབས་པ་རྣམ་པར་ངེས་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་རྣམ་པར་ངེས་པའི་སེམས་སྟོན་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཤེས་རབ་སྤོབས་པས་སྨྲ་བ་དང་། བྱང་ཆུབ་སེམས་ 63-185b དཔའ་འཇིགས་བྲལ་ཡང་དག་གསལ་བྱེད་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ཁེངས་མེད་གནས་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་ཆོ་ག་སེམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་བལ་གླང་སྤོས་ཀྱི་གླང་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་བརྩོན་པ་མི་གཏོང་བ་གནས་པ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་བརྒྱ་སྟོང་བརྒྱན་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་གྱི་ཡེ་ཤེས་ལ་རྨོངས་པ་མེད་པར་སེམས་པ་དང་། བྱང་ཆུབ་སེམས་དཔའ་བརྗོད་པ་གྲགས་པའི་ཏོག་གི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱིས་ཕན་གདགས་པ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡུལ་དང་མ་བྲལ་བར་གནས་པ་དང་། བྱང་ཆུབ་སེམས་དཔའ་ཙན་དན་གྱིས་བརྒྱན་པའི་གཟི་བརྗིད་ཀྱིས་བཏུལ་བས་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་ཀུན་གྱིས་མཆོད་གྲགས་དང་། བྱང་ཆུབ་སེམས་དཔའ་ཉི་ཤུ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ་བདག་ཅག་ཀྱང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་དུ་མཆིས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་ན་ཐམས་ཅད་ན་ཡང་བཅོམ་ལྡན་འདས་ཉིད་ཆོས་སྟོན་པ་མཛད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཆིས་ན་ཡང་དེ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་མཛད་དོ། །བཅོམ་ལྡན་འདས་དེ་དག་ཏུ་བདག་ཅག་གིས་གདུགས་བདུན་དུ་སངས་རྒྱས་ཀྱི་ཞིང་དུ་རྒྱུ་བ་བགྱིས་ན་སངས་རྒྱས་གཞན་མ་མཐོང་ནས་སླར་འདིར་ཆོས་ཉན་དུ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ལྟོས། དེ་བཞིན་གཤེགས་པའི་ཡུལ་དང་ཡེ་ཤེས་ནི་དེ་ལྟར་ཚད་མེད། སངས་རྒྱས་ཀྱི་ཡུལ་ནི་དེ་ལྟར་བསམ་ 63-186a གྱིས་མི་ཁྱབ། དེ་ལྟར་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱིས་མི་མཉམ་པ་དང་མཉམ་ན། འཇམ་དཔལ་དེ་ལ་སྐྱེས་བུ་བླུན་པོ་དེ་དག་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཕྱིར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ཟེར་རོ། །འཇམ་དཔལ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དཔག་ཏུ་མེད་པའི་སྤྱོད་པའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མཉམ་པ་མེད་པའི་སྤྱོད་པའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཡོངས་སུ་འཛིན་པ་མེད་པའི་སྤྱོད་པའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མི་འདོར་བའི་སྤྱོད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དམ་བཅས་པ་ལ་བརྟན་ཞིང་ལྷག་པའི་བསམ་པ་ཡོངས་སུ་དག་པའི་སྤྱོད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་གཞན་ལ་ཕན་གདགས་པས་ཡོངས་སུ་མི་སྐྱོ་བའི་སྤྱོད་པའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་འདི་ལྟ་བུ་ནི་ངའི་ཆོས་ཡིན་ན་དེའི་ཚེ་མཐོང་དཀའ་བར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་སྐྱེས་བུ་དམ་པ་ཉི་ཤུ་པོ་ཁྱེད་ཐམས་ཅད་ཀྱིས་ཅི་ནས་ཀྱང་ངའི་བྱང་ཆུབ་བསྐལ་པ་གྲངས་མེད་པ་བྱེ་བར་ཡང་དག་པར་བསྒྲུབས་པ་ཐབས་མཁས་པས་བསྟན་པ་འདི་གཞན་གྱིས་ཤེས་པར་འགྱུར་བར་ཆོས་ཡང་དག་པར་བླང་བ་ལ་གནས་ཏེ་བག་ཡོད་པར་བྱའོ། །དམ་བཅས་པ་ལ་བརྟན་པར་བྱའོ། །ཁོང་ཁྲོ་བ་མེད་པའི་སེམས་སུ་བྱའོ། །སེམས་ཅན་དག་འདི་ལྟ་སྟེ། ཆོས་སྤོང་བའི་གཡང་ས་ཆེན་པོར་མི་ལྟུང་བར་བྱའོ། །དེ་ནས་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་སྤོང་བ་ཞེས་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་དེ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ 63-186b ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པ་ཡོད་དོ་ཞེའམ་སྤོབས་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ནི་ཆོས་མ་ཡིན་པར་སྟོན་ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སངས་རྒྱས་འབྱུང་བ་མེད་པར་ཡང་གཟུངས་འཐོབ་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །གཟུངས་ཐོབ་པའི་ཐོབ་པ་ནི་ཡོངས་སུ་དག་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་ཉེས་པར་བྱས་པ་དང་ལྡན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །བག་མེད་པར་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱིས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པས་གོ་བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སྣང་བ་ལེགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཚིག་དང་ཚིག་ཏུ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །དོན་ལ་ལ་ལ་མོས་ཤིང་། དོན་ལ་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་གཏམ་གཞན་དུ་བསྒྱུར་ན་ཆོས་སྤོང་བ་ཡིན་ནོ། །དཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་དུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་སྤྱད་འདི་ལ་མི་སྤྱད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རིགས་འདི་ནི་མི་རིགས་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འཇམ་དཔལ་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འཇམ་དཔལ་ངས་ནི་ཉན་ཐོས་རྣམས་ཀྱི་སྤོབས་ 63-187a པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་མཐུ་ལས་འབྱུང་བར་སྨོན་ལམ་ལེགས་པར་བཏབ་པ་ཡིན། འཇམ་དཔལ་ངས་ནི་བྱང་ཆུབ་ཏུ་ཡང་སྨོན་ལམ་ལེགས་པར་བཏབ་པ་ཡིན་ནོ། །འདི་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་དེ་ལ་ཡང་སྐྱོན་འདོགས་པར་སེམས་སོ། །དེ་བཞིན་གཤེགས་པས་གནང་བའི་ཆོས་སྨྲ་བ་དེ་དག་ལ་ཡང་སྐྱོན་འདོགས་པར་སེམས་སོ། །རྙེད་པའི་ཕྱིར་ཁྱིམ་སྲུང་བར་གནས་པ་ཡིན་གྱི་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་ཕྱིར་གནས་པ་མ་ཡིན། རིགས་ལ་གདུ་བས་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྨྲ་བ་ནི་འདི་སྐད་ཁྱོད་ཀྱིས་ལེགས་པར་སྨྲས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བཀའ་ལེགས་པར་རྟོགས་སོ་ཞེས་ཟེར་ཏེ་ཕྱོགས་ཀྱི་ཡང་ཕྱོགས་གཅིག་སྨྲས་པ་ལ་རྗེས་སུ་ཡི་རང་བའི་གཞིས་དེ་དག་ཆོས་སྤོང་བར་གྱུར་པས་འདི་ལྟ་སྟེ། ངན་སོང་ཆེན་པོར་འགྲོ་བར་འགྲོ་བ་མཚུངས་པར་འགྱུར་རོ། །འཇམ་དཔལ་མངོན་པར་ཞེན་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པའོ་ཞེས་ང་མི་སྨྲའོ། །ཁྱིམ་ལ་ཆགས་པའི་འཚོ་བ་རྣམ་པར་དག་པ་ཞེས་ང་མི་སྨྲའོ། །གཉིས་སུ་སྟོན་པ་རྣམས་ཆོས་ཀྱིས་ཕོངས་པར་འགྱུར་བ་ལས་གྲོལ་བར་ང་མི་སྨྲའོ། །གཅིག་ཏུ་སྟོན་པ་རྣམས་ངན་སོང་ལས་གྲོལ་བར་ང་མི་སྨྲའོ། །སྨྲ་བ་ལ་དགའ་བ་རྣམས་ཡོངས་སུ་དག་པའོ་ཞེས་ང་མི་སྨྲའོ། །འཇམ་དཔལ་ངས་ནི་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །འཇམ་དཔལ་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་ངས་དམིགས་པའི་ཚུལ་གྱིས་མ་བསྟན་ཏོ། །འཇམ་དཔལ་ངས་ནི་སྟོང་པ་ཉིད་ལ་མོས་པ་རྣམས་ལ་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་སེམས་ཅན་དུ་འདུ་ཤེས་པས་དེ་སྙེད་དུ་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་མཚན་མ་མེད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་རྣམ་པར་རྟོག་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་ 63-187b རྣམས་བསྟན་ཏོ། །ངས་ནི་སྨོན་པ་མེད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་སྨོན་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་གང་ཟག་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་གང་ཟག་མེད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །ངས་ནི་འཇུག་པས་དེ་སྙེད་དང་། ལྡོག་པས་དེ་སྙེད་དང་། ངས་ནི་ཡོད་པས་དེ་སྙེད་དང་། མེད་པས་དེ་སྙེད་དང་། ངས་ནི་འདུས་བྱས་ཀྱིས་དེ་སྙེད་དང་། འདུས་མ་བྱས་ཀྱིས་དེ་སྙེད་དང་། ངས་ནི་དྲང་བས་དེ་སྙེད་དང་། དྲང་བ་མེད་པས་དེ་སྙེད་དང་། ངས་ནི་གསང་བས་དེ་སྙེད་དང་། གསང་བ་མེད་པས་དེ་སྙེད་དང་། ངས་ནི་འཁོར་བའི་སྒོ་དེ་སྙེད་དང་། ངས་ནི་མྱ་ངན་ལས་འདས་པའི་སྒོ་དེ་སྙེད་དང་། ངས་ནི་འཇིག་རྟེན་དེ་སྙེད་དང་། ངས་ནི་འཇིག་རྟེན་ལས་འདས་པ་དེ་སྙེད་དང་། ངས་ནི་འདོད་ཆགས་ཀྱི་སྒོ་དེ་སྙེད་དང་། ངས་ནི་ཞེ་སྡང་གི་སྒོ་དེ་སྙེད་དང་། ངས་ནི་གཏི་མུག་གི་སྒོ་དེ་སྙེད་དང་། འཇམ་དཔལ་ངས་ནི་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་སྤོང་བའི་སྒོའི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ། །འཇམ་དཔལ་ཐམས་ཅད་ཀྱང་འདི་ལྟ་སྟེ། མི་རྟག་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་ན་དེ་ལ་ཕྱོགས་ཀྱི་ཡང་ཕྱོགས་གཅིག་ཤེས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ལ་ལ་ཞིག་སྡིག་པའི་གྲོགས་པོའི་དབང་གིས་ཆོས་སྤོང་བ་འདི་ལྟ་བུ་འདི་བགྱིས་པར་གྱུར་ན་བཅོམ་ལྡན་འདས་དེ་ཚེ་འདི་ཉིད་ལ་ཇི་ལྟར་ཐར་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གལ་ཏེ་ལོ་བདུན་གྱི་བར་དུ་ཉིན་གཅིག་ཅིང་དུས་གསུམ་དུ་ཉེས་པ་ལ་ཉེས་པར་བཤགས་ན་དེའི་འོག་ཏུ་བྱང་བར་འགྱུར་ཏེ། དེ་ཕྱིན་ཅད་ཉུང་ན་བསྐལ་པ་བཅུས་བཟོད་པ་འཐོབ་པར་འགྱུར་རོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞིག་ཆོས་ཀྱི་རྣམ་གྲངས་འདི་མ་བཟུང་མ་བཀླག་པར་སྨྲ་ན་ཆོས་ཀྱིས་ཕོངས་པར་འགྱུར་བ་ལས་མ་ 63-188a སྨས་པར་ཐར་བར་ཤིན་ཏུ་དཀའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འདི་ལ་བསླབས་ནས་ཕྱིས་ཆོས་བསྟན་པར་བྱ་སྟེ། དེ་ལྟར་ན་དེ་སྨས་པར་མི་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔས་མཉམ་པ་ཉིད་བཞི་ཁོང་དུ་ཆུད་པར་བྱ་སྟེ། བཞི་གང་ཞེ་ན། སེམས་ཅན་མཉམ་པ་ཉིད་དང་། ཆོས་མཉམ་པ་ཉིད་དང་། བྱང་ཆུབ་མཉམ་པ་ཉིད་དང་། ལྷག་མཐོང་མཉམ་པ་ཉིད་དེ། མཉམ་པ་ཉིད་བཞི་པོ་དེ་དག་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་པར་བྱའོ། །གང་ཞིག་མཉམ་པ་ཉིད་བཞི་པོ་དེ་དག་ཁོང་དུ་མ་ཆུད་པར་སྨྲ་ན། ཅི་སྨྲ་ཡང་དེ་བདག་སྨྲས་པར་འགྱུར་རོ། །གཞན་ཡང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་མ་སྨས་པར་ཐར་བར་འགྱུར་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། ཤེས་པས་མོས་ནས་ཆོས་སྨྲ་བ་རྣམས་ལ་འགལ་བར་མི་བྱེད་པ་དང་། ཕ་རོལ་མི་སྤོང་བ་དང་། དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ལ་གུས་པ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་མ་སྨས་པར་ཐར་བར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ཉིན་གཅིག་བཞིན་དུ་དབུལ་བ་ཕུལ་བ་བས། གང་ཞིག་གིས་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་ཐ་ན་ལན་གསུམ་བཀླགས་ན། འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་འདི་ལ་བསླབས་པའི་བསོད་ནམས་ཀྱི་ཕུང་པོ་དང་མཉམ་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དེ་མེད་དོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་གང་ 63-188b གཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བདུན་ཅུའི་བྱེ་མ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུས་ཆོས་ཀྱི་རྣམ་གྲངས་འདི་ལ་ཡི་རངས་ནས་བྱང་ཆུབ་ཏུ་གོ་ཆ་ཆེན་པོ་བགོས་པས་དེ་དག་ཐམས་ཅད་བསྐལ་པ་བརྒྱད་ཅུར་འཁོར་བར་འཁོར་ནས་ཐམས་ཅད་ཀྱང་བསྐལ་པ་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དག་ནན་ཏན་གྱིས་བསྒྲུབས་ན། ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་དོན་ཆེ་ཞིང་དེ་ལྟར་འབྲས་བུ་ཆེ་སྟེ་ཕན་ཡོན་ཆེ་ལ་གསལ་བ་ཆེ་ཞིང་རྒྱས་པ་ཆེའོ། །འཇམ་དཔལ་དེ་ལྟ་བས་ན་ཁྱེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབས་ཏེ་ཕྱི་མའི་དུས་ན་ཆོས་གཟུང་བར་བྱའོ། །དེ་ལྟར་ན་ཁྱེད་མ་སྨས་པར་ཐར་བར་འགྱུར་རོ། །དེ་ནས་ཆོས་སྨྲ་བ་ཉི་ཤུ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པའི་བཀའ་ལེགས་པར་རབ་ཏུ་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། མུ་ནི་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།  
༄༅། །ཤ་ཟ་སྤང་བ་ལ་གདམས་པ།<br> ཤ་ཟོས་སྡུག་བསྔལ་ཡིད་ལ་དྲན་ཙ་ན། །མི་བཟོད་སྙིང་འདར་གཟེར་རྒོད་འབར་བ་ནི། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟོང་ཉིད་སྙིང་རྗེའི་ངང་ནས་འགྲོ་བ་འདྲེན། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རང་ལ་བྱམས་དང་སྙིང་རྗེ་མ་འབྱོངས་པས། །མ་ཤ་ཟ་ཞིང་གཞན་ལ་རྒྱུ་འབྲས་བཤད། །དོན་དམ་མ་རྟོགས་ཚིག་གི་ལམ་ལ་འབྱམས། །ནེ་ཙོ་ལྟ་བུའི་བྲག་དཀར་སྤྲང་པོ་བདག །འཚོ་བ་དཀའ་ཐུབ་བཅུད་ལེན་འདུག་པའི་སྐབས། །ཉིན་གཅིག་མཁའ་མཉམ་རང་གྲོལ་རིམ་གཉིས་ཀྱི། །ཟུང་འཇུག་སྤྱན་རས་གཟིགས་དབང་བསྒོམ་པའི་ངང༌། །རང་ལུས་སོགས་ཀུན་དངོས་པོ་མི་སྣང་ནས། །འོད་ལུས་ཐུགས་རྗེ་ཆེན་པོ་ཇི་ལྟ་བུར། །གྱུར་ནས་མཁའ་ལ་ཡོད་སྣང་འདྲ་ཞིག་བྱུང༌། །རང་རིག་འོད་གསལ་ངང་ནས་བལྟས་ཙ་ན། །ངན་སོང་སྡུག་བསྔལ་བསམ་གྱིས་མི་ཁྱབ་མཐོང༌། །ཁྱད་པར་ཡང་སོས་སྡུག་བསྔལ་གླིང་བཞི་ཙམ། །མཐོང་བ་དེ་ཡི་བཞི་ཆ་ཙམ་ཞིག་ཏུ། །བར་མཚམས་མེད་པར་ཕོ་མོ་གཅེར་བུ་ཡིས། །བཀང་ནས་མི་རྣམས་རེ་རེའི་རྩ་བ་རུ། །ལས་མཁན་ཤིན་ཏུ་མ་རུངས་མང་པོ་ཡིས། །བྱ་རིགས་རི་དྭགས་གཡུང་དྭགས་གཅན་གཟན་རིགས། །མགོ་བརྙན་མི་འདྲ་ཅན་ནི་མང་པོ་ཡིས། །ལག་ན་མཚོན་ཆ་རྣོན་པོ་རེ་ཐོགས་ནས། །རྒྱུན་དུ་མི་ཤ་དུམ་བུར་བཅད་ཅིང་ཟ། །ཡང་ཡང་བཅད་ནས་ཡང་ཡང་ཤ་རྒྱས་ཤིང༌། །ཇི་སྲིད་ལས་མ་ཟད་བར་མི་འཆི་བའི། །བག་ཆགས་འཛད་མེད་དེ་ཡི་རང་བཞིན་འཕེལ། །ཁྱད་པར་དམར་ཆོག་དེད་པའི་ཉེས་པ་འཕགས། །ཀུན་གྱིས་སྐད་ངན་འདོན་པ་འུ་རུ་རུ། །རང་སྣང་འཁྲུལ་བས་གཞན་འཁྲུལ་དེ་མཐོང་ནས། །སྡུག་བསྔལ་འདི་ལ་ཕན་ཐབས་ཅི་ཡོད་དམ། །བསམ་ཚེ་སྐད་ཅིག་མདུན་གྱི་ནམ་མཁའ་ནས། །ཐུགས་རྗེ་ཆེན་པོའི་ཞལ་ནས་འདི་སྐད་གསུངས། ཨེ་མ། ང་དང་ཚེ་རབས་ཡང་ཡང་འབྲེལ་བའི་བུ། །ལེགས་པར་གསོན་དང་བརྩོན་འགྲུས་སྙིང་སྟོབས་ཅན། །བསྐྱེད་རིམ་ལྷ་ལ་བརྟན་པ་ཐོབ་པ་དང༌། །ཡོན་ཏན་ཡལ་ག་ཅུང་རེ་རྒྱས་གདའ་སྟེ། །ཆོས་ཀྱི་རྩ་བ་བྱམས་དང་སྙིང་རྗེ་ཡིན། །ཁྱོད་ལ་བྱམས་དང་སྙིང་རྗེ་མི་གནས་སམ། །སྙིང་རྗེ་འབྱོངས་ན་ཤ་ཟ་ནུས་མི་འོས། །ཤ་ཟོས་སྡུག་བསྔལ་འབྱུང་ལུགས་འདི་ལ་ལྟོས། །རང་བྱས་ལས་ཀྱི་རྣམ་སྨིན་རང་ལ་གྲུབ། །དུས་གསུམ་རྒྱལ་བས་བྱ་ཐབས་ཅི་ཡང་མེད། །ཤ་ཟོས་ཡོན་ཏན་ཀུན་བྲལ་ཉེས་ཚོགས་ལྡན། །བཞི་བརྒྱའི་ནད་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་གནས་འབྱུང༌། །འབྲེལ་ཚད་དོན་ལྡན་བརྟུལ་ཞུགས་སྤྱོད་པ་དང༌། །སྨན་དང་ཐེག་མཆོག་གསང་སྔགས་རྫས་མ་གཏོགས། །ཤ་ཟོས་པ་ལ་ཡོན་ཏན་ཏིལ་ཙམ་མེད། །ཤ་ཟ་ཅན་ནི་བདུད་དང་སྲིན་པོའི་རིགས། །ཡིན་པས་སྡོམ་པ་ཉམས་ཤིང་ཉོན་མོངས་འཕེལ། །གཞན་ཕན་བྱམས་དང་སྙིང་རྗེའི་རྒྱུ་མེད་ཅིང༌། །འབྲས་བུ་བྱང་ཆུབ་སྙིང་པོར་སྨིན་པར་དཀའ། །ཤ་ཟོས་ལུས་ལ་ཡེ་ཤེས་ལྷ་མི་འཁོར། །བྱིན་རླབས་དངོས་གྲུབ་རྟེན་འབྲེལ་ཕྲིན་ལས་མེད། །ཤ་ཟོས་ལུས་ལ་གཞན་ཕན་རྫས་མི་འབྱུང༌། །ཕལ་ཆེར་ལྷ་ཀླུ་སོགས་ཀྱིས་སྲིན་པོར་མཐོང༌། །ཤ་ཟོས་ལུས་ལ་དྲི་ཟ་སྲིན་པོ་བདུད། །གཤིན་རྗེ་མོ་འདྲེ་རྒྱལ་འགོང་དམ་སྲི་འཁོར། །ཤ་ཟོས་འབྲས་བུ་དམྱལ་བར་སྐྱེ་བ་དང༌། །བྱ་རིགས་ལྕེ་སྤྱང་སྲིན་པོ་སོགས་ལུས་ལེན། །དེ་བཞིན་ཤ་ཟོས་སྡུག་བསྔལ་དཔག་མེད་ཡོད། །སྤངས་ན་སྔར་བཤད་ཉེས་པ་ཀུན་བྲལ་ནས། །རྟག་ཏུ་མི་མ་ཡིན་གྱིས་སྤྱི་བོར་བཀུར། །གཙང་ལྡན་ཡང་དག་བྲམ་ཟེ་ལྷ་ལུས་མཐོང༌། །ཕྱོགས་བཅུའི་སངས་རྒྱས་མ་ལུས་སྲས་འཁོར་བཅས། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་བཞིན་འདུ། །ཁྱད་པར་བྱང་ཆུབ་སེམས་དཔའ་སེམས་མ་འཁོར། །ཤུགས་འབྱུང་བྱམས་དང་སྙིང་རྗེའི་རྒྱུ་བྱེད་ཅིང༌། །འབྲས་བུ་བྱང་ཆུབ་སྙིང་པོ་མྱུར་དུ་འཐོབ། །དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་འབྱུང༌། །ཞེས་གསུངས་ཐམས་ཅད་རང་སྣང་གྱུར་པའི་རྗེས། །རྨི་ལམ་འོད་གསལ་སད་ལྟར་ཞིག་བྱུང་དུས། །བཙན་དུག་ཟོས་བཞིན་ལུས་སེམས་མི་བདེ་ཞིང༌། །འཇིགས་སྐྲག་བཟོད་མེད་སྲོག་གཟེར་སྙིང་འདར་རོ། །སྔར་གྱི་ཡང་སོས་སྡུག་བསྔལ་དྲན་ཙམ་གྱིས། །བདེ་སྡུག་གཏོང་ལེན་བྱེད་པའི་ཐབས་མ་བྱུང༌། །ཤིན་ཏུ་ཡིད་རྨོངས་མཆི་མ་རབ་འཁྲུགས་ཤིང༌། །བཟོད་གླགས་མེད་པ་སྙིང་རྗེའི་སེམས་སྐྱེས་ནས། །གཞན་གྱི་སྡུག་བསྔལ་རང་གིས་བླང་བའི་ཆེད། །མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་དག་བྱའི་ཕྱིར། །བདེན་གཉིས་བདེན་པས་དམ་བཅའ་འདི་བརྗོད་དོ། །ཨ་ཧོ། ཐུབ་དབང་ཕྱོགས་དུས་རྒྱལ་བ་སྲས་བཅས་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །དྲིན་ཅན་རྩ་བརྒྱུད་བླ་མའི་ཚོགས་རྣམས་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས་དབང་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །བདག་ནི་མ་རིག་སྒྲིབ་གཉིས་དབང་སོང་བས། །མཁའ་མཉམ་ཕ་མའི་རང་བཞིན་ཡིན་ཟེར་ཞིང༌། །རང་གིས་ཤ་ཟོས་གཞན་ལ་རྒྱུ་འབྲས་བཤད། །སྡུག་བསྔལ་འདི་ཙམ་ཆེ་བར་ཡོད་མ་ཤེས། །རྣམ་གསུམ་དག་ཤ་རྒྱལ་བས་གནང་བ་ཡིན། །སྡིག་པ་མི་འོང་ཟེར་བ་ཕལ་ཆེར་ཐོས། །དེ་རྣམས་འབྲེལ་ཚད་དོན་ལྡན་སྐྱེས་མཆོག་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པདྨ་ལྟར། །ཟབ་ལམ་གསང་སྔགས་སྤྱོད་པ་ཡིན་ཤས་ཆེ། །བདག་ནི་གཞན་ཕན་བྱམས་དང་སྙིང་རྗེ་དང༌། །བསླུ་མེད་རྒྱུ་འབྲས་ཁོ་ན་མ་གཏོགས་པ། །དེ་བས་ཟབ་པའི་གདམས་པ་ཡོད་མ་ཡིན། །ནམ་མཁའི་མཐའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་དག་པའི་ཆེད། །ཕྱིན་ཆད་ཤ་ཟ་ཡོངས་སུ་སྤང་བར་བགྱི། །དམ་བཅའ་དོར་བ་མེད་པའི་ཁས་ལེན་ཡིན། །ས་སྟེང་སེམས་ཅན་མ་ལུས་ཟོས་གྱུར་ཀྱང༌། །ངོམས་ཤིང་ཚིམ་པའི་དུས་མེད་ཆེས་ཆེར་ལྟོགས། །ཉིན་མཚན་འགའ་ཡང་བཟའ་རྒྱུ་མ་རྙེད་ན། །སྔོན་ཆད་ཏིལ་ཙམ་ཡིད་ལ་ཟོས་སྣང་མེད། །དེ་བཞིན་ཞེན་ཆགས་ཟ་འདྲེ་བྲལ་རེ་རན། །ཤ་འདིའི་རྒྱུ་ནི་ཅི་ལས་བྱུང་སྙམ་ན། །བདག་འཛིན་ཆགས་པ་ཁོ་ན་ལས་བྱུང་ངོ༌། །ཡིད་ལ་དྲན་ཙམ་ངལ་དུབ་སྐྱུག་བྲོ་ཞིང༌། །ཤིན་ཏུ་ཞེན་ལོག་འདམ་རྫབ་མི་གཙང་བའི། །རྫས་ནི་སུམ་ཅུ་རྩ་དྲུག་དང་འབྲེལ་བ། །སྡུག་བསྔལ་ཀུན་གཞིའི་ཕུང་པོ་བག་ཆགས་ལུས། །ཕལ་ཆེར་དུད་འགྲོ་ལས་ངན་རེ་རེ་ཡོད། །ཤ་དེ་གང་ཟོས་ཐར་བའི་དུས་ཀྱང་མེད། །ཤ་ཆང་དངོས་པོ་མ་དག་རྫས་ཡིན་པས། །གང་སྟེར་སྦྱིན་པར་མི་འགྲོ་རྒྱལ་བས་གསུངས། །དེ་ཕྱིར་ཉོན་མོངས་ཟས་ནི་སུ་ཡིས་ཟ། །མི་ལོ་སྟོང་ཕྲག་མང་པོ་ཡི་དྭགས་ཀྱིས། །བཟའ་བཏུང་མི་མཐོང་སྡུག་བསྔལ་མྱང་དགོས་པས། །མི་ཡིས་ཆུ་འཁྱགས་བཏུང་ཡང་ལོངས་སྤྱོད་ཡིན། །ཤ་ཆང་མ་གཏོགས་བཟའ་བཏུང་དུ་མ་ཡོད། །ལོངས་སྤྱོད་དེ་ཡིས་བྱེད་པས་མ་ངོམས་ན། །དྲིན་ལན་ངན་གྱིས་འཇལ་བ་སུ་ཡོད་དམ། །བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས། །མཁའ་མཉམ་འཇིག་རྟེན་བདུན་པོ་མ་ལུས་པ། །བདག་གི་ཨ་མར་མ་གྱུར་གཅིག་ཀྱང་མེད། །ནུ་འོ་འཐུང་བ་སྟོང་གསུམ་མཚོ་དང་མཉམ། །ཁ་ཞེ་མེད་དོ་མཆོག་གསུམ་དཔང་པོ་བཞག །སྔོན་ཆད་མ་རིག་བག་ཆགས་དབང་སོང་ནས། །མ་ཤ་གང་ཟོས་འགྱོད་པས་བཤགས་མ་ཤེས། །ད་ནི་སྟོབས་བཞི་ལྡན་པའི་ལྷག་བསམ་གྱིས། །མ་ཆགས་མི་ཆགས་ཆགས་པ་མེད་གསུངས་བཞིན། །ཕྱིན་ཆད་ཟ་སྣང་ཡིད་ལ་ཤར་ཙམ་མེད། །ཟོས་ན་དཀོན་མཆོག་གསུམ་གྱི་བཀའ་ཆད་འོང༌། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་གཟིགས། །དེ་ཕྱིར་མ་ཤ་ཟོས་ན་སྲིད་གསུམ་དུ། །དམ་ཉམས་ང་བས་སྡིག་ཆེན་ཡོད་མ་ཡིན། །གཞན་གནོད་ཆུང་ངུས་སྡོམ་ཉམས་རྒྱལ་བས་གསུངས། །ཤ་ཟོས་སྲོག་གཅོད་ཆ་མཐུན་སྨོས་ཅི་དགོས། །མྱ་ངན་འདས་མདོ་ལང་ཀར་གཤེགས་སོགས་ལས། །གང་གིས་ཤ་ཟོས་སྲོག་གཅོད་ཆ་མཐུན་པ། །ཐེག་པ་ཆེ་ཆུང་གང་ལས་བཀག་པ་དང༌། །དགོས་སུ་བྱང་ཆུབ་སེམས་དཔའ་ལ་མ་གནང༌། །བདག་ཅག་སྟོན་པ་སྲེག་པའི་ཕྲུག་གུ་དང༌། །གཅན་གཟན་གྱུར་དུས་ཤ་ནི་བཀག་པ་བཞིན། །སྟོན་པའི་རྗེས་འཇུག་རྣམས་ལ་སྨོས་ཅི་དགོས། །དེ་ནི་རྒྱལ་བའི་བཀའ་དང་མཐུན་པ་བཞིན། །འཕགས་བོད་སྐྱེས་མཆོག་མང་པོས་དགག་བྱ་ཡོད། །དེ་ལྟར་ཉེས་པ་བསམ་གྱིས་མི་ཁྱབ་བོ། །སྡིག་དང་མ་འདྲེས་པ་དེ་ཡང་དག་ཆོས། །དེ་ཕྱིར་ཡང་དག་བཀའ་དང་མཐུན་པར་ཤོག །ཅེས། ཤ་ཟོས་ཉེས་དམིགས་དཔག་མེད་མཐོང་ནས་སུ། །དྲན་ཙམ་བཙན་དུག་ཟོས་བཞིན་སྙིང་གཟེར་ནས། །སྤང་ཐབས་རང་གིས་རང་ལ་གདམས་པ་འདི། །བྲག་དཀར་ནམ་མཁའི་རྫོང་གི་དབེན་ཁྲོད་དུ། །སྤྲང་ཆེན་བདུད་འདུལ་མིང་གིས་བཀོད་པ་ཡི། །དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་ཀྱིས། །ཤ་ཟོས་ཉེས་སྒྲིབ་མ་ལུས་ཀུན་བྱང་ནས། །སངས་རྒྱས་སྟོང་གི་ཞལ་ཡང་མཐོང་བར་ཤོག །  
Suhṛllekha 173-40b ༄༅༅། །རྒྱ་གར་སྐད་དུ། སུ་ཧྲྀ་ད་ལེ་ཁ། བོད་ སྐད་དུ། བཤེས་པའི་སྤྲིང་ཡིག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་ཅིག་ བསྡེབས་ཁྱོད་ཀྱིས་གསན་པའི་རིགས། །ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཐུབ་པ་ཆེན་པོའི་བཀའ་ནི་སྨན་དགུ་ ཞིག། །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །རྒྱལ་བས་སངས་རྒྱས་ཆོས་དང་དགེ་དུན་དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། ། 173-41a ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི། །དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་། །ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད། །ལོངས་སྤྱོད་གཡོ་བ་སྙིང་པོ་ མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་དུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་ དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །གང་ལ་ ཕ་དང་མ་དག་མཆོད་བྱེད་པའི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་ སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །སེར་སྣ་ གཡོ་སྒྱུ་ཆགས་དང་སྙོམ་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་ སྩལ་ཏོ། །དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། ། 173-41b འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །འཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །བདག་ནི་འདིས་སྤྱོས་འདིས་གཏག་ཕམ་པར་བྱས། །འདི་ཡིས་བདག་གི་ནོར་ཕྲོགས་ གྱུར་ཏེ་ཞེས། །ཁོན་དུ་འཛིན་པས་འཁྲུག་ལོང་རྣམ་བསྐྱེད་དེ། །ཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག །སེམས་ཅན་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །རྒྱལ་བས་ སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། །སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐར་ཐུག་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ཟག་ ནི། །གཞི་སྟེ་དེ་དག་རྣམས་ཀྱི་དང་པོར་མཛོད། །མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །གཞན་གྱི་ཆུང་མ་མི་ལྟ་མཐོང་ན་ཡང་། །ན་ཚོད་མཐུན་པར་མ་དང་བུ་མོ་ དང་། །སྲིད་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་པ་དུག་དང་མཚོན་དང་དགྲ་བོ་དང་། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་ མཛོད། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟེན་གཡོ་དང་གང་དག་ ཅིག །གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང་། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང་། །པགས་པས་གཡོགས་དང་རྒྱན་ཡང་ 173-42a ལོགས་ཤིག་གཟིགས། །ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མེ་ལ་ཀུན་བསྟན་ཀྱང་། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་ བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ། །སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། ། མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་ འབྲས་བུ་གང་ལགས་མངོན་པར་འགྱུར། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །ལེ་ལོ་ སྡིག་པའི་གྲོགས་ལ་བརྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤང་། །ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་དུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་ བདོག་ཀྱང་ཡང་དག་འབྱོར་པ་ལགས། །དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་བུ་དང་། །ཁྱིམ་ཐབ་བརྙས་ 173-42b བགྱིད་རྗེ་མོ་ལྟ་བུ་དང་། །ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང་། །སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང་། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་ བཀུར། །ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོ་ཐུན་གྱི་སྟོད་སྨད་ བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་བསྒོམ་མཛོད་ཅིག །གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང་། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་ པར་འགྱུར། །འདོད་སྤྱོ་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་བཞི་ ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ལན་ཚྭ་སྲང་འགས་ཆུ་ནི་ཉུང་ངུ་ཞིག །རོ་བསྐྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང་། །དགེ་བའི་རྩ་བ་ཡང་ལ་མཁྱེན་པར་བགྱི། །རྒོད་ དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །དད་དང་བརྩོན་འགྲུས་དག་དང་དྲན་པ་དང་། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། ། འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས། །ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་ནི་བདག་གིར་བྱས་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། ། 173-43a གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་། །མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་ མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་མི་ལྡན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཕུང་པོ་འདོད་རྒྱལ་ ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་དུ་སྦྱོར་བ་འདི་གསུམ་ཐར་པ་ཡི། ། གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་གྱིས། །ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་ དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ནི། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། ། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང་། །ཐ་ མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་ 173-43b སྨོས་ཅི་འཚལ། །དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལས། །མི་མཆོག་ཁྱོད་ཀྱི་ཐུགས་ནི་དབྱུང་བར་མཛོད། །རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱགས་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །མཐུན་པར་གྱུར་པའི་ ཡུལ་དུ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་ བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡིད་དགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ་། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་ བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོབ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །འདི་ཡི་ཉེས་པའི་ཤས་ཀྱང་གསན་པར་ མཛོད། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། ། དེ་བས་ཆོས་མང་ཉིད་ཅིག་བཏུང་འཚལ་ལོ། །རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ 173-44a ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐགས་གཅོད་དབང་བའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ཏུ་མི་བཟད་བསྟེན་ འཚལ་ལོ། །རྐང་པའི་རེག་པས་ནེམ་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱག་རྒྱུ་བ་ཡི། །སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་འཚལ་སོན་པར་རྩེས་ནས་སླར། ། འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྷན་བཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར། །ཚ་སྒོ་བཟོད་བརླག་ཆུ་ཚན་འཇུག་འཚལ་ལོ། །ལྷ་ ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླད་ཡང་མུན་ནག་སྨག་ ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའམ་མི་མཐོང་འགྱུར། །དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི། །མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །སེམས་ཅན་ཉེས་པར་སྤྱད་ པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཁ་ཅིག་ཏིལ་བཞིན་འཚེར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག །ཁ་ཅིག་སོག་ལེས་འདྲ་སྟེ་དེ་ བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤགས། །དེ་བཞིན་གཞན་དག་ཁྲོ་ཆུ་བཞུ་བ་ཡི། །ཁུ་བ་འབར་བ་འཁྲིགས་པ་ལྡུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་དུ་རྒྱུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། ། 173-44b གཏུམ་པོས་དབད་ཅིང་ལག་པ་གནམ་དུ་བསྒྲེང་། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང་། །སེན་མོ་མི་བཟད་ལྡན་པའི་ཁྭ་རྣམས་འཐོག །ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང་། །ཤ་སྦྲང་སྦྲང་བུ་མཆུ་རིངས་ཁྲི་ཕྲག་དག །རེག་ན་མི་བཟད་རྨ་སྲོལ་ཆེར་འབྱིན་པས། །ཟ་བར་བགྱིད་ ཅིང་འགྲེ་ལྡོག་སྨྲེ་སྔགས་འདོན། །ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེག་ཁ་ཡང་བགྲད། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་འཕེད་བཞིན་དུ་འཚེད། །སྡིག་ཅན་དབུགས་འབྱུང་འགགས་པ་ཙམ་ཞིག་ གི། །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིག་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོར་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མ་བཟད། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོན། །དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབལ་བར་མི་ འགྱུར་རོ། །མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་ པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་འདེགས་པས་བཏབ་སྟེ་བཀོལ། ། 173-45a ཡི་དགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མ་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྔན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལའི་ཡང་ཏོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་ བྱེ་མ་འཚལ། །སྨད་རིགས་འགག་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་སྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྔ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། ། ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམ་པར་འགྱུར། །བར་ཆད་མེད་པར་སྡུག་བསྔལ་རྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། ། དེ་ལྟར་ཡི་དགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་ འཕོ་སྦྲོན་བགྱིད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་ 173-45b དུད་འགྲོ་ཡི་དགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །འཁོར་བ་དེ་འདྲ་ལགས་པས་ ལྷ་མི་དང་། །དམྱལ་བ་ཡི་དགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་ བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་ སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་ཉིད་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་ རྗེས་ལྟ་བུར་འཚལ་བར་བགྱི། །ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། །དེ་ཡིས་བློ་ནི་ཞི་བར་བགྱིད་མ་ལགས། །མ་རིག་པ་ལས་ལས་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་ གཟུགས་རབ་འབྱུང་། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་ལས་ནི། །རེག་པ་ཀུན་དུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པས་ལེན་པ་བསྐྱེད་པར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང་། །འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་ 173-46a མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་། །ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། །དྲན་དང་ཏིང་འཛིན་དག་དང་ལས་མཐའ་དག །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་ སླད་བསྒོམ་པར་བགྱི། །སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །དེ་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ། །འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག །མཐོང་བར་བགྱི་སླད་རྟག་ཏུ་བརྩོན་ པར་བགྱི། །པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་གྱི། །གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། །གནམ་ལས་བབས་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་ལས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་ སོའི་སྐྱེ་བོར་བས། །བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེ། །བས་པར་ དགེ་སློང་གིས་ཀྱང་བགྱི་བར་དཀའ། །འདི་ལ་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན་ཏན་བསྟན་པས་སྐུ་ཚེ་དོན་ཡོད་མཛོད། །ཀུན་ཀྱི་དགེ་བ་ཀུན་ལ་ཡི་རང་ཞིང་། །ཉིད་ཀྱི་ལེགས་པར་སྤྱད་པ་རྣམ་གསུམ་ཡང་། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ནས་དགེ་ བའི་ཕུང་པོ་འདི་ཡིས་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣམ་འབྱོར་དབང་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། །བསལ་ཏེ་ སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ལྷ་ནི་ 173-46b ན་ཆུང་མཆོག །བདེ་དགས་དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ། །ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེས་དང་། །འཆི་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་བསྙེངས་པ། །མི་བགྲེས་ནོངས་པ་མི་མངའི་གོ་འཕང་ བརྙེས་པར་མཛོད། །བཤེས་པའི་སྤྲིང་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པའོ།།  
gser 'od dam pa mdo sde'i dbang po'i smon lam bzhugs/ 207-304b [༄། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་སྨོན་ལམ་བཞུགས།] ༄༅༅། །དཀོན་ མཆོག་གསུམ་ལ་ཕྱག་འཚལ་ལོ། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང་། །དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། ། འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག །ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག །ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་ 207-305a ཆུབ་ཡན་ལག་གི། །ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་པའི་སྒྲ་ལྡན་གྱུར། །སངས་རྒྱས་དམ་པ་བྱང་ཆུབ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག །བསྐལ་པ་བསམ་ གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་གྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག །སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །རུས་པའི་ཡུལ་ལ་མེ་ལྕེ་རབ་འབར་བ། །དེ་དག་ རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་གྱུར་ནས། །སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག །སེམས་ཅན་ཀུན་གྱི་ཚེ་རབས་བརྒྱ་དག་དང་། །ཚེ་རབས་སྟོང་ཕྲག་བྱེ་བར་སྐྱེ་དྲན་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིང་། །དེ་དག་གི་ནི་ རྒྱ་ཆེན་གསུང་ཐོས་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག །བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག །མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི། །དེ་དག་བསམ་དང་སྨོན་ལམ་ གང་ཡིན་པ། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་རེ་ཀུན་རྫོགས་གྱུར་ཅིག །སེམས་ཅན་གང་དག་སེམས་དམྱལ་མི་བཟད་སྐྱེས། །ལུས་ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར། །སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །མེ་རྣམས་མ་ལུས་རབ་ཏུ་ཞི་བར་ཤོག ། སེམས་དམྱལ་ཡི་དྭགས་མི་ཡི་འཇིག་རྟེན་ན། །སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང་། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག །རྟེན་མེད་དཔུང་གཉེན་མེད་པ་དང་། །སྐྱབས་མེད་པར་ནི་གྱུར་པ་དག །དེ་རྣམས་ལ་ནི་སྐྱོབ་པ་དང་། ། དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག །སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་ 207-305b བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང་། །སངས་རྒྱས་རྣམས་སུ་མི་འཛིན་དང་། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང་། །ཕྱུག་ཅིང་རྒྱགས་པས་དྲེགས་པ་ དང་། །རིགས་དང་ལོངས་སྤྱོད་རྒྱགས་པ་དང་། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཉེས་སམ་ཉེས་པར་སྨྲས་པ་དང་། །ཉེས་པས་བགྱིས་པའི་ལས་རྣམས་དང་། །ཉེས་པའི་དམིགས་སུ་མ་བལྟས་པས། །བདག་གིས་སྡིག་པ་ གང་བགྱིས་དང་། །བྱིས་པའི་བློ་ཡིས་འཇུག་པ་དང་། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །རྩེད་མོ་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱིས་མི་ཆོག་ཉེས་པ་ཡིས། ། བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེན་པ་དང་། །ཕྲག་དོག་སེར་སྣའི་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་པ་འབྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་དང་འཇིགས་རྒྱུ་དང་། །ཕྱུག་པོ་མ་ ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །གཡོ་བའི་སེམས་ཀྱི་དབང་ཉིད་དང་། །འདོད་དང་ཁྲོ་བའི་དབང་ཉིད་དང་། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་རྒྱུ་དང་གོས་ཀྱི་ ཕྱིར། །ཉོན་མོངས་བཏུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང་ངག་དང་ཡིད་ཀྱིས་སྡིག །ཉེས་པར་སྤྱད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་ རྣམས་དང་ཆོས་རྣམས་དང་། །དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་རྣམས། ། 207-306a དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་ དང་། །ཕ་མ་རྣམས་ལ་མ་གུས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་ནི་ཕྱོགས་བཅུའི་འཇིག་རྟེན་དུ། ། སྟོབས་བཅུ་རྣམས་ལ་མཆོད་པར་ཤོག །བདག་ནི་ཕྱོགས་བཅུར་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་འདོན་གྱུར་ཅིག །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་དག་ལ་འགོད་པར་ཤོག །ས་བཅུ་དག་ལ་གནས་ནས་ཀྱང་། །ཐམས་ཅད་དེ་བཞིན་གཤེགས་ གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་མཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱོད་པར་ཤོག །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བྱེད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་ སྟོན་གྱུར་ཅིག །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་ཤོག །སངས་རྒྱས་ཡོན་ཏན་སྣང་གྱུར་ཅིག །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །སངས་རྒྱས་རྒྱ་མཚོ་ཆུ་བོ་དང་། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་ རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་ཤོག །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང་། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང་། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་ཤོག །དགོངས་པའི་ 207-306b ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིད་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་ མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་འགྲོ་བགྱིད་པ། །བདག་ནི་གང་དུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེར་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པ་རབ་ ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱིས། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །ཐུགས་རྗེ་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། ། སྔོན་ཆད་བདག་གིས་གང་བགྱིས་དང་། །ད་ལྟར་བདག་གིས་སྡིག་པ་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསྡམ་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང་། །སྡིག་དེ་བཅབ་པར་མི་བགྱིའོ། ། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ ཅད་བདག་འཆགས་སོ། །མི་དགེའི་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱིས་ནས། །ས་བཅུ་ལ་ནི་བདག་གནས་ཤིང་། །སྟོབས་བཅུ་མཆོག་ཏུ་གྱུར་པར་ཤོག །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་ སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང་། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དགེ་བ་ཀུན་ལ་ཡིད་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །བདག་གིས་ 207-307a བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་ཤོག །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་ དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་དང་། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་། །སྡིག་པའི་ གྲོགས་དང་ཕྲད་པ་ཉམ་ང་དང་། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང་། །ཞེ་སྡང་གཏི་མུག་མུན་པའི་ཉམ་ང་དང་། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང་། །བསོད་ནམས་བསྒྲུབ་པ་ཉམ་ང་གང་བགྱིས་པ། །རྒྱལ་བ་མི་མཉམ་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ ཀུན་སོ་སོར་བཤགས་པར་བགྱི། །སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །གསེར་མདོག་གསེར་ནི་དྲི་མ་མེད་པའི་གསེར་གྱི་འོད། ། དྲི་མེད་རྣམ་དག་བཻ་ཌཱུརྱ་ཡི་ཡན་ལག་སྤྱན། །སངས་རྒྱས་ཉི་མ་དཔལ་གཟི་གྲགས་འབར་འབྱུང་བའི་གནས། །ཐུགས་རྗེའི་འོད་ཟེར་དག་གིས་མུན་པ་མུན་ནག་བསལ། །ཡན་ལག་རབ་ཏུ་དྲི་མེད་འོད་བཟང་རྣམ་པར་མཛེས། །སངས་རྒྱས་ཉི་མ་ཡན་ལག་དྲི་མེད་གསེར་འདྲས་ ཁྱབ། །ཉོན་མོངས་མེད་གདུངས་ཡིད་ཅན་འབར་བའི་མེ་འདྲ་བ། །ཐུབ་པའི་ཟླ་བའི་འོད་ཟེར་དྲ་བས་ཚིམ་པར་མཛད། །མཚན་མཆོག་སུམ་ཅུ་གཉིས་ཀྱིས་དབང་པོ་ཡན་ལག་མཛེས། །དཔེ་བྱད་བཟང་པོ་དག་གིས་ཡན་ལག་རྣམ་པར་མཛེས། །དཔལ་གཟི་བསོད་ནམས་ འབར་འཁྲུངས་འོད་ཟེར་དྲ་བ་ཡིས། །འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས། །དྲི་མེད་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻ་ཌཱུརྱ། །སྐྱ་རེངས་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར། །འོད་ཟེར་དྲ་བ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པ། །ཐུབ་ཆེན་ཁྱོད་ 207-307b ནི་ཉི་མ་བཞིན་དུ་དེ་ཡིས་མཛེས། །མྱ་ངན་འཁྲུགས་པའི་འཆི་ཆུ་རྒལ་བའི་དབའ་རླབས་ཅན། །འཁོར་བའི་ཀླུང་ཆེན་ཕོངས་པའི་ཆུ་བོར་ལྷུང་བ་ལ། །སྡུག་བསྔལ་རྒྱ་མཚོ་མཆོག་ཏུ་རྩུབ་ཅིང་ཤུགས་དྲག་པ། །བདེ་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱིས་སྐོམས། །ཡན་ ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང་། །ཡེ་ཤེས་འབྱུང་གནས་འཇིག་རྟེན་གསུམ་མགོན་མཆོག །རབ་མཛེས་མཚན་གྱིས་ཡན་ལག་རྣམ་སྤྲས་པ། །སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ། །ཇི་ལྟར་རྒྱ་མཚོའི་ཆུ་ནི་དཔག་མེད་དང་། །ཇི་ལྟར་ས་ལ་ས་རྡུལ་མཐའ་ཡས་ དང་། །ཇི་ལྟར་རི་རབ་རྡོ་མཐའ་མཚུངས་མེད་དང་། །ཇི་ལྟར་ནམ་མཁའི་ཐ་མ་མཐའ་ཡས་པ། །དེ་བཞིན་སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །སེམས་ཅན་ཀུན་གྱིས་ཤེས་པར་མི་ནུས་སོ། །བསྐལ་པ་དུ་མར་གཞལ་ཅིང་བསམས་ཀྱང་ནི། །ཡོན་ཏན་ཐ་མ་ཤེས་ པར་མི་ནུས་སོ། །ཆུ་ནི་སྐྲ་ཡི་རྩེ་མོའི་ཚད་ཙམ་དང་། །རྡོར་བཅས་རིར་བཅས་རྒྱ་མཚོར་བཅས་པ་ནི། །བསྐལ་པར་བགྲངས་ན་ཤེས་པར་ནུས་ཀྱང་སྲིད། །སངས་རྒྱས་ཡོན་ཏན་ཕ་མཐའ་ཤེས་མི་ནུས། །ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང་། །དགེ་བའི་མཚན་གྱིས་ བརྒྱན་པའི་སྐུ་ལུས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡིས། །སེམས་ཅན་ཐམས་ཅད་དེ་འདྲར་གྱུར་པར་ཤོག །བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་འགྱུར་བར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ ཅིག །སེམས་ཅན་སྡུག་བསྔལ་མང་གཟིར་ཐར་བྱེད་ཤོག །སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་གྱུར་ཅིག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་ཤོག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་གྱུར་ཅིག །བདུད་རྩི་ཆུ་ཡིས་སེམས་ཅན་ཚིམ་བྱེད་ཤོག ། ཇི་ལྟར་སྔོན་གྱི་རྒྱལ་བས་རྫོགས་པ་ལྟར། །ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་ཤོག །ཉོན་མོངས་བཅོམ་ཞིང་སྡུག་བསྔལ་སེལ་གྱུར་ཅིང་། །འདོད་ཆགས་ཞེ་སྡང་གཏི་མུག་ཞི་བྱེད་ཤོག །ཚེ་རབས་བརྒྱ་དང་ཚེ་རབས་བྱེ་བ་སྟོང་། །བདག་ནི་རྟག་ཏུ་ཚེ་རབས་དྲན་པར་ 207-308a ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་རྣམས་ཀྱི་གསུང་རྒྱ་ཆེ་ཐོས་ཤོག །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་ཤོག །སྡིག་པའི་ལས་རྣམས་རྣམ་པར་སྤོང་གྱུར་ཅིང་། །དགེ་བའི་ འབྱུང་གནས་དགེ་རྣམས་སྤྱོད་པར་ཤོག །ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང་། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་དེའུ་རེ་དབང་པོ་ཚང་བར་ཤོག །གང་དག་ནད་བཏབ་ཉམ་ཆུང་ལུས་ ཉམས་དང་། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ན་ད་ལས་ཐར་གྱུར་ཅིག །ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །གང་དག་རྒྱལ་པོ་ཆོམ་རྐུན་དགྲས་བསྡིགས་བསད་ཐུག་དང་། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་ པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག །གང་དག་བརྡེགས་ཤིང་བཅིངས་པས་བཅིངས་གཟིར་བ། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང་། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ ནས་ཀྱང་། །འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག །བརྡེགས་པ་དག་ནི་བརྡེགས་ལས་ཐར་བར་ཤོག །བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག །ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག ། སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིང་། །འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག །གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་ པོས་གཏེར་རྣམས་རྙེད་པར་ཤོག །ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །གང་ཡང་སྡུག་བསྔལ་ཚོར་བར་གནོད་མ་གྱུར། །སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང་། །གཟུགས་བཟང་མཛེས་ཤིང་ཤིན་ཏུ་ཤིས་པར་ 207-308b ཤོག །རྟག་ཏུ་བདེ་བ་དུ་མ་སོགས་གྱུར་ཅིག །ཡིད་ཀྱི་ཟས་སྐོམ་རབ་འབྱོར་བསོད་ནམས་དག །བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག །རྫ་རྔ་ཅང་ཏེའུ་པི་ཝང་སྒྲ་སྙན་དང་། །ཆུ་མིག་མཚེའུ་རྫིང་བུ་ལྟེང་ཀ་དག །གསེར་གྱི་པདྨ་ཨུཏྤལ་འདབ་མ་ཅན། །ཟས་སྐོམ་གོས་ནོར་ མུ་ཏིག་ནོར་བུ་དབྱིག །རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་ཌཱུརྱ། །དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག །འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་བྱུང་། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང་། །ཕན་ཚུན་དུ་ནི་འོད་བྱེད་ གྱུར་པར་ཤོག །མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམ་པར་དེ་དག་སྐྱེ་བར་གྱུར། །བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང་། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང་། །གོས་དང་ཕྱེ་མ་མེ་ཏོག་སྣ་ ཚོགས་དང་། །ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག །དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང་། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། །རྡུལ་བྲལ་དྲི་མེད་བསྟན་པའི་ཆོས་ལ་ཡང་། ། ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག །རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག །རྟག་ཏུ་མཐོ་བའི་རིགས་སུ་སྐྱེ་བར་ ཤོག །ནོར་དང་འབྲུ་ཡིས་མཛོད་རྣམས་འབྱོར་གྱུར་ཅིག །སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་རྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་ བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་ཌཱུརྱའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག །བདག་གིས་སྡིག་ 207-309a པའི་ལས་རྣམས་བསྒྲུབས་པ་ནི། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དགེ་བ་ཐམས་ཅད་མ་ལུས་ཟད་གྱུར་ཅིག །སེམས་ཅན་གང་དག་སྲིད་པར་བཅིངས་གནས་ཀུན། །འཁོར་བའི་ཞགས་ པའི་ཐག་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག །སྡུག་བསྔལ་རྣམས་ལས་ཐར་གྱུར་ཐོབ་གྱུར་ཅིག །སེམས་ཅན་གང་དག་འཛམ་བུའི་གླིང་འདི་དང་། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ ཟབ་མོ་རྣམས་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབས་པ་ཡི། །བདག་གི་རྗེས་སུ་ཡི་རང་བསོད་ནམས་དེས། །བདག་གི་སྨོན་ལམ་འབྲས་བུ་ཡོད་པར་ཤོག །བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག །གང་དག་རྟག་ཏུ་དྲི་མ་ བྲལ་བ་དང་། །དྲི་མེད་ཡིད་ཀྱི་ཕྱག་འཚལ་བསྟོད་པ་དང་། །ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི། །བསྐལ་པ་དྲུག་ཅུར་ངན་སོང་སྤོང་བར་འགྱུར། །ཚིགས་སུ་བཅད་པ་བརྗོད་པ་འདི་དག་གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ་བ་ གང་བསྟོད་པ། །ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོ་རྟག་ཏུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར་བཤགས་ པ་འདི་ནི་གྲག་འགྱུར་བ། །དེ་དག་སངས་རྒྱས་གཅིག་གི་གན་ནས་དགེ་བ་བྱས་མ་ཡིན། །གཉིས་ལས་མ་ཡིན་བཞི་ལས་མ་ཡིན་ལྔ་མིན་བཅུ་ལ་མིན། །དེ་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་པ་ཡིན། །འདི་དག་གང་གིས་ཐོས་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་ རྒྱ་ཆེན་པོ་དང་ལྡན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བས་ཚིམ་པར་བྱེད་དེ། སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་ཤེས་པར་གྱིས་ཤིག །འདི་ལྟ་བུའི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པ་འདི་དག་ནི། སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དག་ལ་བསྟོད་པ་དང་། 207-309b སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་རྒྱུ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་དག་ཐོས་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསུངས་པའི་སྨོན་ལམ་རྫོགས་སོ།། །།  
T
༄༅། །ཐེག་པ་ཆེན་པོའི་གདམས་ངག་བློ་སྦྱོང་དོན་བདུན་མའི་རྩ་བ་བཞུགས་སོ། ། ཨོཾ་སྭསྟི། ཐེག་པ་ཆེན་པོའི་གདམས་ངག་བློ་སྦྱོང་གི་སྐོར། འཁྲིད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང༌། དགེ་བའི་བཤེས་གཉེན་འཆད་ཁ་བའི་ལུགས་ཀྱིས་དོན་བདུན་དུ་མཛད་དེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། །དང་པོ་ནི། །དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་ཏེ། །དེ་ལ་གསུམ། །དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉིས་དམིགས་བསྒོམ་པའོ། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གཉིས༌། །དོན་དམ་དང༌། །ཀུན་རྫོབ་བོ། །དང་པོ་ལ་གསུམ། །སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། །སྐྱབས་སེམས། །གསོལ་གདབ། །ཡན་ལག་བདུན་པ་འབུལ། ལུས་བསྲང༌། དབུགས་ཉེར་གཅིག་ཏུ་མ་འཁྲུགས་པར་གྲངས། གཉིས་པ་ནི། །ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ལམ་གྱི་ངོ་བོ་ཀུན་གཞིའི་ངང་དུ་བཞག །གསུམ་པ་ནི། ཐུན་འཚམས་སྒྱུ་མའི་སྐྱེས་བུར་བྱ། གཉིས་པ་ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བོ། །དང་པོ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །གཉིས་པ་ནི། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང༌། །ལེན་པའི་གོ་རིམ་རང་ནས་བརྩམ། གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། །སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། ཞེས་གསུངས་ཏེ། འདི་ལ་གཉིས། བསམ་པ་དང༌། སྦྱོར་བ། དང་པོ་ལ་གཉིས། ཀུན་རྫོབ་དང༌། དོན་དམ་མོ། །དང་པོ་ནི། །ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། གཉིས་པ་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། སྟོང་ཉིད་སྲུང་བ་བླ་ན་མེད། གཉིས་པ་སྦྱོར་བས་སྦྱང་བ་ནི། སྦྱོར་བ་བཞི་ཚོགས་བསགས། སྡིག་པ་སྦྱང༌། གདོན་ལ་མཆོད། ཆོས་སྐྱོང་མཆོད་པ་མཆན།ལྡན་ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱང༌། བཞི་པ་ཚེ་གཅིག་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། སྟོབས་ལྔ་དག་དང་སྦྱང་བར་བྱ། །འཕན་པའི། གོམས་པའི། དཀར་པོ་ས་བོན་གྱི། སུན་འབྱིན་པའི། སྨོན་ལམ་གྱི། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། ལྔ་པ་འབྱངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཁས་བླང་དང་མ་འགལ་བ། ཐོ་ཅོར་མ་སོར་བ། ཕྱོགས་རེར་བསྙུང་བ་སྟེ། འདུན་པ་བསྒྱུར་ལ་རང་སོར་བཞག །ཡན་ལག་ཉམས་པ་བརྗོད། རང་བཞིན་གྱི་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང༌། །འབྲས་བུར་རེ་བ་ཐམས་ཅད་སྤང༌། །དུག་ཅན་གྱི་ཟས་སྤངས། གཞུང་བཟང་པོ་མ་བསྟེན། ཤགས་ངན་མ་རྒོད། འཕྲང་མ་བསྒྲུབ། གནད་ལ་མི་དབབ། མཛོད་ཁལ་གླང་ལ་མི་འབྱོ། མགྱོགས་ཀྱི་རྩེ་མི་གཏོད། གཏོ་ལོག་མི་བྱ། ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གཉིས་པོ་འབྱོར་རྒུད་གཉིས་སོ།གང་བྱུང་བཟོད་པར་བྱ། །གཉིས་པོ་ཆོས་སྤྱི་དང༌། བློ་སྦྱོང་གི་དམ་ཚིག།སྲོག་དང་བསྡོས་ལ་བསྲུང༌། །དཀའ་བ་གསུམ་ཉོན་མོངས་སྐྱེས་པ་ན། དྲན་པ་བཟློག་པ་རྒྱུན་ཆད་པ་གསུམ་དཀའ་བ་ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླ་མ་འཇམ་དཔལ། ཆོས་ཉམས་སུ་ལོན། ཆོས་ཀྱི་མཐུན་རྐྱེན་འཛོམ་པ་སྟེ།བླང༌། ཉམས་པ་མེད་པ་རྣམ་གསུམ་གུས། སྤྲོ་བ། བསླབ་བྱ། བསྒོམ། འབྲལ་མེད་གསུམ་ལུས་ངག་ཡིད་གསུམ་དགོད་པ་དང༌།དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྤྱོད། ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླང༌། གོ་ལོག་མི་བྱ། བཟོད་པ། འདུན་པ། རོ་མྱང༌། སྙིང་རྗེ། གཉེར་སེམས། ཡི་རང༌། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང༌། བརྟག་དཔྱད་གཉིས་ཀྱིས་ཐར་བར་བྱ། ཡུས་མ་སྒོམས། ཀོ་ལོང་མ་སྡོམས། །ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། ཅེས་སོ། །དེ་ལྟ་བུའི་བསླབ་བྱ་ལ་ལེགས་པར་བསློབ་པས། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་པ་ཡིན། །གདམས་ངག་གི་ཁུངས་སྨོས་པ་ནི། མན་ངག་བདུད་རྩིའི་སྙིང་པོ་འདི། གསེར་གླིང་པ་ནས་བརྒྱུད་པ་ཡིན། རྣལ་འབྱོར་དབང་ཕྱུག་ཆེན་པོ་འཆད་ཀ་བ་རང་ཉིད་ཐུགས་ལེགས་པར་འབྱོངས་ལ་བརྟེན་གདམས་ངག་ལ་ཆེད་དུ་བརྗོད་པ་ནི། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་སོ། །དེ་ལྟར་རྩ་ཚིག་འདི་ལ་རྒྱས་བསྡུས་དང་གོ་རིམ་འདྲ་མིན་མང་ནའང་འདིར་རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་འཁྲིད་ཡིག་ཇི་ལྟ་བ་བཞིན་བཀོད་པའོ།། མངྒ་ལཾ།།  
75-163a Trisamayarājasādhana ༄༅༅། །རྒྱ་གར་སྐད་དུ། ཏྲི་ས་མ་ཡ་རཱ་ཛ་སྱ་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་པའི་ཐབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་པའི་ངན་འགྲོས་དུབ་རྣམས་ཀྱིས། །སེམས་ནི་རིན་ཆེན་ལྟར་རྨད་བྱུང་། །ཕུན་ཚོགས་བདེ་བ་ཀུན་འབྱུང་བའི། །དཔལ་ལྡན་དམ་ཚིག་གསུམ་ཕྱག་འཚལ། །སློབ་དཔོན་སྔ་མས་འདི་བརྗོད་པའི། །ཡང་དག་སྒྲུབ་ཐབས་ཡོད་པ་ཉིད། །འོན་ཀྱང་རྒྱས་པས་འཇིགས་རྣམས་ལ། །མདོར་བསྡུས་པ་ནི་ཉེ་བར་བརྗོད། །འདི་ལ་ངེས་པར་དཔལ་དམ་ཚིག་གསུམ་གྱི་རྒྱལ་པོའི་རྒྱུད་ཆེན་པོའི་སྔགས་ཀྱི་དཀྱིལ་འཁོར་རམ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཆོ་ག་བཞིན་དུ་དབང་བསྐུར་བ་ཐོབ་ཅིང་དེ་ལས་གསུངས་པའི་དམ་ཚིག་དང་སྡོམ་པ་གནས་པ་སྔོན་དུ་འགྲོ་བ་བྱས་ཤིང་རི་དང་ནགས་ལ་སོགས་པའི་ཕུག་གམ་ཁང་པ་དགའ་བ་དང་། གནས་ཁང་ཡང་རུང་སྟེ། འགྲུལ་འཇུག་གིས་རྣམ་པར་དབེན་ཞིང་ཡིད་དགའ་བར་གྱུར་པ་ལ་སྔགས་པས་གནས་པར་བྱས་ལ། རེ་ཞིག་དང་པོར་རྩ་བའི་རིག་པ་འདི་དག་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མདུན་དུ་མཎྜལ་ལ་མེ་ཏོག་སིལ་མ་མངོན་དུ་བཀྲམ་ཤིང་ལེགས་པར་ཕྱག་འཚལ་ཏེ། བྱང་ཆུབ་སེམས་བསྐྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བ་དང་དེ་དག་ཕྱག་འཚལ་བ་ལ་དམིགས་ནས། བཟླས་པ་གོམས་པས་སྟོང་བཟླས་པར་བྱ་སྟེ། དེ་ནི་སྔགས་རྣམས་ཐམས་ཅད་འབུམ་ཕྲག་རེ་རེ་བཟླས་པ་བྱས་པར་འགྱུར་རོ། །སྲུང་བ་ལ་སོགས་པ་ཐམས་ཅད་དང་། སྔགས་འདིས་གྲུབ་པ་ཐོབ་པར་ཡང་འགྱུར་རོ། །དེ་ལ་རིག་པ་ནི་འདི་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་དྲི་མ་དག་པར་མཛད་པ་མཐའ་ཡས་པའི་སྲས་དང་བཅས་པའི་རྒྱལ་བ་དཔག་ཏུ་མེད་ཅིང་མཐར་ཐུག་པའི་མཆོག་སྩོལ་བར་མཛད་པ་རྣམས་ཐམས་ཅད་ཀྱིས་བདག་ལ་སྩལ་དུ་གསོལ། ཤིན་ཏུ་རྒྱ་ཆེ་བའི་དངོས་གྲུབ་ཀྱི་མཆོག་མཐའ་ཡས་པ་ཐམས་ཅད་བདག་ལ་སྩོལ། དེ་ལ་རྡོ་རྗེའི་ཚིག་ནི་འདི་དག་སྟེ། ཨ་ར་ར་ཨ་ས་མ་ས་མནྟ་ཨ་ནནྟ་དྷརྨཱ་ཏེ་ཁ་ཎ་ཁ་ཎ་མ་ཧཱ་པི་ར་ཨ་ཙ་ལེ། ས་མ་ས་མ་ཨ་ས་ཧ་མ་ཧཱ་བ་ལེ། ཀ་ཎ་ཀ་ཎ་མ་ཧཱ་བ་ར་གྲྀ་ཀེ་ཧ་ཧ་ཧ་ཧ་བཛྲ་བཛྲ་དྷ་ཡེ་དྷ་ར་དྷ་ 75-163b ར་ཧཱུྃ་ཧཱུྃ་མཎྜལ་ས་མ་བཱ་ལ་ཨ་གྲ་བི་གྲ་མེ་ཀུ་རུ་ཀུ་རུ་ཏུ་རུ་ཏུ་རུ་སརྦ་ཐཱ་སར་བཾ་ཧི་ཛྭ་ལ་ཛྭ་ལ་ཨ་གྲེ་ཨ་གྲི་ཎི་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་བརྒྱ་པ་ཚུལ་དེ་ཉིད་ཀྱིས་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ། དམ་པའི་ཆོས་སྤོང་བ་དང་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ལེགས་པར་ཟད་པར་འགྱུར་རོ། །དེ་དག་ཀྱང་འདི་ཡིན་ཏེ། ཐམས་ཅད་དུ་ཉམས་པ་མེད་པའི་ཆོས་ཉིད་ཀྱིས་སྟོབས་བརྙེས་པའི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་ས་མ་ས་མ་ས་མནྟ་ཏོ་ཨ་ནནྟཱ་བཱ་ཏི་ཤཱ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག་བུདྡྷ་དྷེརྨ་ཏེ་ས་ར་ས་ར་མ་སཱ་བཱ་ལཱ་ཧ་ས་ཧ་ས་ས་ཏྲ་ཡ་ས་ཏྲ་ཡ་ག་ག་ན་མ་ཧཱ་བཱ་ལ་རཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། དེ་ནས་རང་དང་གཞན་ལ་ངེས་པར་ལེགས་པར་སྒྲུབ་པའི་ཡན་ལག་ཉིད་དུ་སྔོན་དུ་འགྲོ་བའི་ཆོ་ག་རྗེས་སུ་བསྒྲུབ་པར་བྱའོ། །དེ་ལ་དང་པོ་ནང་པར་སྔར་ལངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྗེ་བོ་ཡིན་པའི་བསམ་པ་ཉིད་ཀྱིས་འདི་ལྟར་རབ་ཏུ་ཕྱག་འཚལ་ཏེ། འཇིག་རྟེན་ཁམས་ནི་མཐའ་ཡས་ན། །ཇི་སྲིད་རྒྱལ་བ་སྲས་བཅས་པ། །དེ་དག་ཀུན་ལ་ལུས་ངག་དང་། །བདག་ཡིད་ཀྱིས་ཀྱང་ཕྱག་འཚལ་ལོ། །དེའི་རྗེས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། བྱང་ཆུབ་སྦྱིན་པར་བྱེད་པ་ཡིས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །སེམས་ཅན་ཀུན་ལ་ཕན་འབྱུང་བའི། །བཟང་པོའི་སྤྱོད་པ་བདག་གིས་སྤྱད། །དེ་ནས་བགེགས་ཐམས་ཅད་ཚར་གཅད་པར་བྱ་བའི་དོན་དུ་རྡོ་རྗེ་གཏུམ་མོའི་ཕྱག་རྒྱ་བཅིངས་ལ་མི་གཡོ་བའི་སྙིང་པོ་དོན་ཡོད་པ་ལན་གསུམ་བརྗོད་པར་བྱའོ། །དེ་ལ་རྡོ་རྗེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཡས་པའི་ཐལ་མོ་གྱེན་དུ་བསླངས་ལ་མཐེ་བོང་གིས་མཛུབ་མོའི་རྩེ་མོ་མནན་པའི་ལྷག་མ་རྣམས་ནི་རྡོ་རྗེའི་མཚན་ཉིད་དོ། །སྔགས་ནི་རྡོ་རྗེ་ཅན་མ་ལུས་པ་ལ་ཕྱག་འཚལ་ལོ། །ཏྲཱ་ཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྭཱ་ཊ་ཡ་ཧཱུྃ་ཏྲ་མ་ཡ་ཏྲ་མ་ཡ་ཧཱུྃ་ཊ་ཊུ་ཧཾ་མཾ། བཀྲ་ཤིས་ཀྱི་ཡང་བཅིང་བར་བྱ་སྟེ། གཉིས་ཀའི་སོར་མོ་རྣམས་སྤེལ་ནས་ནང་དུ་བཀུག་པས་ཁུ་ཚུར་བཅངས་ཏེ། གུང་མོ་གཉིས་རྩེ་གཅིག་ཏུ་ཕྱིར་བསྐྱེད་ལ་མཛུབ་མོ་གཉིས་ཀྱང་མཐེ་བོང་གི་རྩེ་མོས་ 75-164a ཅུང་ཟད་མ་རེག་པར་མནན་ལ་གཟུང་བར་བྱའོ། །སྔགས་ནི་ཨོཾ་ཧ་ར་ཧ་ར་མ་ཧཱ་ནི་མཏྟི་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་གདོང་བཀྲུ་བ་ལ་སོགས་པ་བྱས་ལ་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། ཐང་ཀ་དང་གླེགས་བམ་དང་། སྐུ་གཟུགས་ལ་སོགས་པ་གང་ཡང་རུང་བའི་མདུན་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ཤིང་མེ་ཏོག་སིལ་མ་གཅལ་དུ་བཀྲམ་པའི་མཎྜལ་བྱས་ལ། སྔར་བཞིན་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་ཡན་ལག་ཐམས་ཅད་ཀྱིས་ལེགས་པར་ཕྱག་བཙལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱིས་བདག་ཉིད་དབུལ་གྱིས། ཐམས་ཅད་ནས་དུས་ཐམས་ཅད་དུ་ལེགས་པར་བདག་གཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་རྣམས་ཁྱེད་ལ་ནི་དངོས་གྲུབ་ཀྱི་མཆོག་གསོལ་བ་ཡང་ལགས་ཀྱིས་ཞེས་བྱའོ། །དེ་ནས་སྡིག་པ་རྣམས་ཐམས་ཅད་བཤགས་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་བསྐྱེད་པའི་དུས་ཐམས་ཅད་པའི་སྡིག་པ་ཐམས་ཅད་ལྷག་མ་མ་ལུས་པར་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ལྟར་བདག་གིས་ཀྱང་བཤགས་པར་བགྱིའོ། །ཞེས་བྱ་བའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དུས་གསུམ་གྱིས་བསྡུས་པ་གང་དག་ཡིན་པ་དེ་དག་རྣམས་ལ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ལྟར་རྗེས་སུ་ཡི་རང་བར་གྱུར་པའི་མཆོག་གི་རྗེས་སུ་ཡི་རང་བར་བགྱིའོ་ཞེས་སོ། །དེ་ནས་སྐྱིལ་ཀྲུང་གིས་ལེགས་པར་གནས་ལ། དམ་ཚིག་གི་ཕྱག་རྒྱ་འདི་བཅིང་བར་བྱ་སྟེ། ཐལ་མོ་སྦྱར་བ་སྤྱི་བོའི་སྟེང་དུ་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ནི་ཡང་དག་པར་གྲུབ་པར་སྒྲུབ་པ་ལ་ཕྱག་འཚལ་ལོ། །མཐར་ཕྱིན་པའི་ཐུགས་རྗེས་མཆོག་སྟེར་བ། ཏ་ཡི་ཏ་ཡི། ཨ་ཏི་བ་ལི་ན་མོ་སྟུ་བ་ར་སིདྡྷི་དཱ་ཡ་ཀེ་བྷྱོ། 75-164b མ་ཧཱ་ཀྲི་པེ་བྷྱཿསྭཱ་ཧཱ། འདི་དག་ནི་ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་ཀྱི་དམ་ཚིག་ལེགས་པར་བསྟན་པར་འགྱུར་རོ། །དེ་ནས་སྔར་བཞིན་དུ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་མི་གཡོ་བའི་སྙིང་པོ་རྗེས་སུ་དྲན་པར་བྱ་བ་ནི། ན་མཿས་མནྟ་བཛྲ་ཎཱཾ་ཨ་ཙ་ལ་ཀཱ་ཎ་ཙནྜ་སཱ་དྷ་ཡ་ཧཱུྃ་ཕཊ། དེའི་རྗེས་ཐོགས་སུ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་མགོ་ལ་དགོད་པར་བྱ་བ་ལ། གཡས་པ་ཁུ་ཚུར་བཅངས་པའི་མཐེ་བོང་བསླང་བར་བྱ་བའོ། །སྔགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏྲི་ཤི་ཁཱ་གྲི་ན་མསྟུ་སྟེ། ས་མནྟ་ད་ས་མནྟཱ་གྲི་གུཧྞཱ་ཙ་ལཱ་གྲ་དྷ་ར་མེ། པི་དྷུ་ཎཱ་ཧི་ཀླེ་ཤ་དུཿཁཱ་ཛཱ་ལཱ་ན་ཛ་ག་ཏཿསརྦ་སུ་ཁ་ན་དཱ་ཧི་ཙ་ཤུ་ཏ་ཏྲེ་དམ་ཏྲི་ས་མ་ཡེ་ཀུ་རུ་སྭཱ་ཧཱ། འདིས་ནི་སྔགས་པ་ཐེག་པ་ཆེན་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་བར་ཆད་མེད་པར་གྲུབ་པར་ཡང་འགྱུར་རོ། །གཞན་ཡང་ཟླ་མེད་པའི་སྲུང་བ་ཆེན་པོ་གནས་ལྔར་དགོད་པར་བྱ་སྟེ། སྲུང་བ་ཆེན་པོར་འགྱུར་རོ། །སྲིན་ལག་དང་མཐེའུ་ཆུང་དག་ནང་དུ་བཅུག་པའི་སྙིམ་པ་བྱས་ལ་མཐེའུ་ཆུང་གཉིས་ཕྱིར་བརྐྱང་ལ་རྩེ་མོ་སྤྲད་དེ་སྲིན་ལག་གཉིས་བཀུག་པ་དེའི་སྟེང་དུ་མཐེ་བོང་གཉིས་ཅུང་ཟད་མ་རེག་པར་དགོད་དོ། །གུང་མོ་གཉིས་སྦྱར་ནས་བསྒྲེང་བ་དེའི་ལོགས་ཀྱི་ཚིགས་གསུམ་བར་མཛུབ་མོ་ཅུང་ཟད་བཀུག་པས་བཀོད་པ་ནི་ཟླ་མེད་པ་ཞེས་བྱ་བའི་ཕྱག་རྒྱའོ། །སྔགས་ནི་ན་མཿས་མནྟ་བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་ཕཊ། ཡཱ་ས་ཧེ་ཧཱུྃ་ཕཊ། དེ་ནས་ནི་གོ་ཆ་ཆེན་པོའི་ཕྱག་རྒྱ་སྟེ། རྡོ་རྗེ་མི་ཐུབ་པའི་གོ་ཆ་བགོ་བར་བྱ་བ། མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པ་གཞན་རྣམས་ཀྱི་རྩ་བ་དང་བར་དང་རྩེ་མོ་ལེགས་པར་སྦྱང་བ་ནི་རྡོ་རྗེ་མི་ཐུབ་པའོ། །སྔགས་ནི་ན་མཿས་མནྟ། བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲ་བ་ཡེ་བ་ཀ་བ་ཙེ་ཧོ་བཛྲ་བཛྲ་ཧཱུྃ་ཕཊ། དེ་ལྟར་བདུད་ལ་སོགས་པ་རྣམས་ཀྱིས་ཆེས་ཤིན་ཏུ་ཡང་བརྫི་བར་མི་འགྱུར་རོ། །དེ་ལྟར་བདག་སྲུང་བ་བྱས་ནས་གནས་སྲུང་བར་བྱ་སྟེ། དེ་ལྟར་རྡོ་རྗེ་གདན་གྱི་ཕྱག་རྒྱས་གདན་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་བ་ལས། སྐྱིལ་ཀྲུང་བཅས་ལ་ཐལ་མོ་གཡོན་པ་བཀན་པའི་སྟེང་དུ་ཐལ་མོ་གཡས་པ་ཁ་ཡར་ལྟ་བ་ལེགས་པར་བཞག་པ་ནི་རྡོ་རྗེ་གདན་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲ་ས་ནེ་པཾ་ཧཱུྃ་ཕཊ། དེ་ནས་རྡོ་རྗེའི་དཀྱིལ་འཁོར་གྱི་ཕྱག་རྒྱས་བདག་ 75-165a ཉིད་ཀྱི་གནས། རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། ཐལ་མོ་མཉམ་པར་སྦྱར་བ་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཀྱི་ཚིགས་དབུས་མ་བཅག་ནས་ནང་དུ་བཀུག་སྟེ་ལེགས་པར་བཅུག་པས་ཀ་བའི་རྣམ་པར་རོ། །ལྷག་མ་ཁབ་ཀྱི་རྣམ་པར་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲཱ་གྲ་བྷུ་བ་ནེ་ལྃ་ཨོཾ་ཧཱུྃ་ཕཊ། ད་ནི་རྡོ་རྗེ་ར་བ་ཡིན་པས། དེའི་ཕྱག་རྒྱ་དགོད་པར་བྱ་སྟེ། སྙིམ་པ་གདངས་པའི་སྲིན་ལག་གཉིས་ནང་དུ་དགུག་གུང་མོ་གཉིས་རྩེ་སྤྲད་ནས་བསྒྲེང་བའི་ཚིགས་གསུམ་པ་ལ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་བཀོད་པའི་ལོགས་ལ་ཡང་མཐེ་བོ་གཉིས་སྦྱར་བ་ནི་ར་བའི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲ་མཎྜ་ལེ་བནྡྷ་བནྡྷ་ཧཱུྃ་ཕཊ། དེ་ནས་དེའི་སྟེང་དུ་རྡོ་རྗེའི་གུར་ཡིན་པས་དེའི་ཕྱག་རྒྱ་དགོད་པར་བྱ་སྟེ། ཐལ་མོ་མཉམ་དུ་སྦྱོར་ལ་སྲིན་ལག་གཉིས་དང་མཛུབ་མོ་གཉིས་རྒྱབ་སྤྲད་ལ་ནང་དུ་དགུག་གོ། །གུང་མོ་རྩེ་སྤྲད་ལ་བསྒྲེང་དེ་བཞིན་དུ་མཐེའུ་ཆུང་དང་མཐེབ་མོ་དག་ཀྱང་བྱས་པ་ནི་གུར་གྱི་ཕྱག་རྒྱའོ། །སྔགས་ནི། ན་མ་ས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲཱ་གྲ་བྷ་ནེ་མཿཧཱུྃ་ཕཊ། དེ་ནས་ཕྱི་རོལ་དུ་རྡོ་རྗེ་འབར་བ་སྟེ། དེའི་ཕྱག་རྒྱ་དགོད་པར་བྱ་བ་ནི། མི་འཇིགས་པའི་ཕྱག་རྒྱར་བྱས་པའི་རྒྱབ་ཏུ་གཡོན་པ་སོར་མོ་རྣམས་ཀྱི་བཀབ་ལ། གཡས་པས་བསྐོར་བ་ནི་རྡོ་རྗེ་འབར་བའོ། །སྔགས་ནི། ན་མ་ས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་ཕཊ། དེ་ནས་མཚམས་གཅད་པར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་བས་གཡས་སུ་བསྐོར་བར་བྱའོ། །བར་མཚམས་མེད་པ་ཞེས་བྱ་བའི་མཚམས་བཅད་པའོ། །འདིའི་སྔགས་ནི། ན་མཿས་མནྟ་བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་མ་ཧཱ་སཱི་མཱ་བནྡྷེ་བནྡྷ་བནྡྷ་བཛྲེ་བཛྲི་ཎི་ཧཱུྃ་ཕཊ། དེ་ལྟར་སྲུང་བ་ཡན་ལག་དང་བཅས་པ་བྱས་པ་དེས་དེ་ནས་རང་གི་གནས་ནས་གནས་པ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་དང་། ཡོན་གྱི་སྙན་གསན་ལེགས་པར་དབབ་པའོ། །དེས་དེ་དག་རྣམས་ཀུན་ནས་དགོངས་པར་འགྱུར་རོ། །དངོས་གྲུབ་ཀྱི་མཆོག་རྣམས་ཀྱང་སྟེར་བར་འགྱུར་རོ། །ཁུ་ཚུར་གཉིས་གཤིབས་པའི་མཐེའུ་ཆུང་གཉིས་སོ་སོར་ཕྱིར་བརྐྱང་བ་ནི་དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱའོ། །སྔགས་ནི་སངས་རྒྱས་ 75-165b དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨཱཿཨ་མ་ལ་བི་ཀྲཱན་ཏ་ཏེ་ཛི་ནི་ཨ་ར་ཛེ་སྭཱ་ཧཱ། དེ་ནས་དྲི་ལ་སོགས་པའི་ཕྱི་རོལ་གྱི་ཉེ་བར་སྤྱད་པར་བྱ་བ་ཡོད་པ་རྣམས་མི་གཡོ་རྡོ་རྗེའི་ཕྱག་རྒྱས་ཡོངས་སུ་སྦྱངས་ལ་དྲི་ལ་སོགས་པ་རྣམས་སོ་སོར་རང་རང་གི་སྔགས་ཀྱིས་ལན་བརྒྱད་དུ་མངོན་པར་བསྔགས་ལ་མཆོད་པར་བྱའོ། །དེ་ལ་དྲིའི་སྔགས་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཚུངས་པ་མེད་པའི་བདག་གི་དྲི་དམ་པ་འདི་ནམ་མཁའི་དབྱིངས་དག་ཆེར་ཁྱབ་པས་བཅོམ་ལྡན་འདས་ལ་འཕྲོ་བའི་དོན་ཐམས་ཅད་སྒྲུབ་པ་སྭཱ་ཧཱ། མེ་ཏོག་གི་སྔགས་ནི། དུས་གསུམ་དུ་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དུ་བསྐོར་བས་བསྐོར་བའི་མེ་ཏོག་ཆེན་པོ་དང་ལྡན་པ་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །རྩེ་མོའི་དྲི་མཆོག་གི་རྩེ་མོར་གྱུར་པའི་སྤོས་ཀྱི་རྩེ་མོ་སྭཱ་ཧཱ། མར་མེའི་སྔགས་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆེད་ཅིང་འབར་བའི་མར་མེའི་སྣང་བའི་རྩེ་མོ་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ར་ར་པ་ར་ར་ཀ་ར་ར་གཏོར་མ་བཏང་ཞིང་བདག་གིས་གཏོར་མ་དབུལ་བའི་གཏོར་མ་ཆེན་པོ་སྭཱ་ཧཱ། དེ་ནས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་གནས་པའི་སྣ་ཚོགས་པའི་མཆོད་པའི་ཡན་ལག་གཞན་རྣམས་འདི་ལྟར་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་བདག་གིར་མ་བྱས་ཤིང་ཡོངས་སུ་གཟུང་བ་མེད་པའི་མཆོད་པའི་བྱེ་བྲག་ཏུ་གྱུར་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གང་དག་ཐང་ལས་སྐྱེས་པ་རིན་པོ་ཆེའི་རི་དང་དཔག་བསམ་གྱི་ཤིང་ལ་སོགས་པ་དང་ཆུ་ལས་སྐྱེས་པ་རྒྱ་མཚོའི་རིན་པོ་ཆེ་ལ་སོགས་པ་དང་། གསེར་གྱི་འདམ་ལས་སྐྱེས་པ་ལ་སོགས་པ་དང་། གཞན་ཡིད་གང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྣམས་ཐམས་ཅད་ཀྱང་སྟེ། དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ 75-166a རྣམས་ལ་ཅི་ནས་ཀྱང་དབུལ་བར་བགྱིའོ་ཞེས་བྱ་བ་ནི་དཔེའོ། །ཡིད་ཀྱི་རང་བཞིན་གྱི་མཆོད་པའི་སྤྲིན་ཚོགས་རྣམས་ཀྱང་འདི་ལྟར་དབུལ་བར་བྱ་སྟེ། རྩེ་མོ་ཅུང་ཟད་བསྐུམ་ནས་ཐལ་མོ་གང་བར་སྦྱར་བས་ཕྱག་འཚལ་བའི་མཚན་ཉིད་ཀྱི་ཐལ་མོར་བྱས་ལ། འདི་སྐད་དུ་བརྗོད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་དང་བདག་གི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་དང་རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་མངོན་པར་གསུངས་པའི་མཆོད་པའི་སྤྲིན་ཆེན་པོ་ཀུན་དུ་འབྱུང་བར་གྱུར་ཅིག་ཅེས་བསམ་པར་ཡང་བྱས་ལ། མཆོད་པ་བྱིན་གྱིས་རློབ་པར་བྱེད་པའི་རིག་པའི་རྒྱལ་པོ་འདི་ལན་བརྒྱད་རྗེས་སུ་བརྗོད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨུཏྒ་ཏེ་སྥ་ར་ཧི་མྃ་ག་ག་ན་ཁྃ་ས་མནྟ་ཏ་སྭཱ་ཧཱ། དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པར་བྱེད་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཡོན་ཏན་སྣ་ཚོགས་པའི་གདངས་དང་ལྡན་པའི་སྒྲ་དབྱངས་ཀྱི་སྤྲིན་ཚོགས་རྒྱ་མཚོ་དང་། ཆོས་ཀྱི་སྒྲ་དབྱངས་ཀྱི་སྤྲིན་ཚོགས་རྒྱ་མཚོ་རྣམས་ཀྱིས་ཀྱང་ཐམས་ཅད་དུ་ཚིམ་པར་གྱུར་ཅིག་ཅེས་བསམས་ལ། བསྟོད་པ་དང་སྒྲ་དབྱངས་ཀྱི་སྤྲིན་ཚོགས་རྣམས་མངོན་པར་འབྱུང་བར་བྱེད་པའི་རིག་པའི་རྒྱལ་པོ་འདི་ལན་བརྒྱད་རྗེས་སུ་བརྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་བྷི་ཛྙཱ་ར་ཤི་ནི་ན་མོ་སྟུཏྟེ་སྭཱ་ཧཱ། དེ་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་བདག་གི་དངོས་པོ་དང་མཚུངས་པར་ཐམས་ཅད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྤྲིན་ཚོགས་ཐམས་ཅད་ནས་ཀུན་དུ་སྤྲོས་པས་སེམས་ཅན་རྣམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ་བ་དང་། ཀུན་དུ་བཟང་པོའི་སྐུ་ལ་སོགས་པ་དག་པ་མཐར་ཐུག་གི་བར་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལེགས་པར་ཐོབ་པར་ 75-166b མཛད་དུ་གསོལ་ཞེས་ཀྱང་བསམས་ལ་རིག་པའི་རྒྱལ་པོ་འདི་ལན་བརྒྱད་ཀྱི་བར་དུ་རྗེས་སུ་བརྗོད་པར་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ཞིང་བསྟོད་དོ། །སེམས་ཅན་ལ་ཕན་པ་མཛད་པས་བཞུགས་སུ་གསོལ། ཐམས་ཅད་ལ་ཆོས་རྣམས་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ། སྭཱ་ཧཱ་མཆོད་པ་ལ་སོགས་པ་དེ་དག་རྣམས་ཐམས་ཅད་སྔགས་ལ་སོགས་པའི་སྟོབས་ཀྱི་ཕྱིན་ཅི་ལོག་ཏུ་འགྱུར་བ་མ་ཡིན་ནོ་ཞེས་དད་པར་བྱ་བའོ། །དགེ་བའི་རྩ་བ་དེ་རྣམས་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྗེས་སུ་མཁྱེན་པའི་ཡོངས་སུ་བསྔོ་བར་གྱུར་པ་དེ་ལྟར་བདག་གིས་ཀྱང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བ་འདིས་ཀྱང་བདག་ཀུན་དུ་བཟང་པོའི་སྤྱོད་པས་བྱང་ཆུབ་མངོན་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱང་ཀུན་དུ་བཟང་པོའི་སྤྱོད་པ་ཡོངས་སུ་དག་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་བྱིན་རླབས་འབྱུང་བར་བྱ་བའི་དོན་དུ། དེའི་ཕྱག་རྒྱ་བཅིངས་ལ་སྔར་བཤད་པའི་ཡི་གེ་བརྒྱ་པ་དྲན་པར་བྱའོ། །ཡང་ན་ཡི་གེ་ལྔ་པའོ། །ལག་པ་གཉིས་ཕན་ཚུན་དུ་རྒྱབ་སྦྲེལ་བས་གཤིབས་པའི་སོར་མོའི་རྩེ་མོ་གྱེན་དུ་བསྟན་ལ་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ཀྱང་ལུ་གུ་རྒྱུད་དུ་དགོད་ཅིང་གུང་མོ་གཉིས་དང་སྲིན་ལག་དག་ཀྱང་བསྒྲེང་བའི་བར་དུ་མཐེ་བོང་གཉིས་བཅུག་པ་ཁ་གྱེན་དུ་བསྟན་ལ་བཟུང་བ་ནི་ཡི་གེ་བརྒྱ་པའི་ཕྱག་རྒྱའོ། །ཡི་གེ་ལྔ་པའི་ཕྱག་རྒྱ་ཡང་། ཐལ་མོ་ཁ་སྦྱར་དུ་བྱས་ཏེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་རྩེ་མོ་ལ་རེག་པར་བྱས་ལ་ལྷག་མ་ནི་དེ་ཁོ་ན་ཉིད་བཞིན་དུ་ཁབ་ཀྱི་རྣམ་པར་རོ། །སྔགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨཱ་བཱིར་ཧཱུྃ་ཁྃ། ད་ནི་ཕྱག་རྒྱ་ཐམས་ཅད་ཡང་དག་པར་སྡུད་པར་གྱུར་པ་ཀུན་དུ་སྣང་བར་བྱེད་པ་གཙུག་ཏོར་གྱི་ཕྱག་རྒྱའམ་ཆོས་ཀྱི་འཁོར་ལོའི་བཅིང་བར་བྱའོ། །ལག་པ་གཉིས་མཉམ་པོར་བཀན་ནས་བརྐྱང་ལ་ 75-167a སྲིན་ལག་དང་མཛུབ་མོ་ལག་པའི་ནང་དུ་སེན་མོས་སེན་མོ་གཏུགས་པ་ལ་མཐེ་བོང་གི་རྩེ་མོ་དགུག་གོ། །མཐེའུ་ཆུང་ནི་རྩེ་སྤྲད་ལ་སྦྱར་ཏེ་བརྐྱང་ངོ་། །གུང་མོ་ནི་དེ་ཁོ་ན་ལྟར་སེན་མོའི་རྩེ་མོ་མཉམ་པོར་སླང་ངོ་། །ཀུན་དུ་སྣང་བར་བྱེད་པ་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་ཉིད་ལ་མཛུབ་མོ་བཤུགས་ལ་སེན་མོས་སེན་མོ་ལ་ཅུང་མ་རེག་པའི་མཎྜལ་གྱི་རྣམ་པ་སྟེ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །རིམ་པ་ཇི་ལྟ་བ་བཞིན་དུ་འདི་དག་གཉིས་ཀྱི་སྔགས་ནི། ཨཱཿམཾ་ཧཾ། ཨོཾ་དྱུན་པ་ཏ་ཡཙྪ་ན་ཏ་ཙ་ཀྲེ་ཎ་བཛྲི་ཎཱ་ཧཱུྃ། འདི་དག་གཉིས་གང་ཡང་རུང་བ་བཅིངས་ལ་སྔགས་ལན་ཅིག་བརྗོད་ལ་འགྲོ་བའམ་འདུག་པས་ཀྱང་བཟླས་པར་བྱ་སྟེ། བདུད་ལ་སོགས་པས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །དངོས་གྲུབ་རྣམས་ཀྱང་འདི་ལ་མངོན་སུམ་དུ་འགྱུར་རོ། །མྱུར་དུ་འགྲུབ་པར་བྱ་བའི་དོན་དུ་དེ་ནས་ཆོས་འབྱུང་གི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་བརྗོད་པར་བྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་མཐེའུ་ཆུང་དང་མཐེ་བོ་རྣམས་གྱེན་དུ་བརྐྱང་བར་བྱ་བ་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །སྔགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨཱཿས་ར་པ་ཐཱ་སར་པ་ཏྲ་ཎ་ཀེ་སྭཱ་ཧཱ། རང་གི་ཕྱག་རྒྱ་དང་སྔགས་ཀྱང་ལན་ཅིག་བརྗོད་པས་དམ་ཚིག་བརྟན་པར་བྱའོ། །རང་གི་ཕྱག་རྒྱ་རྣམས་ཀྱང་ཅི་རིགས་པར་རིག་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བར་དམིགས་ཤིང་བཟླས་པ་གོམས་པས་ཇི་ལྟར་མངོན་པར་འདོད་པའི་སྔགས་རྣམས་མྱུར་བར་མ་ཡིན་བུལ་བར་མ་ཡིན་པའི་རྟོག་པ་སྤངས་ལ་སྔགས་ཀྱི་ཡི་གེ་རིག་པའི་སེམས་ཀྱིས་ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ལན་ཅིག་བརྗོད་ལ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་དག་གདོན་པར་བྱའོ། །ཐ་མར་མཆོད་ཅིང་ཕྱག་བཙལ་ལ་ཟས་བཟའ་བར་བྱའོ། །ཟ་བ་ན་ཡང་སྔགས་འདིས་ལན་བརྒྱད་དུ་མངོན་པར་བསྔགས་ཏེ་དང་པོའི་ཆ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྷ་བཤོས་སུ་བྱས་ལ་འབྲིང་པོའི་ཚད་དུ་བཟའ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། 75-167b སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་སྟོབས་སྦྱིན་པའི་གཟི་བརྗིད་ཀྱི་ཕྲེང་བ་སྭཱ་ཧཱ། ཟོས་པའི་ལྷག་མ་ཡང་འཕགས་པ་མི་གཡོ་བ་གཏུམ་པོ་དོན་ཡོད་པའི་སྙིང་པོས་ལན་ཅིག་མངོན་པར་བསྔགས་ལ་ལྷག་མའི་ཆང་བུ་སྦྱིན་པར་བྱ་སྟེ། རྟག་ཏུ་རྗེས་སུ་འབྲེལ་པ་རྣམས་ཀྱིས་བླང་བར་དངོས་གྲུབ་སྟེར་བར་བྱེད་དོ། །ཟོས་པ་ངལ་སོས་ནས་ཀྱང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། དམ་པའི་ཆོས་ལ་དགའ་བ་ཉིད་ཀྱིས་གནས་པར་བྱའོ། །གལ་ཏེ་ནུས་པར་གྱུར་ན་ཕྱི་དྲོ་ཡང་སྲུང་བ་ལ་སོགས་པ་ཡན་ལག་དང་བཅས་པ་དང་མཆོད་པ་ལ་སོགས་པ་དེ་དག་ཐམས་ཅད་བྱས་ལ་བཟླས་པ་བྱའོ། །མི་ནུས་ན་སྔ་དྲོ་བྱས་པ་ཉིད་ཀྱི་སྲུང་བ་ལ་སོགས་པ་གཤེགས་སུ་མ་གསོལ་བར་གནས་པ་ཉིད་ཀྱིས་བསམ་པ་བརྟན་པར་བྱས་ལ། འཕགས་པ་མི་གཡོ་རྡོ་རྗེའི་ཕྱག་རྒྱ་སྔགས་དང་བཅས་པས་བགེགས་བསྐྲད་ཅིང་ཡི་གེ་ལྔ་པ་ལ་སོགས་པ་གཞན་གང་ཡང་རུང་བ་ཕྱག་རྒྱ་དང་བཅས་པས་སྲུང་བ་བྱས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་ཉེ་བར་བླངས་ཤིང་སྔར་བཞིན་དུ་བཟླས་པར་བྱའོ། །ཉི་མ་རྒས་པ་དང་ར་བ་དང་གུར་ལ་སོགས་པས་གཤེགས་སུ་གསོལ་ལ། འོད་ཟེར་གྱི་ཕྲེང་བའི་ཆོ་ག་བསྒོ་བར་བྱ་སྟེ། ཕན་ཚུན་དུ་སོར་མོ་སྦྲེལ་བས་ནང་དུ་ཁུ་ཚུར་ལ་གུང་མོ་གཉིས་ཁབ་བཞིན་དུ་ཕྱིར་བརྐྱང་བ་དེའི་ཚིགས་གསུམ་པ་ལ་མཛུབ་མོ་ཟུང་གི་རྩེ་མོ་སོ་སོར་གཏད་པའི་ལོགས་ལ་མཐེ་བོང་དག་སྦྱར་བ་ནི་འོད་ཟེར་ཕྲེང་བའི་ཕྱག་རྒྱའོ། །སྔགས་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དམ་ཚིག་ཆེན་པོ་རྟོགས་པ། མཉམ་པ་ཉིད་ཐུགས་སུ་ཆུད་པ་ཐམས་ཅད་དུ་མཉམ་པར་སེམས་ཅན་རྣམས་སྐྱོབ་པ། ཆོས་ཀྱི་དབྱིངས་ཤིན་ཏུ་ཆགས་པ་མེད་པ་སྭཱ་ཧཱ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་ཡང་མི་ཉལ་བར་དམ་པའི་ཆོས་གདོན་པ་ལ་སོགས་པ་བྱའོ། །གུང་ཐུན་ལ་ཡང་ཁྲི་སྤངས་པའི་མལ་སྟན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ཐམས་ཅད་ཀྱིས་ལེགས་པར་ཕྱག་འཚལ་བ་ཉིད་ཀྱིས་ཉལ་ 75-168a བར་བྱའོ། །མཁྱེན་དུ་གསོལ་བ་ཡང་བྱ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་རྣམས་ཀྱང་སྩལ་དུ་གསོལ། ཁྱེད་ཀྱིས་ཉེ་བར་འཚེ་བ་རྣམས་ཐམས་ཅད་ཀྱང་རབ་ཏུ་ཞི་བར་མཛད་དུ་གསོལ། ཞེས་སོ། །ཆོ་ག་འདི་ཉིད་ཀྱང་ཉི་མ་རེ་རེ་ཞིང་འབུམ་ཕྲག་བཟླས་པ་དང་ཇི་སྲིད་དུ་ཟླ་བ་ཉའི་བར་དུ་སྟེ། ཇི་སྲིད་དུ་གྲུབ་པའི་རྟགས་བྱུང་བར་གྱུར་གྱི་བར་དུའོ། །དེ་ནས་ཟླ་བ་ཉ་བ་ལ་སོགས་པའི་ཚེས་གྲངས་ལ་ཟས་བཅད་ཅིང་ལྟོགས་པར་ཉལ་བ་བསྙེན་གནས་ཀྱི་སྡོམ་པ་དང་ལྡན་པས་ལོ་འདབ་ཀྱི་སྟན་ལ་ཉེ་བར་གནས་པ་འམ་ཀུ་ཤའི་ཆང་བུ་ལ་ལེགས་པར་གནས་པ་ཡང་རུང་སྟེ། མཆོད་རྟེན་དང་ཐང་ཀ་དང་པོ་ཏི་དང་སྐུ་གཟུགས་ལ་སོགས་པ་རྣམས་གང་ཡང་རུང་བའི་མདུན་དུ་མེ་ཏོག་གིས་ཀུན་དུ་གང་བར་བྱས་པའི་མཎྜལ་བྱས་ལ་སྲུང་བ་དང་མཆོད་པ་ལ་སོགས་པ་ཡན་ལག་དང་བཅས་པ་རྣམས་ནི་སྔ་མ་བཞིན་ཏེ། ཆོས་འབྱུང་བཅིངས་ལ་དེའི་སྔགས་རྗེས་སུ་དྲན་པར་བྱའོ། །དེ་ནས་རང་གི་ལྷའི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་ལན་བདུན་ནམ་བརྒྱད་བརྗོད་པས་དམ་ཚིག་བརྟན་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་ལ་འཁོར་ལོའམ་རྡོ་རྗེ་ལ་སོགས་པ་བཟུང་ནས་ཀུན་དུ་བཟང་པོ་དང་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་དག་པར་གྱུར་པ་མངོན་པར་འདོད་པས་དངོས་གྲུབ་རང་དང་ཁད་ཉེ་བར་ཡིད་ལ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལེགས་པར་འཚལ་བ་ལ་དམིགས་པས་བཟླས་པས་གོམས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་གོམས་པར་གྱུར་པའི་སེམས་ཀྱིས་ཉི་མ་རྒས་པ་ནས་བཟུང་ནས་ཇི་སྲིད་དུ་ནམ་ཕྱེད་དམ་ཉི་མ་ཤར་བའི་བར་དེ་སྲིད་དུ་བཟླས་པར་བྱའོ། །དེ་དག་ལས་ཀྱང་འཁོར་ལོ་ལ་སོགས་པ་གདོན་མི་ཟ་བར་འབར་བར་འགྱུར་རོ། །འབར་བ་ལས་ཀྱང་སངས་རྒྱས་འབྱུང་བ་དང་འདྲ་བར་ལྟས་ཆེན་པོར་གྱུར་པ་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་ 75-168b པ་དང་རྔ་དུན་དུའི་སྒྲ་དང་ལྷ་རྫས་ཀྱི་དབྱངས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཞིང་གཡོ་བ་ལ་སོགས་པ་ངོ་མཚར་བ་རྣམས་འབྱུང་ངོ་། །རིག་པ་འཛིན་པའི་རིགས་ཐམས་ཅད་ཀྱང་ལེགས་པར་འདུ་བར་འགྱུར་རོ། །དེ་དག་རྣམས་ཀྱིས་ཀྱང་དབང་བསྐུར་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་དགྱེས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་མཐའ་ཡས་པ་དང་ལྡན་པ་དང་བདེ་བ་རྗེས་སུ་འཕེལ་བར་འགྱུར་རོ། །འོན་ཀྱང་ལུས་དེ་ཉིད་ཉམས་པར་ཡང་མི་འགྱུར་ཞིང་། ལུས་དེ་ཉིད་ཁོ་ནས་མངོན་དུ་ཚོགས་ཉེ་བར་བསགས་ཏེ་བྱང་ཆུབ་སེམས་དཔའི་ས་རྣམས་ཐམས་ཅད་ཡང་དག་པར་བགྲོད་ཅིང་ཇི་སྲིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་ཚུལ་འདི་ཉིད་ཀྱིས་སྤྱི་དང་བྱེ་བྲག་གི་ལེའུ་རྣམས་མཐོང་བས་སམ་ཆོ་ག་བཞིན་དུ་རྒྱུད་ལེགས་པར་བལྟས་ཤིང་ངེས་པར་ཐེ་ཚོམ་མེད་པར་བྱས་ལ་བསྒྲུབ་པར་བྱ་སྟེ། ངེས་པ་ཁོ་ནར་འགྲུབ་པར་འགྱུར་རོ། །འདི་ནི་ཐབས་དང་ལྡན་པའི་སྒྲུབ་ཐབས་ཀྱི་ཆོ་ག་ཡིན་ལ། ཐབས་དང་བྲལ་བས་ཀྱང་བསྒྲུབ་པར་བྱ་བ་ཡིན་པས། ཇི་སྐད་དུ་བཤད་པ་རྣམས་ནི་བདག་གིས་ནུས་པ་མ་ཡིན་ནོ་ཞེས་ཞུམ་པར་མི་བྱ་བར་ཐ་མར་ན་བདག་ཉིད་གཅིག་པུ་སྲུང་བ་ཙམ་བྱ་སྟེ། མཚམས་བཅད་པ་དང་མཆོད་པ་ལ་སོགས་པ་རྣམས་ནི་བསམ་པར་བྱ་ཞིང་དེ་དག་གི་སྔགས་བརྗོད་ལ། ཇི་སྲིད་འདོད་ཀྱི་བར་དུ་བཟླས་པར་བྱའོ། །བསྒྲུབས་པར་གྱུར་ན་བརྩོན་འགྲུས་ཀྱི་རྗེས་སུ་མཐུན་པ་དང་ལས་ཀྱི་རྗེས་སུ་མཐུན་པར་ངེས་པ་ཁོ་ནར་འགྲུབ་པ་ཡིན་ཏེ། གཅིག་གིས་ཀྱང་འཇིག་རྟེན་གསུམ་བསྲུང་བར་ནུས་པ་ཡིན་ནོ་ 75-169a ཞེས་རྒྱུད་ལས་གསུངས་པའི་ཕྱིར་རོ། །དམ་ཚིག་གསུམ་གྱི་རྒྱལ་པོ་འདི་ནི་དོན་ཡོད་པར་གྲུབ་པ་དང་བར་ཆད་མེད་པར་གྲུབ་པ་ཡིན་ཏེ། འདི་ཡང་སྔགས་དེ་དག་དང་ཆོ་ག་གང་དང་གང་ཡིན་པ་དེ་དང་དེ་ལ་མཁས་པས་བསྒྲུབས་ན་འགྲུབ་པ་ཡིན་ནོ། །འདི་ཉིད་ཀྱང་གསུངས་པ་ནི་འདི་ལྟ་སྟེ། སྐྱེ་བོའི་འགྲུལ་འཇུག་གིས་རབ་ཏུ་དབེན་པའི་གནས་སུ་ཚོགས་པ་འདུས་པ་ཡོངས་སུ་སྤངས་ཤིང་སེམས་ཅན་ལ་རྗེས་སུ་བརྩེ་བ་རྣམས་ནི། མཆོད་པ་དང་བྲལ་ཞིང་ཐང་ཀ་མེད་ལ་ཁྲུས་ལ་སོགས་པ་དང་མི་ལྡན་པའི་ཀུན་དུ་སྤྱོད་པ་ལ་སོགས་པས་ཞུགས་ཀྱང་བསྒྲུབ་བྱ་ཅི་ནས་ཀྱང་འགྲུབ་པར་འགྱུར་རོ། །ཡང་གསུངས་པ། ཡ་མཚན་པ་ནི་གཉིས་ཡིན་ཏེ། ཇི་ལྟ་ཇི་ལྟར་སྔགས་བསྒྲུབ་པར་གྱུར་པ་དེ་ལྟ་དེ་ལྟར་རྗེས་སུ་མཐུན་པར་འབྱུང་ངོ་། །སྦྱོར་བ་གང་གིས་སྒྲུབ་པར་བྱེད་པ་དེ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་སོ། །གཞན་ཡང་གསུངས་པ། བྱང་ཆུབ་སེམས་ནི་བརྟན་པ་གང་། །བློ་ནི་ཆགས་པ་མེད་གྱུར་པ། །ཐེ་ཚོམ་ནམ་ཡང་བྱ་བ་མིན། །དེས་གྲུབ་འདི་ན་རྟག་པར་གནས། །ཞེས་བྱ་བའོ། །དེའི་ཕྱིར་ན་བརྩོན་འགྲུས་བསྐྱེད་ལ་སོམ་ཉི་རྣམ་པར་སྤངས་པས་བསྒྲུབ་པར་བྱ་སྟེ། ངེས་པར་འགྲུབ་པར་འགྱུར་རོ། །འདི་ལ་ཡང་གྲུབ་པ་དོན་དུ་གཉེར་བ་རྣམས་ཀྱིས་དམ་ཚིག་བསྲུང་བ་ལ་ཤིན་ཏུ་འབད་པར་བྱ་སྟེ། སྐལ་བ་དང་ལྡན་པ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་ནི་དེའི་རྩ་བ་ལས་ཡིན་པའི་ཕྱིར་རོ། །དམ་ཚིག་དེ་ཡང་དམ་པའི་ཆོས་སྤང་བར་མི་བྱའོ། །བླ་མ་ལ་བརྙས་པར་མི་བྱའོ། །མྱོས་པར་འགྱུར་བ་བཏུང་བར་མི་བྱའོ། །ཉལ་ཁྲི་ལ་ཉལ་བར་མི་བྱའོ། །རྡོ་རྗེའི་རིགས་བཟའ་བར་མི་བྱ་ཞིང་འགོང་བར་ཡང་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་ཅི་ནས་ཀྱང་རྒྱུད་ལས་ཤེས་པར་བྱ་སྟེ། རྒྱས་པས་འཇིགས་པའི་ཕྱིར་མ་བྲིས་སོ། །ཁྲུས་བྱེད་པར་འདོད་པ་ཡིན་ན་ཡང་དམ་ཚིག་གསུམ་ལས་གསུངས་པའི་འཕགས་པ་མི་གཡོ་བའི་དོན་ཡོད་པའི་སྙིང་པོ་རྡོ་རྗེ་གཏུམ་པོ་ཉིད་དང་ལྡན་པས་འདག་ཆལ་ལ་སོགས་པའི་ཁྲུས་ཀྱི་རྫས་རྣམས་ལེན་པ་དང་སྔགས་ཀྱིས་ཀྱང་གདུག་པ་ཚར་བཅད་པ་དང་མཚམས་གཅད་པ་ལ་སོགས་པ་རྣམས་བྱ་སྟེ། དེ་དག་ཉིད་ཁོ་ནས་བར་ཆད་ལ་ 75-169b སོགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཀུ་མུ་ད་འབྱུང་གནས་བློ་གྲོས་ཀྱི་ཞལ་སྔ་ནས་མཛད་པའོ། །པཎྜི་ཏ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་པ་ཚབ་ཀྱི་རྒྱུད་ཀྱི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།།  
The Sūtra of the Three Heaps 68-57a ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཏྲི་སྐན་དྷ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་ དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱེ་དགོན་པ་ན་བཞུགས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་ ལེགས་པར་ཐུགས་སུ་ཆུད་པའི་བློ་མངའ་བ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། ཆོས་ཀྱི་སྐུ་གཉིས་སུ་མེད་པ་ལ་རྟེན་ཅིང་གནས་པ། ནམ་མཁའི་དཀྱིལ་ཡུལ་དུ་གྱུར་ཅིང་ཐུག་པ་མེད་པའི་ཡེ་ཤེས་མངའ་བ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རབ་ཏུ་ཞུགས་པའི་སྐུ་ དང་ལྡན་པ་ཆོས་ཀྱི་ཅོད་པན་ཆགས་པ་མེད་པ་མཆོག་དམ་པ་དྲི་མ་མེད་པས་བཅིངས་པ། སོ་སོ་ཡང་དག་པར་རིག་པ་ཆེན་པོ་རྗེས་སུ་བསྒྲགས་པས་ཤིན་ཏུ་རྣམ་པར་དབྱེ་བའི་དབྱངས་ཅན། བསོད་ནམས་མི་ཟད་པའི་མཛོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡངས་ཤིང་འོད་གསལ་བ། ཉོན་མོངས་པ་མེད་པའི་ཆོས་ཐུགས་སུ་ཆུད་པས་མི་རྟེན་པར་གནས་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྐུ་དང་ལྡན་པ། བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ཡོན་ཏན་གྱི་ཆོས་ཡོངས་སུ་བརྗོད་ཀྱང་མི་ཟད་ཅིང་ཐུག་པ་མེད་པའི་ཡོན་ཏན་གྱི་བསྔགས་པ་ 68-57b བསྟན་པའི་ཁྱད་པར་བརྙེས་པ་དེ་དག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྙེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་གང་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ། བསྐལ་ པ་མཐའ་ཡས་པར་བསྔགས་པ་བརྗོད་ཀྱང་དེ་བཞིན་གཤེགས་པ་དེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཕུན་སུམ་ཚོགས་པ་ཡང་མི་ཟད་ཅིང་ཐུག་པ་མ་མཆིས་ལ་དེ་བཞིན་གཤེགས་པ་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་ཡང་ཐུག་པ་མ་མཆིས་ཏེ། དེ་ལྟར་ སངས་རྒྱས་བཅོམ་ལྡན་འདས་ཚུལ་ཁྲིམས་དཔག་ཏུ་མ་མཆིས་པ་དེ་དག་ལ་མོས་པའི་མཆོག་གིས་མོས་སོ། །གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། མཉམ་ པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ བཀའ་སྩལ་པའི་མོས་པས་ལྷག་པར་མོས་སོ། །ཚུལ་ཁྲིམས་ལ་ཇི་ལྟ་བ་དེ་བཞིན་དུ་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། དེ་བཞིན་དུ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དེ་བཞིན་དུ་སྟོབས་དང་། མི་འཇིགས་པ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འབྱུང་བའི་བར་དག་ལ་ལྷག་པར་མོས་སོ། །མོས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། །བསྟོད་དོ། །བཀུར་རོ། ། བསྔགས་སོ། །རབ་ཏུ་བསྔགས་སོ། །འདུད་དོ། །རབ་ཏུ་འདུད་དོ། །ཕྱག་བགྱིའོ། །གཞོལ་ལོ། །བལྟའོ། །བརྟག་གོ། །བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང་། 68-58a ཀུན་དུ་བཟང་བ་དང་། སངས་རྒྱས་ཀྱི་རྒྱན་གྱི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། །བསྟོད་དོ། །བཀུར་རོ། །བསྔགས་སོ། །རབ་ཏུ་བསྔགས་སོ། །འདུད་དོ། ། རབ་ཏུ་འདུད་དོ། །ཕྱག་བགྱིའོ། །གཞོལ་ལོ། །བལྟའོ། །བརྟག་གོ། །དམིགས་པ་དཔག་ཏུ་མ་མཆིས་པ་དང་ལྡན་པའི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་ དན་དང་། མར་མེ་དང་། བཀོད་པ་དང་། ལྷབ་ལྷུབ་དང་། མཆོད་རྟེན་རྩིག་པ་དང་། སྐུ་གཟུགས་བགྱི་བ་དང་། རིན་པོ་ཆེ་དང་། རྒྱན་དང་། བཞོན་པ་དང་། འཆག་ས་དང་། གཙུག་ལག་ཁང་དང་། ཡོ་བྱད་ཐམས་ཅད་བཀོད་པ་རྣམ་པར་དག་པ་རྒྱ་ཆེན་པོ་འདི་ དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་སྟང་དུ་བགྱིའོ། །བཙུན་པར་བགྱིའོ། །རི་མོར་བགྱིའོ། །མཆོད་དོ། །གསོལ་ལོ། །རིམ་གྲོར་བགྱིའོ། །མཆོད་པ་མོས་པའི་སྟོབས་ལས་ངེས་པར་བྱུང་བ། ཁམས་གསུམ་པ་ལས་ཤིན་ཏུ་འདས་པ། ཉོན་ མོངས་པ་མ་མཆིས་པའི་ཆོས་ལས་བྱུང་བ། མངོན་པར་འདུ་བགྱིད་པ་མ་མཆིས་པའི་ཕྱག་རྒྱས་བཏབ་པ། ཡེ་ཤེས་སྒྱུ་མ་ལས་ཤིན་ཏུ་ཡོངས་སུ་གྲུབ་པ། ལས་སྒྱུ་མ་ལས་ཤིན་ཏུ་རྣམ་པར་ཕྱེ་བ། གནས་ཐམས་ཅད་ལས་ཤིན་ཏུ་སྤགས་པ། འཇིག་རྟེན་སྒྱུ་མ་ལས་བྱུང་བ། ངོ་ བོ་ཉིད་ཀྱི་ཆོས་དང་འབྲེལ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་སྟང་དུ་བགྱིའོ། །བཙུན་པར་བགྱིའོ། །རི་མོར་བགྱིའོ། །མཆོད་དོ། །གསོལ་ལོ། །རིམ་གྲོར་བགྱིའོ། །གོང་དུ་ཡང་བྱང་ ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྒྱུད་བསབ་པར་འཚལ་བ། སེམས་ཅན་གྱི་རྒྱུད་ཡོངས་སུ་སྨིན་པར་བགྱིད་པར་འཚལ་བ། ཞིང་གི་རྒྱུད་རྣམ་པར་སྦྱོང་བར་འཚལ་བ། ལས་ཀྱི་རྒྱུད་དང་མི་འགལ་བར་འཚལ་བ། ཆོས་ཀྱི་རྒྱུད་རབ་ཏུ་རྣམ་པར་འབྱེད་པར་འཚལ་བ། དུས་ 68-58b གསུམ་གྱི་རྒྱུད་ཡོངས་སུ་རྟོགས་པར་འཚལ་བ། ཕྱོགས་ཀྱི་རྒྱུད་ལ་རབ་ཏུ་འཇུག་པར་འཚལ་བ། འདོད་ཆགས་མ་མཆིས་པའི་རྒྱུད་ལ་རབ་ཏུ་འགོད་པར་འཚལ་བ། མོས་པའི་རྒྱུད་རྣམ་པར་སྦྱོང་བར་འཚལ་བ། དབང་པོའི་རྒྱུད་ལ་ལྟ་བར་འཚལ་བ། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ ལ་རྣམ་པར་འཕྲུལ་བར་འཚལ་བ། འགྲོ་བའི་འཁོར་ལོ་ཐམས་ཅད་བསྡུ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དེ་ བཞིན་གཤེགས་པ་དེ་དག་ལ་མཆོད་པར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མཆོད་པ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ རབ་འབྱམ་ལས་ངེས་པར་བྱུང་བ། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་གནས་པའི་ཡུལ་གྱི་རྗེས་སུ་ཞུགས་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱིའོ། །དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་ བགྱི་བ་གཙུག་གི་བླ་མ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འདུག་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། མ་སྐྱེས་པའི་ཆོས་ལས་བྱུང་བ། བྱང་ཆུབ་སེམས་དཔའ་རིགས་བཙུན་པར་སྐྱེས་པའི་ཡེ་ཤེས་ཀྱི་ མིག་གིས་རིག་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྒྱས་པར་འགེངས་པས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་སུ་གཏོགས་པ་མིང་གིས་ཁྱབ་པ་མང་པོ་དག་ན་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་དང་། ནམ་མཁའི་ཁམས་ཀྱི་མཐས་གཏུགས་ པ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་འཇུག་གོ། །དེ་བས་གོང་དུ་ཡང་མཆོད་པ་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ། དགེ་བའི་རྩ་བ་ཆེན་པོའི་ཤུགས་ཀྱིས་བསྐྱེད་པ། རྡོ་རྗེའི་དབང་པོ་སྣང་བར་བགྱིད་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ 68-59a དུ་སྣང་བའི་མེ་ཏོག་གི་རྒྱལ་པོའི་ཡེ་ཤེས་ལས་བྱུང་བའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་སྟང་དུ་བགྱིའོ། །བཙུན་པར་བགྱིའོ། །རི་མོར་བགྱིའོ། །མཆོད་དོ། །གསོལ་ལོ། །རིམ་གྲོར་བགྱིའོ། །ཇི་ལྟར་བདག་གི་དོན་དུ་མཆོད་པ་ དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ། སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པར་བགྱིའོ། །དེ་ལྟར་བདག་དེ་བཞིན་གཤེགས་པ་ ལ་མཆོད་པའི་སྟོབས་ཀྱིས་བརླན་པའི་སེམས་བསྐྱེད་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཉེ་བར་བསྟན་པ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་དང་ལྡན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་མཛོད་ཀྱི་རྗེས་སུ་ཞུགས་པར་གྱུར། ཤེས་རབ་དང་། ཐབས་ཀྱི་སྟོབས་ཆེན་པོས་ཡོངས་སུ་བཟུང་བར་གྱུར། བདུད་ཀྱི་ལམ་དང་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པར་གྱུར་ནས་སྒྲིབ་པར་འགྱུར་བའི་ལས་ཐམས་ཅད་བཤགས་པར་བགྱི་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་མ་ སྩལ་པ་དང་། གང་སེམས་ཅན་དམ་པ་རྣམས་ཀྱིས་རྣམ་པར་སྤངས་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་པ་དང་། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། གང་འཕགས་པ་རྣམས་ཀྱིས་བཤུང་བ་དང་། གང་མཁས་པ་རྣམས་ དང་ཞེ་འགྲས་པ་དང་། གང་རིག་པ་རྣམས་ཀྱིས་བོར་བ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་རབ་ཏུ་གཟིར་བའི་དབང་གིས་བྱུང་བའམ། ང་རྒྱལ་དང་། འཆབ་པ་དང་། ཁོན་དུ་འཛིན་པའི་དབང་གིས་བྱུང་བའམ། ཕྲག་དོག་དང་། སེར་སྣ་དང་། མྱ་ ངན་གྱི་དབང་གིས་བྱུང་བའམ། སྒྱུ་དང་གཡོའི་དབང་གིས་བྱུང་བའམ། མངོན་པར་ཞེན་པའི་སྟོབས་ཀྱིས་བྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པའམ། ཆོས་ཀྱི་སྒྲིབ་པའམ། ཉོན་མོངས་པའི་སྒྲིབ་པའམ། ལྟ་བའི་སྒྲིབ་པའམ། མི་ཤེས་པའི་སྒྲིབ་པའམ། རྣམ་པར་ 68-59b སྨིན་པའི་སྒྲིབ་པའམ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པའམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་སྒྲིབ་པའམ། ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་སྒྲིབ་པའམ། དགེ་བའི་རྩ་བ་ཐམས་ཅད་པ་གསོག་པ་ལ་གནོད་པའི་སྒྲིབ་པའམ། སྡིག་པའི་ གྲོགས་པོ་དང་འདྲེ་བའི་སྒྲིབ་པའམ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་ལ་སྒྲིབ་པ་དང་ཆོད་པ་ཡང་རུང་སྟེ། སྒྲིབ་པའི་ལས་བགྱིས་ཤིང་བསགས་པ་སྒྲིབ་པའི་ཀུན་ནས་ལྡང་བ་གང་གིས་སེམས་ཅན་དམྱལ་བར་མཆི་བར་འགྱུར་བ་ དང་། དུད་འགྲོའི་སྐྱེ་གནས་སུ་མཆི་བར་འགྱུར་བ་དང་། ཡི་དགས་ཀྱི་ཡུལ་དུ་མཆི་བར་འགྱུར་བ་དང་། ལྷ་དབུལ་པོར་སྐྱེ་བར་འགྱུར་བ་དང་། སངས་རྒྱས་ལ་ལྟ་བ་ཡོངས་སུ་མི་འཛིན་པ་དང་། ཆོས་མཉན་པ་ཡོངས་སུ་མི་ལེན་པ་དང་། དེ་བཞིན་གཤེགས་པ་དང་། ཆོས་ དང་། དགེ་འདུན་དཀོན་མཆོག་མངོན་པར་མི་རིག་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མི་འཐོབ་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་ཡང་དག་པས་ཡོངས་སུ་བཟུང་བ་མི་རྙེད་པར་འགྱུར་བ་དང་། དགེ་བའི་རྩ་བ་ཆབ་འཚལ་བ་ཡོངས་སུ་ འཛིན་པར་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པའི་ལམ་མི་ཉན་པར་འགྱུར་བ་དང་། བདུད་སྡིག་ཅན་རྣམས་ཀྱིས་འཇོམས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐག་རིང་དུ་བགྱིད་པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་བརྩམ་ པའི་སྦྱོར་བ་ལས་རྣམ་པར་ལྡོག་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་ལ་འཁུ་བར་འགྱུར་བ་དང་། བསམ་པ་ཡོངས་སུ་དག་པ་མི་འཐོབ་པ་དང་། དྲན་པ་བརྗེད་པ་མ་མཆིས་པ་མི་འཐོབ་པ་དང་། ཆོས་ལ་ལྟ་བ་མི་འཐོབ་པ་དང་། སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་ལ་མི་མོས་ པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡིད་གཉིས་འཚལ་བར་འགྱུར་བ་དང་། ཏིང་ངེ་འཛིན་གྱི་སྒོ་ཁོང་དུ་མི་ཆུད་པ་དང་། ས་ནས་སར་གནས་པ་མི་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མི་འཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བའི་ 68-60a ལས་བྱས་པ་དང་ལྡན་པ་ཁོང་དུ་མི་ཆུད་པ་དང་། སྨོན་ལམ་ཆེན་པོ་ལས་ནུར་བར་འགྱུར་བ་དང་། སྤྱོད་པ་ཡོངས་སུ་དག་པ་མི་འཐོབ་པ་དང་། གཟུངས་ཀྱི་རྒྱན་གྱི་སྣང་བ་མི་འཐོབ་པ་དང་། སྤོབས་པའི་རྒྱན་གྱི་སྣང་བ་ཁོང་དུ་མི་ཆུད་པ་དང་། བྱང་ཆུབ་ སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལ་ཡོངས་སུ་འདྲིས་པར་བགྱི་བ་ཁོང་དུ་མི་ཆུད་པ་དང་། ཆོས་མཉམ་པ་ཉིད་མི་རྟོགས་པ་དང་། བསོད་ནམས་མཉམ་པ་ཉིད་མི་སྐྱེད་པ་དང་། ཡེ་ཤེས་མཉམ་པ་ཉིད་ཁོང་དུ་མི་ཆུད་པ་དང་། འཁོར་བའི་ཆོས་རྣམས་ཀྱིས་ཀུན་ དུ་གཞོམ་པར་འགྱུར་བའི་སྒྲིབ་པ་དེ་ལྟ་བུ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་ཀུན་དུ་སྒྲུབ་པ་ལ་མི་ཕྱོགས་པར་འགྱུར་བའི་སྒྲིབ་པའི་འགེབས་པ་གྲངས་མ་མཆིས་པ་འབུམ་ཕྲག་བཅུ་པོ་དེ་དག་དུས་གསུམ་དུ་གཏོགས་པའི་དེ་བཞིན་ གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདུས་པ། ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བ། ཆགས་པ་མ་མཆིས་པའི་མིག་གི་ཡུལ་བརྙེས་པ། མཉམ་པ་ཉིད་ཀྱི་རྗེས་སུ་ཞུགས་པའི་སྐུ་དང་ལྡན་པ་ཆོས་ཀྱི་དབྱིངས་མུན་པ་མ་མཆིས་པར་ཞུགས་པའི་ཡེ་ཤེས་ཀྱི་སྤྱན་བརྙེས་ པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔར་བདག་མངོན་སུམ་དུ་གྱུར་པར་མོས་ནས། དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པར་བརྟགས་ཏེ། སྐྲའི་རྩེ་མོའི་ཆ་ཤས་བཞག་པའི་ཁྱོན་ཙམ་རེ་རེ་ལ་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྙེད་དུ་ལྷག་པར་མོས་སོ། ། སྐྲའི་རྩེ་མོའི་ཆ་ཤས་གཅིག་བཞག་པའི་ཁྱོན་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྙེད་དུ་ལྷག་པར་མོས་སོ། །དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ལུས་ཐོབ་པ་འགྲོ་བ་ཐམས་ཅད་ཀྱི་སེམས་སྙེད་ཀྱིས་ཞབས་ཀྱི་འོག་ཏུ་ གཏུགས་ཏེ་ཕྱག་འཚལ་ལོ། །ལུས་ཐོབ་པ་རེ་རེ་ལ་ཡང་མགོ་དག་གི་ལམ་ངེས་པའི་ཚིག་སྙེད་དུ་ལྷག་པར་མོས་སོ། །མགོ་རེ་རེ་ལ་ཡང་ཁའི་སྒོ་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཏུ་དབྱེ་བ་སྙེད་དུ་ལྷག་པར་མོས་སོ། །ཁའི་སྒོ་རེ་རེ་ལ་ཡང་ལྕེའི་རྩེ་མོ་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཏུ་ 68-60b དབྱེ་བ་སྙེད་དུ་ལྷག་པར་མོས་སོ། །ལྕེའི་རྩེ་མོའི་དཀྱིལ་འཁོར་རེ་རེ་ལ་ཡང་ངེས་པའི་ཚིག་གི་སྒྲར་བརྟགས་པའི་ཐ་སྙད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པ། འགྲོ་བ་ཐམས་ཅད་ཀྱི་ཚིག་གི་སྤྱོད་པ་དང་མཉམ་པས་སྒྲིབ་པ་མ་མཆིས་པའི་དཀྱིལ་འཁོར་དང་འཐུན་ པར་གྱུར་ནས་ལྷག་པའི་བསམ་པ་ཉོན་མོངས་པའི་རི་ཆེན་པོ་རྣམ་པར་འཐོར་བ་ལས་བྱུང་བའི་སྒྲིབ་པར་འགྱུར་བའི་ལས་དེ་དག་འཆགས་སོ། །མི་འཆབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཚལ་བར་འགྱུར་བའི་བཤགས་པས་འཆགས་སོ། །བསལ་ལོ། །རྣམ་ པར་གཞིག་གོ། །རབ་ཏུ་གཞོམ་མོ། །སྤང་ངོ་། །གདོན་ཏོ། །ལས་ལ་དབང་བས་དབང་བགྱིའོ། །སྟོབས་བསྐྱེད་པ་བརྙེས་པ་རྣམས་ཀྱི་བདེ་བ་ཉེ་བར་བསྟན་པའི་སླད་དུ་ཡོངས་སུ་བསྔོའོ། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ མཉེས་པར་བགྱིད་པར་འཚལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་སྦྱོང་བར་འཚལ་བ། བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འཚལ་བ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་ བགྱིད་པར་འཚལ་བ། བྱང་ཆུབ་སེམས་དཔའི་གཏེར་ཐམས་ཅད་ཐོབ་པར་འཚལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འཚལ་བ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འཚལ་བ། སེམས་ཅན་ཐམས་ཅད་ ཡོངས་སུ་སྨིན་པར་བགྱིད་པར་འཚལ་བ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཐམས་ཅད་རྟོགས་པར་འཚལ་བ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་རྟོགས་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ བདག་གིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་སྒྲིབ་པར་འགྱུར་བའི་ལས་བཤགས་པར་བགྱི་བ་དེ་བཞིན་དུ་ཅི་ནས་ཀྱང་བདག་གིས་བཤགས་པས་ལེགས་པར་བཤགས་པར་འགྱུར་བ་དང་། ཡོངས་སུ་དག་པར་འགྱུར་ 68-61a བ་དང་། འོད་གསལ་བར་འགྱུར་བ་དང་། ཁ་ན་མ་ཐོ་བ་མ་མཆིས་པར་འགྱུར་བ་དང་། གསལ་བར་འགྱུར་བ་དང་། དུག་མ་མཆིས་པར་འགྱུར་བ་དང་། སྒྲིབ་པ་མ་མཆིས་པར་འགྱུར་བ་དང་། བར་དུ་གཅོད་པ་མ་མཆིས་པར་འགྱུར་བ་དང་། ཡོན་ཏན་གྱི་ ཆོས་ཐམས་ཅད་སྒྲུབ་པར་འགྱུར་བ་དེ་ལྟ་བུར་སྒྲིབ་པར་འགྱུར་བའི་ལས་ཀྱི་ཉེས་པ་ཐམས་ཅད་འཆགས་སོ། །ཇི་ལྟར་བདག་གི་དོན་དུ་བཤགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་ དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་སྒྲིབ་པར་འགྱུར་བའི་ལས་ཀྱི་ཉེས་པ་འཆགས་སོ། །དེ་ལྟར་བདག་གི་ལས་ཀྱི་ཉེས་པ་སྒྲིབ་པར་འགྱུར་བ་ཐམས་ཅད་སོ་སོར་བཤགས་ནས་སྒྲིབ་པ་མ་མཆིས་པ་རྣམ་པར་དག་པའི་དཀྱིལ་འཁོར་ལ་གནས་ཏེ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་རྗེས་ སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ངན་སོང་དབུལ་པོ་ཡི་དགས་ཀྱི་མི་ཁོམ་པར་མཆི་བ་ཐམས་ཅད་རྣམ་པར་བཟློག་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །སེམས་ལ་གནོད་པ་མ་མཆིས་ཤིང་འོད་གསལ་བ། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ ངན་སོང་དུད་འགྲོའི་སྐྱེ་གནས་ཀྱི་མི་ཁོམ་པར་མཆི་བ་ཐམས་ཅད་རྣམ་པར་བཟློག་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སེམས་ཅན་དམྱལ་བའི་མི་ཁོམ་པར་མཆི་བ་ཐམས་ཅད་རྣམ་པར་བཟློག་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །བཟང་པོའི་ གནས་དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ལྷ་དང་མིར་སྐྱེ་བ་ཐམས་ཅད་ཡོངས་སུ་འཛིན་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་བསམ་གཏན་གྱི་དགའ་བ་དང་མགུ་བ་དང་བདེ་བ་ཐམས་ཅད་མྱོང་བ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། ། དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་འཁོར་བ་ལ་ཡིད་འབྱུང་བའི་སེམས་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་དགེ་བའི་བཤེས་གཉེན་ཡང་དག་པས་ཡོངས་སུ་བཟུང་བ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་ 68-61b བའི་ཚོགས་ཀྱི་ཁྱད་པར་གང་གིས་དགེ་བའི་བཤེས་གཉེན་རྣམས་ལ་གུས་པའི་སེམས་རྙེད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད་དེ། མཉེས་ནས་མི་མཉེས་པར་མི་འགྱུར་བ་དེ་ལ་ཡང་ རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་བསྟན་པ་མངོན་སུམ་དུ་ཉན་ཅིང་ཐོས་ནས། སོམ་ཉི་དང་། ཡིད་གཉིས་བཟློག་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་ གིས་འཇིག་རྟེན་གསུམ་པོ་ཐམས་ཅད་ནས་འབྱུང་བ་རྟོགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སེམས་ཅན་ཐམས་ཅད་ཀྱི་སྟོན་པའི་སེམས་བསྐྱེད་པ་རྙེད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་འགྲོ་བ་ ཐམས་ཅད་ཐོགས་པ་མ་མཆིས་པའི་མིག་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ངོས་མཉམ་པའི་རྗེས་སུ་མཆི་བ་སྨོན་ལམ་ཆེན་པོ་ཡོངས་སུ་དག་པར་བགྱིད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་ གང་གིས་ལུས་མཚན་དང་། དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ཡོན་ཏན་ཐམས་ཅད་རྣམ་པར་དག་པའི་རྒྱན་དག་ཡོངས་སུ་དག་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་ པར་གང་གིས་སྟོབས་བཅུས་བརྒྱན་པའི་སེམས་རིན་པོ་ཆེ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་ལས་ཕྱིར་མི་ལྡོག་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་ པར་གང་གིས་གཟུངས་ཀྱི་རིགས་ཁོང་དུ་ཆུད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཁོང་དུ་ཆུད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་རྣམ་པར་སྨིན་པ་མི་ཟད་པ་ལ་ 68-62a གནས་ཏེ། མངོན་པར་ཤེས་པ་ཐོབ་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་སངས་རྒྱས་ཀྱི་ཞིང་གི་རྒྱན་བསྒྲུབ་པ་ཁོང་དུ་ཆུད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་བཅོམ་ནས་ཁྱུ་མཆོག་ཏུ་གྱུར་པ་ཁོང་དུ་ཆུད་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དགེ་བའི་རྩ་བ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ལས་སྐྱེས་པའི་རིག་པ་དང་། རྣམ་པར་གྲོལ་བ་དང་། འདོད་ ཆགས་དང་བྲལ་བ་དང་། ཟག་པ་མ་མཆིས་པ་དང་ལྡན་པ་གང་ལགས་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་ལྡན་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཁོང་དུ་ཆུད་པ་དང་ལྡན་པའི་བར་གྱི་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོར་བགྱི་བ་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་རྣམས་ཀྱི་ཁྱད་པར་དུ་འགྲོ་ བ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོར་བགྱི་བ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ན་ གནས་པ་རྣམས་ཀྱི་ཁྱད་པར་དུ་འགྲོ་བ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བགྱི་བ་བྱང་ཆུབ་ སེམས་དཔའ་མངལ་ན་གནས་པ་རྣམས་ཀྱི་བསོད་ནམས་ཀྱི་མེ་ཏོག་རྒྱས་པའི་སྙིང་པོ་སྣང་བ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ། དེ་བཞིན་གཤེགས་ 68-62b པ་ལ་མཆོད་པ་དང་། རིམ་གྲོ་བགྱི་བ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་གནས་པ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་གཙུག་གི་བླ་མ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །ཡང་དག་པར་རྫོགས་ པའི་སངས་རྒྱས་དུས་གསུམ་དུ་གཤེགས་པ་རྣམས་ཀྱི་དགེ་བའི་རྩ་བ་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པ་དང་ལྡན་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ་། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་ གདུལ་བར་འཚལ་བ། ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་འཚལ་བ། མ་རིག་པའི་མུན་པ་མུན་གནག་དང་། རབ་རིབ་ཀྱི་ལིང་ཏོག་མང་པོ་སེལ་བར་འཚལ་བ་ངན་སོང་དང་། མི་ཁོམ་པ་དང་། ངན་འགྲོའི་ལམ་ཐམས་ཅད་གཅོད་པར་འཚལ་བ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོང་བར་འཚལ་བ། ཆོས་ཐམས་ཅད་སྣང་བ་ཐོབ་པར་འཚལ་བ། ཀུན་དུ་བཟང་པོའི་ལུས་ཁྱུ་མཆོག་ཏུ་གྱུར་པ་ཐོབ་པར་འཚལ་བ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བགྱིད་པའི་དབྱངས་ཀྱི་ཡན་ལག་རྣམ་པར་ དག་པ་ཐོབ་པར་འཚལ་བ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བགྱི་བའི་སླད་དུ། ཡེ་ཤེས་ཀྱི་མིག་རྣམ་པར་སྦྱོང་བར་འཚལ་བ། འཁོར་བའི་འཁོར་ལོ་བཟློག་པར་འཚལ་བ། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བར་འཚལ་བ། སྟོབས་བཅུའི་ཡེ་ཤེས་ཀྱིས་ ནོན་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་ 68-63a པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། ། ཇི་ལྟར་བདག་གི་དོན་དུ་རྗེས་སུ་ཡི་རང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་ལྟར་ བདག་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རངས་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསྐུལ་ལོ། །དེ་ལྟར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་མུ་ཐུག་ཡོངས་སུ་རྗེ་བར་འཇུག་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་གཞི་ཕྱལ་བའི་ རྗེས་སུ་འགྲོ་ཞིང་འཇུག་པ། སྟེང་གཡོགས་མེད་པའི་རྒྱུད་ཀྱི་ཕྱོགས་ཡོངས་སུ་རྗེ་བར་བཤད་པ། འཆོལ་བའི་རྒྱུད་ཀྱི་འཇིག་རྟེན་གྱི་ཁམས་མངོན་དུ་སྒྲུབ་པ། རྣམ་པར་དབྱེ་བའི་མིག་འཕྲུལ་ལྟ་བུ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ཁ་ཅིག་བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་མངོན་པར་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་ཉིད་བརྙེས་པ། བྱང་ཆུབ་ཀྱི་སྙིང་པོ་ མཆོག་དམ་པར་གཤེགས་པ། ཆོས་ཀྱི་ཚུལ་གཡོ་བ་མ་མཆིས་པའི་རང་བཞིན་དུ་གྱུར་པ། ཆོས་ཀྱི་སྐུ་རབ་ཏུ་ཞི་བ་དང་ལྡན་པ་དག་འདི་ལྟ་སྟེ། ཆོས་གཟུང་བར་མཛད་པའི་སླད་དུ་འཇིག་རྟེན་ཐམས་ཅད་ན་བསྐུལ་བའི་ས་ལ་གཞེས་ཏེ། ཆོས་ཀྱི་འཁོར་ལོ་མི་སྐོར་བའི་སངས་རྒྱས་བཅོམ་ལྡན་ འདས་དེ་དག་ལ་བདག་གིས་བླ་མ་ལ་རི་མོ་གུས་པར་བགྱི་བ་ཆེན་པོས་ལུས་བཏུད་པ་བགྱིས་ནས་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བར་བསྐུལ་གྱིས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་གྲུབ་པར་བགྱི་བ་དང་། འགྲོ་བ་ཐམས་ཅད་བསྐྱབ་པ་དང་། ཉོན་མོངས་པ་ཐམས་ཅད་ 68-63b རྣམ་པར་བྱང་བར་བགྱི་བ་དང་། སོམ་ཉི་ཐམས་ཅད་ཡང་དག་པར་གཞོམ་པ་དང་། ཐེ་ཙོམ་ཐམས་ཅད་ཀུན་དུ་གཅད་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཐམས་ཅད་རབ་ཏུ་བསྒྲགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ རྒྱུན་མི་འཆད་པར་བགྱི་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་ཐམས་ཅད་ཤིན་ཏུ་ཡོངས་སུ་སྦྱངས་པ། ཕྱིར་མི་ཟློག་པ། སྟོབས་བཅུས་ཟིལ་གྱིས་མི་ནོན་པ། འཁོར་བའི་འཁོར་ལོ་རབ་ཏུ་འཇོམས་པ། ལྟ་བར་གྱུར་པ་དང་། ཉོན་ མོངས་པ་ཐམས་ཅད་རབ་ཏུ་འཇིག་པ། སོ་སོ་ཡང་དག་པར་རིག་པ་བཞི་རྗེས་སུ་བསྒྲགས་པ། ཤིན་ཏུ་རྣམ་པར་ཕྱེ་བའི་སྒྲ་དང་ལྡན་པ། འཕགས་པའི་བདེན་པ་བཞིའི་ཚུལ་ངེས་པར་བརྟགས་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་གསོལ་ལོ། །སྙིང་རྗེ་ཆེན་པོའི་སྟོབས་ལ་ལྷག་པར་ དམིགས་པར་བགྱི་བ་དང་། རང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅད་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཡོངས་སུ་སྦྱང་བའི་སླད་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་བདག་སྐུལ་ལོ། །སྙིང་རྗེ་ཆེན་པོའི་སྟོབས་ལ་ལྷག་པར་དམིགས་ པར་བགྱི་བའི་སླད་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཡང་བདག་སྐུལ་ལོ། །མི་དགེ་བའི་ཆོས་ཐམས་ཅད་རྣམ་པར་བཟློག་པ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། སེམས་ཅན་ཐམས་ཅད་ལ་ཡང་བདག་སྐུལ་ལོ། །གོང་ དུ་ཡང་བྱང་ཆུབ་སེམས་དཔའ་བསྐུལ་བའི་ཕུང་པོ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་བསྐུལ་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་བསྐུལ་བའི་མཆོག་དང་། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། 68-64a བླ་མ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་བསྐུལ་བས་སྐུལ་ལོ། །ཇི་ལྟར་བདག་གི་དོན་དུ་བསྐུལ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་ རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་སྐུལ་ལོ། །གོང་དུ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་མངོན་པར་གསོལ་བ་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་མུ་ཐུག་ཡོངས་སུ་རྗེ་བར་འཇུག་པ། འཇིག་རྟེན་གྱི་ཁམས་ ཐམས་ཅད་གཞི་ཕྱལ་བའི་རྗེས་སུ་འགྲོ་ཞིང་འཇུག་པ། སྟེང་གཡོགས་མེད་པའི་རྒྱུད་ཀྱི་ཕྱོགས་ཡོངས་སུ་རྗེ་བར་བཤད་པ། འཆོལ་བའི་རྒྱུད་ཀྱི་འཇིག་རྟེན་གྱི་ཁམས་མངོན་པར་སྒྲུབ་པ། རྣམ་པར་དབྱེ་བའི་མིག་འཕྲུལ་ལྟ་བུ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གྱི་ ཁམས་རབ་འབྱམ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ཁ་ཅིག་ཆོས་ཀྱི་འཁོར་ལོ་དག་ཤིན་ཏུ་བསྐོར་བ། གདུལ་བ་དག་ཤིན་ཏུ་བཏུལ་བ། ཟམ་པ་དག་ཤིན་ཏུ་བཏགས་པ། བསྟན་པ་དག་ཤིན་ཏུ་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་དག་ཤིན་ཏུ་ ལུང་བསྟན་པ། སངས་རྒྱས་ཀྱི་མཛད་པ་དག་ཤིན་ཏུ་མཛད་པ། ཕས་ཀྱི་རྒོལ་བའི་ཕྱོགས་ཐམས་ཅད་ཤིན་ཏུ་ཚར་གཅད་པ། རྗེས་སུ་བསྟན་པ་རྣམས་ཤིན་ཏུ་འཕགས་པ། ཞིང་ཐམས་ཅད་དུ་བསྒྲགས་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའི་ གནས་རྣམས་ཞིང་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་དེ་དང་དེ་དག་དང་། སེམས་ཅན་གྱི་རིས་དེ་དང་དེ་དག་ན་སེམས་ཅན་རབ་འབྱམ་མ་གུས་པར་གྱུར་པ། དབང་པོ་ཡོངས་སུ་སྐྱོ་བ། སྣོད་དུ་མ་གྱུར་པ། དེ་བཞིན་གཤེགས་པ་ལ་ལྟ་བའི་རྒྱུན་བཅད་པ། རྟག་ 68-64b ཏུ་ཆགས་པ། ཡུལ་ལ་མངོན་པར་དགའ་བ། འདུས་བྱས་ཀྱི་སྒྲིབ་པས་ཟིན་པ། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པའི་དབང་དུ་མཆིས་པ་དེ་དང་དེ་དག་ལ་ཡུལ་ཐམས་ཅད་ལ་བདག་མེད་པར་ཡང་དག་པར་སྟོན་ཅིང་སེམས་ཅན་འཁོར་བ་ལ་མངོན་པར་དགའ་བ་རྣམས་ཡིད་འབྱུང་བ་བསྐྱེད་ པའི་ཆེད་དང་། འདུ་བྱེད་ཐམས་ཅད་མི་རྟག་པར་རབ་ཏུ་བསྟན་པའི་ཆེད་དུ་འབྱོར་པ་ཐམས་ཅད་མཐར་རྒུད་པའི་སྒོར་ཡང་དག་པར་སྟོན་ལ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞི་བར་ཡང་དག་པར་བསྟན་པའི་ཆེད་དུ་སྲོག་གི་དབང་པོ་ཐམས་ཅད་མཐར་འཆི་བར་ཡང་དག་ པར་སྟོན་ཅིང་དེ་བཞིན་གཤེགས་པ་འཕོས་ཏེ། ཤིན་ཏུ་བྲལ་ནས་འཇིག་རྟེན་དུ་མི་དགའ་བ་ཆེན་པོ་སྟོན་ལ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ཏེ། ལྷའི་དབང་པོ་ཐམས་ཅད་ངུ་བ་དང་། ཀླུའི་ དབང་པོ་ཐམས་ཅད་མྱ་ངན་བགྱིད་པ་དང་། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་སྨྲེ་སྔགས་འདོན་པ་དང་། འགྲོ་བའི་དབང་པོ་ཐམས་ཅད་རབ་ཏུ་མི་དགའ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་སྟོན་པ་ན་ བདག་གིས་བླ་མ་ལ་རིམ་གྲོ་གུས་པ་ཆེན་པོས་ལུས་བཏུད་པ་བགྱིས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་སྐུ་ཚེ་བསྲིང་བ་དང་། རིང་དུ་བཞུགས་པར་གསོལ་གྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ལས་བཟློག་པ་དང་། སེམས་ ཅན་ཐམས་ཅད་རབ་ཏུ་བདེ་བ་ལ་དགོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབུལ་པོའི་ལམ་རྣམ་པར་གཅད་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལས་བསྒྲལ་བ་དང་། འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ཡུལ་སྒྲིབ་པ་མ་མཆིས་པ་ལ་གནས་པ་ལ་ དགོད་པ་དང་། དབུལ་པོའི་ལམ་ཐམས་ཅད་གཅད་པ་དང་། འགྲོ་བ་ཐམས་ཅད་ཆོས་དཀོན་མཆོག་གིས་ཚིམ་པར་བགྱི་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བ་དང་། འགྲོ་བ་ཐམས་ཅད་གདུལ་བ་མཐར་ཐུག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ 68-65a ཅད་ཡོངས་སུ་གཟུང་བའི་སླད་དུ་བསྐལ་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་བཞུགས་སུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་མངོན་པར་གསོལ་བའི་མཆོག་གིས་མངོན་པར་གསོལ་ལོ། ། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་ མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མངོན་པར་གསོལ་བས་གསོལ་ལོ། །གོང་དུ་ཡང་ སངས་རྒྱས་བཅོམ་ལྡན་འདས་དག་གིས་ཇི་ལྟར་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གུས་པ་དེ་ལྟ་བུ་དང་། ལུས་བཏུད་པ་དེ་ལྟ་བུ་དང་། ངག་གི་ལས་འབྱུང་བ་དེ་ལྟ་བུ་ དང་། ཡིད་ཀྱི་ལས་སྒྲུབ་པ་དེ་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཕྱོགས་པར་དགོངས་པ་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སྐུ་ཚེ་ཡོངས་སུ་བསྐྱང་བར་མངོན་པར་གསོལ་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་གསོལ་ལོ། །ཇི་ལྟར་བདག་གི་དོན་དུ་ གསོལ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་མངོན་པར་གསོལ་ལོ། །བདག་དེ་ལྟར་དེ་བཞིན་གཤེགས་པ་ལ་མངོན་པར་གསོལ་བའི་དགེ་ བའི་རྩ་བའི་སྟོབས་བསྐྱེད་པ་ཐོབ་པར་གྱུར། བསམ་པ་དང་ལྷག་པའི་བསམ་པའི་སྟོབས་ཀྱིས་བརྟན་པར་གྱུར། དད་པ་དང་མོས་པའི་སྟོབས་ལ་ཤིན་ཏུ་གནས་པར་གྱུར་ནས་ལྷག་པའི་བསམ་པའི་སྣོད་ཡངས་པ་ཡང་དག་པར་བསྐྱེད་དེ། དགེ་བའི་རྩ་བ་རབ་འབྱམ་ཐམས་ཅད་ཡང་ 68-65b དག་པར་གཟུང་ངོ་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་སྒྲིབ་པ་མ་མཆིས་པ་ལ་བརྩོན་པ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རྗེས་སུ་ དྲན་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་སེམས་དང་ལྡན་པ། དགེ་བའི་རྩ་བའི་ཚོགས་ཆེན་པོ་བླང་བར་རབ་ཏུ་བརྩོན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩོལ་བས་རྩོལ་བ། གོ་ཆ་ཆེན་པོ་བགོས་པ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ། དགེ་ བ་རྩོམ་པ་རྒྱ་ཆེན་པོ་ལ་རབ་ཏུ་བརྩོན་པ། ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་དཀྱིལ་འཁོར་དུ་རབ་ཏུ་སྦྱོར་བ། ཡོན་ཏན་གྱི་ས་ཐམས་ཅད་རྣམ་པར་སྦྱོང་བར་འཚལ་བ། མཐའ་དང་དབུང་མ་མཆིས་པའི་ས་ལ་གནས་པར་འཚལ་བ། འགྲོ་བ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པར་ འཚལ་བ། སེམས་ཀྱི་འཁྲི་ཤིང་རྣམ་པར་སྦྱོང་བར་འཚལ་བ། ཆོས་ཀྱི་སྒོ་ཉེ་བར་སྟོབས་པར་འཚལ་བ། དགེ་བའི་རྩ་བ་ཆེན་པོའི་ཤུགས་རྣམ་པར་སྤེལ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་སྟོབས་བཅུ་རྣམ་པར་དག་ པའི་མཐར་གཏུགས་པ་དང་། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་བགྱི་བའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དང་། སྐྱེད་པར་འགྱུར་བ་དང་། བསྐྱེད་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་ རྩ་བ་གཅིག་པུ་ལ་བཏང་བ་རྣམས་དང་། ཡང་དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་བའི་མོད་ལས་སྐྱེས་པ་རྣམས་དང་། དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པ་ལས་བྱུང་བ་རྣམས་དང་། བྱང་ཆུབ་ སེམས་དཔའི་ས་འཕྲུལ་པ་དང་ལྡན་པ་ལ་ཞུགས་པ་དང་། ཆོས་ཐམས་ཅད་ཀྱི་དོན་མཐོང་བ་རྗེས་སུ་ཐོབ་པ། ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སའི་སྙིང་པོ་རྡོ་རྗེ་ལྟར་སྲ་བ། མི་ཤིགས་པའི་སེམས་བསྐྱེད་པ་རྣམས་ཀྱི་དགེ་བའི་རྩ་བའི་ཚོགས་ཀུན་ནས་སྒོ། དེ་བཞིན་གཤེགས་ 68-66a པ་ཐམས་ཅད་མངོན་སུམ་དུ་གྱུར་པ། ལས་ཀྱི་ཤུགས་ཀུན་ནས་ངོས་ཡེ་ཤེས་འཕགས་པ་ཞེས་བགྱི་བས་བསྐྱེད་པ། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བགྱི་བར་འཇུག་སྟེ། དེ་དག་འཇུག་ པ་དང་། དགེ་བའི་རྩ་བའི་རྒྱུ་འཐུན་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་མེད་པའི་རྐྱེན་རྣམས་ཀྱིས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་འགེབས་ཤིང་ཇི་ཙམ་དུ་ཐབས་ཀྱི་ཚུལ་བརྗོད་པ་ལ་འཇུག་པ་དཔག་ཏུ་མ་མཆིས་པ་དག་ གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཉིད་ཀྱང་ཡང་དག་པར་འགྲུབ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དགེ་བའི་རྩ་བའི་ཤུགས་དེ་དག་ཐམས་ཅད་རྒྱུན་མི་འཆད་པར་གཏོང་བ་དེ་ཙམ་དུ་བདག་གིས་ལྷག་པའི་བསམ་པའི་སྣོད་ལ་མོས་པའི་ལམ་ ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་བསྐྱེད་ནས་དགེ་བའི་རྩ་བའི་ཤུགས་དེ་དག་ཐམས་ཅད་ཡང་དག་པར་མནོད་དོ། །ཡང་དག་པར་གཟུང་ངོ་། །བདག་གིར་བགྱིའོ། །བླང་ངོ་། །ལྷག་པར་མོས་སོ། །ཀུན་གྱི་རྗེས་སུ་ཞུགས་པར་བགྱིའོ། །བདག་གིར་བགྱི་ བ་མཆོག་དང་། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་ བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་བདག་གིར་བགྱི་བས་བདག་གིར་བགྱིའོ། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་བསོད་ ནམས་ཀྱི་ཚོགས་ཡང་དག་པར་ལེན་པར་འཚལ་བ། ཡོན་ཏན་གྱི་ཚོགས་བསྒྲུབ་པར་འཚལ་བ། སྒྲིབ་པ་མ་མཆིས་པའི་ཡུལ་ལ་འཇུག་པར་འཚལ་བ། ཆགས་པ་མ་མཆིས་པའི་མཐའ་ལ་གནས་པར་འཚལ་བ། དུས་གསུམ་ཐམས་ཅད་དུ་འདུག་པར་འཚལ་བ་རྣམས་ཀྱིས་ 68-66b ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དགེ་བའི་རྩ་བ་ཐམས་ཅད་བདག་གིར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་བདག་གིར་བགྱིའོ། །བདག་གིར་བགྱི་བའི་མཆོག་དང་། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་ པ་དང་། དཔེ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། འདྲ་བ་མ་མཆིས་པ་དང་། མི་འདྲ་བ་རྣམ་པར་དག་པ་དང་། རྟོག་པ་དང་། ཚིག་གི་ལམ་དང་། བསྔགས་པ་བསྟན་པ་མཐའ་ཡས་པ་ཐམས་ཅད་ཀྱིས་བདག་གིར་བགྱི་བས་བདག་གིར་ བགྱིའོ། །ཇི་ལྟར་བདག་གི་དོན་དུ་བདག་གིར་བགྱི་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ། སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་བདག་གིར་བགྱིའོ། ། བདག་གི་མོས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། མོས་པའི་ སྟོབས་ལས་ངེས་པར་བྱུང་བའི་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སྒྲིབ་པར་འགྱུར་བ་ཐམས་ཅད་སེལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་ལྡན་ པའི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་གསོལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་རབ་འབྱམ་ཐམས་ཅད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཤིན་ཏུ་ཕུལ་ནས་བདག་གིར་ བགྱི་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཐོག་མ་དང་པོ་མ་མཆིས་པའི་ཚེ་རབས་ནས་བགྱིས་པ་ཐམས་ཅད་མཁྱེན་པར་ཡོངས་སུ་མ་བསྔོས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་འདུས་བྱས་ཀྱིས་ཡོ་བྱད་འཚལ་བས་མངོན་པར་ 68-67a བསྒྲུབས་པ་གང་ལགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ལས་ཀྱིས་མངོན་པར་བསྒྲུབས་པ། དུས་ཐམས་ཅད་དུ་བསགས་པ། དེ་བཞིན་གཤེགས་ པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུའོ། །བཟླུམ་མོ། །བསྡུ་བར་བགྱིའོ། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ལ་མཆོད་པར་འཚལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་ པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྡུ་བར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྡུའོ། །བསྡུས་ནས་འདི་ལྟ་སྟེ། འདས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་མཆོད་པའི་ལས་དང་། མཚན་རྒྱས་པར་བགྱི་བ་དང་། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་དང་། སྟོབས་བཅུ་དང་། བྱང་ཆུབ་ཀྱི་ཕྱོགས་མྱུར་དུ་ཁོང་དུ་ ཆུད་པར་བགྱི་བའི་སླད་དུ་སེམས་ཅན་ཐམས་ཅད་ལ་སྩལ་ཏོ། །གཏང་ངོ་། །ཡོངས་སུ་གཏང་ངོ་། །རྣམ་པར་གཏང་ངོ་། །ངེས་པར་གཏང་ངོ་། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་དབུལ་ལོ། །གཏང་ངོ་། །ཡོངས་སུ་གཏང་ངོ་། །རྣམ་པར་ གཏང་ངོ་། །ངེས་པར་གཏང་ངོ་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་ལོ། །གཏང་ངོ་། །ཡོངས་སུ་གཏང་ངོ་། །རྣམ་པར་གཏང་ངོ་། །ངེས་པར་གཏང་ངོ་། །སངས་རྒྱས་ཐམས་ཅད་ལ་དབུལ་ལོ། །གཏང་ངོ་། །ཡོངས་སུ་གཏང་ངོ་། །རྣམ་ པར་གཏང་ངོ་། །ངེས་པར་གཏང་ངོ་། །དེ་བཞིན་གཤེགས་པ་རེ་རེ་ལ་མཆོད་པའི་ལས་ཀྱི་སླད་དུ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་ཚད་ཙམ་རྣམས་སུ་མཆོད་པ་ 68-67b བཀོད་པ་ཐམས་ཅད་ཀྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱིས་ཁེབས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །མེ་ཏོག་ཐམས་ཅད་ཀྱི་བླ་རེ་བྲེས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག ། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་བསྒྲེང་བའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་བྲེས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་ན་བཟས་གཡོགས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ ཀུན་དུ་གནས་པར་གྱུར་ཅིག །གཞལ་དུ་མ་མཆིས་པའི་གོས་ཀྱི་སྤྲིན་གྱི་ཆར་དང་རིན་པོ་ཆེ་ཐམས་ཅད་ཀྱིས་སངས་རྒྱས་ལ་མཆོད་པ་བཀོད་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །སྙིང་པོའི་སྤོས་ཐམས་ཅད་ཀྱིས་བདུགས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ དུ་གནས་པར་གྱུར་ཅིག །རྒྱན་གྱི་དམིགས་པ་ཐམས་ཅད་ལ་ཆགས་པ་ལས་གྲོལ་བའི་སིལ་སྙན་འཁྲོལ་བ་དང་ལྡན་པའི་དབྱིངས་ཀྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་པད་མ་བཀྲམ་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་ པར་གྱུར་ཅིག །ཐམས་ཅད་ཀྱི་རྗེས་སུ་སྒྲོགས་པའི་སྤྲིན་གྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་སྣང་བ་རབ་ཏུ་འབྱེད་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་དུ་གནས་པར་གྱུར་ཅིག །ལྷའི་ཐམས་ཅད་ལས་ཤིན་ཏུ་འདས་པ་རིན་པོ་ཆེའི་ ཅོད་པན་སྣ་ཚོགས་ཀྱི་སྤྲིན་གྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །དེ་ལྟར་དགེ་བའི་རྩ་བ་འདིས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་རྣམས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པ་ཐམས་ཅད་དང་ལྡན་པས་འཇུག་པ་དེ་བཞིན་དུ་བདག་ ཀྱང་དགེ་བའི་རྩ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དེ་ལྟར་དཔག་ཏུ་མ་མཆིས་པའི་མཆོད་པ་ཕྱི་མའི་མཐའི་མུར་ཐུག་པར་བྱིན་གྱིས་རློབ་པ་ལ་འཇུག་པར་གྱུར་ཅིག །གོང་དུ་ཡང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེན་ཅིང་ 68-68a རབ་ཏུ་མཁྱེན་པ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ ལ་དོན་པར་བགྱི་བ་དང་། གསོལ་བར་བགྱི་བ་དང་། དབུལ་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ ཅད་ལ་གསོལ་ལོ། །ཡོངས་སུ་གཏང་ངོ་། །དོན་ཏོ། །དབུལ་ལོ། །བདག་གིས་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་དགེ་བའི་རྩ་བ་ཐམས་ཅད་ཕུལ་ ནས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྡུས་པ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་ཤིང་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེས་བདག་བརྟན་པར་གྱུར་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ལ་མཆོད་པ་དམ་པས་མཆོད་ནས། དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ པར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཚོང་དཔོན་གྱི་བུ་མངོན་དགར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཛེས་ཆེན་ལ་བརྟེན་ཏེ། དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ པར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་མངོན་པར་བསྟོད་ནས་བྱང་ཆུབ་ཏུ་ 68-68b ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པས་སེམས་ཐོགས་པ་མ་མཆིས་པ་དང་། སེམས་མི་འཁྲུགས་པ་དང་། ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་བ་དང་། མངོན་ པར་འབྱུང་བའི་སེམས་ཀྱིས་སེང་གེའི་སྒྲ་མངོན་པར་བསྒྲགས་ཏེ། དེ་བཞིན་གཤེགས་པ་སྤྱན་རབ་ཏུ་དང་བ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་བཟང་པོས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་རྒྱ་མཚོའི་དཔལ་ལ་དགེ་བའི་རྩ་བའི་རྣམ་པ་མང་པོ་བསྐྱེད་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བྱམས་པ་རྒྱལ་པོ་གསེར་མདོག་ལྟ་བུར་གྱུར་པ་ན་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་གསེར་གྱི་མཆོད་སྡོང་གི་འོད་ལ་བཀོད་པ་དུ་མས་མཆོད་པ་དང་། རིམ་གྲོ་བགྱིས་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡུལ་ཤིན་ཏུ་རྣམ་པར་དག་པའི་འཁོར་ལོས་ སྒྱུར་བའི་རྒྱལ་པོར་གྱུར་པ་ན། དེ་བཞིན་གཤེགས་པ་ཡོན་ཏན་གྱི་འོད་ཟེར་མཐའ་ཡས་ལ་བཀུར་སྟི་བགྱིས་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལྷས་དབང་བསྐུར་ཏེ། སྟོང་ གསུམ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན། དེ་བཞིན་གཤེགས་པ་སྨོན་ལམ་ཐམས་ཅད་ལས་ཡང་དག་པར་བྱུང་བ་རིན་པོ་ཆེའི་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ལ་གདུགས་གཅིག་བཞིན་དུ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་པས་པར་བགྱིས་ཏེ། བར་གྱི་བསྐལ་པ་ བཞི་བཅུར་མཆོད་པ་དང་། རིམ་གྲོ་བགྱིས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲ་དབྱངས་ 68-69a བསྒྲགས་པའི་རྒྱལ་པོ་ལ་མཆོད་པ་དང་། རིམ་གྲོ་རྣམ་པ་དུ་མ་བགྱིས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ རྡོ་རྗེ་རྒྱ་མཚོའི་རྒྱལ་པོ་ལ་བསྟི་སྟང་བགྱིས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་ཀྱང་སེམས་བསྐྱེད་པར་བགྱིའོ། །མཆོག་དམ་པ་ང་རྒྱལ་ཞི་བ་སེམས་མ་ལགས་པའི་སེམས་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང་། བྱང་ཆུབ་ཀྱི་ སེམས་དེས་ཁྱབ་པར་མ་གྱུར་པའི་ཆོས་ཀྱི་དབྱིངས་དེ་གང་ཡང་མ་མཆིས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བའི་ཚོགས་དེས་དུས་གསུམ་དུ་མ་ཁྱབ་པ་ཅུང་ཟད་ཀྱང་མ་མཆིས་སོ། །སངས་རྒྱས་ཐམས་ཅད་མཉེས་པར་བགྱིད་པའི་སེམས་དང་བྱང་ཆུབ་ སེམས་དཔའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པའི་སེམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་རྗེས་སུ་ཡི་རང་བའི་སེམས་དང་། སེམས་བསྐྱེད་པ་དེས་ཡོངས་སུ་ཟིན་པར་མ་གྱུར་པའི་སེམས་ཅན་དེ་གང་ཡང་མ་མཆིས་སོ། །མཆོད་ པར་མ་གྱུར་པའི་དེ་བཞིན་གཤེགས་པ་དེ་གང་ཡང་མི་བཞུགས་སོ། །གོང་དུ་སེམས་བསྐྱེད་དེ་བསྐྱེད་མ་ཐག་པའི་བསོད་ནམས་ཀྱི་ཕུང་པོ་ནི་རབ་ཏུ་མང་གི་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་གྱུར་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ཙམ་མ་ལགས་སོ། །བདག་གི་བསོད་ནམས་ཀྱི་ཕུང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པ་གང་ལགས་པ་དང་། སེམས་ཅན་ཐམས་ཅད་ལ་སྩལ་བ་གང་ལགས་པ་དང་། ཉན་ཐོས་ དང་། རང་སངས་རྒྱས་ཐམས་ཅད་ལ་ཕུལ་བ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་དགེ་བའི་རྩ་བ་ཐམས་ཅད་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་གང་ལགས་པ་དང་། གང་ཡེ་ 68-69b ཤེས་དང་། མོས་པ་མངོན་པར་བསྒྲུབས་པ་རྣམས་ཀྱི་མོས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་མཆོད་པ་དང་ལྡན་ པའི་དགེ་བའི་རྩ་བ་གང་ལགས་པ་དང་། མོས་པའི་སྟོབས་ལས་བྱུང་བའི་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སྒྲིབ་པར་འགྱུར་བ་ཐམས་ཅད་སེལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་ པ་དང་། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་འདེབས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་རབ་འབྱམ་སངས་རྒྱས་དང་། བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་བོས་ཏེ། བདག་གིར་བགྱི་བ་དང་ལྡན་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཐོག་མ་དང་པོ་མ་མཆིས་པའི་ཚེ་རབས་ནས་བགྱིས་པ་ཐམས་ཅད་མཁྱེན་པར་ཡོངས་སུ་མ་བསྔོས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་འདུས་ བྱས་ཀྱི་ཡོ་བྱད་འཚལ་བས་མངོན་པར་བསྒྲུབས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སའི་སླད་དུ་མངོན་པར་བསྒྲུབས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ལས་ཀྱིས་བསྒྲུབས་པ་སྔོན་གྱི་ དུས་ནས་བསགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུའོ། །ཡོངས་སུ་བསྡུས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གི་དགེ་བའི་རྩ་བ་འདི་དག་གིས་སངས་རྒྱས་ཐམས་ཅད་ མཉེས་པར་བགྱིད་ཅིང་དགྱེས་པར་བགྱིད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །དགེ་བའི་བཤེས་གཉེན་ཐམས་ཅད་དང་། ཆོས་སྨྲ་བ་ཐམས་ཅད་མགུ་བར་བགྱིད་ 68-70a ཅིང་དགའ་བར་བགྱིད་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་ཅིང་བསྲུང་བ་དང་། ཡོངས་སུ་སྐྱོང་བར་གྱུར་ཅིག །སྒྲིབ་པའི་ལིང་ཏོག་ཐམས་ཅད་རྣམ་པར་སྦྱོང་བར་གྱུར་ཅིག །བདུད་ཀྱི་རྩོད་པའི་ དམག་ཚོགས་ཐམས་ཅད་རབ་ཏུ་འདུལ་བར་གྱུར་ཅིག །སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག །ཏིང་ངེ་འཛིན་ཐམས་ཅད་དང་། དབང་ཐམས་ཅད་ཐོབ་པ་དང་། མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེན་པ་དང་། རྣམ་པར་ཐར་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པར་གྱུར་ཅིག །ཅི་ནས་ཀྱང་འཁོར་བ་ན་མི་འབྲལ་ཞིང་ཚེ་རབས་གཞན་དུ་རྗེས་པ་ན་ཆབ་འཚལ་བར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་བསྐྱུད་པར་མི་འགྱུར་བ་དང་། བྱིས་པ་སོ་སོའི་སྐྱེ་ བོ་དང་འདྲེ་བས་སྒྲིབ་པའི་ཆ་དང་འཐུན་པར་མི་འགྱུར་བ་དེ་ལྟ་བུར་བདག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་མངོན་སུམ་དུ་བཞུགས་པའི་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་ དེ་དག་ལ་མཆོད་པ་བཀོད་པའི་རྒྱན་གྱིས་བརྒྱན་པར་བགྱིད་དུ་མཆི་བ་དང་། སངས་རྒྱས་ལ་མཆོད་པ་བཀོད་པའི་རྒྱན་དེའི་ཐ་མའི་སེམས་བསྐྱེད་པ་ཐོབ་པ་ཡོངས་སུ་རྫོགས་པར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་སངས་རྒྱས་བཅོམ་ ལྡན་འདས་དེ་དག་གིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། བདག་གི་སྤྱི་བོར་འཇོག་པར་གྱུར་ཅིག །ཅི་ནས་བདག་དངོས་པོ་ཐམས་ཅད་ལ་མི་ལྟ་བ་བཀོད་པ་རྒྱུན་ཐོགས་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པའི་སེམས་ དང་། ཚོར་བ་ཐམས་ཅད་རྒྱུན་ཆད་པའི་སེམས་ཀྱིས་འཆི་བའི་དུས་བགྱིད་པར་གྱུར་ཅིག །དད་པ་གྲངས་མ་མཆིས་པ་དང་། རི་མོ་གུས་པར་བགྱི་བ་གྲངས་མ་མཆིས་པ་དང་། དགའ་བ་དང་དད་པ་གྲངས་མ་མཆིས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ལྟ་ 68-70b ཞིང་རྟོག་ལ་ཀུན་དུ་སྨྲ་ཞིང་ཡང་དག་པར་སྨྲ་བཞིན་དུ་འཆི་བའི་དུས་བགྱིད་པར་གྱུར་ཅིག །མཆོད་པ་ཡིད་དུ་འོང་བས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་དཔག་ཏུ་མ་མཆིས་པ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང་བལྟ་ལ་རྟོག་བཞིན་དུ་འཆི་བའི་དུས་བགྱིད་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་དམྱལ་བ་ ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ལྷ་དབུལ་པོ་ཐམས་ཅད་དང་། མི་དབུལ་པོ་ཐམས་ཅད་དང་། སེར་སྣ་ཐམས་ཅད་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་དང་། གནོད་སེམས་ཐམས་ཅད་དང་། ལེ་ལོ་ཐམས་ཅད་དང་། རྣམ་པར་གཡེང་བ་ཐམས་ཅད་དང་། འཆལ་པའི་ཤེས་རབ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སངས་རྒྱས་ལ་བལྟ་བ་དང་། དམ་པའི་ཆོས་མཉན་པ་དང་། དགེ་ བའི་བཤེས་གཉེན་དང་འགྲོགས་པ་དང་མི་འབྲལ་བར་གྱུར་ཅིག །དགེ་བའི་རྩ་བ་འདིས་བདག་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ལུས་མཉམ་པར་གྱུར་ཅིག །ངག་མཉམ་པ་དང་། སེམས་མཉམ་པ་དང་། ཡེ་ཤེས་མཉམ་པར་གྱུར་ཅིག །ཇི་ལྟར་གོང་ དུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་གིས་ཇི་ལྟར་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་བསྔོ་བར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་མཆོག་གིས་ཡོངས་སུ་བསྔོའོ། །གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་ 68-71a དང་། གྱ་ནོམ་པ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། བླ་མ་ དང་། ཟིལ་གྱིས་མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ། །ཇི་ལྟར་བདག་གི་དོན་དུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་ འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདི་ལས་སུ་དག་ཤས་ཀྱིས་འཛིན་པར་འདོད་པ་དེ་དག་གིས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་ བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དམ་འཆའ་བར་གནས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་འཆགས་པ་ཁ་ན་མ་ཐོ་བ་མེད་པ་ཡིན། རྗེས་སུ་ཡི་ རང་བ་ཁ་ན་མ་ཐོ་བ་མེད་པ་དང་། བསྐུལ་བ་ཁ་ན་མ་ཐོ་བ་མེད་པ་དང་། གསོལ་བ་འདེབས་པ་ཁ་ན་མ་ཐོ་བ་མེད་པ་དང་། ཡོངས་སུ་བསྔོ་བ་ཁ་ན་མ་ཐོ་བ་མེད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ ཅད་ལ་དམ་འཆའ་བར་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་མཉམ་པ་ཉིད་ལ་འཇུག་ཅིང་དེས་ཡན་ལག་ ལྔ་ས་ལ་གཏུགས་པར་བྱས་ཏེ། དེས་པུས་མོ་གཡས་པའི་ལྷ་ང་ས་ལ་འཛུགས་པ་ན་ཚིག་འདི་སྐད་ཅེས་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེས་པུས་མོ་གཡོན་པའི་ལྷ་ང་ས་ལ་འཛུགས་པ་ན་ཚིག་འདི་ 68-71b སྐད་ཅེས་སེམས་ཅན་གང་སུ་དག་གཡོན་ཕྱོགས་ཀྱི་ལམ་ལ་གནས་པ་དེ་དག་ཐམས་ཅད་འཕགས་པའི་ལམ་ལ་གནས་ཤིང་ཡང་དག་པའི་ལམ་ལ་གནས་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེས་ལག་པ་གཡས་པ་ས་ལ་འཛུགས་པ་ན་ཚིག་འདི་སྐད་ཅེས་ཇི་ལྟར་དེ་ བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ་དགེ་བའི་ཆོས་ཐམས་ཅད་དང་ལྡན་པས་དབུ་དང་སྐུ་དང་སྐྱིལ་མོ་ཀྲུང་ལ་ཡོངས་སུ་བྱུགས་ཏེ། ཕྱག་གཡས་པ་ས་ལ་བསྣུན་ནས་བདུད་དཔུང་དང་བཅས་པ་བཏུལ་ཏེ། བྱང་ཆུབ་བརྙེས་པ་དེ་བཞིན་དུ་ སེམས་ཅན་འདི་དག་གིས་ཀྱང་བདུད་ཕྱིར་རྒོལ་བ་ཆོམས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་ས་ཆེན་པོ་ལ་བསྣུན་ནས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེས་ལག་པ་གཡོན་པ་ས་ལ་འཛུགས་པ་ན་ཚིག་འདི་སྐད་ཅེས་སེམས་ཅན་ གང་སུ་དག་བྱིས་པའི་ཆོས་ལ་གནས་ཏེ། གཡོན་ཕྱོགས་སུ་འཛིན་པ་ལ་གདུལ་དཀའ་བ་དེ་དག་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེས་གདོང་དང་དཔྲལ་བ་ས་ལ་གཏུགས་པ་ན་ཚིག་འདི་སྐད་ཅེས་སེམས་ཅན་ཐམས་ཅད་ང་ རྒྱལ་མ་མཆིས་པ་འདིས་བླ་མ་རྣམས་ལ་རིམ་གྲོ་བགྱིད་པ་རྙེད་ཅིང་སྤྱི་གཙུག་བལྟར་མི་མཐོང་བ་དང་། དགེ་བའི་ཆོས་ཐམས་ཅད་འཕགས་པར་གྱུར་ཅིག །དེ་ལྟར་བདག་ཡན་ལག་ལྔས་ཕྱག་འཚལ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ལྔ་རྣམ་པར་སེལ་བར་གྱུར་ཅིག ། དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་པའི་ཡོན་ཏན་ལྔ་ཡོངས་སུ་ཤེས་པར་གྱུར་ཅིག །མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག །མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག །སེམས་ཅན་འགྲོ་བ་ལྔར་སྐྱེས་པ་རྣམས་འགྲོ་བ་ལྔ་ལས་ཁྱད་ པར་དུ་འཕགས་པར་གྱུར་ཅིག །ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་དང་། ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང་། ཤེས་རབ་ཁྱད་པར་དུ་འཕགས་པ་དང་། རྣམ་པར་གྲོལ་བ་ཁྱད་པར་དུ་འཕགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁྱད་པར་ 68-72a དུ་འཕགས་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེས་ཡན་ལག་ལྔ་ཡོངས་སུ་དག་པ་དང་། སྒྲིབ་པ་ལྔ་དང་བྲལ་བ་དང་། སྟོབས་ལྔ་ལ་གནས་པ་དང་། དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་ཚིག་འདི་སྐད་ཅེས་སངས་རྒྱས་བཅོམ་ལྡན་ འདས་ཆོས་ཀྱི་སྐུ་དང་ལྡན་པ། སྐུ་མ་ལགས་པ། གསུང་དག་པ། གསུང་མི་མངའ་བ། སེམས་དང་བ། སེམས་མི་མངའ་བ། ཡེ་ཤེས་ཆགས་པ་མི་མངའ་བ་དང་ལྡན་པ། མ་བྱོན་མ་བཞུད་པ་ཐམས་ཅད་མཁྱེན་པ་དང་ལྡན་པ། ཐམས་ཅད་གཟིགས་པ་ དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་འཁོར་བ་ཐོག་མའི་མཐའི་མུ་ནས་བཟུང་སྟེ། ཡང་དག་པའི་མཐའ་དང་། བདག་གི་མཐའ་མ་འཚལ་བས། ཆོས་མ་ལགས་པ་ལ་ཆོས་སུ་འདུ་ཤེས་བསྐྱེད་པ་དང་། འདུལ་བ་མ་ལགས་པ་ལ་ འདུལ་བར་འདུ་ཤེས་བསྐྱེད་པ་དང་། སྦྱིན་གནས་མ་ལགས་པ་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་པ་དང་། མི་དགེ་བ་ལ་དགེ་བར་འདུ་ཤེས་བསྐྱེད་པ་དང་། ཕྱིན་ཅི་ལོག་གི་སེམས་ཀྱིས་བདག་གི་ལུས་སུ་ལྟ་བས་ཡོངས་སུ་དཀྲིས་པ་དང་། དགེ་བའི་ཆོས་གང་སངས་ རྒྱས་ཀྱིས་བཀའ་མ་སྩལ་པ་མངོན་པར་འདུས་བགྱིས་པ་དང་། བགྱིད་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་གང་ཅི་མཆིས་པ་དེ་བདག་འཆགས་སོ། །དམིགས་པ་ལ་གནས་ཏེ། བདག་གིས་སེམས་ཅན་མ་མཆིས་པ་ ལ་སེམས་ཅན་དུ་འདུ་ཤེས་པ་དང་། སེམས་སྒྱུ་མ་ལྟ་བུར་མ་འཚལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་དེ་ཐམས་ཅད་འཆགས་སོ། །བདག་གིས་མངོན་པར་འདུ་བགྱིད་པ་མ་མཆིས་པར་མ་འཚལ་ནས། ལུས་ དང་། ངག་དང་། ཡིད་ཀྱིས་ཆོས་དགེ་བ་དང་། མི་དགེ་བ་མངོན་པར་འདུ་བགྱིད་པ་དང་། མངོན་པར་འདུས་བགྱིས་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། 68-72b བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་དུ་མ་འཚལ་ནས་དམིགས་པར་ལྟུང་བས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་བསྲུངས་པ་དང་། བདག་དང་གཞན་དུ་འདུ་ཤེས་པས་བཟོད་པ་བསྒོམས་པ་དང་། ལུས་དང་སེམས་ལ་ གནས་ཏེ་བརྩོན་འགྲུས་བརྩམས་པ་དང་། འདུ་ཤེས་དང་དམིགས་པ་ལ་གནས་ཏེ་བསམ་གཏན་བསྐྱེད་པ་དང་ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པ་རབ་ཏུ་འཇུག་པ་ལ་མངོན་པར་དགའ་བས་ཤེས་རབ་རྣམ་པར་དཔྱད་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་དོན་དམ་པའི་ མཆོད་པ་མ་འཚལ་ནས་གཟུགས་དང་། རྒྱན་དང་། མཚན་ལ་མངོན་པར་ཞེན་པས་སངས་རྒྱས་ལ་མཆོད་པ་བགྱིས་པ་གང་ལགས་པ་དེ་འཆགས་སོ། །བདག་ཆོས་ཀྱི་དབྱིངས་ཐ་མི་དད་པའི་ཡེ་ཤེས་ལ་མ་ཞུགས་ཀྱི། ཆོས་ཐ་དད་པ་ལ་གནས་ཏེ། ཆོས་མ ཉན་པའམ། བཤད་པའམ། རབ་ཏུ་བསམས་པར་གྱུར་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་ཆོས་འདུས་མ་བྱས་སུ་མ་འཚལ་ཏེ། དགེ་འདུན་ལ་མང་པོར་འདུ་ཤེས་ནས། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་གང་ལགས་པ་དེ་འཆགས་སོ། ། བདག་གིས་དགོན་པ་མ་འཚལ་ནས་དགོན་པའི་གནས་བསྟེན་ཏེ། འདོད་པ་ཉུང་ཞིང་ཆོག་ཤེས་པ་ལ་མངོན་པར་ཞེན་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་ཆོས་ཉིད་གནས་པར་མ་འཚལ་ནས་འབྱུང་བ་དང་འཇིག་པ་ལ་གནས་ཏེ། སངས་རྒྱས་ཀྱི་ཡོན་ཏན་བླང་བར་ ཞུགས་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་ཆོས་ཀྱི་དབྱིངས་ཡོངས་སུ་གཟུང་བ་མ་མཆིས་པར་མ་འཚལ་མ་ཞུགས་ཀྱི། སེམས་ཅན་བསྡུ་བར་འཚལ་བའི་བསྡུ་བས་སེམས་ཅན་དག་བསྡུས་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་བྱང་ཆུབ་ཀྱི་ མཚན་ཉིད་ཀྱི་རང་བཞིན་མ་འཚལ་ནས་ལྟ་བ་ལ་ཡོངས་སུ་ཞེན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་དགེ་སྦྱོང་གི་ལམ་ཞི་བ་མ་འཚལ་ནས་རབ་ཏུ་བྱུང་བ་བསྙེན་པར་རྫོགས་ཏེ། དགེ་སློང་གི་དངོས་པོ་ 68-73a བསྐྱེད་པ་གང་ལགས་པ་དེ་འཆགས་སོ། །ཀུན་རྫོབ་ལ་འཇུག་པའི་དགེ་བའི་རྩ་བ་གཞན་གང་དག་བསགས་པ་དང་། དགེ་བའི་རྩ་བ་གང་དག་གིས་འདུས་བྱས་ཀྱི་བདེ་བར་གྱུར་ཏེ། འདུས་མ་བྱས་ལས་ཤིན་ཏུ་རིང་བར་གྱུར་པ་གང་ ལགས་པ་དེ་དག་འཆགས་སོ་ཞེས་བརྗོད་པར་བྱའོ། །རིགས་ཀྱི་བུ་དེ་ལྟར་ཐོག་མར་བྱང་ཆུབ་སེམས་དཔས་བག་ལ་ཉལ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མཚན་མ་དང་བཅས་པ་དང་། འབད་པ་དང་བཅས་པ་དང་། སྤྲོས་ པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། གནས་པ་དང་བཅས་པ་དང་། རྟེན་པ་དང་བཅས་པའི་ཉེ་བར་ལེན་པའི་ཆོས་ཐམས་ཅད་བཤགས་པར་བྱའོ། །དེ་ལ་འདི་ལྟ་བུའི་བསྡུ་བ་དང་སྤྲོས་པ་དང་བཅས་པ་ཀུན་དུ་མི་འབྱུང་བ་གང་ཡིན་པ་དེ་ནི་སྡིག་ པ་བཤགས་པ་ཡོངས་སུ་དག་པ་ཡིན་ཏེ། འདི་ནི་བཤགས་པའི་ཕུང་པོའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་སྟེ། ཚིག་འདི་སྐད་ཅེས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་ལྡན་པ་རྣམས་ཀྱི་བར་དེའི་དགེ་བའི་རྩ་བ་གང་ཅི་ཡང་རུང་། སངས་རྒྱས་ཀྱིས་བཀའ་སྩལ་པ། རྩ་བ་མ་མཆིས་ཤིང་རྟེན་ མ་མཆིས་པ། གཏོང་བ་མ་མཆིས་པས་གཏོང་བ་རྣམ་པར་དག་པ་དང་། རང་བཞིན་གྱི་ཚུལ་ཁྲིམས་མི་ཟད་མི་སྐྱེ་བ་དང་། སེམས་ཅན་མ་མཆིས་པའི་བཟོད་པ་དང་། དམིགས་པ་ལས་དབེན་པའི་བརྩོན་འགྲུས་དང་། སེམས་ཀྱི་ངོ་བོ་ཉིད་ལ་ངེས་པར་ སེམས་པའི་བསམ་གཏན་དང་། ཚུ་རོལ་དང་། ཕ་རོལ་གྱི་མཐར་ལྟ་བ་རྣམ་པར་སྤངས་པའི་ཤེས་རབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལ་འཇུག་པ་དང་། སྟོང་པ་ཉིད་ཀྱི་རྣམ་པའི་བྱམས་པ་དང་། རྣམ་པའི་རྣམ་པ་མ་མཆིས་པའི་སྙིང་རྗེ་དང་། ཆོས་ལ་ཀུན་དུ་མི་ 68-73b འབྱུང་བའི་དགའ་བ་དང་། ཡལ་བར་འདོར་བ་མ་ལགས་པའི་བཏང་སྙོམས་གང་ལགས་པ་དེ་དག་ལ་རྗེས་སུ་ཡི་རང་ངོ་། །ཁྱིམ་གྱི་དངོས་པོ་ཐམས་ཅད་བཟུང་བ་མ་མཆིས་ཤིང་གང་ཡོངས་སུ་མ་བཟུང་བ། རྩ་བ་མ་མཆིས་ཤིང་རྟེན་པ་མ་མཆིས་པའི་དགེ་བའི་རྩ་བ་མ་དྲན་ པ་དྲན་པར་གྱུར་པའི་དྲན་པ་ཉེ་བར་གཞག་པ་རྣམས་དང་། མ་འགགས་པ་དང་། མ་སྐྱེས་པའི་ཡང་དག་པར་སྤོང་བ་རྣམས་དང་། ལུས་དང་། སེམས་དང་། བརྩོན་འགྲུས་དང་། འདུན་པ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་ལྔ་མཚན་ ཉིད་མ་མཆིས་པའི་དབང་པོ་རྣམས་དང་། ནམ་མཁའ་ལྟར་མི་ཐུལ་བའི་སྟོབས་རྣམས་དང་། དོན་དམ་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། མི་གཉིས་པའི་ལམ་དང་ལྡན་པའི་ལམ་དང་། ཞི་བའི་ཞི་གནས་ཐོབ་པ་དང་། རིག་པ་ དང་རྣམ་པར་གྲོལ་བ་དང་འཐུན་པའི་ལྷག་མཐོང་དང་། མངོན་པར་ཤེས་པའི་ཡེ་ཤེས་མངོན་དུ་འགྲོ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཐོག་མའི་མཐའ་ནས་ལུས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་དང་། བརྗོད་དུ་མ་མཆིས་པའི་ངག་རྣམ་པར་དག་པ་དང་། སངས་རྒྱས་ལ་རིམ་གྲོ་བགྱི་བ་བསྙེན་བཀུར་བགྱིས་པ་མ་མཆིས་པ་དང་། ཆོས་ལ་རིམ་གྲོ་བགྱི་བ་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པ་དང་། དགེ་འདུན་ལ་རིམ་གྲོ་བགྱི་བ་ཚོགས་པ་མ་མཆིས་ཤིང་ཡོན་ཏན་མ་མཆིས་པ་དང་། སྤྱོད་ལམ་ཐམས་ཅད་རྣམ་ པར་མ་བརྟགས་པའི་སྡོམ་པ་སྤྱོད་པ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བྱང་ཆུབ་སེམས་དཔར་གྱུར་པ་དེ་དག་གི་ཆོས་སྤྱོད་པ། ཡང་དག་པའི་སྡོམ་པ། བདུད་ཐམས་ཅད་ཀྱིས་མི་ཤིགས་པ། འཇིག་རྟེན་ཐམས་ཅད་དང་མ་ འདྲེས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སར་མ་ངེས་པ། བྱང་ཆུབ་སེམས་དཔའི་ལམ་དང་འཐུན་པ། དགེ་བའི་རྩ་བ་བཟང་པོ། ལས་དཀར་པོ་མ་ལགས་པ་འགག་པར་འགྱུར་བ་གཞན་གང་ཅི་མཆིས་པ་དང་། དགེ་བའི་རྩ་བ་བཟང་པོ་ 68-74a འོད་གསལ་བའི་ལས་གང་གིས་བྱང་ཆུབ་སེམས་དཔའ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པ་དང་། འཐོབ་པ་དང་། འཐོབ་པར་འགྱུར་བ་དེ་དག་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་ངོ་། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་ བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་བརྙེས་པ་དེ་དག་གི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མ་མཆིས་པ་དང་། སྟོབས་མི་ཐུལ་བ་རྣམས་དང་། མི་འཇིགས་པ་ ཕྱིར་མི་ལྡོག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ཆགས་པ་མ་མཆིས་པ་རྣམས་དང་། ཀུན་དུ་མི་འབྱུང་བའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གཞན་གྱི་དྲིང་ལ་མི་འཇོག་པ་དང་། སྤྱི་གཙུག་བལྟར་མི་མཐོང་བ་ནམ་མཁའ་དང་མཚུངས་པ་གང་ལགས་པ་དང་། གཉིས་སུ་མ་མཆིས་པའི་བསོད་ནམས་རྣམ་པར་སྨིན་པའི་མཚན་ཉིད་དང་། ལུས་དང་། ངག་དང་། སེམས་ཀྱི་རྒྱུད་བཅོས་མ་མ་ལགས་པ་ནམ་མཁའ་ལྟར་ཡོངས་སུ་དག་པ་དང་། བརྒྱ་བྱིན་དང་། ཚངས་པ་ཐམས་ཅད་ཀྱིས་བསྐུལ་བའི་ཆོས་ཀྱི་འཁོར་ལོ་དང་། བརྗོད་པ་མ་མཆིས་པ་དང་ལྡན་པའི་ཆོས་བསྟན་པ་དང་། སེམས་ཅན་ཐམས་ཅད་ལ་ཤེས་པ་སྣང་བ་རྣམ་པར་ཤེས་པ་ལས་གཞན་མ་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་སླད་དུ། ཐབས་མཁས་པའི་གནས་ ལ་གནས་པ་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་རུང་སྟེ། དམ་པའི་ཆོས་ནུབ་ཀྱི་བར་དུ་དེ་དག་ལ་མཆོད་པ་བགྱིས་པ་དང་། བགྱིད་པ་དང་། བགྱིད་ པར་འགྱུར་བ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཉན་ཐོས་འདུས་པ་སེམས་ཅན་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམས་དང་། དད་པས་རྗེས་སུ་འབྲང་བ་རྣམས་དང་། 68-74b ཆོས་ཀྱི་དབྱིངས་ལ་ཞུགས་པ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། ལོག་པ་བརྒྱད་ལས་ཡང་དག་པར་འདས་པའི་བརྒྱད་པ་རྣམས་དང་། ཆགས་པ་མེད་པའི་རིགས་ལ་གནས་པའི་རིགས་ཀྱིས་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྒྱུན་ལས་ བཟློག་སྟེ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་གང་དུ་ཡང་མི་འགྲོ་བ་རྣམས་དང་། ཕྱིར་མི་འོང་བ་འདི་ནས་ཤི་འཕོས་ནས་དེར་གནས་པར་འགྱུར་བ་རྣམས་དང་། དགྲ་བཅོམ་པ་གྲངས་མ་མཆིས་ཤིང་སྐྱེ་བ་མ་མཆིས་པར་རབ་ཏུ་ཕྱེ་བ་རྣམས་དང་། རང་སངས་རྒྱས་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་མངོན་སུམ་དུ་རྟོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་ས་དང་མཚུངས་པའི་སེམས་དང་པོ་བསྐྱེད་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ ཅད་ལས་ཡང་དག་པར་འདས་པའི་སྤྱོད་པ་ལ་ཞུགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་འཁོར་བའི་ཆོས་ལས་འདས་ཤིང་སངས་རྒྱས་ཀྱི་ཆོས་ཐོབ་པ་ཕྱིར་མི་ལྡོག་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམས་དང་། བྱང་ཆུབ་ སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་རྟེན་པ་མ་མཆིས་པ་གང་ལགས་པ་དེ་དག་དང་། འདུས་བྱས་ལས་ཡོངས་སུ་རྒལ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་ རྣམས་ཀྱི་སྦྱིན་པའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་བགྱི་བའི་དངོས་པོ་དང་། བསྒོམ་པ་དངོས་པོ་མ་མཆིས་པའི་དངོས་པོར་གྱུར་པའི་བསོད་ནམས་བགྱི་བའི་དངོས་པོ་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་ སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བའི་མཆོག་དང་། མ་ཆད་པ་དང་། མ་ལྷག་པ་དང་། ནམ་མཁའ་ལྟར་རྣམ་པར་དག་པ་དང་། ཤེས་རབ་དང་ཡེ་ཤེས་ཀྱིས་རྟོགས་པ་དང་། གཞན་ཡང་ངེས་པའི་དོན་གྱི་ཆོས་དང་ལྡན་པ་དང་། བླ་ན་མ་མཆིས་པ་དང་། ནམ་ 68-75a མཁའ་དང་མཉམ་པ་དང་། མྱ་ངན་ལས་འདས་པ་དང་མཉམ་པ་དང་། མི་མཉམ་པ་དང་མཉམ་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་། །ཇི་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ལ་མཁས་པ་ཟུང་དུ་འབྲེལ་བ། མ་ཆགས་པར་སྤྱད་པ། ཤིན་ཏུ་སྤྱོད་པ་སྤྱད་པ། རབ་ཏུ་མཁྱེན་པས་མཁྱེན་པ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་མཛད་ ནས་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བར་མཛད་པ་དང་། རྗེས་སུ་ཡི་རང་བར་འགྱུར་བའི་མཉམ་པ་ཉིད་དེ་དང་། ཆོས་ཉིད་དེས་རྗེས་སུ་སློབ་པ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་མཆོག་དང་། མ་ཆད་ པ་དང་། མ་ལྷག་པ་དང་། ནམ་མཁའ་ལྟར་རྣམ་པར་དག་པ་དང་། ཤེས་རབ་དང་། ཡེ་ཤེས་ཀྱིས་རྟོགས་པ་དང་། གཞན་ཡང་ངེས་པའི་དོན་གྱི་ཆོས་དང་ལྡན་པ་དང་། བླ་ན་མ་མཆིས་པ་དང་། ནམ་མཁའ་དང་མཉམ་པའི་རྗེས་སུ་ཡི་རང་བས་ རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱའོ། །རིགས་ཀྱི་བུ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་རྗེས་སུ་ཡི་རང་བའི་ཕུང་པོ་ཁ་ན་མ་ཐོ་བ་མེད་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་སྟེ། ཚིག་འདི་སྐད་ཅེས་ སངས་རྒྱས་བཅོམ་ལྡན་འདས་གང་དག་ཁ་ཅིག་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་ཤིང་གྲངས་མ་མཆིས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཐམས་ཅད་མ་དམིགས་ནས་བདུད་བཞིའི་ལམ་ལས་ཡང་ དག་པར་འདས་པ། བརྗོད་དུ་མེད་པའི་ཆོས་སྐྱོན་མ་མཆིས་པ་བརྙེས་པ། ཡི་གེ་དང་། བརྗོད་པ་དང་། སྐད་ཐམས་ཅད་དང་བྲལ་བ། ཆོས་ཇི་ལྟ་བ་བཞིན་དུ་བརྙེས་པ། ཐབས་མཁས་པས་ཆོས་གཟུང་བར་མཛད་པའི་སླད་དུ་ཇི་ཙམ་དུ་བརྟགས་པ། སེམས་ཅན་ 68-75b ཡོངས་སུ་སྨིན་པར་མཛད་པའི་སླད་དུ་ཐུགས་རྗེ་ཆེན་པོ་ཆུད་མ་གཟན་པ། བསྐུལ་བ་ལ་གཞེས་པ། ཅང་མི་གསུང་བ་ལ་དགྱེས་པ། བྱང་ཆུབ་ཀྱི་ཤིང་ལ་གཟིགས་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་མངོན་པར་བསྟོད་དེ། དགྱེས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་གྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་ རབ་ཏུ་བསྐོར་དུ་གསོལ། འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་མི་འཇུག་པའི་ཆོས་ཀྱི་འཁོར་ལོ་དང་། མངོན་པར་མི་འགྲུབ་པའི་འཁོར་ལོ་དང་། ཚུ་རོལ་དང་། ཕ་རོལ་ཡོངས་སུ་གཅོད་པའི་འཁོར་ལོ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་འཁོར་ལོ་དང་། བདུད་ཕྱིར་རྒོལ་བ་ཆོམས་པའི་འཁོར་ལོ་བསྐོར་དུ་གསོལ། བརྗོད་དུ་མ་མཆིས་པའི་རྔ་བརྡུང་དུ་གསོལ། སྒྲ་མ་མཆིས་པའི་དུང་བུད་དུ་གསོལ། ཆོས་ཤེས་པའི་རྒྱལ་མཚན་དང་ཏོག་བསྒྲེང་དུ་གསོལ། ཤེས་རབ་དང་། ཡེ་ཤེས་དང་། རྣམ་པར་གྲོལ་བའི་ སྒྲོན་མ་འབར་བར་མཛད་དུ་གསོལ། ཐུགས་རྗེ་ཆེན་པོའི་སྤྲིན་བསྡུ་བར་གསོལ། ཆོས་ཆེན་པོའི་ཆུའི་ཆར་པའི་རྒྱུན་གྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་ལོ་ཏོག་རྣམ་པར་སྤེལ་དུ་གསོལ། འཕགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་ནོར་གྱིས་སེམས་ཅན་ ཐམས་ཅད་ཚིམ་པར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྐུལ་བའི་ཕུང་པོ་ཁ་ན་མ་ཐོ་བ་མེད་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་སྟེ། ཚིག་འདི་ སྐད་ཅེས་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་དཔག་ཏུ་མ་མཆིས་པ་དག་ན་སངས་རྒྱས་ཀྱི་མཛད་པ་དག་ཤིན་ཏུ་མཛད་པ། ལེགས་པར་བགྱིས་པའི་ཆོས་ཀྱི་རྒྱུན་མི་གཅོད་པ། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ལུང་ 68-76a བསྟན་པ། དགེ་འདུན་འཕགས་པ་རབ་ཏུ་གནས་པ། གདུལ་བའི་སེམས་ཅན་དག་ཤིན་ཏུ་བཏུལ་བ། མྱ་ངན་ལས་འདས་པའི་བདེ་བ་ཚོལ་བ། ཆོས་གཟུང་བ་འཛིན་པར་མཛད་པའི་སླད་དུ་ཡོངས་སུ་མི་སྐྱོ་བ། ཡོངས་སུ་མྱ་ངན་ལས་འདའ་བར་ བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་ཆོས་ཀྱི་དབྱིངས་གནས་པའི་ཚུལ་གྱིས་ཇི་ལྟར་དེ་དག་མི་སྐྱེ་བ། མ་སྐྱེས་པ་དེ་བཞིན་དུ། མ་འགགས། མི་འགག །འགག་པར་མི་འགྱུར་བར་བཞུགས་སུ་གསོལ་ལོ་ཞེས་བརྗོད་པར་བྱའོ། །རིགས་ ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསོལ་བ་འདེབས་པ་ཡོད་པ་མ་ཡིན་པ་ལེན་པ་མེད་པ་ཁ་ན་མ་ཐོ་བ་མེད་པའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་འདུག་སྟེ། ཚིག་འདི་སྐད་ཅེས་མ་མཆིས་བཞིན་དུ་བདག་གིས་མགོས་ཕྱག་ བགྱིས་པ་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་གང་ལགས་པ་དང་། ཕྱག་འཚལ་བ་དང་། འཆགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་དེ་ཡང་མ་ མཆིས་པ། ལེན་པ་མ་མཆིས་པ། འདུས་མ་བགྱིས་པའོ། །དེ་ལྟར་ཕྱག་འཚལ་བ་དང་། འཆགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་གང་ལགས་པ་དེ་ཡང་མ་མཆིས་པ། ལེན་པ་མ་མཆིས་པ། འདུས་ མ་བགྱིས་པ་སྟེ། དེ་བཞིན་དུ་བྱང་ཆུབ་ཀྱང་ལེན་པ་མ་མཆིས་པ། འདུས་མ་བགྱིས་པ་སྟེ། ཆོས་ཉིད་དེ་དང་། མ་ཆད་པ་དང་། མ་ལྷག་པ་དང་། མ་སྨད་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཐོ་བ་དང་། མི་དམའ་བའི་ཡོངས་སུ་བསྔོ་བས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པར་ཡོངས་སུ་བསྔོའོ་ཞེས་བརྗོད་པར་བྱའོ། །མིག་གཟུགས་རྣམས་ལ་མི་འཇུག་སྟེ། གཟུགས་ཀྱང་མིག་ལ་མ་ཡིན་མོད་ཀྱི་འོན་ཀྱང་དམིགས་པའི་རྒྱུ་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། 68-76b རྣམ་པར་ཤེས་པ་དེ་ཡང་མིག་ལས་མ་བྱུང་། གཟུགས་ལས་ཀྱང་མ་ཡིན་ཏེ། བྱུང་ནས་ཀྱང་ཞིག་ཅིང་མེད་དེ་མི་གནས་སོ། །དེ་བཞིན་དུ་རྣ་བ་ལ་མ་ཡིན། སྒྲ་ལ་མ་ཡིན། སྣ་ལ་མ་ཡིན། དྲི་ལ་མ་ཡིན། ལྕེ་ལ་མ་ཡིན། རོ་ལ་མ་ཡིན། ལུས་ལ་མ་ ཡིན། རེག་བྱ་ལ་མ་ཡིན་ཏེ། ཡིད་ཆོས་རྣམས་ལ་མི་འཇུག །ཆོས་རྣམས་ཀྱང་ཡིད་ལ་མི་འཇུག་མོད་ཀྱི། འོན་ཀྱང་དམིགས་པའི་རྒྱུ་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། དེ་ཡང་ཡིད་ལས་ཀྱང་མ་བྱུང་། ཆོས་ལས་ཀྱང་མ་ཡིན་ཏེ། དེ་ནི་བྱུང་ནས་ཞིག་ཅིང་ མེད་དེ་མི་གནས་སོ། །དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ལ་མི་འཇུག །བྱང་ཆུབ་ཀྱང་དགེ་བའི་རྩ་བ་ལ་མི་འཇུག་མོད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་རྒྱུ་རྐྱེན་གྱིས་དགེ་བའི་རྩ་བ་ལ་དམིགས་པའི་སེམས་བསྐྱེད་པ་རྣམས་ཀྱིས་སྐྱེའོ། །དེ་ཡང་མི་གནས་པ་སྟེ། སྐྱེས་ནས་ཞིག་ཅིང་མེད་དོ། །དེ་ལ་སེམས་གང་གིས་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དང་། སེམས་གང་གིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སེམས་བསྐྱེད་པ་དེ་དག་ཕན་ཚུན་དུ་འབྲེལ་བར་མི་བྱེད་དོ། །འདི་ལྟ་སྟེ་དཔེར་ན། མེ་ནི་གང་ནས་མ་འོངས་ཏེ། བྱུང་ནས་ཀྱང་ཞིག་ཅིང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་མེ་ཡང་གང་ནས་ཀྱང་མ་འོངས་མོད་ཀྱི་འོངས་ནས་ཀྱང་དགེ་བའི་རྩ་བ་ལ་བརྟེན་ནས་འབར་ཏེ་བྱུང་ནས་ཞིག་ཅིང་མེད་དོ། །ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པ་ཆོས་རྣམ་པར་འབྱེད་པ་དེ་ལྟ་བུ་དག་ ལ་བློ་རྣམ་པར་མི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའོ། །སྐྱོན་མེད་པར་འཇུག་པ་དང་། ལུང་བསྟན་པ་དང་། བཟོད་པ་སྣང་བའི་ཡེ་ཤེས་ཐོབ་པ་རྣམ་པར་འབྱེད་པ་རྣམས་ཀྱི་བློ་རྣམ་པར་མི་དཔྱོད་པ་གང་ཡིན་པ་དེས་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་ བྱས་ཏེ་ཡོངས་སུ་བསྔོ་བར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པའི་ཐབས་མཁས་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཤད་པ་དེ་བཞིན་དུ་ཐབས་མཁས་པའི་ཡེ་ཤེས་དེས་ཡོངས་སུ་ 68-77a བསྔོའོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔོ་བ་ཁ་ན་མ་ཐོ་བ་མེད་པའོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཕུང་པོ་གསུམ་པའི་བསྔོ་བ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་དམ་འཆའ་བར་གནས་པ་ཡང་མགུའོ། །ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཕུང་ པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །  
༄༅། །ཚེ་ཐར་ཕན་ཡོན་བཞུགས་སོ། །<br> ༄༅། །བླ་མ་སངས་རྒྱས་ཚེ་དཔག་མེད། །བྱང་སེམས་སློབ་མར་བཅས་ལ་འདུད། །སྲོག་བསླུ་ཚེ་ཐར་བཏང་བ་ཡི། །ཕན་ཡོན་མདོར་བསྡུས་བཤད་པར་བྱ། །ཐུབ་པའི་རྗེས་འཇུག་ཐམས་ཅད་ཀྱིས། །བསམ་དང་སྦྱོར་བ་རྣམ་དག་གིས། །ལག་ཏུ་ལེན་བྱ་མ་ནོར་བ། །ཚེ་ཐར་གཏོང་དང་སྲོག་བསླུ་ཡིན། །མདོ་རྒྱུད་བསྟན་བཅོས་མང་པོ་ནས། །འདི་ཡི་ཕན་ཡོན་རྒྱ་ཆེར་གསུངས། །རྒྱ་བོད་མཁས་གྲུབ་རྒྱ་མཚོ་ཡིས། །འགྲོ་དོན་ཐུགས་གཙིགས་ཆེ་བར་མཛད། །ཐེག་དམན་པ་ཡང་གཞན་གནོད་སྤོང༌། །ཐེག་ཆེན་བྱང་སེམས་འཇུག་པ་ཡི། །བསླབ་བྱ་ཉིད་དང་གསང་སྔགས་ཀྱི། །རིན་ཆེན་རིགས་ཀྱི་དམ་ཚིག་གཙོ། །དེ་ཡི་རྒྱུ་མཚན་འཇིག་རྟེན་ན། །སྲོག་ལས་གཅེས་པ་འགའ་མེད་པས། །སྲོག་གཅོད་གོང་ན་སྡིག་གཞན་མེད། །དེ་ཕྱིར་ཚེ་ཐར་སྲོག་བསླུ་ལས། །ཕན་ཡོན་ཆེ་བ་འདུས་བྱས་ཀྱི། །དགེ་བའི་རྩ་བ་གཞན་ཡོད་མིན། །འདི་ཕྱིར་བདེ་ལེགས་འབྱུང་འདོད་ན། །ལམ་མཆོག་འདི་ལ་བརྩོན་པར་བྱ། །ལུང་རིགས་ཚད་མས་གྲུབ་པ་དང༌། །གེགས་དང་གོལ་ས་མེད་པའི་ལམ། །རང་གི་ལུས་ལ་དཔེ་བླངས་ནས། །གཞན་ལ་འཚེ་བ་སྤོང་འདི་ཡིན། །བྱ་ཉ་རི་དྭགས་གཡུང་དྭགས་དང༌། །འབུ་སྦྲང་ཡན་གྱི་སྲོག་ཆགས་རྣམས། །སྲོག་མི་གཅོད་ཅིང་ཚེ་ཐར་བཏང༌། །མི་འཇིགས་སྐྱབས་སྦྱིན་ལ་བརྩོན་བྱ། །འདི་ཡི་ཕན་ཡོན་བསམ་མི་ཁྱབ། །ཚེ་སྒྲུབ་མཆོག་ཏུ་འདི་འགྱུར་ཞིང༌། །གསོན་རིམ་གཤིན་དགེར་འདི་ལྷག་མེད། །ང་ཡི་འགྲོ་དོན་རྩ་བ་ཡིན། །འགལ་རྐྱེན་ཕྱི་ནང་བར་ཆད་སེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ། །སེམས་བསྐྱེད་བཟང་པོས་ཟིན་པ་དང༌། །བསྔོ་སྨོན་དག་པས་མཚམས་སྦྱར་ན། །རྫོགས་སངས་རྒྱས་ལ་རེག་འགྱུར་ཞིང༌། །རང་གཞན་དོན་གཉིས་འགྲུབ་པ་ཡིན། །འདི་ལ་ཐེ་ཚོམ་བྱ་མི་དགོས། །བསོད་ནམས་དགེ་སེམས་ལྡན་པ་རྣམས། །རི་རྒྱ་ཀླུང་རྒྱ་བསྡམས་པར་བྱ། །ཁྱད་པར་བྱ་ལོང་ཁྲུང་ཁྲུང་ཁྱུ། །ལས་ཀྱིས་བསྐོས་པས་སྟོན་དཔྱིད་དུས། །ལྷོ་བྱང་འཕུར་བསྐྱོད་བྱེད་པ་ན། །གཤོག་རྩལ་ངལ་དུབ་ཆེ་བ་དང༌། །མཁའ་ལམ་སྟོར་ནས་སྐབས་འགའ་ལ། །ས་ལ་བབ་དགོས་བྱུང་བ་རྣམས། །མྱ་ངན་འཇིགས་སྐྲག་བག་མི་ཕེབས། །དེ་འདྲར་རྡོ་དང་མཚོན་བརྡེག་དང༌། །གསོད་གཅོད་གནོད་འཚེ་མི་བྱ་བར། །སྲོག་བསྐྱབ་བདེ་བར་འཕུར་དུ་གཞུག །མགོན་མེད་ཉམ་ཐག་སེམས་ཅན་ལ། །བྱམས་བརྩེས་ཕན་གཏགས་གང་ཡིན་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྒོམས་དང་བསོད་ནམས་མཉམ་མོ་ཞེས། །དཔལ་ལྡན་ཇོ་བོ་རྗེ་དེས་གསུངས། །བླ་དཔོན་སེར་སྐྱ་ཕོ་མོ་རྣམས། །རང་ལ་དབང་བའི་ཡུལ་ལུང་དུ། །ནུས་དང་བསྟུན་ནས་སྲོག་བསླུ་དང༌། །ཚེ་ཐར་ལས་ལ་ཅི་ནུས་འབད། །གཞན་ལའང་གཞེན་བསྐུལ་འདེབས་པར་བྱ། །དེ་ལྟར་མཛད་ན་ཡུལ་ཁམས་སུ། །མི་ཕྱུགས་ནད་ཡམས་གོད་ཁ་ཞི། །ལོ་ལེགས་སྐྱ་རྒྱས་ཚེ་རིང་ཞིང༌། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང༌། །འཆི་ཁར་གནད་གཅོད་འཁྲུལ་སྣང་བྲལ། །ཕྱི་མར་བདེ་འགྲོའི་རྟེན་བཟང་ཐོབ། །མཐར་གྱིས་རྫོགས་བྱང་གོ་འཕང་མཆོག །བདེ་བླག་ཐོབ་འགྱུར་གདོན་མི་ཟ། །འདི་ནས་ཨེམ་ཆི་རྡོར་གྲགས་ཀྱིས། །ལྷ་རེག་དྲི་བྲལ་ནཻ་སྒོར་བརྒྱ། །ཕུལ་ནས་གསོལ་བ་བཏབ་པའི་ངོར། །བྱ་བྲལ་སངས་རྒྱས་རྡོ་རྗེ་ཞེས། །སྲོག་བསླུའི་ལས་ལ་རྟག་འབུངས་དེས། །གང་དྲན་ཡི་གེར་བྲིས་ཏེ་ཕུལ། །དགེ་བས་བྱང་ཆུབ་སྤྱོད་པ་ལ། །སེམས་ཅན་ཐམས་ཅད་འཇུག་པར་ཤོག །མ་མ་ཀོ་ལིང་ས་མནྟ།། །།  
V
159-1b Vinayasūtra ༄། །རབ་ཏུ་འབྱུང་བའི་གཞི་བཤད་པ།<br> ༈ སྔོན་གྱི་ཆོ་ག་ཉེ་བར་བསྟན་པ།<br> ༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ། བོད་སྐད་དུ། འདུལ་བའི་མདོ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས། རྒན་རིམས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར། ཙོག་ཙོག་པོར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །<br> ༈ ད་ལྟར་གྱི་ཆོ་ག་ཉེ་བར་བསྟན་པ།<br> ༈ དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག<br> ༆ རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །སྐྱབས་སུ་འགྲོ་བར་ཁས་བླང་བའི་ཚིག་རྩོམ་པ་དང་། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བྱའོ། །དེའི་འོག་ 159-2a ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ། །ཅི་ཡོངས་སུ་དག་གམ་ཞེས་དྲིས་ལ་དག་ན་ཞུ་བར་བྱའོ། །ཐམས་ཅད་འདུས་པ་ལ་ཡང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་རུང་ངོ་། །ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །མཁན་པོར་གསོལ་བར་བྱའོ། །གཙུག་ཕུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེག་པར་བྱའོ། །གཙུག་ཕུད་བྲེག་གོ་ཞེས་དྲིས་ནས་སྟེར་ན་དེའོ། །ཁྲུས་བྱའོ། །མཁན་པོས་གོས་ངུར་སྨྲིག་དག་སྦྱིན་པར་བྱའོ། །རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ། །མཁན་པོས་བསྐོ་བར་བྱའོ། །མཚན་མ་ཚོར་བར་བརྟག་པར་བྱའོ། །སྐྱབས་སུ་འགྲོ་བར་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །གསོལ་བའི་འོག་ཏུ་ཡང་རུང་ངོ་། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ། །ཅི་ཡོངས་སུ་དག་གམ་ཞེས་དྲིས་ནས་དག་ན་ཉེ་བར་བསྒྲུབ་པར་བྱའོ། །དེ་ནི་སློབ་དཔོན་ཡིན་ནོ། །གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་གནས་སྦྱིན་པ་དང་ཀློག་པ་ཡང་ངོ་། །དོན་གྲུབ་ན་གྱུར་པ་ཉིད་དོ། །མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ། ། 159-2b བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །དཔེར་ན་གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ། །འདིར་ཐ་མ་མཁན་པོའི་དོན་ཏོ། །གནས་སྦྱིན་པ་ནི་ཞག་གཅིག་གནས་ཉིད་ཀྱི་ཕྱིར་ཉེ་བར་གནས་པ་མཐར་ཐུག་ནའོ། །ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ནའོ། །ཀློག་པའི་བསམ་པ་མེད་པས་བརྗོད་པ་ནི་ཀློག་པ་ཉིད་མ་ཡིན་ནོ། །དེ་གཉིས་ལ་གཞན་དུ་ཉེ་བར་མི་བརྗོད་དོ། །གཞན་ལ་མི་བྱའོ། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་གཟུང་ངོ་། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་གའོ། །<br> ༈ བསྙེན་པར་རྫོགས་པའི་ཆོ་ག<br> ༆ དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱའོ། །མཁན་པོར་གསོལ་བར་བྱའོ། །དེ་རང་གིས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ། །ལྷུང་བཟེད་ཀྱང་མི་ཆུང་ངམ་མི་ཆེའམ་མི་སྐྱ་བའམ་ཞེས་དགེ་འདུན་ལ་བསྟན་ནས་སོ། །ཐམས་ཅད་ཀྱིས་དེ་ལྟ་བུ་ཉིད་མ་ཡིན་ན་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ། །བཀར་ནས་ལས་བྱེད་པས་གསང་སྟེ་སྟོན་པ་ལ་གང་ཡིན་ཞེས་བྱ་བས་སྨྲར་བཅུག་སྟེ་སྤྲོ་བར་བྱས་ནས་དེ་དགེ་འདུན་ལ་གསོལ་བར་བྱའོ། །ཁྱོད་ཉོན་ཅིག་ཅེས་བྱ་བས་ལྐོག་ཏུ་རྗེས་སུ་བསྟན་པར་བྱའོ། །མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག་ཅེས་སྨྲས་ནས་རྗེས་སུ་བསྟན་ན་ཞེས་བྱ་བས་དགེ་འདུན་ལ་ཡོངས་སུ་དག་པ་གོ་བར་བྱས་ཏེ། ཅི་མཆི་ཞིག་གམ་ཞེས་བྱ་བས་འོང་བ་ཞུ་བར་བྱའོ། །ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །ལས་བྱེད་པས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་གོ། །དགེ་འདུན་ལ་གསོལ་ནས་བར་ཆད་དྲི་བར་བྱའོ། །བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །དེ་ནི་ཐུར་མ་སོར་བཞི་པ་བཟང་ངོ་། །དེ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའོ། །ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་དང་། དུས་ཚོད་ཀྱང་ངོ་། །དེ་དག་ནི་ལྔའོ། །དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་ 159-3a པོའི་དུས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ། །འོག་མ་ནི་ཟླ་བ་གཅིག་གོ། །དེའི་འོག་མ་ནི་ཉིན་ཞག་གཅིག་གོ། །ཐ་མ་ནི་དེས་ཟླ་བ་གསུམ་དུ་མཆོག་པའོ། །གནས་རྣམས་བརྗོད་པར་བྱའོ། །ལྟུང་བར་འགྱུར་བའི་ཆོས་རྣམས་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་ཀྱང་ངོ་། །མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་ནས་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ། །ཚུལ་དང་འབྲེལ་བའི་གཟུགས་བརྙན་དང་། དུལ་བར་གནས་པ་ཉིད་དང་། དགོས་པ་རྗེས་སུ་སྒྲུབ་པ་ལ་ཡང་ངོ་། །མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་སྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱའོ། །གུས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ཡང་ངོ་། །བསྙེན་པར་རྫོགས་པའི་ཆོ་གའོ། །<br> ༈ གནས་པའི་སྐབས།<br> ༆ གནས་པས་གནས་པ་ལམ་ཞུས་པར་བྱ་བ་མི་བྱའོ། །བཤང་བ་དང་གཅི་བ་དང་སོ་ཤིང་དོར་བ་དང་ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་ནི་མ་གཏོགས་སོ། །གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ཡང་ངོ་། །ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ནད་གཡོག་དང་འགྱོད་པ་བསལ་བ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་ལ་ཨེ་མའོ་བདག་གིས་བྱའོ་ཞེའམ་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །ནན་ཏུར་བྱེད་པར་འདོད་པའི་དགེ་འདུན་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་ངོ་། །བྱས་ན་བཟོད་པར་བྱའོ། །སྤོ་བ་དང་གཞི་ནས་སྤོ་བར་བྱ་བ་དང་། མགུ་བར་བྱ་བ་དང་གཞི་ནས་མགུ་བར་བྱ་བ་དང་དབྱུང་བར་འདོད་པ་ལ་སྦྱིན་པར་བྱ་ཞིང་དབྱུང་བར་བྱའོ། །དེས་ཀྱང་དེ་ལ་དེ་བྱ་སྟེ་ཞུ་བ་ནི་མ་གཏོགས་སོ། །བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ནད་གཡོག་དང་འགྱོད་པ་བསལ་བ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང་། གནས་པ་དོར་ 159-3b པར་མི་དགའ་བ་དོར་བ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ། །སློབ་པ་ཉིད་ཡན་ཆད་ལྔ་པ་མ་ཡིན་པ་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་སྦྱར་རོ། །སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ། །དེ་དག་འཛིན་དུ་འཇུག་ནུས་པ་ཉིད་དོ། །ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་སློབ་པ་ཉིད་དོ། །སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ། །ལྷག་པའི་སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ལ་ཡང་དེ་བཞིན་ནོ། །དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེ་ཤེས་པ་དང་མཐོང་བ་རྣམས་ཀྱིས་ཀྱང་ངོ་། །བརྩོན་འགྲུས་བརྩམས་པ་ཉིད་དང་། ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་རོ། །དྲན་པ་དང་ལྡན་པ་ཉིད་དང་། ནང་དུ་ཡང་དག་གཞག་པ་ཉིད་དང་མཉམ་པར་གཞག་པ་ཉིད་དོ། །སློབ་པ་ཉིད་དོ། །མི་སློབ་པ་ཉིད་དོ། །བྱུང་བ་དང་བཅས་པ་དང་རྗེས་སུ་བཅས་པ་དང་བཀག་པ་དང་གནང་བ་མངོན་པར་ཤེས་པ་ཉིད་དོ། །བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་སྨྲ་བ་པོ་དང་རྗེས་སུ་སྟོན་པ་ཉིད་དང་གནས་དང་རེ་ཞིག་གི་གནས་འཆར་འཇུག་ནུས་པ་ཉིད་དང་ཡང་སྦྱར་རོ། །ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དོ། །རྒན་པ་མེད་ན་གཞོན་པ་ལ་གནས་བཅའ་བར་བྱའོ། །འདུད་པ་འབའ་ཞིག་མ་གཏོགས་སོ། །ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །གཞན་དུ་ན་གསུམ་རིག་པ་ཡིན་ཡང་མི་བྱའོ། །གནས་ཀྱི་སྐབས་སོ། །<br> ༈ རབ་ཏུ་འབྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས།<br> ༈ རྒྱལ་པོས་མ་མནང་བ་སོགས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་བ་ལ་སོགས་པ་བསྟན་པ།<br> ༆ རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་བྱའོ། །ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །བཀོལ་བ་དེ་ནི་མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་འཇུག་གི་མུ་སྟེགས་ཅན་བཀོལ་བའོ། །དཀོན་མཆོག་རྣམས་ཀྱི་བསྔགས་ 159-4a པ་དང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་མི་གཡོ་བ་ཉིད་ནི་སེམས་མགུ་བར་གྱུར་པ་ཉིད་དོ། །དེའི་དོན་དུ་དེ་དང་མི་ལྡན་པ་དེ་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་དེ་ལ་དགེ་འདུན་གྱིས་ལས་ཀྱི་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ། །དེའི་ཟན་ནི་དགེ་འདུན་ལས་སོ། །གོས་ནི་མཁན་པོ་ལས་སོ། །ལས་སུ་བསྐོ་བའི་བྱེད་པ་པོ་ཉིད་དོ། །རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་། ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱའོ། །དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་གཞག་པར་མི་བྱའོ། །གལ་ཏེ་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་རབ་ཏུ་ཕྱུང་ལ་རྒན་པ་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་མ་ལོན་ན་གཞན་ལ་རེ་ཞིག་གནས་པའི་དོན་དུ་གཏད་པར་བྱའོ། །དེས་དེ་དབྲོག་པར་མི་བྱའོ། །བསྙེན་པར་རྫོགས་པར་བྱའོ། །མི་སྟེར་བ་ལས་མཐུས་བཀུག་སྟེའོ། །བཀོལ་བ་བྲན་ནོ། །ཡིན་ནམ་བཏང་ལ་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་བྱའོ། །རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་ནི་ཞག་བདུན་པ་བསྲེལ་བར་བྱའོ། །དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། །རབ་ཏུ་དབྱུང་བར་འདོད་པའི་ཟན་ནི་དགེ་འདུན་གྱིས་བྱིན་ན་རུང་ངོ་། །བཀོལ་བ་ཕ་མས་གནང་ངམ་མཇུག་ཏུ་ཡུལ་ཐག་རིང་བ་ནི་མ་གཏོགས་སོ། །ཉེ་བར་འོངས་པ་ལ་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱར་ཡང་རུང་ངོ་། །བསྙེན་པར་རྫོགས་པར་བྱེད་པ་དག་གིས་བྱེ་བྲག་ཏུའོ། །ནད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །བཀོལ་བ་ཆད་པ་ཡན་ཆད་དོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ། །སྤྲུལ་པའོ། །མ་ནིང་ངོ་། །དེ་ནི་རྣམ་པ་ལྔའོ། །སྐྱེས་ནས་དང་། ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་། ཕྲག་དོག་ཅན་དང་། ཉམས་པའོ། །འདི་ལས་ཐ་མ་ནི་ཉེས་པ་བརྟེན་ན་བསྙིལ་བའོ། །རྐུ་ཐབས་སུ་གནས་པའོ། །བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ 159-4b ལ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་དེ་ཉིད་ཡིན་ནོ། །མུ་སྟེགས་ཅན་ཞུགས་པའོ། །རབ་ཏུ་འབྱུང་བ་འདི་ཡང་དག་པར་བླངས་པ་ལྟ་བ་དེ་དང་ལྡན་པ་ཆོས་གོས་འདི་བོར་ཏེ་རྒྱལ་མཚན་དེས་དེར་སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ། །དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ། །མ་བསད་པ་དང་ཕ་བསད་པ་དང་དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་སོ། །རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །བསྙེན་པར་རྫོགས་ན་བཟོད་པ་གསོལ་ཟིན་པ་ཡིན་ནོ། །གལ་ཏེ་བསྙེན་པར་རྫོགས་ནས་ཁས་མི་ལེན་པ་ནི་ཚོགས་པ་ཡོད་ན་ཡང་ཆད་པས་བཅད་དོ། །གལ་ཏེ་མཐོང་ངོ་ཞེས་བརྫུན་ཟེར་ན་ལྟུང་བྱེད་དོ། །ལག་རྡུམ་དག་དང་རྐང་རྡུམ་དང་། །ལག་སོར་ཟླུམ་པོར་འཇས་པ་དང་། །མཆུ་མེད་ལུས་ལ་རྨ་མཚན་ཅན། །རྒན་ཆེས་པ་དང་གཞོན་ཆེས་དང་། །ཐེང་པོ་སྨད་འཆལ་ཞར་བ་དང་། །ལག་སོར་རྡུམ་སྒུར་མིའུ་ཐུང་དང་། །ལྦ་བ་ལྐུགས་པ་འོན་པ་དང་། །རྟེན་འཕྱེ་དང་ནི་རྐང་བམ་དང་། །བུད་མེད་ཀྱིས་དུབ་ཁུར་གྱིས་དུབ། །མི་གང་ལམ་གྱིས་དུབ་རྣམས་དང་། །ཡ་ཟ་མ་ལུག་གཏའ་གམ་དང་། །དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་སྲོང་ཆེན་པོས་དགག་པ་མཛད། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །བསྡུ་བར་བྱ་བའི་སྐབས་རྫོགས་ཏེ་རབ་ཏུ་འབྱུང་བའི་གཞི་རྫོགས་སོ།། །།བཀོལ་བ་རྒྱལ་པོས་བཀྲབས་པའོ། །རྒྱལ་པོས་གནང་བ་ཡུལ་ཐག་མི་རིང་བའོ། །བཀོལ་བ་ཆོམ་རྐུན་པར་གྲགས་པའོ། །ལྷམ་མཁན་དང་གདོལ་པ་དང་གཡུང་པོ་དང་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ། །ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ། །སྐྲ་སེར་དང་ནི་སྐྲ་སེར་སྐྱ། །དེ་བཞིན་སྐྲ་ནི་ལྗང་གུ་ཁ། །མི་རྣམས་སྐྲ་ནི་དཀར་བ་དང་། །གླང་ཆེན་སྐྲ་འདྲ་སྐྲ་མེད་དང་། །མགོ་འབར་འབུར་ཅན་གླང་པོ་ཆེ། །ཧ་ 159-5a ཅང་སྦོམ་དང་ལུས་གླེབས་འདྲ། །བོང་བུ་ཕག་གི་མགོ་ལྟ་བུ། །མགོ་གཉིས་པ་དང་མགོ་ཆུང་དང་། །གླང་ཆེན་རྣ་འདྲ་རྟ་རྣ་འདྲ། །བན་གླང་རྣ་འདྲ་སྤྲེའུ་རྣ་འདྲ། །བོང་བུའི་རྣ་འདྲ་ཕག་རྣ་འདྲ། །རྣ་གཅིག་པ་དང་རྣ་མེད་དང་། །མིག་དམར་ཧ་ཅང་མིག་ཆེས་དང་། །མི་ག་ཆུང་མིག་ཧ་ཅང་སེར། །ཤེལ་མིག་མིག་ཏུ་བུར་ལྟ་བུ། །མིག་གཅིག་པ་དང་མིག་མེད་དང་། །གླང་ཆེན་སྣ་འདྲ་རྟ་སྣ་འདྲ། །བ་ལང་སྣ་འདྲ་སྤྲེའུ་སྣ་འདྲ། །བོང་བུའི་སྣ་འདྲ་ཕག་སྣ་འདྲ། །སྣ་སྦུགས་གཅིག་དང་སྣ་མེད་དང་། །གླང་ཆེན་ཀོས་འདྲ་རྟ་ཀོས་འདྲ། །བ་ལང་ཀོས་འདི་སྤྲེའུ་ཀོས་འདྲ། །བོང་བུའི་ཀོས་འདྲ་ཕག་ཀོས་འདྲ། །ཀོས་སྨྱུང་དང་ནི་ཀོས་མེད་དང་། གླུང་ཆེན་སོ་འདྲ་རྟ་སོ་འདྲ། །བ་ལ་ང་སོ་འདྲ་སྤྲེའུའི་སོ་འདྲ། བོང་བུའི་སོ་འདྲ་ཕག་སོ་འདྲ། སོ་གཅིག་དང་སོ་མེད་དང་། མགུལ་རིངས་ཆེས་དང་མཇིང་ནུབ་དང་། ཕྲག་མིག་དང་ནི་ཆེས་སྒུར་དང་། །ཕོ་མཚན་ཆད་དང་རླིག་རླུགས་དང་། །རླིག་གཅིག་དང་ནི་རླིག་མེད་དང་། །ཧ་ཅང་རིངས་དང་ཧ་ཅང་ཐུང་། །སྐེམ་པོ་མ་འོས་ངལ་སྐྱེན་དང་། །ཤ་མདོག་ཁ་དོག་རྣམ་བཞི་དང་། །དེ་བཞིན་གྱོལ་པོ་ལུས་ཉམས་སོ། །རྣམ་པ་དེ་ལྟ་བུ་དག་གིས་འགགས་པ་དེ་ཡང་རབ་ཏུ་གཟུང་བར་བྱའོ། །རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་ཕྱུང་བ་ནི་ཉེ་བར་གཞག་པར་མི་བྱའོ། །དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་ངོ་། །དུས་མཉམ་པ་རྣམས་ནི་གཅིག་ལ་གཅིག་ཕྱག་མི་བྱའོ། །སྔར་འོངས་པ་དང་པོ་ཡིན་ནོ། །དགོན་པ་པས་སྐྲ་སོར་གཉིས་ལས་ལྷག་པར་མི་བཞག་གོ། །གྲོང་མཐའ་པས་ནི་དེའི་འོག་མ་ཉིད་ལས་མི་བཞག་གོ། །སྐྲ་བ་ལང་གི་སྤུ་འདྲ་བར་མི་བྲེག་གོ། །རྨ་ཡི་ཐན་ཀོར་ནི་མ་གཏོགས་སོ། །གཙུག་ཕུད་བྱེད་དུ་མི་གཞུག་གོ། །མདོམས་ཀྱི་སྤུ་བྲེག་ཏུ་མི་གཞུག་གོ། །རྨ་ཡི་ཆེད་དུ་གཞན་གྱིས་མི་འཚོ་ན་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲིས་ཏེ་འབྲེག་ཏུ་གཞུག་གོ། །བྱིན་པའི་སྤུ་བྲེག་པ་ཡང་དེའི་ཕྱིར་མ་ཡིན་པར་བྱེད་དུ་མི་གཞུག་གོ། །ལུས་གཞན་གྱི་ཡང་མི་བྱའོ། །སེན་མོ་སྤུ་གྲིའི་སོ་ལྟ་བུའམ་སྟེའུའི་ཁ་ལྟ་བུར་བྲེག་པར་བྱའོ། །དེ་དག་སྤྱིལ་བར་མི་བྱའོ། །དྲི་མ་བསལ་བའི་ཕྱིར་ 159-5b བྲུད་པར་བྱའོ། །ཆོས་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ། །སྐྲ་བཟེད་བཅང་བར་བྱའོ། །མེད་ན་རྔུལ་གཟན་གྱིས་སོ། །གདིང་བར་ཡང་མི་བྱའོ། །གང་དུ་དགེ་འདུན་ཕྱག་དར་ཕྱགས་པར་ཡང་མི་བྱའོ། །རྒན་པོ་དང་ནད་པ་དང་རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་ལ་སོགས་པར་འབྲེག་ཏུ་གཞུག་པར་བྱའོ། །ཕྱོགས་དེ་བྱི་དོར་བྱའོ། །སྐྲ་ནི་ཕྱག་དར་ཁྲོད་དུ་དོར་རོ། །སེན་མོ་བཅད་པ་ཡང་དེ་བཞིན་ནོ། །དེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མས་ཞལ་ཏ་མ་བྱས་པར་སྐྱེས་པས་སྐྲ་མི་བྲེག་གོ། །ཀུན་ཏུ་ཆགས་པར་གྱུར་ན་ཞལ་ཏ་བྱེད་པ་མོས་རྗེས་སུ་བསྟན་པར་བྱའོ། །དྲན་པ་ཉེ་བར་ཞོག་ཅིག །ཅི་རྣག་གི་ལུས་འདི་ལ་སྙིང་པོ་ཡོད་དམ་ཞེས་སོ། །འབྲེག་མཁན་ལ་ནི་མ་དང་སྲིང་མོའི་འདུ་ཤེས་ཉེ་བར་ཞོག་ཅིག་ཅེས་སོ། །དེ་བྱས་ནས་ཁྲུས་བྱའོ། །ཡང་ན་ཡན་ལག་ལྔའི་ཁྲུས་ཀྱང་ངོ་། །སྒྲེན་མོར་ཁྲུས་མི་བྱའོ། །དགེ་སློང་མས་སྐྱེས་པའི་ཆུ་ངོགས་སུ་མི་བྱའོ། །བུད་མེད་ཀྱི་ཆུ་ངོགས་སུ་ཡང་ཕྱེ་མས་མི་བྱའོ། །མོན་སྲན་སྡེའུ་ལ་སོགས་པའི་ཕྱེ་མ་དྲིས་བསྒོས་པ་རུང་ངོ་། །དེ་ནི་བླང་བར་བྱའོ། །ནད་པས་ནི་སྨན་གྱིས་དགོས་པ་ཡང་ངོ་། །དགེ་སློང་མས་བུད་མེད་ལ་ཕྱེ་མས་མི་གཏོར་རོ། །ཤམ་ཐབས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་པར་སྐས་ལ་མི་འཛེག་གོ། །གཞན་གྱི་དུས་སུ་དེ་ལྟར་མི་བྱའོ། །ཁ་མ་བཀབ་པར་གདངས་པར་མི་བྱའོ། །ཁྲུས་རས་བཅང་བར་བྱའོ། །ཉི་རིམ་ལ་ནི་སྲོག་ཆགས་དག་ཀུན་ཏུ་འཆགས་སོ། །ཆོས་གོས་གསུམ་པར་ཀྱང་ངོ་། །མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ། །སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུར་རོ། །དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ། །བཙོག་ཆུ་ཡང་དབོ་བར་བྱའོ། །ཁྲུས་ཁང་བྱའོ། །དེར་སོ་ཕག་གི་གཅལ་དགྲམ་མོ། །སྟོར་ཁུང་གདོད་དོ། །ལྗན་ལྗིན་བསལ་བར་བྱའོ། །སྟོར་ཁུང་དུ་ཁྲུས་བྱེད་ན་དེ་མི་འབྱུང་ངོ་། །སོ་ཕག་གི་དུམ་བུས་བྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་བྲུད་པར་མི་བྱའོ། །དེ་ནི་རྣོན་པོ་དང་བཞར་བཅད་གཉིས་ཀྱི་དཔེ་ཡིན་ནོ། །ཉ་ལྕིབས་ནི་མེས་སྦྱོང་ངོ་། །དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང་གོས་དྲིལ་བ་ 159-6a དག་ཡན་ལག་གང་གིས་ཀྱང་བྲུད་པར་མི་བྱའོ། །གཤེར་འགྱུར་གྱི་ཆུ་དང་མ་བྲལ་བས་ཆོས་གོས་བགོ་བར་མི་བྱའོ། །ལུས་ཕྱིས་བཅང་བར་བྱའོ། །མེད་ན་ཡུད་ཙམ་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་ཕྱི་བར་བྱའོ། །བསྲོ་ཁང་བསྟེན་པར་བྱའོ། །བསྲོ་ཁང་གི་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་། །དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུར་གདོད་དོ། །དེར་སྐར་ཁུང་དྲ་བ་ཅན་དང་སྒོ་གླེགས་ཅན་དང་འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དང་བཅས་པར་གཞུག་གོ། །དབྱུག་གུ་སྐམ་ཁ་ཡང་ཉེ་བར་གཞག་གོ། །སྒོར་སྒོ་གླེགས་དང་སྒོ་གཏན་དང་ཡང་མིག་དང་ལག་གཟུངས་ལེགས་པར་བྱའོ། །ཆུ་དྲོན་གཞག་པའི་ཕྱིར་ནང་གི་ཕྱོགས་སུ་བཞག་སྟེགས་བྱའོ། །མེ་བུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ། །མེ་མཆེད་པར་བྱ་བའི་ཕྱིར་སྦར་བར་བྱའོ། །དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ། །མེ་འབར་བ་ན་མི་རྨྱ་བར་བྱ་བའི་ཕྱིར་འཇུག་པ་བསྡད་པར་བྱའོ། །བོག་པ་མི་དབྱུང་བར་བྱ་བའི་ཕྱིར་དང་ཕྱེ་དང་ཡུངས་མར་དུ་བསྲེས་པ་དག་མེར་བླུགས་སོ། །དྲི་མི་ཞིམ་པ་བསལ་བའི་ཕྱིར་བདུག་སྤོས་བླུགས་སོ། །མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་བཅད་དོ། །སྐྱུ་རུ་རའི་ཕྱེ་མ་སྦྲུས་པའི་ཆང་བུས་ཀྱང་ངོ་། །དེ་རྩྭ་བམ་གྱི་སྟན་གདིང་ངོ་། །ས་གཞིར་སྐྱེ་བ་ཉིད་ཀྱིས་སམ་སྦངས་པས་གཤེར་བའི་རྩྭ་གཤེར་བ་དག་དགྲམ་མོ། །གཡན་པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུག་སྤྱད་བྱའོ། །རྫས་ཀྱི་བླས་ལུང་མིག་ནས་ཐག་གུས་བཏགས་ཏེ་དབེན་པར་གཞག་གོ། །དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ། །དེར་ཁྲུས་མི་བྱའོ། །དེའི་ཆེད་དུ་ཁྲུས་ཁང་བྱའོ། །ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་སྦྲོན་པའི་ཁྲུས་དོང་བྱའོ། །དེ་ལ་སྟོར་ཁུང་གདོད་དོ། །ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་ལ་སྦྲན་པར་བྱའོ། །དེར་གྲང་མོས་བསྲེའོ། །ཆག་ཆག་གིས་ཆུ་ལ་སོགས་པ་ཡང་ངོ་། །ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ། །གལ་ཏེ་ཉམས་དམས་པར་གྱུར་ན་ཁྱེའུ་སུས་བྱའོ། །དེར་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན་དེར་གཏོགས་པས་ངེས་པར་ 159-6b ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་། དེའི་ཆེད་དུ་མི་འཇུག་པར་བྱ་བའི་ཕྱིར་དགེ་སློང་བསྒོ་བ་བསྐོའོ། །དེར་མ་དད་པ་དག་འཇུག་ཏུ་མི་གཞུག་གོ། །དེར་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ། །གཞན་ལས་ནི་གཞོན་རབས་དག་གིས་བྱའོ། །སྦར་བ་དང་ཟངས་དང་འབྲུ་མར་དང་སོ་ཤིང་དང་བ་ལང་གི་ལྕི་བ་དང་ས་དང་ཕྱེ་མ་དང་ཆུ་ལ་སོགས་པ་ཉེ་བར་གཞག་པ་དང་། ཤིང་བརྟག་པ་དང་དྲིལ་ཕྱིས་དང་སྣུམ་གྱིས་བསྐུ་བ་དང་། བཀྲུ་བ་དང་ཕྱགས་པ་དང་ཕྱག་དར་དོར་བ་ལ་སོགས་པའོ། །དེ་དག་གི་ནི་གཅིག་གིས་གཅིག་ལའོ། །ཁྲིའུ་དང་ཉ་ལྕི་བས་དག་ཀྱང་གཙང་སྦྲ་ཉིད་བྱས་ནས་གནས་ཇི་ལྟ་བར་གཞག་གོ། །སྣོད་སྤྱད་ཐམས་ཅད་ལ་ཆོ་ག་དེ་བཞིན་ནོ། །ཡོ་བྱད་ཐམས་ཅད་ལེགས་པར་སྦ་བ་དང་བྱི་དོར་བྱའོ། །དེར་སྒྲ་བསྐྱུངས་ཏེ་འཇུག་པར་བྱའོ། །མཛེས་པར་རོ། །ལེགས་པར་བསྡམས་པ་དང་སྤྱོད་ལམ་མཛེས་པ་དང་ཤེས་བཞིན་དུའོ། །མདུན་དུ་འདུག་སྟེ་མེ་མི་འདེའོ། །འདུ་འཛིའི་གཏམ་སྤང་ངོ་། །འཕགས་པ་མི་སྨྲ་བ་ཉིད་ལ་དམིགས་པས་སོ། །མཇུག་ཏུ་རྒྱུན་ཆགས་གསུམ་པ་གདོན་ནོ། །གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ། །ལུས་ཀྱིས་དེ་མ་དད་པ་བྱེད་དུ་མི་གཞུག་གོ། །འདི་དང་གོང་མ་ལ་ཡང་བསྟན་པ་ནི་དད་པ་ཅན་དུ་འདོད་དོ། །སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ། །སློབ་དཔོན་དང་མཁན་པོ་ནི་མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ལ་ཡང་བསྙེན་བཀུར་བྱའོ། །ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་ངོ་། །ལེགས་པར་སྦྱར་བའི་ཁྲུས་ཀྱིས་བཀྲུའོ། །རླུང་འདྲེན་པའི་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་བསྐོལ་བས་ཁྲུས་བྱ་བ་ནི་དེའི་མིང་ཡིན་ནོ། །བསྐུ་མཉེ་བྱས་ནས་དེ་ནི་མི་རྩུབ་པ་ཉིད་ཀྱི་ཕྱིར་རོ། །དེ་དང་དབྲལ་བའི་ཕྱིར་ཁྲུས་ཆལ་གྱིས་སོ། །སྔ་མའི་ཆེད་དུ་ཆུའི་བུམ་པ་ཕྱི་མར་སྣུམ་ཐིགས་པ་གཉིས་སམ་གསུམ་བླུགས་སོ། །ལྕགས་ཀྱི་གཞོང་རིངས་སུ་ཁྲུས་བྱའོ། །དེ་ནི་ནད་པས་བཅང་བར་བྱའོ། །དེའི་སྟེང་དུ་ཁ་གབ་གཞུག་གོ། །དེར་གཉའ་བར་སྔས་ནང་ཚངས་ཅན་གཞུག་གོ། །གར་བབ་བབ་དུ་རྐང་པ་མི་བཀྲུའོ། །དེའི་གནས་ནི་ཝ་ཁར་རོ། །རྐང་ཁྲུས་ཀྱི་གཞི་བྱའོ། །གཙུག་ལག་ཁང་གི་སྟེང་གི་ཤར་ལྷོའི་མཚམས་སུའོ། །རུས་ 159-7a སྦལ་གྱི་རྣམ་པ་འདྲ་བར་རྩུབ་པར་རོ། །ཆོལ་ཟངས་ས་ལས་བྱས་པ་གཞག་པར་བྱའོ། །ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་སྙིང་པོ་ཅན་ནོ། །དབུས་ན་ཡོད་པ་ཀ་དམ་པའི་མེ་ཏོག་འདྲ་ལ་རྩུབ་པ་དང་ངོ་། །བཀྲུས་ནས་ཁས་བུབ་ཏུ་གཞག་གོ། །དགེ་འདུན་གྱི་ནི་ཁང་ཐོག་ཏུའོ། །གང་ཟག་གི་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ཏུའོ། །གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བྱི་དོར་ལ་སོགས་པ་བྱས་པ་དེར་ཆུས་བྱུག་གོ། །ཡང་ན་བསྐུའོ། །མདུང་རྩེའི་རྣམ་པ་ལྟ་བུའམ་རྫ་རྔའི་རྣམ་པ་ལྟ་བུར་རོ། །བ་ལང་གི་ལྕི་བའམ་འཇིམ་པས་སོ། །དཀོན་མཆོག་གི་དོན་ཉིད་དུ་བརྐུ་བ་ལ་ནི་རྣམ་པ་ངེས་པ་མེད་དོ། །<br> ༈ ཡན་ལག་དང་བཅས་པའི་ལྷུང་བཟེད་ཀྱི་ཆོ་ག<br> ༆ ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཆུང་ངུ་དང་ཆེན་པོ་དང་སྐྱབས་ཀྱང་མི་བྱའོ། །ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་ལྷག་མར་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས་པ་ལྷག་པ་ནས་དོའི་བར་དེ་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་བཅང་ངོ་། །དེས་དེའི་གཞིར་ཞ་ཉེའི་དབྱར་འདབ་གཞག་པར་བྱའོ། །བྱང་ཆུབ་དང་པ་ཏ་ལའི་ལོ་མའམ་ལག་མཐིལ་གྱི་རྣམ་པ་ལྟ་བུའོ། །ཚད་ལས་ཀྱང་ངོ་། །བརྙན་པོས་ཀྱང་དེ་ཉིད་དང་བཅས་པ་ཡིན་ནོ། །ལྔ་པོ་ཡང་དེ་བཞིན་ནོ། །དབྱར་དག་ལྷུང་བཟེད་མེད་དུ་མི་རུང་ངོ་། །ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆུང་ངུས་འགྲོ་བར་བྱའོ། །མེད་ན་རབ་ཏུ་དབྱུང་བར་བྱའོ། །འགྲེང་བཞིན་དུ་ལྷུང་བཟེད་དབྱུང་བ་དང་གཞུག་པ་དང་བསྐམ་པར་མི་བྱའོ། །རན་པར་སྤྱད་པར་བྱའོ། །གཞན་གྱིས་སྤངས་པ་དེར་མི་བླུགས་སོ། །དེས་ཕྱག་དར་མི་དོར་རོ། །ངན་པ་ཡང་མི་དོར་རོ། །ལག་པ་དང་ཁས་ཆུ་མི་བླུགས་སོ། །དགེ་ཚུལ་བག་མེད་པའི་ཆོས་ཅན་བྱི་དོར་བྱེད་དུ་མི་གཞུག་གོ། །བྱེ་མ་ཅན་དང་ལྕི་བས་མི་བྱའོ། །ཧ་ཅང་གཤེར་བཞིན་དུ་འཕྱིར་མི་གཞུག་གོ། །ཧ་ཅང་བསྐམ་པར་མི་བྱའོ། །རྡོའི་སྟེང་དུ་མི་བཞག་གོ། །མི་གཙང་བའི་ཕྱོགས་སུ་མི་བཞག་གོ། །གར་བབ་བབ་དུ་མ་ཡིན་ནོ། །དེར་མི་བཞག་གོ། །དེའི་ཆེད་དུ་ངོས་ཁུང་བྱའོ། །གཙུག་ལག་ཁང་ 159-7b དང་ཁང་ཁྱིམ་དག་རྩིག་པའི་ཚེ་བྱའི། རྩིག་པ་བརྐོ་བས་ནི་མ་ཡིན་ནོ། །དགོན་པ་པ་རྣམས་ཀྱིས་སྐོན་བུ་ཁ་སྦྱར་བྱའོ། །ལྕུག་མའམ་སྲད་བུ་ལས་བྱས་པའོ། །ལྕི་བ་དང་སས་བྱུགས་པའོ། །ཁ་གབ་རྣམ་པ་དེ་ལྟ་བུ་དང་བཅས་པས་སོ། །དེ་ནི་གཟར་ཐག་གིས་ཤིང་ལ་དཔྱངས་ན་བཟང་ངོ་། །ས་ལ་མི་བཞག་གོ། །དེ་བཞིན་དུ་མི་བསྐུར་རོ། །སྣོད་དུ་བཅུག་སྟེ་བསྐུར་བར་བྱའོ། །ལག་པས་མི་བསྐུར་རོ། །བསྐུར་བ་ནི་ལུང་ཐག་བཏགས་ཏེ་མཆན་ཁུང་གིས་སོ། །ལྷུང་བཟེད་དང་སྨན་དང་བར་བུར་དག་སྣོད་ཐ་དད་པར་གཞུག་གོ། །དེ་དག་བཅང་བར་བྱའོ། །དེ་དག་ལ་དཔྱང་བའི་ལུང་ཐག་མཉམ་པར་གདགས་པར་མི་བྱའོ། །སྡུག་བསྔལ་མི་འདོད་པས་ནི་ཞེང་ཆུང་ངུ་དག་ཀྱང་ངོ་། །ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་དབུས་སུ་ཕྱིང་བུས་སྦྱར་བར་བྱའོ། །དེ་གནས་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་བྱའོ། །ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ། །སྣམ་སྦྱར་པགས་པ་དང་འདྲ་བར་རོ། །ཆོས་གོས་ལྷག་མ་ཡང་ངོ་། །བཅོས་ལེགས་བྱ་བ་ཡལ་བར་མི་དོར་རོ། །ལྷུང་བཟེད་གླན་པ་ལ་ནན་ཏན་བྱའོ། །དབེན་པའི་ཕྱོགས་སུའོ། །དགེ་འདུན་གྱིས་མགར་སྤྱད་དག་བསྲེལ་བར་བྱའོ། །བུ་གུའི་ལྷན་པར་བུ་རམ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་སྤྲ་ཚིལ་དང་རོ་ཉེ་དང་ཚོན་མོ་སྟེང་དག་མི་བཟང་ངོ་། །ལྷན་རིངས་དང་ཐམ་ཕྲན་དང་ལྷན་པ་ཆུ་སྲིན་གྱི་སོ་ལྟ་བུ་དག་བཟང་ངོ་། །ཕྱེ་མས་ཀྱང་ངོ་། །ལྕགས་ཀྱིའམ་རྡོའིའོ། །འབྲུ་མར་དང་བདར་བ་སྤྲ་ཚིལ་དང་འདྲ་བ་ལ་ཐུག་པར་གྱུར་པས་སོ། །ལྕགས་སམ་ཀུ་རུ་བིན་དས་སོ། །དྲོ་བ་ལ་གླན་ནོ། །དྲོ་བས་གཡོགས་ཏེ་འཇིམ་པས་བསྐུས་ལ་ཅི་རན་ཙམ་དུ་བསྲོའོ། །འབྲུ་མར་གྱིས་བདར་རོ། །ས་ལས་བྱས་པའི་ནི་བུ་རམ་དང་འཇིམ་པས་སོ། །སྤྱོད་པ་ཉིད་ཡིན་ན་ཟླ་བ་དྲུག་གི་འོག་ཏུ་བསྲེག་པར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་ས་ལས་བྱས་པ་ཉིད་ཡིན་ན་ཟླ་བ་ཕྱེད་ནའོ། །གལ་ཏེ་དབྱར་བྱུང་ན་དེའི་བྱ་བའི་བར་དུ་བསྐུ་བ་དང་རྩུབ་ཁྲུས་ཉིད་ཀྱིས་ལེགས་པར་བཅོས་པ་ཉིད་བྱའོ། །དེ་བསྲེག་པར་བྱའོ། །དེའི་ཆེད་དུ་རྫ་བོ་བསྲེལ་བར་བྱའོ། །དེ་ཉིད་དུ་གྲུབ་པའམ་དབྱིབ་མོ་ཡང་རུང་ངོ་། །ཐལ་བས་བཀང་སྟེ་རྫ་གཟོང་གིས་བརྐོས་ན་བཟང་ངོ་། །དེ་བཅང་བར་བྱའོ། །དེས་དུ་བ་ 159-8a མི་འཆོར་བར་དགབ་པོ། །ཕུབ་མ་དང་འཇིམ་པར་སྦྱར་བས་ཕྱི་རོལ་བྱུགས་པས་སོ། །འབྲུ་མར་གྱི་ཚིགས་མའམ་ལྕི་བས་ནང་བྱུགས་པས་སོ། །སྐམས་པར་གྱུར་པས་སོ། །ས་གཞི་བྱི་དོར་བྱས་པར་ཕུབ་མ་བཏིང་ཞིང་དུ་བ་འཚེར་བར་བྱེད་པ་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་བཀྲམ་པའི་སྟེང་དུ་ཁས་བུབ་ཏུ་བཞག་པ་ལའོ། །ལྕི་བ་དང་སོག་མས་བཅེར་ཏེ་མེ་སྦར་རོ། །ཏེ་པོར་གྲངས་ནས་དབྱུང་ངོ་། །ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་གྱི་བར་དུ་བཟླས་པར་བྱའོ། །བྱི་དོར་བྱས་ཤིང་གཞུག་པར་བྱའོ། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བས་ཉེན་ཀོར་ཕྱག་དར་དང་ཆག་ཆག་བྱའོ། །<br> ༈ དགེ་སློང་དང་འབྲེལ་བའི་སྐབས།<br> ༆ ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེན་ཀོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླང་བར་བྱའོ། །དེ་ནི་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ། །ཟུང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་དངོས་པོ་དབབ་པ་ལ་སོགས་པས་སོ། །བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ། །མཚམས་ཀྱི་ཕྱི་རོལ་ཏུ་མི་གཏང་ངོ་། །དེ་ལྟར་སྣང་བའི་ཉེན་ཀོར་དུ་བཀར་ཏེ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་གཞག་པར་བྱའོ། །ཁྱིམ་པ་ལ་གནས་བརྗོད་པར་མི་བྱའོ། །བསྙེན་པར་རྫོགས་མ་ཐག་པ་ལ་མི་བརྗོད་པར་མི་བྱའོ། །གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་གནས་པར་ཁས་བླང་བར་མི་བྱའོ། །གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ། །ཕྱི་མ་ལ་ཡང་ཟླ་བ་གཉིས་ལས་ལྷག་པའོ། །གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ། །མེད་ན་གཞོན་ནུའི་ནང་ནས་ཆེས་རྒན་པ་ལ་ཞུ་བར་བྱའོ། །ཡོད་ན་ཡང་རེ་ཞིག་གི་གནས་ཉིད་ཀྱིས་སོ། །མ་ཞུས་པར་དེ་ལྟ་བུ་ལ་བདག་གིས་སམ་དེས་ཀྱང་བསྙེན་བཀུར་གྱི་ལས་མི་བྱའོ། །གནས་པར་འོས་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་ནི་མེད་ན་མི་གནས་པར་འདུག་པ་ལ་ཉེས་པ་མེད་དོ། །ཞག་ལྔའི་མཐར་ཐུག་པའི་བར་དུའོ། །རྙེད་པ་ཡོད་ན་འོས་པ་ཉིད་དོ། །གློ་བུར་དུ་འོངས་པས་ནི་ངལ་བསོས་ནས་ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་བར་བྱའོ། ཉི་མ་གཅིག་ནི་ཆེད་དུ་མི་བྱའོ། །གནས་པ་ཉེ་བར་མི་གནས་ན་གཞན་ལ་ཞུ་བར་བྱའོ། ། 159-8b ལས་སུ་བསྐོས་པར་སོང་བ་ན་དེ་གཞན་དུ་བྱུང་བ་ན་མ་ཞུས་ཀྱང་ཉེས་པ་མེད་དོ། །གང་ཡང་རུང་བ་ལ་མི་བྱའོ། །དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང་ཤེས་པ་དང་འཁོར་བ་ལ་ཕན་འདོགས་པ་ཉིད་ངེས་པར་ཤེས་པར་བྱས་ནས་དེ་གཟུང་བར་བྱའོ། །སྡོམ་པ་བཞིན་ནོ། །ལག་པ་གཉིས་ཀྱིས་རྐང་མཐིལ་གཉིས་ལ་བཅངས་ནས་སོ། །ཡོངས་སུ་བརྟགས་ནས་སྦྱིན་ནོ། །བུ་དང་ཕའི་འདུ་ཤེས་བསྐྱེད་པར་བྱའོ། །མཁན་པོ་དེ་ཉིད་གནས་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལ་དེ་མི་བཅའོ། །གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་ན་ནི་གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ། །མཁན་པོ་མ་ཡིན་པ་དག་ཚོགས་ན་འདོད་པས་འཇུག་པར་བྱའོ། །དེ་དང་དེ་གཉིས་ཀྱིས་སོ། །མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །གཙུག་ལག་ཁང་དེ་ན་འདུག་ན་གནས་པས་ཉིན་པར་ལན་གསུམ་འགྲོ་བར་བྱའོ། །གལ་ཏེ་དགོན་པ་ན་འདུག་པ་ལ་རྒྱང་གྲགས་ཙམ་ན་ཉིན་རེ་ལན་རེའོ། །རྒྱང་གྲགས་ལྔ་ཡོད་ན་ཞག་ལྔའམ་དྲུག་ཅིང་ངོ་། །དཔག་ཚད་ཕྱེད་དང་གསུམ་དག་ན་གསོ་སྦྱོང་གི་ཚེའོ། །གནས་པ་ཆད་པས་བཅད་པར་འོས་པ་ཆད་པས་མི་བཅད་པར་མི་བྱའོ། །ཆད་པ་ནི་ལྔའོ། །གཏམ་འདྲེ་བར་མི་བྱ་བ་དང་། གདམས་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གི་ལོངས་སྤྱོད་དུ་མི་གཞུག་པ་དང་། དགེ་བའི་ཕྱོགས་བརྩམས་པ་རྒྱུན་བཅད་པ་དང་། གནས་དགག་པར་བྱ་བའོ། །མ་དད་པ་དང་ལེ་ལོ་ཅན་དང་བཀའ་བློ་མི་བདེ་བ་དང་མ་གུས་པ་དང་སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ། །ཆད་པས་བཅད་པ་གཞན་གྱིས་ལེན་པར་བྱེད་པ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གུས་པར་མི་བྱེད་ན་དྲང་པོར་བྱ་བའི་ཕྱིར་དགེ་སློང་ཤེས་ཉེན་ཅན་བསྐོ་བར་བྱའོ། །རྒྱུ་བཏང་བ་བཟོད་པ་གསོལ་བར་བྱེད་པ་ལ་བཟོད་པར་བྱའོ། །མི་འོས་པ་ཆད་པས་གཅད་པར་མི་བྱའོ། །འོས་པ་ལ་མི་བཟོད་པར་མི་བྱའོ། །མི་འོས་པ་ལ་བཟོད་པར་མི་བྱའོ། །མི་བྱེད་པ་ཉིད་ཡིན་ན་གནས་ཁང་ནས་བསྐྲད་པར་བྱའོ། །དགེ་ཚུལ་ལ་ནི་ཆུ་ཚགས་དང་རིལ་བ་སྤྱི་བླུགས་དང་མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་ཏེའོ། །གལ་ཏེ་བསྙེན་པར་རྫོགས་པར་འདོད་པ་ཞིག་ཡིན་ན་ཡོ་བྱད་ལྔའོ། ། 159-9a བསྙེན་པར་རྫོགས་པ་ལ་ཡང་ངོ་། །སེང་གེ་ལྟར་གྱ་ཚོམ་མི་བྱའོ། །གནོད་པར་འགྱུར་བའི་ཁྲིམས་སུ་བཅའ་བ་མི་བྱའོ། །ཁའི་གནས་པ་ཉིད་ནི་མ་བཀྲུས་པ་ཉིད་ཡིན་ནོ། །སོ་ཤིང་དབེན་པར་དོར་རོ། །བཤང་གཅི་བྱ་བ་ཡང་ངོ་། །ལོངས་སྤྱོད་དུ་རུང་བའི་ཤིང་ངམ་རྩིག་པའི་དྲུང་དུ་མི་དོར་རོ། །དེའི་ཚད་ནི་སོར་བཅུ་གཉིས་མན་ཆད་སོར་བརྒྱད་ཡན་ཆད་དོ། །བད་ཀན་མང་བའི་ནི་མེད་ན་སོར་བཞི་ལས་ལྷག་པ་ཡན་ཆད་དོ། །གནས་ཁང་དུ་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་བ་ལ་མི་རིགས་པ་མེད་དོ། །དེ་ལ་ཝ་ཁ་ཡང་མི་དབེན་པར་འགྱུར་རོ། །དེར་ཁྲུ་གང་ཁོར་ཡུག་ཏུ་རྣམ་པ་དེ་ལྟ་བུ་བྱར་རུང་བ་ཉིད་དོ། །དེའི་རྗེས་ལ་ལྕེ་བཞར་བར་བྱའོ། །ལྕེ་བཞར་ཉེ་བར་གཞག་པར་བྱའོ། །ཁབ་ཀྱི་རྫས་དག་ལས་སོ། །དོན་འདི་ལ་སོ་ཤིང་གི་ཚལ་པ་རུང་ངོ་། །དེ་མི་རྣོ་བར་བྱ་བའི་ཕྱིར་གཅིག་གིས་གཅིག་དྲུད་པར་བྱའོ། །མི་རྣོ་བས་སོ་དང་ལྕེ་དང་རྣ་བ་དྲུད་བཞར་བྱའོ། །དལ་གྱིས་མ་ཡིན་པར་མི་བྱའོ། །དེ་དག་གིས་ཤ་ལ་མི་གནོད་པར་རོ། །སོ་དང་ལྕེ་གཉིས་ཀྱི་དྲུད་བཞར་གྱི་ཕྱོགས་ཁའི་དྲི་མས་གོས་པ་མ་བཀྲུས་སམ་སས་མ་བསྐུས་པར་མི་དོར་རོ། །སྒྲ་མ་བྱས་པར་མི་དོར་རོ། །དེ་ནི་དཔེ་ཡིན་ནོ། །བཤང་བ་དང་གཅི་བ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་གཞན་དག་ཀྱང་ངོ་། །དེ་ལས་བྱི་དོར་འབྱུང་བཞིན་དུ་འདག་རྫས་དང་ལྕི་བ་ལས་ཀྱང་ངོ་། །ལུས་ཀྱི་བྱ་བ་བསྒྲུབས་མ་ཐག་ཏུ་མཆོད་རྟེན་ལ་ཕྱག་བྱའོ། །གནས་པས་སྒྲུབ་པའི་དབང་དུ་བྱས་ཏེ་དེ་ནས་དེ་མ་ཐག་ཏུ་སྔར་སོང་སྟེ་ཕྱག་བྱའོ། །བསྙུན་གསོལ་ལོ། །འདག་རྫས་དང་སོ་ཤིང་དབུལ་ལོ། །ཚང་མང་བལྟས་ཏེ་བརྗོད་པར་བྱའོ། །དགའ་བ་བསྟབས་པ་ཉིད་དུ་ཡིད་ལ་བྱའོ། །ལྷུང་བཟེད་བཀྲུ་བར་བྱའོ། །གལ་ཏེ་བསོད་སྙོམས་པ་ཞིག་ན་གསིལ་བྱེད་ཀྱང་ངོ་། །གལ་ཏེ་དགོས་པ་ཡོད་ན་ཆུ་ཚགས་ཀྱང་ངོ་། །གལ་ཏེ་དེ་ཡང་ཡིན་ན་ཞུ་བར་བྱའོ། །གལ་ཏེ་བཟོད་ཅིང་འདོད་ན་དེ་ཉིད་དང་ལྷན་ཅིག་འཇུག་པར་བྱའོ། །ཉམ་ང་བ་ལ་སོགས་པར་མདུན་དུ་འགྲོ་བར་བྱའོ། །བསོད་པ་ཞིག་ན་དེ་ལ་བསྔོ་བར་བྱའོ། །གལ་ཏེ་མ་འགྲོགས་ན་འོངས་ནས་བསྟན་པར་བྱའོ། །ཆེས་མཆོག་ 159-9b ཏུ་གྱུར་པ་དབུལ་བར་བྱའོ། །དེས་ཐམས་ཅད་ལ་ཚོད་རིག་པར་བྱའོ། །ཆུ་སྣོད་དགང་བར་བྱའོ། །དུས་བརྗོད་པར་བྱའོ། །ཟན་ཟོས་ནས་ལྷུང་བཟེད་ལ་སོགས་པ་བཀྲུ་བར་བྱའོ། །དེ་དག་གཞག་པར་བྱའོ། །མཆོད་རྟེན་ལ་ཕྱག་འཚལ་བ་ན་འདག་རྫས་དང་ཆུ་ལ་སོགས་པ་དབུལ་ལོ། །རྐང་པ་བཀྲུ་བར་གཏོགས་པ་ལ་ནན་ཏན་བྱའོ། །མལ་དང་སྟན་བཤམ་པར་བྱའོ། །ཤམ་ཐབས་ཀྱི་གཟན་དབུལ་བར་བྱའོ། །ཤམ་ཐབས་བླང་བར་བྱའོ། །རྐང་པའི་ཆུ་དང་རྟེན་དང་ཚོལ་ཟངས་དབུལ་བར་བྱའོ། །མཆིལ་ལྷམ་གཉིས་ཕྱིའོ། །སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པར་ཕྱགས་མ་ཐོགས་པ་མཐོང་ན་ལས་ཆུང་བར་བྱའོ། །གོས་འཚེམ་པ་ཉིད་དུ་མ་བསྐོས་པར་ཁབ་ཐོགས་པ་ཡང་ངོ་། །རུང་བར་བྱ་བ་དང་སྔོ་ཆུང་ངུ་བརྔ་བ་དང་མེ་ཏོག་དང་འབྲས་བུ་བཏོག་པ་དང་། སོ་ཤིང་ཉེ་བར་བསྒྲུབ་པ་ལ་སོགས་པར་ཡང་དགེ་ཚུལ་བསྐོའོ། །སྒོ་གླེགས་ལ་བརྡབས་པས་ནང་ན་གནས་པ་ལ་གོ་བར་བྱའོ། །དེ་ནི་དལ་བུས་དང་ཡུན་མི་རིང་བར་བྱའོ། །དེ་དྲག་ཏུ་མི་ཕུལ་ལོ། །དལ་བུས་ཤེས་བཞིན་དུ་འཇུག་པ་དང་འབྱུང་བ་དང་སྒོ་སྐྱེས་ལ་མི་འདྲུད་པར་བྱའོ། །དེ་ལ་བཀུར་སྟི་བྱའོ། །བཞར་བར་བྱའོ། །དེ་དང་ཞེ་འགྲས་པ་ལ་མི་བཞར་རོ། །དེ་ལ་ཁྲེལ་ཡོད་པར་བྱའོ། །དེའི་བྱ་བ་ལ་གྲིམས་པར་བྱ་བ་དང་། གུས་པར་བྱས་ཏེ་བྱ་བ་དང་། མཛེས་པས་འཇུག་པར་བྱའོ། །ངོ་ཚ་དང་ལྡན་པ་དང་གུས་པ་དང་བཅས་པ་དང་རྗེས་དང་བཅས་པ་དང་སེམས་དམའ་བ་དང་ཤེས་བཞིན་གྱིས་རང་གི་དོན་མི་ཉམས་པར་བྱའོ། །དགེ་བ་གང་ཡིན་ཞེས་ཚོལ་བ་ཅན་དུ་བྱའོ། །ཉེས་བྱེད་ལ་འཇུག་ན་བཟློག་པར་བྱའོ། །དགེ་བ་མི་འཕེལ་ན་དེ་བྱེད་པ་གཞན་ལ་གཏད་པར་གསོལ་བར་བྱའོ། །གནས་ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱའོ། །སྡིག་པའི་གྲོགས་པོ་ལས་བཟློག་པར་བྱའོ། །དགེ་བ་ལ་སྦྱར་བར་བྱའོ། །དེ་ཉེ་བར་བསྒྲུབ་པར་བྱའོ། །ལྟུང་བ་ལས་བསླང་བ་དང་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་བསྒྲུབ་པ་ལ་བརྩོན་པར་བྱའོ། །ལྷན་ཅིག་གནས་པ་དང་ཉེ་གནས་དང་མཁན་པོ་དང་སློབ་དཔོན་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་སྨོན་འགྲིན་ 159-10a དང་འགྲོགས་བཤེས་ཀྱིས་ནད་གཡོག་བྱའོ། བྱེད་པ་པོ་མེད་ན་འོག་མས་སོ། །འདིར་ཀློག་པའི་སློབ་དཔོན་ཡང་བཟུང་བ་ཉིད་ཡིན་ནོ། །ཅིག་ཅར་མི་ནུས་ན་གནས་པ་གང་དང་འཇུག་པའོ། །འདིར་དེའི་རྟགས་བརྩམས་པ་ཡང་རབ་ཏུ་བྱུང་བ་དང་འདྲའོ། །ཚངས་པ་མཚུངས་པར་སྤྱོད་པ་ན་ཡལ་བར་མི་དོར་རོ། །དེ་ལ་ནད་གཡོག་མེད་ན་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ། །དགེ་འདུན་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་རུང་ངོ་། །མེད་པ་ཉིད་ཡིན་ན་དེ་ནད་གཡོག་གིས་ཚོལ་དུ་གཞུག་གོ། །མ་འབྱོར་ན་དགེ་འདུན་གྱིས་ལས་སྦྱིན་པར་བྱའོ། །མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་། །དེའི་ཕྱིར་དགེ་འདུན་གྱི་ལས་བཏུང་བ་དང་གདུགས་གདགས་པ་ལ་སོགས་པའི་མཆོད་པ་བྱའོ། །མེད་ན་སངས་རྒྱས་ཀྱི་ལས་སོ། །དེ་གཉིས་ཀྱིས་བླངས་པ་དེས་མ་ཤི་ལ་འབྱོར་པ་ཡོད་ན་བསབ་པ་ཉིད་དུ་བྱའོ། །ནད་གཡོག་གིས་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའོ། །དེའི་ཚིག་དོན་དང་ལྡན་པ་ཚིག་དང་ལྡན་པ་བཅག་པར་མི་བྱའོ། །ལྷག་པར་ཆགས་པའི་དངོས་པོ་འགུགས་པ་དགག་པར་མི་བྱའོ། །མི་གདམས་པར་མི་བྱའོ། །དེ་ནད་པས་བཟླ་བར་ཤིན་ཏུ་མི་བྱའོ། །དེས་དེ་ཤེར་དོགས་ན་དགེ་འདུན་གྱི་མལ་སྟན་ལས་བསླངས་ཏེ་གང་ཟག་གི་ས་ལ་གཞག་པར་བྱའོ། །བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་ཀྱི་སྒྱུ་ཐབས་ཀྱིས་སོ། །དེའི་གནས་སྐབས་ཀྱི་ཡོངས་སུ་བརྟག་པ་ལ་འབད་པ་དང་ལྡན་པར་བྱའོ། །དེས་སྨེ་བར་བྱས་པ་ཤི་བའི་གོས་དེ་དག་བཀྲུ་བ་ནི་དེས་བྱ་བ་ཉིད་ཡིན་ནོ། །དགེ་འདུན་འདུས་པ་ན་དེའི་གནས་བརྟན་མདུན་དུ་འགྲོ་བར་བྱའོ། །འགྲོ་བའི་ཚེ་ཐོགས་ན་བསྡད་པར་བྱའོ། །དེ་དག་གིས་དེ་ཡང་ངོ་། །མ་བྱུང་བ་ལ་མི་རིང་བར་སོང་སྟེའོ། །གྲོང་གི་ཉེ་འཁོར་དུ་ཡང་ངོ་། །གལ་ཏེ་འཇུག་པ་ན་ཕྱི་བཞིན་འོངས་ན་ཡང་ངོ་། །གལ་ཏེ་སྦྲོན་པ་འོངས་ན་ཡང་དེ་ལ་གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བར་བྱའོ། །ཟས་ཀྱི་ཕྱིར་སོན་པ་ཉིད་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་དུས་ཡོད་ན་ཡང་ངོ་། །མེད་ན་གྲལ་དེར་དེའི་སྟན་གཞག་པར་བྱའོ། །འདུག་པ་དང་ཕྱི་རོལ་དུ་ཡང་སོ་སོར་བརྟག་པར་བྱའོ། །ལེགས་པར་མ་བསྒོས་པ་ཉིད་དམ། ལེགས་པར་མ་ 159-10b སྦྱངས་པ་ཉིད་ཡིན་ན་མཛེས་པར་བྱ་བའི་ཕྱིར་དེ་གཉིས་ལ་བརྡ་བྱའོ། །མགོ་ན་དྲུང་ན་མོ་ལ་བྱེད་དུ་གཞུག་གོ། །མ་གྱུར་ན་རང་གིས་སོ། །གསར་བུ་དེ་དག་ལ་ཀུན་ཏུ་སྨྲ་བར་མི་བྱའོ། །གཙུག་ལག་ཁང་དང་དགོན་པ་དེར་དེ་དག་གིས་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་དེ་འཛིན་དུ་གཞུག་པར་བྱ་ཞིང་ངེས་པར་སྦྱར་བར་ཡང་བྱའོ། །གློ་བུར་དུ་འོངས་པས་ནི་སོ་སོར་བརྟགས་ནས་གནས་མལ་གྱི་ཕྱིར་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱའོ། །འགྲོ་བར་ཆས་པས་ནི་ཕྱོགས་དང་འགྲོན་པ་དང་གནས་དང་གནས་མལ་དང་གྲོགས་ན་མི་འདོར་བ་ཉིད་བརྟགས་ནས་འཕགས་པར་བྱའོ། །རིང་པོར་མ་སོན་པ་ཐམས་ཅད་ཀྱི་ཐ་མར་ལ་ལའི་ཅུང་ཟད་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱའོ། །གསར་བུ་རྣམས་ནི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ། །ཁྱིམ་ཕྱིར་ཉེ་བ་ན་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་ངོ་། །ཀུན་ཤེས་པར་བྱའོ། །སྤྱོད་པ་དང་སྤྱོད་ལམ་བརྟན་པ་དང་ལུང་མནོད་པ་ལ་སོགས་པ་དང་ཟས་ཀྱི་རྙེད་པ་དང་ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་བྱ་བ་བསྒྲུབ་པས་ཕན་གདགས་པར་བྱའོ། །དབྱར་གནས་པར་ཁས་བླངས་པས་གཙུག་ལག་ཁང་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ་བྱི་དོར་བྱེད་དུ་གཞུག་ཅིང་བྱི་དོར་བྱེད་པ་ལ་ནི་སྤྲོ་བར་བྱའོ། །ཐམས་ཅད་ཀྱིས་འཁོར་དུ་གཏོགས་པ་གཏམ་འདོད་པ་དག་ལ་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབས་པས་ཕན་གདགས་པར་བྱའོ། །མི་སྨྲ་བ་ཉིད་ལ་དགའ་བ་དག་བཏང་སྙོམས་སུ་བཞག་གོ། །ཁྱིམ་པ་ཉེ་བར་འོངས་པའི་འཚལ་མ་སྦྱོར་དུ་གཞུག་གོ། །མི་བྱེད་དམ་མི་འདོད་ན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱས་ནས་བདག་ཅག་འདི་ཡོད་དོ་ཞེས་བརྗོད་པར་བྱའོ། །དེ་དང་ལྡན་པ་ཐམས་ཅད་ཀྱིས་འཁོར་ལ་སོ་སོར་བརྟག་པར་བྱའོ། །དོན་མེད་པར་སྤྱོད་ན་ཚར་གཅད་དོ། །དེ་ལ་འགྲོ་བ་ལ་སོགས་པ་དེ་ཇི་ལྟ་བ་བཞིན་ནོ། །གཏམ་སྣ་ཚོགས་དང་འགལ་བ་མེད་པར་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་མདུན་དུ་འགྲོ་བར་མི་བྱའོ། །འདུག་པར་མི་བྱའོ། །སྨྲས་ན་སྨྲ་བར་བྱ་ཞིང་བསྒྲུབ་པར་བྱའོ། །གཏམ་གྱི་བར་ཆད་མི་བྱའོ། །ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ། །ཆོས་ཀྱི་རྗེས་སུ་ཡི་རང་བར་བྱའོ། །ཆོས་དང་ལྡན་པའི་རྙེད་པ་བྱུང་ན་བླང་བར་བྱའོ། །ཁྱིམ་དུ་ 159-11a མི་རྒོད་པ་དང་མ་ཁེངས་པ་དང་མི་གནས་པར་བྱའོ། །མིག་སྨད་པ་དང་ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་ཚངས་པར་སྤྱོད་པ་ལ་གནས་པ་དང་། གསོ་སྦྱོང་དང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་གཟུང་བ་དག་ལ་དེ་དག་ངེས་པར་སྦྱར་བར་བྱའོ། །ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ། །རྗེས་སུ་འགྲོ་བ་བསླབ་པས་མི་བྱ་བར་མི་བྱའོ། །འོངས་པ་ལ་འོངས་པ་ལེགས་སོ་ཞེས་སྔར་སྙན་པ་བརྗོད་པར་བྱའོ། །བཞིན་གྱི་མདངས་གསལ་བར་བྱའོ། །འཛུམ་པ་སྔར་བྱའོ། །ཁྲོ་གཉེར་མེད་པར་བྱའོ། །གལ་ཏེ་ཁྱིམ་པ་ཞིག་ན་དེ་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །གྲོང་མཐའ་བས་ནི་དེར་མི་འོང་ན་ཀུན་དགའ་བར་འགྱུར་བ་ཅི་ནུས་པས་བཟླུག་པར་བྱའོ། །ཆུ་དང་སྟན་བསྟབ་པར་བྱའོ། །ཕྱག་དར་དང་མལ་དང་སྟན་བཤམས་པ་དང་། ཆུ་བཞག་པ་དང་བྲིམ་པ་དང་ཟན་དྲང་བ་ནི་གསར་བུས་བྱའོ། །གཡོག་འཁོར་གྱི་བྱ་བ་མི་མཐུན་པ་གལ་ཏེ་རང་དང་གཞན་ལ་གནོད་པར་མི་འགྱུར་བ་ནི་ཅི་བདེར་གཞག་གོ། །གལ་ཏེ་དེ་ལྟར་མ་ནུས་ཀྱང་དེ་དག་རྒྱུན་བཅད་ལ་ཆོས་དང་ལྡན་པ་བསྐྱེད་ནས་དེས་གྲོས་གདབ་པར་བྱའོ། །དེའི་གཞི་ལས་གཡོག་འཁོར་མི་དགའ་ཞིང་འཕོ་བར་ལྟ་ན་ཕྱིར་བསྡུ་བར་བྱའོ། །མི་ནུས་པ་ཉིད་ཡིན་ན་གཞན་དུ་འགྲོ་བར་བྱའོ། །དེའི་རྐྱེན་གྱིས་རྩོད་ཅིང་སྨྲ་བར་མི་བྱའོ། །དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་བྱེད་ན་ཅི་ནས་ཀྱང་དེ་ཉིད་འཛིན་དུ་གཞུག་པའི་ཕྱིར་འཛིན་པ་བཏང་བ་དེ་ལྟར་བྱའོ། །མི་འགྲོ་ན་བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་གཞོན་ནུ་དང་མཛའ་བཤེས་དང་ཞོང་བློན་དང་བཀྲབས་པ་དང་ཞབས་འབྲིང་གཉུག་མ་དག་ལ་སྐད་སྦྱར་ཏེ་སྒྲ་དག་པར་ཐུལ་འོག་ཏུ་གཞུག་པར་བྱའོ། །<br> ༈ དགེ་སློང་མ་དང་འབྲེལ་བའི་སྐབས།<br> ༆ དགེ་སློང་གི་གནས་སུ་དགེ་སློང་མའོ། །རབ་ཏུ་འབྱུང་བ་ཐམས་ཅད་ཀྱིའོ། །བསྙེན་པར་རྫོགས་པ་ལ་ནི་དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་ལས་གཞན་པའིའོ། །འདིར་དགེ་འདུན་གྱིས་བསྣན་པར་བྱའོ། །བར་ཆད་དྲི་བ་དགེ་སློང་མས་བསྒྲིབས་པ་ལ་བྱའོ། །བུད་མེད་ལ་ནི་དགེ་སློང་མ་ཞེས་བྱ་བའི་ཚིག་གཞན་ཡོད་དོ། །གནས་པ་ཁོ་ནའོ། །དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་ 159-11b བར་སྐབས་སུ་སྤྱད་པའི་དུས་ནི་ལོ་གཉིས་སོ། །བསྙེན་པར་རྫོགས་པའི་དུས་ཀྱི་དང་པོར་དེས་མ་ལོན་པའི་དང་པོ་ལ་སྐྱེའོ། །ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ། །སྦྱིན་པ་ལས་སྐྱེའོ། །དགེ་སློང་མའི་དགེ་འདུན་གྱིས་སོ། །སྦྱིན་པ་ནི་བསླབ་པའི་སྡོམ་པ་ཞེས་བྱ་བས་སོ། །དེའི་འོག་ཏུ་བསླབ་པ་བརྗོད་པར་བྱའོ། །ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །གསང་སྟེ་བསྟན་པའི་འོག་ཏུ་དགེ་འདུན་གྱིས་དེ་སྦྱིན་པར་བྱའོ། །བར་ཆད་དྲིས་ནས་སོ། །གསོལ་བ་བྱས་ནས་སོ། །ཆོས་གོས་དག་ནི་ལྔ་ཉིད་དོ། །གནས་རྣམས་ལ་ཤིང་དྲུང་ཉིད་མ་གཏོགས་སོ། །ལྟུང་བར་འགྱུར་བ་རྣམས་ལ་བརྒྱད་ཉིད་དོ། །ལྕི་བའི་ཆོས་རྣམས་བརྗོད་པར་བྱའོ། །ལྟུང་བར་འགྱུར་བ་དང་དགེ་སྦྱོང་དུ་བྱེད་པའི་བར་སྐབས་སུའོ། །བསྐོལ་བ་དྲུག་པོ་དག་གོ། །དེ་ལ་ནི་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །མཚན་གཉིས་པའོ། །གླེ་འདམས་པའོ། །རྟག་ཏུ་ཟླ་མཚན་ཟག་པའོ། །ཟླ་མཚན་མི་ཟག་པའོ། །མཚན་མ་ཙམ་ཡོད་པའོ། །མཚན་ཙམ་དུ་གྱུར་པའི་མཚན་མ་ཡོད་པ་ནི་དེ་ཞེས་བྱའོ། །སྔོན་རབ་ཏུ་བྱུང་བའོ། །རབ་ཏུ་བྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ།། །།<br> ༈ རབ་ཏུ་འབྱུང་བའི་གཞི་ཞུ་བ་ཕལ་ཆེ་བའི་སྐབས།<br> ༆ མི་མ་ཡིན་པའི་འགྲོ་བ་པ་དང་། བྱང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །མཚན་ལན་གསུམ་གྱུར་པ་ལ་ཡང་མ་ཡིན་ནོ། །དང་པོ་གཉིས་ལ་ནི་མི་ཉམས་སོ། །ལེན་པ་ཉིད་ན་ཡང་སྐྱེའོ། །དེ་དང་ལྡན་པའི་ལྷར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་ངོ་། །དེ་དགེ་སློང་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ། །དེ་ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ། །དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱི་མི་སྐྱེའོ། །ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལ་ཡང་མི་སྐྱེའོ། །སྒྲེན་མོ་དང་འཁྲུགས་པ་དང་མཚན་དུག་མ་དག་ལ་ཡང་མི་སྐྱེའོ། །རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ། །ཚིག་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །མཁན་པོར་མ་གསོལ་བ་ལ་ཡང་ངོ་། །བར་ཆད་མ་དྲིས་ 159-12a པར་ཡང་ངོ་། །དེ་མེད་པར་ཁས་ལེན་པ་ལ་སྦྱིན་ན་ཡང་ངོ་། །སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། བུད་མེད་འདྲ་བའི་སྐྱེས་པ་ཉིད་མཚན་གྱི་རྣམ་པ་གཞན་མ་ཡིན་པ་ལ་ཡང་ངོ་། །དེ་ནི་ལག་རྡུམ་ལ་སོགས་པས་འཕངས་པ་ཉིད་ཡིན་ནོ། །སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང་། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་གཉིས་ཀྱང་ངོ་། །སེན་མོ་གཅིག་པ་དང་། ལག་པ་འཇས་ཏེ་ལྟེབས་པ་དང་། གཞོགས་ཕྱེད་འཇས་པ་དང་། མགོ་སྨྱུང་དང་། སྐྲ་སྒྲ་སྒྲེ་ཅན་དང་། སྒུར་པོ་དང་། དགྱེ་བོ་དང་། དགྱེ་སྒུར་གྱུར་པ་དང་། སོར་མོ་དྲུག་པ་དང་འབྱར་བ་དང་མེད་པ་དང་། མིག་རྫི་མ་ནང་དུ་ཟུག་པ་དང་། ནེའུ་ལེའི་ལྟ་བུ་དང་། འུག་པའི་ལྟ་བུ་དང་། ཕྱིན་ཅི་ལོག་པ་དང་། བར་འཛིངས་པ་དང་། གློ་བ་དང་། སླེའོ་དང་། ཟླུམ་པོ་དང་། མིག་པོ་ཆེ་དང་། མཛེར་པ་ཅན་དང་། ཤུ་བ་ཅན་དང་། འབྲུམ་བུ་ཅན་དང་། རྣ་བ་སེར་བ་དང་། དཀར་བ་དང་། དམར་བ་དང་། སྦུབས་ཅན་དང་། ཁྱི་རྔོ་གཡའ་བ་དང་། འཕུངས་པ་དང་། ཆེ་བ་དང་། རླིག་པའི་ནང་དུ་མཚན་ནུབ་པ་དང་། གླེན་པ་དང་། ལྕེ་མེད་པ་དང་། རྐང་ལག་གཅིག་པ་དང་། མེད་པ་དང་། སྐྲ་སྔོན་དང་། མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་། ཁྱིའི་ལྟ་བུ་དང་། བ་ལང་གི་ལྟ་བུ་དང་། ལུག་གི་ལྟ་བུ་དང་། རི་དགས་ཀྱི་ལྟ་བུ་དང་། ཉའི་ལྟ་བུ་དང་། སྦྲུལ་གྱི་ལྟ་བུ་དང་། རིང་བ་དང་། མང་བ་དང་། མགུལ་ཏ་ལའི་ལྟ་བུ་དང་། སྐྲངས་པ་དང་། སྤྱོད་ལམ་གྱིས་དུབ་པ་དེ་དག་ལས་མིན་པ་རྣམས་སོ། །གཞན་དག་ནི་ན་བས་སོ། །རྐུན་པོ་ནི་ཕུང་ཁྲོལ་བའོ། །རྒྱལ་པོ་ཕ་མའི་བསམ་པ་ཅན་ཉིད་ཀྱིས་གནང་བ་ནི་ཕ་མ་དང་འདྲའོ། །ཡོངས་སུ་འཛིན་པར་བྱེད་པ་གཉིས་ཀྱང་གནང་བ་དང་བསྲེལ་བ་དང་ཞུ་བ་དག་ལ་ཕ་མ་ཉིད་དང་འདྲའོ། །མི་མ་ཡིན་པའི་འགྲོ་བ་པ་གཉིས་ནི་མ་ཡིན་ནོ། །དེ་གཉིས་ལས་མཚམས་མེད་པར་མི་འགྱུར་རོ། །དེ་ནི་སྐྱེད་པར་བྱེད་པ་གཉིས་ལས་ཏེ་མཚན་གྱུར་པ་གཉིས་ལས་ཀྱང་ངོ་། །མ་བསད་པ་ལ་སོགས་པ་དེ་བྱས་པ་ཉིད་གཙོ་བོའོ། །ཕམ་པར་གྱུར་པ་མ་བྱུང་བ་ཉིད་ལ་མི་ཚངས་པར་སྤྱད་པས་ཉམས་སུ་མྱོང་བ་དག་སུན་ཕྱུང་བ་ཉིད་ཡིན་ནོ། །བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་རུང་བ་ཉིད་དོ། །ཕམ་ 159-12b པར་འགྱུར་བ་ཐུན་མོང་མ་ཡིན་པ་ལྷག་པར་བཅད་པ་ཅན་ཡང་ངོ་། །བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་གཉུག་མར་གནས་པ་རྣམས་ཡན་ལག་ཉིད་དོ། །སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ། །རབ་ཏུ་འབྱུང་བའི་གཞི་ཞུ་བ་ཕལ་ཆེ་བའི་སྐབས་རྫོགས་སོ།། །།<br> ༈ འབུལ་བའི་ཆོ་ག<br> ༆ རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །དེ་ལ་མ་ཡིན་ནོ། །ལྐུགས་པ་ལ་མ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་ལ་མ་ཡིན་ནོ། །མགོ་བ་ཉིད་མ་ཡིན་ནོ། །དབེན་པར་མ་ཡིན་ནོ། །དབེན་པར་འདུ་ཤེས་པས་མ་ཡིན་ནོ། །བསླབ་པའམ་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ། མདོ་སྡེའམ་འདུལ་བའམ་མ་མོའམ་སློབ་དཔོན་ནམ་མཁན་པོ་དབུལ་ལོ། །བདག་ཁྱིམ་པའམ་དགེ་ཚུལ་ལམ་ཟ་མའམ་མ་ནིང་ངམ་དགེ་སློང་མ་སུན་ཕྱུང་བའམ། རྐུ་ཐབས་སུ་གནས་པའམ་ཐ་དད་དུ་གནས་པར་མི་བྱའམ། མུ་སྟེགས་ཅན་ནམ་མུ་སྟེགས་ཅན་ཞུགས་པའམ། མ་བསད་པའམ་ཕ་བསད་པའམ་དགྲ་བཅོམ་པ་བསད་པའམ་དགེ་འདུན་གྱི་དབྱེན་བྱས་པའམ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཟུང་དུ་གསོལ། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པའམ་ལོངས་སྤྱད་པས་ཆོག་གོ་ཞེས་བྱ་བ་ལྟ་བུ་ནི་འབུལ་བའི་ཚིག་དག་ཡིན་ནོ། །འབུལ་བའི་ཆོ་གའོ།། །།<br> ༈ དགེ་སློང་གི་རྣམ་པར་འབྱེད་པ།<br> ༈ ཕམ་པར་འགྱུར་བའི་སྐོར་བཤད་པ།<br> ༈ མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ།<br> ༆ འདུལ་བའི་མདོ་བམ་པོ་གཉིས་པ། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཟག་བྱེད་དོ། །དེར་རོ། །མ་ཉམས་པར་རོ། །ཁའམ་བཤང་བའི་ལམ་དུའོ། །ཉམས་པ་དག་ལ་ནི་སྦོམ་པོའོ། །མི་རུང་བ་དག་ལ་ནི་ན་སྨད་དོ། །མི་མ་ཡིན་པའི་འགྲོ་བ་པ་ཉིད་དང་། སྐྱེས་པ་ཉིད་དང་། མ་ནིང་ཉིད་དང་། རོ་ཉིད་དང་། རྟེན་པར་བྱེད་པ་དང་། བརྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལ་ནི་ན་སྨད་པ་མེད་དོ། །མ་ཚོར་བ་དང་རང་བཞིན་ཉམས་པའི་གནས་སྐབས་དང་མི་འདོད་བཞིན་དུ་བཅུག་པ་ཉིད་ནའོ། །རང་གིས་བརྟེན་པར་བྱ་བར་རོ། །སྔར་ཕྱི་རོལ་དུ་དྲུད་པ་ཉིད་ལའོ། །ནང་དུ་མི་དབོ་བར་ཕྱི་རོལ་ཉིད་དུའོ། །མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །སྲུང་མ་ནི་གསུམ་སྟེ། སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པ་ཉིད་ 159-13a དང་། དགེ་སློང་གིས་ཀུན་ནས་བསྲུངས་པ་ཉིད་དང་། ཤམ་ཐབས་ཀྱི་མཐའ་བཅིངས་པ་ཉིད་དོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ། །གང་དུ་བུད་མེད་ཀྱིས་རྔོད་པ་དེར་འགྲོ་བར་མི་བྱའོ། །གང་དུ་མི་མ་ཡིན་པས་གནོད་པའི་ཕྱིར་བཙལ་བ་དེར་གནས་པར་མི་བྱའོ། །འདོད་ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ། །རའམ་རི་དགས་སམ་བྱི་བའི་པགས་པ་ལས་སོ། །དྲི་མི་ང་བར་བྱ་བའི་ཕྱིར་སྐབས་སུ་བཀྲུ་བ་དང་བསྐམ་པར་བྱའོ། །དེའི་དུས་ཀྱི་ཆེད་དུ་གཞན་བྱའོ། །ཧ་ཅང་མང་བས་འདར་བར་གྱུར་ཕྲུ་བླུགས་སོ། །བྱེ་མའམ་སའིའོ། །ཟན་ཟ་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་ཕོག་ལ་བཀྲུས་ཏེའོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ།། །།ཁའི་དང་པོ་ནི་སོ་ཕན་ཆད་དོ། །བཤང་བའི་ལམ་གྱི་བུ་གུའི་སྦུབས་ཀྱི་མཐའ་ཡན་ཆད་དོ། །ཟག་བྱེད་ཀྱི་ནི་པགས་རིམ་ཡན་ཆད་དོ། །དེར་ནོར་བུ་བཅུག་པ་ཉིད་ནི་དེའི་མཐའོ། །ཕྱོགས་ཀྱི་དང་པོ་ཅུང་ཟད་ཟིན་པ་ཉིད་དང་། སྐྲངས་པ་ཉིད་དང་། རུལ་བ་ཉིད་དང་། མྱགས་པ་ཉིད་དང་། སྲོག་ཆགས་དག་གིས་ཟོས་པ་ཉིད་ལྟ་བུ་ནི་ཉམས་པ་ཉིད་དོ། །བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ། །བསྟེན་པར་བྱ་བའི་དབུས་བྱེ་བའི་མཚམས་འབྱོར་པ་མི་མངོན་པ་ལ་ཡང་ངོ་། །མངོན་པ་ལ་ནི་ཚིག་འོག་མར་རོ། །སྦོམ་པོའི་དབང་དུ་བྱས་པ་ནི་ཕག་ལ་སོགས་པ་བཙོས་པ་སྤུ་མེད་པ་དག་ལའོ། །མགོ་བཅད་པའི་ཁར་རོ། །བརྟེན་པར་བྱ་བ་དང་རྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱིའོ། །གཞན་པ་གཉིས་ཀྱང་གཞན་གྱིས་གཉིས་དང་གཞན་དུ་སྦྱོར་བར་བྱེད་ནའོ། །གཞན་པའི་བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་། །བརྟེན་པར་བྱ་བ་མ་ནིང་མོ་སྦུབས་མེད་པ་ལ་ཡང་ངོ་། །མཆུ་གཉིས་ལའོ། །ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ། །སྣོད་དུའོ། །བསྟབས་པ་དང་མི་རེག་པར་འཇུག་པ་གཉིས་སོ། །མཐའ་ཉིད་བརྗོད་པའི་གཡོགས་མ་དེ་ནི་བསྒྲིབས་པ་སྟེ། དེས་གཡོགས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་ནོ། །གཞན་གྱིས་གཡོགས་པ་ཉིད་ནི་མི་རེག་པར་འཇུག་པས་ 159-13b རྣམ་པར་བཤད་པ་ཡིན་ནོ། །ཕམ་པར་འགྱུར་བ་དང་པོ་ཞུ་བའི་སྐབས་སོ།། །།དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་ལས་ཉམས་པ་ཡིན་ནོ། །ཉམས་པ་ནི་གཉིས་ཏེ་ནང་དང་ཕྱི་རོལ་ལོ། །བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ། །དེ་ལ་དེ་ཡང་སྦྱིན་པར་བྱ་བ་ཉིད་དོ། །དེ་ནི་དགེ་སློང་གི་སྦོམ་པོའོ། །མ་ཆུད་ན་ཡང་ངོ་། །ཆུད་པར་བྱ་བའི་ཕྱིར་རྨ་ཉེད་ན་ཡང་ངོ་། །སྐྲག་པ་དང་ངོ་ཚ་བས་ཀུན་ཏུ་འདོད་ཆགས་མ་སྐྱེས་ནའོ། །ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱངས་ན་ཡང་ངོ་། །ལས་སུ་མི་རུང་བ་བཅུག་ནའོ། །ལག་པས་ལག་པར་དང་། རྐང་པས་རྐང་པར་དང་། ཚིགས་ཀྱིས་ཚིགས་སུ་དང་། མདོམས་ཀྱིས་མདོམས་སུ་ལྟ་བུར་མི་རུང་ནའོ། །སྤྲད་པའི་གཡོ་བ་ཉིད་ཙམ་ལའོ། །ཤིང་དང་བ་སོ་དང་རྡོ་བ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་བརྩལ་བ་ན་གལ་ཏེ་དབང་པོ་ཙམ་དོད་ནའོ། །ཡན་ལག་ཐམས་ཅད་དུ་རེག་པ་སྟེར་ན་དངོས་གཞིའོ། །བསྟེན་པའི་དོན་དུ་རྩོལ་བས་ཡན་ལག་གི་རྣམ་པར་རྐང་པ་འཇུད་ནའོ། །བསྟེན་པར་བྱ་བ་ལ་ཡན་ལག་གི་རྣམ་པས་དེ་ཙམ་ལ་གཞོལ་བས་ཕྱི་རོལ་དུ་རེག་ནའོ། །བསྟེན་པའི་ཕྱིར་གཞན་ལ་བསྒོ་ནའོ། །རང་བཞིན་གྱིས་ལས་སུ་རུང་བ་ཉིད་ནི་ན་སྨད་པར་བྱ་བ་མེད་དོ། །མདུན་མ་དང་ཕྱི་མ་གཉིས་གང་དུ་བརྩལ་བ་དེ་ལས་གཞན་དུ་གཏུགས་པ་ལ་མེད་དོ། །ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པ་ལ་ཡང་མེད་དོ། །བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཡང་མེད་དོ། །ནད་དང་དབྲལ་བར་བྱ་བའི་དོན་ཉིད་ལ་ཡང་མེད་དོ། །ལམ་ལ་གཞན་ཉིད་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཡང་མེད་དོ། །ལམ་མ་ཡིན་པ་ལ་ནི་དེ་གཉིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །རྡོས་པ་བུད་མེད་ཀྱི་སྟེང་དུ་འགྱེལ་བ་ལ་ནི་ལྟུང་བ་མེད་དོ། །ཉམ་ཐག་པས་མགུལ་ནས་མི་འདོད་བཞིན་དུ་འཁྱུད་པ་ལ་ཡང་ངོ་། །མཆུར་མཆུས་རེག་པ་ལ་ཡང་ངོ་། །ཁྱིའི་མདུན་དུ་གཅི་བར་མི་བྱའོ། །གང་དུ་སྲོག་གི་བར་ཆད་འབྱུང་བའི་དགོན་པ་དེར་གནས་པར་མི་བྱའོ། །གང་ན་ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་སྒྲེན་མོར་རྒལ་བར་མི་བྱའོ། །དེར་ཤེས་བཞིན་དུ་གྲུ་ 159-14a རྒལ་བར་མི་བྱའོ། །བ་ལང་གི་ནང་དུ་ཡང་འགྲོ་བར་མི་བྱའོ། །ཁྲོན་པ་ཡང་བརྟག་པར་བྱའོ། །བསོད་སྙོམས་ལ་ཡང་གྲོང་དུ་རྒྱུ་བར་བྱའོ། །ལེགས་པར་སོ་སོར་བརྟགས་པར་བྱས་ནས་རབ་ཏུ་དབྱུང་བར་བྱའོ། །གཅིག་ཏུ་བླ་གབ་མེད་པར་བློས་མི་དབབ་བོ། ། དགེ་སློང་མས་གནས་ཁང་སྒོ་མ་བཅད་པར་སྙོམས་པར་འཇུག་པར་ཡང་མི་བྱའོ། །ཕམ་པར་འགྱུར་བ་དང་པོ་འདུལ་བྱེད་ཀྱི་སྐབས་སོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་དང་པོ་རྫོགས་སོ།། །།<br> ༈ མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ།<br> ༆ རྐུའམ་རྐུར་བཅུག་པ་དག་གིས་སོ། །མངགས་པས་ཀྱང་ངོ་། །མ་བྱིན་པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །རྐུ་སེམས་ཀྱིས་སོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །དེར་འདུ་ཤེས་པས་སོ། །ཁྱེར་བ་ཉིད་ན་བསམ་པས་མ་བཏང་བ་ནི་བདག་པོ་ཉིད་དང་མ་བྲལ་བ་ཉིད་ཡིན་ནོ། །ཐ་སྙད་མི་ཤེས་པ་ནི་ཞལ་ཏ་བྱེད་པ་བདག་པོ་ཉིད་ཡིན་ནོ། །བཟའ་བཏུང་གི་ཕྱིར་བྱིན་པ་ལ་ནི་བསམ་པ་འབྲེལ་བ་མེད་པ་ཉིད་ཡིན་ནོ། །ནགས་མེས་བཏང་བ་ལ་སོགས་པ་དག་གིས་བཟུང་བའི་ཕྱིར་རི་དགས་དང་བྱ་དང་སྡིག་སྦྲུལ་ལིངས་བཏབ་པ་རྣམས་ལ་ནི་ལིངས་པ་མ་ཡིན་པ་བདག་པོ་ཉིད་མ་ཡིན་ནོ། །བྱེ་བྲག་མ་ཕྱེད་པ་ལ་ནི་གཞི་ལས་རྣམ་པར་གཞག་གོ། །རིན་ཐང་ནི་རྐུ་བའི་གནས་དང་དུས་ཀྱིས་སོ། །མ་བསམས་པ་ལ་ནི་ལྟུང་བ་མེད་དོ། །རང་དང་བརྙ་བ་དང་ཡིད་གཅུགས་པའི་སེམས་དག་གིས་གཞན་ལ་གོ་བར་བྱས་ཏེ་བླངས་ན་ལྟུང་བ་མེད་དོ། །རྐུ་སེམས་མེད་པ་གཞན་གྱིས་ཀྱང་ངོ་། །སྙིང་རྗེས་རྫུ་འཕྲུལ་གྱིས་ཕྲོགས་ནའོ། །ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའོ། །འོག་མ་ལ་ཡང་དེ་བཞིན་ནོ། །མཆོག་པ་བརྐུས་ནའོ། །བདག་པོ་མེད་པའི་གཏེར་རོ། །རང་གིའོ། །འགྲོ་བ་གཞན་གྱིར་རོ། །བདག་གིར་མ་བྱས་པར་སྦ་བ་དང་ཆུད་གཟན་པ་དང་ཟིན་པ་དང་བཏང་བ་ལ་སོགས་པས་བྲལ་བར་བྱེད་ན་ཡང་ངོ་། །སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ། །སྔར་བྱས་ན་ཕྱིར་བཅོས་ཀྱང་དེ་མ་བྱས་པ་ཉིད་མ་ཡིན་ནོ། །ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ། །ཕྲི་བའི་གོམ་པ་རེ་རེ་ལ་དེ་ཐ་དད་པ་ཡིན་ནོ། །དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ། །ཕུར་པ་ལ་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ནོ། །དེ་བྱས་ནས་ 159-14b རྐུ་བ་ལ་ནི་ཁུར་བརྐུས་པ་ནའོ། །བཏུས་ནས་ནི་ཕུང་པོ་ནའོ། །སྤྱིངས་པ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་བྱིང་ནའོ། །དེར་ཕྱིས་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་དེ་ནི་བཀུར་བའིའོ། །བཤང་བ་ལ་ནི་ངོས་ཀྱི་གཞིའི་མཚམས་ལས་ངོས་ཅིག་ཤོས་འདས་ནའོ། །ཁྱབ་པའི་ཁོངས་སུ་གཏོགས་པའི་དེ་དང་ལྡན་པ་ཉིད་ལ་ནི་མ་ཡིན་ནོ། །དེའི་མཚན་ཉིད་ནི་གྱོང་གྲུགས་དང་གས་པ་དང་བྲིས་པ་དང་ཁ་དོག་གཞན་དང་བར་མཚམས་དང་བར་ཆད་དག་དགག་གོ། །སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་ཐ་དད་པར་རྟག་ཏུ་རུང་བ་རྣམས་བར་ཆད་ཉིད་ཡིན་ནོ། །གདིང་བ་བཏིང་བ་ཉིད་ཡིན་ནོ། །སྐྱེ་བ་ནི་གཞག་པ་དང་འདྲའོ། །བསྐོན་པ་ནི་ཕུད་ནའོ། །ཤོ་གམ་ནི་ས་ལས་འདས་ནའོ། །མི་ལ་གལ་ཏེ་བརྡས་ན་ནི་དེ་གྲུབ་ནའོ། །གལ་ཏེ་དེ་ལྟར་ན་བྱ་སྤར་བ་ནའོ། །དུད་འགྲོ་བཏགས་པ་ནི་བཀྲོལ་ནའོ། །བརྟོད་པ་དང་ཁྱུ་ལས་བཀར་བ་གཉིས་ནི་མི་སྣང་བར་གྱུར་པ་ཉིད་ནའོ། །གསང་སྔགས་དག་གིས་འདྲེན་པ་ནི་སྣང་བ་ནའོ། །ཕྱི་བཞིན་འབྲང་བ་དང་ནང་བྱན་བྱེད་པ་གཉིས་ནུར་བ་དང་འབྱངས་པ་དང་འཇམ་པ་དང་འཇུག་པ་དང་འཛེག་པ་དག་གིས་སྔ་མ་ལྟར་ཡིན་གྱི་དེ་གཉིས་ཀྱིས་བླངས་པ་ནི་མ་ཡིན་ནོ། །གྲུ་ནི་སྐམ་ས་དང་ཡུར་པོ་ཆེ་དང་ཆུ་བདལ་བ་དག་གིས་སོ། །རྒྱུན་ཕྱོགས་ཀྱིས་སོ། །ཐད་ཀར་ཡང་ཕ་རོལ་གྱི་འགྲམ་དུ་མི་སྣང་བར་གྱུར་ནའོ། །དེ་ལས་གཞན་པ་ཉིད་ལ་ནི་དེར་ཕྱིན་ནའོ། །རྒྱུན་ལས་བཟློག་པ་ལ་ནི་གྲུ་ཚུགས་ལས་འདས་པ་ནའོ། །གཞན་གྱི་ལས་ཀྱི་མཐའ་དག་ལ་ཆུ་གཏོང་བའམ་འགོག་པ་ལ་ནི་རང་གི་ལས་ཀྱི་མཐའ་གྲུབ་པ་བསྐྱེད་མ་གཏོགས་པ་དེའི་ཆེད་དུ་དེར་འདུན་པས་གཞན་དུ་གྱུར་ནའོ། །རྐུན་པོ་རྣམས་ལ་དེའི་ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཤས་ཐོབ་ནའོ། །ས་གཞི་དང་ཁང་ཁྱིམ་དག་ཡོངས་སུ་བསྐོར་བས་ནི་མཚམས་འབྱོར་ནའོ། །ཤགས་ཀྱིས་གལ་ཏེ་བླ་ཡི་གྲར་ནི་རྒྱལ་ནའོ། །གལ་ཏེ་འོག་གཟུར་ན་ཕ་རོལ་པོའི་སྦྱོར་བ་ཉིད་བཏང་ནའོ། །དེ་ནི་སྦྱོར་བ་ཉིད་དོ། །རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ། །གང་གིས་བླངས་པ་ཉིད་ཀྱིས་སྣོད་ལས་དེས་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །གནང་བ་ལ་གཞན་གྱིས་བཟླས་ན་མ་བཀྲུས་པ་མ་ཡིན་ནོ། ། 159-15a མ་གནང་བས་གཞན་གྱིས་བཟླ་བར་མི་བྱའོ། །མ་ཚོར་བར་འདའ་བར་བྱེད་པ་མི་འགྲུབ་པར་བྱ་བའི་ཕྱིར་མི་འབད་པར་བྱའོ། །སྲུང་མ་དགེ་སློང་དུ་མ་གཞག་པར་བྱའོ། །དེའི་ཟན་བསྐྱལ་བར་བྱ་བ་ཉིད་དོ། །དེས་བཟློག་པར་བྱའོ། །བཅུག་པ་ཉིད་ན་བརྗོད་པར་བྱའོ། །མེད་ན་མཚན་མ་གདབ་བོ། །ཁྱེར་ཏེ་འོངས་པ་ལ་དྲི་བར་བྱའོ། །གཞན་གྱིས་དོར་བ་མི་འགྲུབ་ན་རེག་པ་ཉིད་དུ་བྱའོ། །མ་ཕུལ་ཡང་ངེས་པ་སྐྱེས་ནས་ཕུལ་བ་དང་འདྲའོ། །དེ་དག་གིས་རྫས་གནང་བར་བྱ་བའི་ཕྱིར་ཕ་མའི་བསྔགས་པ་བརྗོད་པར་བྱའོ། །དཀོན་མཆོག་རྣམས་ཀྱིས་ཡང་ངོ་། །དོན་དུ་གང་ཡང་རུང་བའི་དཀོར་གང་ཡང་རུང་བ་ལས་སྐྱིན་པོར་བླངས་པའི་ཆོས་སུ་སྦྱིན་པར་བྱའོ། །ཤོ་གམ་གཞལ་དགོས་པ་དང་བཅས་པར་འགྲོ་བར་མི་བྱའོ། །དེས་མ་ཡིན་པ་ཉིད་ནི་བ་ལང་གི་ལྕི་བབ་ཅིར་བས་ཀྱང་ཁ་སྒྱུར་བ་དང་ཁ་ཚར་བཅད་པ་ཡང་ངོ་། །མ་མཐོང་བ་ལ་བློ་དེ་མི་འཆགས་སོ། །གཞན་གྱི་སྤྱོད་པ་བརྟོལ་བར་མི་བྱའོ། །ཡིད་གཅུགས་པ་མ་ཡིན་པ་ལ་ཡིད་གཅུགས་པ་ཉིད་དུ་མི་བྱའོ། །དེ་ཉིད་ནི་འོག་མ་ལ་གོང་མའོ། །དེ་ནི་སྡུག་པ་དང་ཡིད་དུ་འཐད་པ་དང་བླ་མ་དང་བསྒྲུབ་པར་འོས་པ་དང་མཆོད་པར་འོས་པ་དང་བསྟོད་པར་འོས་པ་དང་བླངས་ན་དགའ་བའོ། །ལག་བོད་ཀྱི་ལས་ཀྱིས་ལས་བྱ་ཞིང་བསོད་ནམས་ཀྱི་བློས་ཀྱང་གླ་རྔན་གྱིས་ནི་མ་ཡིན་ནོ། །ཡུལ་གྱིས་ངེས་པའི་ཚིག་ནི་འདྲིད་པ་མ་ཡིན་ནོ། །ལྟུང་བ་བླངས་ན་ཡུན་རིང་དུ་མི་བསྲེལ་ལོ། །དེ་དགེ་སྐོས་ལ་གཏད་པ་ཉིད་དུ་བྱའོ། །དེས་རབ་ཏུ་བྱུང་བའི་ཡིན་པར་དོགས་ན་དགེ་འདུན་ལ་བསྟན་པར་བྱའོ། །བདག་པོ་མ་བྱུང་ན་གཟར་ཐག་ལ་བཏགས་ཏེ་གཞག་གོ། །ནད་པས་མ་གནང་བ་དེ་ལ་སྨན་མི་བླང་ངོ་། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ།། །།ཡོངས་སུ་གཟུང་བ་དང་བཅས་པ་གནང་བ་ལས་གཞན་པའི་ཐབས་ཀྱིས་བདག་གིར་མི་བྱའོ། །བདག་གིར་བྱས་པ་དགུག་པར་མི་བྱའོ། །དེ་ནི་ཆོས་བཤད་པས་བསླང་བར་བྱའོ། །རིན་ཕྱེད་དུ་ཉེ་བས་ཀྱང་ངོ་། །ལྷུང་བཟེད་དང་ཆོས་གོས་ནི་རིན་པོས་བསླུས་ཀྱང་ངོ་། །མི་སྙན་པ་འབྱུང་བར་འགྱུར་བ་ནི་བོར་བའོ་ཞེས་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བཀུར་བར་མི་བྱའོ། །རོའི་རྫས་མི་མ་ཡིན་པས་ 159-15b བླངས་པ་ཉིད་ནི་ཡོངས་སུ་མ་བཟུང་བ་ཉིད་མ་ཡིན་ནོ། །རབ་ཏུ་གཏུམ་པ་དེའི་ཕྱི་བཞིན་དུ་འགྲོ་བར་བྱའོ། །ཁ་བུབ་ཏུ་བསྙལ་བ་ལ་རྐང་པའི་མཐའ་ནས་བརྩམས་ཏེ་གཡོགས་པར་བྱའོ། །མ་རྨས་པ་ལས་བླང་བར་མི་བྱའོ། །རང་གིས་རྨས་པར་དང་རྨས་པར་བྱེད་དུ་གཞུག་པར་མི་བྱའོ། །བསྟི་གནས་ཉིད་དུ་སོ་ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་ས་ཅི་བདེར་བྱའོ། །དགེ་སློང་དང་དགེ་ཚུལ་མི་འདོད་དུ་འབྲེལ་པས་ཁྲིད་པ་ན་གཟུང་བར་བྱའོ། །མ་བྱིན་པ་ལེན་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ།། །།ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། །ལྔ་ཉིད་ནི་ཀཱཪྵ་པ་ཎ་བཞི་ཆའི་དཔེ་ཡིན་ནོ། །གང་ན་དེའི་ཚིགས་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་སོ། །རྐུ་བའི་གནས་དང་དུས་ཀྱིས་དེའི་བརྩི་བ་རྣམ་པར་གཞག་གོ། །ཆེ་བ་ཉིད་ཀྱིས་རིན་ཐང་གདབ་མི་ནུས་པ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་དོ། །ཆུང་བ་ཉིད་ཀྱིས་དེར་མི་ཆོག་པ་ཉིད་ནི་ཁོངས་སུ་མ་གཏོགས་པ་ཉིད་མ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ། །མཆོད་པའི་དོན་ཉིད་དུ་ན་ཉེས་བྱས་སོ། །དཔེ་བྲི་བ་ལ་ནི་ཉེས་པ་མེད་པ་ཉིད་དོ། །བཤིག་སྟེ་རྐུ་བ་ལ་ནི་དེའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་ཡིན་ནོ། །བྱང་གི་སྒྲ་མི་སྙན་ན་ནི་ཡོངས་སུ་འཛིན་པ་མེད་པ་ཉིད་དོ། །དེ་ནི་རང་གི་དང་འདྲའོ། །དེའི་དུས་ན་བདག་ཉིད་ཡོད་པ་བདག་པོ་ཉིད་དོ། །མྱ་ངན་ལས་འདས་པ་ཉིད་ནི་ལྷ་ཉིད་དོ། །བརྙས་པ་ངེས་པར་བྱིན་པ་བཞིན་དུ་ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ། །གསང་སྔགས་དང་སྨན་དག་གིས་དབུལ་དུ་བཅུག་ན་ཡང་ངོ་། །གཞན་གྱི་དོན་ཉིད་དུ་ན་ཡང་དངོས་གཞིའི་རྣམ་པའོ། །རྟོགས་པས་ཀྱང་ངོ་། །བདམས་ཏེ་བཟང་པོ་རྐུ་བར་འདོད་པ་ལ་ཡང་ངོ་། །རྒྱན་ལ་དོར་བྱེད་ན་གལ་ཏེ་རྒྱལ་བ་ཉིད་དུ་མ་གྱུར་པའི་ཚེ་སྦྱོར་བའོ། །དེ་ལ་དེ་ནི་བརྐུས་པ་ཡིན་ནོ། །གྲངས་ལ་ནི་དེའིའོ། །མཚན་མ་ཕྱིས་པ་དང་བསྣན་པ་གཉིས་དང་། གནས་གཞན་དུ་བཞག་པ་ཡང་དེ་ཉིད་དོ། །དེ་ལ་གྲུབ་པ་ན་བརྐུས་པ་ཡིན་ནོ། །ཚོམས་གཞན་དུ་བགྲང་བ་ཡང་དེ་དང་འདྲའོ། །སྔ་མ་ཉིད་ཕྱི་མ་དག་ལ་དང་ཕྱི་མ་ཉིད་སྔ་མ་དག་ལ་བསྙོན་པ་ཡང་ངོ་། །སྐལ་བ་ཉིད་ནི་དེ་དག་གང་དུ་ཐམས་ཅད་ཀྱི་དང་པོར་བགྲངས་པ་དེར་རོ། །མི་དབང་བ་དབང་བར་ 159-16a སྒྲོགས་པ་ཡང་ངོ་། །མ་བསྒོ་བར་སློང་བ་ཡང་ངོ་། །བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་པ་ནི་སྦྱོར་བའོ། །བརྣོགས་ན་བརྐུས་པ་ཡིན་ནོ། །གཏམས་པ་སྦས་པ་ལ་གལ་ཏེ་སྤོ་བ་དང་ལྷན་ཅིག་ཏུ་དང་སྤོ་བའི་འོག་ཏུ་དང་། གལ་ཏེ་སྔར་ན་ནི་སྦྱོར་བ་གཞན་ཉིད་དོ། །སྒྱིད་པ་གཅོད་པ་དང་གསོད་པ་ནི་ཆུད་གཟན་པ་ཡིན་ནོ། །མཚམས་ཀྱི་ནམ་མཁའ་ལས་ཤོ་གམ་འདྲལ་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། རྫུ་འཕྲུལ་གྱིས་ཁྱེར་བ་ལ་ནི་ཉེས་པ་མེད་པ་ཉིད་དོ། །མཚམས་གཞན་དུ་ཡང་ངོ་། །བསྒོ་ན་ཉེས་བྱས་སོ། །ལམ་གཞན་ན་སྟོན་ན་ཡང་ངོ་། །ཐབས་ཀྱིས་བརྗོད་ན་ཕྲ་མོར་རོ། །ལམ་གོལ་བ་ནི་ལམ་དང་འདྲའོ། །ཁ་དང་ཚེམ་བུ་ནི་སྐུངས་གཞན་དང་འདྲའོ། །རྐུ་སེམས་དང་བྲལ་ན་མཐའི་མཐར་ཐུག་པ་ཉིད་མ་ཡིན་ནོ། །སྦྱོར་བ་ལ་མེད་ན་དེ་མ་བྱས་པ་ཉིད་མ་ཡིན་ནོ། །སྤྲིང་ཡིག་ལ་སོགས་པ་ལ་ནི་ན་སྨད་པ་མེད་དོ། །ནན་ཁུགས་དང་དང་ན་འཐེན་ཡང་མ་བརྐུས་པ་མ་ཡིན་ནོ། །གནས་དང་བཅས་པ་ཡང་མ་ཡིན་ནོ། །བསད་པ་ཉིད་ནི་མ་བརྐུས་པ་ཉིད་མ་ཡིན་ནོ། །ཕྱོགས་གཅིག་གནས་ནས་མ་འཕགས་པ་ཡང་མ་ཡིན་ནོ། །ལྟུང་བ་ནི་དེ་ལས་ཁྱེར་ན་བརྐུས་པ་ཡིན་ནོ། །འཛག་པ་དང་འབྲུལ་བར་བྱེད་པའི་བུ་གུ་ནས་ནི་བྱུང་ནའོ། །འདིར་ཐ་མ་དེ་ཚུན་ཆད་རྫས་གཅིག་པ་ཉིད་ཡིན་ནོ། །ཕུང་པོ་ལས་རྐུ་ན་ལན་རེ་རེ་ཞིང་བླངས་པ་ཐ་དད་དོ། །དབྲལ་བར་བྱ་བ་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའོ། །རྐུན་པོ་རྣམས་ཀྱང་ངོ་། །འདི་ལ་བློ་གྲོས་དུ་མ་ཉིད་ཡིན་ན་ཐོབ་ན་བརྐུས་པ་ཡིན་ནོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ།། །།བླང་བའི་སྔ་རོལ་དུ་ཤི་བ་ཉིད་དུ་གྱུར་ན་བཞག་པ་ཉིད་དོ། །བཟློག་པ་ནི་ཤི་བའི་ཡོ་བྱད་ཉིད་དོ། །དགེ་འདུན་ནི་ཕུ་ནུ་དང་འདྲ་བས་དེའི་ཆེད་དུ་རྐུ་བ་ནི་བདག་གིར་མི་བྱེད་པ་མ་ཡིན་ནོ། །བདག་པོ་ཐ་དད་པ་མ་ཡིན་པ་ནི་རང་གི་དང་འདྲའོ། །ཕྱིར་ལོག་གམ་མི་བླང་བར་ངེས་པ་ན་ལྷག་པ་རྣམས་ཀྱིས་བརྐུས་པ་ནི་དེའི་ཡན་ལག་ཉིད་མ་ཡིན་ནོ། །ཆ་བདག་གིར་བྱ་བར་འདོད་པ་ནི་མི་བླང་བའི་བསམ་པ་མ་ཡིན་ནོ། །དེར་གཏོགས་པའི་ལས་རྗེས་སུ་བསྒྲུབ་པ་ནི་དེའི་མ་ཡིན་པ་མ་ཡིན་ནོ། ། 159-16b ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་ཀྱང་བརྐུས་པར་མི་འགྱུར་བའི་རྒྱུ་མ་ཡིན་ནོ། །ཡོངས་སུ་བསྐོར་བ་ལ་མཚམས་ཉིད་གཙོ་བོའོ། །མཚམས་གནས་པ་སྤོས་པ་ཡང་འདིས་མ་བསྡུས་པ་མ་ཡིན་ནོ། །མངོན་སུམ་དུ་བླངས་པ་ཡང་མི་སྣང་བ་ཉིད་ན་བརྐུས་པ་ཡིན་ནོ། །མི་མཐུས་བརྐུས་པ་ནི་དབང་དུ་བྱས་པ་ཉིད་ནའོ། །དེ་བདག་ཉིད་ནི་མ་ཡིན་ནོ། །གང་བསམས་པ་དེ་དང་འབྲེལ་བས་མ་བསམས་པ་བླངས་པ་ནི་བརྐུས་པ་མ་ཡིན་ནོ། །སྦོམ་པོ་ནི་གང་གིས་གང་ལེན་པ་དེ་དེ་ཡིར་རྣམ་པར་གཞག་པ་ལ་གཞན་གྱིར་རྐུ་བའོ། །ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་ལེན་པའོ། །རྩ་བའི་ལྡུམ་ཤིང་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ཀུན་དགའ་ར་བ་ལ་སོགས་པ་གསང་སྔགས་དག་གིས་སྐམ་པར་བྱེད་པའོ། །ཆས་ཀྱིས་བརྔོད་པས་རྟ་བཀྲི་བ་དང་། ཞོན་ཏེ་འདི་བརྐུ་བར་བྱའོ་སྙམ་ནས་ལུས་འགྱུར་བའོ། །གྲུ་ལ་ཡང་ངོ་། །འདི་ལས་འདི་ལྟར་སྙམ་པ་ཡང་ངོ་། །ཕ་དང་མ་དང་ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང་སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པ་ལ་བསྔོས་པ་ཤོ་གམ་གཞལ་དགོས་པ་བཟླས་པའོ། །བརྙས་པ་དང་བསྐྱིས་པ་དག་མི་སྦྱིན་པར་སེམས་པའོ། །གཞན་གྱི་དོན་དུ་བྱིན་པ་འགོད་པ་ཡང་ངོ་། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་པའོ། །ཟན་དྲོན་དང་འབྲས་ཆན་དང་ཕྱེ་དང་ཉ་ཤ་དང་ཤ་དང་ཤ་སྐམ་དང་ཁུར་བ་ལ་སོགས་པའི་བསོད་སྙོམས་གཞི་མེད་པ་ནོད་པའོ། །གཞན་གྱིས་བླངས་པར་མི་ཤེས་པ་ནི་གཞི་མེད་པ་ཉིད་མ་ཡིན་ནོ། །མ་བཅོལ་བས་མ་ཡིན་ནོ། །མགྲོན་དུ་མ་བོས་པར་ཟན་ཟ་ན་ཉེས་བྱས་སོ། །རྐུ་བའི་ཆེད་དུ་འགྲོ་བ་ཡང་ངོ་། །དེ་ལས་གྲོས་བྱེད་པ་ཐ་དད་པ་ཉིད་མ་ཡིན་ནོ། །ཀུན་ཏུ་བཟུང་བ་མ་ཡིན་ནམ་ཞེས་ལེགས་པར་སོ་སོར་བརྟགས་པ་བྱས་ཏེ་བླང་བར་བྱའོ། །ལུས་བསྙལ་བར་མི་བྱའོ། །ཚང་གཞིག་པར་མི་བྱའོ། །མ་གནས་པ་དེར་ཆོས་གོས་ཀྱི་ཆ་མི་བླང་ངོ་། །ཆོམ་རྐུན་པ་ལ་སྦྱིན་བདག་གི་སེམས་ཀྱིས་ལེན་པ་ལ་ཉེས་པ་མེད་དོ། །འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པར་མ་གྲགས་པ་ལས་བླང་བར་མི་བྱའོ། །དེ་ལས་བླངས་པ་མཚོན་གྱིས་བཅད་པ་དང་ཁ་དོག་ངན་པར་བྱས་ཏེ་བཅང་བར་ 159-17a བྱའོ། །དེ་ལྟར་བྱས་ཀྱང་སློང་ན་སྦྱིན་ནོ། །གནད་ལ་བསྒྲེ་བར་མི་བྱའོ། །གསང་སྔགས་དག་གིས་གཏོང་བ་ལ་ཉེས་པ་མེད་དོ། །བྱི་བས་ཁྱེར་བ་དག་བདག་པོས་བླངས་པ་ལ་ཡང་ངོ་། །དགེ་སློང་གཞན་གྱི་རྫས་ལ་དེའི་རྫས་སུ་ན་ཡང་ངོ་། །རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་པའི་རི་དགས་གནས་ཁང་དུ་ཞུགས་པ་བླངས་པ་ཡང་ངོ་། །དེ་ཤི་ན་དེ་དག་ལ་སྦྱིན་པར་བྱ་བ་ཉིད་དོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བའི་འདུལ་བྱེད་ཀྱི་སྐབས་སོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།<br> ༈ གསོད་པའི་ཕམ་པར་འགྱུར་བ།<br> ༆ ནད་པ་ལ་འཆི་བའི་སེམས་པ་དང་རྗེས་སུ་མཐུན་པའི་ཉེ་བར་བསྒྲུབ་པར་མི་བྱའོ། །མི་ཤེས་པ་ལ་འཆི་བའི་དགྲ་བོ་མ་སྨྲས་པར་དེའི་ནད་གཡོག་ཏུ་མི་གཞག་གོ། །གནས་ཡོད་ན་མི་གཞག་གོ། །འཆི་བའི་འཚོག་ཆས་མི་གཞག་གོ། །དེ་འཆི་བའི་ཕྱིར་རྗེས་སུ་བསྒྲུབ་པ་ལས་ནད་གཡོག་གིས་བཟློག་པར་བྱའོ། །རྫས་ཀྱི་ཕྱིར་གཞན་འཆི་བར་འདོད་པར་མི་བྱའོ། །བྱ་བ་མ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །སྲོག་བཅད་ནའོ། །དེ་ལྟར་བསམས་པས་སོ། །མིར་གྱུར་པའིའོ། །དེ་ལྟར་འདུ་ཤེས་པས་སོ། །གང་ཡང་རུང་བས་སོ། །བྱེ་བྲག་མེད་པ་ནི་ལུས་དང་དེ་དང་འབྲེལ་བ་དང་། འཕངས་པ་དང་གཞན་དང་བསྒོ་བ་རྣམས་སོ། །དུག་དང་ཕྱེ་མ་དང་དོང་དང་ཤིང་དང་རང་བཞིན་ཉམས་པ་གཏོང་བ་དང་བྲང་དུ་འདེབས་པ་དང་འཁྲུལ་འཁོར་དང་སྒྱུ་ཐབས་དང་རོ་ལངས་དང་རྗེས་སུ་སྦྱོར་བ་རྣམས་སོ། །གཡང་དུ་གཏོང་བའོ། །མེ་དང་ཆུར་འཇུད་པའོ། །གྲང་བ་དང་ཚ་བར་འདོགས་པའོ། །ཕོ་ཉར་གཏོང་བ་ལ་སོགས་པའོ། །དེ་རྗེས་སུ་སྒྲུབ་པ་ཆུང་ངུ་ཉིད་ཀྱང་ངོ་། །གསད་པར་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་ཉིད་དོ། །གཞི་དེས་གཞན་གྱི་ཚེ་ཤི་ནའོ། །འདུན་པ་བཟློག་པའི་འོག་ཏུ་ན་རྒྱུ་ཉིད་མ་ཡིན་ནོ། །དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ན་སྦོམ་པོའོ། །གཞི་དེ་ལས་གསོད་པ་ལ་འཇུག་པ་དང་དུ་ལེན་ནའོ། །ཁྱོད་ཀྱི་མིང་གིས་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བ་ཡང་ངོ་། །གཞན་དུད་འགྲོ་མ་ཡིན་པ་དང་སྤྲུལ་པ་བསད་པ་ལ་ཡང་ངོ་། ། 159-17b དྲི་བར་བྱ་བ་ལ་མ་སྨྲས་པར་ནད་པ་ལ་སྨན་སྦྱིན་པར་མི་བྱའོ། །འདིར་སྨན་པ་དང་དེ་རབ་ཏུ་བྱུང་བ་དང་བཀོལ་བ་རྣམས་དྲི་བར་བྱ་བ་ཉིད་དོ། །ནད་ཀྱིས་ཀྱང་ངོ་། །དགེ་སློང་རྒན་རབས་རྒན་རབས་ཤེས་རབ་ཅན་རྣམས་ལ་ཡང་ངོ་། །སྔ་མ་མེད་ན་ཕྱི་མ་ལའོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་པ་ལ་ནི་སྨད་པ་མེད་དོ། །ཁུར་གདེག་པར་མི་ནུས་པ་ལ་གྲོགས་ཉིད་མི་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་ན་ཁྱིམ་པ་དག་རུབ་པ་ཉིད་ལ་ཅིག་ཅར་གདེག་པར་སྐད་སྦྱར་ཏེ་བྱའོ། །བཞག་པ་ཡང་ཅིག་ཅར་ཉིད་དུ་སྐད་སྦྱར་ཏེ་བྱའོ། །སོ་ཕག་མི་འཕང་ངོ་། །བྱེ་བ་དང་གས་པ་མ་བརྗོད་པར་དེ་ཉིད་སྦྱིན་པར་མི་བྱའོ། །རྐུན་པོ་སྤ་བཀོང་བའི་ཕྱིར་ཚམ་ངམ་བྱའོ། །གཎྜཱི་ལ་སོགས་པ་མི་འཕོག་པར་འཕང་ངོ་། །རྫི་ཕྱོགས་ནས་རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་ཡང་ངོ་། །འུར་རྡོ་བཅང་བར་བྱའོ། །དགེ་སློང་ལ་ངལ་བ་མི་ཕུལ་ལོ། །དེའི་གྲོགས་བྱའོ། །ངལ་གསོར་གཞུག་གོ། །སྣོད་སྤྱད་བླང་བར་བྱའོ། །གལ་ཏེ་ལྷན་ཅིག་ཏུ་གནས་སུ་ཕྱིན་པར་མི་ནུས་ལ་ཟས་དང་སྐོམ་གྱི་དུས་སུ་ནི་མ་ཡིན་ན་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་བཞག་པ་དང་བྱིན་ལེན་དང་བརྟག་པར་བྱའོ། །གལ་ཏེ་དུས་སུ་ན་ཁྱེར་ཏེ་བསུ་བར་བྱའོ། །གསོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ། །མིའི་འགྲོ་བ་པའི་ལག་པ་གཅོད་ན་སྦོམ་པོའོ། །ནགས་མེས་གཏོང་ནའོ། །སྐྲ་ཅན་འཚོང་ནའོ། །གང་གིས་བརྐུས་པ་དེ་བླའི་གྲར་འབུལ་ནའོ། །གསོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ།། །།སྟོན་པས་བསྒོ་ནའོ། །མ་དང་མངལ་ན་གནས་པ་གཉིས་ནི་དཔེའོ། །བདག་ཉིད་གསོད་ན་སྦོམ་པོའོ། །སེམས་གྱུར་པ་མེད་པར་མ་ལེགས་པ་བྱས་ན་ཉེས་བྱས་སོ། །ཆེད་དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་དོ། །གསོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ།། །།སྦོམ་པོ་ནི་ཁོ་བོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ་ཡིད་མི་ཆེས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ནའོ། །ནད་པ་ཤི་སླའོ་ཞེས་གཡོག་མི་བྱེད་ནའོ། །མིད་པར་བྱ་བ་མི་འཕྲོད་པ་སྦྱིན་ནའོ། །འབྲས་ཡོངས་སུ་མ་སྨིན་པ་བརྟོལ་ནའོ། །དོང་དུ་འཇུག་པ་དང་སྒོ་གླེགས་ཀྱིས་འཚིར་བ་ལ་སོགས་པས་ 159-18a ཉོན་མོངས་པར་བྱེད་ནའོ། །གཡང་ས་ནས་མཆོང་བ་དང་འཆིང་བ་ལ་སོགས་པས་འཆི་བའི་དོན་དུ་སྒྲུབ་པ་ཡང་ངོ་། །ནད་པ་ལ་བབ་ཅོལ་དུ་མཚོན་དང་ཐག་པ་སྦྱིན་པར་མི་བྱའོ། །ཞལ་ཏ་བ་ཤེས་བཞིན་དུ་བྱའོ། །གསང་སྔགས་ཀྱི་ཐལ་ལྕག་བྱ་བ་ཡང་ངོ་། །ཐོགས་པ་བསལ་བའི་ཕྱིར་བསྣུན་པ་ཡང་ངོ་། །དེར་གྱུར་པས་ལེགས་པར་སོ་སོར་བརྟགས་པ་བྱས་ཏེ་དྲིལ་བར་བྱའོ། །ཕྱོགས་ཉུང་ངུས་གདེག་པ་ལྕི་བ་ལ་འབད་པར་མི་བྱའོ། །སྤྱིའུ་ཚུགས་སུ་འགྲོ་བར་མི་བྱའོ། །མ་བསླབས་པས་བསླབས་པ་ལ་སྦྱར་བར་མི་བྱའོ། །མཚོན་འཕངས་པ་ལ་བསྒོ་བར་མི་བྱའོ། །ནད་པ་མི་ནུས་པ་ལམ་དུ་མི་བཀྲིའོ། །གསོད་པའི་ཕམ་པར་འགྱུར་བ་འདུལ་བྱེད་དག་གོ། །གསོད་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།<br> ༈ སྨྲ་བའི་ཕམ་པར་འགྱུར་བ།<br> ༆ འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ནའོ། །མཐོང་ངོ་བདག་མཐོང་ངོ་། །སྒྲ་ཐོས་སོ་བདག་གིས་སྒྲ་ཐོས་སོ། །འགྲོའོ། །བདག་གི་དྲུང་དུ་འོང་ངོ་། །ལྷན་ཅིག་གཏམ་འདྲེའོ། །ཕེབས་པར་སྨྲའོ། །སོ་སོར་ཀུན་དགའོ། །བདག་དང་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་སྨྲ་བ་དེ་ཉིད་དོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་ལུས་སྲུལ་པོའི་ཟླ་ཉིད་ལའོ། །སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་རྡུལ་ཁྲོད་ཀྱི་ཤ་ཟའོ། །མི་རྟག་པ་ཉིད་ལ་སོགས་པའི་འདུ་ཤེས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པ་རྣམས་དང་། འབྲས་བུ་རྣམས་དང་། མངོན་པར་ཤེས་པ་ལ་སོགས་པ་ནི་ཆོས་བླ་མའོ། །སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཉོན་མོངས་པ་རྣམ་པར་གནོན་པའོ། །དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ནི་དེ་དང་ལྡན་པ་ཉིད་མ་སྨྲས་པ་མ་ཡིན་ནོ། །དེ་ཡོད་དོ་ཞེས་རང་གི་བསམ་པ་གཞན་ལ་སྦྱོར་ཞིང་སྟོན་པ་ཉིད་དོ། །ཉེ་བར་སྦྱོར་ན་མ་ཡིན་ནོ། །མ་བསམས་པར་བསྟན་པར་མི་བྱའོ། །སྨྲ་བའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ།། །།བླ་མ་ཐོབ་པ་ཡོངས་སུ་ཉམས་པར་གོ་བར་བྱེད་པ་ནི་མ་བརྗོད་པ་མ་ཡིན་ 159-18b ནོ། །བླ་མ་བརྗོད་པའི་འདུན་པས་མི་མཐུན་པའི་དོན་བརྗོད་ན་སྦོམ་པོའོ། །ནོར་ན་ཡང་ངོ་། །གཞོགས་སྨོས་ཀྱང་ངོ་། །ཡང་དག་པ་ཕྱི་མ་ཉིད་ལ་དེ་མི་འབྱུང་བ་མ་ཡིན་ནོ། །སྨྲ་བའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ།། །།སྦོམ་པོ་ནི་བཙུན་པ་དགྲ་བཅོམ་པ་ཆོས་གོས་ལ་སོགས་པ་མཆོག་འོས་པ་བྲམ་ཟེ་སྡིག་པའི་ཆོས་བསལ་བ། བཙུན་པའི་དབང་པོ་དྲུག་པོ་དག་ནི་ཤིན་ཏུ་དུལ་བ་སྦས་པ་བསྲུངས་པ་བསྒོམས་པ་དག་ཡིན་ནོ། །ཞེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ནའོ། །བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་ལོང་ཤིག །ཁྱིམ་དུ་ཞུགས་ཤིག །སྟན་ལ་འདུག་ཤིག །ལག་ཆུ་ཟེད་ཅིག །བཟའ་བ་དང་། སྲན་ཚོད་དང་བཅའ་བ་ལོང་ལ་ཟོ་ཞིག །རྗེས་སུ་ཡི་རང་བ་བྱོས་ཤིག །བྱུང་ཤིག་ཅེས་པ་ལ་དེ་བཞིན་དུ་བསྒྲུབས་ནའོ། །སྨྲ་བའི་ཕམ་པར་གྱུར་པ་འདུལ་བྱེད་དག་གོ། །སྨྲ་བའི་ཕམ་པར་འགྱུར་བ་རྫོགས་སོ།། །།<br> ༈ དགེ་འདུན་ལྷག་མར་འགྱུར་བའི་སྐོར་བཤད་པ།<br> ༈ འབྱིན་པའི་དགེ་འདུན་ལྷག་མ།<br> ༆ རྨི་ལམ་ནི་མེད་པ་དང་འདྲའོ། །དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ། །ཕྱུང་ནའོ། །དེར་འདུན་པས་སོ། །རང་གི་ཁུ་བའོ། །དང་པོ་ལའོ། །བདེ་བ་དང་རིག་སྔགས་དང་ས་བོན་དང་སྨན་དང་བརྟགས་པའི་ཕྱིར་དག་ལ་བྱེ་བྲག་མེད་དོ། །རེག་པས་སོ། །བརྩལ་བས་སོ། །ཡན་ལག་གི་རྣམ་པ་ལའོ། །ཕྱི་རོལ་གྱིས་ཀྱང་ངོ་། །སེམས་ཅན་དུ་བགྲང་བས་སོ། །དེའི་རྣམ་པར་གནས་པས་སོ། །རིལ་གྱིས་བཅང་བ་དང་དམ་དུ་བཅང་བ་གཉིས་མེད་པར་ཡང་ངོ་། །བྱེ་བྲག་ངེས་པར་མྱོང་བ་དང་བྱུང་ལ་ཐུག་པ་དང་ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་དག་ཀྱང་ངོ་། །སྦུབས་སུ་མ་འོངས་པ་ལའོ། །ཤུགས་ཀྱིས་གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ། །གར་བྱེད་པ་དང་རབ་ཏུ་གར་བྱེད་པ་གཉིས་ལ་ནི་ན་སྨད་པ་ཉིད་དོ། །ནམ་མཁའ་ལ་རྐེད་བསྐྱོད་པའོ། །ཕྱོགས་གཞན་དུ་རེག་པའོ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་གཏོད་པའོ། །རྫི་ཕྱོགས་མ་ཡིན་པར་ཡང་ངོ་། །མངོན་པར་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བ་སྒྲུབ་པའོ། །སྦུབས་སུ་འོངས་པའོ། །ཆགས་པའི་སེམས་དང་ལྡན་པ་ཉིད་ན་གཞལ་བའི་ཆེད་ཉིད་ཀྱིས་རེག་པ་ནི་སྦྱོར་བ་མ་ཡིན་ 159-19a པ་ཡང་མ་ཡིན་ནོ། །ལྟ་ན་ཉེས་བྱས་སོ། །རྒྱུན་དང་རྫི་ཕྱོགས་སུ་གཏོད་པ་ཡང་ངོ་། །བརླ་དང་གོས་དང་གཞན་གྱིས་རེག་པ་དང་། གཡན་པ་འཕྲུག་པ་དག་གིས་བབ་ཅོལ་དུ་དེའི་དོན་མ་ཡིན་པར་ཞུགས་པ་ལ་ནི་ལྟུང་བ་མེད་དོ། །རེག་བྱ་མ་ཡིན་པ་ཉམས་སུ་མྱོང་བའོ། །དྲན་པས་དེ་ལ་ཡང་ངོ་། །འབྱིན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།འཕོ་བར་འགྱུར་བ་དང་འཕོས་མ་ཐག་པ་ནི་ཤུགས་དང་སྦུབས་སུ་འོངས་པའོ། །བརྩམས་པ་ཙམ་ནི་སྦྱོར་བ་མ་ཡིན་ནོ། །སྦྱོར་བ་མེད་པར་ཕྱུང་བ་ལ་རོ་མྱང་བ་ནི་དེ་དང་ལྡན་པ་ཉིད་དོ། །ཡན་ལག་གི་རྣམ་པ་ཅུང་ཟད་ཉེད་པ་དང་ཡོངས་སུ་ཉེད་པ་དང་འཚིར་བའོ། །དེ་ལས་སུ་རུང་བ་ལ་ནོམ་པའོ། །སྨན་གྱིས་འབྱིན་ནའོ། །གཞན་གྱི་ལས་ཀྱང་ངོ་། །འབྱིན་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ།། །།རྣམ་པར་བསྔོས་པ་ལ་སོགས་པ་དང་རྣམ་པར་ཞིགས་པ་དང་། ཀེང་རུས་དག་དང་། མགོ་དང་། རྣ་བ་དང་། སྣ་དག་དང་། མགུལ་བའི་བར་དང་། རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། གཉེར་མ་དག་དང་། སྐྲའི་གསེབ་དང་། ལག་པ་དང་། ཕྲག་པ་དང་། དཔུང་པ་དག་དང་། དཔུང་པའི་བར་དང་། རྐེད་པ་དང་། བརླ་དང་། རྐང་པ་དང་། སྒྱིད་པ་དང་། སྒྱིད་པའི་བར་དུ་འབྱིན་ན་དངོས་གཞིའོ། །སྦོམ་པོ་ནི་ལ་བ་དང་། ཕྱིང་པ་དང་། དྲེའུ་རྔོག་དང་། སྔས་ནང་ཚངས་ཅན་དང་། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ཁྲིའི་གསེབ་དང་། བུམ་པ་དང་། བུམ་བུ་དང་། བུམ་པའི་བར་དང་། བྱ་མ་བུམ་དང་། ཆོལ་ཟངས་དང་། རྡོ་བ་དང་། སྐྱང་ནུལ་གྱི་བར་དང་། སྒོ་གཏན་དང་། ཤའི་དུམ་བུ་དག་གོ། །རྨ་འཚིར་ནའོ། །རྩོམ་པ་ན་བུད་མེད་དུ་བྱས་པ་འཚིར་ནའོ། །དེར་མཐེ་བོ་འཛད་ནའོ། །ཉེ་བར་འགྲོ་བ་ལ་ཤོར་ནའོ། །གནས་ནས་གནས་སུ་འཕོ་བ་ལ་ཡང་ངོ་། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སོ། །ཡན་ལག་གི་རྣམ་པ་འཛིན་པ་ལས་སོ། །འཛག་སྣོད་ལས་དྲུད་པ་ལས་ནི་ལྟུང་བ་མེད་དོ། །སྔོན་གྱི་ཆུང་མས་འཁྱུད་པ་ལས་ཀྱང་ངོ་། །རྐང་པ་དང་། བྱིན་པ་དང་། དཔུང་པ་དང་། མཐེ་བོ་ལ་སོགས་པ་ནས་བུད་ 159-19b མེད་ཀྱིས་བཟུང་བ་ལ་ཡང་ངོ་། །འབྱིན་པའི་དགེ་འདུན་ལྷག་མ་འདུལ་བྱེད་དག་གོ། །འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ།། །།<br> ༈ ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ།<br> ༆ འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ། །དབེན་པ་ན་འདུག་པ་དང་འགྲེང་བ་གཉིས་ཀྱིའོ། །ཉལ་པོ་བྱེད་པར་ཤོམ་པ་ཉིད་ལ་ཡང་ངོ་། །ལྷན་ཅིག་ཉལ་བ་ལའོ། །རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལའོ། །འོག་མ་གཉིས་ལའོ། །ཁྱིམ་པ་མོ་ལ་སྟོན་པ་ལའོ། །སྐྱེས་པ་མེད་པར་རོ། །རིག་པའོ། །ཡོད་ཀྱང་མི་རུང་བ་ལའོ། །དེ་ནི་ཉེས་བྱས་ཀྱིའོ། །གླིང་གཞན་ནས་སྐྱེས་པ་དང་། འགྱུར་བ་བརྟེན་པ་གཉིས་ནི་མཆོག་པ་ཉིད་དོ། །དེའི་ནི་བརྡ་ཕྲད་པ་ཉིད་དོ། །རྣམ་པ་དེ་ལྟ་བུ་ཉིད་ལ་ནི་མཚན་ཅིག་ཤོས་དོན་མེད་དོ། །འདིར་ཕྱེད་ཉིད་བྱེད་པ་ཡིན་ནོ། །འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པ་དང་། གཞན་ལ་འཁྲིག་པ་བརྟེན་པའི་མཐུ་ཡོད་པ་ཉིད་ཡིན་ན་དངོས་གཞིའོ། །གཞན་དུ་ན་འོག་མའིའོ། །མ་ནིང་མོ་དང་། མ་ནིང་ཕོ་དང་། སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ། །གསུམ་པོ་འདི་ལས་སྐྱེས་པའོ། །གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་ཀུན་ཏུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་། །ལུས་ཀྱིས་རེག་པ་བདག་གིར་བྱེད་ནའོ། །འདིར་ལེན་བུ་ནི་དེ་དང་ལྡན་པ་ཉིད་དོ། །དེ་དང་འབྲེལ་བའི་གོས་ལ་ཡང་ངོ་། །ནོམ་པ་དང་། ཉུག་པ་དང་། སྤྲོད་པ་དང་། འཛིན་པ་དང་། འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། འོག་ནས་འཁྱུད་པ་དང་། དམ་དུ་སྦྱོར་བ་རྣམས་ལ་ནི་བྱེ་བྲག་མེད་པ་ཉིད་དོ། །བསྟེན་པར་བྱ་བས་བྱས་པ་ཉིད་ཀྱང་ངོ་། །གོས་ཀྱིས་བར་དུ་ཆོད་པ་ལ་ནི་འོག་མར་རོ། །ཉེས་བྱས་ཀྱི་ནི་སྨད་པ་ནི་གཞན་ཉིད་མ་ཡིན་ནོ། །དགེ་སློང་མ་ལ་རེག་པར་མི་བྱའོ། །བུད་མེད་ལ་ཡང་ངོ་། །ཆུར་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ། །མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་གཞག་སྟེ་ལག་པའམ་སྐྲ་དག་ལས་སོ། །དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁ་བུབ་ཏུ་གཞག་གོ། ཁྲིའུ་བཞིན་བསྲུང་བར་བྱའོ། བ་ལང་རྗེ་དང་ཕྱུགས་རྫི་དག་ལ་གཏད་དེ་ཟན་ལ་འགྲོ་བར་ 159-20a བྱའོ། །འཚོ་འམ་འོན་ཏེ་མ་ཡིན་ཞེས་ཡང་དང་ཡང་དུ་བརྟག་པར་བྱའོ། །སེམས་དག་པས་སྙིང་བརྩེ་བས་བུད་མེད་འཁྱུད་པ་ལ་ཉེས་པ་མེད་དོ། །ལུས་ཀྱི་རེག་པ་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།འཇམ་པ་དང་། དྲོ་བ་དང་སྙི་བའི་བསམ་པ་ཉིད་ན་སྦོམ་པོའོ། །སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ནི་ལྟུང་བ་མེད་དོ། །མ་དང་། སྲིང་མོ་དང་། བུ་མོ་དག་ལ་དེ་དག་ཏུ་འདུ་ཤེས་སོ། །སྔོན་སྤྱད་པ་ཉིད་ལ་ཀུན་དགའ་བར་བྱའོ། །ལུས་ཀྱི་རེག་པ་ཞུ་བའི་སྐབས་སོ།། །།ཟས་དང་། ས་དང་། བོང་བ་ལ་སོགས་པ་མོའི་དབང་པོར་འཇུད་ན་སྦོམ་པོའོ། །རྐང་པ་དང་ཕྲག་པ་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ། །དེའི་སྟན་ལ་ཡང་ངོ་། །འགྲེད་པར་འགྱུར་བའི་བུད་མེད་སློང་བའོ། །བུད་མེད་ཀྱིས་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ། །བཟུང་བ་ལ་ཡང་ངོ་། །མས་འཁྱུད་པ་ལ་ཡང་ངོ་། །པང་པར་བུ་མོ་འདུག་པ་ལ་ཡང་ངོ་། །བུད་མེད་འཁྲུལ་བ་སྟེང་དུ་འགྱེལ་བ་ལ་ཡང་ངོ་། །ལུས་ཀྱི་རེག་པ་འདུལ་བྱེད་དག་གོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མའོ།། །།<br> ༈ འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ།<br> ༆ འཁྲིག་པ་ལས་བྱུང་བའི་སྨྲས་ནའོ། །རྒྱ་ལ་སོགས་པའི་དོན་གྱིས་སོ། །གང་ལ་གོ་བར་བྱ་བ་ཉིད་དེ་བརྡ་ཕྲད་པ་ན་མཐའོ། །དེ་དང་འབྲེལ་བའི་དོན་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ། །བསྔགས་པ་དང་བསྔགས་པ་མ་ཡིན་པ་དང་། གསོལ་བ་དང་ཉེ་བར་གསོལ་བ་དང་། འདྲི་བ་དང་ཡོངས་སུ་འདྲི་བ་དང་། བརྗོད་པ་དང་། སྨོན་པ་དང་། གཤེ་བ་དང་། ཕྱིར་སྨྲ་བ་སྒྲུབ་པ་དག་ལ་ནི་བྱེ་བྲག་མེད་པ་ཉིད་དོ། །དོན་གཞན་ལ་བསམས་པས་ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་ན་ལྟུང་བ་མེད་དོ། །མིང་གི་ཆ་ཉིད་འདྲ་བ་ལ་ཡང་ངོ་། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།མཛེས་པ་ཡིན་ནོ། །སྡིག་ཅན་ཡིན་ནོ། །རྨའི་སྒོ་མཛེས་པའམ་སྡིག་ཅན་ཡིན་ནོ། །བགོ་བཤའ་གྱིས་ཤིག །ཁོ་བོ་ལ་བགོ་བཤའ་གྱིས་ཤིག །ཁོ་བོ་དང་ལྷན་ཅིག་ཉོལ་ཅིག །ཕྲད་པར་གྱིས་ཤིག་ཅེས་སྨྲ་ན་སྦོམ་པོའོ། །འཁྲིག་པ་དང་ལྡན་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ།། །།དེ་བཞིན་དུ་རྫུ་ 159-20b འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་ཅན་ལ་སྨྲས་ནའོ། །སྲུ་ཁོ་བོ་ལ་ནས་བྱིན་ཅིག །སྲུ་ཁྱོད་ལ་ཅི་མཐོང་བ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག །ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་བདག་ལ་སྨྲས་པ་ཁྱོད་ཅི་ལ་དགའ་ཞེས་ཟེར་བ་ལ་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་བྱ་བ་དང་། སྲུ་ཁོ་བོ་ལ་ཆུ་དང་། བཅའ་བ་དང་། ཐུག་པ་དང་། བཟའ་བ་བྱིན་ཅིག །ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་སྨྲས་པ་དག་ལའོ། །ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག །སྲུ་སྐྱེས་བུ་འཕྱོན་མ་དག་ལ་བསོད་སྙོམས་སྤྱོད་དམ་ཞེ་ན་ཡང་ངོ་། །དེར་མགལ་དུམ་ཆུ་གཅིག་ཅེ་ན་ཡང་ངོ་། །རང་བཞིན་གྱི་གནས་ངན་ལེན་བརྗོད་པས་གནས་ངན་ལེན་སྨྲས་ན་ཡང་ངོ་། །འཁྲིག་པ་དང་ལྡན་པ་སྨྲ་བ་འདུལ་བྱེད་དག་གོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའོ།། །།<br> ༈ བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ།<br> ༆ བདག་ཉིད་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་བསྔགས་ནའོ། །དེས་བསྔགས་པ་ལ་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་ནི་དེ་དང་འདྲའོ། །དེ་ཉིད་ཕྱིར་བཟླས་ནའོ། །དེ་དང་འཁྲིག་པ་ཉེ་བར་མ་སྦྱར་ན་སྦྱོར་བ་ཉིད་དོ། །གཉིས་ཀ་དང་ན་ནི་དེའིའོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའོ།། །།<br> ༈ སྨྱན་བྱེད་པའི་དགེ་འདུན་ལྷག་མ།<br> ༆ ཕྲད་ནའོ། །གཞན་དང་ངོ་། །གཞན་དུའོ། །དེའི་དོན་དུ་མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་སྤྲད་པར་བྱ་བ་ལས་སྤྲིང་བ་མནོས་པ་གཞན་དེ་ལ་གོ་བར་བྱས་ཤིང་དེས་སྨྲས་པ་སྔ་མ་ལ་བརྗོད་ནའོ། །འཇུག་པ་བར་མའི་ཆ་ཡར་ཐོས་པ་ཉིད་ན་དེ་བྱས་པ་ཉིད་དོ། །གསུམ་པོ་དེ་དག་གི་བྱ་བ་ཉིད་ནི་ཐ་དད་པ་ཉིད་དོ། །མི་ཉིད་ལ་མཐའི་བྱེད་པ་པོ་ཉིད་མ་ཡིན་ཡང་སྦྱོར་བ་ཉིད་མ་ཡིན་པ་ཉིད་མ་ཡིན་ནོ། །འབྲས་བུ་གཅིག་པ་ཉིད་ཀྱི་ཕྱིར་བྱེད་པ་པོ་སོ་སོ་ལ་བྱ་བ་རྫོགས་པ་མེད་པ་ཡིན་ནོ། །འདིར་མ་གསཾ་པ་ནི་རང་ཉིད་དང་འདྲའོ། །དེ་གཉིས་ནི་བདག་པོ་དག་ནི་སྤྲད་པར་བྱ་བ་ཉིད་དང་འདྲའོ། །གཞན་ལ་བྱས་པ་ཉིད་ནི་ཉེས་བྱས་སོ། །སྤྲིང་ཡིག་དང་ལག་ཡིག་དང་། ཡུལ་ཕྱོགས་དང་བརྡ་དང་མཚན་མ་རྣམས་ནི་ཚིག་ཉིད་དང་འདྲའོ། །སྨད་འཚོང་མ་ནི་མི་མཐུན་པ་ཉིད་དོ། །བདག་པོ་ཉིད་མ་ཡིན་པས་བཞི་པ་མན་ཆད་ཞུགས་པ་ཉིད་དོ། །འཐབ་ 159-21a པ་ཉིད་ན་ཉམས་པ་ཉིད་དོ། །གལ་ཏེ་དེ་དབང་བ་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་ངོ་། །འཐབ་པ་ཉིད་ཀྱི་མོད་ལ་དང་འོག་ཏུ་དང་དུམ་པ་བཅད་པ་ཉིད་དང་རྡེའུ་གསུམ་གཏོར་བ་ཉིད་དང་ཆོ་ག་གཏོང་བ་ཉིད་དང་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་དང་དྲིལ་བསྒྲགས་པ་ཉིད་དག་ནི་སྲོག་དང་ལྡན་པ་ཉིད་དག་བཞིན་ནོ། །དེའི་དང་པོ་གསུམ་ལ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ། །ཅིའི་ཕྱིར་འདི་འམ་འདི་མི་སྤྲད་གྱོས་པོའི་གན་དུ་མི་འགྲོ། མི་བཀྲི་ཞེས་ཟེར་བ་དག་ཀྱང་ངོ་། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།མངལ་ན་གནས་པ་དང་མེད་པ་དང་ངེས་པ་དང་མི་བརྟེན་པ་དང་། ཉོས་པ་དང་མཐུན་པ་དང་བདག་གི་སྨྱན་བྱེད་པ་ནི་སྦོམ་པོའོ། །སྐད་སྦྱར་བ་ཉིད་ནི་སྟོན་ནའོ། །འཐབ་ཀྲོལ་གྱིས་འཕྲོག་ཏུ་འཇུག་ནའོ། །ཆུང་མའམ་བུད་མེད་ཆེ་གེ་ཞིག་ཉོས་ཤིག་ཅེས་ཟེར་ནའོ། །བུད་མེད་ཅེས་ཟེར་ན་ཉེས་བྱས་སོ། །རྙེད་མོད་ཅེས་པ་ཡང་ངོ་། །སྨྱན་བྱེད་པ་ཞུ་བའི་སྐབས་སོ།། །།བྱིན་པ་ལ་དོར་བྱས་སྤྲད་པས་ནི་སྦོམ་པོའོ། །ཆོས་ཀྱི་ཕུང་པོ་སྔོན་དུ་བཏང་སྟེ་བོས་པས་སོ། །དོན་གཞན་དང་ལྡན་པས་ཀྱང་ངོ་། །གཞན་ཞེས་བྱ་བས་སྐྱོན་ཆགས་པ་མེད་པར་སེམས་ཅན་ལ་བསྣུན་པ་ཡང་མ་འཕངས་པ་ཉིད་མ་ཡིན་ནོ། །སྨྱན་བྱེད་པའི་འདུལ་བྱེད་དག་གོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ།། །།<br> ༈ ཁང་པའི་དགེ་འདུན་ལྷག་མ།<br> ༆ སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ། །བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ། །བསྐོས་པ་ནི་རང་ཉིད་དང་འདྲའོ། །ཇི་སྐད་བསྒོ་བ་བཞིན་དུ་མི་བྱེད་པ་ལུས་དང་ངག་གིས་ནོད་ནའོ། །བྱམས་པ་ནི་གཅིག་ཉིད་དོ། །ཡན་ལག་རྣམས་ནི་བྱེད་པ་པོ་ཐ་དད་པ་ཉིད་མ་ཡིན་ནོ། །བཙལ་བ་ལའོ། །དེ་རྗེས་སུ་གནང་བ་ལའོ། །རྣམ་པ་དེ་ལྟ་བུས་སོ། །གཞི་མ་དག་པ་ལའོ། །མ་བསྟན་པ་ལའོ། །གནས་བྱེད་དུ་བཅུག་ནའོ། །མཐར་རོ། །འོག་མ་ལ་ཡང་དེ་དག་ཉིད་དེ་མ་བཙལ་བ་ཉིད་དོ། །གཅིག་གི་དོན་དུའོ། །ཚད་ལས་ལྷག་པའོ། །མི་རུང་བ་ཉིད་དང་རྩོད་པ་དང་བཅས་པ་ཉིད་དང་བརྩམ་དུ་མི་རུང་བ་ཉིད་ནི་མ་དག་པའོ། །སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་། རྒྱལ་པོ་ 159-21b དང་ལྷའི་གནས་དང་མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། ཕྱི་རོལ་འདོམ་གང་གི་མཐའི་ཉེ་འཁོར་གྱི་ནང་རོལ་ན་ཆུ་ཀླུང་ངམ། ངམ་གྲོག་གམ། ཁྲོན་པའམ་འདོམ་པ་ཉིད་ནི་གོ་རིམས་བཞིན་དུ་དེ་དག་ཡིན་ནོ། །ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ། །དགེ་འདུན་ལས་བསྟན་པ་ཐོབ་པ་ཉིད་ནི་བསྟན་པ་ཉིད་དོ། །མ་དག་པ་ལ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ། །བསྟན་པ་ལ་ཡང་དེ་བཞིན་ནོ། །བྱས་པ་རྙེད་པ་དང་བྱས་པ་ལ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །རྙིང་པ་འཆོས་པ་ལ་ཡང་ངོ་། །ཁང་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།<br> ༈ གཙུག་ལག་ཁང་གི་དགེ་འདུན་ལྷག་མ།<br> ༆ ཚོགས་ཀྱི་དོན་དུའོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།རྩོམ་པ་ནི་སྦྱོར་བ་ཉིད་དོ། །མ་གཡོགས་པ་བྱེད་དུ་འཇུག་པའི་མཐའ་ཡང་དེ་དང་འདྲའོ། །དུ་མའི་དོན་དུའོ། །མ་བསྐོས་པར་རོ། །གང་ཟག་གིས་སོ། །འཕྲོ་ཟིན་པར་བྱེད་ན་ཡང་ངོ་། །རང་བཞིན་མི་མཐུན་པ་ཡང་ངོ་། །གསོལ་བའི་འོག་ཏུ་མ་གྲུབ་ན་ཉེས་བྱས་སོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཉིས་སོ།། །།<br> ༈ གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ།<br> ༆ ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་ཡང་ངོ་། །ཕྱོགས་ལས་རང་གི་ཉིད་ནི་འདིར་ཡན་ལག་མ་ཡིན་ནོ། །བརྫུན་དུ་སྨྲ་བས་སོ། །གང་ཡང་རུང་བ་ལ་གོ་བར་བྱས་ནའོ། །ཉམས་པར་འདུན་པས་སོ། །དེ་ནི་གཞི་གཞན་མ་ཡིན་ནོ། །བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ། །དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །གཞི་མེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་བརྫུན་ནའོ། །གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།མི་བརྟེན་པས་སྐུར་པ་འདེབས་ན་སྦོམ་པོའོ། །མིང་མ་སྨོས་པ་ཡང་ངོ་། །དེ་བཞིན་གཤེགས་པ་ལ་ངན་ 159-22a སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པའོ། །བསམས་ཏེ་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ། །གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ་ཞུ་བའོ།། །།<br> ༈ དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་དང་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ།<br> ༆ གཞན་གྱི་འཁོར་ཁ་འདྲེན་ན་སྦོམ་པོའོ། །བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ། །གསོ་བ་ནི་བཟློག་པ་དང་འདྲ་བ་ཉིད་དོ། །ཚིག་གི་སྐད་ཅིག་མ་གཅིག་ཉིད་དོ། །བཟླས་པ་ནི་ཐ་དད་པ་ཉིད་དོ། །མཇུག་སྡུད་པ་ནི་མ་ཡིན་ནོ། །འཇུག་པ་ནི་སྦྱོར་བ་ཉིད་དོ། །བསྐྲད་པ་དང་གླེང་བ་དང་། དྲན་པར་མ་བྱས་པ་ནི་དེའིའོ། །དེ་ལ་ནི་བསྒོ་བར་མི་བྱ་བ་ཉིད་དོ། །དེ་དག་ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ། །དེའི་མཐའ་ལ་མི་གཏོང་ནའོ། །རྟུལ་བར་བྱེད་པ་ཉིད་དོ། །དབྱེན་ལའོ། །དགེ་འདུན་གྱིའོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའོ།། །།དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པའོ། །རྗེས་སུ་ཕྱོགས་པའི་དགེ་དུན་ལྷག་མའོ།། །།<br> ༈ ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་དང་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ།<br> ༆ རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་དེ་ལ་དེ་ལྟར་ཞུགས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་དོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའོ།། །།དགེ་སློང་གི་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེངས་པ་ཉིད་ནི་བདག་ཉིད་ཀྱིས་དེ་ལ་དགེ་སློང་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་ལའོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མ་རྣམས་རྫོགས་སོ།། །།<br> ༈ སྤང་བ་རྣམས་ཀྱི་སྐོར་བཤད་པ།<br> ༈ འཆང་བའི་སྤང་བ།<br> ༆ ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་ཡིན་པ་མེད་པ་ཉིད་དོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ། །དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ། །ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ། །སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ། །དེ་ནི་བསྔོས་པ་ཉིད་ན་བྲལ་བ་ཉིད་དོ། །རབ་ཏུ་འབྱུང་བའི་དོན་དུ་ངེས་པར་བྱས་པ་ཡང་དེ་ཉིད་དོ། །ཆོས་གོས་ལས་ཀྱང་རུང་བར་བྱས་ནའོ། །འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། །རང་བཞིན་ལས་ཉམས་ན་ཡང་ངོ་། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་འབྱུང་བ་ཉིད་དོ། །ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ། །ལྟུང་བ་དེ་ཡོད་ན་ཡོ་ 159-22b བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ། །ཆུང་བ་ཉིད་ཀྱིས་དུམ་བུ་དེ་ནི་མི་འགྱུར་རོ། །དགེ་འདུན་གྱིས་ཡང་ངོ་། །འདི་ལ་མེད་པ་དེ་ཉིད་གཙོ་བོའོ། །འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་། །ཡོད་ནའོ། །རང་གི་ཉིད་དོ། །ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ། །གཞན་གྱི་ཉི་མའི་དང་པོ་ལའོ། །གོས་ལའོ། །འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ། །བྱིན་གྱིས་བརླབས་པ་དང་མ་འབྲེལ་པ་ལའོ། །འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ། །འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ། །འཆང་བའི་སྤང་བའོ།། །།<br> ༈ འབྲལ་བའི་སྤང་བ།<br> ༆ གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །གལ་ཏེ་དེང་ཉིད་ཕྱིར་ལོག་ཅིང་གནས་པར་བྱའོ་སྙམ་པ་མེད་ན་གདིང་བ་གཞག་སྟེ་འགྲོ་བར་མི་བྱའོ། །དེ་ལྟར་བསམས་ཏེ་སོང་ནས་དུས་མ་འབྱོར་ན་དེ་བརྙས་ཏེ་དེར་གནས་པར་བྱའོ། །མ་རྙེད་ན་བླ་གོས་བཞི་བལྟབ་ཏུ་བྱས་པའི་སྟེང་དུ་ཡུན་རིང་དུ་མི་ཉལ་བར་རོ། །སྣམ་སྦྱར་བཞག་པར་མི་འོས་པའི་གནས་སུ་དབྱར་གྱི་རས་ཆེན་ཡང་བཞག་པར་མི་བྱའོ། །ཆར་བབ་ན་མི་བཞག་གོ། །ཆུ་ཀླུང་གིས་ཆོད་པར་འགྲོ་བ་ལ་ཡང་མི་གཞག་གོ། །དེ་གཉིས་དོགས་པར་ཡང་མི་བཞག་གོ། །དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་དང་། ཆར་འབབ་པ་དང་། འབབ་ཏུ་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་ལྟ་བུ་མེད་ན་གནང་བ་མ་ཐོབ་པ་དང་། སྲ་བརྐྱང་མ་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱིས་ཕྱུང་སྟེ་གཞན་ལ་བྱིན་གྱིས་བརླབས་པ་ནི་ཆོ་གའི་རྣམ་པའོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན་རྒན་པོ་དང་ནད་པ་དག་ལ་མི་འབྲལ་བའི་གནང་བ་སྦྱིན་ནོ། །བྱིན་གྱིས་བརླབས་པ་དང་གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ། །དེའི་གནས་ཉེ་འཁོར་དང་བཅས་པ་ནས་གཞན་ན་གནས་པ་ལ་སྐྱ་རེངས་ཤར་ནའོ། །མཚམས་བྱས་པ་ལ་ནི་མཚམས་གནས་ཀྱི་མཐའོ། །བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་ 159-23a དོ། །ནོར་ལས་དང་ལྟ་བ་ལས་ཐ་དད་པ་མ་ཡིན་པའི་ཡང་ངོ་། །ཡལ་ག་དང་ཡལ་ག་ཕྲ་མོ་དག་མ་རེག་པ་ན་གནས་ཐ་དད་པ་ཉིད་དོ། །རྩ་བ་ནི་ཐུན་མོང་ངོ་། །རྩ་བའི་རྩ་བ་ལ་སོགས་པ་ཡང་ངོ་། །ཡལ་ག་དང་ལོ་མ་རེག་པའི་ཤིང་ལྗོན་པ་རྣམས་ནི་གནས་གཅིག་པ་ཉིད་དོ། །དེའི་ཆ་འོག་མར་དཔྱངས་པ་ཉིད་ནི་སྟེང་གཡོགས་དང་འདྲའོ། །གྲུ་དང་ཤིང་རྟ་དག་གི་ཡང་ངོ་། །མཚམས་མེད་པ་ལ་ནི་ཡན་ལག་གིས་ཁྱབ་པ་མཐའོ། །ཉེ་འཁོར་ནི་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ། །རྩིག་པས་བསྐོར་བའི་གྲོང་ལ་ནི་ཇི་ཙམ་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱིའམ་བྱ་གག་སྤར་ནས་འགུགས་པའི་ལམ་གྱིས་ཁྱབ་པའོ། །རིབ་མས་བསྐོར་བ་ལ་ནི་ར་ལུག་གི་རྡུལ་གྱིས་སམ་མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པའི་བཤང་བའི་ལམ་གྱིས་སོ། །འོབས་ཀྱིས་བསྐོར་བ་ལ་ནི་སྐས་གདང་བུ་བཅུ་གཉིས་པའི་འམ་ཕྱག་དར་བོར་བའི་བོང་བ་རགས་པའི་ལམ་གྱིས་སོ། །གནས་དེའི་འཕྲལ་གྱི་བྱ་བ་དང་། འགྲོ་བ་དང་། འདུག་པ་དང་། རྡུལ་དག་གིས་དེར་གཏོགས་པ་ཁྱབ་བོ། །མཚམས་མེད་པའི་ལམ་དུ་ཐ་དད་པ་མ་ཡིན་པར་འགྲོ་བའི་མི་ལ་ནི་འདོམ་བཞི་བཅུ་རྩ་དགུའོ། །མཚམས་གཞན་ནི་མ་ཡིན་ནོ། །དབུས་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་གནས་ཐ་དད་པ་ཉིད་དོ། །འབྲལ་བའི་སྤང་བ་རྣམ་པར་འབྱེད་པའོ།། །།དམ་དུམ་དུ་གྱུར་པ་ལ་བྱིན་གྱིས་བརླབས་པ་མེད་པར་མི་འགྱུར་རོ། །སྤང་བ་ལ་མི་འཆགས་པ་མ་ཡིན་ནོ། །དགེ་འདུན་གྱི་ལ་ཡང་ངོ་། །དེ་ལས་འབྲལ་བར་འགྱུར་རོ། །གཞན་གནས་པས་གཞན་གྱི་གནས་མི་ཉམས་སོ། །ཆོས་གཞན་པ་དང་འདི་པ་དག་ནི་ལྟ་བ་ལས་ཞེས་བྱ་བས་མ་འཕངས་པ་མ་ཡིན་ནོ། །ཐུན་མོང་བ་དག་གིས་སྒོ་ཁང་ཡང་མ་ཡིན་ནོ། །ནོར་ལས་ཞེས་བྱ་བས་ཕ་དང་བུ་དག་ཀྱང་མ་ཡིན་ནོ། །སྤངས་པ་ཉིད་ཀྱང་དེ་དང་འདྲའོ། །ཉལ་པོ་བྱེད་པར་ཤོམ་པ་ཉིད་ཀྱང་ངོ་། །གྲོང་ལ་དེ་ཡོད་པ་ནི་གཙུག་ལག་ཁང་གི་ཉེ་འཁོར་ཉིད་མ་ཡིན་ནོ། །ཕྲལ་བའི་སྤང་བ་ཞུ་བའི་སྐབས་སོ།། །།འབྲལ་ 159-23b བའི་སྤང་བའོ། །<br> ༈ ཟླ་བས་སྤང་བ།<br> ༆ ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ། །བྱིན་གྱིས་བརླབ་པར་བྱ་བ་ཡོད་པ་ཉིད་ན་ཡང་ངོ་། །གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ། །ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་ནི་ཆོག་པ་ཉིད་མ་ཡིན་ནོ། །དཀར་པོ་ཉིད་ནི་ཁ་དོག་ཐམས་ཅད་པ་ཉིད་དོ། །དེ་རྙེད་ན་ཞག་བཅུ་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་དོ། །སེར་བ་ལས་སྣམ་སྦྱར་གྱི་མཐའ་ནི་ཉིས་རིམ་མོ། །གདིང་བ་ཡང་ངོ་། །བླ་གོས་དང་མཐང་གོས་གཉིས་ཀྱི་ཚིག་ཀྱང་ངོ་། །དུས་ཚིགས་སུ་སྤྱད་པ་ལས་ནི་ཉིས་འགྱུར་དུའོ། །ཕྱག་དར་ཁྲོད་ལས་བྱས་པ་དག་ལ་ནི་ངེས་པ་མེད་དོ། །རྙིངས་པ་ཉིད་དང་དེངས་པ་ཉིད་ལ་ནི་ཅི་དགོས་པ་ལྷག་པར་སྦྱར་རོ། །ལྷག་པར་སྦྱར་བ་ཉིད་དུ་མི་བྱའོ། སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ། །རིགས་པ་ཅན་བྱི་དོར་བྱས་ནས་འདི་ཉིད་དུ་སྦྱར་བར་བྱའོ། །སྙམ་པའི་སེམས་མ་སྐྱེད་པར་དབོག་པར་མི་བྱའོ། །གང་ཡང་རུང་བས་ཕོག་པ་མ་སྦྱར་བའི་སྔ་རོལ་དུ་སྤང་བར་འགྱུར་བ་ཉིད་དོ། །སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ། །དེ་ཡན་ཆད་ནི་ཚེམ་བུའོ། །དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ། །ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་དབྲིའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ། །མཐང་གོས་ནི་དོ་དང་ལྔ་ཡང་ཡིན་ནོ། །དོ་དང་བཞི་ཡང་ཡིན་ནོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ་། །ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །མི་ཡོགས་ན་རལ་ཁ་དཔུང་ཆད་བྱའོ། །ཟླ་བས་སྤང་བ་རྣམ་པར་འབྱེད་པའོ།། །།དེ་བས་སྨན་པ་ནི་ཆུང་བ་དང་འདྲ་སྟེ་ཉེས་བྱས་སུ་འགྱུར་བ་ཉིད་དོ། །འཁོར་གྱི་ཕྱེད་མི་ཁེབས་པ་རེ་བ་མེད་པ་ཉིད་དོ། །རུང་བ་མ་ཡིན་པ་ཡང་ངོ་། །གདོང་ཕྱིས་དང་། ཆུ་ཚགས་དང་། སྟན་འབྱམ་དང་། 159-24a དྲེའུ་རྔོག་ལ་སོགས་པ་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་དག་གོ། །ཟླ་བས་སྤང་བ་ཞུའོ། །ཟླ་བས་སྤང་བའོ།། །།<br> ༈ འཁྲུར་འཇུག་པའི་སྤང་བ།<br> ༆ སྦྲུམ་མ་དབེན་པར་བཞག་གོ། །དེར་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ། །དེ་ལ་ཟན་སྦྱིན་པར་བྱའོ། །ཕ་མ་དག་གི་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་སྔ་མ་གཅིག་ལས་སྐྱེས་པ་ཡང་ཉེ་དུ་ཡིན་ནོ། །འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །དེ་ནི་ཤེས་གཙོ་བོའོ། །དགེ་སློང་མ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་དག་ལའོ། །འོག་མ་ལ་ཡང་ངོ་། །བྱིན་གྱིས་རླབས་པ་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ་ཆོས་གོས་དག་གདིང་བ་དག་ལས་འགའ་ཞིག་བསྒོ་བས་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ། འཆག་ཏུ་བཅུག་པ་དག་ནའོ། །ཕྱོགས་ལས་བྱས་པ་ཡང་ལས་བྱས་པ་ཉིད་དོ། །བྱས་པ་ཉིད་ན་བྱེད་དུ་བཅུག་པ་ཉིད་ཡིན་ནོ། །འབྲས་བུའི་མཐའ་མན་ཆད་གཅིག་པ་ཉིད་དོ། །ཚིགས་སུ་གྱུར་པ་ཉིད་ལ་འབྲས་བུ་རྣམས་གཅིག་པ་ཉིད་དོ། །འདུ་ཤེས་གཙོ་བོ་ཉིད་ལ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་བར་བྱའོ། །གློ་བུར་དུ་འོངས་པས་ཀྱང་དེ་ལས་མི་འགལ་བ་ཉིད་དུ་བྱའོ། །ཡོད་དམ་མེད་པ་ཉིད་དང་ཇི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེས་དེ་བྲི་བར་བྱའོ། །ཧ་ཅང་ཡུན་མི་རིང་བར་རོ། །སངས་རྒྱས་ཀྱིས་གསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ། །ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་འབུལ་བ་ན་དགེ་འདུན་གྱིས་ཉེ་བར་བཞག་པའི་དོན་དུ་བླང་བར་བྱའོ། །དེ་ལྟར་ཉེ་བར་བཞག་པ་ནི་དེ་དག་མེད་པ་དག་གིས་ཅི་དགར་བཀུར་བར་བྱའོ། །འཁྲུར་འཇུག་པའི་སྤང་བ་རྣམ་པར་འབྱེད་པའོ།། །།བཤང་བ་དང་། གཅི་བ་དང་། ལྗན་ལྗིན་དང་། འདམ་རྫབ་ལ་སོགས་པས་མ་རུང་བར་འགྱུར་བ་འཁྲུར་འཇུག་པ་ལ་ན་སྨད་པ་མེད་དོ། །དྲེའུ་རྔོག་དང་ 159-24b ཁྱིམ་པའི་གོས་དང་། སྔས་ནང་ཚངས་ཅན་དང་། རུང་བར་བྱས་པ་དང་། སྤངས་པ་དང་། དགེ་འདུན་གྱི་རྣམས་ལ་ནི་ཉེས་བྱས་སོ། །འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་སོ། །འཁྲུར་འཇུག་པའི་སྤང་བའོ།། །།<br> ༈ ལེན་པའི་སྤང་བ།<br> ༆ འདུལ་བའི་མདོ་བམ་པོ་གསུམ་པ། དགེ་སློང་མས་གོས་རིན་ཆེན་པོ་རྗེ་བའི་ཕྱིར་བླང་བར་བྱའོ། །དགེ་སློང་མ་དང་ལྷན་ཅིག་རྗེ་བར་བྱའོ། །མཉམ་པས་སོ། །ཡང་ན་དེ་དགའ་བ་ཉིད་ཀྱིས་སོ། །ལེན་མའོ། །རྣམ་པར་རིག་བྱེད་ཀྱིས་སོ། །གོས་སོ། །དགེ་འདུན་ལ་གོས་འབུལ་བ་དང་ལེགས་པར་སྨྲ་བ་ལ་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པར་བྱེད་པ་དང་པོར་རླག་བྱུང་བ་དག་ལའོ། །དད་རྫས་བརྗོད་དེ་མདུན་དུ་བཞག་ནས་མི་ལྟོས་པར་སོང་བ་ལའོ། །ལེན་པའི་སྤང་བ་རྣམ་པར་འབྱེད་པའོ།། །།ལག་ཏུ་འོངས་པ་ཉིད་ན་ཐོབ་པ་ཉིད་དོ། །ལྟ་བའི་ཉེ་འཁོར་དུ་གྱུར་པ་ནི་དེའི་དང་པོ་ཡིན་ནོ། །ཉེ་བར་མ་གྱུར་པ་ནོད་པ་ནི་སྦྱོར་བ་ཉིད་དོ། །རྒྱ་ཆེ་བ་དང་ཐ་སྙད་ཀྱི་དབང་མ་ཡིན་པ་ཉིད་ནི་གོས་སྦྱིན་པ་ལ་སོགས་པ་ཁ་གཙོ་བོ་ཡིན་ནོ། །རེ་ཞིག་གི་སེམས་ཀྱིས་ན་ལྟུང་བ་མེད་དོ། །རིན་སྦྱིན་པ་ན་བརྗེད་པ་ལའོ། །ལེན་པའི་སྤང་བ་ཞུ་བའོ། །ལེན་པའི་སྤང་བའོ།། །།<br> ༈ སློང་བའི་སྤང་བ།<br> ༆ མིའི་འགྲོ་བ་པར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ཉིད་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །འོག་མ་གསུམ་ལ་ཡང་ངོ་། །གོས་ཕྲོགས་པ་དང་། བརླག་པ་དང་། ཚིག་པ་དང་། རླུང་གིས་ཁྱེར་བ་དང་ཆུས་ཁྱེར་བར་མ་གྱུར་པ་ལའོ། །བླངས་ན་ཉེས་བྱས་ཀྱིའོ། །ཐོབ་ན་དངོས་གཞིའོ། །ཆོས་གོས་སོ། །མི་ཆུང་བའོ། །རིན་ཐང་དང་། ཁ་དོག་དང་། ཁྲུ་ཚད་ལས་རྣམ་པ་གང་བླངས་པའོ། །གཞན་ལ་ནི་ལྟུང་བ་མེད་དོ། །རས་མ་དང་ཁ་ཚར་དག་སློང་མའོ། །རྒྱུ་དང་སྤུན་ལ་ནི་ན་སྨད་པ་ཉིད་དོ། །དེའི་རང་བཞིན་ནི་དེ་དང་འདྲའོ། །སློང་བའི་སྤང་བའོ།། །།<br> ༈ སློང་བར་རིགས་པའི་སྤང་བ།<br> ༆ བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །དེ་ནི་ལྟུང་བའི་བྱེད་པ་མེད་པ་ཉིད་དོ། །ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་ 159-25a རས་ཡུག་ཆེན་ཁྲུ་བཅུ་གཉིས་པའོ། །སྨད་གཡོགས་ནི་རས་ཡུག་ཕྲན་བདུན་པ་དང་དོ་པའོ། །དགེ་སློང་གི་ཆེ་ཚད་ནི་སྣམ་སྦྱར་དང་ཤམ་ཐབས་ཀྱི་རིམ་པ་ཇི་སྐད་བསྟན་པའོ། །ཟུང་བླང་བར་བྱ་བ་ཉིད་དོ། །གང་ཡང་རུང་བའོ། །ཚད་དེ་ལས་ལྷག་པ་ནི་བླང་བར་བྱ་བ་ཉིད་མ་ཡིན་ནོ། །སྔ་མ་ཐོག་ན་ཁ་བསྐང་བ་ཡང་ངོ་། །ལྷག་མ་སྦྱིན་པར་བྱ་བ་ཉིད་མ་ཡིན་ནོ། །ཕྱི་མ་ཐོབ་ན་ལྷག་པ་སྦྱིན་པར་བྱ་བ་ཉིད་དོ། །བླང་བར་བྱ་བ་མ་ཡིན་པ་བླངས་ན་ཉེས་བྱས་སོ། །ཐོབ་ན་དངོས་གཞིའོ། །སྦྱིན་པར་བྱ་བ་མི་སྦྱིན་ན་ཡང་ངོ་། །སློང་བར་རིགས་པའི་སྤང་བའོ། །<br> ༈ སྤགས་པ་སློང་བའི་སྤང་བ་དང་སོ་སོ་ནས་སྤགས་པ་སློང་བའི་སྤང་བ།<br> ༆ སྤངས་པ་མ་ཕུལ་བར་ཤེས་པ་ནི་མ་སྤངས་པ་དང་འདྲའོ། །དེ་ཉིད་གཞན་ཡིན་ནོ། །སྤགས་པ་སློང་བའི་སྤང་བའོ། །སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཡང་ངོ་། །སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་གཅིག་ཉིད་དོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བའོ།། །།<br> ༈ བསྐུར་བའི་སྤང་བ།<br> ༆ བཀུར་བ་རུང་བ་མ་ཡིན་པ་ཆོས་གོས་ཀྱི་རིན་སྤངས་ནས་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་བསྟན་ཏེ། བསྒོ་ཞིང་སྨྲས་པ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ནའོ། །གོ་བར་མ་ནུས་པ་ཉིད་ན་བསྐུལ་བ་ཉིད་མ་ཡིན་ནོ། །མ་གྲུབ་ན་ལན་གཉིས་སུ་ཡང་ངོ་། །ལན་གསུམ་དུ་ཡང་ངོ་། །དེའི་འོག་ཏུ་ལན་གསུམ་གྱི་བར་དུ་ཕྱོགས་སུ་བསྡད་པར་བྱའོ། །མ་གྲུབ་ན་སྦྱིན་པར་བྱེད་པ་ལ་བསྒྲགས་པར་བྱའོ། །དེ་ལྟར་སྤངས་པར་གྱུར་ཟིན་པ་ན་འབུལ་བར་བྱེད་ན་སྤངས་པ་སྨྲས་ཏེ། །སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་སྒྲུབ་པ་ཁས་ལེན་པ་ལས་བླང་བར་བྱའོ། །བསྐུལ་བ་དང་བསྡད་པ་ལྷག་གམ་ཁས་མ་བླངས་ནའོ། །བླངས་ནའོ། །གསུམ་ཅར་མི་ཉིད་དང་ཁྱིམ་པ་ཉིད་ཡིན་ནའོ། །མ་སྨྲས་ན་ཉེས་བྱས་སོ། །མ་སྤངས་པ་ལའོ། །མ་དྲིས་པར་སྟོན་ན་ཡང་ངོ་། །རེ་བ་མེད་པ་ཉིད་ན་མ་སྦྲན་ན་ཡང་ངོ་། །བཀུར་བའི་སྤང་བའོ།། །།<br> ༈ སྲིན་བལ་གྱི་སྤང་བ།<br> ༆ སྟན་བཅང་བར་བྱའོ། །སྲིན་བ་ལ་གྱིས་བྱས་སམ་བྱེད་དུ་བཅུག་ 159-25b ནའོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་ནོ། །བྱས་ཟིན་པ་རྙེད་པ་དང་། ཡོངས་སུ་ལོངས་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་དག་ལ་ནི་ལྟུང་བ་མེད་པའོ། །སྲིན་བལ་གྱི་སྤང་བ་རྣམ་པར་འབྱེད་པའོ།། །།ཉུང་ངུ་དང་བསྲེས་པ་ཉིད་ནན་སྨད་པ་ཉིད་དོ། །རྫས་ཉམས་པ་ཉིད་ལ་ཡང་ངོ་། །སྲིན་བལ་གྱི་སྤང་བ་ཞུ་བའོ། །སྲིན་བལ་གྱི་སྤང་བའོ།། །།<br> ༈ བལ་ནག་པོ་འབའ་ཞིག་གི་སྤང་བ་དང་ཆ་གཉིས་བསྲེས་པའི་སྤང་བ།<br> ༆ ལུག་གི་བལ་ནག་པོ་འབའ་ཞིག་དག་གོ། །རང་བཞིན་གྱིས་སོ། །སྔོན་པོ་དང་། འདམ་ཁ་དང་། ཁམ་པ་དག་ཀྱང་དེ་ཉིད་དོ། །བལ་ནག་པོ་འབའ་ཞིག་གི་སྤང་བའོ། །དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ། །ཕྱེད་དཀར་པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་དུའོ། །གློ་དང་རྒྱབ་དང་གཉའ་བ་ནས་སྐྱེས་པ་ནི་སྔ་མའོ། །མགོ་དང་རྐང་པ་དང་ལྟོ་བ་ནས་སྐྱེས་པ་ནི་ཕྱི་མའོ། །ཆ་གཉིས་བསྲེས་པའི་སྤང་བའོ།། །།<br> ༈ ལོ་དྲུག་བཅང་བའི་སྤང་བ།<br> ༆ ཆུ་དང་ཞེང་གཉིས་ཀར་ལྷག་པ་ཉིད་ཡིན་ན་བཅང་བར་བྱའོ། །ཐུང་བ་ཉིད་དང་དོག་པ་ཉིད་དག་ནི་བསྐྱེད་པར་བྱའོ། །རལ་ན་བཙེམ་པར་བྱའོ། །བུ་ག་རྡོལ་དུ་གྱུར་ཏམ་ཤ་ཟད་པ་ཉིད་དག་ནི་སྦྱར་བར་བྱའོ། །བཅོས་དཀའ་བ་ཉིད་ཡིན་ན་སྦྱིན་ནོ། །གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་དགར་བཏང་བས་ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ། །བརྩམས་པ་ཉིད་ན་རྩོམ་ན་ཟིན་པ་དང་འདྲའོ། །མཐར་ཐུག་ན་སྦྱོར་བའི་ལྟུང་བར་མི་འགྱུར་བ་མ་ཡིན་ནོ། །རབ་ཏུ་བྱུང་བ་གཞན་གྱི་ནི་ཐ་དད་པ་ཉིད་དོ། །ལོ་དྲུག་བཅང་བའི་སྤང་བའོ།། །།<br> ༈ མཐོ་གང་གིས་སྤང་བ།<br> ༆ གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་སར་པ་སྤྱོད་ནའོ། །གལ་ཏེ་ཡོད་ནའོ། །དེ་ཙམ་ན་ཡང་ངོ་། །བཅོས་པར་ནུས་ན་ཡང་ངོ་། །མཐུད་ཅིང་སྦྱར་དུ་རུང་བས་ཀྱང་ངོ་། །མཐོ་གང་གི་སྤང་བའོ།། །།<br> ༈ བལ་ཐོགས་པའི་སྤང་བ་དང་བལ་རྨེལ་དུ་འཇུག་པའི་སྤང་བ།<br> ༆ ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་ཁྱེར་ནའོ། །ཡོད་ན་ཡང་ངོ་། །ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ། །ཕྱེད་དུ་ན་སྦྱོར་བའོ། །རྫུ་འཕྲུལ་ 159-26a ལས་གཞན་པས་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ། །སྤྲུལ་པས་ཀྱང་ངོ་། །ཞྭ་དང་། ལྷམ་སྒྲོ་གུ་ཅན་དང་། སྟོད་ཀོར་ནང་ཚངས་ཅན་རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་དེ་ཙམ་དག་ལ་ནི་ཉེས་པ་མེད་དོ། །རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་སོར་རྣམས་ནི་སྔ་མ་དྲུག་ལ་ཕྱི་མའོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །དགོན་པའི་དང་པོ་ནི་དེའི་མཐའོ། །ལུས་ཀྱིས་ཁུར་མི་བཀུར་རོ། །གློ་དང་རྒྱབ་དང་རྐེད་པ་དང་མགོ་བོ་དག་གིས་མི་བཀུར་རོ། །འདིར་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ། །ཁུར་ཕྱེད་ལས་ལྷག་པར་བཀུར་བར་མི་བྱའོ། །བལ་ཐོགས་པའི་སྤང་བའོ།། །།<br> ༈ གསེར་དངུལ་ལ་རེག་པའི་སྤང་བ།<br> ༆ ཆོས་གོས་རྙིང་པའི་གནས་སུ་ལུག་གི་བལ་དག་གོ། །འཆག་པར་རྨེལ་བའོ། །བལ་རྨེལ་དུ་འཇུག་པའི་སྤང་བའོ། །རིན་པོ་ཆེ་བདག་གིར་བྱས་ནའོ། །ལྕོགས་པ་ཉིད་ན་དེ་རྫོགས་སོ། །དེ་བས་ཕ་ཟད་ན་ནི་ཕྱེད་ཉིད་དོ། །རང་གི་རུང་བར་མ་བྱས་པ་ཡང་ངོ་། །རེག་གམ་རེག་ཏུ་བཅུག་ནའོ། །གང་ཡང་རུང་བས་སོ། །སྙད་གདགས་སུ་རུང་བའི་ཟངས་མ་ལ་ནི་ཉེས་བྱས་སོ། །གཞན་ལ་ནི་ལྟུང་བ་མེད་དོ། །ཞ་ཉེ་དང་། ཁྲོ་ཆུ་དང་། རོ་ཉེ་དང་། ལྕགས་དག་ལ་ཡང་ངོ་། །དགེ་ཚུལ་གཉིས་ཀྱིས་ཀྱང་ངོ་། །སྦྱིན་བདག་བདག་པོ་ཉིད་དུ་སྨོས་སུ་གཞུག་པ་དང་། ཞལ་ཏ་བྱེད་པ་བདག་ཉིད་དུ་ཁས་ལེན་དུ་གཞུག་པ་དང་། བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་རུང་བ་དག་ཡིན་ནོ། །ཆོས་དང་ལྡན་པའི་དོན་མི་བདོག་པའི་རྐྱེན་ལས་གཞན་པ་ལ་མི་འཆགས་སོ། །བདག་པོ་རིང་བ་ཉིད་ཡིན་ན་ཡང་ཉམས་པ་མེད་དོ། །བདག་ཉིད་ཀྱི་དོན་དུ་བཟའ་བ་བྱེད་དུ་གཞུག་ཏུ་རུང་ངོ་། །དེ་བྱེད་པ་ལ་འབུལ་བའི་ཕྱིར་ཀཱཪྵཱ་པ་ཎ་བླང་བ་ཡང་ངོ་། །ལམ་རྒྱགས་ནི་རིན་པོ་ཆེ་མན་ཆད་ལས་སོ། །མེའི་དོན་དུ་མེ་ཤེལ་ཉེ་བར་གཞག་པར་བྱའོ། ། 159-26b དེ་མ་སྦས་པར་བཞག་པར་མི་བྱའོ། །མ་བྱིན་པར་ལེན་པ་ལ་བསྟན་པར་མི་བྱའོ། །དེའི་འབྲས་བུ་ཕྱུང་ནས་དེ་ལ་སྦྱིན་པར་བྱའོ། །ཆུའི་དོན་དུ་ཆུ་ཤེལ་ཡང་ངོ་། །བསྲུང་བའི་ཆོ་ག་ནི་འདྲའོ། །ཡོ་བྱད་རྗེས་སུ་གནང་བར་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་བ་ཉིད་དོ། །ར་གན་དང་། ཟངས་དང་། ཁར་བ་དང་། ཤིང་གི་ལྷུང་བཟེད་བདག་གིར་མི་བྱའོ། །དེ་དག་བདག་གིར་བྱས་པའམ་གཞན་ཡང་རུང་སྟེ་གལ་ཏེ་ཡོངས་སུ་སྤྱད་དགོས་པར་གྱུར་ན་སྨན་ཕོར་གྱི་ཡོངས་སུ་སྤྱད་པས་སོ། །བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཏེ། ལྕགས་ལས་བྱས་པ་དང་ས་ལས་བྱས་པའོ། །ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་དམར་པོ་དང་གཡས་སུ་འཁྱིལ་བ་ལ་སོགས་པ་ནི་རིན་པོ་ཆེའོ། །སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ། །འོག་མ་ལ་ཡང་ངོ་། །དེ་ནི་གཡས་པ་དང་། ཆག་པ་དང་། དུམ་བུ་དང་། ཚིག་པ་དང་། སྔོན་མ་སྤྱད་པ་དང་མ་བྱས་པ་དང་། མཚན་དང་མི་ལྡན་པ་དང་བཅོས་མའོ། །གསེར་དངུལ་ལ་རེག་པའི་སྤང་བའོ།། །།<br> ༈ མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བ།<br> ༆ རྙེད་པ་འདོད་པ་ལ་ལྟུང་བ་འབྱུང་ངོ་། །ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དངོས་གཞིའོ། །བསྐྱེད་ཕྱིན་ནའོ། །འོག་མ་ལ་ཡང་ངོ་། །པཎ་འམ་རིན་པོ་ཆེས་སྤྱོད་པ་ལས་སོ། །སྦྱོར་བ་ལ་ནི་གཅིག་པ་ཉིད་དོ། །ཀུན་དགའ་ར་བ་པའམ་དགེ་བསྙེན་དག་ཡོད་ན་བསྐོ་བས་དཀོན་མཆོག་གི་དོན་དུ་བསྐྱེད་པར་བྱའོ། །གཏའ་ཉི་རིར་བླང་བར་བྱའོ། །དཔང་པོ་དང་། ལོ་དང་། ཟླ་བ་དང་། ཉི་མ་དང་། དགེ་འདུན་གྱི་གནས་བརྟན་དང་། དགེ་སྐོས་དང་། ལེན་པ་པོ་དང་། རྫས་དང་བསྐྱེད་རྣམས་དཔང་རྒྱར་བྲིས་ནས་སོ། །རྒྱུས་ཤེས་པས་དེ་གཞན་པ་ལ་ཡང་ཁོང་དུ་ཆུད་པར་བྱའོ། །མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བའོ།། །།<br> ༈ ཉོ་ཚོང་བྱེད་པའི་སྤང་བ།<br> ༆ གཞན་གྱིས་སོ། ། 159-27a དགེ་འདུན་གྱི་བཤོས་ཀྱི་ཕྱིར་དགེ་འདུན་གྱིས་འབྲས་རིན་གྱིས་ཉོ་བ་ལ་སྦྱིན་པར་བྱའོ། །གལ་ཏེ་དེ་ཉིད་ཀྱི་ན་ཐེབ་དང་བཅས་པར་རོ། །ཟད་ན་དགེ་འདུན་གྱིས་ཉོ་བར་བྱའོ། །སར་པ་ཡང་ངོ་། །གལ་ཏེ་སྲོག་ཆགས་མེད་ན་རྙིང་པ་བཙོང་བར་བྱའོ། །རིན་ཐང་མི་གདབ་བོ། །ཁྱིམ་པའི་ཉོ་ཚོང་དག་ཏུ་ལག་གཞུག་པར་མི་བྱའོ། །ཁྱིམ་པ་ཉོར་གཞུག་གོ། །མེད་ན་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ། །ཟོང་ལ་རྩེག་པ་ནི་གཞན་གྱི་དོན་དུ་ཡང་མི་བྱ་སྟེ། དཀོན་མཆོག་གསུམ་ནི་མ་གཏོགས་སོ། །གཏའ་གཞུག་པར་མི་བྱའོ། །དགེ་འདུན་གྱི་རྫས་དེ་གཡོགས་པ་ལ་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ། །རྒན་རབས་རྒན་རབས་དག་ལ་མ་ཞུགས་པར་དགེ་འདུན་གྱི་དོན་དུ་བརྩོན་པར་མི་བྱའོ། །དེའི་ཚིག་ཡི་གེར་བྲི་བའི་དམ་བཞག་ལ་ནན་ཏན་བྱའོ། །ཉོ་ཚོང་བྱེད་པའི་སྤང་བའོ།། །། 159-27b བར་བྱ་བ་ཉིད་ཡིན་ནོ། །རབ་ཏུ་བྱུང་བ་འདི་པ་ལའོ། །དེ་ལ་ཐ་ཆད་སྦྱིན་པར་བྱའོ། །བྲིམས་པས་བསྙིགས་པར་བྱའོ། །བསྐོས་པས་སོ། །དེས་སང་དེ་བྱེད་པར་འགྱུར་བ་ན་ཚོགས་པའི་དུས་སུ་དགེ་འདུན་ལ་མཇལ་བར་བྱའོ། །ཚེ་དང་ལྡན་པ་དག་བདག་སང་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་འགྱུར་གྱིས་ཁྱེད་ཅག་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་སོ། །འཁོད་པའི་དོན་དུ་ནན་ཏན་བྱའོ། །བསྔགས་པ་བརྩམ་ཞིང་དབུལ་བར་བྱའོ། །གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ལགས་ཀྱིས་གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་སོ། །ཡོན་ཏན་ཇི་ལྟ་བ་བཞིན་དུའོ། །འདོད་ན་བླང་བར་བྱའོ། །བར་དུ་ཆོད་པས་བླངས་པ་ན་བླང་བར་མི་བྱའོ། །ཚིག་གཉིས་པ་ལ་ནི་མི་སྦྱིན་ཞིང་འོག་མ་ལ་ནི་མ་ཡིན་ནོ། །ལྟུང་བ་བྱུང་བ་ལ་སྤང་བར་མི་བྱ་བ་ཉིད་དང་། བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་བྱའོ། །ཉེ་བར་སྤྱོད་པ་ལ་མ་ཆག་གི་བར་དུ་དལ་བུ་དལ་བུས་སྤྱོད་ཅིག་ཅེས་སོ། །དེས་གཉིས་ཀ་ཀུན་ཏུ་སྤྱད་པར་བྱའོ། །དེ་ལ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའོ། །སྤྱོད་པ་ན་ཆེས་ཡང་བའོ། །ཟས་ཀྱི་བྱ་བ་ཉིད་ལ་ནི་མི་བྱ་བ་ཁོ་ནའོ། །བྱི་དོར་ཡང་དང་པོར་བྱའོ། །ལྷུང་བཟེད་ཚོལ་བའི་སྤང་བའོ།། །།<br> ༈ འཐག་ཏུ་འཇུག་པའི་སྤང་བ།<br> ༆ རིན་མེད་པར་བསྒོ་བས་སམ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ནའོ། །གཞན་ཉིད་དང་བཅས་པ་ལ་ནི་དེ་མ་བྱས་པ་ཉིད་མ་ཡིན་ནོ། །འཐག་ཏུ་འཇུག་པའི་སྤང་བའོ།། །།<br> ༈ འཐག་པ་བསྐྱེད་པའི་སྤང་བ།<br> ༆ དེའི་ཕྱིར་བརྟག་པར་བྱ་བ་བསམ་པ་ལས་བྱུང་བ་ཉིད་དོ། །ཁོ་ལག་ཆེ་བ་ཉིད་དམ་འབྲས་བཟང་བ་ཉིད་ལ་འཐག་པ་ངེས་པར་སྦྱར་བའོ། །གལ་ཏེ་སྦྱིན་བདག་གི་ཟད་ནའོ། །རྔན་པ་མ་བྱིན་ན་ཡང་ངོ་། །སྦྱིན་པར་བྱེད་པས་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །གྲུབ་པ་ནི་དངོས་གཞིའོ། །མདུན་རོལ་དུ་དེའི་ཕྱིར་བསམ་པ་ལས་བྱུང་བ་རྗེས་སུ་བསྒྲུབ་པ་ཐ་དད་པ་ནི་ཉེས་བྱས་ཀྱིའོ། །མ་བསྒོ་བར་ཉེ་བར་འགྲོ་བ་ནི་དེ་ཉིད་དོ། །འཐག་པ་བསྐྱེད་པའི་སྤང་བའོ།། །།<br> ༈ འཕྲོག་པའི་སྤང་བ།<br> ༆ དབྲལ་བར་བྱ་བ་དགེ་སློང་ཉིད་དོ། །དབྲོག་པར་བྱ་བ་རང་གི་ཉིད་ 159-28a མ་ཡིན་ནའོ། །དེ་གོས་ཉིད་ཡིན་ནའོ། །དེའི་འམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པའམ། ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན་མཐའིའོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ། །དེ་ནི་ཕྱིར་སྦྱིན་པར་བྱ་བ་ཉིད་དོ། །འདི་ལ་རང་གི་དོན་ཉིད་ནི་ཡན་ལག་མ་ཡིན་ནོ། །བསྙེན་པར་མ་རྫོགས་པ་ལ་ནི་སྤྲོད་པ་དང་འདྲའོ། །རང་གི་ཉིད་བསྲེལ་བར་གྱུར་པའི་འཕྲོག་པ་འདིར་བསྡུས་པ་ཡིན་ནོ། །བློ་གྲོས་ངན་པས་བྱས་པ་ནི་རྗེས་སུ་འཕྲོད་པ་ཉིད་ཡིན་ནོ། །གནོད་པ་དང་མི་ཕན་པར་བྱེད་པ་ལ་འཇུག་པའི་གེགས་བྱ་བའི་ཕྱིར་ནི་ལྟུང་བ་མེད་དོ། །འཕྲོག་པའི་སྤང་བའོ།། །།<br> ༈ ཞག་བདུན་འབྲལ་བའི་སྤང་བ།<br> ༆ དགོན་པ་པའི་ཆོས་གོས་གཅིག་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲའོ། །དེས་དོན་གྱི་དབང་གིས་གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་དབྲལ་བར་བྱའོ། །ལྷག་པ་ལ་ནི་བག་ཡངས་མེད་དེ། བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་དོ། །འདིར་ཞག་དྲུག་ཏུ་འགྲོ་བ་ཧ་ཅང་ཐལ་བ་ཉིད་ལ་ནི་གནག་པ་ཡན་ལག་མ་ཡིན་ནོ། །ཞག་བདུན་འབྲལ་བའི་སྤང་བའོ།། །།<br> ༈ དབྱར་གྱི་རས་ཆེན་གྱི་སྤང་བ།<br> ༆ བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཆད་ནས་དབྱར་གྱི་རས་ཆེན་བཙལ་བར་བྱའོ། །བདག་ཉིད་ཀྱིས་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་བཅང་བར་བྱའོ། །སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་གཉིས་ནི་བྱེད་པ་པོ་ཉིད་དོ། །གཞན་དུ་འཆང་བ་ལའོ། །སྔར་བཙལ་བ་ནི་ཉེས་བྱས་ཀྱིའོ། །གྲུབ་ན་མཐའིའོ། །རྙང་རྙིང་ལ་ནི་ན་སྨད་པ་ཉིད་དོ། །དེའི་རྗེས་སུ་འགྲོ་བ་ནི་ཁས་བླང་བ་ཇི་ལྟ་བ་བཞིན་ནོ། །དབྱར་གྱི་རས་ཆེན་གྱི་སྤང་བའོ།། །།<br> ༈ གཏོང་བ་ལས་བྱུང་བའི་སྤང་བ།<br> ༆ དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ། །བཏང་བའི་དབང་གིས་མཐའི་ཞག་བཅུ་ལ་རྙེད་པ་ནི་མ་གཏོགས་སོ། །དེ་བགོས་ན་ཡང་ངོ་། །མ་བགོས་ན་ཡང་ངོ་། །སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ། །དགག་དབྱེའི་ཉིན་མོའི་ཕྱི་དེའི་ཉིན་ 159-28b པར་ཏེ་དེ་སྦེད་པ་མ་བསྐོས་པ་རྣམས་ལའོ། །དེ་མི་སྐོ་བར་མི་བྱའོ། །གཏོང་བ་ལས་བྱུང་བའི་སྤང་བའོ།། །།<br> ༈ བསྔོས་པ་ལས་བསྒྱུར་བའི་སྤང་བ།<br> ༆ གཞན་གྱིས་གང་ཟག་གཞན་ནམ་དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ། །བསྒྱུར་བ་ལ་ནི་ཉེས་བྱས་སོ། །འདིར་གཞན་ལ་ཡང་ངོ་། །དེའི་འབྲས་བུ་ལ་ཡང་ངོ་། །གཞན་ལ་ཡང་ངོ་། །དབྲལ་བ་དང་སྦྱར་བ་གཉིས་ཀ་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་ལ་ཡང་ངོ་། །ཕྱོགས་གཅིག་ཉིད་ལ་ཡང་ངོ་། །ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་བཙལ་ཏེ་མ་རྙེད་པ་ལ་ནི་ལྟུང་བ་མེད་དོ། །བདེ་བར་གཤེགས་པའི་སྐུ་གཟུགས་གཞན་ལ་ནི་གཡར་པོར་སྦྱིན་དུ་རུང་ངོ་། །བསྔོས་པ་མི་སྦྱིན་ན་ཉེས་བྱས་སོ། །མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་དགེ་འདུན་གྱི་བྱིན་གྱིས་རློབ་པར་བྱེད་ནའོ། །མ་ཚོགས་པ་དག་གིས་འགོད་ནའོ། །བྱིན་གྱིས་མ་བརླབས་པར་ཡང་ངོ་། །ཀུན་དབང་བའི་རྙེད་པ་དགེ་འདུན་ལས་གཅིག་གམ་གཉིས་སམ་གསུམ་གྱིས་ལེན་ནའོ། །དེ་ལ་གཞན་དག་གིས་ཤེས་ཉིད་མ་བྲལ་ལོ། །རྐུ་སེམས་ཀྱིས་ནི་བརྐུས་པ་ཉིད་ཡིན་ནོ། །གྱ་ཚོམ་དུ་གཙུག་ལག་ཁང་དོར་བར་མི་བྱའོ། །རྗེས་སུ་ཆགས་པ་དང་བཅས་པ་དེར་སྲུང་མར་གཞུག་གོ། །མ་ལྷགས་ན་ལོ་བཅུར་འདའ་བར་བྱའོ། །ལྔ་ནི་བསོད་སྙོམས་ཀྱིས་སོ། །དེར་དུས་སུ་སྦྱིན་བདག་མ་བྱུང་ན་ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་ཏུའོ། །གསོ་སྦྱོང་ཐ་དད་པ་དང་རྙེད་པ་ཐུན་མོང་བའི་ལས་བྱའོ། །འགྲོ་བ་ན་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དག་ཏུ་གདམས་པར་བྱའོ། །གཉུག་མར་གནས་ན་སྦྱིན་པར་བྱའོ། །གནས་གཞན་གྱི་རྫས་གནས་གཞན་དུ་མི་སྦྱིན་ནོ། །མི་སྟེར་ན་དེ་དག་གིས་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ཁྱིམ་བདག་དེ་ཉིད་ཡིན་ཡང་ངེས་པ་ལ་གཞིག་པ་མེད་དོ། །མི་སྟེར་ན་མཐུས་གཟུང་བར་བྱའོ། །གཡར་པོ་ཉིད་དུ་སྦྱིན་པར་བྱའོ། །མཆོད་རྟེན་གཞན་ལ་བསྔོས་པའི་རྙེད་པ་མ་གྲུབ་པ་ལ་ནི་ཉེས་པ་མེད་དེ། བྱང་ཆུབ་ཆེན་པོ་དང་། ཆོས་ཀྱི་འཁོར་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་། ལྷ་ལས་བབས་པ་རྣམས་ཀྱི་དེ་དག་ལས་གཞན་པ་ནི་མ་གཏོགས་སོ། །བསྔོས་པ་ 159-29a ལས་བསྒྱུར་བའི་སྤང་བའོ།། །།<br> ༈ གསོག་འཇོག་གི་སྤང་བ།<br> ༆ ཞག་བདུན་བར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ། །བཟའ་བའི་ཕྱིར་འཆང་ནའོ། །དེའོ། །སྐྱ་རེངས་བརྒྱད་པ་ཤར་ནའོ། །བཟའ་བར་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་འདིར་ཟོས་པ་དང་འདྲ་བར་རྣམ་པར་གཞག་གོ། །དེ་དོན་གང་གི་ཕྱིར་བརྟགས་པ་དེའི་ཕྱིར་ནི་ལྟུང་བ་མེད་དོ། །སྣར་བླུགས་པ་དང་བསྐུ་མཉེ་བྱ་བ་དག་ནི་སོག་འཇོག་བྱས་ཀྱང་རུང་ངོ་། །སོག་འཇོག་གི་སྤང་བའོ། །སྤང་བ་རྣམས་རྫོགས་སོ།། །།<br> ༈ ལྟུང་བྱེད་འབའ་ཞིག་པའི་སྐོར་བཤད་པ།<br> ༈ བརྫུན་དུ་སྨྲ་བའི་ལྟུང་བྱེད།<br> ༆ དགེ་འདུན་འདུས་པ་ལས་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་དང་ཆོས་ཆོས་མ་ཡིན་པར་སྟོན་པ་ནི་ཉེས་པ་སྦོམ་པོའོ། །གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །དེ་གཉིས་དང་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བའོ། །སྨྲ་བའི་ཚེ་ཉིད་ན་ཡང་འདུ་ཤེས་བྱུང་ན་དེ་ཀུན་ནས་སློང་བ་ཡིན་ནོ། །མནའ་འདོར་བར་མི་བྱའོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དོ།། །།<br> ༈ སྐྱོན་ནས་སྨྲ་བའི་ལྟུང་བྱེད།<br> ༆ དགེ་སློང་གིའོ། །འོག་མ་ལ་ཡང་ངོ་། །སྐྱོན་ཉིད་བརྗོད་པར་འདོད་པས་སོ། །འཇམ་པོས་བྱས་ཀྱང་རུང་རྩུབ་པོས་བྱས་ཀྱང་རུང་ངོ་། །རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བ་སྨྲས་ནའོ། །མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་ངོ་། །གཞན་རྒྱལ་རིགས་ཉིད་དང་བྲམ་ཟེ་ཉིད་ལ་སོགས་པ་ནི་ཉེས་བྱས་སོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དོ།། །།<br> ༈ ཕྲ་མ་བྱེད་པའི་ལྟུང་བྱེད།<br> ༆ ཕྲ་མ་བྱེད་འདོད་པས་ཆེ་གེ་མོ་ཞིག་ཟེར་རོ། །ཞེས་སྨྲ་ནའོ། །གལ་ཏེ་མི་ནས་སོ། །དེ་ཡང་དགེ་སློང་ཉིད་ཡིན་ནའོ། །གཞན་དུ་ན་ཉེས་བྱས་སོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དོ།། །།<br> ༈ སྐྱོ་སྔོགས་བྱེད་པའི་ལྟུང་བྱེད།<br> ༆ ཤེས་གཙོ་བོ། །དགེ་སློང་གཉིས་ཀྱི་རྩོད་པ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ། །སྐྱོ་སྔོགས་སོ། །གཉུག་མར་གནས་པ་དང་ལས་བྱེད་པ་དང་འདུན་པ་ཕུལ་བ་དག་ཁོ་ན་ལ་དངོས་གཞིའོ། །ལྟ་བ་སྨྲ་བ་དང་གློ་བུར་དུ་འོངས་པ་དག་ལ་ནི་ཉེས་བྱས་ཁོ་ནའོ། །རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་ཉིད་དུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་ཡིན་ནོ། །ལས་ཀྱི་འབྲས་བུ་ལ་གནས་པ་ལ་དེ་མ་ཡིན་པ་ཉིད་ཀྱིས་ཀུན་ཏུ་ 159-29b སྤྱོད་པ་ལ་ནི་ཕྱེད་ཉིད་དོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དོ།། །།<br> ༈ སྟོན་པའི་ལྟུང་བྱེད།<br> ༆ སྟོན་པ་ལའོ། །ཆོས་སོ། །ཚིག་དྲུག་ལས་ལྷག་པར་རོ། །ལྷག་པ་ཉིད་དུ་ཤེས་པ་ལའོ། །ཚིག་ལྔ་པ་ལ་ནི་རྩོམ་པ་ལྔ་པ་ལས་སོ། །མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པར་བྱས་པ་དང་སློབ་གཉེར་གསོད་པ་དང་ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་འདྲི་བ་དང་དུས་ཁྲིམས་འབོགས་པ་དང་ཡོན་བཤད་པ་དག་ནི་མ་ཡིན་ནོ། །གནས་གཞན་དུ་ནི་སྔ་མ་མ་བྱས་པ་ཉིད་དོ། །སྟོན་པའི་ལྟུང་བྱེད་དོ།། །།<br> ༈ འདོན་པའི་ལྟུང་བྱེད།<br> ༆ བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་ཡང་འདོན་ནའོ། །མི་འདོད་བཞིན་དུ་གྲུབ་པ་ནི་མ་གཏོགས་སོ། །རྗེས་སུ་ཉན་དུ་གཞུག་པར་བྱ་བར་འདོད་པ་ཡང་ངོ་། །ཁ་ཏོན་ཞུ་བ་དང་སློབ་གཉེར་གསོད་པ་དང་དམིགས་ཀྱིས་འདྲི་བ་ཡང་ངོ་། །འདོན་པའི་ལྟུང་བྱེད་དོ།། །།<br> ༈ གནས་ངན་ལེན་བརྗོད་པའི་ལྟུང་བྱེད།<br> ༆ དགེ་སློང་དང་དགེ་སློང་མ་སྡིག་ཅན་དག་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་བསྐོ་བར་བྱའོ། །དགེ་སློང་དང་དགེ་སློང་མ་སྡིག་ཅན་དག །ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཚེ་དང་ལྡན་པ་དག་ཁྱོད་ཉོན་ཅིག་ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་པར་བྱེད་པ་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱིས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་བརྗོད་པར་བྱའོ། །མི་སྤྲོ་ན་གསོལ་བར་བྱའོ། །ཤེས་གཙོ་བོའོ། །ཉན་པ་པོ་མི་ཤེས་པ་ཉིད་དང་བསྙེན་པར་མ་རྫོགས་པ་ཉིད་དང་ལྡན་པ་ལའོ། །སྨྲས་ནའོ། ། 159-30a ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་སོ་སོ་ཡང་རུང་བསྡུས་པ་ཡང་རུང་ངོ་། །དོན་དུ་མ་ཉིད་ལ་ཚིག་ཐ་དད་པ་མེད་དོ། །བསྐོ་བ་མ་བྱས་པ་ལའོ། །དགེ་འདུན་ལ་མ་གསོལ་བ་ལའོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དོ།། །།<br> ༈ མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད།<br> ༆ བདེན་པ་ཉིད་ནའོ། །བདེན་པ་མ་མཐོང་བ་བསྙེན་པར་རྫོགས་པ་ལའོ། །ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །དགེ་སློང་མས་སྟོན་པའི་སྤྱན་སྔར་མི་བྱའོ། །མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དོ།། །།<br> ༈ སྐུར་པ་འདེབས་པའི་ལྟུང་བྱེད་དང་བསླབ་པ་ཁྱད་དུ་གསོད་པའི་ལྟུང་བྱེད།<br> ༆ གལ་ཏེ་བསྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བཏང་བའི་དོན་བྱའོ། །དད་པ་ཕུལ་བ་ལའོ། །དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་དགེ་སློང་གི་གང་ཟག་ལ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པའི་དོན་ཉིད་གཞན་ལ་ཡང་མིང་མ་སྨོས་པར་བརྗོད་ན་ཡང་ངོ་། །སྐུར་པ་འདེབས་པའི་ལྟུང་བྱེད་དོ།། །།འདུལ་བ་དང་ལྡན་པ་ཉིད་དོ། །མདོ་སྡེ་ལ་ནི་ཉེས་བྱས་སོ། །ཁྱད་དུ་གསོད་པའི་ལྟུང་བྱེད་དོ།། །།<br> ༈ ས་བོན་སྐྱེ་བ་འཇིག་པའི་ལྟུང་བྱེད།<br> ༆ ལག་གི་བླས་མཆོད་རྟེན་དང་དགེ་འདུན་གྱི་དོན་དུ་ཤིང་ལྗོན་པ་བཅད་པར་བྱའོ། །དེའི་མདུན་རོལ་དུ་ཉི་མ་བདུན་ནམ་བརྒྱད་ནས་དེའི་དྲུང་དུ་དཀྱིལ་འཁོར་དང་དྲི་དང་མེ་ཏོག་དང་བདུག་པ་དང་མར་མེ་དང་གཏོར་མ་སྦྱིན་པ་དང་རྒྱུན་ཆགས་གསུམ་པ་གདོན་པ་དང་སྦྱིན་པ་བཤད་པ་བྱས་ནས། ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་ནས་སྨྲ་བ་པོས་ཤེས་པར་གྱིས་ཤིག་ཅེས་སོ། །གལ་ཏེ་མེ་འབྱུང་བའམ་ཁྲག་འཛག་པའམ་ཡལ་ག་འགུལ་བའམ་ལོ་མ་ལྷགས་པ་ལ་སོགས་པ་རྣམ་པར་འགྱུར་བ་སྟོན་ན། དེས་ཞིང་ལ་སྦྱིན་པ་དང་སེར་སྣ་དག་གིས་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ། །མི་གཏོང་ན་གཅད་པར་བྱའོ། །ཤེས་གཙོའོ། །མ་ཉམས་པ་ཉིད་ལའོ། །ས་བོན་དང་ཁྱེའུ་ཁ་ཏོན་པ་རུང་བར་མ་བྱས་པ་དག་གིའོ། །ཐ་ན་རྩ་རྒྱུད་ཡན་ཆད་ཉམས་པར་བྱས་ནའོ། །ཇི་ལྟར་ཡང་རུང་ངོ་། །སྤྲུགས་པས་ཀྱང་ངོ་། །རྩྭ་དང་འདམ་རྫབ་དང་ས་རྡུལ་ལ་སོགས་པ་དག་གིས་མནན་ནས་ཀྱང་ངོ་། །ཁུ་ཚན་ལ་སོགས་པ་དག་གིས་ཀྱང་ངོ་། །རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་། ། 159-30b ས་གཞི་སྐམ་པར་ཡང་ངོ་། །དེར་འདུན་པས་སོ། །རང་ངམ་གཞན་གྱིས་ཀྱང་ངོ་། །ཉམས་པར་གྱུར་པ་ན་དངོས་གཞི་དག་གོ། །ཉམས་པར་བྱ་བའི་གྲངས་དག་གིའོ། །སྡོང་བུ་ལས་སོ། །སྦྱོར་བ་ལ་ནི་ཉེས་བྱས་དག་ཏུའོ། །འདི་ལ་སྣུམ་པ་རེ་རེ་ལས་དེ་ཐ་དད་པ་ཡིན་གྱི་དངོས་པོ་ལས་ནི་མ་ཡིན་ནོ། །བཏོན་ནས་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཡང་མཐའ་ཉིད་དོ། །ཉ་ལྕིབས་དང་ཉ་ཚང་དག་ཆུ་ནས་བཏོན་པ་ནི་དེ་ཉིད་དོ། །ཚིག་གུ་མ་བཅོམ་པར་རིལ་མིད་བྱེད་པ་ནི་ཕྱེད་ཉིད་དོ། །གལ་ཏེ་འདི་བཅད་པར་གྱུར་ན་ལེགས་སོ་ཞེས་སྨྲས་ན་བཏོན་པའིའོ། །རྫུ་འཕྲུལ་གྱིས་ནམ་བྱས་པ་ཉིད་དོ། །ས་བོན་ལ་ས་བོན་གཞན་ཉིད་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དོ། །ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་དང་མེ་ཏོག་ཁ་བྱེ་བ་དང་འབྲས་བུ་སྨིན་པ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགས་སོ། །དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མ་བྱེ་བ་ནི་མ་ཡིན་ནོ། །ས་བོན་གྱི་ཁམས་བཏབ་ལ་རྩ་བ་མ་སྐྱེས་པ་ནི་ཕྱེད་སྐྱེས་པ་ཉིད་དུའོ། །ས་འབུས་པ་དང་ཤ་མོ་དང་ཤ་བ་ལ་དང་སྣོད་དང་གོས་ལ་སོགས་པའི་རླམ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུའོ། །འུ་ཤའི་ཁུ་ཚན་ལ་སོགས་པ་དབོ་བ་དང་། འཆག་པ་དང་ཡལ་ག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་སྐྱང་ནུལ་དག་ལ་དེ་དག་གིས་བསམ་པ་ཉིད་ལ་ནི་ལྟུང་བ་མེད་དོ། །ཕོངས་པའི་ཚེ་རྩ་ཀུ་ཤ་ལ་སོགས་པས་བཅིངས་པ་དེས་དེ་མི་ཐར་ན་བཅད་པ་ཡང་ངོ་། །དུ་མ་ཉིད་ཡིན་ན་དེ་དག་ལས་གཅིག་གིས་སོ། །ས་བོན་གྱི་ཆོས་མེད་པ་ནི་ཉེས་པ་བྱེད་པ་ཉིད་མ་ཡིན་ནོ། །མེས་རེག་པ་དང་མཚོན་དང་སེན་མོ་དང་ནེ་ཙོ་དག་གིས་རྨ་ཕྱུང་བ་དང་རྙིངས་པ་དང་ཕྱུང་བ་དང་དཀྲུམ་པ་དང་བཀས་པ་དང་བཅད་པ་ལྟ་བུ་དག་ནི་རུང་བའོ། །རུང་བར་བྱེད་པ་ན་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དུ་ལྟོས་པར་བྱ་མི་དགོས་པ་ཉིད་དོ། །འདི་ལ་བླངས་པ་ནི་མེ་མ་ཡིན་པ་ཉིད་མ་ཡིན་ནོ། །འབྲས་བུ་དག་མེས་རུང་བར་བྱ་བ་ལ་སྤྱིའི་ཚོམས་ནི་གཙོ་ཆེར་བྱས་པ་ཡང་དག་པའི་གྲངས་ཉིད་དོ། །ཕྱོགས་གཅིག་ནས་ནི་སྤྱིའི་རུང་བ་མི་འབྱུང་ངོ་། །དགེ་སློང་གི་རུང་བ་དག་བྱས་པ་ཉིད་ནི་རུང་བ་ཡིན་ནོ། །ས་རུང་བ་མ་ཡིན་པར་ཡང་ངོ་། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་ 159-31a བ་ཆུ་གྲང་མོས་མ་གཏོར་བར་བཟའ་བར་མི་བྱའོ། །ཐུན་ཚོད་དུ་རུང་བ་ཡང་དེས་མ་གཏོར་བར་མི་བྱའོ། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དོ།། །།<br> ༈ འཕྱ་བའི་ལྟུང་བྱེད།<br> ༆ གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཉིད་ཡིན་ནོ། །མ་བསྐོས་པ་དག་ཀྱང་ངོ་། །སྦྱོར་བ་དག་བག་ཡངས་སུ་བྱས་པ་ཡང་ངོ་། །བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱ་ཡང་རུང་ཟུར་གྱིས་གཞོགས་འཕྱས་བྱེད་ཀྱང་རུང་ངོ་། །བགྲངས་པ་ལ་ནི་དངོས་གཞིའོ། །ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ལ་ནི་བརྗོད་པར་མི་བྱའོ། །ཞེ་སྡང་བར་གྱུར་པ་དེ་རང་གིས་ལས་སུ་བསྐོ་བར་མི་བྱའོ། །འཕྱ་བའི་ལྟུང་བྱེད་དོ།། །།<br> ༈ བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད།<br> ༆ གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་དང་ཟུར་གྱིས་གཞོགས་འཕྱས་བྱེད་པ་གསོལ་བས་མི་བགྲང་བར་མི་བྱའོ། །དགེ་སློང་གི་བསྒོ་བ་རྣ་ལ་གཟོན་ནའོ། །དེར་འདུན་པས་སོ། །གཞན་བརྗོད་པས་སོ། །ཅང་མི་སྨྲ་བས་ན་ཉེས་བྱས་སོ། །མི་དྲན་ནོ་ཞེ་ན་ཡང་ངོ་། །གལ་ཏེ་བརྗོད་པར་བྱ་བ་སྡུག་བསྔལ་བར་འགྱུར་བ་ཡིན་ན་མེད་དོ། །དེའི་ཕྱིར་གསད་པར་བྱ་བ་མཐོང་ངམ་ཞེས་འདྲི་བ་ལ་རེ་ཞིག་མེ་འདེ་ཤིག་རེ་ཞིག་སྐོམ་འཐུང་ཤིག་རེ་ཞིག་ངལ་སོ་ཤིག་ནམ་མཁའ་མཐོང་ངོ་སེན་མོ་མཐོང་ངོ་། །དོན་དམ་པར་ན་སེམས་ཅན་ནམ་གསད་པར་བྱ་བ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །གང་དུ་ཆེ་བཞི་ཉིད་བྱ་དགོས་པའི་གནས་དེར་བསྟེན་པར་མི་བྱའོ། །གནོད་པའི་སྒོ་མ་བཅད་པས་ཆེ་བཞི་དབྱེ་བར་མི་བྱའོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ།། །།<br> ༈ གནས་མལ་གྱི་ལྟུང་བྱེད།<br> ༆ ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་དང་གོར་བུ་ཞེས་བྱ་བ་ནི་གནས་མལ་ལོ། །འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེ་འཁོར་རོ། །བསྐོར་བ་ལ་ནི་སྒོ་ཁང་ནས་སོ། །དེ་ལས་འདའ་བར་བྱ་བའི་ཕྱིར་བརྗེད་པས་ཀྱང་འགྲོ་བ་དང་ནང་དུ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །ཕན་ཚུན་གྱི་མདུན་རོལ་དུ་ནི་སྦྱོར་བའོ། །ཕན་ཕུན་དུ་གྱུར་པ་དང་འདས་པ་ལ་ནི་མཐའོ། །བརྟུལ་བར་བྱས་སམ་བྱེད་དུ་བཅུག་པ་ལ་ནི་དེ་དག་མི་འབྱུང་ངོ་། །བཅོལ་བའི་དགེ་སློང་ 159-31b ཡོད་པ་ལ་ཡང་དེ་མི་འབྱུང་ངོ་། །ཉམ་ང་བ་དང་ཕྲད་པ་ལ་ཡང་མི་འབྱུང་ངོ་། །སྤྱོད་པ་ནི་བྱེད་པ་དང་འདྲའོ། །གཉིས་ཀ་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་ཕྱིས་ལངས་པས་བྱ་བ་དང་ལྡན་པ་ཡིན་ནོ། །གལ་ཏེ་མཉམ་དུ་ན་གཞོན་པས་སོ། །མཉམ་པ་ཉིད་ཡིན་ན་གཉིས་ཀས་སོ། །ངོ་ཚ་མེད་པ་དང་ནད་དང་བཅས་པ་དང་རྒས་པ་དང་ན་བ་དང་བསྙེན་པར་མ་རྫོགས་པ་རྣམས་ལ་ནི་འདི་བཅོལ་བར་བྱ་བ་མ་ཡིན་པ་ཉིད་དོ། །གཙུག་ལག་ཁང་འདི་རེ་ཞེའམ་ལྟོས་ཤིག་ཅེའམ། གནས་མལ་འདེ་རེ་ཞེའམ་སྡུས་ཤིག་ཅེ་འམ། སྒོ་ལྕགས་ཆུག་ཤིག་ཅེས་བྱ་བ་ལྟ་བུ་ནི་བཅོལ་བ་དག་ཡིན་ནོ། །ཕན་ཕུན་ནི་གསུམ་སྟེ། རླུང་གིས་བཟློག་པ་དང་། ཆར་པས་རིམ་པ་གཞན་སླེབས་པ་དང་། སྲིན་ལ་སོགས་པས་ཀྱང་ངོ་། །དེ་ལ་དགེ་འདུན་གྱི་གནས་མལ་རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པ་བྱས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །མཐར་ཐུག་ན་དངོས་གཞིའོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ། །རེ་ཞིག་གི་དུས་སུ་གཞན་འདུག་པའི་བར་དུ་ཡང་དེའོ། །གང་ཟག་གི་ཡང་ངོ་། །འོག་མ་བཞི་ལ་ཡང་ངོ་། །རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་མི་འགྱུར་རོ། །བརྟུལ་བར་བྱ་བ་བཏིང་སྟེ་བསོད་སྙོམས་ལ་ཞུགས་པ་ན་གལ་ཏེ་རླུང་དང་ཆར་པ་འོང་ན་གཙུག་ལག་ཁང་ན་གནས་པ་རྣམས་ཀྱིས་བརྟུལ་བར་བྱའོ། །དེའི་དོན་ཉིད་ལ་ཉེས་པ་དང་ན་སྨད་པ་མ་ཡིན་ནོ། །གལ་ཏེ་བརྗེད་པ་ལས་ལམ་རིང་དུ་འདས་སམ་ཕྱིན་ནས་དྲན་པ་རྙེད་ན་ཕྱིན་ཆད་འདི་ལྟར་མི་བྱའོ། །ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་བརྗོད་པར་ཡང་བྱའོ། །གལ་ཏེ་དགེ་སློང་ལམ་ནས་ཚུར་འོང་བ་ཞིག་དང་ཕྲད་པར་གྱུར་ན་བརྟུལ་བའི་ཕྱིར་དེ་ལ་བཅོལ་བར་བྱའོ། །ཁས་བླངས་པས་སོན་པ་ཉིད་ཡིན་ན་དེས་བྱ་བ་ཉིད་དོ། །གནས་ནས་འཕགས་པར་འགྱུར་བ་ན་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བསྡུ་བར་བྱའོ། །གལ་ཏེ་དྲི་མ་ཅན་དུ་གྱུར་ན་སྤྲུག་པར་བྱའོ། །དེ་དབུལ་བར་བྱའོ། །ཡང་ན་བཅོལ་བར་བྱའོ། །དགེ་སློང་ལའོ། །མེད་ན་དགེ་ཚུལ་ལའོ། །དེ་ཡང་མེད་ན་ཁྱིམ་བདག་ལའོ། །ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ཏེ་འགྲོ་བར་བྱའོ། །གལ་ཏེ་ལམ་ཀར་དགེ་སློང་ 159-32a མཐོང་ན་ཕྱོགས་དེ་དེ་ལ་བརྗོད་པར་བྱའོ། །གལ་ཏེ་འོངས་པ་ན་ཁྱིམ་གཞན་དུ་མགྲོན་དུ་བོས་ཤིང་སྒོ་བཅད་པར་གྱུར་ན་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་བཞག་སྟེ་འཇུག་པར་བྱའོ། །དེར་སྟན་ཡང་གཡར་པོར་སྦྱིན་ནོ། །རང་གིས་བཀུར་བར་མི་བྱའོ། །དེ་ནི་ཁྱིམ་པ་དགེ་ཚུལ་དག་གིས་སོ། །མེད་ན་བསྐྱལ་བར་བྱ་བའི་ཕྱིར་ཁྱིམ་པ་ལ་བཅོལ་ཏེ་འོང་བར་བྱའོ། །བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་བཞག་སྟེ་འདོང་བར་བྱའོ། །དེ་དག་གིས་མ་བསྐྱལ་ན་གནས་པར་བྱེད་པ་དག་གིས་བླང་བར་བྱའོ། །མེད་ན་རང་གིས་སོ། །ཐམས་ཅད་ཀྱིས་ན་གཎྜཱི་བརྡུང་བར་བྱའོ། །ཡོན་བདག་གིས་གཙུག་ལག་ཁང་དུ་རང་གི་དོན་དུ་སྟན་དག་གཡར་པོ་བྱེད་ན་སྦྱིན་པར་བྱའོ། །དེ་དག་བསྲུང་བའི་ཕྱིར་དགེ་སློང་ཡང་གཞག་པར་བྱའོ། །དེས་ཕྱོགས་གཅིག་ཏུ་བསྡད་པར་བྱའོ། །རང་གི་ལས་མི་ཉམས་པར་བྱའོ། །སེམས་གཏད་པ་ཡང་ངོ་། །དོང་ན་བརྟུལ་བར་བྱའོ། །མ་རུང་བ་དག་བྱི་དོར་བྱའོ། །ཆང་གིས་ན་ཆུ་དག་གིས་སོ། །སྣུམ་གྱིས་ན་ཆལ་གྱིས་སོ། །མི་གཙང་བས་ན་སའམ་འདག་རྫས་སམ་ལྕི་བས་སོ། །ཐགས་མ་མ་དག་ན་གཅད་པར་བྱའོ། །ཁྱིམ་པ་འདུག་འདུག་པའི་སྟན་མ་བརྟུལ་བ་མཐོང་ན་བརྟུལ་བར་བྱའོ། །གལ་ཏེ་རྒས་པ་དང་ནད་པ་ཡིན་ན་དགེ་སྐོས་ཀྱིས་སོ། །དེས་སྦྲན་པར་བྱ་བ་ཉིད་དོ། །ཐམས་ཅད་ཀྱིས་ནད་པ་ལ་བལྟ་བར་བྱའོ། །འདུག་སྟེའོ། །དེར་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ། །ནད་པའི་ནད་གཡོག་གིས་དེར་སྟན་དག་བཤམ་པར་བྱའོ། །མཁན་པོའམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་ན་གལ་ཏེ་གཞན་གྱིས་དགེ་བའི་ཕྱོགས་མི་འཕེལ་ན་ཕྱི་བཞིན་འགྲོ་བར་བྱའོ། །དེའི་ཕྱིར་རང་གིས་སྟན་བཀུར་བར་བྱའོ། །འགྲོ་བ་མ་ཞུས་པར་མི་བཀུར་རོ། །དེ་རང་ཉིད་ཀྱིས་བཀུར་རོ། །བླ་གབ་མེད་པར་ཆོས་ཉན་པ་ན་རླུང་དང་ཆར་བྱུང་ན་བརྟུལ་བར་བྱའོ། །རྒན་པོ་རྣམས་ཀྱི་ལྕི་བ་ཉིད་ཀྱི་ཕྱིར་རང་གིས་མི་ནུས་ན་གཞོན་ནུ་རྣམས་དང་ལྷན་ཅིག་བརྗེ་བར་བྱའོ། །མཐུན་པ་དང་མཐུན་པར་གཞག་པར་བྱའོ། །གཙུག་ལག་ཁང་གཞན་དུ་གདན་ཆ་དང་རྫས་རྙེད་ན་བཀུར་བར་བྱའོ། །གལ་ཏེ་ཆར་འབབ་པ་དང་ཆར་འབབ་ཏུ་དོགས་པ་མེད་ནའོ། །གལ་ཏེ་ལམ་ཀར་རླུང་དང་ཆར་པ་བྱུང་ན་ 159-32b ཤིང་ལྗོན་པའམ་རྩིག་དྲུང་དུ་བཅེར་བར་བྱའོ། །རྫས་ངན་པ་གཅིག་གིས་གཡོགས་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་ནས་རྫས་རྣམས་བསྐམ་པར་བྱའོ། །མེ་ཤོར་རམ་ཆུ་བྱུང་བ་ན་དགེ་འདུན་གྱི་ཡང་གདོན་པར་བྱའོ། །རང་གི་ལྷུང་བཟེད་དང་ཆོས་གོས་ཐོན་ཟིན་ནའོ། །བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་ཆེན་པོ་མི་ནུས་པ་གཞག་པར་བྱའོ། །མི་བཟོད་པ་ཉིད་དུ་འཇུག་པར་མི་བྱའོ། །གནས་མལ་གྱི་ལྟུང་བྱེད་དོ།། །།<br> ༈ གདིང་བའི་ལྟུང་བྱེད།<br> ༆ ཁྱིམ་གཞན་དུ་གདིང་བ་བྱས་ལ་ཁྱིམ་བདག་ལ་དྲིས་ཏེ་དོར་བར་བྱའོ། །དགོན་པར་ནི་ཡང་ན་སློང་བར་བྱའོ། །དེ་ནི་མགོ་དང་མཇུག་བཟློག་པ་བྱས་པ་ཉིད་ན་བྱས་པ་ཉིད་དོ། །གོས་དག་བསྐམ་པའི་ཕྱིར་རྩྭ་བཏིང་བ་ཡང་དོར་བར་བྱ་བ་ཉིད་དོ། །སློང་བ་ལ་དོར་བར་ཁས་ལེན་ན་སྦྱིན་ནོ། །འཆགས་དག་ཏུ་རྐང་མཐིལ་གཉིས་ལ་རྩུབ་ན་རྩྭ་དག་གདིང་བར་བྱའོ། །དེ་དག་ཀྱང་དོར་བར་བྱ་བ་ཉིད་དོ། །བཏང་ན་དོར་བར་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་དོར་བར་བྱའོ། །གཞན་གྱི་ཚེ་ན་དུས་དུས་སུ་སོ་སོར་བརྟག་པ་དང་བསྒྱུར་བཟློག་བྱའོ། །ས་སྣུམ་པ་དང་མངར་བར་ནི་ཉིན་རེ་ཞིང་ངོ་། །གཞན་དུ་ནི་ཟླ་བ་ཕྱེད་ཅིང་ངོ་། །འཆགས་དག་ཏུ་རྩྭའི་ཆུན་པོ་དག་ཐག་པས་བཅིངས་ཏེ་ཤིང་ལྗོན་པ་ལ་བཅངས་ཤིང་གཞག་པར་བྱའོ། །ལྕི་བ་དང་གྱོ་མོར་གཞག་པར་བྱའོ། །གནས་ནས་འཕགས་པར་འགྱུར་བ་ན་ཞེས་བྱ་བ་ཡན་ཆད་སྔར་ཐལ་བའོ། །ཅིག་ཅར་སྤྱོད་པ་ནི་འདྲ་བ་ཉིད་དོ། །དགེ་འདུན་གྱི་མ་ཡིན་པ་ནི་གནས་དེའི་བདག་པོ་རྣམས་ལ་དྲི་བར་བྱ་བ་ཉིད་ཡིན་ནོ། །དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་། རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་དང་། དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་གཞིར་རང་ངམ་བསྐོས་པས་གདིང་བ་བྱས་པ་ཉིད་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །གདིང་བའི་ལྟུང་བྱེད་དོ།། །།<br> ༈ སྐྲོད་པའི་ལྟུང་བྱེད།<br> ༆ དགེ་སློང་ཉིད་དང་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་བྱེད་པ་པོ་ཉིད་དོ། །གལ་ཏེ་དེ་ལ་གནོད་པ་དང་དགེ་འདུན་འཁྲུག་པ་སྐྱེ་བ་ཉེ་བར་ཞི་བར་མི་འགྱུར་བའི་གཉེན་ཕོ་འདོད་པ་མ་ཡིན་ནོ། །སྐྲོད་པ་ལའོ། །གཞན་གྱིས་ཀྱང་ངོ་། །གཞན་གྱིས་རྗེས་སུ་འཇུག་པས་ཀྱང་ངོ་། །དགེ་སློབ་མ་དང་དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ 159-33a ཀྱིས་ནི་ཉེས་བྱས་ཀྱིའོ། །དེ་དག་ཀྱང་ངོ་། །བཞད་གད་ཀྱིས་ཀྱང་ངོ་། །ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་། །སྐྲོད་པའི་ལྟུང་བྱེད་དོ།། །།<br> ༈ ཕྱིས་གནོན་གྱི་ལྟུང་བྱེད།<br> ༆ ཤེས་གཙོའོ། །དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་ཞུགས་པ་ཉིད་ལའོ། །ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པ་ལའོ། །དེ་ནི་དཔེ་སྟེ། མཐོ་འཚམས་པར་འདུན་པས་དགེ་སློང་ལ་མཐོ་འཚམས་པ་དག་ཀྱང་ངོ་། །ཕྱིས་གནོན་གྱི་ལྟུང་བྱེད་དོ།། །།<br> ༈ རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དང་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད།<br> ༆ དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་བྱེད་པ་པོའོ། །གལ་ཏེ་བྱིན་གྱིས་གཞོལ་བ་ཉིད་དམ་སྤང་ལེ་བ་ཉིད་དམ་དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་ནའོ། །མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཀྱང་ངོ་། །བཀན་པ་ཉིད་དང་རྐང་གཏན་བཅུག་པ་ཉིད་ནི་མ་གཏོགས་སོ། །གནོན་པ་ལའོ། །ཤེས་གཙོའོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དོ།། །།རང་སྤྱོད་པའི་དོན་ཉིད་དེ་ལས་གཞན་ལའོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དོ།། །།<br> ༈ གཙུག་ལག་ཁང་གི་ལྟུང་བྱེད།<br> ༆ སྒོ་ཆ་གཞུག་པར་བྱའོ། །སྒོ་གླེགས་དག་ཀྱང་ངོ་། །སྐར་ཁུང་དག་ཀྱང་གདོད་པར་བྱའོ། །གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །སྤྱོད་ལམ་བཞི་ཤོང་བ་ལའོ། །གལ་ཏེ་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ། །ཆར་ཆུ་བསྐྱབས་པའི་གཡོགས་པ་ཡང་ངོ་། །ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལའོ། །ཕ་གུའི་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་པ་ལའོ། །གཞན་གྱིས་ཀྱང་ངོ་། །ཉི་མ་དེ་ལའོ། །གཞན་ལ་ཡང་འཇིམ་པ་མེད་པ་ལས་སོ། །ཆུ་ཁུང་དག་མ་གཏོད་པ་ཡང་རུང་ངོ་། །བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པ་ཉིད་ཀྱང་ངོ་། །སྒོ་ཆ་གོང་མ་མ་བཅུག་པ་ཡང་རུང་ངོ་། །དང་པོའི་མདུན་རོལ་ལ་ནི་ཉེས་པ་མེད་དོ། །གཙུག་ལག་ཁང་གི་ལྟུང་བྱེད་དོ།། །།<br> ༈ མ་བསྐོས་པར་སྟོན་པའི་ལྟུང་བྱེད།<br> ༆ ཕམ་པར་འགྱུར་བ་མ་བྱུང་བ་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལོ་ཉི་ཤུ་ལས་མི་ཉུང་བ་གྲོང་ཁྱེར་བའི་སྐད་སྨྲ་བ་དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཕྱིར་བཅོས་པ་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ། །གསོ་སྦྱོང་བཅོ་ལྔ་པ་ལའོ། །མཚམས་ཀྱི་ནང་དུའོ། ། 159-33b མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན་སོ་སོར་ཐར་པ་ཐོན་པའོ། །དེ་ཡང་ན་ཕམ་པར་འགྱུར་བའམ་ལྕི་བའི་ཆོས་རྣམས་སྟོན་ནུས་པའོ། །ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ་མཐུན་ནམ་ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ་ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པའོ། །ཆོས་བླ་མའི་མཐུ་དང་ལྡན་པ་ནི་མ་གཏོགས་སོ། །བསྐོས་པ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང་། མ་བསྐོས་པར་དགེ་སློང་མ་ལ་སྟོན་ནའོ། །སྔར་བསྐོས་པ་ཉིད་མ་བསྐོས་པ་ཉིད་མ་ཡིན་ནོ། །དགེ་འདུན་དུ་མ་ལོངས་ཤིང་འོས་པ་ལ་གསོལ་ན་ཉེས་པ་མེད་དོ། །དེ་དག་ལ་ཡང་ངོ་། །མ་བསྐོས་པ་སྟོན་པའི་ལྟུང་བྱེད་དོ།། །།<br> ༈ ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །ཉི་མ་ནུབ་པ་ཉིད་ལའོ། །མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པར་དགེ་སློང་མ་ལ་སྟོན་ནའོ། །དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་དེ་ལྟ་བུའི་གཙུག་ལག་ཁང་གི་མདུན་ན་དབྱར་ཁང་འདུག་པ་མ་ཡིན་པར་རོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དོ།། །།<br> ༈ ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད།<br> ༆ དགེ་སློང་མས་ཆོས་འདྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་དབུལ་བར་བྱའོ། །རྒྱ་ཅང་དང་ཤུར་བུ་དང་ལྕག་པོད་དང་ཤུར་བུ་ཕྲེའུ་ཡང་ངོ་། །དགེ་སློང་གིས་དེ་དག་བླང་བར་བྱའོ། །དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྨྲས་ནའོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དོ།། །།<br> ༈ གོས་བྱེད་པའི་ལྟུང་བྱེད་དང་གོས་སྦྱིན་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ། །གོས་བྱེད་ནའོ། །གོས་བྱེད་པའི་ལྟུང་བྱེད་དོ།། །།གོས་བྱིན་ནའོ། །གོས་འབུལ་བ་མ་ཡིན་པ་ལའོ། །གལ་ཏེ་བོར་རླག་བྱུང་བ་དང་ལེགས་པར་སྨྲ་བ་དང་བསྙེན་པར་རྫོགས་པར་བྱེད་པ་དང་བརྗེ་བའི་ཕྱིར་མ་ཡིན་པ་ལའོ། །གོས་སྦྱིན་པའི་ལྟུང་བྱེད་དོ།། །།<br> ༈ དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད།<br> ༆ ལམ་རྒྱགས་བཀུར་བར་བྱའོ། །ཅོ་རྒོད་ཕོ་ 159-34a དང་རྩེ་རྒོད་མོ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་སོ། །དགེ་སློང་དང་དགེ་སློང་མ་རྣམས་གཅིག་གི་ལམ་རྒྱགས་གཅིག་གིས་བསྐུར་དུ་རུང་ངོ་། །གཅིག་གིས་གཅིག་གི་བྱིན་ལེན་ཡང་ངོ་། །ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། །དེ་བཀུར་བར་བྱའོ། དགེ་སློང་མ་ལ་ཡང་དེ་བཞིན་ནོ། །དེ་ལ་ཕན་ཚུན་གྲོགས་བྱའོ། །མགོ་ལོགས་ནས་བཟུང་བས་སོ། །གྲོང་དུ་ཕྱིན་པ་ཉིད་ན་སོང་ཡང་ཉེས་པ་མེད་དོ། །ནད་པའི་སྨན་དང་ཟས་ལེགས་པར་སྦྱར་ཏེ་རང་བཞིན་མཐུན་པའི་ནད་གཡོག་གཅིག་ཀྱང་བཞག་ནས་སོ། །འཇིགས་པ་དང་བཅས་པའི་ལམ་ཉིད་དུ་འགྲོ་ན་ཐབས་ཅིག་ཏུ་བཞུགས་ཤིང་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་ལམ་ལས་འདའ་ཞིང་འགྲོ་ནའོ། །རྒྱང་གྲགས་རེ་རེར་རོ། །དེའི་ཕྱེད་རེ་རེར་ནི་ཉེས་བྱས་སོ། །དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དོ།། །།<br> ༈ དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད།<br> ༆ འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་འཐམས་ནས་ཅིག་ཅར་གྲུ་གཅིག་གི་ལམ་ལས་འདའ་ཞིང་འགྲོ་ནའོ། །ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་སོ། །དེའི་ཕྱིར་ཞུགས་པ་ན་ཡོ་བ་དང་གཏིབས་ཆད་པ་དང་དབའ་ཀློང་ལས་གཟུར་བ་དང་། རུ་སྐྱ་དང་གདོས་པ་སྲོག་ཤིང་ཆག་པ་དང་། རུ་སྐྱ་འཛིན་པའི་དབང་གིས་འཇུག་པ་གཞན་དུ་སོང་བ་ལ་ཉེས་པ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དོ།། །།<br> ༈ གཅིག་པུ་འདུག་པའི་ལྟུང་བྱེད་དང་གཅིག་པུ་འགྲེང་བའི་ལྟུང་བྱེད།<br> ༆ འདུལ་བའི་མདོ་བམ་པོ་བཞི་པ། བུད་མེད་གཅིག་པུ་ཉིད་དང་སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ། །འདུག་པ་ལའོ། །དེ་ནི་རྐུབ་ཚོས་ཙམ་བཞག་པ་ལའོ། །གཅིག་པུ་འདུག་པའི་ལྟུང་བྱེད་དོ།། །།དགེ་སློང་མ་དང་ངོ་། །འགྲེང་བ་ལའོ། །གཅིག་པུ་འགྲེང་བའི་ལྟུང་བྱེད་དོ།། །།<br> ༈ དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་སོ། །མགྲོན་དུ་མ་བོས་པ་ལའོ། །བོས་པ་ལ་ཡང་ལྷག་ནའོ། །བཟའ་བར་བྱ་བའོ། །སྒྲུབ་པ་ཕུན་སུམ་ཚོགས་ 159-34b པས་སོ། །དེ་ཐོས་པས་ཀྱང་རུང་ངོ་། །ཟོས་ནའོ། །དེ་ནི་མིད་ན་དེའོ། །གཞན་གྱི་དོན་དུ་ན་སྨད་པ་ཉིད་དོ། །བསོད་སྙོམས་ལ་ཞུགས་པ་ན་བྱིན་ཅིག་ཅེས་ཟེར་བ་ཡང་ངོ་། །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དོ།། །།<br> ༈ ཡང་ཡང་ཟ་བའི་ལྟུང་བྱེད།<br> ༆ ཁྱིམ་གཞན་དུ་ཡང་ཟན་ལ་བོས་པ་དང་དུ་བླང་བར་བྱའོ། །དུས་ཤེས་པར་བྱས་ཏེ་འཇུག་པར་བྱའི་སྔ་ཚོམས་སུ་མི་བྱའོ། །དེའི་གཎྜཱི་བརྡུངས་ཏེ་རང་གི་འཁོར་ལ་བལྟ་བར་བྱའོ། །གློ་བུར་དུ་འོངས་པ་ལ་ནི་གནས་བརྟན་གྱིས་སོ། །གྱ་ཚོམ་དུ་ཟན་གཅད་པར་མི་བྱའོ། །སྐོམ་གྱི་ཕྱིར་གསོལ་བ་དག་འདེབས་ན་བསྡད་པར་བྱའོ། །ཅིག་ཅར་ཡང་རུང་ཕྱིས་ཀྱང་རུང་སྟེ་གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་པ་གཉིས་རྙེད་ནའོ། །བཟའ་བར་བྱ་བ་ལའོ། །ལྔའི་ཁོངས་སུ་གཏོགས་པ་ལའོ། །གལ་ཏེ་གཞན་ཡང་དེ་ཉིད་ཡིན་ནའོ། །ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་སོང་བ་ལའོ། །དང་དུ་བླངས་ནས་ཉེས་བྱས་ཀྱིའོ། །ཟོས་ན་དངོས་གཞིའོ། །འདིར་གོས་ཀྱི་མཐར་གྱུར་པ་ནི་ཁྲུ་གང་གི་ཁྱོན་ནོ། །ལམ་ནི་དཔག་ཚད་ཕྱེད་དོ། །གཞན་ལ་ཡང་ངོ་། །འདིར་རམ་གྲུར་འགྲོ་བ་ལ་ཡང་ངོ་། །ལས་ནི་ཕྱག་དར་རེ་ལྡེ་ཙམ་མམ་དཀྱིལ་འཁོར་བ་མལ་ཙམ་ཡིན་ནའོ། །དེ་ཡང་དགེ་འདུན་གྱི་ཉིད་དམ་མཆོད་རྟེན་གྱི་ཉིད་ཡིན་ནའོ། །ན་བ་ཉིད་ཀྱི་ཚད་ནི་མི་ནུས་པའོ། །བཤམས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ། །ཀུན་ཏུ་ལྟ་བ་ཡང་ངོ་། །མགྲོན་དུ་བོས་པ་གཞན་ཡོད་ན་ཟན་སྔ་མ་ལ་སྤོང་བ་བསྲུང་ཞིང་འཇུག་པར་བྱའོ། །མཐོ་འཚམས་པས་བྱས་པ་ནི་མ་ཡིན་པ་ཉིད་དོ། །མི་རུང་བ་ལ་བོས་པ་ཡང་ངོ་། །དེའི་ཕྱིར་མ་ཡིན་པར་དགེ་འདུན་ཡང་ངོ་། །གཞན་དུ་ལྔ་པོ་འཇོག་པ་ཡང་ངོ་། །དེ་ནི་ཆོས་དང་ལྡན་པ་ཉིད་དོ། །གཞན་བླང་བ་ལ་ཡང་ངོ་། །མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་བདག་གིར་བྱའོ། །ཟོས་ན་ཡང་ངོ་། །སྦྱིན་དུ་ཡང་རུང་ངོ་། །སྦྱིན་པ་པོ་མངོན་པར་མི་དགའ་བར་འགྱུར་བ་ལྟ་ན་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་ཁྱིམ་བདག་དགེ་སློང་འདི་བསོད་སྙོམས་ཀྱིས་ཕོངས་པ་ཡིན་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག་དང་འདི་ལ་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བར་བྱས་ནས་སོ། །ཡང་ཡང་ཟ་བའི་ལྟུང་བྱེད་དོ།། །། 159-35a ༈ འདུག་གནས་སུ་ཟ་བའི་ལྟུང་བྱེད།<br> ༆ ཆོས་འདི་པ་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ། །མི་ན་བ་ལའོ། །སྦྱིན་བདག་གིས་མ་བསྟབས་པ་ལའོ། །དེའི་ཟས་ནི་ཟོས་པ་ལ་དངོས་གཞིའོ། །གནས་ན་ཞག་ལོན་པ་ལ་ཉེས་བྱས་ཀྱིའོ། །བདག་པོ་མེད་པ་ཡང་ངོ་། །འདི་ལ་རབ་ཏུ་བྱུང་བ་འདི་པ་ནི་མུ་སྟེགས་ཅན་དང་འདྲ་བ་ཉིད་དོ། །ཉེ་དུས་ཀྱང་ངོ་། །འདུག་གནས་སུ་ཟ་བའི་ལྟུང་བྱེད་དོ།། །།<br> ༈ ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད།<br> ༆ སྟོབས་པའིའོ། །ཡོངས་སུ་མ་སྤགས་པར་རོ། །ཅི་བདེར་མ་བྱས་པའོ། །ཁྱིམ་པའིའོ། །བྲེའུ་ཆུང་དག་གི་ཚད་ནི་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཅོས་པའི་ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ཏེ་གྲོགས་ཀྱི་སྐལ་བ་དང་ཡང་བཅས་པ་ཡིན་ནོ། །ཟོས་པ་ནའོ། །མནོས་པའིའོ། །དེ་ལ་ནི་ཉེས་བྱས་ཀྱིའོ། །གཞན་གྱིས་མནོས་པ་ཡང་ངོ་། །གཞན་ལ་ནི་ལྟུང་བ་མེད་དོ། །ལས་སུ་མ་བྱས་པ་ཡང་ངོ་། །བླང་བར་བྱ་བ་གལ་ཏེ་མང་བ་ཉིད་ན་དགེ་སློང་དག་ལ་བགོ་བཤའ་བྱའོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ།། །།<br> ༈ ལྷན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དང་སྤངས་པ་ལ་སྟོབས་པའི་ལྟུང་བྱེད།<br> ༆ ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱའོ། །ཟས་བརྩམས་པ་ལས་ལྡང་བར་མི་བྱའོ། །ཐ་ན་ལན་ཚྭ་ཡན་ཆད་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བླངས་ན་རྣམ་པ་དེ་ཉིད་ཡིན་ནོ། །སྤངས་པ་ནི་གནས་བཏང་བའོ། །འདུག་པའིའོ། །རྩ་བ་ལ་སོགས་པ་བཅའ་བར་བྱ་བ་ལ་སོགས་པའི་ཟས་བརྩམས་པའིའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཅའ་བར་བྱ་བ་དག་དང་། ཐུག་པ་ལས་གཞན་པ་བཟའ་བར་བྱ་བ་རུང་བ་མི་རུང་བ་དང་མ་འདྲེས་པའི་བྱིན་ལེན་སྟོབས་པ་འཐོབ་པའི་ཕྱོགས་ན་འགྲེང་བ་སྤང་བ་བྱས་ནས་སོ། །གསོལ་ཅིག་ཅེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །སོང་ཤིག་ཅེས་བྱ་བ་ཡང་ངོ་། །འཚལ་ལགས་སོ་ཞེས་བྱ་བས་ཀྱང་ངོ་། །རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་ནི་མ་ཡིན་ནོ། །ཆོག་གོ་ཞེས་བྱ་བ་ཡང་ངོ་། །ཁ་གཟར་གྱེན་དུ་འགྲེང་དུ་མི་བཏུབ་པ་ཉིད་ཀྱི་ཐུག་པ་དག་ནི་ཐུག་པ་ཉིད་དོ། །སོར་མོ་ལྔ་མི་མངོན་པ་ནི་སྐྱོ་མའིའོ། ། 159-35b མཐོ་འཚམས་པ་ནི་བྱིན་ལེན་སྟོབས་པ་ཉིད་མ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་དང་མི་འཐོབ་པའི་ཕྱོགས་དང་མདུན་མ་ཡིན་པ་ན་འདུག་པ་ལས་ལྷག་པོར་བྱ་བ་མི་འབྱུང་ངོ་། །བྱ་བ་ལག་ཏུ་མ་བླངས་པ་ལ་ཡང་མི་འབྱུང་ངོ་། །རུང་བ་མ་ཡིན་པ་དང་དེ་དང་འདྲེས་པ་ལ་ནི་མི་བྱ་བ་ཉིད་དོ། །གནས་མ་བཏང་བས་བྱ་བ་ཉིད་དོ། །མི་བཟའ་བར་བརྟག་པ་བྱས་པས་ཀྱང་ངོ་། །གསོལ་བས་བྱ་བ་ཉིད་ཡིན་ནོ། །ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་སོ། །ཁ་ཅིག་ནི་བདེར་གསོལ་ཅིག་ཅེས་ཀྱང་ངོ་། །ཁམ་གཉིས་སམ་གསུམ་ཟོས་ནས་སོ། །བྱ་བ་བཏང་བས་ནི་བཟའ་བར་མི་བྱའོ། །ལྷག་པོར་བྱས་པ་གཞན་གྱིས་བཟའ་བར་བྱའོ། །ཤེས་གཙོའོ། །སྤངས་པ་ཉིད་དང་ལྷག་པོར་མ་བྱས་པ་ཉིད་དག་ལའོ། །ཟོས་ནའོ། །ཟས་ཙམ་མོ། །ལྷན་ཅིག་པའི་ཟས་ཀྱི་ལྟུང་བྱེད་དོ།། །།སྟོབས་ནའོ། །དགེ་སློང་ལའོ། །སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དོ།། །།<br> ༈ འདུས་ཤིང་ཟ་བའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་དགེ་སློང་གི་དགེ་འདུན་དུ་གྱུར་པ་མཚམས་ཀྱི་ནང་ན་གནས་པ་དག་གི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལའོ། །ལྷན་ཅིག་པའིའོ། །ཅིག་ཅར་ཟ་བ་དང་ངོ་། །གསུམ་ལ་སོགས་པ་དང་ངོ་། །དགེ་སློང་རྣམས་ཀྱིའོ། །དགེ་སློང་རྣམ་པ་ཇི་ལྟ་བུས་གོས་མེད་པའི་ཟས་གཉིས་པ་རྙེད་པ་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ། །དུས་སྟོན་ཆེན་པོ་ལས་གཞན་པ་ལའོ། །རྟགས་འདི་མེད་པས་རབ་ཏུ་བྱུང་བའི་ཟས་ལས་གཞན་པའོ། །ཟོས་ནའོ། །དེར་འོང་བར་བྱ་བ་ཉིད་དུ་གནས་པ་མཚམས་ཀྱི་ནང་ན་འཁོད་པ་དག་གིས་འོང་བ་ཉིད་མ་དྲིས་པར་ཟ་ན་འདའ་བའི་ཕྱེད་ཉིད་དོ། །གང་ཡང་རུང་བ་ཅུང་ཟད་ཅིག་བྲིམས་ན་ཡང་ཟན་གཅིག་པ་ཉིད་ཡིན་ནོ། །འགྲོ་བར་ཆས་པ་དང་། གློ་བུར་དུ་འོངས་པ་དང་། ནད་པ་དང་ནད་གཡོག་དང་དགེ་སྐོས་ལས་གཞན་པས་ཐམས་ཅད་ཀྱིས་མ་ཟོས་པར་གཡོས་མལ་དང་སྤྱི་བུངས་ལས་མནོས་ཏེ་བཟའ་བར་མི་བྱའོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དོ།། །།<br> ༈ དུས་མ་ཡིན་པར་ཟ་བའི་ལྟུང་བྱེད།<br> ༆ རང་གི་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་ནི་དུས་མ་ཡིན་ནོ། །དེ་ཉིད་ལ་ཤེས་གཙོའོ། ། 159-36a བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཟོས་ནའོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དོ།། །།<br> ༈ གསོག་འཇོག་གི་ལྟུང་བྱེད།<br> ༆ སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོ་བའི་ཟས་སུ་དང་། དེ་ཐུན་ཚོད་ལས་འདས་པ་ལྟ་བུ་ནི་སོག་འཇོག་བྱས་པ་ཡིན་ནོ། །དེ་ཉིད་ལ་ཤེས་གཙོའོ། །ལག་ཉར་བླངས་པ་མིད་པར་མི་བྱའོ། །མཚམས་ཀྱི་ནང་དུ་བཙོས་པ་དང་ཞག་ལོན་པ་ཡང་མི་བྱའོ། །དགེ་སློང་གིས་བཙོས་པ་ཡང་ངོ་། །འདིར་རྗེན་པ་བཙོས་པ་གང་ཡིན་པ་ནི་དེའིའོ། །མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་དེ་ཉིད་ཡིན་ནོ། །སྙི་བ་རྣམས་ཀྱི་ནི་ཁ་དོག་གྱུར་པའིའོ། །ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་གྱུར་པ་ཉིད་ཀྱིའོ། །མེས་རུང་བར་བྱས་པ་ནི་མ་བཙོས་པ་མ་ཡིན་ནོ། །འདུག་པའི་འགྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་ནི་མ་ལོན་པ་ཉིད་མ་ཡིན་ནོ། །སྣོད་ཕྱོགས་ན་འདུག་ན་དེས་ཀྱང་ས་དེར་བཙོས་པ་ཉིད་ཡིན་ནོ། །འཚོད་པར་བྱེད་པ་དེ་ན་འདུག་པ་ཉིད་ཀྱིས་ནི་མི་འགྱུར་རོ། །མེ་ནི་སྣོད་མ་ཡིན་པ་ཉིད་མ་ཡིན་ནོ། །དེ་ལས་ཕྱུང་བ་དང་བྱུང་བ་དག་ནི་དེ་ཉིད་མ་ཡིན་ནོ། །ཉེ་འཁོར་ནི་གནས་ཉིད་ཡིན་ནོ། །འདོམ་གང་ངོ་། །སྟེང་དུ་ནམ་མཁའ་ལ་སླེབས་པ་མན་ཆད་དོ། །ནང་ཡང་ངོ་། །སྟེང་གི་ཡང་ཐོག་གཞན་ཡང་དེ་ཉིད་ཡིན་ནོ། །གཞན་གནས་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་ནོ། །ལག་ཉར་བླངས་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དེ་དག་དུས་ཀྱི་ཕྱིར་དགག་པ་མཛད་པར་འཚོ་བའི་བར་དུ་བཅང་བ་དག་ནི་མ་བསྡུས་པ་ཉིད་ཡིན་ནོ། །འབགས་པ་ནི་ཟས་ཀྱི་ཕྱེད་ཉིད་དོ། །ཁ་དྲི་མ་ཅན་གྱིས་བཟའ་བ་དང་བཏུང་བ་དག་ཀྱང་ངོ་། །དེའི་ཕྱི་རོལ་ནི་ལྕི་བའམ་སས་ཀུན་ནས་དྲུད་དེ་ཆུས་བཤལ་ན་དག་པ་ཡིན་ནོ། །ནང་ནི་ཆུ་མ་ཁུར་བ་དོའམ་གསུམ་གྱིས་བཤལ་ནའོ། །ལྷུང་བཟེད་ནི་བསམ་པ་ཐག་པས་ལན་གཉིས་ལན་གསུམ་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཡང་དག་པ་ཉིད་ཡིན་ནོ། །རྩི་ལངས་པ་ལ་ནི་ཉེས་པ་མེད་དོ། །འབགས་པ་མེད་པར་རེག་པ་ལ་ཡང་ངོ་། །འདག་རྫས་སམ་ལྕི་བའམ་ས་གང་ཡང་རུང་བས་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཀྱང་ངོ་། །ལངས་པ་བསལ་བར་བྱ་བ་ཉིད་དོ། ། 159-36b འབགས་པའི་ཕྱོགས་དེ་ཉི་ཚེ་བཀྲུ་བར་བྱ་བ་ཉིད་དོ། །བུམ་པ་ལ་སོགས་པ་སྣུམ་བག་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོའི་ནང་དུ་གཞུག་གོ། །ཉ་འམ་རུས་སྦལ་ལམ་སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ་ཉ་ཁྱི་བ་དག་གིས་མ་ལུས་པར་ལྷོགས་ཀྱི་བར་དུ་གཞག་གོ། །བསྲེགས་པས་ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ། །སྣུམ་མེད་པར་གྱུར་པ་ནི་བཀྲུ་བས་སོ། །འདག་རྫས་སམ་ལྕི་བས་འདག་པ་ཉིད་དོ། །ལན་ཚྭ་ལ་སོགས་པ་ཚྭ་ཆུ་དང་འགྱུར་བྱེད་ཀྱི་ཆུ་དང་རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་དོ། །དེ་ནི་ཐམས་ཅད་ལ་དུས་མ་ཡིན་པར་ཡང་རུང་བ་ཉིད་དོ། །ལན་ཚྭ་དང་འགྱུར་བྱེད་རང་གི་བྱ་བ་མི་བྱེད་པ་དག་ལ་ནི་ཉེས་པ་མེད་པ་ཉིད་དོ། །ཐ་མ་ལ་ནི་གཟུགས་བརྙན་འབྱུང་ནའོ། །ཀ་ཏ་ཀའི་འབྲས་བུས་ཆུ་ཤིན་ཏུ་འདང་བར་འགྱུར་རོ། །འགྱུར་བྱེད་ཀྱིས་ཀྱང་ངོ་། །ཟན་གྱིས་ཀྱང་ངོ་། །དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་བསྐུའོ། །འབྱུང་ཁུངས་དག་ཏུ་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་ནོ། །ཕྱོགས་གཅིག་ཏུ་འདྲེས་པར་གྱུར་ན་དེ་ཉི་ཚེ་བསལ་བ་ཉིད་ཡིན་ནོ། །ཁའི་མཆུས་རེག་པ་ལ་ནི་ཐན་ཀོར་ཡང་ངོ་། །དེ་དང་འབྲེལ་བའི་རྒྱུན་གྱིས་རེག་པ་ནི་དེ་ལ་རེག་པ་ཉིད་མ་ཡིན་ནོ། །ནོར་བ་དང་བརྗེད་པས་ཀྱང་མ་ཡིན་ནོ། །དེ་གཉིས་ཀྱིས་སྤོས་པ་བཞག་པའི་ཕྱིར་ཡང་མ་ཡིན་ནོ། །གནས་ཀྱི་ཐག་ཤིན་ཏུ་ཉེ་བར་བཀུར་རོ། །གཡེལ་བས་ལག་ཉར་བླངས་པ་ཉིད་དང་བྱིན་ལེན་བླངས་པ་ཉིད་ནི་མ་ཡིན་ནོ། །བྱིན་ལེན་སྟོབས་པར་འོས་པ་དང་འབྲེལ་བ་མ་བྲལ་བའི་བླངས་པ་ཡང་མ་ཡིན་ནོ། །དེས་བཟུང་བའི་ཐག་པ་ལ་སོགས་པ་དང་འབྲེལ་བ་ནི་འབྲེལ་པ་ཉིད་ཡིན་ནོ། །སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གི་སོག་འཇོག་བྱས་པ་དང་བྱིན་ལེན་བྱས་པ་དང་ལག་ཉར་བླངས་པ་དག་ནི་གཅིག་པ་ཉིད་ཡིན་ནོ། །མཆོག་དང་མཆོག་མ་ཡིན་པར་རོ། །སྐྱེས་པ་དང་བུད་མེད་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲའོ། །དགེ་ཚུལ་དག་གི་ལ་རེག་པ་ནས་སྦེད་པའི་བར་ལ་ཉེས་པར་འགྱུར་བ་ནི་དེ་བཞིན་ནོ། །ལྟོས་པ་དང་བཅས་པས་བྱིན་པ་ནི་བཏང་བ་ཉིད་མ་ཡིན་ནོ། །ལྟོས་པ་མེད་པར་བཏང་བ་ལ་ལྟོས་པ་དང་བཅས་པ་ཉིད་ནི་ཕྱེད་ཉིད་དོ། །དེའི་ཕྱིར་དེ་བླང་བར་མི་བྱའོ། །ཤེས་ 159-37a བཞིན་དུ་མི་བླང་ངོ་། །ཤས་མནོས་པ་དང་དེ་གྲུབ་པའི་ཕྱིར་རེག་པ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཤིང་རྟ་ལ་ནི་ཁ་ལོ་བའི་སྟན་མ་གཏོགས་པ་ཉིད་དོ། །དེ་གང་ལ་ཡང་ངོ་། །ནད་པ་ཞོན་པ་ལ་ཡང་ངོ་། །གྲུ་ལ་ནི་རུ་སྐྱའོ། །དེ་འཛིན་པའི་རྟེན་ལ་ཡང་ངོ་། །དགེ་འདུན་གྱི་སྨན་དག་ལྡུད་པ་ན་བསྐྱམ་པ་དང་དབྱུང་བ་དང་གཟར་བུའི་ལས་དང་དཔོག་པ་དག་ལ་ཡང་ངོ་། །དང་པོར་ཤིང་དབྲི་བ་དང་མེ་བསད་པ་དང་གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པས་འབད་པར་བྱའོ། །ཆུ་ཀླུང་བརྒལ་བའི་ཕྱིར་རམ་ཁུར་ཚ་བ་བརྙག་པའི་ཕྱིར་ལག་ཉར་བླངས་པའི་ལམ་རྒྱགས་རུང་སྟེ། ཆོ་ག་མ་འབྱོར་ཏམ་ལམ་རྒྱགས་གཞན་མེད་ནའོ། །ཁུར་ཚ་བ་མེད་ན་སྦྱིན་བདག་སྤྲོ་བར་བྱའོ། །ཁྱེར་བ་མེད་ན་རང་གིས་སོ། །དེ་ཉིད་ལས་སྦྱིན་པས་བརྗེ་ཞིང་བླང་བ་བསྒྲུབ་པར་བྱའོ། །དེ་ཡང་མ་གྲུབ་ན་དེ་བཟའ་བར་བྱ་བ་ཉིད་དོ། །བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པ་དེའམ་གཞན་ཡང་ངོ་། །ཟན་བཅད་པར་བྱས་པའིའོ། །ཉི་མ་དང་པོ་ལ་སྤར་གང་ངོ་། །གཉིས་པ་ལ་དོའོ། །གསུམ་པ་ལ་ནི་ཇི་ཙམ་གྱིས་ཆོག་པའོ། །ཤིང་ཏོག་རུང་བར་མ་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་བྱའོ། །ཟན་མེད་པའིའོ། །ཤིན་ཏུ་བཀྲེས་པ་ཉིད་ནའོ། །རྩ་བ་དག་ཀྱང་ངོ་། །རང་གིས་ཀྱང་བཏོག་པ་ཉིད་དང་དབྱུང་བ་ཉིད་དང་། བསྒྲུབ་པར་བྱ་བ་ཉིད་བྱིན་ལེན་མ་བསྟབས་པ་དང་རུང་བར་མ་བྱས་པ་དང་དུས་མ་ཡིན་པར་ཟ་བ་ལ་སོགས་པ་རུང་བར་བྱ་བ་དག་ལས་རྩོམ་འདོད་པ་ན་བྱང་གི་སྒྲ་མི་སྙན་དག་ན་གྲགས་པ་ཡིད་ལ་བྱེད་པ་བྱའོ། །ལག་བསྙལ་བ་དང་འདབ་མ་དག་ཡོད་ན་སྐྱོགས་ཀྱིས་སྐོམ་མི་བཏུང་ངོ་། །མེད་ན་མ་བསྒྲིབས་པར་མི་བྱའོ། །དེ་ཆུ་དང་བཅས་པ་ཉིད་ཡིན་ན་ཁམ་བཅད་པར་མི་གཞག་གོ། །དེའི་ཁབ་ནི་རྣམ་པ་གསུམ་སྟེ། ཤིང་ལས་བྱས་པ་དང་རྡོ་ལས་བྱས་པ་དང་། ས་ལས་བྱས་པའོ། །སྐྱོགས་གཞི་ཤིང་ལས་བྱས་པའམ་རྡོ་ལས་བྱས་པ་བཅང་བར་བྱའོ། །འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ནི་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ། །འདི་ལ་ 159-37b བརྔས་པ་དང་མ་བརྔས་པ་དག་ལ་ཁྱད་པར་མེད་དོ། །གཞན་མེད་ན་མ་བརྔས་པ་དག་ཀྱང་སྤྱད་དོ། །སོག་འཇོག་གི་ལྟུང་བྱེད་དོ།། །།<br> ༈ བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད།<br> ༆ གཞན་དང་བྱིན་ལེན་སྟོབས་པ་མེད་ན་སྦྱིན་བདག་གིས་བསམ་པ་ཐག་པ་ནས་བཏང་བ་རང་གིས་བླངས་ཏེ་བཟའ་བར་བྱའོ། །མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་གནས་པས་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་བར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་བས་བྱིན་པ་མ་ནོས་པ་ནི་བྱིན་ལེན་ནོ། །ཡུལ་གྱི་མི་སྨད་པར་བྱ་བ་ཉིད་ཡིན་ན་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ཅིག་ཅེས་བསྟན་ན་ཡང་ངོ་། །ལྷུང་བཟེད་དང་དེའི་གཞི་དག་ནི་གཅིག་པ་ཉིད་དོ། །སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་ཡིན་པས་དེ་ནས་དེའི་ཕྱིར་མི་འཐོབ་པའི་ས་ཉིད་མ་ཡིན་ནོ། །ཤིང་ཏོག་དག་མན་ཤེལ་དང་ཁྲི་དང་ཁྲིའུ་དང་ཐུ་བ་དང་ལྷུང་བཟེད་ཀྱི་གཞི་དག་གིས་བྱིན་ལེན་མནོད་དུ་མི་རུང་བ་ཉིད་མ་ཡིན་ནོ། །དེ་དག་གནས་པ་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱའོ། །སྙོམས་པར་འབྲིམ་པར་བྱེད་པ་མོས་པར་བྱའོ། །དགེ་སློང་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ། །ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བའི་བུམ་པ་དག་འབྲིམ་ན་རྩྭ་དང་ལོ་མ་ལ་སོགས་པ་དག་གིས་གོས་དག་བསྐྱབ་པར་བྱའོ། །བྲིམ་པར་བྱ་བ་གཅེས་པ་དང་བར་མ་དང་ཐ་མ་དག་སོ་སོར་བྱའོ། །ཨ་མྲ་ཞིམ་པོ་རྣམས་ལོགས་ཤིག་ཏུ་བསལ་ཏེ་བྲིམ་པར་བྱའོ། །བྲིམ་པར་བྱེད་པ་ནི་མཁན་པོའམ་སློབ་དཔོན་གྱིས་མནོད་པར་བྱའོ། །མི་འཐོབ་པ་འཐོབ་ན་དྲུང་ན་འདུག་པས་སོ། །དུ་མ་ཉིད་ཡིན་ན་སྟན་ལས་མ་འཕགས་པས་ཇི་ཙམ་ལེན་ནུས་པའོ། །འདྲིལ་བ་ནི་རང་གི་གནས་ནས་མ་འཕགས་པས་ལེན་ནུས་པ་ཉིད་ཡིན་ན་བྱིན་ལེན་མ་ཞིག་གོ། །སྦྲང་བུ་དང་གྲོག་སྦུར་ལ་སོགས་པ་དག་གིས་རེག་པ་ཡང་ངོ་། །དགེ་སློང་གིས་མ་བཏང་བ་ལ་གཞན་གྱིས་ཀྱང་ངོ་། །བྱི་བས་ནི་ཞིག་པར་བྱེད་དོ། །བྱིན་ལེན་བྱས་པའི་བྱིན་ལེན་སྟོབས་པ་ནི་མི་རིགས་པ་ཉིད་མ་ཡིན་ནོ། །ཤེས་གཙོའོ། །བྱིན་ལེན་མ་བསྟབས་པ་ཉིད་ 159-38a ལའོ། །ཆུ་དང་སོ་ཤིང་མ་གཏོགས་པ་བཟའ་བར་བྱ་བའིའོ། །ཁར་རོ། །ཟོས་ནའོ། །བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ། །ནད་པས་བསྙེན་པར་རྫོགས་པ་མེད་ན་བསྙེན་པར་མ་རྫོགས་པ་ལས་ཟན་མནོད་པར་བྱའོ། །བསྙེན་པར་མ་རྫོགས་པས་བཟའ་བར་བྱའོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དོ།། །།<br> ༈ བསོད་པ་སློང་བའི་ལྟུང་བྱེད།<br> ༆ འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་ལྟ་བུ་དག་ནི་ཟས་བསོད་པ་ཡིན་ནོ། །དེ་ནི་བྱེད་པ་པོའོ། །སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ཀྱང་ངོ་། །རང་གིས་བླངས་ཏེ་ཟོས་ནའོ། །མིན་བས་བླངས་པ་དང་སློང་དུ་བཅུག་པ་ཉིད་དེ་ལ་ནི་ཉེས་བྱས་ཀྱིའོ། །ཅི་བདེར་བསྟབས་པ་མ་བྱས་པ་ལའོ། །དེའི་ཕྱིར་ངན་པའམ་བསོད་པའམ་ཐ་མལ་པའམ་བཟང་པོ་ཐོབ་པ་ན་གལ་ཏེ་བླངས་ན་ཡང་ངོ་། །ངན་པ་འདི་ལ་ནི་ཕྱེད་ཉིད་དོ། །ཟས་ཁྱེར་ཏེ་ཕྱིར་བྱུང་བས་ཅང་མི་སྨྲ་བའམ་ཕྱིར་སྤོང་བ་ལ་འོ་ན་ཅི་སློང་ཞེས་དྲིས་པ་ནི་ཅི་བདེར་བསྟབས་པ་ཉིད་ཡིན་ནོ། །བསོད་པ་སློང་བའི་ལྟུང་བྱེད་དོ།། །།<br> ༈ སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད།<br> ༆ རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་འཇུག་ཏུ་འཛུད་པ་དག་ལའོ། །ཤེས་གཙོའོ། །སྲོག་ཆགས་དང་བཅས་པ་ཉིད་ལའོ། །ཆུ་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་། འོ་མ་དང་ཞོ་དང་མར་སར་པ་དང་ཚྭ་དང་འབྲུའི་ཚ་དང་ཞོ་ཁ་ཆུ་དང་རྩབ་མོ་དང་། ཤིང་ཏོག་དང་བཅའ་བར་བྱ་བ་ལ་སོགས་པ་ཉེ་བར་སྦྱར་བར་བྱ་བའིའོ། །སྣང་བ་དག་གིས་སོ། །ཤི་ནའོ། །སྲོག་ཆགས་རེ་རེའིའོ། །སྤྱད་པ་ནི་ལུས་ཀྱིར་ཉེ་བར་སྤྱད་པའོ། །འདི་ལྟ་སྟེ་ཁྲུས་དང་བཏུང་བ་དང་སོ་ཤིང་དོར་བ་དང་ལག་པ་དང་རྐང་པ་བཀྲུ་བའོ། །ཡོ་བྱད་དག་ཏུ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱིར་ཡིན་ནོ། །བཟའ་བར་བྱ་བ་དང་ལྷུང་བཟེད་དང་། ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་དག་ཡིན་ནོ། །དེ་དག་ཏུ་ནི་ས་དང་ལྕི་བ་དང་ཚོན་དང་རྩྭ་དང་ཤིང་ལ་སོགས་པའོ། །དེ་དག་ཏུ་དགོས་པ་ནི་འདི་ལྟ་སྟེ། བྱི་དོར་བྱ་བ་དང་བཀྲུ་བ་དང་། ཁ་བསྒྱུར་བ་དང་། ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ 159-38b ཞལ་བྱ་བ་དང་། འུ་ཤ་དང་། ཐང་དང་། ཐུག་པ་དག་ཏུ་བྱའོ། །ཆུའི་སྲོལ་དགག་པ་དང་བསལ་བ་དག་ཀྱང་ངོ་། །ཤིང་དང་གཡེང་བ་དག་གཞུག་པ་དང་དྲང་བ་དང་བཤལ་བ་དག་ཀྱང་ངོ་། །རིམ་པ་གཅིག་ལས་གཞན་པ་སྤུ་ཅན་ལ་སོགས་པ་བཀྲུ་བ་ཡང་ངོ་། །དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུ་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་རྣམ་པར་འབྱེད་པའོ།། །།དཔྱང་ཚགས་བཅང་བར་བྱའོ། །བཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་བཞག་པར་བྱ་ཞིང་དགང་བ་དང་བཙག་པར་བྱ་བའི་ཆུ་བཟེད་པར་བྱེད་པའི་ཚགས་གདགས་བྱ་བའི་ཕྱིར་ལྕགས་གཟེར་དག་བཏབ་པའི་ཤིང་བུ་གསུམ་དང་ལྡན་པ་ནི་དེ་ཞེས་བྱའོ། །ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་སུ་གཅལ་གཞུག་པར་བྱའོ། །བྱེ་མའམ་ལྕི་བའོ། །ཡང་ན་ཚགས་རྟེན་སྣོད་དོ། །ས་དང་ཟངས་མ་ལས་བྱས་པའི་གང་ཡང་རུང་ངོ་། །དེ་ནི་ཤིང་བུ་གསུམ་གྱི་ཐོག་མ་ལ་གདགས་སོ། །བུ་གུར་ལུང་བྱས་ཏེའོ། །དེ་ནི་ངོས་གཉིས་ན་བཏགས་ན་ཡང་འདུག་ཏུ་བཏུབ་བོ། །ཕྱི་རོལ་གྱི་ངོས་སུ་ཚགས་རྟེན་སྣོད་གཞག་པར་བྱའོ། །སྔ་མ་ནི་ཐ་གུས་སོ། །ཕྱི་མ་ནི་ལྕགས་ཐག་འཇམ་པོས་སོ། །དེ་བཅང་བར་བྱའོ། །ཆུ་མི་འཛག་ན་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དལ་བུས་གདབ་པར་བྱའོ། །བུམ་ཚགས་གཅེའུ་ཅན་ནི་ཚེགས་ཆུང་ངོ་། །དེ་བཅང་བར་བྱའོ། །སའམ་ཟངས་མ་ལས་བྱས་པའོ། །དེ་ནི་བུམ་པའི་དབྱིབས་ཅན་ནང་པདྨའི་བུ་གུ་ལྟ་བུ་དང་ལྡན་པའི་སྦུབས་ཅན་ཡིན་ནོ། །དེ་དག་ཏུ་རས་མས་དགབ་པ་ཉིད་དོ། །ཆུ་ཚགས་ཉེ་བར་གཞག་པར་བྱའོ། །ཆུ་ཚགས་གྲུ་གསུམ་མམ། རིལ་བ་ཞབས་ཚགས་ཅན་ནམ། བསལ་ཚགས་ཀྱང་ངོ་། །བྱམ་བུམ་དང་རིལ་བ་དག་གིས་ཆུ་རུང་བ་བཅུས་པ་ཉིད་དང་ཡོད་པ་ཉིད་ཀྱང་དེ་དང་ལྡན་པ་ཉིད་དོ། །དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ནང་དང་བཅས་པ་དང་ལྷན་ཅིག་ཏུ་མི་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་ཡོད་ན་བཟོད་པ་གསོལ་ཏེའོ། །བྱ་བ་བྱེད་པ་ནི་ཡོད་པ་ཉིད་ནི་ཡོད་པ་ཡིན་ནོ། །གཞན་གྱིས་འདི་ལྟར་དེར་དེ་སྦྱིན་ནོ་ཞེས་ཁས་བླངས་པ་ནི་དེ་དང་ལྡན་ 159-39a པ་ཉིད་ཡིན་ནོ། །ལྗོངས་རྒྱུ་བའི་ཚེ་འབྲལ་ན་སྦྱིན་པར་ཁས་མ་བླངས་ན་དེ་ལ་བརྟེན་པར་མི་བྱའོ། །ཕོངས་པར་མི་འགྱུར་བའི་ཉེ་འཁོར་དུ་འགྲོ་བ་ནི་རྒྱུ་བ་མ་ཡིན་ནོ། །དེ་ནི་རྒྱང་གྲགས་ལྔ་ཉིད་ཡིན་ནོ། །གནས་སུ་བཞག་སྟེ་སོང་བ་དེ་དང་ལྡན་པ་ཉིད་མ་ཡིན་པ་ནི་རང་དགར་བྱེད་པ་མ་ཡིན་པ་མ་ཡིན་ནོ། །གཅིག་གིས་དགེ་འདུན་མན་ཆད་དུ་མ་དེ་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུར་རོ། །རྒྱུན་མགྱོགས་པ་ལ་ནི་ཕོངས་པར་མི་འགྱུར་བ་ཉིད་མ་ཡིན་ནོ། །དེ་ལ་རྒྱུན་ཕྱོགས་སུ་རྗེས་སུ་འགྲེལ་པར་འགྲོ་བས་ནི་དེས་རྒྱང་གྲགས་ཀྱི་བར་དུ་འཇུག་ཏུ་རུང་ངོ་། །གལ་ཏེ་དེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་ཡན་ཆད་དུའོ། །བརྟགས་པ་ནས་འདོམ་གང་ཁོར་ཡུག་ནི་དེ་ཉིད་ཡིན་ནོ། །མིག་གི་དག་པ་ཉིད་ཀྱི་ཆུ་ནི་དག་པ་ཡིན་ནོ། །ཐ་མལ་པས་སོ། །མི་གཡོ་བ་ཉིད་དང་རྙོག་པ་མེད་པ་ལ་བརྟག་པར་བྱའོ། །བུམ་པ་གང་ཡིན་པ་ཉིད་ལའོ། །དེ་ལ་བྱ་བ་ལས་འདས་པར་བགྲང་བའི་ཡུན་རིང་པོ་ཉིད་དུ་མི་བྱའོ། །རྩེ་མོ་འཇམ་པོས་སྲོག་ཆགས་དག་བསྟན་སླའོ། །དེ་དག་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ། །གཞན་ཡང་མི་དོར་རོ། །གལ་ཏེ་མར་མེའི་ནང་དུ་སྲོག་ཆགས་ལྟུང་ན་དེ་བྱེད་པས་དེ་གཡོགས་པར་བྱའོ། །སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སྲབ་མོས་གཡོགས་པ་ནི་དེ་ཞེས་བྱའོ། །མིག་བརྒྱ་པ་ཡང་རུང་ངོ་། །དང་པོ་ནས་བྱས་པའམ་བུམ་པ་ལ་སོགས་པའི་སྣོད་བུ་གུ་ཅན་ནོ། །སྐྲའི་རྙིས་སྦྲུལ་གཟུང་བར་མི་བྱའོ། །སེ་གོལ་གྱི་སྒྲ་ཕྱུང་སྟེ་བཞིན་བཟངས་མིག་ལམ་ན་མ་འདུག་ཤིག་ཅེས་བརྗོད་པར་བྱའོ། །མི་འགྲོ་ན་དབྱུ་གུ་སྐམ་ཁས་དལ་བུས་རྫ་མའམ་བུམ་པར་བཅུག་སྟེ་ཁ་བཅད་ནས་བུ་གུ་དག་བཏོད་དེ་བསལ་བར་བྱའོ། །མ་གྲུབ་ན་ལྕག་པོད་དམ་ཤུར་བུ་ཕྲེ་འུས་སམ་ཐ་གུ་རས་མས་དཀྲིས་པའི་ཞག་མིག་གིས་མགུལ་བར་བཅིངས་ཏེ་དོར་བར་བྱའོ། །དེ་དག་ནི་གཞུག་པ་ལ་ཡང་ངོ་། །ཚང་ཚིང་གི་ནང་དུ་དོར་བར་མི་བྱའོ། །ཁུང་དུ་ཞུགས་ཀྱི་བར་དུ་བསྡད་པར་བྱའོ། །ཤིག་རྣམས་ནི་རས་མར་གཞུག་པར་བྱའོ། །དེ་ནི་གསེབ་དག་ཏུའོ། །རྩྭ་ཤིག་རྣམས་ནི་གསིང་མར་རོ། །ཡང་ 159-39b ན་ཕྱོགས་བསལ་བར་བྱའོ། །སྔ་མ་གཞུག་པའི་ཕྱིར་བསལ་སྣོད་བཅང་བར་བྱའོ། །ཡང་ན་ཆུ་ཚགས་དེ་ཉིད་ཀྱིས་གཞུག་པར་བྱའོ། །ཆུ་ཚགས་ལ་སྲོག་ཆགས་ཆགས་པ་བསལ་བའི་ཐབས་ནི་བཤལ་བ་ཡིན་ནོ། །དྲི་མ་ནི་བཀྲུ་བའོ། །རུལ་བ་ཉིད་དུ་མི་འགྱུར་བ་ནི་སྐམ་པའོ། །དེ་གཉིས་ཀ་ལ་ཡང་དམ་དུ་བཙིར་ན་ཕན་པ་ཉིད་དོ། །དགེ་འདུན་དང་གང་ཟག་དང་ཆུ་ཚགས་དང་ཆུ་ཚགས་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །བཅུས་པ་དང་ཁྲོན་པ་དག་པ་ནི་ཉི་མ་འཆར་ཁ་ཚུན་ཆད་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་གོ། །རྐང་ཁྲུས་སྣོད་སྟོང་པར་མཐོང་ན་དགང་བར་བྱའོ། །ཆུ་དང་གཞན་གྱི་སྣོད་ཀྱང་ཉེ་བར་གཞག་པར་བྱའོ། །དགེ་འདུན་གྱི་དེར་གཏོགས་པ་ནི་སྣོད་སྤྱད་འབྲུབ་པའི་ལས་ཡིན་ནོ། །འདིར་སྦྱིན་པ་དང་བླང་བ་དག་ཀྱང་མ་བསྡུས་པ་མ་ཡིན་ནོ། །ཁྱིམ་པ་རྙིང་པ་རྨྱ་བ་ཉིད་ལ་དེ་ཡོད་པ་ཉིད་ན་སྦྱིན་པར་བྱའོ། །དེས་གཙུག་ལག་ཁང་དུ་ཡོན་བདག་རྣམས་ལ་སྦྱིན་པར་བྱ་བ་ཉིད་ཀྱང་མ་བསྟན་པ་ཉིད་མ་ཡིན་ནོ། །དགེ་སློང་ལ་ནི་སར་པ་ཕྱིར་བླང་བ་མེད་པ་ཉིད་དུའོ། །སྣོད་སྤྱད་ཀྱི་ཆེད་དུ་མཛོད་ཁང་བསྐོ་བར་བྱའོ། །ས་དང་ཟངས་མའི་སྣོད་སྤྱད་དག་སོ་སོར་གཞག་པར་བྱའོ། །ཆུ་ཉེ་བར་གཞག་པར་བྱའོ། །གར་བབ་བབ་ཏུ་མི་གཞག་གོ། །དེའི་ཆེད་དུ་ཁང་བུ་བྱའོ། །གཙུག་ལག་ཁང་གི་ནང་གི་ལྷོ་ནུབ་ཀྱི་མཚམས་སུའོ། །སྐར་ཁུང་གདོད་པ་དང་། སོ་ཕག་གི་གཅལ་དགྲམ་པ་དང་། ཆུ་ཁུང་གདོད་པ་དང་། སྒོ་གདོད་པ་དང་། སྒོ་གླེགས་དང་། ལག་ཟུངས་དང་ཡང་མིག་གཟུག་པར་བྱའོ། །ཆུ་ཚགས་གཞག་པའི་ཕྱིར་གདང་བུ་བྱའོ། །ཤིང་གི་ཁྲིའུ་དག་ལ་གཞག་གོ། །ཡང་ན་སོ་ཕག་གི་སྟེགས་བུའི་སྟེང་དུའོ། །གཞི་དག་ལའོ། །ཆུ་སྣོད་ནི་ཁྲུས་ཆུའི་ཆེད་ཀྱི་བར་ཡན་ཆད་ཀྱང་གཙང་སྦྲ་བྱའོ། །གཙང་བར་བྱའོ། །བཏུང་བར་བྱ་བའི་ཆུ་ཡང་ངོ་། །དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ། །ཆུ་སྣོད་རྣམས་ཀྱི་ནང་དུ་དུས་དུས་སུ་སྦྱང་བར་བྱའོ། །ཟབ་མོ་རྣམས་ནི་པུ་ཤེལ་ཙིའི་ཁྲུ་དང་ཤིང་ངམ་འདབ་མའི་ཆང་བུ་འམ་རས་མ་ཤིང་བུའི་རྩེ་མོ་ལ་བཏགས་པས་སོ། །དེ་ལ་ཟས་ཀྱི་འགྲམ་གཟེར་ 159-40a མི་བསྲུང་བ་ཉིད་དུ་མི་བྱའོ། །སྐམ་པར་ཡང་ངོ་། །དེའི་ཚེ་བྲེལ་བར་མི་འགྱུར་བར་བྱ་བའི་ཕྱིར་ཅིག་ཅར་ཉིད་དུ་མི་བྱའོ། །ཆུ་དང་འབྲེལ་བའི་ལས་ནི་གནས་པས་བྱ་བ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་དང་འབྲེལ་བས་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དོ།། །།<br> ༈ ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །ཞུགས་པའམ་ཕྱོགས་པ་ལའོ། །སྤྲོད་པ་ལའོ། །སྐྱེས་པ་དང་བུད་མེད་ཀྱིའོ། །ཁྱིམ་པ་ཉིད་དོ། །གནས་གཞན་ཉིད་ནའོ། །གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ཡིན་ནའོ། །མངོན་སུམ་དུ་གནག་པས་འདུག་ནའོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ།། །།<br> ༈ ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད།<br> ༆ དབེན་པར་གནག་པས་འགྲེང་ནའོ། །སྐྱབས་ཡོད་པར་རོ། །གལ་ཏེ་འཇིགས་པའི་དབང་གིས་མ་ཡིན་ནའོ། །ཚོར་བྱ་དག་དང་ཚོར་བྱེད་གཉིས་ཀྱིས་མ་ཚོར་ན་ཉེས་བྱས་ཀྱིའོ། །གནས་གཞན་ལ་སེམས་གཏོད་པ་ཡང་ངོ་། །འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་གནས་ཀྱི་མཐའ་ཡིན་ནོ། །མཛོད་ནི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ཁྱིམ་གཞན་ནི་ཐ་དད་པ་ཉིད་ཡིན་ནོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དོ།། །།<br> ༈ གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད།<br> ༆ ཕོ་ཡང་རུང་མོ་ཡང་རུང་བ་ལའོ། །ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་ནད་པ་མ་གཏོགས་སོ། །རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ། །ལུས་སམ་ལུས་དང་འབྲེལ་པར་རོ། །བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་གོ། །རུང་བ་དག་གོ། །རང་དང་དེ་ལའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བ་ཉིད་ཀྱི་ཕྱིར་མ་གཏོགས་སོ། །རང་གིས་སྦྱིན་ནའོ། །མི་རུང་བ་དག་ནི་ཉེས་བྱས་སོ། །སྦྱིན་དུ་འཇུག་ན་ཡང་ངོ་། །རང་གིས་ཞལ་ཏ་བྱས་ནའོ། །བགོ་བཤའ་བྱེད་ན་ཡང་ངོ་། །གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དོ།། །།<br> ༈ དམག་ལ་ལྟ་བའི་ལྟུང་བྱེད།<br> ༆ གཡུལ་ལ་མངོན་པར་དགའ་བའི་དམག་དག་ལ་ལྟ་བའི་དོན་ཉིད་ཀྱིས་སོ། །རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་པ་དང་བར་ཆད་བྱུང་བའི་དབང་ཉིད་མ་གཏོགས་སོ། །འཕགས་པའི་ཉེ་འཁོར་གྱི་མཐའ་ལས་ 159-40b འདས་ཏེ་མཐོང་ནའོ། །དམག་ལ་ལྟ་བའི་ལྟུང་བྱེད་དོ།། །།<br> ༈ དམག་གི་ནང་ན་འདུག་པའི་ལྟུང་བྱེད།<br> ༆ དེ་དག་མེད་པར་ཉིན་མཚན་ཉིད་ལས་ལྷག་པར་འདུག་ནའོ། །དགོས་པ་མེད་ན་སྔ་མ་ལ་ཡང་ངོ་། །དམག་གི་ནང་ན་འདུག་པའི་ལྟུང་བྱེད་དོ།། །།<br> ༈ དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད།<br> ༆ དཔུང་གི་ཡན་ལག་རྣམས་ནི་བྱེད་པ་པོ་ཉིད་དོ། །བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལའོ། །བསྡུས་པ་དང་སོ་སོ་བདག་གོ། །སྟ་གོན་བྱས་པ་རྣམས་ཀྱི་དངོས་པོ་ལ་དངོས་གཞིའོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ། །རེག་པ་དང་བཤམས་པ་དཀྲུགས་པ་དང་ལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལྟ་བུ་ནི་དངོས་གཞི་དག་ཡིན་ནོ། །མ་ཆས་པ་ཉིད་ལ་ནི་ན་སྨད་པ་ཉིད་དོ། །གླང་པོ་ཆེ་དང་རྟ་དང་བྱ་གག་དང་བྱ་ལ་བ་ཀ་དང་བྱ་བརྟ་ཀ་དང་། སྐྱེས་པ་དང་བུད་མེད་འཐབ་པ་ལ་སོགས་པ་བྱ་བ་དང་བྱེད་དུ་གཞུག་པ་དང་བལྟ་བར་མི་བྱའོ། །དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ།། །།<br> ༈ རྡེག་པའི་ལྟུང་བྱེད་དང་གཟས་པའི་ལྟུང་བྱེད།<br> ༆ རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཛེ་བོ་འམ་ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ནའོ། །གཞན་དག་ལ་ཡང་ངོ་། །རེག་ནའོ། །རྡེག་སྤྱད་རེ་རེ་ལའོ། །མ་ཕོག་ན་ཉེས་བྱས་སོ། །བརྡེག་པར་བྱ་བ་གཞན་ཡིན་ལ་གཞན་ལ་བརྡེག་པར་མི་བྱའོ། །ཀ་བ་ལ་བརྡེག་པར་མི་བྱའོ། །རྩིག་པ་དང་ས་དང་ཤིང་ལྗོན་པ་དང་གཞན་ལ་ཡང་མི་བྱའོ། །རྡེག་པའི་ལྟུང་བྱེད་དོ།། །།བརྡེག་པར་གཟས་ནའོ། །རྫས་རེ་རེ་ལའོ། །གཟས་པའི་ལྟུང་བྱེད་དོ།། །།<br> ༈ གནས་ངན་ལེན་འཆབ་པའི་ལྟུང་བྱེད།<br> ༆ ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་བཅབས་ནའོ། །བདེ་བ་ལ་མི་རེག་པ་དང་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང་དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་འཆབ་ནའོ། །ཉིན་མཚན་གྱི་མཐར་རོ། །སྔ་རོལ་དུ་ནི་ཉེས་བྱས་སོ། །ལྟུང་བ་གཞན་ཡང་ངོ་། །གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ།། །།<br> ༈ ཟན་གཅོད་དུ་འཇུག་པའི་ལྟུང་བྱེད།<br> ༆ ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ་སྦྱིན་པ་པོ་ཁྱིམ་དུ་ཟན་གཅོད་དུ་བཅུག་ནའོ། ། 159-41a ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དོ།། །།<br> ༈ མེ་ལ་རེག་པའི་ལྟུང་བྱེད།<br> ༆ སེང་གེ་ལ་རེག་པར་མི་བྱའོ། །སྟོན་པ་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་དང་། ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟག་པ་ནི་དུས་བྱིན་གྱིས་བརླབས་པ་ཡིན་ནོ། །ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །རྩེ་བ་ཉིད་ནའོ། །གཞན་ལ་གཏོང་བས་ཟླ་བ་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པས་སོ། །མེས་སོ། །དུས་བྱིན་གྱིས་མ་བརླབས་པར་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་ལ་རེག་ནའོ། །རང་ངམ་བསྒོ་བས་སོ། །སྦར་བ་དང་གསོད་པ་དང་རེག་པ་དང་། མ་རེག་པའི་བུད་ཤིང་བསྐུལ་བ་དང་བཅས་པ་འདྲེན་པ་དང་མདག་མ་སྤུང་བ་དང་འབྲུ་བ་དག་ལའོ། །མེ་མ་མུར་ནི་ཕྱེད་ཤི་བ་ཉིད་དོ། །མེ་ལྕེ་དག་ཀྱང་ངོ་། །དེར་བུད་ཤིང་འཇུད་པ་དང་འབྱིན་པ་ནི་མེ་གཞན་གྱི་ཉེས་པ་ཡིན་ནོ། །སྐྲ་དང་སྤུ་དང་རུས་པ་དག་དང་སེན་མོ་དང་། མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་ཏིལ་དང་འབྲུ་མར་དང་སྦྲང་རྩི་དང་མར་དག་ནི་བུད་ཤིང་གི་ཕྱེད་ཉིད་དོ། །གཞན་གྱི་བྱ་བ་གཞན་ལ་བྱིན་གྱིས་རློབ་པ་ནི་ཕྱེད་བྱིན་གྱིས་བརླབས་པ་ཡིན་ནོ། །མེ་ལ་རེག་པའི་ལྟུང་བྱེད་དོ།། །།<br> ༈ འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད།<br> ༆ དགེ་སློང་གི་དོན་གྱི་ཕྱེད་ཀྱི་ལས་བྱས་པ་ལ་འདུན་པ་ཕུལ་བ་ལ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་ནའོ། །འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ།། །།<br> ༈ བསྙེན་པར་མ་རྫོགས་པར་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད།<br> ༆ ཟླ་བ་དང་ཉི་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགས་སུ་ཉལ་བར་མི་བྱའོ། །ནད་པ་དང་ནད་གཡོག་གི་དབང་ཉིད་མ་གཏོགས་སོ། །འདི་ལ་ཁ་ཅིག་ནི་ལྟུང་བྱེད་ཅེའོ། །ཉལ་བ་མ་ཡིན་པ་ནི་ཕྱེད་ཉིད་དོ། །ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་། །ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ། །དེའི་སྒོ་ངོས་དང་འབྲེལ་བའི་ཉེ་འཁོར་གནས་སུ་གྱུར་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ཁྱེར་གཞན་བར་མ་ཆོད་པ་སྒོ་དེ་དང་འབྲེལ་བ་ཡང་ངོ་། །ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ། །ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ 159-41b ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ། །ཐིབས་པོ་དང་བཅས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ཡང་ངོ་། །འདི་ལ་བྱ་གག་འཕུར་ནས་བབས་པར་གྱུར་པའི་ལམ་ནི་བར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ། །ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཅན་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་ཉིད་ཡིན་ནོ། །རང་གི་ཆར་གཏོགས་པའི་སྒོ་བཅད་པས་བཅད་པ་ལ་ནི་ཉེ་འཁོར་ཡང་ཐ་དད་པ་ཉིད་དོ། །ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་བསྲུངས་པ་ཉིད་དང་བུད་མེད་བདག་པོས་བསྲུངས་པ་ཉིད་ནི་དེ་དང་འདྲའོ། །རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་དོ། །གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ། །མཐར་རོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །ལམ་གྱིས་དུབ་པ་རྨྱ་བ་ལ་ནི་ཉེས་པ་མེད་དོ། །མཐར་ཡང་དེ་བཞིན་ནོ། །དགེ་སློང་གིས་བྱར་མི་རུང་བ་ཡོད་ན་དེ་སྒྲུབ་པར་བྱེད་པ་དང་ལྷན་ཅིག་པའི་ནད་པ་དང་ནད་གཡོག་ལ་ཡང་ངོ་། །དགེ་ཚུལ་དང་ཡང་ངོ་། །དེ་དང་ལྡན་པ་དེ་ལའོ། །གནས་དེ་ན་དགེ་སློང་སྡིག་ཅན་ཉེ་བར་གྱུར་པ་ཉིད་ནའོ། །དེ་སྤྲུགས་པ་ལ་འབད་པ་བྱས་སམ་བྱེད་པ་ལའོ། །གནས་པར་ཁས་བླངས་ན་དུས་ཕྱི་མ་དང་སྔ་མའི་གཉིས་པོ་དག་ལ་བབ་པ་ནའོ། །དེས་ལྷག་པར་གནས་པར་མི་བྱ་བ་ཉིད་དོ། །གནས་པར་ཁས་བླངས་པ་སྔ་མ་ཤོས་མི་བྱ་བ་ཉིད་དོ། །སྔ་མ་ནི་མི་བསྲུང་བར་བྱ་བ་ཉིད་དོ། །དེས་དགེ་ཚུལ་ཉེ་བར་མ་གཞག་པ་ཉེ་བར་གཞག་པར་མི་བྱའོ། །ལམ་དུ་དགེ་ཚུལ་གཉིད་བྲོ་བས་རྨྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །གལ་ཏེ་བྲུ་བ་ཚ་བར་གྱུར་ན་དེ་ལ་ནང་པར་གྱི་དུས་སུ་ཁ་ཟས་སྦྱིན་པར་བྱའོ། །གལ་ཏེ་དྲོ་ཀར་ཡང་ན་དེའི་ཚེ་ཡང་ངོ་། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ།། །།<br> ༈ ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད།<br> ༆ ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་ 159-42a པའི་ཚིག་མི་གཏོང་བ་ལའོ། །དེ་ལ་གསོལ་བས་སྨད་པ་ཉིད་བྱས་ཏེ་དེའི་འོག་ཏུའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དོ།། །།<br> ༈ སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ། །ལུང་དབོག་པ་དང་དམིགས་ཀྱིས་འདྲི་བ་དང་གནས་དང་རྗེས་སུ་བསྟན་པ་དང་གདམས་ངག་སྦྱིན་ནའོ། །ལྟ་བ་སྨྲ་ནའོ། །ཟང་ཟིང་གི་ལོངས་སྤྱོད་བྱེད་ནའོ། །བསྙེན་བཀུར་བདག་གིར་བྱེད་ནའོ། །གནས་སུ་ལྷན་ཅིག་ཉལ་ན་ཡང་ངོ་། །མཐར་རོ། །མཚན་མོའིའོ། །གཞན་གྱིས་བསྲུལ་ན་ཡང་ངོ་། །ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱིས་ནི་མ་གཏོགས་སོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དོ།། །།<br> ༈ བསྙིལ་བ་སྡུད་པའི་ལྟུང་བྱེད།<br> ༆ ཚིག་དེ་ཉིད་ལ་ཞུགས་པ་མི་གཏོང་ན་དགེ་ཚུལ་བསྙིལ་བར་བྱའོ། །ཁྱོད་ལ་དང་པོར་གསོལ་བ་དང་བཞིའི་ལས་དང་དེའི་འོག་ཏུ་བསྙིལ་བ་རྩོམ་མོ་ཞེས་བྱ་བ་དང་། གསོལ་བ་བྱས་སོ། །ལས་བརྗོད་པ་དང་པོ་དང་གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་རེ་རེའི་མཐར་དགེ་སློང་གིས་དེ་ལ་བསྒྲག་པར་བྱའོ། །བཏང་ན་ཕྱི་མ་མི་བྱའོ། །དགེ་ཚུལ་བསྙིལ་བ་ཉིད་དོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་དོ།། །།<br> ༈ ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད།<br> ༆ སྔོན་པོའམ་དམར་པོའམ་ངུར་སྨྲིག་གིས་ཁ་མ་བསྒྱུར་བ་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་སྣོད་དང་རྐང་པའི་འབོབ་དང་སྐ་རགས་དག་གི་བགོ་བ་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱད་ནའོ། །སྡེ་པ་གཞན་གྱི་ནི་ཡང་རུང་བར་བྱ་མི་དགོས་པ་ཉིད་ཡིན་ནོ། །ཁྱིམ་པས་བསྐུས་པ་ལ་ཡང་མི་དགོས་སོ། །ཁ་དོག་ཆེན་པོར་ཁ་བསྒྱུར་བའི་གོས་བསྟེན་པར་མི་བྱའོ། །ཁྱིམ་པའི་གོས་ཀྱང་མི་བྱའོ། །གཙུག་ལག་ཁང་གི་ནང་དུ་ངུར་སྨྲིག་གིས་གཡོགས་ཏེ་བསྟེན་པར་བྱའོ། །ལམ་དུ་གོས་བརྙས་པ་ནི་ཐུན་མོང་ཉིད་དོ། །གྲོགས་དག་དང་ངོ་། །དགེ་སློང་དང་དགེ་ཚུལ་དག་དང་ངོ་། །གཅིག་ཉིད་ཡིན་ན་རྒན་རབས་ནས་བརྩམས་ཏེ་ཇི་སྲིད་དུ་སླེབ་པའི་སྟེང་དུ་གཡོགས་སོ། །དམིགས་ཀྱིས་མ་བསྔོས་ན་གཞན་ལས་གྱོན་ཏེ་བཅག་པར་མི་བྱའོ། །བསོད་ནམས་འདོད་པས་མགྲོན་དུ 159-42b བོས་ན་ཁ་ཚར་མ་བཅད་པ་མན་ཆད་སར་པ་ལ་ནི་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་སྟེང་དུ་བརྫི་བར་བྱའོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དོ།། །།<br> ༈ ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད།<br> ༆ རིན་པོ་ཆེ་རང་གི་མ་ཡིན་པ་དང་དེར་སྨོས་པ་ལ་རེག་གམ་རེག་ཏུ་བཅུག་ན་བྱེད་པ་པོ་ཡིན་ནོ། །དེ་ནི་གཡུལ་དུ་བཅད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ། །དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་དངོས་གཞིའོ། །གྱུར་པ་མ་ཡིན་པ་ནི་ཉེས་བྱས་ཀྱིའོ། །གཙུག་ལག་ཁང་དང་དེའི་ཉེ་འཁོར་ན་འདུག་པ་ལ་བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་ཀྱིས་ནི་མ་གཏོགས་སོ། །དེ་ཡལ་བར་མི་དོར་རོ། །དེ་ཞག་བདུན་ནམ་བརྒྱད་དུ་བསྡུ་སྐྱོག་བྱའོ། །འགྲོ་བའི་ལམ་གཡོགས་སུ་སའམ་ལོ་མའི་ཚོགས་དག་གིས་གཡོགས་པར་བྱའོ། །བདག་པོ་རྟགས་ཐམས་ཅད་ལ་མ་བསྟབས་པར་ཁོ་བོའི་ཡིན་ནོ་ཞེས་ཟེར་བ་ལ་སྦྱིན་པར་མི་བྱའོ། །འོངས་པར་མ་གྱུར་ན་དེའི་འོག་ཏུ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ། །ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ། །དེའི་འོག་ཏུ་མ་འོངས་ན་སངས་རྒྱས་སམ་དགེ་འདུན་གྱི་རིས་གང་ནས་རྙེད་པ་དེར་སྤྱད་དུ་རུང་ངོ་། །དེ་རུང་བ་ཉིད་མ་ཡིན་ན་དེས་རུང་བ་བརྟན་པོ་ཉོ་བར་བྱའོ། །གལ་ཏེ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་རྗེས་སུ་གནང་བ་གསོལ་ཏེ་མི་སྟེར་ན་སྦྱིན་པར་བྱའོ། །གལ་ཏེ་སྐྱེད་སློང་ན་ཁོ་བོ་ཅག་གིས་ཡོངས་སུ་བསྐྱང་བ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱའོ། །ནོར་བུ་ལ་སོགས་པ་ལ་ནི་བདར་བ་དང་ཕུགས་པ་ཉིད་དུ་རུང་བ་ཉིད་ཡིན་ནོ། །མགུལ་རྒྱན་དང་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་དང་དོ་ཤལ་དང་སེ་མོ་དོ་ཉིད་དུ་གནས་པ་ཡང་ངོ་། །པི་ཝང་དང་འོད་མ་དང་བལ་ལ་རི་དང་མ་ཧ་ཏི་དང་སུ་གྷོ་ཤ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ནའོ། །དུང་དང་རྔ་བོ་ཆེ་དང་རྔ་པ་ཊ་ཧ་དང་རྫ་རྔ་རྣམས་ནི་སྒྲ་འབྱིན་ནའོ། །གཞུ་ནི་རྒྱུད་དང་བཅས་པ་ཉིད་ནའོ། །རལ་གྲི་དང་རལ་གྲི་ཀྱོག་པོ་དང་རལ་གྲི་སོ་གཅིག་པ་དང་འཕང་མདུང་དང་མདུང་དང་ལྕགས་ཀྱོ་རྣམས་ནི་དེ་དག་ཉིད་ཡིན་ནའོ། །མདའ་དང་ལྕགས་མདའ་དང་མདའ་ཕྱེད་ལྕགས་ལས་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ 159-43a ཉིད་ནའོ། །སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ནའོ། །དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་ན་ཉེས་པ་མེད་དོ། །ནོར་བུ་མཆིང་བུ་དང་སོག་མའི་ཕྲེང་བ་དང་མཆུ་སྦྲང་དང་རྫ་རྔ་ཁ་གཅིག་པ་དང་གཞུ་དང་མདའ་ལྟར་བཅོས་པ་རྣམས་ནི་ཕྱེད་ཉིད་དོ། །གསེར་གྱི་སྟེགས་བུ་ནི་མི་རུང་བ་ཉིད་དོ། །འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན་དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ། །དད་པ་ཅན་ནམ་དགེ་ཚུལ་གྱིས་སོ། །མེད་ན་རང་གིས་སོ། །དེར་བསྐོ་བར་བྱའོ། །བྲལ་ན་སྦྱིན་ནོ། །བྲུ་བ་ཡང་དེ་དང་འདྲའོ། །མི་མ་ཡིན་པའི་གནས་ན་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་རང་བཞིན་གྱིས་གཞི་དང་ཐེམ་སྐས་ལ་སོགས་པ་ལ་ནི་ཉེས་པ་མེད་དོ། །ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལས་བྱས་པ་ཡང་ངོ་། །འདུག་པའི་ཕྱིར་མལ་ཆ་དང་སྟན་ལ་ཡང་ངོ་། །བཞོན་པས་འགྲོ་བར་བྱའོ། །ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་སོ། །ཆ་སྒེག་དང་ལྡན་པ་ཉིད་ཀྱིས་མི་བྱའོ། །རྒས་པ་དང་ན་བ་དག་ལས་གཞན་པས་མི་བྱའོ། །ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །ཁྱིམ་གཞན་དུ་དེས་བཤམས་པ་ན་གསེར་དང་དངུལ་གྱིས་སྤྲས་པ་དྲིལ་བུ་གཡེར་ཀས་བཤིགས་པའི་གོས་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་ཀྱང་ངོ་། །དེ་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་བརྒྱན་པ་དག་ལ་ཡང་ངོ་། །དེ་དག་བྲུབ་པར་བྱའོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་མི་རུང་བ་ཉིད་མེད་དོ། །དེའི་རྫས་ལ་ཡང་ངོ་། །རྒྱན་གདགས་པ་བསྟེན་པར་མི་བྱའོ། །རྒྱ་བཅང་བར་བྱའོ། །གདགས་སུ་མི་རུང་བའོ། །རོ་ཉེ་འམ་ཟངས་སམ་ར་གན་ནམ་ཁར་བའམ་རྒྱ་སྐྱེགས་ཀྱི་ཚིགས་མའམ་ཤིང་ངམ་རྡོའམ་སའམ་བ་སོའམ་རྭ་དག་ལས་བྱས་པའོ། །རྟགས་ནི་དགེ་ 159-43b འདུན་གྱི་ལ་ནི་དབུས་སུ་འཁོར་ལོ་ངོས་གཉིས་སུ་རི་དགས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་ལ་ནི་རུས་པའི་ཀེང་རུས་སམ་མགོའི་ཐོད་པའོ། །སོ་མངས་ཀྱིས་སྐྲ་བཤད་པར་མི་བྱའོ། །དེ་ནི་དཔེའོ། །མེ་ལོང་གིས་བཞིན་བལྟ་བར་མི་བྱའོ། །ཆུ་ཡན་ཆད་ཀྱིས་སོ། །ཆུ་བརྟག་པའི་ཆེད་ཉིད་དང་གཉེར་མ་དང་རྨ་དང་སྐྲ་དཀར་བལྟ་བ་དང་སྔ་ཕྱིའི་མཚན་མ་གཟུང་བ་ལ་ནི་ཉེས་པ་མེད་དོ། །འཕྲལ་རིས་གསུམ་བསྟེན་པར་མི་བྱའོ། །གི་ཝང་གིས་བསྐུ་བ་བསྟེན་པར་མི་བྱའོ། །དྲི་དག་གིས་ཀྱང་མི་བྱའོ། །བསོད་ནམས་འདོད་པས་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་མི་བྱའོ། །དེའི་མདུན་དུ་དོར་བར་མི་བྱའོ། །དེ་དག་བསྐུས་པ་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ། །ཁྱིམ་བདག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་བདག་ཏུ་འགྲོ་བར་མི་བྱའོ། །མཇུག་ཏུ་ཁྲུས་བྱའོ། །དེ་དག་བླང་བར་བྱའོ། །ཕྲེང་བ་རྒྱུ་དག་ཀྱང་ངོ་། །མཆོད་རྟེན་ལ་དབུལ་བར་བྱའོ། །ཉན་ཐོས་ཀྱི་ལ་ཡང་ངོ་། །སྦྱིན་པར་བྱེད་པ་མངོན་པར་མ་དད་ན་མགོ་ལོགས་སམ་རྐང་པ་ལོགས་སུའོ། །སྒོའི་བྱང་སྟོད་མ་ཡིན་པར་བྱའོ། །རྩིག་པ་ལའོ། །དེར་ཁབ་བམ་ཚེར་མ་བཙུགས་པ་ལ་མེ་ཏོག་ཕྲེང་རྒྱུད་དག་བཅང་བར་བྱའོ། །མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ། །བྲམ་ཟེའི་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ། །སྔགས་སྐུད་ཀྱང་ངོ་། །གསོ་བའི་ཕྱིར་ནི་དཔུང་པ་གཡོན་པར་རོ། །གར་བབ་བབ་ཏུ་མི་དོར་རོ། །གལ་ཏེ་ལྷག་མ་དང་བཅས་པར་གྱུར་ན་ཆོས་གོས་ཀྱི་ཐ་མ་འམ་སྐ་རགས་ལ་གདགས་པར་བྱའོ། །གལ་ཏེ་མ་གྱུར་ན་ཀ་བའམ་རྩིག་པའི་གསེབ་ཏུ་གཞུག་གོ། །གར་དང་གླུ་དང་རོལ་མོ་ཀུན་ཏུ་སྤྱད་པར་མི་བྱའོ། ། བསླབ་པར་མི་བྱའོ། །བཟླས་པར་མི་བྱའོ། །བལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །དགེ་སློང་མ་ཀུན་ཏུ་གར་བྱེད་དུ་མི་གཞུག་གོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང་། རྒྱུན་ཆགས་གསུམ་པ་གདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ། །མཐོ་འཚམས་ 159-44a པ་དང་ཀུན་དུ་རྩེ་བ་དང་ཀུན་ཏུ་ཅ་ཅོ་འདོན་པ་དང་རྒོད་པ་དང་དྲེགས་པ་དང་ལུས་ལ་རྡེག་པ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བ་མི་བྱའོ། །འདྲེས་པ་ནི་ཆར་སྡོམ་མོ། །སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱའོ། །གདགས་པར་མི་བྱའོ། །ངོ་སོ་ལས་བྱུང་བ་སྦྱིན་པར་མི་བྱའོ། །མི་རིངས་པར་རྒྱུག་པར་མི་བྱའོ། །མྱུར་བ་དང་མཆོངས་པ་མི་བྱའོ། །བརླ་དང་ལག་པ་དང་ཉ་ལྟར་སྐོར་བ་བསྐོར་བར་མི་བྱའོ། །ཆུར་གསེག་མ་གདབ་པར་མི་བྱའོ། །ཆུར་རྫ་རྔ་ཁ་གཅིག་པ་དང་རྔ་བོ་ཆེ་ལྟར་བརྡུང་བར་མི་བྱའོ། །རྫབ་ལ་ཕྱིལ་མོ་ཉུག་པར་མི་བྱའོ། །གླང་པོ་ཆེའི་སྐད་དང་རྟའི་སྐད་དང་ཁྱུ་མཆོག་གི་སྐད་དང་རྨ་བྱའི་སྐད་དང་ཁུ་བྱུག་གི་སྐད་མི་དབྱུང་ངོ་། །ཁས་དུང་དང་སིལ་ཀྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ།། །།<br> ༈ ཁྲུས་བྱེད་པའི་ལྟུང་བྱེད།<br> ༆ འདུལ་བའི་མདོ་བམ་པོ་ལྔ་པ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་ལས་སོ། །གོས་མེད་པའི་ཟས་གཉིས་པ་རྙེད་པའི་རྣམ་པ་གང་ཡིན་པ་ལའོ། །རླུང་གིས་མི་བསྐྱོད་པ་ལའོ། །གོས་ཀྱི་གྲྭ་བསྒུལ་བ་ནི་དེའི་མཐའ་ཡིན་ནོ། །ཆར་གྱིས་མ་ཕོག་པ་ལའོ། །དེའི་ཐིགས་པ་གཉིས་ཀྱིས་ཕོག་པའོ། །ལུས་ལའོ། །གཞན་གྱི་དུས་སུ་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ། །དབང་བསྐུར་བས་སམ་འཇུག་པས་སོ། །ལྟེ་བར་སོན་ནའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །ཆུ་མ་ཡིན་པས་ཀྱང་ངོ་། །ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ནའོ། །དོན་གཞན་ལ་གཞོལ་བས་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་ནོ། །དེའི་ཕྱིར་མ་བསམས་པར་བརྒལ་བ་དང་རྐྱལ་པ་ལ་གདབ་པ་དག་ལ་ནི་ལྟུང་བ་མེད་དོ། །ཨ་མྲ་པ་རན་ཏའི་ཡུལ་དག་ན་ནི་འདི་མེད་པར་ཤེས་པར་བྱའོ། །ཆོ་ག་བཙན་པོ་ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཁྲུས་བྱེད་པའི་ལྟུང་བྱེད་དོ།། །།<br> ༈ དུད་འགྲོ་གསོད་པའི་ལྟུང་བྱེད།<br> ༆ གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ། །གཞི་དེས་དེའི་ཚེའམ་གཞན་གྱི་ཚེ་ཤི་ནའོ། །སེམས་ 159-44b ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ།། །།<br> ༈ འགྱོད་པ་སྐྱེད་པའི་ལྟུང་བྱེད།<br> ༆ ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ནའོ། །དགེ་སློང་ལའོ། །བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིའོ། །བཞད་གད་ཀྱིས་ཀྱང་ངོ་། །འགྱོད་པ་མ་སྐྱེས་ན་ཡང་ངོ་། །གཞན་གྱིས་ནི་ཉེས་བྱས་སོ། །འགྱོད་པ་བསྐྱེད་པའི་ལྟུང་བྱེད་དོ།། །།<br> ༈ ག་ག་ཚིལ་བྱེད་པའི་ལྟུང་བྱེད།<br> ༆ དགེ་སློང་ལ་སོར་མོ་འམ་ཁུ་ཚུར་རམ་གྲུ་མོའམ་ཕྲག་པའམ་མགོའམ་གློ་འམ་རྒྱབ་བམ་རྐེད་པའམ་བརླའམ་པུས་མོའམ་བྱིན་པའམ་རྐང་པའི་མཐེ་བོ་ལ་སོགས་པ་དག་གིས་ག་ག་ཚིལ་བྱེད་པས་རེག་ནའོ། །སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་སོ། །དེའི་ཕྱིར་རྨ་དང་སྦྲང་བུ་དང་འབྲུམ་བུ་དང་སྨེ་བ་དང་སྤུའི་ཚོམས་བསྟན་པ་ལ་ནི་ལྟུང་བ་མེད་དོ། །རེག་བྱེད་གཅིག་གམ་དུ་མ་ཉིད་ལའོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ།། །།<br> ༈ ཆུ་ལ་རྩེ་བའི་ལྟུང་བྱེད།<br> ༆ ཆུའི་ཡུལ་ལ་རྩེ་བ་རྗེས་སུ་སྒྲུབ་ནའོ། །ཞུགས་ཤིང་ནུབ་པ་དང་འབྱུང་བ་དང་ངོགས་གཞན་དུ་བརྒལ་བ་དང་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང་ཆུ་ལ་རྔ་བོ་ཆེ་དང་རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་གསེ་བ་མ་འཁྲབ་པ་དང་འཕེན་པ་དང་ཁོར་ཡུག་དང་རྡོ་རྗེ་དང་ཁྲོན་པ་དང་དབའ་ཀློང་དང་ཆུ་སྲུབས་འདྲེན་པ་དག་བྱེད་ན་དངོས་གཞིའོ། །བེམ་རྟོལ་གྱིས་བརྡེགས་ན་ཉེས་བྱས་སོ། །བུམ་པ་དང་ཕྲུ་བ་དང་རིལ་བ་དང་ཁམ་ཕོར་དང་བུ་རམ་གྱི་ཁུ་བ་འཛག་པ་དང་སྲན་ཚོད་དང་འུ་ཤ་དང་ཐང་ཚ་བ་ཉིད་ཡོད་པ་ལ་ཡང་ངོ་། །ཆུ་མ་ཡིན་པ་ལ་རྩེ་བ་ཡང་ངོ་། །དེ་ལྟ་བུ་ལ་བྱེད་དུ་བཅུག་པ་ནི་དེ་དང་འདྲའོ། །རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་སོ། །དེའི་ཕྱིར་སིམ་པར་འདོད་པས་བརྒལ་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །རྐྱལ་སློབ་པ་ཐད་ཀ་འམ་ལྟ་འོག་ཏུ་རྩོལ་བ་ལ་ཡང་ངོ་། །གྲངས་པར་འདོད་པས་ཚ་བ་དག་ལ་རི་མོ་འདོད་པ་ལ་ཡང་ངོ་། །ཆུ་ལ་རྩེ་བའི་ལྟུང་བྱེད་དོ།། །།<br> ༈ བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད།<br> ༆ བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །མཚན་མོའོ། །མཐར་རོ། །མདུན་རོལ་དུ་ནི་ཉེས་བྱས་སོ། ། 159-45a བྱ་གག་ནི་ཚད་ནི་དེ་བྱེད་པ་ཉིད་ཀྱི་མཐའོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ།། །།<br> ༈ སྔངས་པར་བྱེད་པའི་ལྟུང་བྱེད།<br> ༆ བཞད་གད་བྱ་བར་བསམས་པས་ཀྱང་རུང་སྟེ་སྔངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་སྒྲུབ་པ་སྔོན་དུ་བཏང་བས་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་ཅེས་དགེ་སློང་ལ་གཞན་གྱིས་ཀྱང་གོ་བར་བྱེད་ན་འཇིགས་པ་མ་སྐྱེས་ཀྱང་ངོ་། །ཡིད་དུ་མི་འོང་བ་ལ་དངོས་གཞིའོ། །འདི་ལྟ་སྟེ་དཔེར་ན་ཡི་དྭགས་དང་ཤ་ཟ་དང་གྲུལ་བུམ་དང་ལུས་སྲུལ་པོའི་གཟུགས་ལ་བ་ནག་པོ་དང་སོལ་བ་དང་ཀ་བ་དང་ཀ་བ་ཚིག་པ་ལྟ་བུ། སེང་གེ་དང་སྟག་དང་གུང་དང་བསེ་དང་གཟིག་དང་ཝའི་སྐད་ལྟ་བུ། བཤང་བ་དང་གཅི་བ་དང་ར་དང་དེའི་ཟེ་བའི་དྲི་ལྟ་བུ། སེག་དང་རེ་ལྡེ་དང་ཕྱར་བའི་རེག་པ་ལྟ་བུ་དག་ཉིད་སྒྲོགས་པའོ། །ཡིད་དུ་འོང་བ་ལ་ནི་ཉེས་བྱས་སོ། །འདི་ལྟ་སྟེ། དཔེར་ན་ལྷ་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོའི་གཟུགས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་སོགས་པ་ལྟ་བུ་དང་། པི་ཝང་ལ་སོགས་པའི་སྒྲ་ལྟ་བུ། ཨ་ཀ་རུ་དང་ཙན་དན་དང་གུར་གུམ་དང་ཏ་མ་ལའི་ལོ་མའི་དྲི་ལྟ་བུ། དར་དང་རས་ཡུག་ཆེན་པོ་དང་བེའུ་རས་དང་དར་ལ་དང་དུ་གུ་ལའི་རས་དང་ཀོ་ཏམ་པའི་རས་ཀྱི་རེག་པ་ལྟ་བུ་ཉིད་སྒྲོགས་པའོ། །སྐྱོ་བར་བྱ་བའི་ཆེད་ཉིད་ནི་མ་གཏོགས་སོ། །དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་དུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་ཀྱི་གཏམ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སྔངས་པར་བྱེད་པའི་ལྟུང་བྱེད་དོ།། །།<br> ༈ སྦེད་པའི་ལྟུང་བྱེད།<br> ༆ རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་བཅུག་ནའོ། །ཕན་པར་འདོད་པས་ནི་མ་གཏོགས་སོ། །སྦེད་པའི་ལྟུང་བྱེད་དོ།། །།<br> ༈ བྱིན་པ་ལ་ཉེ་བར་འཚོ་བའི་ལྟུང་བྱེད།<br> ༆ དགེ་སློང་ལ་གོས་བླང་བ་མེད་པར་བྱིན་པ་དེས་གནང་བ་མེད་པར་སྤྱོད་ནའོ། །གལ་ཏེ་གཞི་དེས་དེ་དགའ་བར་མི་འགྱུར་ནའོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དོ།། །།<br> ༈ སྐུར་པ་འདེབས་པའི་ལྟུང་བྱེད།<br> ༆ སྐུར་པ་འདེབས་པར་འདོད་པས་དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ་དགེ་འདུན་ལྷག་མས་སྐུར་པ་བརྗོད་ནའོ། ། 159-45b བག་ཙམ་གྱིས་ཀྱང་ངོ་། །སྐུར་པ་འདེབས་པའི་ལྟུང་བྱེད་དོ།། །།<br> ༈ བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད།<br> ༆ འདོད་པས་ལམ་དུ་འགྲོ་ནའོ། །རྒྱང་གྲགས་རེ་རེར་རོ། །དེའི་ཕྱེད་རེ་རེར་ནི་ཉེས་བྱས་སོ། །བསེལ་བྱེད་པ་ནི་མ་གཏོགས་སོ། །དེས་ལམ་ནོར་བ་ལམ་དུ་འཇུག་པར་བྱེད་པ་ཡང་ངོ་། །མི་ནུས་པ་ཁྲིད་པ་ཡང་ངོ་། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ།། །།<br> ༈ རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད།<br> ༆ གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ་ཤོ་གམ་འདྲལ་བར་བྱེད་པའི་ཚོང་པ་དག་དང་ལྷན་ཅིག་འགྲོ་བ་ལའོ། །ཟོལ་པ་དག་དང་རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་དང་ལྷན་ཅིག་འགྲོ་བ་ལ་ནི་ཉེས་བྱས་སོ། །རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ།། །།<br> ༈ མ་ལོན་པ་བསྙེན་པ་རྫོགས་པར་བྱེད་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ། །མཁན་པོ་ཉིད་ཀྱིས་སོ། །བསྙེན་པར་རྫོགས་པར་བྱས་ནའོ། །དེས་དེ་ལ་ལོན་པ་ཉིད་མི་དྲི་བར་མི་བྱའོ། །གཞན་གྱིས་ཀྱང་མི་བྱའོ། །ངེས་པར་མི་ཤེས་པར་དེ་བསྙེན་པར་རྫོགས་པར་མི་བྱའོ། །རྣམ་པ་ཐམས་ཅད་དུ་དེ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་རྫོགས་པ་འཆགས་སོ། །ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་། །ཤེས་ན་ནི་དེ་ཞིག་གོ། །གལ་ཏེ་དེ་སྐྱེས་པ་ན་མ་ལོན་པའིའོ། །མངལ་ན་གནས་པ་དང་ཤོལ་གྱི་ཟླ་བ་དག་དང་ཡང་བཅས་ཏེའོ། །མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།<br> ༈ ས་རྐོ་བའི་ལྟུང་བྱེད།<br> ༆ རྐོ་བའམ་རྐོར་བཅུག་པ་ལའོ། །སའིའོ། །ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཛུགས་པ་མ་གཏོགས་སོ། །གལ་ཏེ་རང་བཞིན་ཅན་ཡིན་ན་དངོས་གཞིའོ། །གལ་ཏེ་མ་ཡིན་ན་ཉེས་བྱས་སོ། །སྔ་མ་ཤོས་པ་ནི་ཟླ་བ་གསུམ་ལོན་པའི་འཐས་པའོ། །གལ་ཏེ་ཆར་ཆུ་ཞོད་ནའོ། །གཞན་གྱི་ཚེ་ན་དྲུག་གོ། །རྩིག་པ་ནི་ས་ཉིད་མ་ཡིན་པར་ཤེས་པར་མི་བྱའོ། །འདུས་པ་དག་ལ་ནི་ཤས་ཆེ་བས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་ནོ། །དེའི་ཕྱིར་ཉུང་ངུ་གཞན་ཡོད་པའི་རྫས་ཉིད་ལ་ནི་ཕལ་ཆེ་བ་ཉིད་དོ། །ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིན་ནོ། །ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ། །ས་ཞག་དང་ངོགས་དང་རྩིག་པ་ 159-46a དང་དེའི་སྐྱང་ནུལ་གྲུགས་པ་དག་ཀྱང་ངོ་། །རྡོ་ཐལ་རྒྱུ་དང་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ངོ་། །བྱ་བ་དག་ཀྱང་ངོ་། །ཕུར་པ་འབྱིན་པ་དང་རི་མོ་འདྲེན་པ་དང་སའི་ཕྱེ་མ་འདྲེས་པའི་ལྕི་བ་འགོགས་པ་དང་། འདམ་བསྐྱོད་པ་དང་། དེ་དང་འབྲེལ་བའི་ཕྲུ་བ་ལ་སོགས་པ་འདེགས་པ་དང་འཇིག་པའི་བདག་ཉིད་ཀྱི་ཚ་སྒོ་དག་ཀྱང་ངོ་། །འདིར་གཞིག་པའི་བློ་དང་ལྡན་ན་དེའོ། །དེའི་ཕྱིར་བགྲང་བ་དང་ཤོད་དགོད་པ་ལ་སོགས་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །ས་རྐོ་བའི་ལྟུང་བྱེད་དོ།། །།<br> ༈ མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད།<br> ༆ ཧ་ཅང་བླང་བར་མི་བྱའོ། །མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཚོད་མ་བསྐུལ་བ་དེ་མེད་ན་འགྲོར་རུང་ངོ་། །དུས་ལས་ཡོལ་དུ་བྱེད་ན་བྲིམས་ཤིག་ཅེས་བསྒོ་བ་ཡང་ངོ་། །ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱའོ། །སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ། །དགེ་འདུན་དང་བཅས་ཏེ་མགྲོན་དུ་བོས་པ་ཡང་ངོ་། །དུས་ཐམས་ཅད་དུ་ཡང་ངོ་། །ཚིག་རྣམ་པར་གཞག་པ་མེད་པར་མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཕྱིས་གཞན་ནམ་ཡང་དང་ཡང་དུ་འམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ། །རྣམ་པར་རིག་བྱེད་ལ་ནི་ཉེས་བྱས་སོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །ཉེ་དུ་ལས་ཀྱང་ངོ་། །རྣམ་པར་འཁྱམས་པ་ལས་སྔ་མ་ནི་ཐ་དད་པ་ཉིད་དོ། །དེ་ནི་མ་བསྟབས་པའི་ཉེས་པ་བྱེད་པ་ཉིད་ཡིན་ནོ། །མདུན་རོལ་དུ་ཡང་གང་གིས་མ་བསྟབས་པའོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དོ།། །།<br> ༈ བསླབ་པ་ལ་ཉེ་བར་འཇོག་པ་སྤང་བའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །མངོན་པར་ཤེས་པ་ཉིད་ལའོ། །སྨྲ་བ་པོ་ལའོ། །བསླབ་པ་ལའོ། །དགེ་སློང་གིས་ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པ་ནའམ་བསྒོ་བ་ནི་མི་སློབ་བོ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པ་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ནའོ། །མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་བྱས་ཀྱིའོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤང་བའི་ལྟུང་བྱེད་དོ།། །།<br> ༈ ཉན་རྣ་ལས་གྱུར་པའི་ལྟུང་བྱེད།<br> ༆ དགེ་སློང་དག་རྩོད་པར་གྱུར་པ་དགེ་སློང་དག་དང་གྲོས་བྱེད་པ་ན་མཉན་པའི་ཕྱིར་རྣ་གཏོད་ན་སྟེ་ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་ 159-46b སོ། །སྒྲ་ཐོས་པ་ལ་ནི་ཉེས་བྱས་སོ། །དོན་ལ་ནི་དངོས་གཞིའོ། །གལ་ཏེ་འཁྲུག་ལོང་བྱ་བ་ལ་གཞོལ་བས་སོ། །དོན་གཞན་གྱི་དབང་ཉིད་ཀྱིས་སོན་ཞིང་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གོ་བར་མི་བྱེད་ན་ངེས་པར་ལྟུང་བ་འབྱིན་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ནོར་བ་དང་ཞི་བར་འདོད་པ་ནི་མ་གཏོགས་སོ། །འཐབ་གཅུགས་མི་བྱའོ། །མཉན་པར་མི་བྱའོ། །དེ་བྱེད་པ་ལ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ། །ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་འབར་བར་མི་བྱའོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དོ།། །།<br> ༈ མི་སྨྲ་བར་འགྲོ་བའི་ལྟུང་བྱེད།<br> ༆ གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་དགེ་སློང་དག་ལ་མ་སྨྲས་པར་འགྲོ་ནའོ། །ཐོས་པའི་ཉེ་འཁོར་ལས་འདས་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །དོན་མེད་པ་དང་མི་རིགས་པས་འགྲོ་བའོ། །གསོལ་བ་བྱས་པ་ཉིད་ལའོ། །ཆོས་དང་ལྡན་པའི་དོན་ཉིད་མ་ཡིན་པའི་ལས་ལ་ཡང་ངོ་། །ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པས་ནི་ལྟུང་བ་མེད་དོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དོ།། །།<br> ༈ མ་གུས་པའི་ཚུལ་གྱི་ལྟུང་བྱེད།<br> ༆ འདུག་པ་དང་འགྲོ་བ་དང་གནས་མལ་དང་གཙུག་ལག་ཁང་ལེན་པ་དང་སྨྲ་བ་ལ་སོགས་པ་བསྒོ་བའི་དོན་ལ་མ་གུས་པས་ཆོས་དང་ལྡན་པར་བཤད་ཀྱིས་སྦྱང་བ་མེད་པར་དེ་ལས་བཟློག་སྟེ་འགལ་བར་བྱེད་པ་ལའོ། །དགེ་སློང་གི་དགེ་འདུན་གྱི་ལ་ནི་དངོས་གཞིའོ། །མཁན་པོ་དང་སློབ་དཔོན་དག་གི་ལ་ནི་ཉེས་བྱས་སོ། །ཆོས་དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་ངོ་། །གཏམ་ཟེར་བ་ནི་དེ་ཉིད་དོ། །དགེ་འདུན་གྱི་ཐ་སྙད་པ་ནི་དེའི་ཁ་ཡིན་ནོ། །སངས་རྒྱས་ནི་དགེ་འདུན་དང་འདྲའོ། །རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་རྣམ་པར་དཀྲུག་པར་མི་བྱའོ། །མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དོ།། །།<br> ༈ མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད།<br> ༆ མྱོས་པར་འགྱུར་བ་འཐུང་བ་ནའོ། །དེ་བསྐོལ་ན་ནི་དེ་ཉིད་ལས་ཉམས་པ་ཡིན་ནོ། །སྦང་མ་དང་ཚིགས་མ་ཟ་བ་ལ་ནི་དེའི་འཇུག་པ་ཡོད་དོ། །ཕབས་ཀྱི་ཆང་བུ་ནི་ཕྱེད་ཉིད་དོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །མྱོས་པར་འགྱུར་བའི་དྲི་ 159-47a དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས་ཀྱང་ངོ་། །མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ལ་ནི་ཉེས་པ་མེད་དོ། །མཁུར་བར་བསེལ་བ་དང་ལུས་སྐུད་པ་ནི་སྦྱོར་བ་དང་འདྲའོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དོ།། །།<br> ༈ དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །དུས་མ་ཡིན་པ་ཉིད་ལའོ། །དགེ་སློང་འཁོད་པ་ལ་མ་སྨྲས་པ་ལའོ། །གྲོང་དུ་ཞུགས་ནའོ། །གལ་ཏེ་བརྟད་པའི་བྱ་བ་མ་བྱུང་ནའོ། །གཞན་དུ་རྒྱུ་བ་ལ་ནི་ཉེས་བྱས་སོ། །འདི་ལ་དགེ་སློང་མེད་ན་དགེ་སློང་མ་ཡང་དེ་དང་འདྲའོ། །དེ་ཡང་ན་དགེ་ཚུལ་ལོ། །དེ་ཡང་ན་དགེ་སློབ་མའོ། །དེ་ཡང་ན་དགེ་ཚུལ་མའོ། །བརྡ་མི་ཕྲད་པ་ནི་མེད་པ་ཉིད་དོ། །མཚམས་གཞན་ན་གནས་པ་དང་གནས་ནས་ཕྱུང་བ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ་། །རྫུ་འཕྲུལ་གྱིས་ནི་ལྟུང་བ་མེད་དོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དོ།། །།<br> ༈ གྲོང་རྒྱུ་བའི་ལྟུང་བྱེད།<br> ༆ དུས་མ་ཡིན་པར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ། །དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ནི་སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཤིག་ཅེས་བསྒོ་བར་གསུམ་པ་ལ་སོགས་པར་རྒྱུ་བ་ལ་ཡང་ངོ་། །གྲོང་རྒྱུ་བའི་ལྟུང་བྱེད་དོ།། །།<br> ༈ རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འཇུག་པའི་ལྟུང་བྱེད།<br> ༆ ཤེས་གཙོའོ། །ནམ་མ་ནངས་པ་ཉིད་ལའོ། །འདིར་ནི་སྐྱ་རེངས་ཐ་མ་མ་ཤར་བ་ཉིད་དེ་ཡིན་ནོ། །བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་བ་ཉིད་ལའོ། །དེའི་ཚེ་སྐབས་མ་ཡིན་པ་ལ་ཡང་ངོ་། །མཚན་མོ་རེ་རེ་ལའོ། །དེའི་སྒོ་བསྟན་པ་དང་ཉེ་འཁོར་གྱི་མཐའ་གཉིས་ནི་དེའི་དང་པོ་ཡིན་ནོ། །རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་ཀྱང་དེ་དང་འདྲའོ། །རྒྱལ་པོའི་ཕོ་བྲང་གི་གནས་ལ་ཡང་ངོ་། །གྲོང་ཁྱེར་དང་ནི་ཉེས་བྱས་སོ། །གལ་ཏེ་དེའི་དོན་ཉིད་ཡིན་ནའོ། །འདི་ལ་ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་ཡང་ངོ་། །གལ་ཏེ་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་བར་ཆད་དང་གདུལ་བའི་དབང་གིས་མ་ཡིན་པ་ལའོ། །མ་བཟླུགས་པར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འཇུག་པའི་ལྟུང་བྱེད་དོ།། །།<br> ༈ བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད།<br> ༆ སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་དེ་ལ་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་ 159-47b པས་འདི་ལ་ཆོས་འདི་ཡོད་པར་བདག་གིས་ད་གཟོད་ཤེས་སོ་ཟེར་བ་དེ་ལའོ། །མཚན་གཞན་གྱི་ཚེ་འདོན་པའི་ཚེ་ཐུན་མོང་བ་ལ་ནི་ཉེས་བྱས་སོ། །མདོ་སྡེ་དང་ལྡན་པ་སྨྲ་བ་ན་ཡང་ངོ་། །ཐུན་མོང་མ་ཡིན་པ་ནི་ལྟུང་བ་མེད་དོ། །སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་མ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་འགྱོད་དུ་གཞུག་གོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ།། །།<br> ༈ ཁབ་རལ་འཆོས་པའི་ལྟུང་བྱེད།<br> ༆ བསོ་དང་རུས་པ་དང་རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལའོ། །བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་ལ་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །བཅག་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅག་ན་མ་བཤགས་པ་ཉིད་ཡིན་ནོ། །འོག་མ་ལྔ་པོ་དག་ལ་ཡང་དེ་དག་དང་བཅད་པ་དང་ལྡན་པ་ཡིན་ནོ། །གཉིས་པ་ལ་ནི་བསྡུས་པ་དང་པོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དོ།། །།<br> ༈ ཁྲི་རྐང་འཆོས་པའི་ལྟུང་བྱེད།<br> ༆ རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱའོ། །མལ་དང་འབྲེལ་བའི་ཁྲི་ཉེ་འཁོར་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །ལྷམ་ཡོད་པས་སོ། །གཞན་གྱིས་ནི་མགོའི་ལོགས་དང་རྐང་པའི་ལོགས་མ་གཏོགས་པར་རོ། །མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་ལ་འདུག་པའམ་ཉལ་བར་མི་བྱའོ། །ཁྱིམ་གཞན་དུ་གཞན་མེད་ན་སྔ་མ་ཤོས་བྱའོ། །རྐང་རྟེན་དང་བཅས་པ་ལ་མལ་བཅའ་བར་བྱའོ། །ཁྲི་བརྩེགས་པའི་སྟེང་དུ་འདུག་པར་མི་བྱའོ། །ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ། །གཉིས་པའི་འོག་མ་གསུམ་པོ་དག་ལ་ཡང་ངོ་། །ཁྲིའམ་ཁྲིའུ་དག་གིའོ། །དགེ་འདུན་གྱིའོ། །འོག་མ་ལ་ཡང་ངོ་། །རྐང་པ་དག་གིའོ། །དེ་དག་གི་ཚད་ནི་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་ཁྲུ་གང་ངོ་། །བདེ་བར་གཤེགས་པའི་སུམ་ཆས་སོ། །འོག་མ་དག་ལ་ཡང་ངོ་། །ཁྲི་རྐང་འཆོས་པའི་ལྟུང་བྱེད་དོ།། །།<br> ༈ ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད།<br> ༆ ཤིང་བལ་གྱིས་གོས་པར་བྱས་པ་ལའོ། །རང་ངམ་བསྐོས་པས་སོ། །ཤིང་བལ་ནི་ལྔ་སྟེ། ཤ་མ་ལའི་དང་། ཨརྐའི་དང་། ཀ་ཤིའི་དང་། སྤྲ་བའི་དང་། ཨེར་ཀའིའོ། །ཤིང་བལ་གྱིས་གོས་པར་བྱ་བའི་ལྟུང་བྱེད་དོ།། །།<br> ༈ གདིང་བ་ལས་གྱུར་པའི་ལྟུང་བྱེད།<br> ༆ གདིང་བའིའོ། །འདིའི་ 159-48a ཚད་ནི་སྲིད་དུ་ཁྲུ་གསུམ་མོ། །མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་དོ། །འདིའི་ཞིང་དུ་ནི་ཁྲུ་དོ་དང་སོར་དྲུག་གོ། །དེ་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །འོག་མ་གཉིས་ལ་ཡང་ངོ་། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དོ།། །།<br> ༈ གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དང་དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད།<br> ༆ གཡན་པ་དགབ་པའིའོ། །ཁྲུ་དྲུག་དང་གསུམ་མོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།དབྱར་གྱི་རས་ཆེན་གྱིའོ། །དགུ་དང་གསུམ་དང་སོར་བཅོ་བརྒྱད་དོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དོ།། །།<br> ༈ བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད།<br> ༆ སྟོན་པ་རང་གི་ཁྲུ་ལྔ་དང་གསུམ་པའི་ཆོས་གོས་སོ། ། དེའི་ལུས་ཙམ་མེད་པར་དེའི་ཚད་དམ་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལའོ། །དེ་བཅང་བར་མི་བྱའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ།། །།ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ།། །།<br> ༈ སོ་སོར་བཤགས་པར་བྱ་བའི་སྐོར།<br> ༈ དང་པོ། དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ།<br> ༆ ཤེས་གཙོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ། །རང་གིས་མི་འབྲིམས་པར་བསྒྲུབས་པའི་བཅའ་བ་དང་བཟའ་བ་བདག་ཉིད་གྲོང་ན་འདུག་པས་བླངས་ཏེ་ཟོས་ནའོ། །དབྱར་ཁང་ནི་གྲོང་ཉིད་མ་ཡིན་ནོ། །དགེ་སློང་གི་གནས་ཀྱང་མ་ཡིན་ནོ། །ནམ་མཁའ་ནི་ཕྱེད་ཉིད་དོ། །འཇོག་པར་བྱེད་པའི་དགེ་སློང་མ་ཉེ་བར་མི་གནས་ན་བཞག་པ་ལེན་པ་ནི་དེ་ལས་མ་ཡིན་ནོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ།། །།<br> ༈ གཉིས་པ། གྲལ་རིམས་སུ་མ་འཚེམས་པར་འབྲིམ་དུ་འཇུད་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ།<br> ༆ དེའམ་དགེ་སློང་གཞན་ལ་འདི་བཅའ་བའམ་བཏུང་བའམ་སྲན་ཚོད་དམ་བཟའ་བའམ་ཡང་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་བསྐོ་བཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ་ནི་བྱེད་པ་པོ་ཡིན་ནོ། །གལ་ཏེ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་ནའོ། །བྱུག་རིས་སྟོན་པ་དང་མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་སོ། །དེ་ལ་དགེ་སློང་གང་ཡང་རུང་བ་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བར་དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ནའོ། །ཁྱིམ་དུའོ། གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་ན་དངོས་གཞིའོ། ། 159-48b གལ་ཏེ་མི་རུང་ན་ཉེས་བྱས་ཀྱིའོ། །འདི་ལ་བསྒོ་བ་ཉིད་དུ་རྣམ་པར་གནས་པ་ནི་ཤེས་གཙོའོ། །དེའི་ཕྱིར་དྲི་བ་ལ་བརྩོན་པར་བྱའོ། །འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱའོ། །གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའོ།། །།<br> ༈ གསུམ་པ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ།<br> ༆ དད་པ་ཅན་ལ་གལ་ཏེ་བྱིན་ན་དེ་ཕོངས་པར་འགྱུར་བ་ལྟ་ན་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །གསོལ་བས་སོ། །བག་ཡངས་སུ་བྱ་བ་ཡང་ངོ་། །བྱིན་པ་དེའི་སེམས་རྟོགས་ནས་ཁྱིམ་དུ་འགྲོ་བ་དང་སྟན་ལ་འདུག་པ་དང་ཆོས་བསྟན་པ་དག་བྱའོ། །ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བསོད་སྙོམས་ལས་སྣུམ་ཁུར་སྦྱིན་པར་བྱ་ཞིང་རིལ་གྱིས་ནི་མི་སྦྱིན་ནོ། །འདོད་ན་བག་ཡངས་སུ་བྱའོ། །དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཟའ་བ་དང་བཅའ་བ་དག་བླངས་ཤིང་ཟོས་པ་ལ་སྟེ། ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པའོ།། །།<br> ༈ བཞི་པ། ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ།<br> ༆ ནགས་ཉུལ་བའི་དགེ་སློང་བསྐོ་བར་བྱའོ། །དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་དུང་བརྡ་བརྟུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་དག་ལམ་ཁར་གཞག་པར་བྱའོ། །གཞན་དུ་ན་དཀར་པོ་དག་གོ། །འདོད་པ་ཉིད་ཡིན་ན་དེ་ལ་ཁྱེའུ་སུས་དང་གྲོགས་དག་ཀྱང་སྦྱིན་པར་བྱའོ། །ཤེས་གཙོའོ། །ནགས་མ་ཉུལ་བ་ཉིད་དག་ལའོ། །ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ནའོ། །བསྲུང་བ་བསྒྲུབས་ན་ཕྱེད་དོ། །འཇིགས་པ་དང་བཅས་པའི་གནས་ནས་གཞན་དུ་གྱུར་པ་ཉིད་དུ་ཡང་ངོ་། །ནགས་མ་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པའོ།། །།སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ།། །།<br> ༈ བསླབ་པ་རྣམས་ཀྱི་སྐོར།<br> ༆ ཤམ་ཐབས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བྱའོ། །ཧ་ཅང་རྩེངས་པ་མ་ཡིན་པར་རོ། །ཧ་ཅང་ 159-49a འཇོལ་བ་མ་ཡིན་པར་རོ། །གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པར་རོ། །གོང་དུ་མ་ལྟེབས་པར་རོ། །ཕུར་མ་ལྟར་འདུག་པ་མ་ཡིན་པར་རོ། །སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་འབྱུང་བ་མ་ཡིན་པར་རོ། །ཆོས་གོས་ཅི་ནས་ཀྱང་དང་པོ་གསུམ་ལྟར་འགྱུར་བ་དེ་ལྟར་བགོ་བར་བྱའོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ། །ལེགས་པར་བགོས་ཤིང་ངོ་། །སྒྲ་བསྐྱུང་ཞིང་ངོ་། །མིག་གཡེང་བར་མི་བྱ་ཞིང་ངོ་། །གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ངོ་། །མགོ་མི་གཡོགས་པའི་རྣམ་པས་སོ། །མི་བརྗེ་བར་རོ། །མི་གཟར་བར་རོ། །གཉའ་གོང་དུ་མི་བསྣོལ་བར་རོ། །ལྟག་པར་མི་བསྣོལ་བར་རོ། །མི་མཆོང་བར་རོ། །མི་བརྐྱང་བར་རོ། །རྩོག་པུས་མ་ཡིན་པར་རོ། །བྲང་བས་མ་ཡིན་པར་རོ། །དཀུར་མི་བརྟེན་པར་རོ། །ལུས་མི་བསྒྱུར་བར་རོ། །ལག་པ་མི་ཀྱོག་པར་རོ། །མགོ་མི་བསྒྱུར་བར་རོ། །ཕྲག་པ་མི་སྤྲད་པར་རོ། །ལག་པ་མི་སྦྲེལ་བར་རོ། །དེར་མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ། །སྟན་ལ་མ་བརྟགས་པར་མི་བྱའོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་རོ། །རྐང་པ་མི་བསྣོལ་བར་རོ། །བརླ་མི་བསྣོལ་བར་རོ། །ལོང་བུའི་སྟེང་དུ་ལོང་བུ་མི་བཞག་པར་རོ། །རྐང་པ་མི་དགུག་པར་རོ། །རྐང་པ་མི་གདང་བར་རོ། །མདོམས་མི་སྣང་བར་རོ། །ལག་པ་ལ་འགྲམ་པ་བརྟེན་ཏེ་མི་བྱའོ། །སྟན་ཐབས་བཀུར་བར་མི་བྱའོ། །ཐམས་ཅད་དུ་ལེགས་པར་ཟས་བླང་བར་བྱའོ། །མུ་དང་ཁ་ད་ཆད་དུ་མ་ཡིན་པར་རོ། །ཚོད་མ་དང་མཉམ་པ་མ་ཡིན་པར་རོ། །མཐར་ཆགས་སུའོ། །ལྷུང་བཟེད་ལ་བལྟ་ཞིང་ངོ་། །བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་རོ། །ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པར་རོ། །སྟེང་དུ་གཟུང་བར་མི་བྱའོ། །ལེགས་པར་ཟས་བཟའ་བར་བྱའོ། །ཁམ་ཧ་ཅང་ཆུང་བ་མ་ཡིན་པར་རོ། །ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་རོ། །ཁམ་རན་པར་རོ། །ཁམ་མ་གཟས་པར་ཁ་མི་གདང་ 159-49b ངོ་། །ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བྱའོ། །ཙུག་ཙུག་མི་བྱའོ། །ཅག་ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ། །ལྕེ་ཕྱུང་སྟེ་ཟས་མི་བཟའའོ། །འབྲུ་ནས་ཐ་དད་དུ་མི་བྱའོ། །འཕྱས་མི་གདགས་སོ། །མཁུར་བ་མི་སྤོའོ། །རྐན་མི་གཏོག་གོ། །ཁམ་འཕྲོར་མི་གཅད་དོ། །ལག་པ་མི་ལྡག་གོ། །ལྷུང་བཟེད་མི་བྱོག་གོ། །ལག་པ་མི་སྤྲུག་གོ། །ལྷུང་བཟེད་མི་བསྐྱམ་མོ། །མཆོད་རྟེན་འདྲ་བར་བྱས་ཏེ་མི་གཞོམ་མོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟའོ། །ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་བཟུང་ངོ་། །དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་རོ། །ཁྱིམ་པ་འདུག་པ་ལ་མ་དྲིས་པར་དེ་ཁྱིམ་དུ་མི་དབོའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དབོ་བར་རོ། །ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གི་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་བཞག་པར་རོ། །གད་ཀ་མ་ཡིན་པར་རོ། །གཡངས་མ་ཡིན་པར་རོ། །དཀན་གཟར་པོ་མ་ཡིན་པར་རོ། །འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་རོ། །དེ་དེ་གསུམ་དུ་མི་བྱ་བར་རོ། །དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བར་རོ། །ལམ་གྱི་བཞི་མདོར་མི་བྱའོ། །བཤང་གཅི་ཡན་ཆད་ནི་མིན་བ་ལའོ། །དེ་དག་ལ་ནི་མི་ན་བར་རོ། །འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་རོ། །ཉལ་བ་ལ་འདུག་སྟེ་མི་བཤད་པར་རོ། །སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་རོ། །ངན་པ་དང་བཟང་པོ་ཡང་དེ་བཞིན་ནོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ། །ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ། །མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྷག་པར་བསྣོལ་བ་ལ་མི་བཤད་པར་རོ། །མགོ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། ཅོད་པན་ཅན་དང་། ཕྲེང་བ་ཅན་དང་། དཀྲིས་པ་ལ་མི་ 159-50a བཤད་པར་རོ། །གླང་པོ་ཆེ་དང་རྟ་ཞོན་པ་དང་། ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང་མཆིལ་ལྷམ་གྱོན་པ་ལ་མི་བཤད་པར་རོ། །ལག་ན་འཁར་བ་ཐོགས་པ་དང་། གདུགས་དང་། མཚོན་ཆ་དང་། རལ་གྲི་དང་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ནི་མི་བཤད་པར་རོ། །འགྲེང་སྟེ་བཤང་གཅི་མི་བྱ་བར་རོ། །ཆུའི་ནང་དུ་མི་བྱ་བར་རོ། །མི་དོར་བར་རོ། །མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་ཡང་ངོ་། །རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་ཡང་མི་བྱ་མི་དོར་བར་རོ། །གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོ་བར་མི་འཛེག་པར་རོ། །བསླབ་པ་རྣམས་སོ། །དགེ་སློང་གི་རྣམ་པར་འབྱེད་པ་རྫོགས་སོ།། །།<br> ༈ དགེ་སློང་མའི་རྣམ་པར་འབྱེད་པ།<br> ༈ ཕམ་པར་འགྱུར་བའི་སྐོར།<br> ༆ ལྟུང་བ་ལ་སྦྱོར་བའི་ཚིག་ཡན་ཆད་དགེ་སློང་མ་རྣམས་ཀྱིའོ། །བཞི་པོ་དག་གོ། །བདག་གིར་བྱེད་པ་ལའོ། །མིག་ནས་པུས་མོའི་བར་གྱིས་སོ། །རེག་པའིའོ། །ཕོའིའོ། །འཁྲིག་པའི་འདོད་ཆགས་ཀྱིས་སོ། །ཡན་ལག་གཞན་གྱིས་ནི་སྦོམ་པོའོ། །སེམས་གཞན་གྱིས་ནི་ན་སྨད་དོ། །གལ་ཏེ་དེའི་ཚེ་དེ་ལ་སྐྱེས་པའི་དེ་དེས་ཤེས་པ་ནའོ། །གལ་ཏེ་མེད་ན་ནི་དེ་ལས་ཀྱང་ངོ་། །བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ། །བུ་ལ་རེག་པ་ལ་སྐྱོན་ཆགས་པ་མེད་དོ། །གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ། །འདོད་པ་དང་ལྡན་པ་ལ་བརྟེན་པ་དང་ཚིག་ལ་དེ་དང་ལྡན་པའི་དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱིས་ཕོ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །རེག་པའི་ཕམ་པར་འགྱུར་བའོ།། །།ལུས་བཀན་པ་ལའོ། །ཆགས་པར་གྱུར་པས་བརྟེནཔའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་རོ། །དེས་སྤྲད་དུ་རུང་བ་ཉིད་ལའོ། །ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱེད་ན་སྦོམ་པོའོ། །འཕྱར་གཡེང་ངོ་། །རྩ་བ་ཧྲལ་ལོ། །དེ་ལས་དུས་མལ་མནོས་ན་ཡང་ངོ་། །བརྡའོ། །མཚན་མའོ། །དེའི་འོང་བ་དང་འགྲོ་བའི་འཇུག་པ་དང་བདག་གིར་བྱེད་ནའོ། །ལུས་བཀན་པའི་ཕམ་པར་འགྱུར་བའོ།། །།དགེ་སློང་མའི་ཕམ་པར་འགྱུར་བ་འཆབ་པ་ 159-50b ལའོ། །འཆབ་པའི་ཕམ་པར་འགྱུར་བའོ། །དགེ་སློང་གནས་ནས་ཕྱུང་བ་བཟོད་པར་གསོལ་བར་ངེས་པ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་ཤེས་བཞིན་དུ་དེ་ལས་བཟློག་པ་ཉིད་མི་གཏོང་ནའོ། དབེན་པ་ལ་རྟུལ་བ་ཉིད་དང་འདྲའོ། །བཟློག་པའི་ཕམ་པར་འགྱུར་བའོ། །དགེ་སློང་མའི་ཕམ་པར་འགྱུར་བ་རྣམས་རྫོགས་སོ།། །།<br> ༈ དགེ་འདུན་ལྷག་མའི་སྐོར།<br> ༆ སྨྱན་བྱེད་པའོ། །དགེ་སློང་མ་ལ་ཁྱིམ་པ་མོ་ཉིད་ཀྱི་བསྔགས་པ་བརྗོད་ན་སྦོམ་པོའོ། །གཞན་སྨད་འཚོང་མ་ཉིད་དུ་བྱེད་དུ་འཇུག་ན་ཡང་ངོ་། །བྲན་མོ་ཟོང་ཉིད་དུ་གཏོང་བ་ནི་དེ་ལས་ཕྱི་རོལ་དུ་གྱུར་པ་ཉིད་མ་ཡིན་ནོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ།། །།གཞི་མེད་པའོ། །བག་ཙམ་མོ། །ཕོ་ཉིད་ལ་ནི་མོ་ཉིད་དོ། །དེ་ལ་ནི་ཕོ་ཉིད་དོ། །གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ་གཉིས་སོ།། །།ཅི་ཡང་རུང་བ་ལ་བདག་གིར་བྱེད་པ་ལའོ། །དགེ་སློང་མ་ཆགས་པར་གྱུར་པས་སོ། །སྐྱེས་པ་ཆགས་པར་གྱུར་པ་ལས་སོ། །ཆགས་པར་མ་གྱུར་པས་ནི་སྦོམ་པོའོ། །ཆགས་པར་མ་གྱུར་པ་ལས་ནི་ཉེས་བྱས་སོ། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མ་ལའོ།། །།ཆགས་པར་མ་གྱུར་པ་ལས་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ། །ཞེས་དགེ་སློང་མ་ལ་གོ་བར་བྱེད་པ་ལའོ། །ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།འོག་མ་བཞི་པོ་དག་ལ་ནི་དགེ་སློང་མ་མེད་པར་རོ། །དགེ་སློབ་མ་ལ་ནི་སུམ་ཆ་དང་བྲལ་བ་ཉིད་ཡིན་ནའོ། །དགེ་ཚུལ་མ་ནི་སུམ་ཆའོ། །མི་འདོད་བཞིན་དུ་བྲལ་བ་ལ་ནི་ཉེས་པ་མེད་དོ། །བར་ཆད་བྱུང་བའི་བདག་ཉིད་ཀྱིས་ཀྱང་ངོ་། །དུས་དང་འབྲེལ་པ་ལ་མཐའ་ཉིད་ཀྱི་མདུན་རོལ་ནི་སྦྱོར་བ་ཉིད་དོ། །ཉི་མ་ནུབ་པའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ། །མཚན་མོ་དབྱར་ཁང་ལས་ཕྱི་རོལ་དུ་གྱུར་ནའོ། །མཚན་མོ་འབྲལ་བའི་དགེ་འདུན་ལྷག་མའོ།། །།ཉིན་མོའོ། །གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྦྱོར་བ་གནང་བ་ཐོབ་པས་འགྲོ་བར་བྱའོ། །དེ་སྦྱིན་པར་བྱའོ། །ཉིན་མོ་འབྲལ་བའི་དགེ་ 159-51a འདུན་ལྷག་མའོ།། །།ལམ་དུ་ཞུགས་པ་ལའོ། །ལམ་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།ཆུ་ཀླུང་གི་ཕ་རོལ་དུ་བརྒལ་བ་ལའོ། །ལག་རྐྱལ་དག་གིས་ཕ་རོལ་ཏུ་ཕྱིན་ནའོ། །མདུན་རོལ་དུ་ནི་སྦོམ་པོའོ། །ཡུལ་ཕྲན་གྱི་ཕ་རོལ་དུ་ནི་ཉེས་བྱས་སོ། །ཆུ་ཀླུང་བརྒལ་བའི་དགེ་འདུན་ལྷག་མའོ།། །།རབ་ཏུ་འབྱིན་པ་ལའོ། །ཚོགས་པའི་ཡིད་མཐུན་པས་བདག་པོས་ཡོངས་སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བའོ། །བསད་པའི་ཕྱིར་རོ། །མཁན་པོ་ཉིད་ཀྱིས་སོ། །དེ་ཤེས་པ་ཉིད་ཀྱིས་སོ། །རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའོ།། །།ཤི་བའི་ནོར་ལེན་པ་ལའོ། །དགེ་འདུན་གྱི་ལ་ནི་ལྟུང་བ་མེད་དོ། །གལ་ཏེ་ཚེགས་ཆུང་ངུས་ནའོ། །ཤི་བའི་ནོར་རྫས་ལེན་པའི་དགེ་འདུན་ལྷག་མའོ།། །།མཚམས་ཀྱི་ཕྱི་རོལ་དུ་བཟོད་པ་གསོལ་དུ་འཇུག་པ་ལའོ། །བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།དཀོན་མཆོག་གཏོང་ངོ་། །འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱིས་དེ་དག་ལ་ཚངས་པར་སྤྱོད་པ་ཉིད་སྤྱད་དོ་ཞེས་བྱ་བའི་ཚིག་དེ་ལ་ཞུགས་པ་མི་གཏོང་བ་ལའོ། །དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ། །འོག་མ་དག་ལ་ཡང་ངོ་། །སྤོང་བའི་དགེ་འདུན་ལྷག་མའོ།། །།དགེ་སློང་མ་རྣམས་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་ལའོ། །དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ཀྲོལ་དང་མཚང་འབྲུ་བ་དང་རྩོད་པ་དང་འགྱེད་པ་དང་བཟློག་པ་ལའོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མའོ།། །།སྡེ་ཞིང་གནས་པ་ལའོ། །དགེ་སློང་མ་དང་ངོ་། །གཞོགས་སྟེགས་དང་། འཕྱར་གཡེང་དང་། རྩབ་ཧྲལ་གྱི་རྒྱུར་གྱུར་པ་དག་གིས་སོ། །བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མའོ།། །།སྡེ་པ་དེ་ཡང་དག་པར་འཛིན་དུ་བཅུག་པ་ལའོ། །བུད་མེད་དང་བསྟེན་དུ་འཇུག་པའི་དགེ་འདུན་ལྷག་མའོ།། །།དགེ་འདུན་འབྱེད་པ་ལ་སོགས་པ་གཞི་ནི་དགེ་སློང་གི་སྐབས་ལས་སོ། །དགེ་སློང་མའི་དགེ་འདུན་ལྷག་མ་རྣམས་རྫོགས་སོ།། །།<br> ༈ སྤང་བའི་ལྟུང་བྱེད་ཀྱི་སྐོར།<br> ༆ བཅུ་པའོ། །གསེར་དངུལ་ལ་རེག་ 159-51b པ་དང་། མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱེད་པ་དང་། ལྷུང་བཟེད་ཚོལ་བ་དང་། འཐག་ཏུ་འཇུག་པ་དང་། འཐག་པ་བསྐྱེད་པ་དང་། འཕྲོག་པ་དང་། བསྔོས་པ་ལས་བསྒྱུར་བ་དང་། སོག་འཇོག་ལས་གྱུར་པའོ། །འཁྲུ་བ་ལ་སོགས་པ་ནི་དགེ་སློང་གིའོ། །དེ་ལས་ལེན་ནའོ། །དགེ་སློང་མ་ལ་བྱིན་པའོ། །ལྷ་རྟེན་བཅང་བར་མི་བྱའོ། །འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུ་པའོ།། །།ལྷུང་བཟེད་ལྷག་མ་ཞག་གཅིག་ལས་འདས་པར་འཆང་བ་ལའོ། །ལྷུང་བཟེད་འཆང་བའི་སྤང་བའོ།། །།བྱིན་གྱིས་བརླབ་ཏུ་རུང་བ་ཉི་མ་དང་པོ་ལའམ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བརླབས་པ་ལའོ། །བྱིན་གྱིས་མི་རློབ་པའི་སྤང་བའོ།། །།དཔྱིད་ཟླ་ར་བ་ཉའི་ཉིན་མོའི་མདུན་རོལ་དུ་སྲ་བརྐྱང་འབྱིན་པ་ལའོ། །དགེ་སློང་མ་ཆོམ་རྐུན་གྱིས་བཅོམ་པའི་དོན་ཉིད་ལ་ནི་ལྟུང་བ་མེད་དོ། །སྲ་བརྐྱང་འབྱིན་པའི་སྤང་བའོ།། །།མི་འབྱིན་པ་ལའོ། །སྲ་བརྐྱང་མི་འབྱིན་པའི་སྤང་བའོ།། །།དབྱིག་དང་གསེར་སློང་བ་ལའོ།། །།རིན་པོ་ཆེ་སློང་བའི་སྤང་བའོ།། །།གཞན་གྱི་ཆེད་དུ་རྙེད་པའི་གོས་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལའོ། །གོས་ཟ་བ་ལས་གྱུར་པའི་སྤང་བའོ།། །།གོས་དང་མལ་ཆ་དང་དབྱར་ཁང་གི་ཆེད་དུ་ཡང་ངོ་། །གང་ཡང་རུང་བའོ། །གོས་རྒྱུ་བ་ལ་སོགས་པ་ཟབ་པ་ལས་གྱུར་པའི་སྤང་བའོ།། །།དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ། །སྐྱེ་བོ་མང་པོ་ལ་བསྔོས་པའི་བྱིན་གྱིས་རློབ་པའི་སྤང་བའོ།། །།དགེ་འདུན་གྱི་ཕྱིར་ཡང་ངོ་། །དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ།། །།ཚིག་ཉན་དུ་གཞུག་པའི་ཕྱིར་རྫས་བཅིངས་པ་འགྲོལ་དུ་འཇུག་པ་ལའོ། །བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བའོ།། །།སྲང་བརྒྱ་པ་ལ་སོགས་པ་དང་ཀཱཪྵཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་བདག་གིར་བྱེད་པ་ལའོ། །གོས་ལྕི་བ་བསྟེན་པའི་སྤང་བའོ།། །།སྲང་ལྔ་པའི་མཐར་ཐུག་པ་ལའོ། །གོས་ཡང་བ་བསྟེན་པའི་སྤང་བའོ། །སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།<br> ༈ ལྟུང་བྱེད་འབའ་ཞིག་ཏུ་གྱུར་བའི་སྐོར།<br> ༆ བདུན་ཅུ་རྩ་གཉིས་སོ། །མ་བསྐོས་པ་ལ་སོགས་པ་བཅུ་དང་། སྐྲོད་པ་དང་། ཡང་ཡང་ 159-52a ཟ་བ་དང་། ཟས་བསོད་པ་སློང་བ་དང་། འདུག་པ་དང་། འགྲེང་བ་དང་། ཕྱིར་མ་བླངས་པ་སྤྱོད་པ་དང་། མ་ལོན་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་ནི་མ་གཏོགས་སོ། །དགེ་སློང་གིས་རབ་ཏུ་བྱུང་བ་མོའི་ཕྱིར་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་སྟེ་ཆུང་མར་གྱུར་པ་ཉིད་ལ་ཡང་ངོ་། །དེས་བླང་དུ་ཡང་ངོ་། །བུ་ཆུང་ངུ་དང་ལྷན་ཅིག་ཉལ་བ་ནི་མ་གཏོགས་པ་ཉིད་ཡིན་ནོ། །གནང་བ་ཐོབ་པ་ལའོ། །དེ་སྦྱིན་པར་བྱའོ། །རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་ལའོ། །ལོ་བཅུ་གཉིས་མ་ལོན་པ་ཉིད་ལའོ། །བདག་ཉིད་བསྙེན་པར་རྫོགས་པས་སོ། །མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དོ། །འཁོར་བ་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པར་བྱའོ། །དེ་ཉེ་བར་འཇོག་ནུས་པ་ལའོ། །བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ཉིད་ལའོ། །གཞན་གྱིས་གསོལ་བར་མི་བྱའོ། །སྔར་གནང་བ་མ་ཐོབ་པ་ལའོ། །འཁོར་ཉེ་བར་འཇོག་ནའོ། །འཁོར་ཉེ་བར་འཇོག་པར་བྱེད་པའི་ལྟུང་བྱེད་དོ།། །།ཅིག་ཤོས་ནི་འཁོར་མང་པོའོ། །འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དོ།། །།ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་མ་རྫོགས་པར་བྱེད་པ་ལའོ། །ལོ་བཅུ་གཉིས་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།གཞན་ནི་ལོ་ཉི་ཤུའོ། །ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།བསླབ་པ་མ་བྱིན་པ་གཉིས་མཁན་པོ་ཉིད་ཀྱིས་སོ། །ཚིགས་ལས་འདས་པའི་ལྟུང་བྱེད་གཉིས་སོ།། །།དེ་ལ་མ་བསླབས་པ་ཉིད་དོ། །བསླབས་པ་ལ་མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ།། །།སྤྱད་པ་ཉིད་མི་བྱེད་པ་ལའོ། །བསླབས་པ་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་པའི་ལྟུང་བྱེད་དོ།། །།གལ་ཏེ་ཁོ་མོ་ལ་གོས་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པར་བྱའོ། །ཞེས་བསྙེན་པར་མ་རྫོགས་པར་འདོད་པ་ལ་ཟེར་བ་ལའོ། །ཆོས་འཚོང་བའི་ལྟུང་བྱེད་དོ།། །།རབ་ཏུ་འབྱུང་བ་དང་མཐུན་པ་བསྟན་པས་ཁྱིམ་རྒྱས་པ་བྱ་བ་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལའོ། །འདྲིད་པའི་ལྟུང་བྱེད་དོ།། །།ལོའི་རྗེས་སུ་རབ་ཏུ་འབྱིན་པ་ལའོ། །འཁོར་མང་པོ་སོག་འཇོག་ 159-52b པའི་ལྟུང་བྱེད་དོ།། །།བདག་པོས་མ་གནང་བ་ཉིད་རབ་ཏུ་འབྱིན་པ་ལའོ། །མ་གནང་བ་སྡུད་པའི་ལྟུང་བྱེད་དོ།། །།འཁྲུལ་པ་མོའོ། །སྦྲུམ་མའོ། །མྱ་ངན་གྱིས་གཟིར་བའོ། །རྩབ་ཀྲོལ་ཅན་ནོ། །སྐྱོན་ཅན་སྡུད་པ་ལས་གྱུར་པའི་ལྟུང་བྱེད་བཞིའོ།། །།རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པར་བྱས་པ་དག་ལ་ཕན་མི་འདོགས་པ་ལའོ། །བར་ཆད་མཐོང་ན་མི་འདྲེན་པ་ལའོ། །དགེ་སློང་མའི་བསླབ་པ་མི་སློབ་པ་ལའོ། །ནད་པ་དག་ལ་ནད་གཡོག་མི་བྱེད་པ་ལའོ། །ཉེ་གནས་དང་བཅས་པས་ཀྱང་ངོ་། །ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་བཞིའོ།། །།རང་གི་བསྟེན་པར་བྱ་བའི་ནང་དུ་རྒྱ་སྐྱེགས་ཀྱི་ཆང་བུ་འཇུད་པ་ལའོ། །རྒྱུན་ལས་བཟློག་ཕྱོགས་སུ་བརྩལ་བར་མི་བྱའོ། །མངལ་གྱི་སྒོར་ཁུ་ཆུ་བླུགས་པར་མི་བྱའོ། །རྐེད་ཆིངས་ཀྱིས་གློ་བ་ཅིང་བར་མི་བྱའོ། །བྲང་ཆིངས་ཀྱིས་ནུ་མ་གཉིས་བཅིང་བར་མི་བྱའོ། །མཛེས་འགྱུར་གྱི་བར་ཆད་ཀྱིས་བར་དུ་བཅད་པར་མི་བྱའོ། །དེ་དག་ནི་དཔེའོ། །འདོད་པ་བསྟེན་པའི་ལྟུང་བྱེད་དོ།། །།སོར་མོའི་ཚིགས་གཉིས་ལས་ལྷག་པས་མོ་མཚན་གྱི་ནང་འཁྲུ་བའོ། །འདོད་པ་བསྟེན་པ་ལྟར་བཅོས་པའི་ལྟུང་བྱེད་དོ།། །།དེ་ལ་ལག་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལའོ། །འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དོ།། །།དེ་ལས་སྤུ་འཐོག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ། །བསྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དོ།། །།ཁྱིམ་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལའོ། །རྩིག་པ་དང་སབ་མོ་དང་ཡོལ་བ་དང་ཐིབས་པོ་དང་མུན་པ་དག་གིས་ནི་དེ་ཉིད་འགྲུབ་པོ། །དགེ་སློང་དང་ངོ་། །བླ་གབ་མེད་པ་ན་སྔ་མ་དང་ངོ་། །ཕྱི་མ་དང་ངོ་། །དེ་གྲོགས་དང་བཅས་པ་ཉིད་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་མ་ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ན་ཡང་ངོ་། །ཁྱིམ་པའི་རྣར་བཤུབ་ཅིང་སྨྲ་བ་ལའོ། །དེ་ལས་དེས་དེ་ཉན་པ་པའོ། །དགེ་སློང་གིའོ། །དེ་ལས་ཀྱང་ངོ་། །ཁྱིམ་པ་ལས་རིག་པ་ལེན་པ་ལའོ། །དེ་ལས་དེ་ཀློག་པ་ལའོ། །སྒྱུ་ཐབས་ཀྱིས་རྨང་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་པ་ལའོ། །དེའི་ཕྱིར་ 159-53a དོན་བདེན་པ་ཉིད་ལ་ནི་ལྟུང་བ་མེད་དོ། །རེག་པར་བྱ་བ་མ་ཡིན་པ་དང་བསྟེན་པ་ལས་གྱུར་པའི་ལྟུང་བྱེད་བཅུ་གཅིག་གོ།། །།བུ་འཚོ་བ་ལའོ། །བུ་འཚོ་བའི་ལྟུང་བྱེད་དོ།། །།ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་འདའ་བར་བྱེད་པ་ལའོ། །བུད་མེད་ལ་རག་ལས་པ་ཉིད་ཡིན་ན་དེ་ལ་དྲིས་ནས་ལྟུང་བ་མེད་དོ། །མཚན་མོ་མ་བརྟགས་པར་སྐྱབས་ཡོད་པར་འདའ་བར་བྱེད་པ་ལའོ། །གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་འདའ་བར་བྱེད་པ་ལའོ། །དེ་ཤི་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །གནོད་པར་འགྱུར་བའི་སྒོ་སྤང་བའི་ལྟུང་བྱེད་གསུམ་མོ།། །།དགེ་སློང་མ་དང་ཁྲི་གཅིག་ལ་ལྷན་ཅིག་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བ་ལའོ། །དེ་དང་ངམ་དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ་གཏུར་བུ་ལ་སོགས་པས་རབ་ཏུ་བཅད་ཅིང་དྲན་པ་ཉེ་བར་གཞག་སྟེ་ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཁྲི་མི་འགུལ་བ་ཐ་མལ་པའམ་སྟན་ལ་ནི་ལྟུང་བ་མེད་དོ། །ཡོད་ན་ཉེས་བྱས་སོ། །ལོངས་སྤྱོད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དོ།། །།རང་གི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་བྱེད་དུ་བཅུག་པ་ལའོ། །དགེ་སློབ་མའོ། །དགེ་ཚུལ་མའོ། །ཁྱིམ་པ་མོའོ། །མུ་སྟེགས་མོའོ། །བཀྲུ་བཤལ་བྱེད་དུ་འཇུག་པ་ལའོ། །རྫས་དྲི་ཞིམ་པོ་དག་གིས་རང་གི་ལུས་སྐུད་པ་ལའོ། །འབྲུ་མར་གྱི་ཚིགས་མས་སོ། །བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་བརྒྱད་དོ།། །།ལག་པ་སྦྲེལ་ཏེ་ཁྲུས་བྱེད་པ་ལའོ། །ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དོ།། །།བཅོས་པའི་ཕྱིར་པུ་ཤེལ་ཙེ་འཆང་བ་ལའོ། །སོ་མངས་དང་སྨིག་ཤད་དང་གསུམ་ཞེས་བྱ་བ་དང་། སྒྲ་བརྙན་གྱིས་ཀྱང་ངོ་། །ཁྱིམ་པའི་རྒྱན་ཐོགས་པ་ལའོ། །འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་གོ། །བྲོ་བརྡུང་བ་ལའོ། །ཡན་ལག་གང་ཡང་རུང་བས་སོ། །གླུ་ལེན་པ་ལའོ། །དེའི་བསམ་པ་ལའོ། །དེའི་བསམ་པས་མགྲིན་སྒྱུར་གང་ཡང་རུང་བའོ། །རོལ་མོ་བྱེད་པ་ལའོ། །རྒྱགས་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།ལོངས་སྤྱོད་དུ་གྱུར་པའི་གདུགས་ཐོགས་པ་ལའོ། །མཆིལ་ལྷམ་གྱོན་པ་ལའོ། །དབྱར་ཁང་ 159-53b དང་མལ་སྟན་བསྲུང་བའི་ཕྱིར་ནི་ལྟུང་བ་མེད་དོ། །ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བར་བྱེད་པ་ལའོ། །ལོངས་འཆོས་པ་ཉིད་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་འདུག་པ་ལའོ། །ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དོ།། །།ཆོས་ཉན་དུ་གཞུག་པའི་གནས་སྐབས་སུ་ཁྱིམ་པའི་སྟན་སྤྱད་པ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལའོ། །སྤངས་པའི་ཉེ་འཁོར་གྱི་མཐའ་ལའོ། །ཁྱིམ་པ་ལ་ལོག་པའི་ཐབས་བྱེད་པའི་ལྟུང་བྱེད་དོ།། །།སྐུད་པ་འཁལ་བ་ལའོ། །རྒྱ་ཅང་དང་ལྕག་པོད་ཀྱི་དོན་དུ་དབེན་པའི་ཕྱོགས་སུ་ལྟུང་བ་མེད་དོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་ལའོ། དགེ་སློང་མའི་ཚོགས་ཀྱི་གོས་ལ་བདག་གིར་བྱེད་པའི་ལྟུང་བྱེད་དོ།། །།ཟས་བཙོང་བ་བྱས་པ་ལའོ། །ཟས་འཚོང་བའི་ལྟུང་བྱེད་དོ།། །།ཁྱིམ་གྱི་བྱ་བ་ཡང་ངོ་། །ཆང་གི་ལས་མི་བྱའོ། །ཆང་ཁང་བྱེད་དུ་མི་གཞུག་གོ། །རྗེན་པ་འཚོད་པ་ལའོ། །དགེ་སློང་གི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ། །ཁྱིམ་པ་མོའི་བཟོ་སྟོན་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་བ་ལའོ། །ལྟོ་འདུན་ལས་གྱུར་པའི་ལྟུང་བྱེད་དོ།། །།སྒོག་སྐྱའོ། །ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟེན་པའི་ལྟུང་བྱེད་དོ།། །།སྨེ་གབ་མི་འཆང་བ་ལའོ། །དེ་ཐག་གུས་བཏགས་ཏེ་བཞག་གོ། །དེ་དུས་དུས་སུ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ། །ཆུ་གོས་ཀྱང་ངོ་། །དེ་གཉིས་བཅང་བར་བྱའོ། །བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་པ་ལའོ། །གསུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།དགེ་སློང་གིས་གོས་ཁྱིམ་པ་ལ་བགོ་བའི་ཕྱིར་སྦྱིན་པ་ལའོ། །ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད་དོ།། །།དགེ་སློང་དང་ལྷན་ཅིག་སྣམ་སྦྱར་བརྗེ་བ་ལའོ། །རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དོ།། །།བསྡམས་པ་ལ་སེར་སྣ་བྱེད་པ་ལའོ། །ཁྱིམ་དང་གནས་དང་རྙེད་པ་དང་ཆོས་ལ་སེར་སྣ་བྱེད་པ་ལའོ། །སེར་སྣ་བྱེད་པ་ལས་གྱུར་པའི་ལྟུང་བྱེད་ལྔའོ།། །།དབྱར་ཁང་ནས་དགེ་སློང་མ་གང་ཡང་རུང་བས་སྐྲོད་པ་ལའོ། །ཁྱིམ་གཞན་ནས་དགེ་སློང་མ་སྔ་ནས་གནས་ 159-54a ལ་སྐྲོད་པ་ལའོ། །སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ།། །།ལེགས་པར་མ་མཐོང་བ་ལ་སོགས་པས་གླེང་བ་ལའོ། །མཐོ་འཚམས་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།མནའ་འདོར་བ་ལའོ། །ལོག་པར་སྟོན་པའི་ལྟུང་བྱེད་དོ།། །།ཁྲོ་བས་བདག་ཉིད་ལ་གནོད་པར་བྱེད་པ་ལའོ། །མི་བརྟན་པས་རྣམ་པར་འགྱུར་བའི་ལྟུང་བྱེད་དོ།། །།འདུལ་བའི་མདོ་བམ་པོ་དྲུག་པ། དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པ་ལའོ། །སྤྱོ་བ་ལ་ཡང་ངོ་། །འཁོར་གཙོ་བོ་ལ་ཆུས་འཐོར་བ་ལའོ། །བརྒྱལ་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ལ་ཐུ་ཞེས་མི་བྱའོ། །རབ་ཏུ་བྱུང་བ་འདི་པ་ལ་སྤྱོ་བར་མི་བྱའོ། །དེ་ལ་གཉིས་ཀ་ཡང་ངོ་། །དགེ་སློང་གི་མདུན་དུ་སྤྱོད་ཡུལ་དུ་རྒྱུ་བར་མི་བྱའོ། །ཟམ་པ་མི་བསྟན་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ། །དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །འདུག་པས་དེ་འགྲེང་བས་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་དུ་གཞུག་གོ། །མི་བྱེད་ན་འདུག་པའི་ཕྱིར་ཞུས་ཏེ་དེ་ལ་འདུག་པར་བྱའོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་མོ།། །།དགེ་སློང་མ་རྣམས་ཀྱི་རྩོད་པ་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པ་ལའོ། །འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་བྱེད་དོ།། །།ཞག་ལོན་པའི་འདུན་པ་སྦྱིན་པ་ལའོ། །བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དོ།། །།ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་དང་རྗེས་སུ་བསྟན་པ་དག་ཉམས་སུ་མྱོང་བར་མི་བྱེད་པ་ལའོ། །དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པ་ལའོ། །དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པ་ལའོ། །དབྱར་གནས་པས་གཉི་གའི་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་མི་བྱེད་པ་ལའོ། །ལྕི་བའི་ཆོས་ལས་འདས་པ་ལས་གྱུར་པའི་ལྟུང་བྱེད་དག་གོ། །།དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་པ་ལའོ། །སྲ་བརྐྱང་དབྱུང་བའི་ཕྱིར་བག་ཡོངས་སུ་བྱ་བའི་ཚོགས་པ་ལ་མི་སྦྱིན་པ་ལའོ། །གོས་འགྱེད་པའི་ཕྱིར་ཡང་ངོ་། །འདིས་ལེན་མི་འདོད་པ་ཉིད་ནི་མ་བྱས་པ་ཉིད་དོ། །གཞན་ལ་གནོད་པར་སྤྱོད་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།དབྱར་ཁང་མ་གཏད་པར་འགྲོ་བ་ལའོ། །ཉེ་འཁོར་ 159-54b བཏང་ནའོ། །དབྱར་ཁང་སླར་མི་བཏང་ངོ་། །ཁང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་གཞི་ཡང་ངོ་། །དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དོ།། །།དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལའོ། །བར་ཆད་ཉེ་བར་གནས་པ་ལ་ནི་ལྟུང་བ་མེད་དོ། །དབྱར་གནས་པའི་འོག་ཏུ་དེར་མི་འགྲོ་བ་ལའོ། །ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་བ་ལའོ། །མི་མཐུན་པ་དང་བཅས་པར་ཡང་ངོ་། །འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞིའོ།། །།ལྷའི་གནས་ལ་སོགས་པ་དང་མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་རྩོད་པར་བྱེད་པ་ལའོ། །སྐབས་མ་ཕྱེ་བར་འདྲི་བ་ལའོ། །སྟན་བཏིང་སྟེ་ཕན་ཚུན་ཀུན་དགའ་བར་བྱས་ནས་ལུང་དྲི་བའི་སྦྱོར་བས་སྐབས་འབྱེད་དུ་གཞུག་པར་བྱའོ། །སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ།། །།ཕྱི་སར་གཅིག་པུ་འགྲོ་བ་ལའོ། །རྩྭ་སྔོན་པོའི་སྟེང་དུ་བཤང་བ་དོར་བ་ལའོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །རྩ་སྔོན་པོས་ཐམས་ཅད་ཁྱབ་པ་ལ་ཡང་ངོ་། །རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བ་ལའོ། །རྩིག་པའི་པུ་ཤུ་བཏགས་པ་ལ་ནི་ལྟུང་བ་མེད་དོ། །མི་གཙང་བ་ལ་བོང་རྡོག་འཕང་བར་མི་བྱའོ། །བཤང་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ།། །།<br> ༈ སོ་སོར་བཤགས་པར་བྱ་བའི་སྐོར།<br> ༆ གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བླངས་ཏེ་འཐུངས་པ་ལའོ། །མི་ན་བས་སོ། །དེས་བླངས་པའི་ཚེ་ནི་ཉེས་བྱས་སོ། །ཞོ་དང་མར་སར་པ་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་རྣམས་ཀྱང་ངོ་། །དེ་དག་ལས་གཞན་བླངས་པ་ལས་གཞན་ཐོབ་པ་ལ་ནི་ན་སྨད་པ་མེད་དོ། །མི་གསོད་པ་ལ་ཡང་ངོ་། །དེར་གཏོགས་པ་ལ་དེ་ཐོབ་པ་ལ་ཡང་ངོ་། །དེ་ནི་ཉེས་བྱས་མེད་པ་ཉིད་དོ། །སེང་གེ་ལས་གྱུར་པའོ། །སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ།། །།<br> ༈ བསླབ་པར་བྱ་བའི་སྐོར།<br> ༆ ཤམ་ཐབས་རྐེད་པ་སྣང་བར་བགོ་བར་མི་བྱའོ། །ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །དགེ་སློང་དག་ལས་གྱུར་པ་བཞིན་ནོ། །བསླབ་པ་རྣམས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ།། །།<br> ༈ རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བའི་ཕྱིར་བསྟན་པ།<br> ༆ ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །བསྙེན་པར་མ་རྫོགས་ 159-55a རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་། །དེའི་ཕྱོགས་ལས་མཐུན་པ་ལ་ཡིད་ཀྱིའོ། །བསླབ་པ་བྱིན་པ་ལ་ནི་འདྲ་བ་ཉིད་དོ། །བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་། །དེ་ལ་ནི་མ་ཡིན་ནོ། །དགེ་སློབ་མ་ལ་ཡང་ངོ་། །འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་ནི་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ཡང་ངོ་། །མེད་ན་ནི་ན་སྨད་པ་ཉིད་དོ། །ཚིག་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་། །ཕྱི་མ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ། །རྫས་བཀག་པ་བས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ། །འདྲ་བ་ལ་ཡང་ངོ་། །མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ། །ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ། །བྱས་པ་ནི་དེ་ཉིད་ཡིན་ནོ། །ན་སྨད་པ་ནི་རང་གི་ཉིད་དོ། །ཞག་བཅུར་མ་ལོན་པ་ནི་ཆ་ཉིད་དོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ། །དེ་ལ་ཉེས་པ་བཅབས་པ་མ་ཡིན་པ་མ་ཡིན་ནོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ། །འདི་ལ་ཆོ་ག་རྣམས་གྱུར་ཏོ། །དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ནོ། །གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ། །འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་བསད་པ་ལ་ཡང་ངོ་། །གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་དད་དོ། །བཏང་བ་ཡང་ངོ་། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་པ་དེ་ཉིད་ཀྱིས་ཉེས་པར་འགྱུར་རོ། །དེའི་ཆ་ནི་དེར་གཏོགས་སོ། །ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ། །བྱ་བ་དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་གཞག་གོ། །ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ། །ཁ་ན་མ་ཐོ་བ་ན་སྨད་པ་དག་གི་ཚེ་ཉིད་ནི་ན་སྨད་པ་ཡིན་ནོ། །ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ཡིན་ནོ། །སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ། །བསམས་པ་ལ་ནི་དེ་ཉིད་དོ། །མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ། །མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་། །ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བརྟེན་ 159-55b པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ། །འོག་མ་དག་ལ་ན་གཞན་ལ་ནི་སྨད་པ་ཉིད་དོ། །དུ་མ་ཚང་བ་ནི་དེ་བས་ཀྱང་ངོ་། །མི་ལ་དུད་འགྲོ་ཡང་ངོ་། །རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ། །རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །ག་ག་ཚིལ་བྱེད་པ་ལ་ཡང་ངོ་། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་གཞན་དང་ལྡན་པ་ཉིད་ཡིན་ནོ། །མིའི་འགྲོ་བ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ། །རེག་པ་ནི་ཐ་སྙད་དང་འདྲའོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ། །དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཉིད་ཡིན་ནོ། །མཚན་དང་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །འདིར་གཏོགས་པ་ལ་ཁྱིམ་པ་ལ་ནི་རྟགས་ཅན་ཉིད་ཀྱི་བས་ན་སྨད་དོ། །རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ། །རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའིའོ། །ཡང་དག་པར་ལེན་པར་བྱེད་པ་ལ་ནི་དེར་མ་ཟད་དོ། །དེ་ནི་སྣོད་ཡིན་ནོ། །ངག་གིའོ། །རང་གིའོ། །བདག་ཉིད་དང་འབྲེལ་བའོ། །རང་གིས་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་ནོ། །རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བའི་ཕྱིར་བསྟན་པ་རྣམས་རྫོགས་སོ།། །།<br> ༄། །གསོ་སྦྱོང་གི་གཞི།<br> ༈ ཞི་གནས་ཀྱི་གསོ་སྦྱོང་གི་སྐབས།<br> ༆ སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ། །མངོན་པར་འདུ་བྱ་བ་ཡང་མི་བྱའོ། །རྣམ་པར་གཡེང་བར་ཡང་མི་བྱའོ། །རྣམ་པར་གཡེང་བར་བྱེད་པ་དང་གཏུམ་པོ་དང་གྱ་ཚོམ་པ་དག་ཡོངས་སུ་སྤང་བར་རིགས་སོ། །སྤོང་ཁང་བརྩིག་པར་བྱའོ། །གནས་ཁང་གཉིས་ཀྱི་བར་དུ་སྲང་གདོད་དོ། །ལྔའམ་དྲུག་གིའོ། །སྒོ་གླེགས་སྒྲ་མི་འབྱུང་བ་དང་དྲག་བའི་ཐབས་ 159-56a ཀྱང་ངོ་། །གོང་དུ་སུམ་ཆ་བོར་བར་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་ཡང་བཟང་ངོ་། །དྲ་བ་དང་སྒོ་གླེགས་དང་འཕྲེད་གཏན་དང་གནམ་གཟེར་དང་འཁོར་གཏན་དང་དབྱུག་གུ་སྐམ་ཁ་ཉེ་བར་བཞག་གོ། །མི་ཤོང་ན་སྟེང་དུ་ཁང་མོ་ཆེ་བྱའོ། །ཡང་ན་ཡང་ཐོག་གོ། །འཛེག་པའི་ཕྱིར་ཐེམ་སྐས་སོ། །མི་ལྟུང་བར་བྱ་བའི་ཕྱིར་ཁ་ཁྱེར་གྱིས་བསྐོར་བར་བྱའོ། །དེ་མི་འགུལ་བར་བྱ་བའི་ཕྱིར་ལྕགས་ཀྱི་གཟེར་བུ་དག་གིས་གདབ་བོ། །ཕྱི་རོལ་དུ་སྤོང་ཁང་ཆེན་པོ་འམ་གནས་ཁང་གི་ཚར་དག་ཀྱང་ངོ་། །སྒོའི་ཐད་ཀར་སྒོ་གདོད་པར་མི་བྱའོ། །སྒོ་ཁང་བྱའོ། །ཕུག་ཀྱང་ངོ་། །འདུག་པའི་ཆེད་དུ་སའི་སྟེགས་བུ་དག་དང་ཁྲིའུ་ཡང་ངོ་། །དེ་ནི་ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་བ་བཟང་ངོ་། །ཐགས་མ་ནི་རྣམ་པ་ལྔའོ། །མུན་ཛའི་དང་ཤ་ནའི་དང་གྲེས་མའི་དང་རས་མའི་དང་སྤ་ཕྲ་མོའིའོ། །དེར་སྟན་ནང་ཚངས་ཅན་དག་གདིང་ངོ་། །དེར་ཁོ་ར་ཁོར་ཡུག་ཏུ་མཐོ་གང་ལྷག་པ་དག་བཟང་ངོ་། །ཨརྐའི་དང་ཀ་ཤའི་དང་ཨེར་ཀའི་དང་སྤྲ་བའི་དང་ཤལ་མ་ལའི་དག་གི་བལ་གྱིས་དགང་ངོ་། །བལ་དང་ཤ་ན་དང་རས་བལ་དང་རས་མ་དག་དང་ལོ་མའི་ཚོགས་དག་གིས་ཀྱང་ངོ་། །དོན་ཇི་ལྟ་བ་བཞིན་དུ་འདུག་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་དག་བྱའོ། །གཉིད་བྲོ་ན་གདོས་བུ་དག་གདགས་པར་བྱའོ། །དབྱུག་གུས་དལ་བུས་གཟུགས་པར་བྱའོ། །སྣད་པར་མི་འགྱུར་བར་བྱ་བའི་ཕྱིར་བྲེའི་བཅད་འཕྲོ་ལྟ་བུར་རས་མ་དག་གིས་དཀྲིས་པས་སོ། །ཕོ་ལོང་འཕང་བར་བྱའོ། །ཡང་ཕྱིར་འོང་བར་བྱ་བའི་ཕྱིར་ཐ་གུས་གདགས་པར་བྱའོ། །མདུན་དུ་མར་མེ་གཞག་པར་བྱའོ། །རྐང་པ་དབྱུང་ངོ་། །ཡ་གཅིག་བརྐྱང་ངོ་། །མི་འཐོམ་པར་བྱ་བའི་ཕྱིར་ཕྲེང་ཐག་ལྟ་བུ་ལ་བསྐོན་པའི་སྦུ་གུ་འམ་དེ་ལ་བཏགས་པའི་ཐ་གུ་ལ་འཇུས་ཏེ་བཅག་པར་བྱའོ། །མཆིལ་ལྷྭམ་ཅན་གྱིས་བཅག་པར་མི་ 159-56b བྱའོ། །རྐང་པ་གཉིས་ལ་རྡུལ་མི་གོས་པར་བྱ་བའི་ཕྱིར་བར་ཏང་གདིང་བར་བྱའོ། །སྤོང་བ་པས་ཞག་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱའོ། །མ་ནུས་ན་དེར་ཡང་ཉལ་བར་བྱའོ། །སྒོ་གཅད་པར་བྱའོ། །གློས་ཀྱང་ཕབ་སྟེའོ། །སྤོང་བ་པའི་ཕྱིར་ཞལ་ཏ་པ་བསྐོ་བར་བྱའོ། །དེའི་བྱ་བ་ནི་ལངས་མ་ཐག་ཁོ་ནར་ཆག་ཆག་གདབ་པ་དང་ཕྱག་དར་བྱ་བ་དང་ལྕི་བ་སར་པའི་བྱུག་པས་བསྐུ་བར་བྱའོ། །སྟན་བཤམ་པར་བྱའོ། །མི་གཙང་བའི་སྐྱབས་གཉིས་བྱི་དོར་བྱའོ། །ཆག་ཆག་ལ་སོགས་པས་སོ། །བོང་རྡོག་དང་ས་དང་ཆུ་དག་བཞག་པར་བྱའོ། །བསྡུ་བའི་ཕྱིར་གཎྜཱི་བརྡུང་ངོ་། །དེའི་གནས་ནི་ཁང་སྟེང་ངོ་། །དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ། །ལས་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ཁ་ཅིག་ལས་ནི་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེའོ། །ཤི་བ་ལ་ཕྲག་པ་དབྱུང་བའི་དོན་དུ་ནི་བྱི་བའོ། །ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ། །སྤོང་བ་པའི་དོན་དུ་ནི་ཁར་གསིལ་ལོ། །ཁ་ཅིག་ལས་ནི་གཎྜཱི་ཆུང་ངུ་ཞེའོ། །གནོད་པ་བྱུང་བ་ལ་ནི་ཇི་ཙམ་གྱིས་ཆོག་པའོ། །ཟན་གྱི་ཕྱིར་འདུ་བའི་དོན་དུ་གཎྜཱི་དང་གཎྜཱི་ཆུང་ངུ་གཉིས་ཀ་བརྡུང་ངོ་། །བར་དུ་བཅད་དེའོ། །བརྒྱང་བས་སོ། །འདུས་པ་ཆེན་པོའི་ཚེ་གཎྜཱི་བརྡུངས་པས་གོ་བར་མི་འགྱུར་བ་ལྟ་ན་དུང་སྒྲིལ་ཏེ་བུད་པར་བྱའོ། །རྔ་བོ་ཆེ་དག་བརྡུང་ངོ་། །གཎྜཱི་བརྡུངས་པར་མི་འགྲོ་བར་མི་བྱའོ། །དེར་མི་མྱུར་བར་མི་བྱའོ། །བྱ་བ་འགྲུབ་པའི་དུས་ཀྱི་ལྷག་མ་ལུས་པ་ཙམ་ནི་རྒྱུན་ཆགས་གསུམ་པ་གདོན་ཅིང་ཅི་བདེར་བྱའོ། །དེ་རན་པར་བྱའོ། །ཡོན་བཤད་པར་བྱའོ། །རན་པར་རོ། །སྤོང་བ་པའི་ཞལ་ཏ་པ་སྔར་འདུ་ཞིང་མཇུག་ཏུ་འགྱེས་པར་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་ལྡེ་མིག་སྦས་པ་བསྟན་པར་བྱའོ། །གསོ་སྦྱོང་གི་གཞི་ལས་ཞི་གནས་ཀྱི་གསོ་སྦྱོང་གི་སྐབས་སོ།། །།<br> ༈ མཐུན་པའི་གསོ་སྦྱོང་གི་སྐབས།<br> ༈ གནས་ཀྱི་སྐབས།<br> ༆ གསོ་སྦྱོང་ 159-57a གི་གནས་ལ་བློ་མཐུན་པར་བྱའོ། །གནས་ཐམས་ཅད་གྲུབ་པའམ་བྱས་པའམ་ཟིན་པ་ལའོ། །ཕྱི་རོལ་ཉེ་འཁོར་འདོམ་གང་དང་ལྡན་པའོ། །དགེ་འདུན་འདོད་ནའོ། །ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །མཚམས་གཅད་པར་བྱའོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ། །ཕྱོགས་ཕྱོགས་སུ་ཕ་བོང་དང་རྩིག་པ་དང་ཀ་བ་དང་ཤིང་ལྗོན་པ་དང་ར་བ་དང་བྱ་སྐྱིབས་དང་ལམ་པོ་ཆེ་དང་ཁྲོན་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་དེ་ལས་བྱའོ། །དེར་གནས་པ་བྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ། །དེ་བྱའོ། །ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །སྔ་མ་བག་ཡངས་སུ་མ་བྱས་པར་གཅད་པ་གཞན་མི་འཆགས་སོ། །མཚམས་དག་དགྲོལ་བར་བྱའོ། །ཚིག་གཅིག་གིས་མཚམས་གཉིས་གཅད་པ་དང་དགྲོལ་དུ་རུང་ངོ་། །མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པ་མཚམས་ཡིན་ནོ། །ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཡང་ངོ་། །གྲོང་ལ་ནི་ཉེ་འཁོར་གྱི་མཐའ་ཚུན་ཆད་དོ། །དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་སོ།། །།<br> ༈ ཚོགས་པའི་སྐབས།<br> ༆ འདུན་པ་འབུལ་བ་ལས་དེ་དང་མཐུན་པ་འགྲུབ་པོ། །མཚམས་བཅད་པ་ལ་ནི་མི་འགྲུབ་པོ། །བསླབ་པ་བྱིན་པ་ལས་དེ་བླང་དུ་རུང་ངོ་། །དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་གཞག་པ་ལའོ། །དབུལ་དུ་མི་རུང་ངོ་། །སྨྱོས་པའི་གནང་བ་ཐོབ་པས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཡོངས་སུ་དག་པ་ཕུལ་བ་དང་ཡང་གཅིག་པ་ཉིད་དོ། །གསོ་སྦྱོང་དང་དགག་དབྱེ་ལའོ། །དེ་ཕུལ་བས་སོ། །དེ་བཞིན་དུ་དེ་གཉིས་ལ་བྱའོ། །ཆོ་ག་དེ་མནོད་པར་བྱའོ། །ཚོགས་ཐ་དད་པས་འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ་ལས་བྱེད་པ་ལ་མི་རུང་བ་མེད་དོ། །བརྗོད་པར་བྱ་བ་རྩོམ་པ་དང་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་ཡང་ངོ་། །གཅིག་གིས་ 159-57b དུ་མའི་དེ་དག་ལེན་པ་ལ་ཡང་མེད་དོ། །འདི་ལ་བརྗོད་ནུས་པའི་ཚིག་གིས་གཟུང་ངོ་། །མི་ནུས་ན་དེ་དག་དབུལ་བ་གང་ཡང་རུང་བས་འགྲུབ་པོ། །ལུས་ཀྱིས་ཡང་ངོ་། །ཇི་ལྟར་ཡང་མི་ནུས་ན་ཡང་ན་དགེ་འདུན་དེར་འགྲོ་བར་བྱ། ཡང་ན་དེས་ཁྲིས་བླང་བར་བྱའོ། །དེ་བླངས་ནས་རྒྱུག་པར་མི་བྱའོ། །མགྱོགས་པར་མི་བྱའོ། །མཆོང་བར་མི་བྱའོ། །ཕྱི་རོལ་ལ་མཆོང་བར་མི་བྱའོ། །བང་རིམ་ལ་མཆོང་བར་མི་བྱའོ། །ནམ་མཁའ་ལ་འདུག་པར་མི་བྱའོ། །ཕྱི་རོལ་ལ་མི་བྱའོ། །སྐས་ཀྱི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱའོ། །ཐེམ་སྐས་ཀྱི་ཐེམ་པར་མི་བྱའོ། །ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །གཉིད་ལོག་པ་དང་སྙོམས་པར་འཇུག་པར་མི་བྱའོ། །དེ་གཉིས་ནི་མ་ཀླས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ། ། དགེ་སློང་ལ་བརྗོད་པར་བྱའོ། །ཁ་ཅིག་ལས་དགེ་འདུན་ལ་ཞེའོ། །བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བས་བརྩམ་མོ། །དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་བླངས་ན་མ་བླངས་པ་ཉིད་ཡིན་ནོ། །ཕྱིན་ན་བླངས་པ་ཉིད་ཡིན་ནོ། །གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་བཟུང་ན་དེ་ལ་དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་ཐོང་ཤིག་ཅེས་བརྗོད་པར་བྱའོ། །མ་བཏང་ན་བདག་ཅག་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་ཞེས་སྔ་མ་དང་བཅས་ཏེའོ། །དེ་ལྟ་ན་ཡང་དཀྱིལ་འཁོར་བ་བྱའོ། །དེ་བཏང་བའི་ཕྱིར་སྔར་མི་འབད་པར་བྱའོ། །འཕྲིགས་པས་མི་མཐུན་པ་ཉིད་དུ་འགྱུར་རོ། །ཐ་དད་པ་ཉིད་དུ་འདོད་པས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ། །རྟོག་པ་ཉིད་ན་ཐེ་ཚོམ་ཟའམ་ངེས་པར་བྱེད་པ་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ནོ། །བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཞིང་གོབ་ལོམ་མ་བྱས་ན་དག་པའི་བྱེད་པ་ཡིན་ནོ། །བཙལ་བ་དང་བོད་པ་དང་མཐོན་པོར་འདུག་སྟེ་ཕྱོགས་སུ་ལྟ་བ་དག་གིས་ནི་དེ་མ་ཡིན་ནོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་སོ།། །། 159-58a ༈ ཆོ་གའི་སྐབས།<br> ༆ གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཚེས་བཅོ་ལྔ་ལའོ། །སོ་སོར་ཐར་པའི་མདོ་འདོན་པས་སོ། །དགག་དབྱེ་བྱས་ནས་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །གསོལ་བ་དང་རྣམ་པར་གཞག་པ་འཛིན་དུ་གཞུག་པ་སྔར་བྱ་ཞིང་དེ་གདོན་ཏོ། །གླེང་གཞི་གདོན་པ་དང་གསོལ་བ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ལྷག་མ་ནི་ཐོས་པས་བསྒྲགས་པས་ཀྱང་ངོ་། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ། །བཞི་པ་ལ་རེག་ན་རིལ་གྱིས་སོ། །འདི་ལ་ཟླ་བ་ཕྱེད་འདས་པའི་སོ་སོ་བརྟག་པར་བྱའོ། །འདུ་བར་འགྱུར་བ་དེར་རོ། །ཤེས་པ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ། །འདུག་པ་ན་དྲན་ནམ་ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །ལས་བྱེད་པས་ནི་སེམས་ཀྱིས་སོ། །གལ་ཏེ་ཚེས་བཅོ་ལྔ་ལ་བདག་གཅིག་པུ་དེ་དང་མི་ལྡན་པར་ཤེས་ན་འགྲོགས་བཤེས་ལ་དྲང་པོར་འབད་པར་བྱའོ། །ཚེ་དང་ལྡན་པ་འདི་དང་འདི་ལྟ་བུ་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། ལྟུང་བ་དང་བཅས་པར་རོ། །འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟ་བུ་བྱས་སམ། བྱས་སོ། །འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །ཚེ་དང་ལྡན་པ་ཁོ་བོ་གཅིག་པུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ། །ཀྱེ་ཚེ་དང་ལྡན་པ་ཇེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དགེ་འདུན་ཐམས་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བྱ་བའི་རྩོམ་པས་མིག་ལམ་དུ་ལྷག་མ་འདོད་པ་རྣམས་འཆགས་སུ་གཞུག་གོ། །འདི་ལ་མི་འདོད་པ་དེ་ལ་གླེང་བར་མི་བྱའོ། །གལ་ཏེ་ཚེས་བཅོ་ལྔ་ལ་ཐམས་ཅད་ཀྱིས་ལྟུང་བ་ཤེས་སམ་ཡིད་གཉིས་སུ་གྱུར་ན་ལེན་པར་བྱེད་པ་བསྒྲུབ་པའི་ཕྱིར་དགེ་སློང་འགའ་ཞིག་རང་གི་ཕྱིར་བཅོས་པའི་དོན་དུ་གནས་གཞན་དུ་གཏང་བར་བྱའོ། །མ་གྲུབ་ན་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་བྱ་བ་འདོད་པར་བྱའོ། །བཞི་པས་ཉུང་བ་ཉིད་ལ་ཡང་གཙུག་ལག་ཁང་གི་བྱ་བ་གནས་པ་ཁོ་ན་ཡིན་ནོ། །སྟན་ཐབས་ཉམས་པར་མི་བྱའོ། །ཆག་ཆག་དང་ཕྱག་ 159-58b དར་དང་ལྕི་བ་སར་པས་བྱུག་པ་བྱ་བ་དང་། སེང་གེའི་ཁྲི་བཤམ་པ་དང་མར་མེ་གཟུགས་པ་དང་ཆོས་ཉན་དུ་གཞུག་པ་དག་བྱས་ལ། ཕྱོགས་ཆེས་མཐོན་པོར་འདུག་སྟེ་ཕྱོགས་བཞིར་རྣམ་པར་བལྟ་བར་བྱའོ། །དགེ་སློང་དག་འོང་བ་སྣང་ན་ཀྱེ་ཚེ་དང་ལྡན་པ་མྱུར་བ་མྱུར་བར་ཤོག་ཤིག་དེང་དགེ་འདུན་གྱི་གསོ་སྦྱོང་ངམ་དགག་དབྱེ་བཅོ་ལྔ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཞིར་མ་ཚང་ན་དུས་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་པར་བྱའོ། །འབའ་ཞིག་ན་འདུག་སྟེའོ། །ལྷག་མ་གཞན་དང་བཅས་པ་ཡིན་ན་མདུན་དུའོ། །གསུམ་ནི་འཁོད་དོ། །བཞིའི་དགག་དབྱེ་ཡང་དེ་བཞིན་ནོ། །དེའི་ཚེ་གནས་ན་སོ་སོར་ཐར་པའི་མདོ་འདོན་ནུས་པ་མེད་པར་ཤེས་ན་གསོ་སྦྱོང་ལ་བསྡད་པར་མི་བྱའོ། །གང་ན་དེ་ལས་འདའ་བ་དེར་ཉེ་བར་འགྲོ་བར་མི་བྱའོ། །གནས་པར་ཁས་བླངས་པ་ཕྱི་མའི་གོང་མ་བསྲུང་བར་མི་བྱའོ། །དེ་ལ་ཡང་ཟླ་བ་གཉིས་ལས་ལྷག་པའོ། །གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བ་བསྟབས་པས་འདོན་པར་བྱེད་པ་གཉེར་བར་བྱའོ། །མདོ་སྡེ་འཛིན་པ་འོང་བ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །འདུལ་བ་དང་མ་མོ་ཡང་ངོ་། །དཔག་ཚད་ཕྱེད་དང་གསུམ་དུའོ། །མ་ནུས་ན་རྒྱང་གྲགས་ལྔར་རོ། །གསུམ་མམ་དཔག་ཚད་ཕྱེད་དམ་རྒྱང་གྲགས་སམ་རྒྱང་གྲགས་ཕྱེད་དམ་ཁྱམས་སུ་ཡང་རུང་ངོ་། །ངག་གི་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །ཁྲུས་བྱའོ། །དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པའོ། །གནས་ལ་སོགས་པ་བསྟབས་པ་སྦྱིན་ནོ། །ཆོས་མཉན་པ་ཡང་ངོ་། །དགེ་སློང་ཕྲག་དོག་ཅན་ལ་འདི་དག་བསྟན་པ་འཛིན་པ་ཡིན་ནོ་ཞེས་གོ་བར་བྱའོ། །གསོ་སྦྱོང་དང་དགག་དབྱེ་མ་བྱས་པས་དེའི་ཉིན་མོ་རང་གི་དེ་ཡོད་པའི་གནས་ནས་འགྲོ་བར་མི་བྱ་སྟེ། གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པའམ་འཐབ་ཀྲོལ་ཅན་དག་དང་འབྲལ་བའམ་སྤྱོད་པ་བཟང་པོ་ཅན་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ནའོ། །སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པ་ནས་ 159-59a འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པར་འགྲོ་བར་མི་བྱའོ། །དགེ་སློང་དང་བཅས་པ་ནས་དགེ་སློང་མེད་པར་ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པའམ། གནོད་པ་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དབང་མ་གཏོགས་པར་འགྲོ་བར་མི་བྱའོ། །འགྲོ་བའི་ཕྱིར་གནས་པ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པར་དོར་བར་མི་བྱའོ། །རྐྱེན་དེ་ལྟ་བུ་ཉིད་ཡོད་ན་སྤྱོད་པ་བཟང་པོ་དང་ལྡན་པ་དང་འདོན་པ་དང་ལྡན་པའི་གནས་བསྟན་ནས་དེར་འགྲོར་གཞུག་པར་བྱའོ། །བསྒོ་བ་དེ་ལས་འདའ་བར་མི་བྱའོ། །ཕྱིས་འོངས་པ་རྣམས་ཀྱི་དོན་དུ་དེ་གཉིས་ཡང་བྱར་རུང་ངོ་། །གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ། །འདུན་པ་མཐུན་པ་དག་ལ་ཡང་ངོ་། །གཞན་གྱིས་ཚོགས་པ་གསོལ་བར་བྱའོ། །དེ་མ་ཐོབ་ན་མཚམས་གཞན་དུ་བྱའོ། །བྱེད་པའི་ཚེ་འོངས་ན་ལྷག་མ་ཉམས་སུ་མྱོང་བས་འགྲུབ་བོ། །གནས་དེ་ནས་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ། །གློ་བུར་དུ་ལྷགས་པ་དག་ཆེས་མང་བ་ཉིད་ཡིན་ན་ཡང་ངོ་། །དུས་ཀྱི་ཕྱིར་ནི་ཆེས་མང་པོ་རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ། །མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱིའོ། །འདི་ལ་ཡང་ངོ་། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཆོ་གའི་སྐབས་སོ།། །།<br> ༈ གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས།<br> ༆ ཏིང་ངེ་འཛིན་ལས་བླང་བར་མི་བྱའོ། །གདམས་ངག་མེད་པར་བསྒོམ་པར་མི་བྱའོ། །གདོས་བུ་དང་པོ་ལོང་གི་སྦྱོར་བ་རིགས་པ་ཉིད་ཡིན་ནོ། །བརྩོན་འགྲུས་ལྷོད་པར་མི་བྱའོ། །དེ་ནི་མདོ་སྡེ་ལས་གསུངས་པ་བཞིན་ནོ། །ལུས་དང་སེམས་དང་གོས་མ་འཆར་བས་ཉལ་བར་བྱའོ། །མི་ན་བས་ཉིན་མོ་ཉལ་བར་མི་བྱའོ། །རོ་རྒྱབ་ན་བས་པུས་འཁྱུད་བཅང་བར་བྱའོ། །དབང་པོ་རྣམས་ནང་དུ་བསྡུས་པ་དང་ཡིད་ཕྱི་རོལ་དུ་མ་སོང་བ་དང་གསལ་བ་དང་དྲང་པོས་མི་ཐོགས་པར་བཅག་པར་བྱའོ། །མི་ནུས་ན་ཐ་གུ་བྲེས་ཏེའོ། །ཁ་ཏོན་པའི་འཆགས་ནི་ཁྲུ་བཅུ་གཉིས་སོ། །སྤོང་བ་པའི་ནི་བཅོ་བརྒྱད་དོ། །དེ་ཐ་གུས་གཞལ་ཏེ་བྱའོ། །དགེ་སློང་གིས་ 159-59b ཆོས་བཤད་པར་བྱའོ། །འདུག་སྟེའོ། །གལ་ཏེ་དུ་མ་ཉིད་ཡིན་ན་གཅིག་གིས་སོ། །གང་ཡང་རུང་བས་སོ། །མ་གསོལ་བར་མི་བྱའོ། །གལ་ཏེ་དེའི་ཚིག་གིས་བྱུང་བ་མ་ཡིན་ནའོ། །གྲས་མི་བྱའོ། །གྲ་ཕྱེད་ཀྱིས་མི་བྱའོ། །གཉིས་ཀྱིས་གཅིག་ཏུ་མི་བྱའོ། །རྒན་རིམས་ཀྱིས་སོ། །གལ་ཏེ་མང་བ་ཉིད་ཡིན་ན་སྟན་གཉིས་སམ་གསུམ་བཞག་སྟེའོ། །གལ་ཏེ་སྟན་དེ་དག་མི་ཐོབ་པ་ཡིན་ནའོ། །སེང་གེའི་ཁྲི་ལ་ཡང་ངོ་། །མཆིལ་མའི་སྣོད་གཞག་པར་བྱའོ། །དེར་བཅལ་བླུགས་སོ། །ཕྱེ་མའམ་ཐལ་བའོ། །དེ་དུས་དུས་སུ་སྦྱང་བར་བྱའོ། །ཚེས་བརྒྱད་དང་། བཅུ་བཞི་དང་བཅོ་ལྔའི་ནུབ་མོ་ཆོས་མཉན་པར་བྱའོ། །ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ། །དེ་སྨྲ་བའི་ཕྱིར་གསོལ་བ་འདེབས་པ་མི་གནོད་པར་མི་བྱའོ། །མི་ནུས་པ་ལ་སོགས་པ་ཡིན་ན་གསོལ་བ་འདེབས་པ་ལ་ཤད་ཀྱིས་སྦྱང་བར་བྱའོ། །སྨྲ་བ་པོ་མེད་ན་རིམ་གྱིས་དྲན་པར་བྱ་ཞིང་ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་སྨྲ་བར་བྱའོ། །དེར་མར་མེ་གཟུགས་སོ། །ཁྱམས་སུ་ཆོས་ཉན་པའི་ཟླ་གམ་གྱི་རྣམ་པ་ལྟ་བུའམ་རྫིང་བུའི་རྣམ་པ་ལྟ་བུར་བཤམ་པར་བྱའོ། །བླ་གབ་མེད་པར་ཆོས་ཉན་ན་བླ་རེ་གདགས་སོ། །རླུང་དང་ཆར་འབབ་ན་བཏུལ་ལོ། །དེར་ཆོས་ཉན་པ་དག་དོར་བར་མི་བྱའོ། །དེར་གནས་བརྟན་དང་པོར་འདུག་སྟེ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་བསྡད་ནས་ཆོས་སྨྲ་བར་བྱ་བའམ་གཞན་ལ་དགེ་སློང་ཆོས་སྨྲོས་ཤིག་ཅེས་གསོལ་བར་བྱའོ། །སྨྲ་བ་ན་སེམས་གཏད་དེ་གལ་ཏེ་ཆོས་ཡིན་ན་སྤྲོ་བར་བྱའོ། །གལ་ཏེ་མ་ཡིན་ན་བཟློག་པར་བྱའོ། །དེར་ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །མུ་སྟེགས་ཅན་ཀླན་ཀ་ཚོལ་ཞིང་གནས་ན་ལེགས་པར་ཚར་བཅད་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ། །སྟོན་པས་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ། །དེ་དག་འགྲོ་ན་ཆོས་ཀྱི་སྒོར་གཟུད་པར་བྱའོ། །རྗེས་དང་བཅས་པ་དང་གུས་པ་དང་བཅས་པ་དང་སེམས་དམའ་བས་འཇུག་པར་བྱའོ། །གུས་པར་བྱས་ཏེ་བསྟན་པར་བྱའོ། །ཆོས་ལ་གུས་པ་དང་བཅས་ 159-60a པ་དང་བསྟན་པ་དང་ཡིད་མི་གཡེང་བས་རིགས་པ་དང་གྲོལ་བའི་ཚིག་དག་གིས་སོ། །དོན་ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ། །མ་འདྲེས་པར་རོ། །འབྲེལ་པར་རོ། །བྱམས་པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ། །རངས་པ་དང་མོས་པ་དང་དགའ་བར་བྱེད་པས་སོ། །དོན་གྱི་དབང་གིས་མ་རྫོགས་ན་གཞག་པར་བྱའོ། །དབྱངས་ཀྱི་ཆོས་སྨྲ་བར་བྱའོ། །ལངས་ནས་རྣམ་པར་དབྱེ་བར་བྱའོ། །དོན་བསྡུས་ཏེ་བརྗེད་པར་ཡང་བྱའོ། །གལ་ཏེ་གཟུང་བ་དང་གཞུང་གཟུགས་པ་ལ་ཡང་ངོ་། །དགེ་འདུན་གྱི་གནས་བརྟན་གྱིས་སྨྱིག་མའི་ཐུར་མ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་བགྲང་བར་བྱའོ། །དགེ་བསྐོས་ཀྱིས་དེ་ལས་བརྟགས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ། །བྱེ་བྲག་ཏུ་བྱས་པའིའོ། །ངོའི་དབྱེ་བས་སོ། །གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་གདོན་པར་དགེ་སློང་རྣམས་ལ་བསྐུལ་བའི་ཚིག་བྱའོ། །མདོ་ལའོ། །དེང་ནི་ཡར་གྱི་ངོའི་ཚེས་གཅིག་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་བཀླག་ཏུ་གསོལ་ཞེས་སོ། །གཙུག་ལག་ཁང་གི་བདག་པོས་སྤྱན་འདྲེན་པའི་ཚིག་ཀྱང་བརྗོད་པར་བྱའོ། །ཡོན་བདག་མིང་འདི་ཞེས་བགྱི་བས་སང་དགེ་འདུན་བཤོས་ལ་སྤྱན་འདྲེན་ན་བཙུན་པ་རྣམས་ཀྱིས་དེ་ལ་དགེ་ལེགས་ཀྱི་ཡིད་དག་གིས་སོ་སོ་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་སོ། །ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །འདི་ལ་དགོས་པ་ནི་ཐ་སྙད་ལ་མཁས་པར་བྱའོ། །མ་བརྟགས་ཤིང་གསོ་སྦྱོང་ལ་མ་བསྡད་པར་འདི་སྟོང་པ་ཞིག་གོ་སྙམ་ཞིང་མཚམས་གཅད་པར་མི་བྱའོ། །བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་པའི་ཡན་ལག་མ་ཡིན་ནོ། །དེ་མེད་པ་ཉིད་ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ། །རུང་བའི་ཁང་པ་ཡང་ངོ་། ། 159-60b མཚམས་སུ་མཚམས་ཀྱི་བསྐོར་དུ་མི་རུང་ངོ་། །དཀྱིལ་འཁོར་བ་དང་དགེ་སློང་མའི་དབྱར་ཁང་དང་ཁྲོན་པ་དག་ལ་ནི་རུང་ངོ་། །ཤིང་ལྗོན་པ་གཅིག་ལ་མཚམས་བཞི་མན་ཆད་ཀྱི་མུ་ཐུག་དུ་མ་རྣམ་པར་གནས་སོ། །འདི་ལ་ཐ་སྙད་དུ་རུང་བ་མཚན་མ་ཡིན་ནོ། །རྫུ་འཕྲུལ་དང་སྒྱུ་མ་བྱས་པ་དག་ཀྱང་དེ་ལྟར་གྱུར་པ་ཉིད་མ་ཡིན་ནོ། །ཟླ་བ་དང་ཉི་མ་དང་སྐར་མའི་འོད་དང་དཔའ་ཀློང་གི་རླབས་དག་ཀྱང་མི་བརྟན་པ་ཉིད་ཡིན་ནོ། །མཚམས་སུ་ཆུ་ནི་མཚམས་གཞན་དང་འདྲའོ། །བར་དུ་ཆོད་ན་གཅིག་པ་ཉིད་མ་ཡིན་ནོ། །གལ་ཏེ་ཟམ་པ་བརྟན་པོ་ཉིད་ཡིན་ན་ཡུལ་ཉིད་ཡིན་ནོ། །དེ་ཞིག་པ་ཡང་ཕྱིར་བྱས་ན་ནི་རྗེས་སུ་འཇུག་གོ། །སྦྱོར་བ་མ་བཏང་བ་ཉིད་དོ། །ཞག་བདུན་ཕན་ཆད་ནི་མི་འཇུག་གོ། །ནམ་མཁའ་ནི་བར་དུ་ཆོད་པར་གྱུར་པ་ཡིན་པས་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན་འབྲེལ་པ་ལྟ་ག་ལ་ཡོད། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་དག་མི་འཆགས་སོ། །འོག་དང་སྟེང་དུ་སྲ་བ་དང་འབྲེལ་བ་ལ་དེ་ཚུན་ཆད་པ་བཞི་དང་འདྲ་བ་ཉིད་དོ། །ས་གཞི་མཚམས་མ་བཅད་པ་ཉིད་དུ་ནི་མི་འབྲལ་བའི་གནང་བ་མི་ཆགས་སོ། །བཅད་པ་ཞིག་ན་ཞིག་གོ། །དེས་ནི་དེ་མི་ཞིག་གོ། །མཆོད་རྟེན་དང་གཙང་ཁང་དང་། གཙང་ཁང་བྱུར་བུ་དང་འཁོར་ས་དང་གསོ་སྦྱོང་གི་གནས་དག་ཏུ་ཕྱག་དར་བྱ་བ་ཉིད་དོ། །དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་ཉིད་ནི་ཕུལ་བ་ཉིད་ཡིན་ནོ། །དེ་ལས་གང་ཡང་རུང་བས་དེ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་ན་གནས་པས་དེ་དབུལ་བ་ཡང་དབུལ་དུ་འཇུག་པར་མི་བྱའོ། །བརྒྱུད་པས་མི་བྱའོ། །ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པས་འབུལ་བ་ལ་ནི་ཉེས་བྱས་སོ། །མ་བརྗོད་པ་ནི་མ་གུས་པ་ལས་སོ། །དེས་འཇིགས་པ་ལས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ། །དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་བར་བྱའོ། །ལེགས་པར་ཐོན་པས་གདོན་ཏེ་ཚིག་ 159-61a ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ། །དགེ་འདུན་གྱི་གནས་བརྟན་གྱིས་སོ། །མི་ནུས་པ་ཉིད་ཡིན་ན་གཉིས་པའིའོ། །དེས་ཀྱང་ན་གསུམ་པའིའོ། །དེས་ཀྱང་ན་རེས་ཀྱིས་སོ། །མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །མ་བཏུབ་ན་དགེ་འདུན་གྱིས་སོ། །རྟག་ཏུ་ཡང་ངོ་། །རྟུགས་ན་ལྷག་མ་གཞན་གྱིས་སོ། །དུམ་བུ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་འགྲུབ་པ་དག་གིས་སོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་གནས་མཛེས་པ་འདོད་པས་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱར་མི་རུང་ངོ་། །འགྲོན་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །སྒྲ་མི་འདོད་ན་མདོར་བསྡུས་པས་སོ། །དེ་ཙམ་ན་ཡང་བྱིན་གྱིས་བརླབ་པོ། །དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་ཆོ་ག་རྗེས་སུ་བསྒྲག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ངོ་། །ཕོངས་པའི་ཚེ་ཁྱིམ་པའི་དྲུང་དུ་བཤགས་པར་བྱའོ། །དེ་ལ་ཆོ་ག་རྗེས་སུ་བསྒྲག་པ་ལ་ཡང་ངོ་། །རྒྱལ་པོ་ལ་གོ་བར་བྱ་བ་ལ་ཡང་ངོ་། །གཞན་མ་རྫོགས་པ་ལ་མི་འཆགས་པ་མེད་དོ། །གདོན་པར་བྱ་བ་དང་དེའི་ཚད་དང་དུས་དང་འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་ནོ། །ཐོས་པའི་ཉེ་འཁོར་ལས་འདས་པ་ཉིད་ནི་སོང་བ་ཉིད་ཡིན་ནོ། །གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས་སོ། །གསོ་སྦྱོང་གི་གཞི་རྫོགས་སོ།། །།<br> ༄། །དབྱར་གྱི་གཞི།<br> ༈ གཞིར་གཏོགས་པའི་དབྱར་གྱི་གཞི།<br> ༆ དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུ་བྱའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་གྱིའོ། །དབྱར་ཐ་ཆུངས་ཉའིའོ། །ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ། །ཉི་མ་སྔ་མ་ལ་ནི་གནས་མལ་བསྔོག་གོ། །ཁྲིའུ་དང་ཆོལ་ཟངས་ཡན་ཆད་དོ། །དེ་སྟོབས་པ་བསྐོ་བར་བྱའོ། །མི་ནུས་ན་དུ་མའོ། །དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང་གཟེབ་ཀྱི་སྤྲོག་མར་རས་དཀར་པོ་བཏིང་བས་དཀྲིས་པ་དག་རྒན་རིམས་སུ་བཞག་ 159-61b ནས་ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོང་ཤིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་ནི་སྨྲོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་སྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོས་སོ་ཞེས་དགེ་སློང་རྣམས་ལ་གོ་བར་བྱ་བའོ། །གཞན་གྱིས་བླང་བ་དང་ཁས་བླང་བའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། །ཚུལ་ཤིང་བྲིམ་མོ། །དང་པོར་སྟོན་པའི་བླང་ངོ་། །གཞན་དག་གིས་ནི་སྟན་ལས་ཕྱེད་འཕགས་པས་སོ། །དགེ་ཚུལ་རྣམས་ཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ། །མཇུག་ཏུ་གཉུག་མར་གནས་པ་རྣམས་ཀྱི་དེ་ཡང་ངོ་། །དལ་བུས་དེ་གཞག་པར་བྱའོ། །བགྲངས་ནས་གནས་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ། །གནས་ཀྱི་གཞི་བསྟབས་པར་བྱའོ། །དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་པས་མདུན་དུ་འདུག་སྟེ་གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ་གོས་ཀྱི་རིན་དང་བཅས་པ་ལགས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ། །བླང་བ་ལ་སོགས་པ་ནི་ལྷུང་བཟེད་དང་འདྲའོ། །མཆོད་རྟེན་དང་དགེ་འདུན་གྱི་དོན་མ་ཡིན་པར་སོང་བར་ཤེས་པ་ལ་ནི་འཐེབ་ཉིད་ལས་བསྐོ་བར་བྱའོ། །ཤིང་ལྗོན་པའི་དྲུང་དང་ནེའུ་གསིང་གི་གཞི་དག་ལ་ཡང་རྒན་རིམས་བཞིན་དུ་བསྐོ་བར་བྱའོ། །གནས་ཁང་གིས་མི་ཆོག་ན་གཉིས་ལ་སོགས་པ་དག་ལ་ཐ་ན་དེའི་ས་གཞི་གདིང་བའི་ཚད་ཙམ་ཡང་ངོ་། །ལྷུང་བཟེད་དང་བྱ་མ་བུམ་དང་འདག་རྫས་དང་སོ་ཤིང་དང་སྨན་གྱི་གནས་ལ་ལྟོས་པར་བྱའོ། །སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང་སྤོངས་དང་བཀད་ས་དང་བསྲོ་ཁང་གི་ར་བ་དག་ནི་བསྐོ་བར་མི་བྱའོ། །མཚན་མོ་གནས་མལ་མི་བསྐོའོ། །ནད་པ་འདུག་པའི་གནས་ཁང་གཞན་ལ་ 159-62a མི་སྦྱིན་ནོ། །དེ་ཉིད་ཐོབ་པ་མེད་ན་མི་སྦྱིན་པར་མི་བྱའོ། །དེ་དང་དེའི་གཡོག་ལས་བྱེད་དུ་མི་གཞུག་གོ། །མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་སྤྱད་པར་མི་བྱའོ། །དེ་ལ་གནས་དབེན་པ་སྦྱིན་ནོ། །དགེ་འདུན་གྱིས་བསྟེན་པར་བྱ་བ་དང་བཅས་པ་ཐ་ན་ཁྱམས་དང་ཁྱམས་སུ་གྲུ་བཞི་དང་སྒོ་ཁང་གི་གཞི་དང་བང་རིམ་དང་འཆགས་དང་ཤིང་དྲུང་གི་གནས་དེར་ཡང་འདུག་པར་མི་བྱའོ། །བཤང་བ་དང་གཅི་བའི་སྐྱབས་དེར་གཉིས་སུ་འཇུག་པར་མི་བྱའོ། །དེ་ལ་གཡོག་བསྐོ་བས་སྙིང་བརྩེ་བར་བྱའོ། །དུས་ཐམས་ཅད་དུ་དགོན་པ་དག་ལ་ལྷུང་བཟེད་དང་ཆོས་གོས་བཞག་པའི་ཕྱིར་གནས་ཁང་བསྐོ་བར་བྱའོ། །དབྱར་གནས་པར་ཁས་བླངས་པ་ན་ཁ་ཅིག་གློ་བུར་དུ་འོང་སྲིད་པས་གནས་དང་གནས་མལ་གཞག་པར་བྱའོ། །མང་པོ་དག་ལྷགས་ན་གནས་པ་དག་གིས་གཟོད་བསྐོ་བར་བྱའོ། །གནས་པར་ཁས་བླང་བ་ཕྱི་མ་ཕྱིན་ཆད་མི་བྱའོ། །མང་བ་ཉིད་ན་གཅིག་ལ་ཡང་གཉིས་ལ་སོགས་པ་ཁྱབ་པའི་བར་དག་གོ། །ཞག་གཅིག་གི་དོན་དུ་གནས་མལ་མནོད་པར་མི་བྱའོ། །རྙེད་པ་འདེད་པས་གཙུག་ལག་ཁང་མི་མནོད་དོ། །ཐམས་ཅད་ཡོངས་སུ་སྤྱད་པར་བྱའོ། །ལ་ལར་ཀློག་པ་དང་ཁ་ཏོན་དང་འདུག་པ་དང་བཅག་པ་དག་ལས་གང་ཡང་རུང་བ་བྱ། ལ་ལར་ལྷུང་བཟེད་དང་ཆོས་གོས་གཞག་པར་བྱ། ལ་ལར་མཚན་མོ་ཉལ་བར་བྱ། ལ་ལར་སྔ་དྲོ་དང་གུང་ཚིགས་དང་ཕྱི་དྲོ་འདུག་པས་དེ་ལ་སྦྱར་བར་བྱའོ། །གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་འགྲུམས་པ་བཅོས་པར་བྱའོ། །དགེ་སློང་མ་དབྱར་གནས་པ་རྣམས་ཀྱིས་དབྱར་ཁང་བཅོས་པར་བྱའོ། །འཐབ་ཀྲོལ་ཅན་གྱིས་གནས་མི་ཐོབ་པར་བྱ་བའི་ཕྱིར་དགུན་མནོད་པ་དང་དཔྱིད་མནོད་པའི་གནས་མལ་ཡང་བསྟབས་པར་བྱའོ། །རིལ་གྱིས་བསྐོ་བར་བྱའོ། །འདི་ལྟ་སྟེ་གཙུག་ལག་ཁང་དང་ཁང་ཁྱིམ་དག་གི་ཉེ་འཁོར་ཡང་ངོ་། །ཁྱམས་ཀྱི་དེ་ཡང་ངོ་། །དེ་དག་དོང་པ་ཉིད་ཀྱི་འོག་ཏུ་དེ་དག་མི་གཏང་བར་མི་བྱའོ། ། རང་བཞིན་དུ་གནས་པའི་ཕྱིར་སྒྱུ་ཐབས་མི་བྱའོ། །འབྱུང་བའི་དོན་དུ་མི་བསྐོའོ། ། 159-62b འདི་ནི་འདིའི་དུས་ཚིགས་དང་ཉིན་མཚན་དང་དེའི་ཡན་ལག་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་འགྲོགས་བཤེས་དང་སྨོན་འགྲིན་ལ་སོགས་ཆེ་གེ་ཞིག་འབྱུང་བའི་འོ་ཞེས་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །མནོད་པར་མི་བྱའོ། །ཚང་གཞིག་པའི་ཕྱིར་དབྱུག་གུ་ཐོགས་པ་བསྐོ་བར་བྱའོ། །སྒོ་ང་མེད་པ་རྣམས་ནི་གདོན་པར་བྱའོ། །ཕྲ་མོ་རྣམས་ཀྱིས་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ། །གནས་མལ་ལ་སོགས་པ་སྦྱིན་ནོ། །ཡོད་པ་ཉིད་དུ་དུ་མ་ཡང་ངོ་། །ཁྲི་ཆེན་པོ་དག་ཀྱང་བསྐོ་བར་བྱ་བ་ཉིད་ཡིན་ནོ། །སྟན་དག་ཀྱང་ངོ་། །དགེ་འདུན་གྱི་གནས་མལ་གཡོགས་པ་དགེ་ཚུལ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་སུས་ཀྱང་མི་སྦྱིན་ནོ། །དགེ་སློང་མ་ལ་ཡང་མི་སྦྱིན་ནོ། །འདིར་གནས་འབྱོར་ན་དེ་ལ་འདབ་ཏུ་གཙུག་ལག་ཁང་སྦྱིན་ནོ། །གནས་མལ་ལྷག་མ་བཟང་པོ་མ་ཡིན་པ་ཡང་ངོ་། །ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱའོ། །གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱའོ། །ཞེས་གོ་བར་མི་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་བརྟག་པར་བྱའོ། །དམ་ཚིག་ལས་འདས་ཤིང་སྤྱད་ན་གནས་པའི་ནི་གནས་ལ་གཞན་གྱི་ནི་དགེ་འདུན་ལ་བརྗོད་དེ་དབྲོག་པར་བྱའོ། །དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང་ཞལ་ཏ་པ་ཆེ་གེ་མོ་དང་སྤྱོད་ཡུལ་གྱི་གྲོང་ཁྱེར་ཆེ་གེ་མོ་དང་ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །འགྱོད་པ་དང་གཞན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་བསྐྱེད་པ་ཉིད་དང་། སེལ་བ་ཉིད་དག་དང་བདེ་བ་དང་ཡིད་བདེ་བ་བསྐྱེད་པ་ཉིད་དག་དང་། རྗེས་སུ་བསྲུང་བ་ཉིད་དག་དང་ནད་གཡོག་ཉིད་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་འབྱུང་བ་སོ་སོར་བརྟགས་པས་གནས་དང་སྤྱོད་ཡུལ་དང་བསོད་སྙོམས་དང་སྨན་སྦྱིན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་གནས་པར་ཁས་བླང་བར་བྱའོ། ། 159-63a གཡོགས་པར་དགེ་སློང་གི་མདུན་དུའོ། །གཙུག་ལག་ཁང་དུ་མར་མི་བྱའོ། །གང་ན་དགེ་སློང་མེད་པ་ཉིད་དང་སྒོ་གླེགས་མེད་པ་ཉིད་དང་བཅས་པར་ཡང་མི་བྱའོ། །སྦྱིན་བདག་དང་ཞལ་ཏ་པ་དང་། སྤྱོད་ཡུལ་གྱི་གྲོང་དང་ནད་གཡོག་དག་ཡོད་པ་ཉིད་ཡིན་ན་བརྗོད་པར་བྱའོ། །བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ། །ཆོས་དང་ལྡན་པའི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟ་སྟེ། དགེ་སློང་གི་ཀུན་དགའ་ར་བ་འབུལ་བ་དང་། གཙུག་ལག་ཁང་ཞལ་བསྲོ་བ་དང་། གནས་མལ་དབུལ་བ་དང་། བསླབ་པ་བརྟན་པོ་བཅའ་བ་དང་། མཆོད་རྟེན་ཞལ་བསྲོ་བ་དང་། མཆོད་སྡོང་གཟུགས་པ་དང་། རྒྱལ་མཚན་བསྒྲེང་བ་དང་། མཆོད་པ་བྱ་བ་དང་། ཚོན་དང་ཙནྡན་དང་གུར་གུམ་གྱི་བྱུག་པ་སྐུད་པ་དང་། ཀླག་པ་དང་འགྱོད་པ་བསལ་བ་དང་། ལྟ་བའི་རྣམ་པ་སྤང་བ་དང་། ཕྱོགས་དང་མཐུན་པ་སྒྲུབ་པ་དང་། བཟོད་པ་གསོལ་བ་དང་། སྤོ་བ་ལ་སོགས་པ་བཞི་བྱ་བ་དང་། དབྱུང་བ་དང་། ནད་པ་དབུགས་དབྱུང་བ་དག་ལའོ། །དགེ་སློང་མའི་ལྕི་བའི་ཆོས་ཀྱིས་མགུ་བར་བྱ་བ་དབུལ་བ་ལ་ཡང་ངོ་། །དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་། །དགེ་ཚུལ་གྱིས་དེ་ལའོ། །དགེ་ཚུལ་མའི་བསླབ་པའི་སྡོམ་པ་བྱིན་པ་ལའོ། །ཁྱིམ་པ་དང་ཁྱིམ་པ་མོའི་མགོ་དཀྲི་བ་དང་བང་གསང་བ་དང་། སྐྲ་བསྐྱེད་པ་དང་། སྐྲ་བྲེག་པ་དང་། གདུབ་ཀོར་བསྐྱེད་པ་དག་ལའོ། །བསྙེན་པར་མ་རྫོགས་པ་རྣམས་ཀྱི་དགེ་འདུན་ལྷག་མའི་སྐབས་མ་གཏོགས་པ་སྔ་མ་དག་ལ་ཡང་ངོ་། །ཁྱིམ་པ་དང་ཁྱིམ་པ་མོའི་བཟོད་པ་གསོལ་བ་ནི་ཁ་སྲང་བའོ། །ཟས་དང་སྨན་དང་གཡོག་དག་མེད་ལ་དེ་དག་མེད་པར་འཚོ་མི་ནུས་ན་དེ་ལས་འདའ་བར་བྱའོ། །དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཡོད་ན་ཡང་ངོ་། །དགེ་འདུན་དབྱེ་བའི་ཕྱིར་རྟུལ་བ་རྗེས་སུ་མི་མཐུན་པའི་སེམས་བསྐྱེད་པ་དང་སྡིག་པ་ཅན་གྱི་ཚིག་བརྗོད་པ་དག་བྱུང་ནའོ། ། 159-63b དེ་ཞི་བར་བྱ་བའི་ཕྱིར་མཐུ་ཡོད་པ་ལྟ་ན་མི་འགྲོ་བར་མི་བྱའོ། །སོང་ན་མི་འདའ་བར་མི་བྱའོ། །དམ་བཅས་ན་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ། །གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་སུ་ནི་དེ་འབྱུང་བ་མེད་དོ། །རྙེད་པ་གཅིག་པ་ཉིད་ལ་ནི་ཡོད་དོ། །གཞིར་གཏོགས་པའི་དབྱར་གྱི་གཞིའོ། །<br> ༈ གླེང་གཞི་ལ་སོགས་པར་གཏོགས་པའི་དབྱར་གྱི་གཞི།<br> ༆ སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ། །དགེ་ཚུལ་དག་འགའ་ཞིག་གིས་མ་ཡིན་ནོ། །ལོ་མ་ཚང་བ་དག་གིས་ཀྱང་ངོ་། །དེ་དག་ལ་ཁས་བླང་བ་མི་འཆགས་པ་ཉིད་ནི་མ་ཡིན་ནོ། །གནས་མལ་མི་གནོད་པར་བྱ་བ་ཉིད་མ་ཡིན་ནོ། །སྟོབས་པ་མེད་ཀྱང་མ་ཡིན་ནོ། །མ་བསྐོས་པར་བསྟབས་པར་མི་བྱའོ། །འགྱོད་པ་ལ་སོགས་པས་སྡེ་སྣོད་འཛིན་པ་དང་འཐབ་ཀྲོལ་བྱེད་པ་ཡོད་པ་དང་མེད་པ་དག་མ་བསྡུས་པ་ཉིད་མ་ཡིན་ནོ། །གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ནམ་མཁའ་ལ་གནས་པར་ཁས་བླང་བ་མི་འཆགས་སོ། །གྲུ་ལ་ནང་དུ་འབྱམ་པ་ཉིད་དུ་ཤེས་ན་མི་འཆགས་ཏེ་ས་ལ་ཕྱིན་པ་དང་ས་ལ་གནས་པ་བརྟན་པོ་དང་འབྲེལ་བ་ནི་མ་གཏོགས་སོ། །དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་སྐྱ་རེངས་ཤར་ན་འཇིག་གོ། །ཐེ་ཚོམ་ཟ་བ་ཉིད་ལ་ནི་མི་འཇིག་གོ། །མཐའི་ཞག་དྲུག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ། །བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པ་གནས་པ་དག་ལ་ནི་འཇིག་གོ། །འདི་ལ་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་དོ། །གནང་བ་མ་ཐོབ་པའི་མཐའ་དེ་ཡིན་ནོ། །གཞན་གྱི་ཞག་བཞི་བཅུའོ། །དེ་སྦྱིན་ནོ། །དེ་ལས་ལྷག་པར་ཕྱི་རོལ་དུ་གནས་པར་མི་བྱ་བ་ཉིད་དོ། །དེ་ནི་སྡེ་པ་ལྔ་པོ་དག་གིས་ཡང་མ་ཡིན་ནོ། །དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ། །དགེ་སློང་གི་དགེ་འདུན་དུའོ། །མུ་སྟེགས་ཅན་གྱི་ལྟ་བ་དང་དབྲལ་བའི་ཕྱིར་དང་ཉེ་དུའི་བྱ་བ་དང་བདག་ཉིད་ཀྱི་ལུང་དང་རྟོགས་པ་ལ་ནི་མ་ནུར་ཟ་བ་བསལ་བའི་ཕྱིར་འགྲོ་བ་ལ་བྱ་བ་མ་བསྡུས་པ་ཉིད་དུ་དོགས་པར་མི་བྱའོ། །གནས་པར་ཁས་ 159-64a བླངས་པ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ། །གནས་པ་ནི་དཔེ་ཡིན་ནོ། །གླེང་གཞི་ལ་སོགས་པར་གཏོགས་པའི་དབྱར་གྱི་གཞིའོ། །དབྱར་གྱི་གཞི་རྫོགས་སོ།། །།<br> ༄། །དགག་དབྱེའི་གཞི།<br> ༈ གཞིར་གཏོགས་པའི་དགག་དབྱེའི་གཞི།<br> ༆ མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱའོ། །འདིས་དག་པ་དང་གྲོལ་བ་འཐོབ་བོ་སྙམ་ན་ཉེས་པ་སྦོམ་པོའོ། །དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །སྤྱོད་ཡུལ་དུ་བརྗོད་པར་བྱའོ། །གང་ཚུན་ཆད་ནས་བྱི་དོར་བྱེད་པ་ནས་སོ། །ད་ཕྱིན་ཆད་ཞག་འདི་ཙམ་ན་དགེ་འདུན་དགག་དབྱེ་མཛད་པར་འགྱུར་བ་ཁྱེད་ཅག་ལ་བརྗོད་པ་ཡིན་ནོ་ཞེས་སོ། །གཙུག་ལག་ཁང་བརྒྱན་པར་བྱའོ། །ཁང་པ་བརྩེགས་པ་དག་བརྩིག་གོ། །གཙང་ཁང་ཕྱུར་བུ་དག་ཀྱང་རི་མོ་བྲིའོ། །མཆོད་རྟེན་དག་གསོ་བ་དང་ཕྱི་བྱད་བྱའོ། །སེང་གེའི་ཁྲི་བརྒྱན་པར་བྱའོ། །དོ་མོད་མཚན་ཐག་ཐོག་ཆོས་མཉན་པ་འབྱུང་བར་འགྱུར་གྱིས་དེར་ཚེ་དང་ལྡན་པ་དག་གིས་ཚོགས་པ་སྦྱིན་པར་བྱའོ་ཞེས་སྤྱོད་ཡུལ་དུ་བརྗོད་ནས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་པ་དག་གིས་ཚེས་བཅུ་བཞིའི་ཐག་ཐོག་ཏུ་གང་དུ་ཆོས་མཉན་པ་སྦྱིན་པར་བྱའོ། །གཞན་ལ་ནི་དེ་དག་གིས་ལས་ཀྱི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱའོ། །དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་དུའོ། །དགེ་སློང་དགག་དབྱེ་བྱེད་པ་བསྐོ་བར་བྱའོ། །མི་ནུས་ན་དུ་མའོ། །དགག་དབྱེ་བྱ་བའི་ཕྱིར་གཞན་གྱིས་དགེ་འདུན་ལ་གསོལ་བ་བྱའོ། །འདི་ལ་གྲལ་གྱི་ཆ་ལས་བྱར་རུང་ངོ་། །དེས་རྩྭ་དར་བྷ་བྲིམ་པར་བྱའོ། །དགག་དབྱེ་བྱས་ཟིན་གྱི་བར་དུ་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ། །དེ་ལ་དགག་དབྱེ་གོ་བར་བྱ་བ་ནི་ལན་ནི་ལན་གསུམ་མོ། །དེ་ཙམ་གྱིས་ནད་པ་ངལ་བ་དང་གནས་མལ་ཕན་ཚུན་དུ་འགྱུར་བ་དང་དུས་ལས་ཡོལ་བ་དང་གནོད་པ་འབྱུང་ན་ལན་གཉིས་སོ། །དེ་ཙམ་གྱིས་ན་ཡང་ལན་གཅིག་གོ། །དེས་གྲལ་རྫོགས་ན་གཞན་ལའོ། །མེད་ན་གཞན་ལའོ། ། 159-64b དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་འདུན་ལ་གོ་བར་བྱའོ། །ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབ་པར་བྱའོ། །རང་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། དེ་བླངས་ནས་ཚིག་གིས་སོ། །བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་སོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལའོ། །བྱིན་གྱིས་བརླབས་ཏེ་སོང་བས་དེར་སྔར་དགག་དབྱེ་བྱེད་པ་ན་དེ་དག་དང་ལྷན་ཅིག་བྱས་པ་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །བུད་མེད་ལ་ནི་མ་ཡིན་ནོ། །གྱུར་པ་ལ་ཡང་ངོ་། །གནས་པར་མི་ནུས་པ་ཉིད་ཡིན་ན་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེ་གོ་བར་བྱའོ། །དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ། །གཞི་འམ་གང་ཟག་གམ་གཉིས་ཀ་བཞག་ནས་ཀྱང་ངོ་། །དེ་དག་མནོད་པར་བྱའོ། །གཞག་པར་བྱ་བ་མཐའ་དག་མ་གཏོགས་པ་ཉིད་ཁས་བླང་བར་བྱའོ། །ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་སོ། །གང་ཟག་འཇོག་པར་བྱེད་ཅིང་གཞི་འཇོག་པར་མི་བྱེད་པ་དང་། གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་པའིའོ། །ཁས་བླངས་པ་ཉིད་ན་བཞག་པའམ་བཞག་པ་བསྙོན་པས་ནི་ཁས་བླངས་པ་ཉམས་པར་མི་འགྱུར་རོ། །དེ་ལ་སྔ་མའམ་འདིའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ། །ཞེས་ཟེར་ན་བརྫུན་ཉིད་དོ། །གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན་གལ་ཏེ་གསོ་སྦྱོང་གཉིས་ 159-65a སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །མ་གྲུབ་ན་དཀྱིལ་འཁོར་པ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱའོ། །ངག་གི་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་ཆོས་གོས་བླང་བ་དང་། གནས་ཁང་དང་ཁྱམས་དང་ཁང་པ་བརྩེགས་པ་བསྐོ་བ་དང་། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པ་དང་། ཆོས་ཉན་པ་སྦྱིན་པ་དང་དེ་ལྟ་བུའི་མགུ་བར་འགྱུར་བ་དག་བྱའོ། །བདག་ཉིད་ཀྱི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་བ་དག་ཏུ་གསོ་སྦྱོང་བྱའོ། །འོ་ན་དེང་ཁྱེད་ཀྱི་དགག་དབྱེ་མ་ཡིན་ནམ་ཞེས་ཟེར་བ་དག་ལ་ཚེ་དང་ལྡན་པ་དག་སྡོད་ཅིག །ཁྱོད་ཅག་གློ་བུར་དུ་ལྷགས་པ་ཡིན་གྱི། དོན་འདི་གཉུག་མར་གནས་པ་དག་གིས་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །དོང་བ་དག་ན་དགག་དབྱེ་བྱའོ། །དགག་དབྱེའི་གཞིའོ།། །།<br> ༈ དགག་དབྱེའི་གཞི་དང་འབྲེལ་པ་ཕྲན་ཚེགས་ལ་སོགས་པའི་སྐབས།<br> ༆ ནང་དང་བཅས་པས་བཟོད་པ་མ་བྱས་པར་དགག་དབྱེ་མི་བྱའོ། །ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་དེ་འབྱུང་བར་འགྱུར་བ་ཉིད་ན་དེའི་དུས་ཡིན་ནོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ། །འདུས་པར་ནི་མ་ཡིན་ནོ། །དེས་བཟོད་པ་མ་བྱས་པར་མི་བྱའོ། །དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱའོ། །གཤེ་བ་ལ་བཟོད་པ་མི་གསོལ་བར་མི་བྱའོ། །དགེ་སློང་མས་དགེ་སློང་ལ་གནས་ཀྱི་ཕྱི་རོལ་དུ་བཟོད་པ་གསོལ་བར་མི་བྱའོ། །རྐང་པ་གཉིས་ལ་ཕྱག་བྱས་ཏེ་མི་བྱའོ། །བཟོད་ན་ཕྱག་བྱས་ཏེ་འགྲོ་བར་བྱའོ། །བཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མ་གུས་པར་བྱས་ཏེ་འགྲོ་བར་མི་བྱའོ། འདའ་བར་མི་བྱའོ། །བཟོད་པར་བྱ་བ་ལ་སྔར་ཤེས་པ་ཤད་ཀྱིས་སྦྱོང་དུ་གཞུག་པར་བྱའོ། །མི་འདོད་ན་ཐབས་བཙལ་བ་ལ་མི་འབད་པར་མི་བྱའོ། །མི་བརྒྱང་ངོ་། །ཀུན་ནས་དཀྲིས་པ་དང་མ་བྲལ་གྱི་བར་དུ་མི་བསྡད་པར་མི་བྱའོ། །བཟོད་པ་གསོལ་བར་བྱེད་པ་ལ་མི་བཟོད་པར་མི་བྱའོ། །དགག་དབྱེའི་གཞི་དང་འབྲེལ་པ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །དགག་དབྱེའི་གཞི་རྫོགས་སོ།། །།<br> ༄། །ཆོས་གོས་སྲ་བརྐྱང་གི་གཞི།<br> 159-65b ཟ་བ་དང་། འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་། གོས་སློང་བ་ལ་ཡང་ཉེས་པ་མེད་ལ། དེ་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་རོ། །དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ་བ་དང་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དང་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་དེ་མི་འབྱུང་ངོ་། །ས་གཞན་ན་གནས་པ་དག་ལ་ཡང་ངོ་། །དེ་དག་ཉིད་འཐོབ་པ་ཡིན་ན་མི་འབྱུང་ངོ་། །ཐ་མ་མ་གཏོགས་པ་དག་དང་ས་གཞན་ན་གནས་པ་དག་དང་། དགེ་ཚུལ་ནི་རྙེད་པ་དབང་ངོ་། །གནས་ནས་ཕྱུང་བ་ནི་མི་དབང་ངོ་། །བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་དེ་ཉིད་ཀྱིས་འཐོབ་པ་དང་འདྲའོ། །དངོས་གཞིའི་དུས་ཀྱི་དགག་དབྱེའི་མཐར་དབྱར་གྱི་རྒྱུ་ལས་བྱུང་བའི་གདིང་བའི་ཉི་མའི་མཐར་གྲུབ་པ་གོས་ཀྱི་རྙེད་པར་བགྲང་བའི་ཆོས་གོས་གསུམ་མོ། །དགེ་འདུན་གྱིའོ། །བཤད་བརྡབ་མ་བྱས་པ་དང་། ཡ་ཡོར་མ་གྱུར་པ་དང་། མ་མུགས་པ་དང་། མ་ཟེགས་པའོ། །ཁ་བསྒྱུར་བའོ། །ཡོངས་སུ་མ་སྤྱད་པའོ། །སྲ་བའོ། །འཐུད་མ་ཅན་དང་། ལྷན་རིངས་ཅན་དང་། ལྷན་པ་ཅན་དང་། ཆ་ག་ཅན་དང་། གཟུངས་ཅན་མ་ཡིན་པའོ། །སྤངས་པ་དང་། སྒྱུ་མ་བརྟགས་པ་དང་། བྲལ་ཕྲད་མ་ཡིན་པའོ། །དྲས་ཤིང་དྲུབས་པའོ། །ཟིན་པའོ། །ལྔ་པའོ། །ལྷག་པ་ཡང་ངོ་། །སྔར་མ་བཏིང་བའོ། །བཏིང་བའོ། །དུ་མ་ཡང་ངོ་། །དེ་ཇི་སྙེད་པའི་གདིང་བར་བྱེད་པའོ། །དེ་ནི་ཆོས་གོས་གཞན་གྱིས་བྱིན་གྱིས་བརླབ་པ་ཡིན་པས་དེའི་ཕྱིར་བྱིན་གྱིས་བརླབས་པ་དག་ཕྱུང་ནས་སོ། །ཞག་མ་ལོན་པར་ཚོགས་པས་མོས་པར་བྱའོ། །མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ། །གདིང་བ་ཡང་ངོ་། །གང་ལ་དེ་འབྱུང་བའོ། །དེ་ལ་གཏད་པར་བྱའོ། །གསོལ་བ་བྱས་ཏེའོ། །བཀྲུ་བ་དང་དྲུབ་པ་དང་། ཁ་མ་བསྒྱུར་བ་དག་ལ་དེ་སྔོན་དུ་འགྲོ་བར་བྱའོ། །གཉིས་སམ་གསུམ་རྗེས་སུ་སྒྲུབ་པས་སོ། །ཟིན་པ་ཞིག་གྲུབ་ན་རང་གིས་ཁབ་སྲུབས་གཉིས་སམ་གསུམ་དྲུབ་པར་བྱའོ། ། 159-66a མནོས་པ་དང་རང་བྱེད་པ་དང་། དེའི་མཇུག་དག་ཏུ་གོ་རིམས་བཞིན་དུ་གདིངས་པར་འགྱུར་རོ། །གདིང་ངོ་། །བཏིང་ངོ་། །སྙམ་དུ་སེམས་བསྐྱེད་པར་བྱའོ། །དང་པོ་ཉམས་ན་མི་འབྱུང་བ་མ་ཡིན་ནོ། །ཚེ་དང་ལྡན་པ་དག་བདག་ཆོས་གོས་སྲ་བརྐྱང་འདིངས་པར་འགྱུར་གྱི་ཁྱེད་ཅག་གིས་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་ཚོགས་པ་ལ་བརྗོད་པར་བྱའོ། །འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ། །དྲི་དང་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་བདུགས་པ་དུ་མ་གཟེབ་ཀྱི་པྲོག་མར་ལྷན་ཅིག་བཞག་པ་ཐོགས་ཏེ་རྒན་རིམས་སུ་འདུག་པས་གདིང་བ་བསྒྲུབ་པར་བྱའོ། །ཚེས་བཅུ་དྲུག་ལའོ། །སྟོན་ཟླ་འབྲིང་པོའིའོ། །ལན་གསུམ་བཟླས་པས་སོ། །གདིང་ངོ་ཞེས་སོ། །དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཤིན་ཏུ་བཏིང་ངོ་ཞེས་གོ་བར་བྱའོ། །གཞན་གྱིས་ནི་ལེགས་པར་བཏིང་ངོ་། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ་ཞེས་སོ། །འདི་ལ་རྗེས་སུ་ཡི་རང་བ་ཉམས་སུ་མྱོང་བ་དང་འདྲའོ། །མངོན་སུམ་དུ་མྱུར་བས་སོ། །དུས་དུས་སུ་བསང་བར་བྱ་བསྲད་པར་བྱ་སྤྲུག་པར་བྱའོ། །ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་གཞག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་གཞག་པར་མི་བྱའོ། །དེ་དང་འབྲལ་བར་མི་བྱའོ། །ཁྱེར་ཏེ་གཞན་དུ་འགྲོ་བར་མི་བྱའོ། །མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ། །བླ་གབ་མེད་པར་འདུག་པར་མི་བྱའོ། །<br> ༈ སྲ་བརྐྱང་དབྱུང་བའི་ཆོ་ག<br> ༆ དབྱུང་བའི་རྣམ་པ་གཉིས་ཏེ། རང་འཇུག་པ་དང་བྲལ་བ་དང་བཅོས་མའོ། །རང་འཇུག་པ་དང་བྲལ་བ་ནི་ཆོས་གོས་སྲ་བརྐྱང་གི་མཚམས་གཞན་དུ་ཕྱིན་པ་དང་། བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པའོ། །དེ་ལ་དེའོ། །མཚམས་ལས་འདས་པ་ན་དེ་འགྲུབ་བོ། །ཕྱིར་མི་འོང་བའི་སེམས་ཀྱིས་སོ། །མཚམས་ཀྱི་ཕྱི་རོལ་དུ་དེ་སྐྱེས་ན་ཡང་ངོ་། །ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་པ་མེད་ན་དེའི་ཚེ་ཉིད་ནའོ། །ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ། །ཕྱིར་འོངས་ན་ཡང་ངོ་། །བྱེད་པར་ 159-66b འགྱུར་བའི་མཐར་ཐུག་པ་དང་བརྩམས་པ་ཞིག་པ་དང་། བསམ་པའི་རྒྱུན་ཆད་པ་གསུམ་ལ་དེ་གནས་སོ། །ཡིད་གཉིས་ནི་ངེས་པར་འབྱིན་པར་བྱེད་པ་དང་འདྲའོ། །ལས་ལས་གཞན་པའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱའོ། །དེའི་དུས་ན་དཔྱིད་ཟླ་ར་བའི་ཉའོ། །མདོ་ལའོ། །བཅོམ་པའི་དོན་ཉིད་དུ་སྔར་ཡང་ངོ་། །དེར་ཉམས་སུ་མ་མྱོང་བ་དང་ལྡན་པ་ལ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ། །རྗེས་སུ་འབྲེལ་པ་མེད་ནའོ། །ཡོད་ན་མ་ཆད་ཀྱི་བར་དུའོ། །མ་ཕྱུང་ན་ཐམས་ཅད་ཀྱིས་དེའི་དུས་ཀྱི་རྙེད་པ་བགོ་བར་མི་བྱའོ། །གཞིར་གཏོགས་པའི་ཆོས་གོས་སྲ་བརྐྱང་གི་གཞིའོ།། །།<br> ༈ ཆོས་གོས་སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས།<br> ༆ དགག་དབྱེ་ཇི་ལྟ་བ་བཞིན་དུ་གདིང་ངོ་། །གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱའོ། །དབྱུང་བ་ཡང་ངོ་། །འདི་ནི་ཉི་མ་དེ་ཉིད་ཀྱིའོ། །ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཉིད་ཡིན་ནོ། །བཏིང་ནས་བྱེ་བ་དག་ལ་ནི་དེ་ཐ་དད་པར་འགྲུབ་པོ། །ཆོས་སྨྲ་བ་དག་ཡོད་པས་དེ་བཏིང་ངོ་། །དེར་གཞན་དག་གིས་བྱས་ཀྱང་གནས་ཀྱི་རྙེད་པ་ནི་དེ་དག་ལས་འོས་པ་ཉིད་ཡིན་ནོ། །རང་བཞིན་དུ་གནས་པའི་གནས་སུ་དེ་སྤངས་པ་རྣམས་ལ་མི་འབྱུང་ངོ་། །བསམ་པ་གནས་པ་ནི་བཏིང་བ་ཡིན་ནོ། །ལྷན་ཅིག་ཏུ་བྱ་བ་ལ་འདུན་པ་ཕུལ་བའི་དབང་གིས་ལྷག་མ་རྣམས་ཀྱིས་བྱས་ན་བྱས་པ་ཉིད་ཡིན་ནོ། །དེ་དང་བྲལ་བ་ནི་ཕྱུང་བ་ཡིན་ནོ། །དེའི་ཕྱིར་འདུན་པ་མ་ཕུལ་བ་ལ་ནི་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་མ་ཐོས་ཀྱི་བར་དུ་བཏིང་བ་དང་ཕྱུང་བ་མི་འབྱུང་ངོ་། །མཚམས་ཕྱུང་བ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང་བའི་ཕྱིར་གནས་པ་ཉིད་ཡིན་ནོ། །དེ་ནི་བཏིང་བའི་ཚེ་དེ་ན་གནས་དེ་ཉིད་ཡིན་ནོ། །བཏིང་ནས་མཚམས་ཐ་དད་པར་བྱས་ན་གང་ཡང་རུང་བ་དེ་ལས་དེའི་གནས་ཡིན་ནོ། །ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་དེ་དབྱུང་ངོ་། །བྱེ་བ་ཉིད་ནི་ཕྱོགས་སོ་སོའོ། །མ་བཏིང་བས་ཕྱུང་བ་ནི་མ་ཕྱུང་བ་མ་ཡིན་ནོ། །དེ་མི་འབྱུང་བ་ཉིད་ཀྱིས་ཁ་བསྐང་དུ་མི་རུང་བ་ཉིད་མ་ཡིན་ནོ། །མ་བཏིང་བ་ཉིད་ཀྱིས་དབྱུང་བར་མི་རུང་བ་ཉིད་མ་ཡིན་ནོ། །ཆོས་གོས་སྲ་བརྐྱང་ 159-67a བཏིང་བ་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་དང་སུམ་མདོ་ཚུན་ཆད་དུ་འཇུག་པ་ལ་ཡང་ཉེས་པ་མེད་དོ། །ཆོས་གོས་སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ཆོས་གོས་སྲ་བརྐྱང་གི་གཞི་རྫོགས་སོ།། །།<br> ༄། །གོས་ཀྱི་གཞི།<br> ༈ གཞིར་གཏོགས་པ་གོས་ཀྱི་གཞི།<br> ༆ འདུལ་བའི་མདོ་བམ་པོ་བདུན་པ། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། །དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །སྣམ་ཕྲན་སྣེལ་ཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་མཐའ་བསྐོར་བ་ཉིད་དག་གིས་སོ། །མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ། །དགེ་སློང་མས་ནི་ཤིང་ང་དཔུང་ཆད་རྔུལ་གཟན་རྣམ་པ་གང་ཡང་རུང་བའོ། །བརྙན་པོ་ཡང་ཡོད་ཅིང་བདོག་ནའོ། །དེ་དག་བཞག་སྟེ་སྐྱ་རེངས་འཆར་བར་འདའ་བར་མི་བྱའོ། །གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབས་པ་འཆགས་སོ། །མ་དྲས་པ་ལ་ཡང་ངོ་། །དེ་ལ་གལ་ཏེ་འབྱོར་ན་ལྷན་ཐབས་སུ་གླན་ནོ། །ཁྱིམ་དུ་རུང་བའི་རྣམ་པ་ལ་ཡང་ངོ་། །ཕྱིང་པ་དང་ལ་བ་དང་བེའུ་ཕྲུགས་དང་ཀླམ་དང་སེམས་པ་ནི་མི་དྲ་བར་ལྷན་ཐབས་སུ་གླན་ཞིང་དྲུབ་བོ། །གནས་མལ་མི་གཙང་བ་གོས་པར་དེའི་མོད་ལ་སྦྱང་བར་བྱའོ། །དགེ་འདུན་གྱི་རྩྭའི་ཁྲི་དང་ཁྲིའུ་མ་གཏོགས་པ་སྟན་ཡན་ཆད་ལ་དེ་མ་ཡིན་པའི་གདིང་བ་མེད་པ་དང་གདིང་གཡོགས་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །ཐམས་ཅད་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་ཡང་ངོ་། །ངན་ངོན་ཙམ་དང་དྲི་མ་ཅན་གྱིས་མི་བྱའོ། །གདིང་བ་བཅང་བར་བྱའོ། །དེ་ནི་སྟུག་ན་གཅིག་ཀྱང་རུང་ངོ་། །སེངས་པ་ནི་ཉིས་རིམ་མོ། །ཁྲ་ཁྲ་བོ་མི་རུང་ངོ་། །དེ་ལ་གླེགས་བུའི་འཕྲོ་བྱའོ། །འོག་རོལ་གྱི་སུམ་ཆའི་དང་པོར་རོ། །གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ། །གཡན་པ་དགབ་པ་དེ་དང་ལྡན་པས་བཅང་བར་བྱའོ། །དེ་ཞག་ལྔའམ་དྲུག་ཅིང་སྦྱང་བར་བྱའོ། །སྲིན་བལ་གྱི་དང་བལ་གྱི་དང་ཤ་ནའི་དང་ཟར་མའི་རུང་ངོ་། །རྣམས་སུ་མ་བྱས་ 159-67b པ་དང་གསོ་མ་ནི་མི་རུང་ངོ་། །སྐྲ་ལས་བྱས་པ་དང་གཅེར་བུ་པ་དང་བྱ་འུག་པ་ཡང་དག་པར་ལེན་པ་ཡང་ངོ་། །དེ་ལ་སྦམ་པོ་ཡང་ངོ་། །གཞན་བསྟན་པ་ནི་དེའིའོ། །སྐྲ་འབལ་བ་དང་ལོ་མ་གྱོན་པ་དང་གཡང་གཞིའི་སྨད་གཡོགས་དང་སྟོད་གཡོགས་དང་བཅས་པས་འཚོ་བ་དང་། གསོ་རས་དང་ཡན་ལག་གི་སྦུབས་དང་གོས་ཐམས་ཅད་སྔོ་བ་དང་། གདེངས་ཀ་ལྟ་བུ་དང་ཁ་ཚར་རིང་པོ་དང་རལ་ཀ་དང་གཙུག་ཏོར་དང་མགོ་དཀྲིས་པ་དང་ར་ཕྱར་དང་རྔ་བལ་གྱི་སྣམ་བུ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཡང་ངོ་། །པུ་ལ་སའི་འདབ་མ་གང་ཙམ་དང་མར་མེའི་སྙིང་པོ་ཙམ་དེས་ཀྱང་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །ལ་བ་དང་དེ་ལྟ་བུ་དག་ནི་བཙོངས་ཏེའོ། །མི་གཤེགས་པ་ཉིད་དོ། །རྙེད་པ་བགོ་བ་ལ་ལྔ་བྱའོ། །དེ་རྙེད་པ་འགྱེད་པར་འགྱུར་གྱིས་དེར་ཁྱེད་ཅག་གིས་ཚོགས་པ་བྱའོ་ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་། གཎྜཱི་བརྡུང་བ་དང་། ཚུལ་ཤིང་བྲིམ་པ་དང་། བགྲང་བ་དང་། སོ་སོའི་སྐལ་བ་བྲིམ་པའོ། །ཐ་མ་ཡན་ཆད་བྱེད་པ་ཉིད་ན་འོངས་པ་དབང་བ་ཉིད་ཡིན་ནོ། །མཇུག་ཏུ་ཕྱིན་པ་ཉིད་ནི་མི་དབང་ངོ་། །དེ་ནི་རྙེད་པ་ཆུང་ངུ་ལ་ཡང་ངོ་། །རྙེད་པའི་བྱ་བ་དེར་ཞུགས་ན་སོང་བ་ཉིད་ཡིན་ཡང་མི་དབང་བ་ཉིད་མ་ཡིན་ནོ། །དེའི་ཕྱིར་འགྲོ་བས་མནོད་པ་བཅོལ་བར་བྱའོ། །ཁས་བླངས་པ་དང་ལྡན་པས་མ་མནོས་ན་བསབ་པར་བྱ་བ་ཉིད་དོ། །རྙེད་པ་ཆུང་ངུ་པ་ཎ་ལྔ་ལ་སོགས་པའོ། །མ་བཅོལ་ན་མནོད་པར་མི་བྱའོ། །སློབ་དཔོན་ནམ་མཁན་པོའི་མནོད་པར་བྱའོ། །ཡིད་གཅུགས་པའི་གནས་ཀྱི་དོན་དུ་ཡང་ངོ་། །རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་དོན་དུ་མི་བྱའོ། །དེ་ནི་གནས་མལ་ལ་ཡང་ངོ་། །ཟས་ལ་ཡང་ངོ་། །གཞན་གྱི་དོན་དུ་མནོད་པ་ཕ་རོལ་ལ་གོ་བར་བྱའོ། །མི་དབང་བས་ནང་དུ་ཞུགས་ཏེ་མི་བྱའོ། །དབང་བ་གཅིག་ཉིད་ཀྱིས་ཤིན་ཏུ་མང་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་གྱུར་པ་མེད་དོ། །བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་དགེ་འདུན་གྱི་རྙེད་པ་མི་དབང་ངོ་། །དེའི་དུས་ཀྱི་རྙེད་པ་ལ་ནི་ཆེས་རིང་དུ་གནས་པ་ཉིད་ 159-68a ཡིན་ནོ། །བབས་པ་དང་ཤི་བར་གྱུར་པ་གཉིས་ཀྱང་ངོ་། །རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་གཞག་གོ། །འཐོབ་པ་རྣམས་ཀྱིས་ཀྱང་ངོ་། །ཐམས་ཅད་ཀྱིས་ཕུལ་ན་ཡང་ངོ་། །དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ། །འདི་ལ་གཅིག་ལ་སོགས་པ་ནི་དེ་ཉིད་དོ། །ཆོས་ཀྱི་རྙེད་པ་ནི་དེ་སྨྲ་བ་རྣམས་དབང་བ་ཉིད་ཡིན་ནོ། །གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་འདིར་དེ་ཉིད་ཀྱི་མཐའ་ཡིན་ནོ། །མཚན་མི་མཐུན་པ་ཤི་བའི་ཡོ་བྱད་ལ་ཅིག་ཤོས་ཡོད་ན་མི་དབང་བ་ཉིད་དོ། །གནས་ནས་ཕྱུང་བའི་ཡང་དེ་བཞིན་ནོ། །མེད་ན་ཡང་ངོ་། །རྒྱུ་ལས་སེམས་མ་ལོག་ནའོ། །དེའི་དེ་གནོད་པར་བྱ་བ་ཉིད་ལ་དེ་ནི་ཐ་དད་པ་ཉིད་མ་ཡིན་ནོ། །ཐ་དད་པའི་ལ་ནི་ཐ་དད་པ་ཉིད་དོ། །རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་དག་དེ་ནི་མི་དབང་བ་ཉིད་ཡིན་ནོ། །གསོལ་བའམ་དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་པ་ན་འོངས་པ་ནི་མི་དབང་ངོ་། །དེ་ལས་འགའ་ཞིག་དགེ་འདུན་གྱི་རྒན་པ་དང་གསར་བུ་གཉིས་ལ་བྱིན་པ་ནི་དེ་ཞེས་བྱའོ། །གང་ན་བྱིན་གྱིས་བརླབ་པར་བྱ་བ་འདུག་པ་དེའི་མཚམས་སུ་གཏོགས་པ་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །འདི་ལ་ཤི་བའི་གནས་ཉིད་ནི་རྒྱུ་མ་ཡིན་ནོ། །མཚམས་ཀྱི་བར་ན་འདུག་པ་ལ་ལུས་སམ་གཞན་གྱིས་རེག་པས་ཇི་ཙམ་ནོན་པ་དེར་གཏོགས་པ་རྣམས་སོ། །གང་ན་ནོར་དང་འདྲ་བ་དེར་འདུག་པ་དེའི་ཁོངས་སུ་ཡོ་བྱད་གཏོགས་པ་ཉིད་ཡིན་ནོ། །ནོར་དང་འདྲ་བ་གཞན་ན་འདུག་པ་ཡང་བྱིན་གྱིས་བརླབ་པར་བྱའོ། །སྐུར་བ་བསྐུར་བར་བྱ་བས་མ་སྤངས་པ་ནི་དེའི་ཉིད་ཡིན་ནོ། །སྤངས་པ་ནི་སྐུར་བར་བྱེད་པ་ཉིད་ཀྱིའོ། །དེས་སྤངས་ན་ཡང་ངོ་། །ཕྱི་རོལ་དུ་ཡང་མཚམས་ཀྱི་ནང་དུ་འདུ་ཤེས་པ་དག་འབའ་ཞིག་གིས་བྱིན་གྱིས་རློབ་པ་མི་འཆགས་སོ། །དབྱུང་བ་དང་རིམ་གྲོ་དང་ཆོས་མཉན་པ་དང་ཡོན་བཤད་མ་བྱས་པར་བྱིན་གྱིས་བརླབ་པར་མི་བྱའོ། །ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་ 159-68b འདུག་པ་ཉིད་ནི་ཁྱིམ་བདག་གིས་གང་ལ་བྱིན་པ་དེ་དབང་བ་ཉིད་ཡིན་ནོ། །གལ་ཏེ་དབང་ཞིང་དེས་ཕོངས་པ་ཡིན་ནའོ། །སྦྱིན་པར་མི་བྱེད་ན་བླངས་པ་དང་ལྡན་པའོ། །མཐར་གྱིས་ན་དང་པོའོ། །མེད་པ་ཉིད་ཡིན་ཞིང་མ་བསྔོས་པར་བོར་ན་སོང་བ་དང་ལྡན་པའོ། །དེ་ནི་མཐར་གྱིས་དང་འདྲའོ། །བུ་ལོན་པ་བྱུང་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱིས་ཤི་བའི་ཡོ་བྱད་དེ་དབང་བ་ཉིད་ཡིན་ནོ། །བགོས་ན་ཡང་ངོ་། །དེ་དང་ལྷན་ཅིག་རྣམ་པར་གཞག་པ་དེ་ལ་སྦྱིན་པར་བྱ་བ་ཉིད་དམ་བླང་བར་བྱ་བ་ཉིད་གང་ཡིན་པ་སྟེ་དེ་ཉིད་མ་ཡིན་ནོ། །དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་རོ། །ལག་གི་བླས་དཀོན་མཆོག་གི་བླངས་པ་ཉིད་ཡིན་ན་དེའི་ཇི་སྙེད་པ་དེ་སྙེད་མཉམ་པར་བསབ་བོ། །ནད་གཡོག་དང་བཅས་པ་ཉིད་ཡིན་ན་ཡོ་བྱད་དྲུག་པོ་དེ་དབང་བ་ཉིད་ཡིན་པས་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དོ། །དེ་ནི་རབ་དང་འབྲིང་དང་ཐ་མ་དང་བཅས་པ་ལས་སོ། །དུ་མ་ཉིད་ཡིན་ན་དེ་ཐུན་མོང་ངོ་། །དེའི་དོན་དུ་སོང་བ་ཉིད་ཡིན་ལ་ནད་པ་ཤི་ན་སྦྱིན་པར་བྱ་བ་ཉིད་དོ། །རྫས་དེ་མི་དབང་བ་ཉིད་ལ་ནི་མི་སྦྱིན་ནོ། །གཞན་དུ་གནས་པར་ཁས་བླངས་པ་ལ་སྦྱིན་པར་མི་བྱའོ། །འདི་ལ་བསྙེན་པར་མ་རྫོགས་པ་ནི་ཐམས་ཅད་དབང་བ་ཉིད་དོ། །ནད་པས་སྨྲས་པས་སྦྱིན་པ་ཕྲིན་ཡང་ཇི་སྐད་སྨྲས་པ་བཞིན་བྱ་བ་ཉིད་དོ། །ཤི་བ་ཉིད་ཀྱི་དུས་ན་རྫས་ཉིད་བསྒྲུབ་པ་ལ་ནི་ནོར་བདག་མི་དབང་ངོ་། །ཁྱིམ་ན་གནས་པ་ནི་དབང་ངོ་། །ཁྱིམ་པས་བུ་དང་ཆུང་མ་ཕུལ་ནས་ཤི་ན་ཅི་བདེར་བྱའོ། །གླང་པོ་ཆེ་དང་རྟ་དང་བོང་བུ་དང་དྲེའུ་དང་གོ་ཆ་རྣམས་ནི་རྒྱལ་པོ་ལ་དབུལ་ལོ། །དབྱིག་དང་གསེར་དང་གཞན་བྱས་པ་དང་མ་བྱས་པ་རྣམས་ནི་གསུམ་ལའོ། །རིན་པོ་ཆེ་རྣམས་ཀྱང་ངོ་། །མུ་ཏིག་རྣམས་ནི་གལ་ཏེ་གཞན་ཡོད་ན་དེའི་སྐལ་བས་སམ་ལྷག་པ་ཉིད་ཡིན་ཡང་རུང་། གལ་ཏེ་མེད་ན་དེ་བཞིན་དུ་སངས་རྒྱས་ལའོ། །ཚོན་རྩི་ཆེན་པོ་རྣམས་ཀྱང་ངོ་། །དེ་དག་ནི་བཏགས་ཏེ་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ། །དེ་མ་ཡིན་པ་སངས་རྒྱས་ཀྱི་ནི་སྐུ་གཟུགས་དང་དྲི་གཙང་ཁང་དང་མཆོད་རྟེན་གྱི་ཡོ་བྱད་ 159-69a དུ་བྱའོ། །ཆོས་ཀྱི་ནི་སངས་རྒྱས་ཀྱི་བཀའ་འདྲི་བ་དང་སེང་གེའི་ཁྲི་དག་གིའོ། །ཐེག་པ་ལ་ནི་སྐུ་གཟུགས་ལའོ། །རྒྱལ་མཚན་དང་དེའི་སྲོག་ཤིང་དག་ནི་རྒྱལ་མཚན་གྱི་དོན་དུའོ། །དེར་རུང་བའི་སྲོག་ཤིང་རྣམས་ཀྱང་ངོ་། །གཞན་དག་དང་མཚོན་ཆ་རྣམས་ནི་དགེ་འདུན་ལའོ། །དེ་དག་ནི་ཁར་སིལ་གྱི་ཡུ་བ་དང་ཁབ་དང་གྲི་གུར་བྱས་ཏེ་བྲིམ་མོ། །དགེ་འདུན་གྱི་གཞན་ནི་བཞག་པ་དང་བགོ་བ་དང་བཟའ་བ་དག་ཏུ་ཅི་རིགས་པར་བྱའོ། །ཞིང་དང་ཁང་ཁྱིམ་དང་ཚོང་ཁང་དང་གནས་མལ་དང་མགར་སྤྱད་དང་གསེར་མཁན་གྱི་ལག་ཆ་དང་འདྲེག་མཁན་གྱི་ལག་ཆ་དང་རྫ་མཁན་གྱི་ལག་ཆ་དང་ཤིང་མཁན་གྱི་ལག་ཆ་དང་། བསིལ་ཡབ་མཁན་གྱི་ལག་ཆ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་། བ་ལང་དང་མ་ཧེ་དང་ར་དང་ལུག་དང་སྨན་དང་སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་དང་མྱུར་དུ་མི་འགྲུབ་པའི་དམ་རྒྱ་ནི་དང་པོར་འོས་པ་ཉིད་ཡིན་ནོ། །རས་དང་རས་ཡུག་ཆེན་དང་བེའུ་རས་དང་། མཆིལ་ལྷམ་དང་ལྷམ་སྒྲོ་གུ་ཅན་དང་འབྲུ་མར་དང་འབྲུ་མར་སྣོད་དང་བྱ་མ་བུམ་དང་རིལ་བ་སྤྱི་བླུགས་དང་གླེགས་བམ་གཞན་དང་དམ་རྒྱ་གཞན་དང་ཚོན་རྩི་གཞན་དག་ནི་གཉིས་པར་འོས་པ་ཉིད་ཡིན་ནོ། །འབྲས་དང་ཏིལ་དང་ནས་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་འབྲུ་གཞན་དང་བཟའ་བ་དང་བཏུང་བ་དག་ནི་གསུམ་པར་འོས་པ་ཉིད་ཡིན་ནོ། །གཞིར་གཏོགས་པ་གོས་ཀྱི་གཞིའོ། །<br> ༈ གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞུ་བ་དང་བཅས་པའི་སྐབས།<br> ༆ གླེགས་བུ་དང་གླེགས་བུ་ཕྱེད་དག་མཉམ་པར་བྱའོ། །གཞལ་བའི་ཕྱིར་དེའི་ཚད་ཀྱི་ཆགས་ཤིང་བཅང་བར་བྱའོ། །ཚལ་བུ་དག་ཀྱང་ངོ་། །དེའི་ཚད་ཀྱི་ཆགས་ཤིང་བཅང་བར་བྱའོ། །དེའི་ཆེ་ཚད་ནི་སོར་བཞིའོ། །བྱ་རོག་གི་མཐོ་གང་ཡང་ངོ་། །ཆུང་ཚད་ནི་སོར་གཉིས་སམ་ཕྱེད་དང་གསུམ་མམ་མཐེབ་སོར་གཅིག་གོ། །ས་ལ་ཆོས་གོས་གདིང་བར་མི་བྱའོ། །དེའི་དོན་དུ་བསྟན་པར་བྱའོ། །ཤིང་ལས་བྱས་པའམ་སྨྱིག་མ་ལས་བྱས་པ་གྲུ་བཞི་བཏོད་པའི་ཕྱིར་ཐ་གུ་གཞུག་པའི་བུ་ག་བཏོད་པ་ནི་དེ་ཞེས་བྱའོ། །ཆོས་གོས་ཇི་ཙམ་པར་རོ། །གྲི་གུས་དྲའོ། །དེ་ 159-69b བཅང་བར་བྱའོ། །བྱ་རོག་གི་མཆུ་ལྟ་བུའམ། བྱ་གག་གི་གཤོག་པ་ལྟ་བུར་རོ། །ལྕགས་ལས་བྱས་པ་ལས་གཞན་མ་ཡིན་ནོ། །ཡུ་བ་རྩི་ཅན་དང་ཁྲ་བོ་མི་བཅང་ངོ་། །སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ་། །ཁ་ཅིག་ལས་ནི་བརྒྱད་ལས་མི་བཅང་ཞེས་སོ། །སོར་བཞི་པས་ཐུང་བ་ནི་དགོས་པ་མེད་དོ། །ལྕི་བའི་བྱུག་པས་བསྐུས་པར་བཙེམ་མོ། །ལྕི་བ་མེད་ན་ཆག་ཆག་བཏབ་ཅིང་ཕྱགས་པར་རོ། །དེ་བཙེམ་པར་བྱའོ། །ཁབ་ཀྱིས་ཀྱང་ངོ་། །དེ་བཅང་བར་བྱའོ། །ར་གན་དང་ཟངས་མ་དང་ཁར་བ་དང་ལྕགས་ལས་བྱས་པ་ལས་གཞན་པ་མི་བཅང་ངོ་། །ཁ་ཅིག་ལས་ཟངས་དང་ལྕགས་དང་རྣོ་བ་དག་ལས་བྱས་པ་ཞེས་སོ། །དེའི་ཁབ་རལ་སྦུ་གུ་ལྟ་བུའམ་ཆང་བ་ལྟ་བུ་བཅང་བར་བྱའོ། །དེ་ངོ་ཚ་མེད་པ་དང་དགེ་ཚུལ་དག་ལས་རག་ལས་པར་བྱའོ། །མི་ཤེས་པ་དང་མི་དྲན་པ་དང་། རང་བཞིན་དུ་གནས་པ་དག་མ་ཡིན་པ་དག་ལས་ཡང་ངོ་། །ཁབ་དང་གྲི་དག་བཙས་མི་ཟོས་པར་བྱ་བའི་ཕྱིར་སྤྲ་ཚིལ་གྱིས་བསྐུས་པའི་རས་མར་གཞུག་པར་བྱའོ། །མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོག་རྟེན་བྱས་ཏེ་སྒྲོག་ཟུངས་གདགས་སོ། །སྒྲོ་གུ་ཡང་ངོ་། །བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང་ཁ་མ་བསྒྱུར་བ་འཁྲུར་གཞུག་པར་མི་བྱའོ། །དེ་དང་འདྲ་བ་རང་གིས་མི་བྱའོ། །དེའི་ངོགས་སུ་མི་བྱའོ། །ཤིང་གི་ངོགས་ལ་མི་བྱའོ། །གཞོང་པ་འཇམ་པོར་བཀྲུ་བར་མི་བྱའོ། །ཆུ་བདེ་བས་སོ། །ལག་པ་གཉིས་ཀྱིས་མཐར་གྱིས་བསྒྱུར་ཞིང་ངོ་། །མི་ནུས་ན་རྐང་པ་གཉིས་ཀྱིས་སོ། །དེ་ལྟར་ཁྱིམ་པས་བཀྲུར་རུང་ངོ་། །དེའི་གཞན་དུ་གྱུར་པར་སྤྱོད་པ་བསྲུང་བར་བྱའོ། །ཕྱག་དར་ཁྲོད་ནི་ལེགས་པར་བཀྲུས་པ་དང་། བཙེམས་པ་དང་། ཁ་བསྒྱུར་བ་བཅང་བར་བྱའོ། །མི་གཙང་བས་གོས་པའི་ཆོས་གོས་མི་བཅང་ངོ་། །ཚོན་བཟང་བ་ཉིད་དུ་བྱ་བའི་ཕྱིར་གྲིབ་མ་དང་ཉི་མ་འདྲེན་མར་བརྡུང་ཞིང་བསྐམ་པར་བྱའོ། །གོས་དག་མེད་པར་བསྐོལ་ལོ། །བྱེ་བྲག་གསུམ་མན་ཆད་དུའོ། །མང་བ་ཉིད་དུ་འདོད་པ་ཉིད་ཡིན་ན་ལན་གསུམ་དུ་བྱའོ། །ཕྱི་མ་ཆེས་ངན་པ་ཉིད་དོ། ། 159-70a དེའི་ཕྱིར་སྣོད་ཐ་དད་པར་བཞག་གོ། །འདི་ནི་དང་པོའོ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བྲིའོ། །སྔར་དང་པོ་དང་སྦྱར་རོ། །གོས་ཀུན་ནས་བསུབས་པ་ལའོ། །དེ་ལས་ཐུན་ཇི་ཙམ་རན་པ་ཅུང་ཞིག་གཞོང་བར་བླུགས་སོ། །གཤེར་ཆེས་ན་འཛག་ལ། སྐམ་ཆེས་ན་འདྲིས་པར་འགྱུར་བས་དེའི་ཕྱིར་རན་པར་རོ། །གཟར་ཐག་ཐང་བཅད་པ་ཉིད་ལ་བསྐམས་ན་བཟང་ངོ་། །མཐའ་འབྱར་བས་སོ། །དབང་པུ་དག་གིས་སོ། །གཟུང་དཀར་བ་རྣམས་ནི་རྩྭ་བཏིང་བར་རོ། །ཚོན་ཕྱོགས་གཅིག་ཏུ་མི་འཚིག་པར་བྱ་བའི་ཕྱིར་ཡང་དང་ཡང་བསྒྱུར་བར་བྱའོ། །ཚོན་སར་པ་ནི་སར་པ་དག་ལ་བླུགས་ན་བཟང་ངོ་། །རྙིང་པ་ནི་རྙིང་པ་དག་ལའོ། །སར་པ་ནི་ཉི་མ་ལ་བསྐམས་ནའོ། །རྙིང་པ་རྣམས་ནི་གྲིབ་མ་ལའོ། །མི་འདྲིས་པར་བྱ་བའི་ཕྱིར་ཉི་མ་གཞན་ལ་ཆུའི་ཐུན་བླུགས་སོ། །བང་རིམ་འཆག་སར་ཚོན་གྱི་ལས་མི་བྱའོ། །གཙུག་ལག་ཁང་དུ་མི་བྱའོ། །དེའི་སྟེང་དུ་མི་བྱའོ། །འཐོར་འཐུང་བྱ་བའི་ཉེ་འཁོར་དུ་མི་བྱའོ། །ཕྱོགས་དེར་ཞལ་ཞལ་བྱའོ། །གལ་ཏེ་རྡོ་ཐལ་གྱིས་བྱུགས་པ་ཡིན་ན་བཀྲུའོ། །གལ་ཏེ་བརྩམས་པ་ན་རླུང་དང་ཆར་འོང་ན་ཁྱམས་སུའོ། །བྱས་ཟིན་ནས་ཕྱོགས་དེར་ལྕི་བའམ་སས་བྱུག་པར་བྱའོ། །བཅག་པ་དང་བརྡབས་པ་རུང་བར་མ་གྱུར་པ་སྤྱད་པ་བསྟེན་པར་མི་བྱའོ། །འདི་ལ་འཚེར་བ་ཉམས་པ་ནི་རུང་བ་ཡིན་ནོ། །ཆུས་བརླན་པ་ཉིད་ནའོ། །ཟིལ་པས་བརླན་ན་ལག་པས་མཉེ་བས་ཉམས་པར་བྱ་བླའོ། །ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་བཅིང་ངོ་། །ཤུར་བུའམ་ལྕག་བོད་དམ་རྒྱ་ཅང་ངམ་ཤུར་བུ་ཕྲེ་འུས་སོ། །སྐ་རགས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །ཁྲིས་གཅིག་གིས་ཀྱང་ངོ་། །ཚོམ་བུ་ཅན་དང་ཚར་ཚར་ཅན་དང་ཟླ་གམ་ཅན་དང་། གསེར་སྐུད་ནི་རྒྱན་མ་ཡིན་པ་མ་ཡིན་ནོ། །ཁྲ་བོར་བྱས་པ་ཡང་དེ་དང་འདྲའོ། །གཞི་མ་བཏིང་བའི་སར་ཆོས་གོས་གཞག་པར་མི་བྱའོ། །མི་གཙང་བའི་ཕྱོགས་སུ་མི་བཞག་གོ། །རྟུལ་བ་ཡོད་ན་ཁུར་ལྕི་བས་མི་མནན་ནོ། །གཞན་དུ་སྤྱད་པས་ 159-70b ཡོངས་སུ་སྤྱད་པར་མི་བྱའོ། །བཤང་བ་དང་། གཅི་བ་བྱ་བ་དང་མི་གཙང་བའི་བྱི་དོར་བྱ་བ་དག་ཏུ་བླ་གོས་བགོ་བ་བསྟེན་པར་མི་བྱའོ། །དེར་ཉལ་བར་མི་བྱའོ། །བསོད་སྙོམས་ལ་རྒྱུ་བ་དང་ཆོས་སྟོན་པ་དང་མཆོད་རྟེན་ལ་ཕྱག་བྱ་བ་དང་རྗེས་བྱ་བ་དང་དགེ་འདུན་ཚོགས་པ་དང་གདམས་ངག་དང་ཆོས་མཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་གྱོན་པར་མི་བྱའོ། །དེ་ལ་ཉལ་བའམ་འདུག་པར་མི་བྱའོ། །འགའ་ཡང་བཀུར་བ་ལ་སྦྱར་བར་མི་བྱའོ། །ལུས་ལ་རེག་པར་བགོ་བར་མི་བྱའོ། །མཆན་ཁུང་གཡས་པའི་དྲོད་ཀྱིས་དེ་མ་རུང་བར་འགྱུར་རོ། །དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་ཕྱོགས་དེར་དེ་ལ་གོས་གླན་པར་བྱའོ། །ཁྲུ་ཕྱེད་དང་དོ་དང་མཐོ་གང་ངོ་། །ངོས་གཉིས་ཀར་སྐུད་པའི་ཟུངས་ཀྱིས་སྦྱར་རོ། །དུས་དུས་སུ་དེ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ། །དེའི་དེ་ནི་བཙག་གིས་སོ། །གདོད་ཕྱིས་བཅང་བར་བྱའོ། །ལུས་འཛག་པས་རྣག་གཟན་ནོ། །དེ་ཆོས་གོས་ཀྱི་ནང་དུ་བགོའོ། །འབྱར་ན་སྐ་བའི་ཆུའམ་སོ་ཕག་གི་ཕྱེ་མ་དང་སྦྱར་བའི་ཆུས་སྦངས་ཏེ་དལ་བུས་ཁད་ཀྱིས་དགོག་པར་བྱའོ། །རྣག་དང་ཁྲག་ཀྱང་ངོ་། །དུས་དུས་སུ་བཀྲུ་བ་དང་སྐམ་པ་དང་ཁ་བསྒྱུར་བར་བྱའོ། །དེའི་དེ་ནི་བཙག་གིས་བཟང་ངོ་། །དེའི་དེ་ལ་ནི་སའི་སྙིང་པོས་བཟང་ངོ་། །ཆོས་གོས་དག་གར་བབ་བབ་ཏུ་མི་བཞག་གོ། །དེའི་དོན་དུ་གདང་བུ་བཅའོ། །དེའི་དོན་དུ་སྦུབས་ཁུང་བྱའོ། །གཙུག་ལག་ཁང་བརྩིག་པའི་ཚེ་ནའོ། །བྱས་ཟིན་ནས་བུ་གུ་མི་བྱའོ། །ཁང་ཁྱིམ་ལ་ཡང་དེ་བཞིན་ནོ། །དེ་ནི་ཤིང་བུའམ་ཐག་པས་འགྲུབ་བོ། །གཏུར་བུས་གོས་དག་བཀུར་ན་བཟང་ངོ་། །དེ་བྱའོ། །ཁྲུ་གསུམ་དང་ཁྲུ་ཕྱེད་དང་གསུམ་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །དབུས་སུ་ཁ་གདོད་དོ། །ཁ་རན་བུ་གུ་ཅན་བྱའོ། །ཐ་གུ་ལས་སོ། །ཁ་རྒྱུན་གཞན་ཡང་ངོ་། །སྤྱད་པར་བྱ་བ་དག་སྟེང་དུ་གཞུག་གོ། །སང་འགྲོ་བར་འགྱུར་བ་ཉིད་ན་བླ་མ་ལ་ཞུས་ཏེ་གནང་ན་འགྲོ་བར་བྱའོ། །རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེའོ། །ལམ་དུ་ཆོས་དང་ལྡན་པའི་ 159-71a གཏམ་གྱིས་སམ་འཕགས་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ། །ངལ་བསོ་བའི་གནས་སུ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ནོ། །ཆུ་བཅུས་པར་ཡང་ངོ་། །ཆུ་དེ་གང་གི་ཡིན་པ་དེའི་ཕྱིར་རོ། །ལྷ་རྣམས་ཀྱི་ཕྱིར་ཡང་གཞན་ནོ། །གནས་པར་ནི་རྒྱུན་ཆགས་གསུམ་པའོ། །དཔྱང་ཐག་བཅང་བར་བྱའོ། །དེའི་ཚད་ནི་ཁྲུ་བརྒྱ་ཡན་ཆད་ནས་ལྔ་བརྒྱ་བཅུ་མན་ཆད་དོ། །ཁ་ཅིག་ལས་ནི་ཡུལ་གྱི་རྗེས་སུ་མཐུན་པ་ཞེས་བྱའོ། །དེ་མེད་པར་ཁྲོན་པའི་ཆུ་མ་ཡིན་པ་དཀོན་པའི་ཡུལ་དུ་རྒྱུ་བར་མི་བྱའོ། །ལམ་དུ་འགྲོ་བས་ཆོས་གོས་སྤྲུགས་ཤིང་ཁྲུས་བྱ་བའམ་རྐང་ལག་བཀྲུས་ཏེ་ཆུ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །རྒན་རིམས་བཞིན་ལ་ཕྱག་བྱས་ནས་ཐ་མལ་པའི་ཕྱོགས་སུ་བསྡད་པར་བྱའོ། །སྒྲ་བསྐྱུང་བ་དང་མཛེས་པ་དང་ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་རན་པར་རོ། །རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ། །མི་ཤེས་ན་མུ་གཅིག་པ་ཡིན་ཡང་བསུ་བར་མི་བྱའོ། །སྒོ་ཆོད་ཅིག །ཚོལ་ན་མ་སྦྱིན་ཅིག །ལེན་ན་བཟློག་ཤིག་ཅེས་བཅོལ་བ་ཁས་བླངས་ནས་ཡལ་བར་བོར་རམ་འདི་ཁོ་བོའི་གྲོགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཡིད་གཅུགས་པའི་དངོས་པོ་ཉིད་དུ་བསྒྲུབས་པ་ལས་བརླག་པར་གྱུར་ན་གཞལ་བར་བྱ་བ་ཉིད་ཡིན་ནོ། །ཡིད་ཆེས་པ་ལ་བརྟེན་པར་བྱའོ། །གཞན་གྱིས་མི་ཤེས་པའི་བྱེ་བྲག་བརྟག་པ་ནི་ཐབས་ཡིན་ནོ། །དབུལ་བར་བྱ་བ་ལྟུང་ནའོ། །གལ་ཏེ་མ་བླངས་པར་བཏང་ནའོ། །དེ་ལ་བག་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་དྲི་བར་བྱའོ། །བརྙས་པ་མི་གཙང་བས་མ་རུང་བར་གྱུར་པ་བཀྲུ་བ་ལ་སོགས་པས་སེམས་གཟུང་བར་མ་གྱུར་ན་རིན་སྦྱིན་ནོ། །ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །སྟན་གདིང་བར་བྱའོ། །རྐང་པ་བཀྲུ་བས་མགྲོན་དུ་གཉེར་བར་བྱའོ། །ཆུས་ཀྱང་ངོ་། །ཕྱག་བྱའོ། །སྤྱོད་པ་བདེ་འམ་འདྲིའོ། །ཅི་ནུས་ཀྱིས་ཡང་དག་པར་དགའ་བར་འགྱུར་བར་བྱའོ། ། 159-71b གནས་མལ་རྐྱེན་དུ་བབ་པ་སྦྱིན་ནོ། །དགེ་འདུན་གྱི་གནས་བརྟན་གྱི་གན་དུ་འགྲོ་བར་བྱའོ། །དེས་དེ་གནས་འཆའ་བ་ལ་སྦྱར་བར་བྱའོ། །གལ་ཏེ་རྒན་ན་དེ་ལ་གནས་མལ་བསྟབ་པའི་ཕྱིར་དེའི་དགེ་སྐོས་ལའོ། །བབ་ཅོལ་དུ་གནས་མལ་གསོ་བར་མི་བྱའོ། །ཆོས་གོས་ཀྱི་མཐའ་ཟེགས་ན་མཐའ་བསྐོར་གྱིས་གླན་ཞིང་ཕྱིར་བཅོས་སོ། །སྨྱུང་ཚེམས་ལྟ་བུ་དག་གིས་དེའི་ཟུངས་གདབ་པོ། །རོའི་གོས་ནི་བླ་གབ་མེད་པར་ཤིང་ལྗོན་པ་ལ་སོགས་པའི་སྟིང་དུ་ཉི་མ་བདུན་ནམ་བརྒྱད་དམ་ཁ་ཅིག་ལས་ལྔའམ་དྲུག་བཞག་སྟེ་འཁྲུར་བཅུག་ནས་སྤྱད་པར་བྱའོ། །བདག་དུར་ཁྲོད་པའོ་ཞེས་གོ་བར་བྱས་ནས་འབོད་ན་གཙུག་ལག་ཁང་དང་ཁང་ཁྱིམ་དག་ཏུ་འཇུག་པར་བྱའོ། །དུར་ཁྲོད་པས་བདག་གིར་བྱ་བ་མ་བཏང་བ་ལ་ཡང་སྤྱད་པ་བསྟེན་པར་མི་བྱའོ། །དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ། །མཆོད་རྟེན་ལ་འདོམ་གང་ཙམ་གྱིས་འགྱེད་དོ། །སྦྲང་ཡབ་བཅང་བར་བྱའོ། །བལ་ལས་བྱས་པ་དང་ཤ་ན་ལས་བྱས་པ་དང་རས་བལ་ལས་བྱས་པའི་རས་མའམ་འདབ་མའི་དོག་པའོ། །གླང་པོ་ཆེ་དང་རྟ་དང་བ་ལང་གི་སྤུ་ལ་སོགས་པ་ལས་བྱས་པ་མི་རུང་ངོ་། །ཐམས་ཅད་དུ་གང་ཟག་གིས་ཁར་རྩི་ཅན་ཉིད་དང་ཁྲ་བོ་ཉིད་མི་རུང་ངོ་། །སྦྲང་སྐྱབས་ཀྱང་ངོ་། །ཤིང་བུའི་སྟེང་དུ་རས་ཀྱིས་གཡོགས་པའོ། །བཅིང་བས་སོ། །ཁྲུ་བཞི་པ་དང་དོ་པའོ། །རས་ཁྲུ་བཅུ་གཉིས་པས་གཡོགས་སོ། །འབྱར་བ་དང་བཅས་པར་རོ། །དེའི་མ་མཐའ་ནི་མལ་ཆས་སྦྱར་རོ། །སྒོ་གསིགས་ཀར་གདོད་དོ། །ཚ་བར་ནི་བསིལ་ཡབ་སྦྱར་རོ། །བསིལ་ཡབ་བཅང་བར་བྱའོ། །བསིལ་ཡབ་མཁན་གྱིས་བྱས་པའམ་ཏ་ལའི་ཆང་བུའོ། །ཁྲ་ཁྲ་བོ་མི་རུང་ངོ་། །དགེ་འདུན་གྱིས་ནི་གཞན་ཡང་ངོ་། །ནོར་བུ་དང་རྔ་མའི་བསིལ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ལོ། །ཉན་ཐོས་ཀྱི་ལ་ཡང་ངོ་། །སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་ནང་ཚངས་ཅན་དང་གོར་བུ་དག་བཅང་བར་བྱའོ། །བུ་དང་ཆུང་མའི་རྙེད་པ་ནི་སྦྱིན་པར་བྱེད་པའི་དབང་གིས་བསྒྲུབ་པོ། །གལ་ཏེ་སླུ་བར་བྱེད་ན་ཅི་ཙམ་འདོད་པ་དེ་ཙམ་དུ་བཙོང་བ་ 159-72a ཉིད་ཡིན་ནོ། །ཡང་དང་ཡང་དུ་དབུལ་དུ་རུང་ངོ་། །ཤིང་ལྗོན་པ་ལ་ཕུལ་བས་གལ་ཏེ་རྒྱན་ཡིན་ན་དུས་སྟོན་གྱི་ཚེ་དེ་ཉིད་བརྒྱན་པར་བྱ་བའི་ཕྱིར་བཞག་གོ། །རྩིག་པ་ལ་ན་གལ་ཏེ་གནས་ཁང་གི་ནི་རི་མོ་བྱ་བའི་ཕྱིར་རོ། །གལ་ཏེ་མ་ཡིན་ནམ་ཀ་བ་ལ་ན་ལས་སར་པའི་ཕྱིར་རོ། །ས་ལ་ནའོ། །མེ་ཁང་གི་ནི་སྣང་བར་རོ། །ཡང་ན་སྣུམ་བག་གི་རྙེད་པར་རོ། །རུང་བའི་ཁང་པ་ནི་ན་བའི་སྨན་དུ་བཞག་གོ། །བཀད་སའི་ནི་ཟས་སུ་བྱའོ། །སྐེམ་མལ་གྱི་ནི་བཏུང་བར་བྱའོ། །བསྲོ་ཁང་གི་གནས་ཀྱི་ནི་བསྲོ་ཁང་ངམ་སྣུམ་བག་གི་རྙེད་པར་རོ། །འཁོར་གྱི་ཁྱམས་དང་སྤོང་སའི་ར་བའི་སྣུམ་བག་གི་རྙེད་པར་རོ། །ཡང་ནི་སྐྱེས་པའི་རབས་ཀྱི་སྡེ་བྲི་བར་བྱའོ། །བང་རིམ་དང་འཆགས་དང་སྒོ་ཁང་དང་ཁྱམས་དག་ལ་ཕུལ་བ་ནི་སྒོའོ། །རྫིང་བུའི་ཡང་ངོ་། །ཁ་ཅིག་ལས་དེ་ནི་ཕྱོགས་བཞིའི་དགེ་འདུན་གྱི་ཉིད་དུ་བཞག་གོ་ཞེས་སོ། །དཀོན་མཆོག་གི་དོན་དུ་བླང་དུ་རུང་ངོ་། །བསྒྲག་ཏུ་ཡང་རུང་ངོ་། །ལེན་པའི་ཚེའོ། །མཐོང་བར་བྱ་བའི་ཕྱིར་འཕང་ལོ་བྱའོ། །ཚ་བ་དང་རླུང་དང་ཆར་པའི་གནོད་པས་མི་རེག་པར་བྱ་བའི་ཕྱིར་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པ་ཡང་ངོ་། །དུས་སྟོན་གྱི་རྗེས་ལ་འཕང་ལོ་བཏུལ་ལོ། །སྣོད་སྤྱད་འགྲུབ་པས་རྙེད་པ་འགྲུབ་པར་བྱའོ། །གཉིས་ཀ་ལས་མ་བསྔོས་པར་སྟོན་པ་མཆོད་པའི་ཚེ་ཕུལ་བ་དགེ་འདུན་གྱི་ལ་དགེ་སློང་མ་རྣམས་ཀྱི་འཇུག་པ་མེད་དོ། །འདི་ལ་གཅིག་གི་ནང་དུ་དེ་དག་གིས་འཕང་ལོ་ཐ་དད་པ་བཙུགས་ན་ཉེས་པ་སྦོམ་པོའོ། །སྣོད་སྤྱད་འགྱེད་པས་བགོ་བར་བྱའོ། །དེ་བསྐོ་བར་བྱའོ། །བཙོང་བར་བྱ་བ་རྣམས་བཙོངས་ཏེའོ། །དགེ་འདུན་འདུས་པ་ལའོ། །བསྐྱེད་པས་སོ། །དེ་ཉིད་ཀྱིས་དེར་འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐང་གདབ་པར་བྱའོ། །རན་པར་བྱའོ། །དེས་ནི་དེ་ལ་མི་དབབ་པ་ཉིད་དོ། །ཡང་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་པ་ལ་དབབ་བོ། །མི་ཉོ་བས་བསྐྱེད་པར་མི་བྱའོ། །བུད་མེད་མི་བྱའོ། །རིན་མ་ཕུལ་གྱི་བར་དུ་སྤྱད་པ་དང་བྱི་དོར་ཡང་མི་བྱའོ། །བགོ་ 159-72b སྐལ་བ་རྣམས་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་ཀྱིས་བགོ་བར་བྱའོ། །ཕོག་པ་མ་བགོས་པར་ཚོམས་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེ་ལ་དབང་བ་ཉིད་ཡིན་ནོ། །མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ་། །མི་སློབ་པ་མན་ཆད་ཀྱིའོ། །སོ་སོའི་སྐྱེ་བོ་ལའོ། །ཚུལ་ཁྲིམས་འཆལ་པ་ནི་མ་ཡིན་ནོ། །ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ། །མཚམས་ཀྱི་ནང་ཉིད་ན་གང་ཟག་གི་གཙུག་ལག་ཁང་ངམ་དེའི་རྙེད་པས་འཚོ་བ་ལ་ནི་དགེ་འདུན་གྱི་རྙེད་པ་འོས་སོ། །ངེས་པའི་གནས་ཁང་ན་ཡང་ངོ་། །དེ་རི་མོར་བསྐོའོ། །ལྕགས་ལས་བྱས་པའི་སྣོད་སྤྱད་དག་ལས་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་ཚྭ་སྣོད་དང་ཟོ་ཕོར་དང་། ལྡེ་མིག་ཀྱོག་པོ་དང་གྲིའུ་དང་ཁབ་དང་སེན་མོ་གཅོད་པ་དང་ནལ་ཟེ་དང་ཐལ་ཕྱགས་དང་སྟ་རེ་དང་སླང་དང་ཕོར་བུ་དག་ནི་བགོ་བར་བྱ་བ་ཉིད་དོ། །སའི་སྣོད་སྤྱད་དག་ལས་ནི་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་སླང་དང་བུམ་པ་དང་བྱ་མ་བུམ་དང་གཞོང་པ་དང་རིལ་བ་སྤྱི་བླུགས་དང་ཆུ་སྣོད་དག་གོ། །ཁྲི་ནི་རིན་པོ་ཆེ་ལས་བྱས་པ་ལ་སོགས་པ་མན་ཆད་ནས་ལྕགས་ལས་བྱས་པའི་བར་དག་གོ། །བརྗེས་ཏེའོ། །ཤིང་ལས་བྱས་པ་ནི་མ་ཡིན་ནོ། །ཚོན་རྩི་ལྔ་ལས་གཞན་པའོ། །མ་བསྐོལ་བའོ། །བསྐོལ་བ་ནི་ཁ་བསྒྱུར་བར་བྱ་བ་ལ་སྦྱར་བར་བྱ་བ་ཉིད་དོ། །དགེ་འདུན་གྱི་ལའོ། །ཀུན་དགའ་ར་བ་དང་གཙུག་ལག་ཁང་དང་དེ་དག་གི་གཞི་དང་། གནས་མལ་དག་ནི་བཙོང་བར་བྱ་བ་ཡང་མ་ཡིན་ནོ། །གཞག་པར་བྱ་བ་ཉིད་མ་ཡིན་ནོ། །བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་ནོ། །ཕ་མ་ལ་ཟས་དང་གོས་ཀྱིས་གཏང་བར་བྱའོ། །གལ་ཏེ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་མེད་ན་བླངས་ཏེའོ། །མ་གྲུབ་ན་ཟན་གྱི་སྐལ་བ་ལས་ཕྱེད་སྦྱིན་ནོ། །བྱེ་བྲག་ཤེས་པར་བྱ་བའི་ཕྱིར་ཆོས་གོས་དག་ལ་ཐིག་ལེ་བྱའོ། །དེ་དག་ལ་མཚན་མ་གདབ་བོ། །སྣག་ཚའི་ཐིག་ 159-73a ལེ་ནི་དེ་ཞེས་བྱའོ། །ལུས་དག་ཀྱང་ངོ་། །ཁ་ཚར་དང་ཕུན་ཚར་གྱི་མཐར་རང་ཆག་བྱའོ། །སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ། །རྐྱེན་དེ་ལྟ་བུ་དག་མེད་པར་མ་དྲས་པ་དེས་གྲོང་དང་ཁྱིམ་གཞན་དག་ཏུ་འཇུག་པ་དང་འདུག་པར་མི་བྱའོ། །མུ་སྟེགས་ཅན་གྱི་འདུག་གནས་སུ་ཡང་དེ་བཞིན་ནོ། །འཁོར་ན་འཇུག་པ་དང་འདུག་པར་མི་བྱའོ། །སྤུ་ཅན་ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་མི་བརླབ་བོ། །དེ་བགོ་བའི་གོས་སུ་མི་བསྟེན་ནོ། །སེང་བ་དག་བདག་གིར་མི་བྱའོ། །དེ་ནི་རྣམ་པ་བཞིའོ། །བལ་ལས་བྱས་པ་དང་། ཟར་མ་ལས་བྱས་པ་དང་། དུ་གུ་ལ་ལས་བྱས་པ་དང་། རས་བལ་ལས་བྱས་པའོ། །སྤུ་དམའ་བ་ལ་སོགས་པ་རས་ཀྱི་རྣམ་པ་ཡང་བ་གཞན་དག་ཀྱང་ངོ་། །ལ་བ་ཡང་ངོ་། །གནོད་པ་མེད་ན་སྤུ་ཕྱིར་བསྟེན་ཏེ་བགོ་བར་མི་བྱ་སྟེ་གཞན་དུ་ནའོ། །དེ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱའོ། །པར་སིག་གི་ལ་བ་དང་བེའུ་ཕྲུགས་དང་པར་ཐང་ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ། །འཆག་སར་པར་ཏང་གདིང་བ་མནོད་པར་བྱའོ། །རྟག་ཏུ་མལ་གཅིག་ཏུ་བཅག་པར་མི་བྱའོ། །ནུས་པ་ཉིད་ཡིན་ན་བཙེམ་པ་དང་ལྷན་པ་རིང་པོ་དག་གླན་པས་ཕྱིར་བཅོས་པར་བྱའོ། །མི་ནུས་པ་ཉིད་ཡིན་ན་འཆགས་དེ་ཉིད་དུ་ལྕི་བ་དང་སས་བྱུག་པར་བྱའོ། །གཞན་བཅང་བར་བྱའོ། །སྦྱིན་བདག་ལ་ཡིད་བརྟན་པས་སོ། །སྣམ་སྦྱར་དང་བླ་གོས་དང་མཐང་གོས་དང་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་དང་རྔུལ་གཟན་དང་རྔུལ་གཟན་གྱི་གཟན་དང་གདོང་ཕྱིས་དང་རྣག་གཟན་དང་གཡན་པ་དགབ་པ་དང་སྐྲ་བཟེད་དང་གདིང་བ་དང་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ། །ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །ཡོ་བྱད་ཀྱི་གོས་ཀྱང་ངོ་། །དེ་ཉིད་དཀར་པོ་ཉིད་དང་ཁ་ཚར་དང་ཕུན་ཚར་དང་བཅས་པ་ལ་ཡང་ཉེས་པ་མེད་དོ། །དགེ་འདུན་གྱི་ཡང་ངོ་། །གཞན་དུ་མ་ཡང་རུང་བར་བྱས་ཏེ་བཅང་བར་བྱའོ། །སེམས་མི་བརྟན་པ་ལ་རུང་བར་མི་བྱའོ། །བསྙེན་པར་མ་རྫོགས་པ་ལ་མི་བྱའོ། ། 159-73b མངོན་སུམ་དུ་མི་བྱའོ། །ཡུལ་གཞན་དུ་གནས་པར་གྱུར་པ་ཉིད་ཡིན་ན་ཡང་རུང་བ་མི་ཉམས་སོ། །ཤི་ན་ཉམས་སོ། །ཤེས་ནའོ། །འདི་ལ་རུང་བར་བྱེད་པ་བདག་པོ་ཉིད་དོ། །སྤངས་པ་བདག་གིར་མི་བྱའོ། །དགེ་སློང་ལ་སྤང་བར་བྱའོ། །མི་བསལ་བ་ལ་ཡང་མི་བྱའོ། །མ་བྱིན་ན་བླང་ངོ་། །མཐུས་ཀྱང་དགུག་གོ། །གོས་དྲི་དག་གིས་གོས་པ་བཀྲུས་ཏེ་བགོ་བར་བྱའོ། །ཕྱེ་མ་དག་གིས་ན་སྤྲུགས་ཏེའོ། །སྣུམ་གྱིས་ན་རྩུབ་པར་བྱས་ཏེའོ། །ཆར་འབབ་པའི་ཚེ་བླ་གབ་མེད་པར་དགེ་འདུན་གྱི་མི་བགོའོ། །བཀྲུ་བཤལ་དང་ཚོན་དང་ལྷུང་བཟེད་ཀྱི་ལས་དང་ཤིང་གཤགས་པ་ལ་སོགས་པ་བྱེད་པའི་ཚེ་མི་བགོའོ། །ལྷན་ཅིག་པ་ཉིད་ལ་ཞེས་མ་བསྒོ་ན་གཅིག་དང་དབྲལ་བའི་ཕྱིར་འདོམས་པ་ལ་བྱིན་པ་ནི་ཡང་དག་པ་ཉིད་ཀྱི་གྲངས་ཡིན་ནོ། །འདོམས་པར་བྱེད་པ་དང་བཅས་པ་ལ་མི་སྦྱིན་ནོ། །སྨྱོན་པས་ཉེ་དུ་མ་ཡིན་པ་དང་དེའི་ཁྱིམ་ནས་བླངས་པ་ལས་བླང་བར་མི་བྱའོ། །བུ་བསྐྲད་པ་ལས་བླང་བར་བྱའོ། །དུར་ཁྲོད་ནས་ཕྱིར་བཟློག་པ་ཡང་ངོ་། །ཕྱིར་འགུགས་ན་སྦྱིན་པར་བྱའོ། །ཡང་རྙེད་ན་བླང་ངོ་། །མཆོད་རྟེན་གྱི་དཀོར་དང་འབྱུང་ཁུངས་དང་། རྩ་བ་དང་འབྲས་བུ་དང་བུ་རམ་ཤིང་ལས་གཞན་པའི་ཟས་ཀྱི་དོན་དང་། བསྐོ་བས་ཉེ་བར་འཚོ་བར་བྱ་བ་དང་། ན་བའི་རུང་བ་ནི་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །རྙེད་པ་ལ་ནི་དབྱར་གྱི་མཚམས་འཇུག་གོ། །དབྱར་རལ་བ་ནི་མི་དབང་བ་ཉིད་མ་ཡིན་ནོ། །གནས་ནས་ཕྱུང་བ་ཉིད་ན་མི་དབང་ངོ་། །རྫས་ཀྱིས་མནན་པར་གནས་པར་ཁས་བླངས་པ་ལ་ནི་སྐལ་བ་གཅིག་ཁོ་ནའོ། །དེ་ལ་མནན་པ་རྣམས་སུ་བདག་ཉིད་བགྲང་བའི་ཆ་ཉིད་དོ། །གཞན་པ་གཅིག་ཏུ་གནས་པར་ཁས་བླངས་པ་ལ་ནི་ཡུན་རིང་བ་ཉིད་ཀྱིས་རྣམ་པར་གཞག་གོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ནི་རྙེད་པ་ལ་སུམ་ཆ་དབྲི་བ་ཉིད་དོ། །ཟས་ལ་ནི་མཉམ་པ་ཉིད་དོ། །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློབ་མ་དག་ཀྱང་ངོ་། །དགེ་སློང་དང་དགེ་སློང་མ་རྣམས་ཀྱི་སྐལ་བ་བགོ་བ་ནི་གང་ཟག་ལས་ཡིན་གྱི་ 159-74a དགེ་འདུན་ལས་ནི་མ་ཡིན་ནོ། །ཟས་ཀྱི་མཇུག་ཐོགས་ཀྱི་རྙེད་པ་བྱེ་བྲག་ཏུ་མ་བཅད་པ་དེ་ལ་དགེ་སློང་མ་ཟོས་པ་ཉིད་དག་ཀྱང་མི་འཇུག་པ་མ་ཡིན་ནོ། །སྟན་དང་ཆུ་དང་བསོད་སྙོམས་དག་ལ་དགེ་སློང་དགེ་སློང་མ་དག་པས་གཙོ་བོ་ཉིད་མ་ཡིན་པ་མ་ཡིན་ནོ། །དགེ་སློང་མ་རྣམས་ཀྱིས་ཚོགས་པ་ན་རྒན་པའི་མཐར་སྟན་གཞག་གོ། །དགེ་སློང་དང་བཅས་པ་ཉིད་ན་དེ་དག་གིས་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱའོ། །འདྲིམ་པར་བྱེད་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་བཞག་པ་ན་དགེ་འདུན་གྱི་གནས་བརྟན་གྱིས་དང་པོར་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ། །འཁོར་བ་ལ་བལྟས་ཏེ་མང་ལ་ཟས་ཉུང་བ་ཉིད་ན་དེའི་ཚེ་སྔ་མ་བརྗོད་ཅིང་ཁྱེད་པར་ཞེས་སོ། །གཞན་ཉིད་ཡིན་ན་ཅི་འབྱོར་པར་ཞེས་སོ། །རྒན་པའི་མཐར་སམ་པྲ་བ་ཏ་ཞེས་མ་བརྗོད་པར་དང་པོར་བླང་བར་མི་བྱའོ། །ཟས་བསྔོགས་པ་ན་བསྔོས་པ་དག་ལས་གཞན་པ་དག་ལྷགས་ན་དེ་ལ་སྦྲན་པར་བྱའོ། །དགེ་སློང་ཆོས་གོས་གསུམ་སྦྱིན་དུ་གཞུག་པར་མི་བྱའོ། །དགེ་འདུན་གྱིས་སོས་པར་གྱུར་པ་ཉིད་ན་འདི་ལ་ཕྱིར་སྦྱིན་ནོ་སྙམ་པ་འདི་ལས་གཞན་པའི་ཡིད་གཉིས་ཀྱིས་བླང་བར་མི་བྱའོ། །སྟོད་གཡོགས་དང་སྨད་གཡོགས་གཉིས་ཀྱིས་དོར་རོ། །འབྲིང་གིས་སོ། །ལྷག་མས་མི་བྱའོ། །ཤམ་ཐབས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །ཁྲིས་གཅིག་གིས་ཀྱང་མི་བྱའོ། །གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞུ་བ་དང་བཅས་པའི་སྐབས་སོ། །གོས་ཀྱི་གཞི་རྫོགས་སོ།། །།<br> ༄། །ཀོ་ལྤགས་ཀྱི་གཞི།<br> ༆ ཡུལ་དབུས་ཀྱི་མཚམས་སོ། །ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱའོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱའོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱའོ། །མཐའ་འཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ། །གནས་མལ་བསྐྱབ་པའི་ཕྱིར་ཡང་ངོ་། །ཆིག་རིམ་མོ། །སྔོགས་པ་གཞུག་པས་བཅོས་པར་བྱའོ། །རིམ་པ་གཞན་ནི་མི་རུང་ངོ་། །ཁྱིམ་པས་ཐ་ན་གོམ་པ་བདུན་ 159-74b དུ་བགོས་ན་རིང་བ་མང་བ་ཡང་རུང་ངོ་། །རུང་བ་ཙམ་གྱིས་དོན་ཉིད་དུ་དེ་དང་སྦྱར་བའི་དབང་དུ་ལེན་པ་ནི་མི་རུང་བ་བླངས་པ་ཉིད་མ་ཡིན་ནོ། །ཁྲ་བོ་བཀྲ་བ་དག་མི་བཅང་ངོ་། །ལུག་རུ་ལྟ་བུ་དག་མི་བཅང་ངོ་། །ཨ་ཤྭདྠ་དང་ཀ་ར་བཱི་རའི་འདབ་མ་ལྟ་བུ་དག་མི་བཅང་ངོ་། །གསེར་དང་དངུལ་གྱིས་སྤྲས་པ་དག་མི་བཅང་ངོ་། །ཁྲིག་ཁྲིག་ཟེར་བ་དག་མི་བཅང་ངོ་། །ཀྲོག་ཀྲོག་ཟེར་བ་དག་མི་བཅང་ངོ་། །ཏུག་ཏུག་ཟེར་བ་དག་མི་བཅང་ངོ་། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་། །སྒེག་རྫས་སུ་འགྱུར་བ་གཞན་དག་ཀྱང་ངོ་། །བོལ་གོང་བ་ཅན་ནི་མི་རུང་བ་ཉིད་མ་ཡིན་ནོ། །སྣ་དང་རྟིང་པའི་སྦུབས་ཅན་བཅང་བར་བྱའོ། །ཁ་ཆུ་ཆུས་བྱུང་ངོ་། །ལྷམ་ཡུ་ཆད་ཀྱང་ངོ་། །ཆུ་ལ་ཆབ་བྲོམ་ཆགས་པའི་ཡུལ་དུ་ནི་ཞྭ་དང་ལྷམ་སྒྲོ་གུ་ཅན་ཡང་ངོ་། །བླ་མའི་དྲུང་དུ་མཆིལ་ལྷམ་བགོ་བ་བསྟེན་པར་མི་བྱའོ། །སེང་གེ་དང་སྟག་དང་གུང་དང་གླང་པོ་ཆེ་དང་རྟ་ཅང་ཤེས་ཀྱི་ཡན་ལག་ཅུང་ཟད་ཀྱང་ལུས་ལ་གདགས་པར་མི་བྱ་བ་ཉིད་དོ། །དེ་དག་གིས་གླང་པོ་ཆེ་ཕལ་པ་དང་རྟ་དམུ་རྒོད་དང་། དེ་ལས་གཞན་པའི་གཅན་གཟན་དག་ཀྱང་འཕངས་པ་ཡིན་ནོ། །མཆིལ་ལྷམ་དག་བརྡབ་པར་མི་བྱའོ། །རས་མ་གཤེར་བ་དག་གིས་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱིར་ཕྱི་བར་བྱའོ། །དེ་བཅང་བར་བྱའོ། །དེ་དག་རྒྱུ་བར་བྱའོ། །མི་མཛེས་པའི་དངོས་པོ་དབེན་པའི་ཕྱོགས་སུ་བྱའོ། །དེའི་ཆེད་དུ་སྨྱུང་བུ་དང་ཀོ་བ་བཅང་བར་བྱའོ། །དྲ་གྲི་ནི་མ་ཡིན་ནོ། །ཁྱིམ་གཞན་དང་ཆབ་ཁུངས་ལས་གཞན་པར་ཤིང་གི་མཆིལ་ལྷམ་བགོ་བར་མི་བྱའོ། །སྨྱིག་མའི་གླེགས་བུ་དང་མུན་ཛ་དང་སི་རི་དང་དར་བ་དག་གིས་ཡང་མི་བྱའོ། །ཐ་གུའི་ཡང་ངོ་། །རླུང་དྲག་ཅན་མ་ཡིན་པས་སོ། །ཁྱིམ་གཞན་དུ་གཞན་མེད་ན་ཀོ་ལྤགས་ལ་འདུག་པར་བྱའོ། །དེར་ཡང་རྐྱེན་དེ་ལྟ་བུ་དག་མེད་ན་ཉལ་བར་མི་བྱ་བ་ཉིད་དོ། །མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བླང་བར་བྱའོ། །རྐང་པའི་གནས་སུ་གདིང་བར་བྱའོ། །སངས་རྒྱས་ཀྱི་ནི་དྲི་གཙང་ཁང་གི་སྒོར་རོ། །མཆིལ་ལྷམ་དག་ཏུ་བགོ་བར་བྱའོ། །རླུང་ནད་ཅན་གྱིས་ 159-75a ནི་འདུག་པ་དང་ཉལ་བ་ཡང་ངོ་། །གཞང་འབྲུམ་ཅན་ཐམས་ཅད་ཀྱིས་དེ་བཞིན་ནོ། །དེ་ལ་དེ་ལྟར་སྦྱར་བར་བྱའོ། །སྤུ་ལ་རེག་པས་ཕན་པར་བྱེད་པ་ཉིད་དུ་རིག་གོ། །མཆིལ་ལྷམ་དག་རིམ་པ་མང་པོ་ཉིད་ཀྱིས་ཀྱང་ངོ་། །དུ་མའི་སྟེང་དུ་གཅིག་བཞག་པས་ཀྱང་ངོ་། །ཨསྨ་པ་རན་ཏ་དག་ཏུ་ནི་ཀོ་ལྤགས་མི་བཅང་བར་མི་བྱའོ། །སེང་གེ་ལ་སོགས་པའི་མི་བཅང་ངོ་། །གང་གི་ཀོ་ལྤགས་མི་རུང་བ་ཉིད་ཡིན་པ་དེའི་རྒྱུས་པ་དང་རུས་པ་དང་སོ་དང་ཤ་ལ་སོགས་པ་ཡང་ངོ་། །རྐྱལ་པ་ཀ་བ་ཅན་བཅང་བར་བྱའོ། །ཡང་ན་རྐྱལ་སྐྱའོ། །ཁྲ་བོ་བཀྲ་བ་མི་བཅང་ངོ་། །རྐྱལ་མི་ཤེས་པས་སྟ་གོན་མ་བྱས་པར་ཆུའི་གཏིང་དུ་འཇུག་པར་མི་བྱའོ། །དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱའོ། །དེ་མ་ཡིན་པའི་གཏིང་དུ་ཁྱུ་མཆོག་མ་གཏོགས་པའི་བ་ལང་ཡང་བསྟེན་པར་མི་བྱའོ། །གླང་པོ་ཆེ་དང་རྟ་དང་མ་ཧེ་དང་གཡག་དག་བསྟེན་པར་བྱའོ། །ཀོ་ལྤགས་ཀྱི་གཞི་རྫོགས་སོ།། །།<br> ༄། །སྨན་གྱི་གཞི།<br> ༈ གཞིར་གཏོགས་པའི་སྨན་གྱི་གཞི།<br> ༆ སྨན་བསྟེན་པར་བྱའོ། །དེ་ནི་རྣམ་པ་བཞིའོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བར་བྱ་བ་ཉིད་དོ། །དང་པོ་མ་ཡིན་པ་ཉིད་དག་ནི་ནད་པའི་ཕྱིར་རོ། །ཙོ་ཙ་དང་ཆུ་ཤིང་གི་འབྲས་བུ་དང་རྒྱ་ཤུག་དང་ཨ་ཤྭདྠ་དང་ཨུ་དུམ་ཝཱ་ར་དང་། པ་རུ་ཤ་ཀ་དང་། རྩུབ་འགྱུར་དང་རྒུན་འབྲུམ་དང་འབྲ་གོའི་བཏུང་བ་རྣམས་ནི་ཐམས་ཅད་དུའོ། །བཅོས་པའི་ཚྭ་དང་འབྲུའི་ཚྭ་དང་ཞོག་ཆུ་དང་དར་བའི་དངས་མ་དང་རྩབ་མོ་ཆུས་བཏབ་པ་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་དག་ཀྱང་དེ་དང་འདྲའོ། །དེ་ལྟ་བུ་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་མ་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་ངོ་། །ཨ་རུ་ར་ལ་སོགས་པ་ལྔ་ཡང་ངོ་། །བུ་རམ་ཡང་ངོ་། །དེ་བྱིན་གྱིས་བརླབས་པ་བཟའ་བ་ལ་ལམ་དུ་ཞུགས་པ་དང་དགེ་སྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་དོ། །ཟན་ཆད་པས་ཀྱང་དེ་དང་དུས་སུ་རུང་བ་མ་ཡིན་པ་བཟར་རུང་ངོ་། །ཐུན་ཚོད་ 159-75b དུ་རུང་བ་ནི་བཏུང་བ་དག་གོ། །ཤིན་ཏུ་བསླབ་བོ། །དེའི་རྫས་དེ་ཉིད་མ་ཡིན་པའི་ཕྱིར་གལ་ཏེ་དུས་སུ་རུང་བ་ཡིན་ན་བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱའོ། །དེ་དག་ཏུ་གཞན་བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པའི་རྫས་སོ། །དེ་དུས་སུ་རུང་བ་ཉིད་ཡིན་ན་ཐུན་ཚོད་ཀྱི་མཐའ་ཡིན་ནོ། །གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ། །ཁ་ཅིག་ན་རེ་མ་གྱུར་ན་དེ་ཡིན་གྱི། གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་དང་། དེ་འབྱུང་བར་འགྱུར་བ་ཕལ་པ་རྣམས་ཀྱི་བགྲོད་པ་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འདིར་རོ་དང་ཕྱེ་མ་དང་སྦྱར་བའི་བཏུང་བ་དག་འདུས་པ་ཉིད་ཡིན་ནོ། །སྨན་རྩ་བས་ཤིན་ཏུ་སླ་བ་ཡང་ངོ་། །དེ་ནི་རྩ་བ་ལ་སོགས་པའི་སྨན་བསྐུས་པ་སྐྱུར་བའོ། །ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དག་ནི་ཞག་བདུན་པའོ། །བུ་རམ་དང་ཧྭགས་དང་ལི་ཁ་ར་ལ་སོགས་པ་ཐམས་ཅད་ནི་བུ་རམ་གྱི་དབུ་བ་ཉིད་ཀྱིས་འཕངས་སོ། །བདུད་རྩི་ནི་ཞུན་མར་དང་འདྲ་བ་ཉིད་དོ། །ཞག་བསྐོལ་ཞིང་བཙགས་པ་དག་ནི་འབྲུ་མར་དང་འདྲ་བ་ཉིད་དོ། །ཉའི་དང་རི་བོང་གི་དང་ཆུ་སིན་བྱིས་པ་གསོད་ཀྱི་དང་དོམ་གྱི་དང་ཕག་གིའོ། །དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ། །སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ། །དེ་མེད་ན་སྨན་ཁང་དུའོ། །སྨན་ཁུ་དང་མིག་སྨན་དག་ཀྱང་ངོ་། །འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པའོ། །འདི་ལྟ་སྟེ་གླ་སྒང་དང་ཤུ་དག་དང་ཡུང་བ་དང་སྒེའུ་གཤེར་དང་པོར་དཀར་པོ་དག་གོ། །ཙནྡན་དང་དབྱི་མོ་དང་ཤུག་པ་དང་སླེ་ཏྲེས་དང་ཐང་ཤིང་དང་སྐྱེར་པ་དག་གོ། །བ་ཤ་ཀ་དང་ཀོ་ཤ་ཏ་ཀི་དང་པ་ཏོ་ལ་དང་ནིམ་པ་དང་སབ་ཏ་པརྞའི་འདབ་མ་དག་གོ། །མེ་ཏོག་ནི་བ་ཤ་ཀ་དང་ནིམ་པ་དང་ད་ཏ་ཀི་དང་ཀླུ་ཤིང་དང་པདྨའི་ཟེ་བ་དག་གོ། ། 159-76a ཨ་རུ་ར་དང་སྐྱུ་རུ་ར་དང་བ་རུ་ར་དང་ན་ལེ་ཤམ་དང་པི་པི་ལིང་དག་གོ། །སྤྱི་པའོ། །འདི་ལྟ་སྟེ་ཤིང་ཀུན་དང་སྲ་རྩི་དང་རྒྱ་སྐྱེགས་དང་སྤྲ་ཚིལ་དང་ཤིང་མ་ཞོའོ། །འགྱུར་བྱེད་དོ། །འདི་ལྟ་སྟེ། ཏིལ་གྱི་དང་རྒྱ་སྐྱེགས་ཀྱི་ཤིང་གི་དང་ས་ཚུར་གྱི་དང་ནས་ཀྱི་དང་ནས་གྲ་མའི་དང་བཱ་ཤ་ཀའི་དང་ཐལ་བའི་འགྱུར་བྱེད་དོ། །ལན་ཚྭའོ། །འདི་ལྟ་སྟེ་རྒྱམ་ཚ་དང་ཁ་རུ་ཚ་དང་ཚྭ་དམར་དང་རྒྱ་མཚོའི་ཚྭ་དང་བ་ཚའོ། །སྨན་ཁུའོ། །འདི་ལྟ་སྟེ་ཤིང་ཨ་མྲ་དང་ནིམ་པ་དང་ཀོ་ཤམ་པ་དང་ཤི་རི་ཤ་དང་འཛམ་བུ་དག་གོ། །ཇི་ཙམ་གྱིས་ཆོག་པ་བསྟེན་ནོ། །བཀྲུས་ན་ཡང་ངོ་། །མི་མཉེ་བ་ལ་ལན་ཅིག་བཀྲུའོ། །སྨན་ཁུ་དེ་ལྟར་བསྟེན་ནོ། །སྨན་སྨོས་པས་དུག་སྨན་མ་བསྡུས་པ་ཉིད་མ་ཡིན་ནོ། །དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དོ། །ནུ་ཞོས་འཚོ་བའི་བེའུ་རྣམས་ཀྱི་ལྕི་བ་དང་གཅིན་དག་ནི་དེ་ཞེས་བྱའོ། །དེ་དག་ནི་དུག་ལ་ཕན་ནོ། །ཐལ་བའོ། །ཤིང་ཀྣ་ཙ་ན་དང་ཀ་པི་ཏ་ལ་དང་ཨ་ཤྭདྠ་དང་ཨུ་དུམ་བཱ་ར་དང་ནྱ་གྲོ་དྷ་རྣམས་ཀྱིའོ། །དེའིའོ། །ས་ནི་སོར་བཞིའི་འོག་གིས་བཟང་ངོ་། །དེ་དགེ་བསྙེན་དད་པ་ཅན་ལས་བླང་ངོ་། །དེས་བྱིན་ལེན་བསྟབ་པར་བྱའོ། །ཤའི་བདག་ཉིད་ཀྱི་སྨན་དེ་ཡང་ངོ་། །ཐམས་ཅད་ཤན་པའི་གནས་ནས་བླང་ངོ་། །དེ་ནི་བྱ་བ་ཉིད་ཡིན་ནོ། །གལ་ཏེ་དུས་མ་ཡིན་པ་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་བ་ལང་རྒན་པོའི་ལྕི་བའི་ནས་ཀྱིས་ཆོག་པར་བྱའི་གཞན་བཟའ་བར་མི་བྱའོ། །གལ་ཏེ་སྐྱོ་མ་ཚགས་ཀྱིས་བཙགས་ན་སྟེ་གཞན་ནི་མ་ཡིན་ནོ། །གལ་ཏེ་ཤའི་སྨན་དགོས་པ་ཉིད་ཡིན་ན་ཚའི་རྟུག་པའི་ཤས་སོ། །གལ་ཏེ་ཁུ་བ་ཚགས་ཀྱིས་བཙགས་ན་སྟེ་གཞན་ནི་མ་ཡིན་ནོ། །གཞན་དང་བཅས་པ་ལ་དེ་ལྟག་པར་སྤྱད་པ་ཡོད་དོ། །དེའི་ཕྱིར་དེ་དང་བཅས་པ་ལ་ཆོ་ག་སྔ་མས་འཇུག་པར་བྱའོ། །རང་བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་གཞན་དང་མ་འདྲེས་པ་ལ་ནི་རང་གི་ཆོ་གས་རུང་བར་བྱ་བ་མི་འགྲུབ་པ་ 159-76b མ་ཡིན་ནོ། །བུ་རམ་བསྒོང་བའི་ཕྱིར་འབྲས་ཕྱེའི་ནང་དུ་བཞག་པ་ནི་བཀྲུ་བས་རང་ཁོ་ནའི་གྲངས་ཉིད་དུ་འགྲུབ་བོ། །འགོར་གྱི་གཟུངས་ནི་བུ་རམ་ཉིད་དུ་ཤེས་པར་བྱའོ། །བྱིན་གྱིས་བརླབས་པ་ལ་ནི་སོག་འཇོག་མི་འབྱུང་ངོ་། །ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱད་པའི་ཕྱིར་རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོ། །ཟས་སྔ་མའི་ཚེའོ། །བྱིན་ལེན་བྱས་ཏེའོ། །བྱིན་ལེན་མ་བྱས་པ་དང་སོག་འཇོག་དང་འདྲེས་པ་བསྲུང་བར་བྱའོ། །དེའི་ཕྱིར་ལག་པ་གཉིས་བསྙལ་ནས་སོ། །ལག་ཉར་བླངས་པ་དང་སོག་འཇོག་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དག་ལ་བྱིན་གྱིས་བརླབས་པ་མི་འཆགས་སོ། །རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་སོག་འཇོག་བྱས་པ་ཉིད་ཡིན་ནོ། །བྱིན་གྱིས་བརླབས་པ་འོག་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །སྨན་གྱི་གོ་རིམས་ནི་དཔེའོ། །མིག་སྨན་བསྟེན་པར་བྱའོ། །སྨན་མ་ཡིན་པའི་དོན་དུ་མི་བྱའོ། །དེའི་སྣོད་རིགས་པའོ། །མིག་སྨན་སྐྱེར་ཁཎྜའི་ནི་ཟ་མ་ཏོག་གོ། །མིག་སྨན་རི་ལུའི་ནི་སྒྱེའུའོ། །མིག་སྨན་དུ་བ་དང་སྦྲུས་པ་དང་ཕྱེ་མ་རྣམས་ཀྱི་ནི་དོང་བུའོ། །ཐུར་མ་བཅང་བར་བྱའོ། །ཟངས་མ་དང་ལྕགས་དག་གི་བཟང་ངོ་། །རང་འཁྲུངས་དགག་གོ། །ནད་པས་སྨན་གཞུག་པའི་ཕྱིར་མཆན་ཁུག་བཅང་བར་བྱའོ། །དེར་མི་ཤོང་བ་ཉིད་ཡིན་ན་བྲུངས་སམ་ཐུམ་པོ་བྱས་ཏེ་བཅེར་རོ། །བཅུག་པ་མི་འདྲུལ་བར་བྱ་བའི་ཕྱིར་དུས་དུས་སུ་སྐམ་མོ། །ཉི་གྲིབ་ལའོ། །བསྐམས་ན་མཐུ་འབྲིའོ། །མ་རུངས་པར་འགྱུར་བའི་རྒྱུ་བྱུང་ན་རང་གིས་བྲུབ་པར་བྱའོ། །བསྙེན་པར་མ་རྫོགས་པ་མེད་ནའོ། །སྨན་ཕོར་བཅང་བར་བྱའོ། །སྨན་གྱི་ནལ་ཟེ་ཡང་ངོ་། །འགྲོར་མི་བཏུབ་པས་བུལ་བའི་བཏུང་ཕོར་རོ། །ནད་པས་ལན་ཚྭ་བཅང་བར་བྱའོ། །དེའི་སྣོད་ནི་རྭའི་སྦུབས་བཟང་ངོ་། །ལྕི་བས་ཀུན་ནས་བསྐོལ་བའོ། །དེ་མེད་པའི་ཉེས་པར་མི་འགྱུར་བར་བྱ་བའི་ཕྱིར་ཁ་གབ་ 159-77a གཞུག་གོ། །དེ་ཉིད་ལས་བྱས་པའོ། །དྲིས་བསྒོས་པའི་སའོ། །ཆུ་བསྲོ་བའི་ཕྱིར་ལྕགས་ཀྱི་གར་བུའོ། །ཐམས་ཅད་ཀྱིས་བཅང་བར་བྱའོ། །བསྲེགས་པ་བརྡེག་པའི་ཕྱིར་དེ་ལ་ལྕགས་ཐག་གདགས་སོ། །ཚ་བའི་དུས་ན་གཤེར་བས་དེ་མནན་ནོ། །བསྲེགས་པ་ན་ཟས་དང་འབགས་པའི་གནས་མེད་དོ། །རུང་བ་སྔར་བསྲོའོ། །ལོངས་སྤྱོད་པ་ཕྱིས་བསྲོའོ། །འདོམས་ཀྱིས་གསོ་བ་བསྟེན་པར་བྱའོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་པོའོ། །འདི་ལ་ཟངས་མའམ་འཁར་བའི་སྦུ་གུ་བཟང་གི་ལྕགས་ཀྱི་ནི་མི་བཟང་ངོ་། །མཚོན་གྱིས་གསོ་བ་ཡང་དེ་དང་འདྲའོ། །གདོང་དུ་རྩའི་རྒྱུན་ལས་གཞན་པར་དེ་མི་བསྟེན་ནོ། །གཞང་འབྲུམ་གཅད་པར་མི་བྱའོ། །མཚོན་ལས་གཞན་པས་ཀྱང་ངོ་། །དེ་ནི་གསང་སྔགས་དང་སྨན་དག་གིས་གསོའོ། །ཞེ་འགྲས་པ་གསོར་མི་གཞུག་གོ། །གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ནོ། །འདི་ལ་བྱིན་ལེན་མ་བྱས་པ་དང་སོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དགོས་པར་མི་བྱའོ། །གསོ་བའི་ཕྱིར་རེང་བུའི་དུ་བ་བརྔུབ་པར་བྱའོ། །དེ་ནི་སྨན་གཅེའུས་འགྲུབ་བོ། །ལྕགས་ལས་བྱའོ། །སོར་བཅུ་གཉིས་པ་བཟང་ངོ་། །རྣོ་བ་དང་རྩུབ་པར་མི་བྱའོ། །ཞུན་མར་རམ་འབྲུ་མར་གྱིས་བསྐུས་ཏེ་ཤུགས་སུ་གཞུག་གོ། །དེ་ནི་ཟུང་ངམ་ཆོས་གོས་ཀྱི་གདང་བུ་ལ་གཞག་གོ། །དྲི་མ་མེད་པར་བྱ་བའི་ཕྱིར་མེར་གཞུག་གོ། །སྣར་བླུགས་པའི་ལས་བྱའོ། །དེ་ནི་སྣར་བླུགས་པའི་སྤྱད་ཀྱིས་འགྲུབ་བོ། །མཆུ་གཉིས་པ་མི་རྣོ་བ་བཟང་ངོ་། །དེ་བྱའོ། །སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ། །དེ་ཟ་མི་ནུས་ན་ཐབས་བྱའོ། །རས་ཀྱིས་མིག་གཉིས་དགབ་བོ། །མི་དགལ་བར་བྱ་བའི་ཕྱིར་དྲི་ཞིམ་པོས་བསྒོའོ། །ཤ་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་བཞག་སྟེ་དགྲོལ་ལོ། །དེ་གཞན་གྱི་དོན་དེར་ན་སྦོམ་པོའོ། །མིའི་ཤ་ནི་ཐམས་ཅད་དུའོ། །ཤ་བསྔོས་པར་ཤེས་ན་བཟའ་བར་ 159-77b མི་བྱའོ། །སྟག་གི་གོད་མ་བཟའ་བར་མི་བྱའོ། །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་མི་བཟའོ། །རྨིག་གཅིག་པ་དང་ཝ་དང་སྤྲེའུ་དང་ཤིང་རྟ་མོ་དང་བྱ་རོག་དང་བྱ་རྒོད་དང་ཆུ་སྐྱར་དང་ཁྱི་དང་བྱེའུ་ཁྲ་དང་འུག་པ་དང་། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་གར་དང་ཕ་ཝང་དང་སྐྱིན་གོར་དང་དྲིའུ་སྲིན་དང་སྲིན་བུ་རྣམས་ཀྱི་ཡང་མི་བཟའོ། །ཤའི་བྱིན་ལེན་སྟོབས་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དུ་མ་ཉིད་ན་དང་པོས་སོ། །ཉམས་ན་འོག་མས་སོ། །གླང་པོ་ཆེ་དང་མིའི་འོ་མ་དག་བཏུང་བར་མི་བྱའོ། །པགས་པ་དང་རྨ་བསྐུ་བ་དང་སྣར་བླུགས་པ་དང་མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ན་སྐྱོན་ཆགས་པ་མེད་དོ། །ནད་པས་ནི་ཞུན་མར་དང་འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ། །ཆང་མ་ཡིན་པ་ཉིད་ན་ཉེས་པ་མེད་པ་ཉིད་དོ། །དེ་ནི་བསྐོལ་བ་ལས་འགྲུབ་བོ། །དེ་ནི་ནས་བརྔོས་པས་བཏབ་ཅིང་སའི་ནང་དུ་བཅུག་ན་ཚ་ཉིད་དུ་འགྱུར་རོ། །རྒུན་གྱི་ཁུ་བ་ནི་བསྐོལ་ན་ཆང་ཉིད་དུ་མི་འགྱུར་རོ། །ཐ་དད་མ་ཡིན་པ་ཉིད་ལ་ནི་ཡོད་པ་ཉིད་མ་ཡིན་ནོ། །བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་དོ། །ཆང་གི་སྲེད་པ་དང་བྲལ་བར་བྱ་བའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་དྲིས་བསྒོས་པ་ཆུ་དང་སྦྱར་བ་བཏུང་ངོ་། །ཆང་དང་བཅས་པའི་སྣོད་དུ་བཅངས་ཏེ་བཞག་པས་བསྒོ་བར་བྱའོ། །རེག་པ་བསྲུང་ངོ་། །དེའི་ཕྱིར་མ་གང་བ་དང་ཤུགས་དང་བྲལ་བ་ཉིད་དུའོ། །དེ་བཞིན་དུ་རོ་མེད་པར་བྱེད་པ་དང་དུས་མ་ཡིན་པར་བཏུང་བ་ལ་ཟས་དང་ཡང་ངོ་། །མཛེས་པ་ཡང་བཟང་ངོ་། །དེའི་ཕྱིར་རས་མ་དཀར་པོས་བཙག་པར་བྱའོ། །ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་བཏུང་བར་མི་བྱའོ། །དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་བྱ་བའི་ལྷག་མའོ། །སྒོག་སྐྱ་དང་ཀུན་དོང་དང་ཀེའུ་བཟའ་བར་མི་ 159-78a བྱའོ། །ནད་པས་ནི་དབེན་པའི་ཕྱོགས་སུའོ། །ཟོས་ནས་སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །གནས་མལ་ལ་མི་བྱའོ། །བཤང་བའི་སར་འཇུག་པར་མི་བྱའོ། །གཅི་བའི་སར་ཡང་མི་བྱའོ། །དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ། །མཆོད་རྟེན་གྱི་ཉེ་འཁོར་དུ་མི་བྱའོ། །དེའི་ཐག་ནི་འདོམ་གང་ངོ་། །ཁྱིམ་པ་དག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །སྐྱེ་བོས་གང་བའི་ཕྱོགས་སུ་མི་བྱའོ། །མཇུག་ཏུ་ཁྲུས་བྱའོ། །གོས་དག་གི་དྲི་ནི་བཀྲུ་བ་དང་དུ་བ་དག་གིས་བསལ་ལོ། །རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་འདྲའོ། །བྱིན་གྱིས་བརླབ་པར་བྱའོ། །ཤིང་དྲུང་དང་གླང་པོ་ཆེའི་ར་བ་དང་མུ་སྟེགས་ཅན་གྱི་འདུག་གནས་དང་རྒྱལ་པོའི་ཕོ་བྲངས་དང་དགེ་སློང་མའི་དབྱར་ཁང་དང་གཙུག་ལག་ཁང་གི་བང་རིམ་དང་སྒོ་ཁང་དང་ཁྱམས་དང་བསྲོ་ཁང་དང་སྤོང་སའི་ར་བ་དག་ཏུ་མི་བྱའོ། །ཁ་ཅིག་ལས་བླ་གབ་མེད་པ་དང་མེ་ཁང་དང་མཆོད་རྟེན་གྱི་གཞི་དང་ཁྱིམ་བདག་གི་གཞིར་ཡང་ཤེས་སོ། །དེར་གཡོས་དང་བཙོ་བ་ཡང་མི་བྱའོ། །ཆོས་པའི་བྱི་དོར་ཡང་མི་བྱའོ། །འདི་ལ་དུས་བཞི་ཡོད་དོ། །དང་པོ་སོ་ཕག་འགྲེམས་པའོ། །ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ། །གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ། །དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ། །བྱ་བ་གཞན་བརྩམས་པ་དང་ངལ་བསོ་བས་མ་བྱས་པ་ཚུན་ཆད་ནི་དེ་ཉིད་དོ། །ཐམས་ཅད་ལ་དགེ་འདུན་གྱི་ལས་ཀྱིས་སོ། །དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ་། །ལག་གི་བླས་སོ། །དང་པོ་ཤོས་ལ་ནི་འབའ་ཞིག་གིས་ཀྱང་ངོ་། །བརྗོད་པས་སོ། །གཉིས་པ་ལ་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་སེམས་བསྡུ་བས་སོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ། །བཞི་པ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲགས་པའི་ཚིག་ཅིག་ཅར་བརྗོད་པས་སོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་དོ། །དེ་ནི་ཐ་དད་པར་ 159-78b གྱུར་བའི་རུང་བ་ཉིད་དུ་མ་བསྟན་ནོ། །པདྨའོ་ཞེས་བྱ་བ་ཡན་ཆད་དུ་མུ་གེའི་ཚེའོ། །མུ་གེའི་ཚེ་དགེ་སློང་གིས་བཙོས་པ་དང་ལག་ཉར་བླངས་པ་དང་བྱིན་ལེན་མ་བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞག་ལན་པའོ། །སྔ་དྲོ་པའི་ཟས་སོ། །བཏུང་བ་ནི་དུས་ཐམས་ཅད་དུའོ། །སྔར་བྱིན་ལེན་བྱས་པ་སྤངས་ཏེ་ལངས་པས་སོ། །དེ་བླང་བའི་ཕྱིར་ལྡང་བར་བྱའོ། །ལྷག་མའོ། །མངོན་པར་བསྒྲུབ་པའོ། །དེ་བསྒྲུབ་པར་བྱའོ། །ནགས་ཀྱི་རུས་པའོ། །འདི་ལྟ་སྟེ་རྒུན་འབྲུམ་དང་བལ་པོ་སེའུ་དང་འབྲ་གོ་དང་སྟ་རྒ་དང་བཱ་ཏཱ་མ་དང་ཨ་རུ་མའི་ཀ་དང་ཀུ་རུ་མའི་ཀ་དང་ཁམ་བུ་དང་རྒྱ་ཤུག་དང་སར་དག་ནི་དེ་ཞེས་བྱའོ། །པདྨའོ། །འདི་ལྟ་སྟེ་པདྨའི་རྩ་བ་དང་པདྨའི་རྩ་ལག་དང་བེ་ཏ་དང་ཨུཏྤ་ལའི་རྩ་བ་དང་པདྨའི་སྙིང་པོ་དག་ནི་དེ་ཞེས་བྱའོ། །གཞིར་གཏོགས་པའི་སྨན་གྱི་གཞིའོ།། །།<br> ༈ སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས།<br> ༆ འདུལ་བའི་མདོ་བམ་པོ་བརྒྱད་པ། རྒྱལ་སྲིད་དང་དེའི་ཆེད་དུ་མནོད་པར་མི་བྱའོ། །དགེ་འདུན་གྱི་ཆེད་དུ་གྲོང་མནོད་པར་བྱའོ། །ཞིང་ཡང་ངོ་། །དེ་ཡལ་བར་མི་དོར་རོ། །དེའི་ཐོག་ཤས་མནོད་དོ། །ཐོག་ཤས་བཙལ་ལོ། །རྨོས་པས་དེ་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ། །བདག་ཉིད་ཀྱི་བས་དང་པོར་རོ། །བསྲུང་བའི་ཕྱིར་དགེ་སློང་བསྐོའོ། །འདུ་བ་དང་འགོད་པ་དང་གཉིས་ཀ་ལས་གང་ཡང་རུང་བ་མི་མངོན་པ་ལ་རྩིས་གདབ་པར་མི་བྱའོ། །གཞན་ལ་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་སྟེ་དེ་ལ་འཇུག་པར་བྱའོ། །དགེ་འདུན་གྱི་ཆེད་དུ་གཡོག་ཉེ་བར་གཞག་གོ། །གང་ནས་གཙུག་ལག་ཁང་དུ་སྒྲ་མི་འབྱུང་བ་དེར་ལྷ་འབངས་ཀྱི་ཁྱིམ་བྱེད་དུ་གཞུག་གོ། །ཇི་སྙེད་དགོད་པ་འཇུག་པར་བྱའོ། །ཟན་དང་གོས་སྦྱིན་པར་བྱ་བ་ཉིད་དོ། །གལ་ཏེ་ལས་བྱེད་ནའོ། །ནད་པ་རྣམས་ལ་གཡོག་བྱའོ། །བ་ལང་དང་མ་ཧེ་དང་ར་དང་ལུག་དང་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་འབྲུ་རྩམ་པ་དང་སྣོད་ཀྱང་ངོ་། །དེ་དག་མཆོད་རྟེན་གྱིར་ཡང་མི་རུང་བ་མ་ཡིན་ནོ། །ཁ་གཟར་དང་ཚྭ་ཁུག་བཅང་བར་བྱའོ། །དེ་གཉིས་དང་འཕུལ་བའི་བཏུང་ཕོར་ལས་གཞན་ཁར་བའི་སྣོད་གང་ཟག་གིས་བཅང་བར་མི་བྱའོ། །ཀུན་དགའ་ར་བ་པ་ཉེ་བར་གཞག་པར་བྱའོ། །བསྲུང་བའི་ཕྱིར་བྱིས་པ་ 159-79a མཚན་མཐུན་པ་འབུལ་བ་དག་བླང་བར་བྱའོ། །དེ་དག་གི་ཆ་ལུགས་ནི་མགུལ་པར་ཆོས་གོས་བཏགས་པ་ཉིད་དོ། །རྐེད་པར་ཡང་ངོ་། །ཕན་གདགས་པའི་སེམས་ཀྱིས་སོ་སོར་བརྐྱང་བར་བྱའོ། །དེའི་ཉེ་དུས་ཕུལ་བ་བླང་བར་བྱའོ། །མཇུག་ཏུ་རིན་ཉིད་དུ་ཡང་ངོ་། །དེ་དག་གིས་བྱས་པ་ཤེས་པས་ཀྱང་ངོ་། །དེའི་རིན་འདའ་བར་མི་བྱའོ། །ཤིང་ཏོག་གི་རྙེད་པ་དག་གིར་བྱའོ། །ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བའི་བུམ་པ་ཡང་ངོ་། །དེ་དག་གི་སྣོད་ཀྱང་ངོ་། །དེ་དག་གཞག་པར་བྱའོ། །གཞི་ལའོ། །བཤང་བ་དང་གཅི་བ་དང་ཆང་གི་བུམ་པ་དག་ནི་མི་མཁོ་བ་ཉིད་དོ། །དགེ་འདུན་གྱི་ཕྱིར་གཡོས་དང་འཚོད་པ་གང་ཡིན་པ་དག་གི་ཞལ་ཏ་བྱའོ། །ལྷུང་བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་དུ་མ་བཟུང་བ་ཉིད་ཀྱིས་བསོད་སྙོམས་ལ་འཇུག་པ་བསྟེན་པར་མི་བྱའོ། །ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ། །འདི་དང་ཁར་བའི་སྣོད་བཅང་བ་ལ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ། །ནད་པས་ཞྭ་བཅང་བ་ལ་མི་རུང་བ་ཉིད་དུ་ཡང་ངོ་། །གསིལ་བྱེད་ཀྱི་སྒྲ་མ་ཕྱུང་བར་བསོད་སྙོམས་ལ་ཁྱིམ་དུ་འཇུག་པར་མི་བྱའོ། །དེ་བཅང་བར་བྱའོ། །འབྱུང་བ་དང་འཇུག་པ་ལ་མཁས་པར་འབད་པར་བྱའོ། །མཚན་མ་བྱ་བས་སོ། །བསོད་སྙོམས་ཀྱི་འབྲམ་གཟེར་ལ་སོགས་པས་སོ། །ཆོས་བཙོང་བས་འཚོ་བ་སྦྱར་བར་མི་བྱའོ། །ཆུ་མེད་ན་ཞོ་ག་ཆུ་ལ་སོགས་པའི་ཁུ་བས་རྐང་པ་དག་བཀྲུའོ། །རྩྭ་བ་མ་ལ་འདུག་པར་བྱའོ། །བླ་གབ་མེད་པའི་མཐའ་གཅིག་ཏུ་གཞག་གོ། །སྤུངས་ཏེ་ཡང་ངོ་། །མཇུག་ཏུ་དོར་རོ། །མང་བ་ཉིད་ཡིན་ན་བྱའོ། །གྲལ་གྱི་ཚར་དུ་མ་ཉིད་ཀྱང་ངོ་། །ལྔ་བརྒྱའི་ཚར་རོ། །རྒན་པའི་མཐའ་རེ་རེར་སྤྱི་བུངས་བྱའོ། །འདྲིམ་པ་དག་རྐུ་བ་ཉིད་ན་སྤྱན་པ་དག་བསྐོའོ། །ཟན་གྱི་ལས་བྱེད་པ་དག་གིས་དང་པོར་བཟའ་བར་བྱའོ། །འདུས་པ་ཆེན་པོའི་ཚེ་རྒན་རིམས་སུ་འཁོད་དུ་གཞུག་པའི་ཕྱིར་དང་འདྲིམ་དུ་གཞུག་པའི་དགེ་སློང་དག་བསྐོའོ། །འདི་ལ་དགེ་སློང་མས་ནི་གཉིས་སམ་གསུམ་བཞག་སྟེ་ཅི་དགར་འཁོད་པར་བྱའོ། །སྒྲ་བསྐྱུངས་ཏེ་ཟན་གྱི་ཆེད་དུ་འགྲོ་བར་བྱའོ། །ཤིན་ 159-79b ཏུ་བསྡམས་པ་དང་སྤྱོད་ལམ་མཛེས་པས་སོ། །དེ་བཞིན་དུ་འདུག་པར་བྱའོ། །ཟས་རྐང་པས་བརྫི་བར་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ། །དྲན་པ་ཉེ་བར་གཞག་སྟེ་བསོད་སྙོམས་བླང་བར་བྱའོ། །སེམས་རྣམ་པར་མ་གཡེངས་པར་བསོད་སྙོམས་བླང་བར་བྱའོ། །མི་འཕྲོ་བ་དང་། འཚོ་བ་ཙམ་དང་། དེ་མ་འདྲེས་པ་དང་། མི་དཀྲུགས་པ་དང་། ཤིན་ཏུ་དབེན་པ་དང་། དུས་ལས་མ་ཡོལ་བ་བསྒྲུབ་པར་བྱའོ། །གང་ལ་མགྲོན་དུ་བོས་པ་དེ་ལས་གཞན་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་མེད་པ་ཉིད་དོ། །རང་གི་ཟས་ལས་གཞན་མནོས་པ་ལ་ཉེས་པ་མེད་པ་ཉིད་དོ། །གཞན་དུ་མགྲོན་དུ་བོས་པ་ན་འདུག་པ་ལ་དེས་གནང་ན་གཞན་གྱིས་བྱིན་པ་ནི་དེའི་ཁོངས་སུ་གཏོགས་པ་དང་འདྲའོ། །བསམས་པའི་དོན་གྱིས་སྒྲའི་སྦྱོར་བ་རྣམ་པར་གཞག་པ་གྲགས་པས་ནི་མ་ཡིན་ནོ། །བླངས་པ་སྤང་བར་མི་བྱའོ། །ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་བླངས་པ་གཞན་གོ་རིམས་བཞིན་ལ་སྦྱིན་པ་དང་འཚོ་བར་བྱེད་པ་ལྷག་པ་ཁ་ཅིག་ཡན་ཆད་ལེན་པ་དང་ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །ཕ་མ་དང་ནད་པ་དང་རབ་ཏུ་འབྱུང་བར་འདོད་པ་དང་སྦྲུམ་མ་དག་དང་གདུལ་བ་དང་འདོད་པས་བསོད་སྙོམས་ལ་རེག་པ་དང་ཁྱིམ་པ་འོངས་པ་ལ་ནི་དེ་ལས་བགོ་བཤའ་བྱའོ། །ཁམ་ཆད་གཅིག་ཟ་བ་པོས་རྣམ་པར་མ་བཅད་པར་བཞག་པར་བྱའོ། །དུད་འགྲོ་ལ་ཡང་སྦྱིན་པར་བྱའོ། །བཟའ་བའི་ཕྱིར་ཉེ་བར་གཞག་པ་ལས་མ་རྫོགས་པར་སྦྱིན་པར་མི་བྱའོ། །དད་པས་སྦྱིན་པར་བྱ་བ་ཉིད་ཀྱིས་མགྲོན་དུ་བོས་པ་ལ་ཡང་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ནི་ལྷག་མ་ཟ་བ་རྣམས་ལ་ཅི་བདེར་བྱའོ། །གཉུག་མར་གནས་པ་རྣམས་ལ་གཏོར་མ་སྦྱིན་ནོ། །དེ་དག་གི་ཆོ་གའི་རྗེས་སུ་འབྲང་བས་སྔ་དྲོ་ལ་སོགས་པར་རོ། །ཆོ་ག་ཐ་དད་པ་ཉིད་ཡིན་ན་ཐ་དད་པར་རོ། །ཨ་མྲ་རུས་པ་མ་ཆགས་པ་ཉིད་ཀྱི་གནས་སྐབས་སུ་བཟའ་བར་མི་བྱའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཅའ་བར་བྱ་བ་དང་འབྲས་ཆན་དང་ཟན་དྲོན་དང་ལྡེ་གུ་དང་ཤ་དང་སྣུམ་ཁུར་དང་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་དག་ནི་མི་རུང་བ་ཉིད་མ་ཡིན་ནོ། །གསོ་མ་དང་ 159-80a ཡུངས་ཀར་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་དག་བསྟེན་པར་བྱ་བ་ཉིད་མ་ཡིན་པར་དོགས་པར་མི་བྱའོ། །ཆུས་ཀྱང་སྦངས་ན་འཚག་ཏུ་འགྱུར་བ་ཉིད་དོ། །རྐྱལ་པར་བླུགས་པ་ནི་མི་རུང་བ་ཉིད་མ་ཡིན་ནོ། །སྣོད་དུ་ཟན་བཟར་རུང་ངོ་། །ཡོལ་གོར་རོ། །རྡོ་ལས་བྱས་པར་ཡང་ངོ་། །ཟས་བྱས་པར་ཡང་ངོ་། །ལྕགས་ཀྱི་ལྷུང་བཟེད་ལ་སོགས་པ་བཞིན་དུ་བཀྲུས་ཏེའོ། །བཀྲུ་བཤལ་ནི་གནས་པའི་ལས་ཡིན་ནོ། །ཟོས་ནས་ཀྱང་ངོ་། །གཞན་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་བཟའ་བར་མི་བྱའོ། །ལམ་དུ་སྣོད་དག་མེད་ན་བཟའ་བར་བྱའོ། །དགེ་སློང་དང་ཡང་ངོ་། །གཞན་གྱིས་ལག་པ་བཏེག་ན་རང་གིས་གཞུག་གོ། །དགེ་ཚུལ་དང་ནི་འོག་མ་བཞིན་ནོ། །མི་ལྡན་ན་ལྷན་ཅིག་ཏུའོ། །གཡོག་རྣམས་བཅངས་ཏེ་སྦྱིན་ནོ། །ཉེ་དུ་བཅུགས་པས་གསོལ་ན་ཐམས་ཅད་དུ་དབེན་པའི་ཕྱོགས་སུའོ། །དེ་གཉིས་ལས་བྱིན་ལེན་བྱས་པ་འཇིག་པ་དང་། བྱིན་ལེན་མ་བྱས་པ་དང་འདྲེ་བ་བསྲུང་བར་བྱ་བ་ཉིད་དོ། །ལྷུང་བཟེད་བྱིན་གྱིས་བརླབས་ཏེ་ལག་པ་དག་བསྙལ་དུ་བཅུག་ནས་སོ། །མཆིལ་ལྷམ་དང་བཅས་བཞིན་དུ་བཟའ་བར་མི་བྱའོ། །ནད་པས་ནི་མནན་ཏེའོ། །སྒྲེན་མོ་དང་གོས་གཅིག་པས་མི་བྱའོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །དེ་གཡོག་དག་གིས་སྐྱོ་བར་བྱའོ། །ནུས་ན་རྔུལ་གཟན་ལ་བསྟེན་པར་བྱའོ། །གསང་བའི་ཕྱོགས་ཀྱང་ངོ་། །ཟན་གྱི་ཕྱིར་འདུག་པས་འདིའམ་འདི་ནས་བྱིན་ཅིག་ཅེས་འདྲིམ་མཁན་ལ་གོ་བར་མི་བྱའོ། །ནད་པས་འཕྲོད་པ་ལ་ནི་ལྟུང་བ་མེད་དོ། །དཔེར་ན་དྲོད་ཆུང་བས་ཚོས་པ་དང་དྲོད་ཆེ་བས་རློན་པ་ལྟ་བུའོ། །བདག་ཉིད་ལ་ནད་པའི་འདུ་ཤེས་དང་ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་གཞག་སྟེ་བཟའ་བར་བྱའོ། །དྲན་པ་ཡང་ངོ་། །འབྱུང་བ་དང་འདྲ་བ་དང་འགྱུར་བ་དང་ཕྱིར་རྒོལ་བ་ཉིད་དང་། རྒྱུ་མཐུན་པ་དང་བརྟེན་པའི་རྣམ་པ་དང་བཙལ་བ་དང་གཞན་ལ་རག་ལས་པ་ཉིད་དང་། ནད་པ་དང་བཅས་པ་ཉིད་དང་། སོ་སོར་འགྲོ་བ་ཉིད་དག་གིས་མི་མཐུན་པ་ཉིད་དུ་གཞག་གོ། །དྲན་པ་ཉེ་བར་གནས་པས་སོ། །སེམས་རྣམ་པར་མ་གཡེངས་པས་སོ། ། 159-80b ཤེས་བཞིན་གྱི་སྒྲ་བསྐྱུང་ཞིང་ངོ་། །དེ་མི་བྱ་བར་རོ། །མི་འབྱུང་བར་ཐུག་པ་དག་གོ། །ཁྲུམ་ཁྲུམ་མི་བྱ་བར་རོ། །སྐྲ་འབྱུང་བ་དག་ཆུ་ལ་སོགས་པས་སྙི་བར་བྱའོ། །བཟའ་བ་དེའི་དོན་དུ་རོལ་མོ་བྱེད་དུ་མི་གཞུག་གོ། །བཤད་པ་བྱས་པ་ཉིད་དུ་མི་བྱའོ། །དེ་སོ་སོར་རིག་པར་བྱའོ། །དུས་ཡོལ་བར་འགྱུར་ན་ཚིགས་སུ་བཅད་པ་གཉིས་སམ་གསུམ་དུའོ། །ཟོས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ནོ། །ཟོས་ནས་མགྲོན་དུ་བོས་པ་ལ་ཡོན་བཤད་པ་དང་ཆོས་བཤད་པ་དག་གོ། །ཐམས་ཅད་ཀྱིས་ཟོས་ཟིན་པ་ཉིད་དུ་ངེས་པར་ཤེས་ནས་སོ། །ཀུན་ཏུ་བལྟ་བས་སོ། །དུ་མ་ཉིད་ན་དང་པོས་སོ། །མི་ནུས་ན་ནུས་པ་གཞན་ལ་བཅོལ་ལོ། །གལ་ཏེ་མ་བྱས་པར་དགེ་སློང་རྣམས་འགྲོ་བའི་རྐྱེན་བྱུང་ན་འཁོར་ཐ་ན་བཞི་ཡན་ཆད་སྦྱིན་ནོ། །དེ་ལ་རྐྱེན་བྱུང་ན་སྦྱིན་བདག་ལ་ཞུས་ཏེའོ། །ཡོན་འཆད་པ་ན་དགའ་བོ་དང་ཉེ་དགའ་དག་གི་མིང་སྨོས་པར་བྱའོ། །མིད་པ་གཉིས་པས་དུས་མ་ཡིན་པའི་སྒྲེགས་པ་དག་དང་པོར་གཉིས་སམ་གསུམ་བོར་ཏེ་ཁ་བཀྲུས་ནས་མིད་པར་བྱའོ། །དེ་ནི་ཟས་མ་ཡིན་པ་མ་ཡིན་ནོ། །དེའི་ཕྱིར་གཞན་གྱིས་དུས་མ་ཡིན་པ་དང་སྤངས་པའི་ཚེ་སྒྲེགས་པ་བྱུང་ན་ཁ་བཀྲུ་བར་བྱའོ། །མ་བཤམས་པའི་ཕྱོགས་སུ་མཆིལ་མ་དོར་བར་མི་བྱའོ། །བྱི་དོར་བྱས་པར་ཡང་མི་བྱའོ། །སོས་ལྕེ་བ་ཙིར་ཏེ་ཡང་མི་བྱའོ། །དེ་དང་དེའི་སྒྲ་དཀོན་མཆོག་དང་བླ་མའི་དྲུང་དུ་མི་བྱའོ། །ཟ་བའི་དྲུང་དུ་ཡང་མི་བྱའོ། །ལྷག་མའི་དྲུང་དུ་ཡང་དང་ཡང་དུ་མི་བྱའོ། །མི་ནུས་ན་གཞན་དུ་འགྲོ་བར་བྱའོ། །གཞན་ལ་མི་བདེ་བར་མི་བྱའོ། །སྔུར་སྒྲ་ཅན་གྱིས་ཉལ་བར་མི་བྱའོ། །དེས་བཅག་པའམ་གཞན་དུ་འགྲོ་བར་བྱའོ། །དེའི་སྣོད་ནི་གླང་པོ་ཆེའི་རྨིག་མཐིལ་ལྟ་བུའམ་བརྩེ་གས་མའོ། །དེ་ཉེ་བར་གཞག་པར་བྱའོ། །དེར་སོ་ཕག་གི་ཕྱེ་མའམ་ཐལ་བ་དག་གི་གཅལ་བླུགས་སོ། །སྦྲང་བུ་དག་བསྐྲད་པ་ནི་གཉེན་པོ་ཡིན་ནོ། །དྲི་ང་བར་མི་འགྱུར་བ་དང་སྲོག་ཆགས་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་བསྐམ་པར་བྱའོ། །དེའི་དུས་ཀྱི་ཆེད་དུ་གཞན་ཉེ་བར་གཞག་གོ། །མི་བྲེལ་བར་བྱ་བའི་ཕྱིར་གཙུག་ལག་ཁང་ 159-81a གི་གྲྭ་ཀ་བ་བཞི་པོ་དག་གི་ངོས་སུ་ཡང་མཆིལ་མའི་སྣོད་དག་གཞག་པར་བྱའོ། །རླུང་གི་ལས་སྒྲ་དང་བཅས་པར་མི་བྱའོ། །དཀོན་མཆོག་དང་བླ་མའི་མདུན་དུ་མི་བཏང་ངོ་། །གཞན་གྱི་མདུན་དུ་ཡང་དང་ཡང་དུ་མི་བཏང་ངོ་། །ཤིང་ལྗོན་པའི་དྲུང་དུ་བཤང་བ་དང་གཅི་བ་དག་མི་བྱའོ། །དགོན་པར་དེ་དག་གི་སྐབས་མེད་པ་ཉིད་ཡིན་ནམ་གཏོགས་སོ། །ཚེར་མ་ཅན་གྱི་ཡང་ངོ་། །བཤང་བའི་བསྐྱབ་བྱའོ། །གལ་ཏེ་གཙུག་ལག་ཁང་དུ་ན་ནུབ་བམ་བྱང་གི་ངོས་སུའོ། །གསོང་ལྡོང་ངམ་ཕུག་རྡུགས་སོ། །འོག་ཏུ་ཤིང་ཚེར་མ་ཅན་དག་བསྐྱེད་པར་བྱའོ། །སྟེང་དུ་བུ་གུའི་ཉེ་འཁོར་དུ་རྐང་རྟེན་དག་གཞུག་གོ། །རིལ་བ་སྤྱི་བླུགས་གཞག་པར་བྱའོ། །སྒོ་བསྣོལ་མར་གདོད་དོ། །སྒོ་གླེགས་གཞུག་གོ། །ཡང་མིག་དང་སྒོ་གཏན་དག་ཀྱང་གཞུག་གོ། །འཇུག་པར་འདོད་པས་སྒྲ་བྱའོ། །དེར་ཞུགས་པས་ཀྱང་ཐོས་ནའོ། །གོས་ལེགས་པར་བརྗེས་པས་ཤེས་བཞིན་དུ་འཇུག་པར་བྱའོ། །དཀྱིལ་དུ་འདུག་པར་བྱའོ། །རྐང་རྟེན་གཉིས་ལ་མི་གོས་པར་ཁད་ཀྱིས་བྱའོ། །མི་འོང་ན་བསྡད་པར་མི་བྱའོ། །འོང་ན་དགག་པར་མི་བྱའོ། །དེ་དང་འབྲེལ་པའི་དོན་ལས་གཞན་པས་དེའི་དྲུང་དུ་འདུག་པར་བྱའོ། །རྐང་པ་བཀྲུ་བ་དང་འཐོར་འཐུང་བྱ་བ་དག་ཏུ་ཡང་དེ་བཞིན་ནོ། །དགེ་སྐོས་ཀྱིས་ཉི་མ་རེ་རེ་ཞིང་བྱི་དོར་བྱའོ། །ས་དང་ལོ་མ་བཞག་པ་ཡང་ངོ་། །ལོ་མ་ནི་ཕྱི་བར་བྱ་བའི་བོང་རྡོག་ལ་སོགས་པ་དག་གི་དཔེ་ཡིན་ནོ། །ཕྱོགས་མ་ཡིན་པར་གཅི་བར་མི་བྱའོ། །དུ་མར་མི་བྱའོ། །རྒྱུན་གྱི་ཁུང་སྒོར་གཞུག་གོ། །གཅི་བའི་བསྐྱབ་བ་བྱའོ། །དེའི་གློར་རོ། །ཕུག་རྡུགས་ལ་ཝ་གཞུག་པར་བྱའོ། །གཞན་ནི་འདྲའོ། །འཁྲུ་བའི་ནད་ཅན་ལ་ནི་ཁྲིའུའི་བུ་གུ་བྱའོ། །ཐགས་མ་བཤུགས་པས་སོ། །མི་བཏུབ་ན་བཅད་དོ། །གལ་ཏེ་ནན་ཐན་ཀོར་དུ་ལོ་མའི་ཆང་བུ་དག་གཞག་གོ། །ས་སྣད་པ་བསྲུང་བར་བྱའོ། །དེའི་ཕྱིར་འོག་གཞིར་གྱོ་མོ་བྱའོ། །ཧ་ཅང་མི་མཐོ་བ་བཟང་ངོ་། །དྲི་ང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་བསྐམ་པ་དང་ཡུངས་མར་གྱིས་བསྐུ་བར་བྱའོ། །དེའི་དུས་ཀྱི་ཆེད་དུ་གཞན་བསྒྲུབ་ 159-81b པོ། །མ་འབྱོར་ན་གཞི་ཉིད་དུ་ལོ་ཆུན་གཞག་པར་བྱའོ། །བཤང་བ་བྱས་ནས་དེ་བྱེད་པའི་བཤང་བའི་ལམ་ཕྱི་བར་བྱའོ། །རྣོན་པོ་དང་རྩའི་ཆང་བ་མ་ཡིན་པས་སོ། །འདི་ལ་རས་མ་དང་ལོ་མའི་ཆང་བུ་དང་ཤིང་དང་བོང་རྡོག་དག་བཟང་བ་ཉིད་དོ། །ས་གཉིས་ཀྱིས་བཀྲུ་བར་བྱའོ། །སྔར་གཞག་པའི་ས་མ་འདྲེས་པ་དག་གིས་ཕྱིས་བཀྲུ་བར་བྱའོ། །འཐོར་འཐུང་གི་རྐང་རྟེན་དག་ཟེར་མ་དག་གིས་མི་ཉམས་པ་ཉིད་དུ་ཁད་ཀྱིས་དལ་བུ་དལ་བུས་སོ། །བདུན་པོ་དག་གིས་གཡོན་པའོ། །བདུན་གྱིས་ནི་གཉིས་ཀའོ། །ལག་ངར་གཉིས་ཀྱང་བཀྲུའོ། །ཡང་ལག་པ་གཉིས་སས་བཀྲུའོ། །གཞན་གྱིས་རིལ་བ་སྤྱི་བླུགས་སོ། །རྐང་པ་གཉིས་བཀྲུའོ། །ལྟོ་འཛག་པས་ནི་ཐ་མའི་མདུན་དག་ཏུ་ཕྱི་བ་ཙམ་དུ་བྱས་ཏེ་འདུག་པ་ལ་ཉེས་པ་མེད་དོ། །དེ་ལས་གཞན་པས་ནི་ཆུ་ཡོད་ན་འཐོར་འཐུང་མ་བྱས་པར་འདུག་པར་མི་བྱའོ། །སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །སྨན་གྱི་གཞི་རྫོགས་སོ།། །།<br> ༄། །ལས་ཀྱི་གཞི།<br> ༈ ལས་ཀྱི་གཞི་གཞིར་གཏོགས་པ།<br> ༆ ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །འདིར་ཆོག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་ཉིད་དོ། །ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པ་གདོན་པ་དང་དགག་པར་དབྱེའོ། །ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་པར་མི་འགྱུར་རོ། །མི་འཆགས་པར་མི་བྱའོ། །ཆོས་མ་ཡིན་པས་མི་བྱའོ། །མི་མཐུན་པ་དག་མི་བྱའོ། །ཚོགས་ཀྱིས་མི་བྱའོ། །དགེ་འདུན་དུ་མ་གྱུར་པ་དག་གིས་མི་བྱའོ། །དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་དོ། །བསྙེན་པར་མ་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་ནི་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ལྷག་མ་ནི་བཞི་ལ་སོགས་པའོ། །དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་པ་ཉིད་དོ། །དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་ངོ་། །གསོ་སྦྱོང་ནི་དེ་དང་མཐུན་པར་གྲུབ་པ་རྣམས་ཀྱིས་སོ། །འདུན་པ་དང་གསོ་སྦྱོང་འབུལ་བས་དེ་བསྒྲུབ་པོ། །འདི་ལ་གཉིས་ཀྱིས་བྱའོ། །དེ་གཉིས་ནུས་པ་ཉིད་ཀྱིས་སོ། །མེད་ན་གཅིག་གོ། །དགེ་སློང་གི་དགེ་འདུན་གྱིས་ལེན་པའི་དགེ་སློང་བསྐོ་བར་བྱའོ། །དེས་སྒོ་ཁང་དུ་བསྡད་ 159-82a པར་བྱའོ། །འབྲོས་ན་ཤད་ཀྱིས་སྦྱང་ངོ་། །དེས་ཀྱང་དེ་བཞིན་ནོ། །འབྲོས་པར་མི་བྱའོ། །མི་ཤེས་ན་མིང་རུས་བྲིའོ། །མགུ་བ་དང་དབྱུང་བ་ནི་གཉིས་ཀ་ཚོགས་པ་ལའོ། །བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་། །འདི་ལ་དེ་དག་གི་ཚོགས་ནི་བཅུ་གཉིས་སོ། །སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པ་དང་བཅས་པ་ནི་དགེ་འདུན་གྱི་མཐའོ། །ལྷག་མ་དག་གི་ཚོགས་ནི་བཞིའོ། །ལས་བྱེད་པ་མོས་མི་ནུས་ན་དེས་དགེ་སློང་གིས་བྱས་པའི་ཚིག་ངེས་པར་བརྟགས་ན་རུང་ངོ་། །འདི་ལྟར་ཅང་མི་གསུང་བས་ཞེས་བྱ་བའི་གོང་ཡན་ཆད་དོ། །མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ། །གང་ལ་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་ཀྱང་མ་ཡིན་པ་ཉིད་དོ། །དེ་གཉིས་དབུལ་བར་བྱ་བ་ཉིད་མ་ཡིན་ནོ། །དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོའོ། །བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་མཚམས་མེད་པ་བྱས་པ་དང་སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་ཐ་དད་པར་གནས་པ་རྣམས་ཀྱང་མ་ཡིན་ནོ། །འཁྲུལ་པ་དང་བཅས་པ་ཡང་ངོ་། །བསྡམ་པར་བྱ་བས་ཀྱང་ཡིན་གྱི། བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ། །བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ནུས་པ་ཉིད་ཡིན་ན་མི་འགྱུར་རོ། །དེའི་ཚེ་ལེན་པ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དང་། སོ་སོར་བཤགས་པར་བྱ་བ་དང་ཕྱིར་བཅོས་པར་བྱ་བའི་ཉེས་བྱས་ནི་ནུས་པ་ཉིད་ཡིན་ཏེ་བཤགས་པ་ཙམ་ཡིན་པའི་ཕྱིར་རོ། །ལྟུང་བ་འབྱུང་བ་ལ་ནི་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །གཅིག་ལ་དེ་ལྟར་བསྙིལ་བ་དང་མི་བསྙིལ་བ་དང་ཕྱིར་བཅོས་པ་རྣམ་པ་དུ་མ་ནི་མི་རིགས་པ་ཁོ་ནའོ། །དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ་ཉིད་ཡིན་ནོ། །དེ་ལས་གཞན་པ་དེ་དག་གིས་ནི་ཐོས་པ་དང་བཅས་པར་མི་བྱའོ། །མ་སྤངས་པ་དང་མ་ལོག་པ་མ་གཏོགས་སོ། །གནས་ནས་ཕྱུང་བ་ནི་རང་གི་ལས་ལ་ཡང་ངོ་། །ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པས་བསྙེན་པར་ 159-82b མ་རྫོགས་པར་བྱ་བ་ཡང་ངོ་། །དེ་དག་བྱ་བ་ལ་ལྟ་བའི་ཉེ་འཁོར་དུ་བཞག་པས་ནི་མངོན་སུམ་དུ་བསྒྲུབ་བོ། །གོ་བར་བྱ་བ་ནི་རྗེས་སུ་བསྒྲགས་པའོ། །སྨྱོས་པའི་གནང་བ་ཕྱག་མི་བྱ་བ་དང་མི་སྨྲ་བ་དང་ལོངས་མི་སྤྱད་པ་དང་གཙུག་ལག་ཁང་གི་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་རོ། །གསོལ་བ་མ་བྱས་པར་དེའི་དོན་དུ་བརྗོད་པར་མི་བྱའོ། །དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོང་བར་འོས་པ་ལུས་སམ་དེ་ལ་འདུན་པས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་ཕྱིར་ཟློག་པར་བྱེད་པ་ཡང་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པ་གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན། སྤྱོད་ལམ་ལས་མ་ཉམས་པ་དང་རང་བཞིན་དུ་གནས་པ་དང་ངག་ཡང་དག་པར་བསྡམས་པས་མངོན་པར་མི་ཤེས་པ་དང་། ནང་དང་བཅས་པ་མ་གཏོགས་པ་ནི་མི་མཐུན་པ་ཉིད་དོ། །བརྫུན་དུ་སྨྲ་བའི་རྗེས་མཐུན་པ་ཉིད་ནི་གང་ཡང་དག་པར་མ་བསྡམས་པའོ། །ཕྲ་མ་དང་ངག་རྩུབ་པོ་དང་ཚིག་ཀྱལ་པའི་ཡང་ངོ་། །རང་བཞིན་དུ་གནས་པ་མ་ཡིན་པ་དག་ཀྱང་དེ་དག་གིའོ། །གཞན་ཡང་བྱ་བ་མ་ཡིན་པའོ། །བྱ་བ་མི་བྱེད་པའོ། །དེ་བརྩམས་པ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་ནོ། །ལྟ་བ་དགེ་འདུན་ལ་བརྗོད་པར་མི་བྱའོ། །གཞན་ལའོ། །བསྙེན་པར་མ་རྫོགས་པ་ལ་མི་བྱའོ། །ཁ་སྐོང་བར་འོས་པ་མ་ཡིན་པ་ལ་ཡང་ངོ་། །ལྷག་མ་ལུས་པ་ཉིད་མི་བྱའོ། །བསྐོས་པ་བརྗེད་ནས་ཆེས་ལེགས་པ་དང་ཆེས་མང་དུ་བྱེད་པ་བསྐོ་བར་བྱའོ། །དུས་ངེས་པར་བྱས་ཏེ་མི་བྱའོ། །ཡང་དང་ཡང་དུའམ་གཞན་ལའོ། །གཞན་ལ་ཡང་ཇི་ཙམ་གྱིས་ཆོག་པ་ན་སྤང་བ་སྦྱིན་ནོ། །བསྐོས་པ་མེད་ན་མདུང་དོར་བས་བགོའོ། །གང་ཁ་སྐོང་བར་མི་འོས་པ་དེ་དག་མདུང་འདོར་བར་ཡང་ངོ་། །དགེ་འདུན་གྱི་དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་བྲིམ་པ་མི་འཆགས་སོ། །ལས་ཀྱི་གཞི་གཞིར་གཏོགས་པའོ།། །།<br> ༈ ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས།<br> ༆ བརྗོད་པ་ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་ནོ། །ཉམས་ན་མ་བྱས་པ་ཉིད་དོ། །བྱེད་པ་ཉིད་ན་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུག་པ་ཉིད་དོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལངས་པ་ 159-83a རྣམས་མ་ལུས་པ་ཉིད་མ་རྫོགས་པའོ། །ལུས་པ་ཉིད་ན་མི་འགྱུར་རོ། །གལ་ཏེ་དེ་ཡང་བྱེད་པར་འདོད་ན་ཚིག་གིས་རྣམ་པར་དཀྲུགས་ཤིང་གསོལ་བས་དགེ་འདུན་ལ་བཙུན་པ་དག་ཡང་གསོལ་བ་བགྱིའོ་ཞེའམ། རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ། །བཟློག་པའི་ཕྱིར་བགོ་བ་དང་བསྙིལ་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། བསླབ་པ་དང་། མཐུན་པ་དང་། དེའི་གསོ་སྦྱོང་དང་། མུ་སྟེགས་ཅན་གྱི་གནས་པ་དང་། དེ་ལས་གཞན་པའི་སྤོ་བ་དང་། མགུ་བ་དང་། ཡང་གཞི་ནས་བསླང་བ་དང་། དྲན་པས་འདུལ་བ་དང་། མ་མྱོས་པས་འདུལ་བ་སྦྱིན་པ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། མཚམས་དགྲོལ་བ་དང་། ནན་ཏུར་གྱི་ལས་དང་། དབྱུང་བ་དག་ལ་བརྗོད་པ་གསུམ་མོ། །ལྷག་པོར་མ་གཏོགས་པ་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ་། །གཞན་གྱི་དོན་དུ་གང་ཟག་དག་ལ་ཡང་ངོ་། །ལྷག་པོར་ཡང་མདུན་དུ་ཙོག་པུར་འདུག་སྟེའོ། །ཞུ་བ་ཡང་ངོ་། །བསྙེན་པར་རྫོགས་པར་བྱེད་པ་ན་གསང་སྟེ་བསྟན་པ་མ་གཏོགས་པར་ཕ་གུ་ལ་རྟིང་པ་གཉིས་ཀྱིས་སོ། །བུད་མེད་ནི་སྟན་ནང་ཚངས་ཅན་ལ་སོགས་པ་ལའོ། །གཞན་གཙོ་བོ་མ་ཡིན་པ་ཉིད་ལ་ནི་དགེ་འདུན་ལ་རྒན་པའི་མཐར་རོ། །གཞན་གྱི་དོན་དུ་ནི་འགྲེང་སྟེ་འདུད་པ་དང་བཅས་པར་རོ། །ཁ་ཅིག་ལས་གསང་སྟེ་སྟོན་པ་ཉིད་ནི་ལམ་གྱི་དབུས་ནས་ཤེས་སོ། །རྫས་བྱིན་གྱིས་བརླབས་པ་ཡང་ངོ་། །རུང་བར་བྱ་བ་ནི་དེ་ཉིད་དོ། །དེ་གཟུང་སྟེ་དེའོ། །ལྷུང་བཟེད་དང་སྨན་ནི་ལག་པ་གཡོན་པར་བཞག་སྟེ་ལག་པ་གཡས་པས་བཀབ་སྟེའོ། །གཟུང་བར་བྱ་བ་མ་ཡིན་པ་ཉིད་ལ་ནི་མདུན་དུ་བཞག་སྟེའོ། །ལས་ནི་འདུག་པ་ཉིད་ཀྱིས་སོ། །དགེ་འདུན་ནམ་གཅིག་ཁོ་ན་ལ་མ་བརྟེན་པ་ལ་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་ཉིད་དོ། །ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབས་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱིས་རྣམ་པར་བརྟགས་པས་འཆགས་སོ། །སྔ་མ་མ་ཕྱུང་ན་ཕྱི་མ་མི་འཆགས་སོ། །གཅིག་པུས་བྱིན་གྱིས་རློབ་ན་དེ་ལ་དང་པོར་བསམ་པ་བསྒྲུབ་ཅིང་ཚིག་ཏུ་བརྗོད་པར་བྱའོ། །དགེ་སློང་དག་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ 159-83b ཏུ་བྱས་པ་ཉིད་དོ། །རང་གི་དོན་དུ་སྔགས་ལན་གསུམ་རྗོད་པར་བྱེད་པ་ཉིད་ན་དེའི་འོས་ཉིད་ན་ཕྱག་བྱས་ཏེའོ། །གསང་སྟེ་སྟོན་པར་ཡང་ངོ་། །སྣམ་སྦྱར་དང་བཅས་པ་ཉིད་ན་བསྙེན་པར་རྫོགས་པའི་ཕྱིར་འདུས་པ་ལ་ཡང་ངོ་། །དང་པོར་གསུམ་མོ། །དེའི་དོན་ཉིད་དུ་དང་ཉི་མ་བརྗོད་པ་ལ་ཐལ་མོ་སྦྱར་བ་ཉིད་དོ། །གལ་ཏེ་གང་ཟག་གིས་རང་གི་དོན་དུ་བརྗོད་ན་གསོལ་བ་བཏབ་པས་མཇུག་ཏུ་ཐབས་ཡིན་ནོ་ཞེས་སོ། །དེའི་རྗེས་ལ་ཅིག་ཤོས་ཀྱིས་ལེགས་སོ་ཞེས་སོ། །འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་དང་བྲལ་བ། བྱས་པ་དང་མ་བྱས་པ་དྲན་པར་ནུས་པ་སྤྲོ་བར་བྱས་ཏེ་བསྐོའོ། །བྱས་པ་ཉིད་ན་གནས་པས་བརྗོད་པར་བྱའོ། །མཚམས་གཅོད་པ་ཉིད་ནི་བཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ། །སྡུད་པར་བྱེད་པས་གཎྜཱི་བརྡུང་བ་དང་འདྲི་བ་ལ་བརྗོད་པ་རྗེས་སུ་བསྒྲུབ་པ་དག་གིས་བསྡུ་བར་བྱ་བ་དག་ལ་གོ་བར་བྱའོ། །དེས་དེ་དག་གི་དོན་དུ་སྟན་བཤམ་མོ། །བསྐོས་པའི་བྱ་བ་དེའི་དོན་ཉིད་ལ་ནི་དེ་ཉིད་དོ། །ཐམས་ཅད་ལ་རྒན་རིམས་སུའོ། །བླང་བར་བྱ་བ་ལ་ནི་འདོད་པ་མཆོག་ཉིད་ཡིན་ནོ། །ལས་ཕྱིར་བསྟན་པའོ། །བསྒོ་བ་ལས་བྱུང་བ་ཕྱིར་མ་བཅོས་པས་ལས་ཉམས་སུ་མྱོང་བར་མི་བྱའོ། །གསོ་སྦྱོང་དང་དགག་དབྱེ་དག་ནི་མ་གཏོགས་སོ། །མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ། །དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ། །གཅིག་ཏུ་རྐང་པ་ཡ་གཅིག་ལ་གཅིག་ཏུ་ཡ་གཅིག་ན་གཉིས་ཀར་གནས་པ་ཉིད་དོ། །ཐམས་ཅད་ནོན་པ་ལ་གནས་པ་ནོན་པ་ཉིད་དོ། །དུ་མར་གནས་པར་ཁས་བླངས་པ་ལ་ནི་འཆགས་པ་ཁོ་ནའོ། །གནས་མལ་དུ་མ་མནོད་པར་རིག་པ་ཉིད་དོ། །དེས་ཅི་དགར་གནས་པར་བྱ་བ་ཉིད་དོ། །བརྒྱལ་བ་ནི་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ། །ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ། །དེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ། །ཚིག་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ། །འོག་མ་མེད་པ་ལའོ། །མཚན་མ་དག་མ་བརྗོད་པ་ཉིད་ནི་མ་བཅད་པ་ཉིད་ཡིན་ནོ། །སྤོ་བ་བྱེད་པས་ནི་ཉེ་བར་གནས་པའི་སྡོམ་པ་ལས་ 159-84a གཞན་པའོ། །སྨྱོན་པས་བཏོན་པ་ཡང་ངོ་། །དབྱེན་རྗེས་སུ་བསྒྲུབ་པ་ནི་གསོལ་བ་དང་འདྲའོ། །འདི་ལ་མཚན་མི་མཐུན་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་རོ། །མི་འཆགས་པའི་བློས་དབྱེན་བྱེད་པ་དང་གནས་ནས་འབྱིན་པ་དག་ནི་སྦོམ་པོའོ། །དགེ་འདུན་དུ་མ་གྱུར་པ་ཉིད་ན་ཉེས་བྱས་སོ། །ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་ཡིན་པ་དག་གི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ། །རང་གི་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ནི་མ་ཡིན་ནོ། །གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ། །སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་འདྲ་བས་རབ་ཏུ་འབྱིན་དུ་འཇུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ། །མངག་པ་དེས་དེའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ། །བུད་མེད་ལ་ནི་བུད་མེད་དང་སྐྱེས་པས་ཀྱང་ངོ་། །སྐྱེས་པ་ལ་ནི་སྐྱེས་པ་ཁོ་ནས་སོ། །གསོལ་བ་དང་ཁས་བླང་བ་དག་དེའི་མིང་ཁོ་ནས་བྱའོ། །བསྙེན་པར་རྫོགས་པ་མན་ཆད་གོང་མ་ཡང་ངོ་། །མི་ནོད་ན་སྦྱིན་པ་ཉིད་མ་ཡིན་ནོ། །དེ་ལ་གསོལ་བ་ཉམས་སོ། །སྔར་བཞམས་ཏེ་བསྒོ་བ་ནི་ཆོ་ག་ཉིད་ཡིན་ནོ། །གནས་ནས་དབྱུང་བ་ལ་ཡང་དེ་བཞིན་ནོ། །དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱི་སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ། །དོན་གྱི་སྐབས་དག་གི་གོ་རིམས་འཁྲུགས་པས་ནི་མི་འཆགས་པ་མ་ཡིན་ནོ། །དེ་ནི་མི་བྱ་བ་ཉིད་དོ། །མཚན་གཞན་ལ་བརྟེན་པས་ནི་མ་ཡིན་ནོ། །དགེ་སློང་དང་དགེ་སློང་མ་ཉིད་དག་གིས་ལས་གཞན་བྱེད་པ་མ་ཡིན་ནོ། །ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ལས་ཀྱི་གཞི་རྫོགས་སོ།། །།<br> ༄། །ཕྱིར་བཅོས་པའི་གཞི།<br> ༈ ཕྱིར་བཅོས་པའི་གཞི་གཞིར་གཏོགས་པ།<br> ༆ གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱའོ། །གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་བླང་བར་བྱའོ། །འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ། །མ་མཐོང་བ་ལ་ནི་ཁས་ལེན་པ་ཡན་ལག་མ་ཡིན་ཏེ། ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་རོ། །སྐབས་མི་འབྱེད་ 159-84b ན་ཡང་མི་རིགས་པའི་ཕྱིར་རོ། །གླེང་བ་པོ་རང་མ་ལངས་ན་བསྐོ་བས་བླང་བར་བྱའོ། །གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་དང་། དགེ་འདུན་གྱི་རྙེད་པ་མེད་པ་དང་གནས་མེད་པར་བྱ་བར་སེམས་པ་ཉིད་དང་། བླའི་གྲྭ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དང་། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་དང་། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་ལ་སློབ་པར་མི་བྱེད་པ་དང་། སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་དང་། དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་དང་། འབྱུང་བ་བསྐྱོད་པ་དང་མཚུངས་པར་ཉེ་བར་སྟོན་པ་དང་། རྒྱུ་ལས་ཕྱིར་ལྡོག་པ་དང་། བཟོད་པ་གསོལ་བ་ལའོ། །ལས་སྦྱིན་པ་དང་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་དང་གཞིག་པ་དང་བསྲང་བ་ཡང་ངོ་། །འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་པར་བྱའོ། །དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་ནི་སྨད་པའོ། །ཁྱིམ་སུན་འབྱིན་པ་ལ་ནི་བསྐྲད་པའོ། །དེའི་ཕྱིར་འདུ་བ་མི་སྦྱིན་པ་དང་སྐབས་མི་འབྱེད་པ་དག་ལ་ཡང་ངོ་། །དེ་མ་མཐོང་ངོ་ཞེས་ཟེར་ན་ཡང་ངོ་། །ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པའོ། །འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་དེ་ལས་བཟོད་པ་གསོལ་དུ་གཞུག་གོ། །ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་དང་། མ་མཐོང་ངོ་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ནི་གནས་ནས་དབྱུང་བར་བྱའོ། །འདི་ཉིད་དུ་ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག །དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ལྟུང་བ་བཅབ་པར་མི་བྱའོ། །ཐ་ན་མིང་གོ་བར་བྱ་བ་ཉིད་དོ། །ཉེས་བྱས་ནི་གང་ཡང་རུང་བས་སོ། །རང་བཞིན་དུ་གནས་པ་ལའོ། །ལྟ་བ་ཐ་དད་པ་ལའོ། །བསྙེན་པར་རྫོགས་པ་དང་བཅས་པ་ལའོ། །མཚན་མཐུན་པ་ལའོ། །དེ་ཉིད་ལ་འདི་དང་འོག་མ་དང་བཅས་ཏེའོ། ། 159-85a རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱི་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ། །ཆོས་འདི་པ་ལ་དེ་བྱས་ན་བྱས་པ་ཉིད་དོ། །མཚམས་གཞན་ན་གནས་པ་ལ་ཡང་ངོ་། །བསྒོ་བ་ལས་བྱུང་བ་རྣམས་ནི་དགེ་འདུན་ཐམས་ཅད་ལའོ། །སོ་སོར་བཤགས་པར་བྱ་བ་ནི་གནས་དེར་ཚོགས་པ་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ། །དེ་ནི་སྔགས་དང་འདྲ་བ་མ་ཡིན་ནོ། །ཡིད་ཀྱི་དེ་ལས་ནི་བསྡམ་པ་བྱ་བས་ལྡང་ངོ་། །གཞན་ལས་དེ་དང་བཅས་པའི་བཤགས་པའོ། །དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལའོ། །ཁ་ན་མ་ཐོ་བ་མི་མཐུན་པ་ལའོ། །སྡེ་ཚན་ལས་སོ། །མེད་ན་ལྟུང་བ་ལས་སོ། །སྤང་བ་ལས་ནི་སྤངས་པ་དང་བྲལ་བ་སྔོན་དུ་བཏང་བ་ལས་སོ། །ལྷག་མ་དང་བཅས་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་དགེ་འདུན་ལྔ་ལ་སོགས་པ་ཐམས་ཅད་ལའོ། །ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་མ་བཅད་པ་ལྷག་པ་ལའོ། །ཡང་བ་དེ་ལས་ནི་བཞི་ལ་སོགས་པ་ལའོ། །མཐར་དེ་ལ་བརྩལ་བ་རྐྱེན་མ་འབྱོར་པ་ཉིད་ན་ལས་བྱས་པ་དང་འདྲའོ། །སྨྱོས་པས་བྱས་པ་དེས་ཕྱིར་སངས་པ་ན་འདུ་ཤེས་པ་ནི་ཉེས་བྱེད་དང་འདྲ་བ་ཉིད་དོ། །མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །དགེ་འདུན་ལྷག་མ་ལ་ནི་དུས་འདི་སྲིད་ཅིག་བཅབས་པ་ཉིད་དམ་མ་བཅབས་པ་ཉིད་དང་ངོ་། །དེ་ལས་བླང་བ་བྱེད་པ་ནི་དབྱུང་བའོ། །དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་བཅད་པའོ། །དགེ་སློང་མས་ནི་ཟླ་བ་ཕྱེད་དོ། །ལྕི་བའི་ཆོས་ལས་འདས་ན་ཡང་དེ་སྤྱད་པར་བྱ་བ་ཉིད་ཡིན་ནོ། །བཅབས་པའི་ཉེས་པ་མེད་ན་དེ་འཆགས་སོ། །སྤོ་བས་དེ་མེད་པར་འགྱུར་རོ། །དགེ་འདུན་ལས་དུས་དེ་སྲིད་དེ་མནོས་ཏེའོ། །དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མ་དེ་བྱུང་ན་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ། །བརྩམས་པ་ནི་མཐར་ཐུག་པར་བྱ་བ་དང་འདྲའོ། །དེའི་ཕྱིར་མ་ཆགས་ན་དེའི་ཚེ་དང་པོ་ 159-85b ཡང་ཐ་དད་པར་བླང་བར་བྱ་བ་ཉིད་དོ། །བར་མ་དེ་ཕྱིར་བཅོས་པར་བྱའོ། །དེའི་ཕྱིར་དེའི་དོན་དུ་ཡང་བརྟེན་པར་བྱ་བ་ཉིད་དོ། །དེ་བཅབས་པའི་དུས་ལྷག་པ་ཡང་དེར་གཞུག་པ་ཉིད་དོ། །དེ་གཉིས་ལས་ཀྱི་སྦྱིན་ནོ། །དབྱུང་བ་ཡང་ངོ་། །དེར་བསྡིགས་པ་ཡང་ངོ་། །གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུའོ། །རྩྭ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ། །གཟེངས་བསྟོད་པ་ཡང་ངོ་། །བརྗོད་པ་བྱས་མ་ཐག་ཏུའོ། །ཕྱིར་བཅོས་པའི་གཞི་གཞིར་གཏོགས་པའོ།། །།<br> ༈ ཕྱིར་བཅོས་པའི་གཞི་ཞུ་བ་ལ་སོགས་པའི་སྐབས།<br> ༆ ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ། །འདི་ལ་དགེ་འདུན་དབང་ངོ་། །དེ་དེས་ཡལ་བར་མི་དོར་རོ། །བསྙིལ་བ་ལ་བཟོད་པར་བྱ་བ་ཉིད་དོ། །ནན་ཏུར་བྱེད་པ་དག་གིས་མ་བསྐོས་ན་ནན་ཏུར་བྱས་པ་ལ་བཟོད་པ་མི་འཆགས་སོ། །བསྐྲད་པས་སུན་ཕྱུང་བའི་གནས་སུ་གནས་པར་མི་བྱ་བ་ཉིད་དོ། །གནས་ནས་ཕྱུང་བ་ཐམས་ཅད་ལ་གནས་པར་བྱ་བ མ་ཡིན་པ་ཉིད་དང་ལོངས་སྤྱད་པར་བྱ་བ་མ་ཡིན་པ་ཉིད་དོ། །འདི་ལ་འདུ་ཤེས་ཀྱིས་རྣམ་པར་གཞག་གོ། །བྱེ་བ་ཉིད་ན་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་ཅིག་ཤོས་སུ་ཡིན་གྱི་ཅིག་ཤོས་དང་ནི་མ་ཡིན་ནོ། །ནན་ཏུར་བྱས་པ་གཞན་དག་ལ་དེ་གཉིས་མི་བྱའོ། །དེས་འགྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་དོ། །ནན་ཏུར་བྱས་པས་སམ་ཉམས་པ་བསྐྲད་པར་བྱ་བས་འགྱུར་བ་བརྟེན་ན་ཡོ་བྱད་ཀྱང་ཆུང་སྟེ་དོར་རོ། །མཐུས་ཀྱང་བསྐྲད་པར་བྱའོ། །འཇུག་པ་གཅད་པར་བྱའོ། །དེ་སྡིག་པའི་ཆོས་ཅན་མ་ཡིན་ན་དབྱུང་ངོ་། །དགེ་འདུན་གྱིས་ཕྱིར་བཅོས་སོ། །བཅོལ་ཏེའོ། །མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་སོ། །འཐབ་ཀྲོལ་བྱེད་པ་བསྐྲད་པ་ནི་གཟུང་བར་མི་བྱའོ། །འཐབ་ཀྲོལ་ལས་འབད་པ་མ་ལོག་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ། །རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ལས་ཉེ་བར་ཞི་བས་སོ། །གནས་པ་ལ་གནས་ཀྱིས་འབད་པར་བྱའོ། །འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་ཡང་གནས་ནས་དབྱུང་བར་བྱ་བ་ཉིད་དོ། །དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་ལ་ཡང་གནས་ནས་དབྱུང་བར་བྱའོ། །འདིས་གནས་ནས་ཕྱུང་བ་ལ་དགེ་སློང་ 159-86a མས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱའོ། ནན་ཏུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་སོ། །གཞན་དུ་ན་མི་འཆགས་སོ། །གཞན་ལ་ཉམས་སོ། །གནས་ནས་ཕྱུང་བ་ལ་ནི་མི་འཆགས་སོ། །ཤེས་པ་དང་བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དང་ཐོས་པ་དང་ཕྱོགས་དང་འཁོར་མང་བ་དག་ལ་ནི་སྦོམ་པོའོ། །ཁྱིམ་པ་ནི་དཔེའོ། །དེ་དགེ་སློང་ལ་སོགས་པ་ལྔ་པོ་དག་ལ་བརྙས་ཐབས་བྱེད་པ་ལ་ཡང་ཕྱིར་འགྱེད་པའོ། །ཁྲོ་བ་ནི་བརྙས་ཐབས་མ་ཡིན་པ་མ་ཡིན་ནོ། །ནན་ཏུར་གྱི་ལས་དག་ཐུན་མོང་མ་ཡིན་པར་དོགས་པར་མི་བྱའོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་དོ། །ཁྱིམ་པ་ལ་མི་བྱའོ། །དགེ་སློང་ལ་ཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས་སྐུར་པ་དང་གཤེ་བ་དང་སྤྱོ་བ་ལ་ལྷུང་བཟེད་ཁས་དབུབ་པར་བྱའོ། །རྣམ་པར་གཞག་པར་བྱ་བས་སོ། །གསོལ་བས་སོ། །ལྷུང་བཟེད་ཁས་སྦུབས་པའི་ཁྱིམ་དུ་འགྲོ་བར་མི་བྱའོ། །སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ་བའི་ཆོས་བཤམས་པ་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །བསོད་སྙོམས་བླང་བར་མི་བྱའོ། །ཆོས་བསྟན་པར་མི་བྱའོ། །གང་དུ་ལས་བྱ་བ་དེར་གཏོགས་པ་དག་ལ་ལྷུང་བཟེད་ཁས་སྦུབས་པ་ཡིན་ནོ། །ཐ་ན་གནས་ནས་ཕྱུང་བ་ཕན་ཆད་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་ཁྱིམ་དུ་དེ་མི་འཆགས་སོ། །དེ་འགའ་ཞིག་གིས་གོ་བར་བྱའོ། །བཟོད་པ་གསོལ་བ་དང་ལྡན་ན་གསོལ་བས་བཟློག་པར་བྱའོ། །བཅབས་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ། །བསླབ་པ་སྤྱོད་པས་སོ། །དེ་ཐོབ་པས་སོ། །དགེ་འདུན་ལས་སོ། །ལས་ཀྱིས་སྦྱིན་ནོ། །ཇི་སྲིད་འཚོ་བའི་བར་དུའོ། །ངོ་ཚ་དང་ལྡན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ་། །བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །འདིར་མིང་ནི་ལྟུང་བྱེད་ཀྱི་སྡེ་ཚན་ 159-86b ལས་མིང་ངོ་། །དབྱུང་བ་ནི་རིགས་སོ། །ཕྱིར་བཅོས་པའི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ཕྱིར་བཅོས་པའི་གཞི་རྫོགས་སོ།། །།<br> ༄། །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི།<br> ༈ དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་གཞིར་གཏོགས་པ།<br> ༆ འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང་། བཅབས་པའི་སེམས་མ་བཞག་པས་བརྗེད་པ་དང་། བྱས་སམ་མ་བྱས་ཅི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དང་། བསྙེན་པར་མ་རྫོགས་པ་ཉིད་དང་། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ་། །ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་། །མ་བཅས་པ་ཉིད་ལ་ཡང་ངོ་། །མི་ཤེས་པ་ཉིད་ལ་མ་ཡིན་ནོ། །མངོན་པར་ཡིད་མི་ཆེས་པ་ཉིད་ལ་ཡང་ངོ་། །མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པ་ཡང་ངོ་། །ས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཡང་ངོ་། །འཆབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ། །ས་གང་ལ་འཆབ་པ་མི་འབྱུང་བ་དེ་སྤྱད་པ་ཡང་ངོ་། །མ་གུས་པས་སྤྱོད་པ་གཏོང་ན་ཉེས་བྱས་སོ། །དེ་ལ་དེའི་སྡེ་པ་ལྷག་པར་སྤྱོད་པ་ཡང་ངོ་། །ཡོད་ལ་ཕྱིར་མི་འཆོས་ན་ཡང་ངོ་། །མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ། །སྦྱངས་པའི་གཞི་ལ་ལྷག་མ་རྗེས་སུ་བསྒྲུབ་བོ། །བཅབས་པའི་དུས་ངེས་པར་མི་ཤེས་ན་ཉུང་བ་ཉིད་དུ་མི་འགྱུར་བ་ལ་བརྟེན་པར་བྱའོ། །སྤྱད་པར་བྱ་བ་ཉིད་ལ་དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གིའོ། །དག་པའི་མཐའ་ཅན་ཟླ་བ་བཞི་ལའོ། །བཅབས་པ་ནི་དཔག་ཏུ་མེད་པ་ལའོ། །བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་དཔག་ཏུ་མེད་པར་ཞེས་སོ། །འདི་ལ་ཇི་སྙེད་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་བོ། །ངེས་པར་མི་ཤེས་ན་དེ་དཔག་ཏུ་མེད་པ་ལ་བརྟེན་པར་བྱའོ། །མང་པོ་ཉིད་ལ་ནི་ཚད་ཤིན་ཏུ་མང་པོ་དང་ལྡན་པ་ཞེས་བྱའོ། །དུས་རྣམས་ནི་ལྷགས་པས་སོ། །མིང་དག་ལ་ནི་སོགས་པ་དང་ལྡན་པ་ཉིད་དུའོ། །ལྕི་བ་ཉིད་དང་བསམ་པ་དྲག་པོས་བྱས་པ་ཉིད་དག་ནི་དང་པོ་ཉིད་དུའོ། །སྤྱོད་པ་ལ་སྔོན་བྱུང་བ་གཞན་ཕྱིར་གསོ་བར་འདོད་པ་སྐྱེས་ན་ཐ་དད་པར་སྦྱིན་ཞིང་ཅིག་ཅར་སྤྱད་དོ། །དེ་བཅབས་པ་ཉིད་ཡིན་ན་ 159-87a མགུ་བར་བྱ་བ་མི་སྲིད་དོ། །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིའོ།། །།<br> ༈ དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས།<br> ༆ ཉིན་མཚན་གྱི་ཐ་མའི་ཆ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་། །བརྗོད་པའི་ཡན་ལག་མེད་ན་དེའི་སེམས་མ་ཡིན་པ་ཉིད་འཆབ་པ་མ་ཡིན་ནོ། །བགྲོད་དུ་མེད་དམ་སོང་བའི་དབང་ནི་མེད་པ་དང་འདྲ་བ་ཉིད་དོ། །དེའི་དོན་གྱི་དབང་གིས་བྱས་པ་ཡང་ངོ་། །དོན་མེད་པས་ནི་ཉེས་བྱས་སོ། །མཐའི་མདུན་རོལ་དུ་ཡང་ངོ་། །འཆབ་པའི་སེམས་མ་བཏང་བ་ཉིད་ནི་དེའི་སེམས་ཉིད་ཡིན་ནོ། །དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ཉེས་པ་མེད་དོ། །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས་སོ། །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་རྫོགས་སོ།། །།<br> ༄། །ས་གཞན་ན་གནས་པའི་སྤྱོད་པའི་གཞི།<br> ༈ ས་གཞན་ན་གནས་པའི་སྤྱོད་པའི་གཞི་གཞིར་གཏོགས་པ།<br> ༆ སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང་ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་བྱའོ། །དེ་གཉིས་ཀྱིས་མི་བྱ་བ་ཡང་གང་ཡིན་པ་དེའི་གནས་སྐབས་གཞན་དག་གིས་ཀྱང་དེ་དག་ལའོ། །དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་གཞན་པས་བཅག་པར་མི་བྱའོ། །སྟན་ཆེས་དམའ་བ་ཉིད་ལས་གཞན་པས་འདུག་པར་ཡང་ངོ་། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བདག་ཉིད་ལས་གཞན་པས་ཁྱིམ་གཞན་དུ་འགྲོ་བར་ཡང་ངོ་། །གཡོགས་མ་གཅིག་ཏུ་མལ་བཤམ་པར་མི་བྱའོ། །རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་དང་གནས་སྦྱིན་པ་དང་དགེ་ཚུལ་ཉེ་བར་གཞག་པ་དག་མི་བྱའོ། །གསོལ་བ་དང་བརྗོད་པ་དག་ཁས་མི་བླང་ངོ་། །ལས་བྱེད་པ་དང་དགེ་སློང་མའི་སྟོན་པ་དང་དགེ་འདུན་གྱི་ཡིད་བརྟན་པར་བསྐོ་བ་ཡང་ངོ་། །སྔར་བསྐོས་པས་ཀྱང་མི་བྱའོ། །དགེ་སློང་མ་རྣམས་ལ་བསྟན་པར་ཡང་མི་བྱའོ། །འདོན་པ་གཞན་ཡོད་ན་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་པར་མི་བྱའོ། །དགེ་སློང་ལ་ཉམས་པས་གླེང་བར་མི་བྱའོ། །དགེ་འདུན་ལས་མ་བཀར་བ་ལའོ། །བརྗོད་པ་དང་བཅས་པ་ཉིད་དང་ཕུར་པ་བཅས་པ་ཉིད་དག་མི་བྱའོ། །གདམས་ངག་དང་ 159-87b གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་གཞག་པར་མི་བྱའོ། །དེ་དང་བརྟེན་པར་མི་བྱའོ། །ཆད་པ་དེའི་རྒྱུ་བྱེད་པ་སྤང་ངོ་། །ཉེས་པ་གཞན་ཡང་ངོ་། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ། །བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །ནང་པར་སྔར་ལངས་ཏེ་སྒོ་དབྱེ་བ་དང་མར་མེའི་ཀོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བ་དག་ཀྱང་ངོ་། །བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ་། །ས་ཆག་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །ཝའི་ཁ་དག་བསལ་བར་བྱའོ། །སྟན་བཤམ་མོ། །དུས་ཤེས་པར་བྱས་ཏེ་བདུག་སྤོས་དང་དེའི་པོག་ཕོར་དག་ཉེ་བར་གཞག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །སྤྱི་བུངས་བཤམས་པ་ན་གཎྜཱི་བརྡུང་ངོ་། །གལ་ཏེ་དགེ་སློང་རྣམས་ཚན་བསིལ་ཡབ་བྱའོ། །དེ་དག་གིས་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དོ། །ཟས་ཀྱི་བྱ་བ་བྱས་ནས་སྟན་ཆ་དབེན་པར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་དོར་རོ། །དུས་ཤེས་པར་བྱས་ཏེ་མཆོད་རྟེན་དག་གི་ཕྱག་དར་བྱའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །འདུ་བའི་དུས་སུ་སྟན་བཤམ་པ་ལ་སོགས་པ་ནས་ཡོན་ཏན་གྱི་སྐབས་ཀྱི་བར་དག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ཉི་མ་བརྗོད་པ་ཡང་ངོ་། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །དགོངས་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་དག་བཀྲུའོ། །རྐང་པ་དག་ལ་བསྐུའོ། །མི་འདོད་ན་སྣུམ་དབུལ་ལོ། །དེ་ནི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དག་ཀྱང་དེ་དང་འདྲའོ། །གདོན་པར་མི་བྱའོ། །སྔ་མ་ནི་བཟོད་པ་གསོལ་བས་རང་བཞིན་དུ་གནས་པ་འཐོབ་བོ། །འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ། ། 159-88a སྒོ་དབྱེ་བ་ཡན་ཆད་གཙུག་ལག་ཁང་ལ་སོགས་པ་ལ་སྤོ་བ་དང་ལྡན་པ་དང་སྤྱད་པ་དང་ལྡན་པ་གཉིས་ཀྱང་ངོ་། །བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་དང་གནས་ནས་ཕྱུང་བ་དག་ཀྱང་དེ་བཞིན་ནོ། །གདོན་པ་ནི་མི་བྱ་བ་ཉིད་དོ། །གཞན་དག་གིས་གནས་ནས་ཕྱུང་བ་སྤང་བར་བྱ་བ་ཁོ་ནའོ། །དེའི་དུས་ཉིད་ཀྱིས་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ། །བྱེ་བ་བཞིན་ནོ། །བྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཡང་དེ་དང་འདྲའོ། །རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་སྤོ་བ་དང་མགུ་བར་བྱ་བ་དང་སློབ་པ་སྤྱོད་པ་དག་མི་འཆགས་སོ། །དགེ་འདུན་མ་ཡིན་པ་ལ་ཡང་ངོ་། །གནས་དེ་ན་འཁོད་པ་དག་ལས་ཡོངས་སུ་བཅད་པ་དག་ལ་ཡང་ངོ་། །མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ། །གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་འབད་པར་བྱའོ། །གང་ན་གཞན་གསུམ་ལ་སོགས་པ་དེ་དག་གིས་མིང་རྣམས་ཐམས་ཅད་སྤྱོད་པ་དེར་དེ་སྤྱད་པར་མི་བྱའོ། །དང་པོ་གཉིས་ཀྱིས་གཞན་དུ་སྐྱ་རེངས་འཆར་བར་མི་བྱའོ། །འདུས་པའི་དགེ་འདུན་ལས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པར་བྱ་བ་ཉིད་དོ། །གལ་ཏེ་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མ་ཡིན་ན་ཉིན་རེ་ཞིང་ངོ་། །འདི་ལ་གསུམ་མམ་བཞི་ཞིང་ངོ་། །དེ་གཉིས་ལ་དོན་དེས་བརྙས་ཐབས་མི་བྱའོ། །འཐབ་ཀྲོལ་བྱེད་པ་འོང་བ་ཐོས་ཤིང་། གལ་ཏེ་དེས་འཇིགས་ན་དགེ་འདུན་ཚོགས་པའམ་གང་ཟག་ལ་ཕྱིར་གཏང་བར་བྱ་བ་ཉིད་ཡིན་ནོ། །འཇིགས་པ་དང་བྲལ་ན་དེ་ཉིད་དུ་ཕྱིར་བླང་བར་བྱའོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞིའོ།། །།<br> ༈ ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞུ་བའི་སྐབས།<br> ༆ སྤོ་བ་དང་མགུ་བར་བྱ་བ་སྤྱོད་པས་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན་ཉིན་མཚན་དེ་བཅད་དོ། །མཚམས་ཀྱི་ཕྱི་རོལ་དུ་ཡང་ངོ་། །མ་བརྗོད་ན་ཡང་ངོ་། །ཐོས་པར་བྱ་བ་དག་མཚམས་དེ་ན་ཉེ་བར་མི་འཁོད་ན་དེ་མི་འབྱུང་ངོ་། །ཉི་མ་དེ་ཉིད་ལ་ཕྱིར་འོངས་ན་མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ། །སྤོ་བ་བྱེད་པས་སྤོ་བ་བྱེད་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བར་མི་བྱའོ། །དེ་དང་མུ་སྟེགས་ཅན་ 159-88b གནས་པ་ལ་གནས་པ་དང་དེར་ལྷན་ཅིག་པ་ལ་ནི་ཉེས་པ་མེད་དོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞུ་བའི་སྐབས་སོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་རྫོགས་སོ།། །།<br> ༄། །ཡོངས་སུ་སྦྱང་བའི་གཞི།<br> ༈ ཡོངས་སུ་སྦྱང་བའི་གཞི་གཞིར་གཏོགས་པ།<br> ༆ མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ། །དགག་དབྱེ་བརྗོད་པ་རྫོགས་ན་དགག་དབྱེ་བཞག་པ་མི་འཆགས་སོ། །བྱེད་པ་པོ་ནད་པ་དང་ལྡན་པ་ཉིད་ལདེ་བཞིན་ནོ། །མངགས་པས་ཀྱང་ངོ་། །ནད་པ་ཉིད་ལ་ཡང་ངོ་། །དེ་གནོད་པར་མི་བྱའོ། །ཚེ་དང་ལྡན་པ་ནད་པ་ནི་སྦྱོར་བ་མི་བཟོད་པ་ཡིན་གྱི། ཁྱོད་སྡོད་ཅིག་ཅེའམ། ཆེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་ནི་རྒལ་ཞིང་བརྟག་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །བྱས་པ་དང་བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ན་ཡང་གླེང་བ་མི་འཆགས་སོ། །ལྷག་མས་ཀྱང་དུས་མ་ཡིན་པར་འཇུག་པར་མི་བྱའོ། །དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱའོ། །མཐའ་མ་ཡིན་པར་མི་བྱའོ། །སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ། །དགག་དབྱེ་ནི་དེ་ཉིད་ཡིན་ནོ། །མི་དྲན་ན་དྲན་པར་བྱའོ། །དེ་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ། །ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཀྱི། ཁྱོད་ཀྱིས་གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པའི་ཕྱིར་བསྔོགས་པ་ཡོད་དོ་ཞེས་སོ། །དེས་དུལ་བར་མི་འགྱུར་ན་མི་གདམས་པ་ཉིད་དུའོ། །དེ་ལ་གཏམ་འདྲེ་བ་ལ་སོགས་པ་ཡང་བཟློག་པར་བྱའོ། །དེ་ལྟ་ན་ཡང་གསོ་སྦྱོང་བཞག་གོ། །དེས་ཀྱང་ན་དགག་དབྱེའོ། །འཇོག་པར་བྱེད་པ་དག་གིས་གཞག་པ་དེ་དང་ལྷན་ཅིག་ཏུ་བྱ་བ་ཡང་འདིར་བཟོད་པ་ཡིན་ནོ། །སྐབས་ཕྱེ་བ་ཉིད་ན་གལ་ཏེ་མཉན་པ་ཉིད་མ་ཡིན་ན་ཕུང་བ་དང་བཅས་པ་བྱའོ། །གནས་འདིའམ་གཞན་དུའམ་གཞི་འམ་གང་ཡང་རུང་བ་ལ་འདོད་པ་སྨྲ་བར་བྱའོ། །ཞེས་བྱ་བ་དང་། ལྟུང་བ་དང་བཀའ་ཞིང་ཉེས་པ་བསྟན་ཏེ་བཏང་བས་སོ། །ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས་གླིང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་པ་ན་གཞི་དང་བཅས་པས་འཆགས་སོ། །གཞི་ལེགས་པ་མ་ཡིན་པས་མི་བྱའོ། །འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱིས་ 159-89a རྒྱུ་མ་ཡིན་ནོ། །ཐོས་པ་ནི་རྣམ་པ་གསུམ་སྟེ། བྱ་བའི་མཚན་མ་དང་། གཞན་ཕེབས་པར་སྨྲ་བ་དང་། རང་གི་རྗེས་སུ་ཐོས་པའོ། །ཡིད་མི་ཆེས་པ་ནི་གཞི་མ་ཡིན་ནོ། །ཡོངས་སུ་སྦྱང་བའི་གཞིའོ།། །།<br> ༈ ཡོངས་སུ་སྦྱང་བའི་གཞི་ཞུ་བའི་སྐབས།<br> ༆ ཤེས་པ་དུ་མ་ཉིད་ཡིན་ན་གླེང་བ་ལ་སོགས་པ་འདོད་པས་སོ། །དགག་དབྱེ་མ་ཡིན་པར་དེ་བཞག་པར་མི་བྱའོ། །གསོ་སྦྱོང་མ་ཡིན་པར་དེ་མི་བྱའོ། །འཇོག་པར་བྱེད་པ་བུད་མེད་ཉིད་ཀྱིས་གཞན་སྐྱེས་པའི་གཞག་པ་ཉིད་བྱེད་དམ་བྱས་པ་ཉིད་ན་གཞག་པ་ཉིད་མ་ཡིན་ནོ། །རང་བཞིན་ཉམས་པས་ཀྱང་མ་ཡིན་ནོ། །ཚུལ་ཁྲིམས་མེད་པ་དང་གཅིག་པ་ཉིད་མ་ཡིན་པས་ཀྱང་མ་ཡིན་ནོ། །དེ་གཉིས་ཀྱིས་ཀྱང་མ་ཡིན་ནོ། །ཡོངས་སུ་སྦྱང་བའི་གཞི་ཞུ་བའི་སྐབས་སོ། །ཡོངས་སུ་སྦྱང་བའི་གཞི་རྫོགས་སོ།། །།<br> ༄། །ལས་བྱེ་བའི་གཞི།<br> ༈ ལས་བྱེ་བའི་གཞི་གཞིར་གཏོགས་པ།<br> ༆ དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ་ལ་མི་འདོད་པར་གླེང་བ་དང་གླེང་བར་བྱེད་པ་ན་ལོག་པར་མི་བྱའོ། །འདའ་བར་བྱ་བ་གང་ན་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱའོ། །གཞན་དུ་ནི་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དོ། །དེས་ཅིག་ཤོས་དང་ཡང་དེ་བཞིན་ནོ། །དེ་གཉིས་ཀྱི་གཙུག་ལག་ཁང་བར་དུ་ཆོད་པ་སྦྱིན་པར་བྱ་བ་ཉིད་དང་མནོད་པར་བྱ་བ་ཉིད་དོ། །ཆོས་དང་འདུལ་བ་ལ་གལ་ཏེ་དེ་དང་ལྡན་པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་ལ་དགེ་འདུན་མཐུན་པ་མེད་དོ། །དེའི་ཕྱིར་དེ་ལས་གཞན་པ་དག་དང་ཚོགས་ཏེ། ལས་བྱས་ན་ཡང་མི་འཆགས་ལ་ཕན་ཚུན་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་རོ། །དེ་དག་དེའི་མི་མཐུན་པའི་ཕྱོགས་དང་འཐབ་པར་གྱུར་པ་ཉིད་ན་ཆོས་འདི་པ་དག་གིས་ཕྱག་མི་བྱ་བ་ཉིད་ཡིན་ནོ། །མངོན་དུ་ལྡང་བ་དང་སྟན་ལ་བོད་པ་དང་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་དང་ཀུན་དགའ་བར་འགྱུར་བ་དང་རྣམ་པར་ལྟ་བ་དང་ཅུང་ཟད་ལྟ་བ་དག་ཀྱང་མི་བྱའོ། །ལག་པའི་ཐ་སྙད་ཀྱིས་གནས་མལ་ངན་པ་རྗེས་སུ་སྦྱིན་ནོ། །ཁ་ཅིག་ལས་ནི་ཚིག་གིས་ཐོས་པ་དང་བཅས་པར་གཞན་ལའོ་ཞེས་སོ། །གཙུག་ལག་ཁང་འཇུག་ཏུའོ། །ཁོ་བོ་ཅག་རྒན་ནོ་ཟེར་ན་ཁྱེད་ཅག་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེ་འམ། ཁྱེད་ཅག་ 159-89b གང་དག་གི་སྤྱོད་ཚུལ་འདི་ལྟ་བུ་དང་གཏམ་འདི་ལྟ་བུ་ལ་འདི་ཡང་མི་འཐོབ་པ་ཡིན་ན་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས་དེས་ན་འདི་རྗེས་སུ་གནང་ངོ་ཞེས་གཞན་ལ་ལན་གདབ་པར་བྱའོ། །དགེ་སློང་མས་སྟན་ལས་ལྡང་བ་དབྲི་བར་མི་བྱའོ། །དགེ་བསྙེན་གྱིས་བསོད་སྙོམས་དབུལ་བར་བྱའོ། །བཟོད་པ་བྱས་པ་དེ་དག་ལ་མཐུན་པ་ཐོབ་པ་མེད་པར་མཐུན་པ་མི་འབྱུང་ངོ་། །གསོ་སྦྱོང་མེད་པར་རང་བཞིན་དུ་གནས་པ་ཉིད་མི་འཐོབ་བོ། །དེ་བྱིན་ནས་བྱའོ། །དེ་ནི་ལས་ཀྱིས་སོ། །སྔ་མ་ཡང་ངོ་། །མཐུན་པ་དང་བཀྲ་ཤིས་དང་གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་བྱར་རུང་ངོ་། །འདི་ལ་དུས་དེ་ཁོ་ནའི་རྒྱུ་ཉིད་དུའོ། །ལས་བྱེ་བའི་གཞིའོ། །<br> ༈ ལས་བྱེ་བའི་གཞི་ཞུ་བ་དང་བྲམ་ཟེའི་བུ་མོའི་སྐབས།<br> ༆ ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་ན་དེ་བྱེ་བ་ཡིན་ནོ། །འདི་ལ་སོ་སོའི་རང་གི་ལས་འཆགས་སོ། །རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་ནི་མི་འཆགས་སོ། །དགེ་འདུན་གྱི་ནི་ཆོས་སྨྲ་བས་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནོ། །འདི་ལ་གལ་ཏེ་གཟུ་བོ་དག་ཡོད་ན་དགེ་སློང་མ་རྣམས་ལ་བསྟན་པར་བྱ་བ་ཉིད་ཡིན་ནོ། །དེ་དག་གི་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་གིས་མི་མཐུན་པ་ཉིད་དོ། །རྗེས་སུ་ཞུགས་ན་དེ་ཉིད་ཉམས་སོ། །དེ་མི་བྱའོ། །དགེ་སློང་མའི་དགེ་འདུན་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལ་གདམས་པར་བྱ་བ་ཉིད་ཡིན་ནོ། །བྱེ་བ་ལ་ནི་དེ་ལྟ་མ་ཡིན་ནོ། །གསོལ་བ་ན་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་ཉིད་ཡིན་ནོ། །དབྱར་གྱི་རྙེད་པ་ནི་ཆོས་སྨྲ་བ་དབང་བ་ཉིད་དོ། །གཉིས་ཀ་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་བགོ་བཤའ་བྱ་བ་དགེ་འདུན་ལ་ཕུལ་བ་ཡང་ངོ་། །དེ་ལ་གལ་ཏེ་དགེ་འདུན་གྱི་ཚད་ཉིད་ཡིན་ན་དེ་དག་གོ། །གལ་ཏེ་ཉུང་བ་ཉིད་ཡིན་ལ་ཅིག་ཤོས་ནི་དེ་ཉིད་ཡིན་ན་གང་གིས་པང་པར་ཕུལ་བའོ། །གལ་ཏེ་གཉི་གའི་ན་གཉི་གའོ། །དེ་ལ་གང་ཟག་ལས་ཆ་ཉིད་ཡིན་གྱི་དགེ་འདུན་ལས་མ་ཡིན་ནོ། །ལས་བྱ་བའི་གཞི་ཞུ་བ་དང་བྲམ་ཟེའི་བུ་མོའི་སྐབས་སོ། །ལས་བྱེ་བའི་གཞི་རྫོགས་སོ།། །།<br> ༄། །འཁོར་ལོ་དབྱེ་བའི་གཞི།<br> ༆ དགེ་འདུན་གྱི་དབྱེན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་སམ་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་ 159-90a སོ། །དབྱེ་བར་བྱ་བ་དག་དགེ་འདུན་གྱི་ཚད་ཉིད་མ་ཡིན་པ་དང་། མཚམས་ཀྱི་ནང་ན་གཞན་དགེ་འདུན་གྱི་ཚད་དག་ཀྱང་མེད་པ་ཡིན་ན་དེ་ནི་མི་འཆགས་སོ། །ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་དེ་བཞིན་དུ་ཤེས་ན་མཚམས་མེད་པའོ། །དབྱེ་བ་ལ་ཆོས་སུ་འདུ་ཤེས་པས་ཀྱང་ངོ་། །འཁོར་ལོ་དབྱེ་བའི་གཞིའོ།། །།<br> ༄། །རྩོད་པའི་གཞི།<br> ༄། །རྩོད་པའི་གཞི་གཞིར་གཏོགས་པ།<br> ༆ འདུལ་བའི་མདོ་བམ་པོ་དགུ་པ། འཁྲུག་ལོང་གི་རྒྱུ་བཞིའོ། །དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དང་། སྤོང་བ་དང་། ལྟུང་བ་དང་། བཅས་པ་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །རྒྱུ་དང་པོ་ལས་བྱུང་བ་ནི་རྒྱུད་གཅིག་ཏུ་བྱས་པས་ཉེ་བར་ཞིའོ། །རྒྱུ་གཉིས་པ་ལས་བྱུང་བ་ནི་འདི་དང་དག་པ་སྦྱིན་པས་སོ། །རྒྱུ་གསུམ་པ་ལས་བྱུང་བ་ནི་ཕྱིར་བཅོས་པ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་སོ། །ཐ་མ་ནི་སྦྱིན་དུ་གཞུག་པས་སོ། །འགྱེད་པ་གཉིས་རང་གི་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབ་བོ། །དགེ་སློང་དག་གིས་སོ། །འདྲང་བ་དག་གིས་སོ། །དེ་གཉིས་སོ། །གཅིག་ཡན་ཆད་ཀྱིས་སོ། །གཟུ་བོ་དག་ལ་འདྲང་བར་བྱའོ། །དེ་དག་དགེ་འདུན་གྱིས་གཏན་དུ་བསྐོའོ། །འདིར་འཐབ་མོ་མི་བསྐྱེད་པ་བསྐོ་བར་བྱ་བ་ཉིད་དོ། །ངོ་ཚ་ཤེས་ཤིང་བསླབ་པ་འདོད་པའོ། །འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པའོ། །རྩོད་པ་བྱུང་བ་སྤྱོད་པ་ལ་མཁས་པའོ། །རྣམ་པར་ཞེན་པའོ། །བརྟན་ཞིང་ཉེས་རྩོམ་མེད་པར་འཇུག་པའོ། །སྙོམས་པའོ། །བརྡ་ཕྲད་པའོ། །བརྡ་སྤྲོད་པར་བྱེད་པའོ། །མཁས་པའོ། །དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་ལོ། །དེས་མ་ནུས་ན་གསལ་བ་དག་བསྐོའོ། །དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ། །སྡེ་ཚན་དེས་མ་ནུས་ན་རང་གི་གསལ་བ་དག་བསྐོ་བ་ཉིད་དོ། །མ་ནུས་ཤིང་གཞན་མི་བྱེད་ན་གང་ལས་བླངས་པ་དེ་ལ་དབུལ་ལོ། ཕྱིར་འོངས་ན་དགེ་འདུན་བཞི་པོས་རྩོད་པ་སྦེད་པ་བསྐོའོ། །དེས་གནས་བརྟན་དང་བཅས་པའི་དགེ་འདུན་གཞན་ལ་དབུལ་ལོ། །སྔར་བྱུང་བ་བརྗོད་དུས་ཟླ་བ་གསུམ་དུ་དབུལ་ལོ། །དེ་ནི་དེའོ། །ཕྱིར་ཕུལ་བ་ན་དེས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་ 159-90b པ་དག་ལའོ། །ཟླ་བ་དྲུག་ཏུའོ། །དེ་དག་གིས་གནས་བརྟན་མཐུ་དང་ལྡན་པ་ལའོ། །ཐུག་པ་མེད་པར་རོ། །དེས་དེ་གཉིས་ལས་བདག་གིར་བྱ་བ་ཐ་ན་འདག་རྫས་དག་དང་སོ་ཤིང་ཡན་ཆད་ཅུང་ཟད་ཀྱང་སྤང་བར་བྱའོ། །ལྷན་ཅིག་འགྲེང་བ་དང་འདུག་པ་དང་། ལྷན་ཅིག་འཆག་སར་འཆགས་པ་དང་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་ཡང་ངོ་། །རྗེས་སུ་འབྲང་ན་དེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པར་རྙེད་པ་མ་ཡིན་གྱིས་ཚེ་དང་ལྡན་པ་དག་མ་འཐབ་ཤིག །མཚང་མ་འདྲུ་ཞིག །མ་རྩོད་ཅིག །མ་འགྱེད་ཅིག །འགྱེད་པ་གཉིས་ཀ་རྒྱལ་བ་མེད་དོ། །རྒྱུག་པ་གཉིས་ཀ་རྒྱལ་བ་མེད་དེ་གཅིག་རྒྱལ་གཅིག་ཕམ་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཆེས་མང་བའི་བློས་ལེགས་པར་གཞག་པ་ནི་ལེགས་པར་སྒྲུབ་པའི་རྣམ་པ་གཞན་ཡིན་ནོ། །འདི་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱིས་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་མི་སྲིད་དོ། །དེའི་སྐབས་ཀྱི་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་གཅེས་པར་བཟུང་བ་ཉིད་དང་། རབ་ཏུ་དམ་པ་ཉིད་དང་། མི་བཟད་པ་ཉིད་ཡིན་ཞིང་དེ་དག་དབྱེ་བར་དོགས་པ་ཉིད་ཀྱིས་དེ་ལ་བརྟེན་པར་བྱའོ། །བསྡམ་པར་བྱ་བ་ཉིད་མ་ཡིན་པའི་དོན་ལའོ། །གནས་བརྟན་གྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་པ་དག་ལའོ། །དགེ་འདུན་བཞི་པོས་སོ། །འདི་ལ་ཚུལ་ཤིང་འབྲིམ་པས་བློས་གཟུང་བར་བྱ་བ་ཉིད་དོ། །ཚུལ་ཤིང་འབྲིམ་པ་ལ་བསྐོ་བར་བྱའོ། །དེས་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་གོ། །ཆོས་ཀྱི་ཚུལ་ཤིང་དག་ནི་ཡ་ཡོ་མེད་པ་དང་ཁྱར་ཁྱོར་མེད་པ་དང་ཆས་ཆུས་མེད་པ་དང་ཁ་དོག་བཟང་བ་དང་དྲི་ཞིམ་པ་དང་རེག་པ་འཇམ་པ་ཉིད་དག་ཡིན་ལ་ཅིག་ཤོས་ཀྱི་ནི་བཟློག་པའོ། །དགེ་འདུན་ལ་འདུ་བར་གསོལ་ལོ། །ཚུལ་ཤིང་འབྲིམ་པར་འགྱུར་ 159-91a གྱིས་ཐམས་ཅད་ཀྱིས་འདུ་བར་བྱའོ་ཞེས་སོ། །གལ་ཏེ་དེ་ལྟར་འདུན་པ་སྦྱིན་པས་ཚོགས་པ་ན་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་བར་སེམས་ན་བྲིམ་པར་མི་བྱའོ། །འབྲིམ་པའི་ཚེ་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་གཟུང་ཞིང་གཡོན་པས་ཅིག་ཤོས་དག་གོ། །དེ་དག་གཡོགས་ཏེ་སྔ་མ་དག་སྣང་བར་བྱས་ནས་བརྗོད་པར་བྱའོ། །གནས་བརྟན་འདི་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་ཁྱར་ཁྱོར་མེད་པ་ཆས་ཆུས་མེད་པ་ཁ་དོག་བཟང་བ་དྲི་ཞིམ་པ་རེག་པ་འཇམ་པ་དག་ཡིན་གྱིས་ལོང་ཤིག་ཅེས་སོ། །ཅིག་ཤོས་ཚོལ་ན་ཚིག་གཉིས་ཀྱི་བར་དུ་མི་དབུལ་ལོ། །གཡོགས་སམ་ཕྱེ་བ་གང་གིས་ཆོས་ཀྱི་མང་བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་མཁན་པོ་དང་སློབ་དཔོན་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་སྨོན་འགྲིན་དང་འགྲོགས་བཤེས་ཀྱིས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱིས་ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཤིག །ཁྱོད་དེ་དག་དང་ལྷན་ཅིག་རྩོད་པར་གྱུར་ན་མ་ལེགས་སོ་ཞེས་རྣ་དྲུང་དུ་གཤུབ་བོ། །ཆོས་མ་ཡིན་པའི་ཚུལ་ཤིང་བླང་བར་མི་བྱའོ། །མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་མ་དྲིས་པར་མི་བྱའོ། །དབྱེན་དུ་འགྱུར་བའི་བཟོད་པས་མི་བྱའོ། །ཆོས་མ་ཡིན་པས་མི་བྱའོ། །དེ་གཉིས་འབྱུང་བར་འགྱུར་བ་ཉིད་དུ་ཤེས་ན་མི་བྱའོ། །མཉམ་པ་ཉིད་ན་ཉན་ཐོས་ཆེན་པོའི་ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་བླང་ངོ་། །ཆོས་མ་ཡིན་པས་ཉེ་བར་ཞི་བ་ལ་སྐྱོ་སྔོགས་མི་བྱའོ། །གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ་ནི་དག་པ་སྦྱིན་ནོ། །གླེང་བ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་དང་། གཞི་གཞན་རྗེས་སུ་བསྒྲུབ་པའི་དབང་གིས་དང་། ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་དང་། སྨྱོན་པས་བྱས་པའོ། །དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ། །ཐ་མ་ལ་ནི་མ་སྨྱོས་པས་འདུལ་བའོ། །ལྟུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་འཁྲུག་ལོང་རྣམ་པ་གསུམ་སྟེ། ཕྱིར་འཕྲོས་པ་མེད་པ་དང་། ཕྱིར་འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བ་དང་། དགེ་ 159-91b འདུན་མཐའ་དག་དང་འབྲེལ་བའོ། །དང་པོ་ལས་ནི་ཁས་བླང་བའི་བྱ་བས་ཕྱིར་བཅོས་སོ། །གཉིས་པ་ལས་ནི་མངོན་སུམ་གྱིས་འདུལ་བས་སོ། །གསུམ་པ་ལས་ནི་རྩྭ་བཀྲམ་པ་ལྟ་བུས་སོ། །འདི་ལ་མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི་གཅིག་གིས་ཕྱིར་བཅོས་པར་བྱའོ། །དུ་མ་དག་ཅིག་ཅར་དུ་ཡང་ངོ་། །གང་ཡིན་པ་ཞེས་སྨོས་པ་དང་ཤེས་པ་སྣང་བར་བྱ་བས་སོ། །ཕྱོགས་གཞན་གྱིས་ཀྱང་མཐུན་པར་གྱུར་ནའོ། །ཁས་མི་ལེན་པ་དང་དོན་མེད་པ་ལ་ནི་བཤགས་པ་མི་འཆགས་སོ། །ལྷན་ཅིག་གི་དངོས་པོས་གླེང་བ་ཉིད་དུ་རུང་ངོ་། །གླེང་བ་པོ་ཉིད་ཀྱང་དེ་བཞིན་ནོ། །འདི་ལ་གྲངས་ཀྱི་བྱེ་བྲག་ནི་ངེས་པ་མེད་དོ། །གླེང་བ་པོས་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་འདུལ་བ་ལ་ལོག་པ་དང་། དེ་ལས་བཟློག་པ་དག་མི་སྟོན་པ་ཉིད་ཅེས་བྱ་བ་གསུམ་དང་ལྡན་པ་ལ་གུས་པར་བྱའོ། །ཚུལ་ཁྲིམས་འཆལ་པ་དང་ལོག་པར་སྟོན་པ་ལ་མཐུན་པར་མི་བྱའོ། །རྣམ་པ་དེ་ལྟ་བུ་མ་ཡིན་པ་སྡེ་སྣོད་དག་འཛིན་ཞིང་མི་ཤེས་པ་ལ་ནི་སློན་གདབ་པར་བྱའོ། །དེ་ལ་བསམ་པ་རྟོགས་པར་བྱ་བའི་ཕྱིར་རྒལ་ཞིང་བརྟག་པར་བྱའོ། །གནས་སུ་མི་གཞག་པས་སོ། །གནས་ནི་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་བསྒྲུབ་པ་དག་གོ། །གནས་གཞན་དུ་འཕོ་བ་དང་རྙོག་པ་ཅན་དུ་གྱུར་ན་གླེང་བ་ནི་འཆགས་སོ། །གླེང་བས་ཁས་བླངས་ན་མཐར་ཐུག་པ་ཡིན་ནོ། །སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དང་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་ཁྱིམ་པ་ཡིན་ཡང་རུང་གཞན་ཚད་མར་བྱའོ། །གཞན་དང་བཅས་པ་ཉིད་ཡིན་ན་ཚིག་བསྟུན་པར་བྱའོ། །ཐེ་ཚོམ་ཉིད་དུ་གྱུར་ན་ཤེས་པ་ཉིད་མ་ཡིན་ནོ། །དེ་ལས་ངེས་པར་གྱུར་པ་ནི་ཁས་བླངས་པ་དང་འདྲའོ། །ལྟུང་བའི་ཕྱིར་རྩོད་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དོ། །ངེས་པ་དང་བྲལ་བ་ནི་ཁྱད་དུ་གསོད་པ་ཡིན་ནོ། །དགེ་འདུན་ལ་ཁས་བླངས་ནས་ཁྱད་དུ་གསོད་ན་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་ནོ། །དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་ལ་ 159-92a ཕན་པ་ཡིན་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་དོ། །ཁ་ཅིག་གིས་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ནོ། །འདི་ནི་མི་བཟང་སྟེ་མདོ་སྡེ་དང་འགལ་བའི་ཕྱིར་རོ། །ཉེ་བར་ཞི་བ་ཉིད་ཀྱིས་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་པར་ནི་མི་བཞེད་དེ། བསྡིགས་པ་ལ་སོགས་པ་ནི་དེ་ཉིད་ཡིན་པས་རྣམ་པར་མ་བཞག་པའི་ཕྱིར་རོ། །དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་ན་ཡོད་བཞིན་དུ་མ་མཐོང་བ་ཉིད་ཀྱིས་ཤེས་པ་བསྐྱེད་པའི་ཕྱིར་རོ། །ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པ་མི་སྐྱེད་པར་མི་བྱའོ། །རྩོད་པའི་གཞིའོ།། །།<br> ༄། །རྩོད་པའི་གཞི་ཞུ་བའི་སྐབས།<br> ༆ ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ། །ཁ་བསྐང་བར་འོས་པ་མ་ཡིན་པ་ནི་དགེ་འདུན་གྱི་ཐ་སྙད་ལ་ཚོགས་པར་དབྱུང་བ་ཉིད་མ་ཡིན་ནོ། །གཞན་གྱི་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱའོ། །བུད་མེད་རྣམས་ཀྱི་ནི་སྐྱེས་པས་རིགས་པ་ཉིད་དོ། །སྲོག་གམ་བསྙེན་པར་རྫོགས་པ་ལས་ཉམས་ན་ཉེ་བར་ཞི་བ་ཉིད་དོ། །སྤངས་པ་ཉིད་ནས་གཞན་གྱི་ཕྱོགས་ཀྱི་བར་དུ་གྱུར་ན་ཡང་ངོ་། །གཞན་དུ་སོང་ངམ་ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་ན་ཡང་ངོ་། །དོན་སྦྱིན་པར་བྱེད་པའམ་མངོན་པར་བརྩོན་པའོ། །རྩོད་པའི་གཞིའི་ཞུ་བའི་སྐབས་སོ། །རྩོད་པའི་གཞི་རྫོགས་སོ།། །།<br> ༄། །གནས་མལ་གྱི་གཞི།<br> ༈ གནས་མལ་གྱི་གཞི་གཞིར་གཏོགས་པ།<br> ༆ སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །མཉན་ན་རྒན་པ་ལའོ། །མཚན་ཐ་མི་དད་པ་ལའོ། །སྐྱེས་པ་མི་དམན་པ་ལ་བུད་མེད་ཀྱིས་སོ། །ས་གཞན་ན་གནས་པ་དང་ཉམས་པ་དང་དགེ་སློང་མ་སུན་ཕྱུང་བ་དང་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དང་ཐ་དད་པར་གནས་པ་དང་མཚམས་མེད་པ་བྱས་པ་དང་ཉལ་བ་དང་སྙོམས་པར་ཞུགས་པ་དང་བྲེལ་བ་དང་སེམས་གཞན་དུ་སོང་བ་དང་རྒྱབ་ཀྱིས་ཕྱོགས་པ་དང་ཁྱིམ་གཞན་ན་འདུག་པ་དང་། ཟས་ཀྱི་གྲལ་ན་འདུག་པ་མ་གཏོགས་སོ། །ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །གཙུག་ལག་ཁང་བྱའོ། །ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་དོ། །དེའི་མདུན་དུ་སྒོ་ཁང་ངོ་། །གྲུ་བཞི་བཟང་བ་ཉིད་དོ། །ཁྱམས་གསུམ་པ་ཡང་ངོ་། ། 159-92b མནོད་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་བྱའོ། །གནས་དག་དགེ་འདུན་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ་གང་ཟག་དགེ་སློང་གི་ཕྱིར་གནས་ཀྱི་གཞི་བྱེད་པ་རྗེས་སུ་གནང་བར་བྱའོ། །གལ་ཏེ་སྦྱིན་བདག་ཡོད་ན་དེས་རྗེས་སུ་གནང་ནའོ། །གྲོང་ཁྱེར་གྱི་ཕྱི་རོལ་ལམ་ནང་དུ་བསྟི་བའི་གནས་དག་རུང་ངོ་། །རང་གི་ཁྲོན་པ་བར་དུ་བཅད་པའི་ཕྱིར་རྩིག་གུ་བྱ་བས་ཀུན་ནས་ཆགས་པའི་ཤེས་པ་བསལ་བར་བྱའོ། །སྙིམ་པ་བཀང་སྟེ་བླུད་པས་བུད་མེད་རྗེས་སུ་གཟུང་བར་བྱ་ཞིང་ཆུའི་རྒྱུན་མི་འཆད་པར་བླུགས་པས་མི་བྱའོ། །དེའི་དུས་ཉིད་ཀྱི་དབྱར་གྱི་ནང་དུ་འོངས་པ་ནི་རྙེད་པ་དབང་ངོ་། །ཟ་ཞིང་རྙེད་པ་མ་བྱིན་པ་ལ་ནི་ལས་མི་རིགས་སོ། །ལས་སུ་ནི་གཞོན་རིམས་ནས་མཐར་གྱིས་བསྐོའོ། །རྙེད་པ་མི་འཐོབ་པ་ལ་ཟན་སྦྱིན་པར་བྱ་བ་ཉིད་དོ། །གཞན་གྱི་རྙེད་པ་ལ་གདུ་བར་མི་བྱའོ། །དེའི་དོན་དུ་མ་སོང་བ་དྲོ་ལ་བབ་ནས་གཙུག་ལག་ཁང་གཞན་དུ་ཟ་བ་ལ་ཉེས་པ་མེད་དོ། །མུ་གེའི་ཚེ་རང་གིས་མ་ཁྱེར་བ་ལ་ཡང་ངོ་། །དགེ་སློང་གི་ཚོད་ཉིད་པས་ལྷག་པ་ཉིད་ལ་བླངས་པ་ཡང་ངོ་། །གཙུག་ལག་ཁང་ཡལ་བར་མི་དོར་རོ། །ཕྱིར་བཅོས་པའི་ཕྱིར་སྦྱིན་བདག་སྤྲོ་བར་བྱའོ། །མ་གྲུབ་ན་དགེ་འདུན་གྱི་ལས་ཇི་ཙམ་གྱིས་ནུས་པ་ངེས་པར་སྦྱར་རོ། །རང་གིས་ཀྱང་ཕྱིར་བཅོས་པར་བྱའོ། །རྙེད་པ་ནོད་པས་གཙུག་ལག་ཁང་བྱི་དོར་བྱའོ། །དད་པའི་རྙེད་པ་ནི་གཙུག་ལག་ཁང་ཉིད་ཀྱི་མ་ཡིན་ནོ། །གཙུག་ལག་ཁང་སྒོ་བཅད་དེ་འགྲོ་བར་བྱའོ། །སྲུང་མ་ཡང་བཞག་སྟེའོ། །དེ་ལ་ཟན་མེད་ན་སྦྱིན་ནོ། །དེས་ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ། །ཁང་སྟེང་དུ་འཇོགས་ཏེ་ལྟ་བ་དང་ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་པ་ནི་འདིར་ཐབས་ཡིན་ནོ། །གནས་དང་མི་དང་ཕ་མ་ལ་སོགས་པ་སོ་སོར་ཤེས་པར་བྱེད་དུ་གཞུག་པ་ཡང་ངོ་། །ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་ཉིད་ན་སྒོ་དབྱེ་བར་མི་བྱའོ། །དགོན་པ་པས་ཁྱི་བཅང་བར་བྱའོ། །དེས་ནང་པར་སྔར་ལངས་མ་ཐག་ཁོ་ནར་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་བལྟ་བར་བྱའོ། ། 159-93a གལ་ཏེ་དེས་བཤང་བ་བྱས་ན་དོར་བར་བྱ་ཞིང་། གལ་ཏེ་གཅི་བ་བྱས་ན་ཕྱི་བར་བྱ། གལ་ཏེ་སྡེར་མོ་དག་གིས་བྲད་ན་མཉམ་པར་བྱའོ། །དེ་དག་གིས་གནས་དག་ཏུ་དཀྱིལ་འཁོར་བྱའོ། །དེ་ལ་ལྷུང་བཟེད་ཀྱི་ལྷག་རོལ་སྦྱིན་ནོ། །མཆོད་རྟེན་དང་གཙུག་ལག་ཁང་གི་ཉེ་འཁོར་གྱི་ཕྱི་རོལ་དུའོ། །སྤྱོད་ལམ་གྱི་འདོད་པས་ལུང་དབོག་གོ། །གསར་བུས་མནོད་པའི་ཕྱིར་ནི་ཁམས་སྙོམས་པ་ཉིད་དྲིས་ཏེ་ཕྱག་བྱ་བ་སྔར་བཏང་བའི་སྤྱོད་ལམ་བརྟེན་པར་བྱའོ། །ཐལ་མོ་བསྣོལ་ཏེ་བཅང་ངོ་། །ལུས་དང་སེམས་གདུད་དོ། །དྲང་པོར་རོ། །འཆག་པ་ན་གོམ་པ་སི་བས་བཅག་པའིའོ། །འགྲེང་བ་ན་འགྲེང་བའིའོ། །འདུག་པ་དང་ཉལ་བ་ན་འདུག་པའིའོ། །སྟན་ཆེས་དམའ་བ་ལའོ། །གསར་བུས་ནི་བསྒོ་ནའོ། །མ་བསྒོ་ན་ཙོག་པུས་སོ། །མནོད་པར་བྱ་བ་མང་བ་ཉིད་ན་ཞུ་བར་བྱའོ། །ཐོས་པའི་ཉེ་འཁོར་མ་གཏོགས་པ་སྣང་བའི་ཉེ་འཁོར་དུ་འདུག་སྟེ་ཁ་ཏོན་བྱའོ། །གདམས་ངག་ནི་མཐའ་གཅིག་ཏུ་སོང་སྟེ་བསྒྲུབ་པར་བྱའོ། །ལུང་དབོག་པ་དང་མནོད་པ་ནི་ཤིན་ཏུ་ལེགས་པར་བཀླགས་པ་དང་ཤིན་ཏུ་ཡོངས་སུ་བྱང་བ་དང་ཐེ་ཚོམ་མེད་པར་བྱས་ཏེའོ། །གནས་ཁང་དང་ཟས་ལ་བསྐོ་བ་དང་ཐུག་པ་དང་བག་ཆོས་དང་ཤིང་ཏོག་འདྲིམ་པ་བསྐོ་བར་བྱའོ། །པར་བུར་འདྲིམ་པ་ཡང་ངོ་། །ལྷག་རོལ་ཕྱི་དེ་ཉིན་པར་འདྲིམ་པར་བྱ་བ་ནི་དེ་ཞེས་བྱའོ། །སྣོད་སྤྱད་འགྲུབ་པའོ། །དབྱར་གྱི་རས་ཆེན་ནོ། །སྲ་བརྐྱང་ངོ་། །གོས་དག་གོ། །འགེད་པ་ཡང་ངོ་། །དགེ་སྐོས་དང་མངག་གཞུག་པ་དག་གོ། །སྡེར་བཅད་འདྲིམ་པའོ། །དེ་དག་བྲིམ་པ་དང་ཟན་གྱུ་ནས་བྲུབ་པ་ནི་དེའི་ལས་ཡིན་ནོ། །ཆུའི་ཞལ་ཏ་པའོ། །མཛེས་ཆོས་སོ། །དེས་བལྟས་ཏེ་རབ་ཏུ་བྱུང་བ་རྣམས་མི་མཛེས་པ་བསྟན་ནས་སེ་གོལ་གྱི་སྒྲ་སྔོན་དུ་བཏང་སྟེ་མཛེས་པ་ལ་ངེས་པར་སྦྱར་བར་བྱའོ། །འདི་ལྟ་སྟེ། ཟས་ལ་སྒྲ་བསྐྱུང་བ་ཉིད་དང་ཤིན་ཏུ་བསྡམས་པ་ཉིད་དང་ཤིན་ཏུ་ནོགས་ཐུབ་པ་ཉིད་ཀྱིས་སོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སྒྲ་བསྐྱུང་བ་ཉིད་དང་རྒན་རིམས་ཀྱིས་སོ། །བང་རིམ་གྱི་ཞལ་ཏ་པའོ། །དེས་དང་པོར་ཟན་ཟོས་ཏེ་དབྱུག་གུ་བླངས་ནས་ཟན་ཟ་བ་དག་ལ་ཁྭ་དང་བྱེའུ་ 159-93b དང་ཕུག་རོན་ལ་སོགས་པ་དག་བཟློག་པར་བྱའོ། །གནས་མལ་དབོག་པ་དང་གནས་མལ་བྱི་དོར་དབོག་པའོ། །ཟས་རུང་བ་དང་བཅས་པ་ཉིད་ཡིན་ན་མི་དག་འོང་བ་ལ་སྒེའུ་ཆུང་བསྲུང་བའོ། །གནས་མལ་གྱི་གཞིའོ།། །།<br> ༈ གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས།<br> ༆ ཕྱག་འཚལ་བའི་གནས་མུན་ཁྲོད་དུ་ཕྱག་དང་བཅས་པའི་ཚིག་བརྗོད་པར་བྱའོ། །ཉེ་འཁོར་དུ་གྱུར་པ་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་ཕྱག་མི་བྱ་བར་མི་བྱའོ། །ཚངས་པའི་ཕྱག་གིས་ནི་ད་བྱས་པ་ཉིད་ཡིན་ནོ། །ནང་དང་བཅས་པ་ལ་ཕྱག་མི་བྱའོ། །ཕྱག་འཚལ་བ་ལ་ཨ་རོག་གྱ་ཞེས་མི་བྱ་བར་མི་བྱའོ། །འདས་པ་ན་ཕྱག་བྱ་བ་ཡིན་པ་ལ་ནི་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ། །སྦགས་པ་ལ་ཕྱག་མི་བྱའོ། །སྦགས་པས་མི་བྱའོ། །དེ་བདག་གིར་མི་བྱའོ། །སྦགས་པ་ལས་མི་བྱའོ། །སྦགས་པ་ལ་ནི་རྣམ་པ་གཉིས་ཏེ། ཐ་ན་སོ་ཤིང་ཡན་ཆད་ཟ་བས་དང་། ཐ་ན་དེའི་བྱི་དོར་བྱེད་པ་ཡན་ཆད་མི་གཙང་བས་སོ། །འདི་ལ་ཅེར་བུ་ཉིད་དང་གོས་གཅིག་པ་ཉིད་ནི་སྦགས་པ་དང་འདྲའོ། །ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་འཚལ་བའོ། །སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་མི་བྱ་སྟེ། རྒན་ཞུགས་དང་ཁྱིམ་པ་ལ་ནི་མ་གཏོགས་སོ། །གསར་བུ་དེ་ལ་ནི་ཨ་རོག་གྱ་ཞེས་བྱའོ། །རྒན་པ་ལ་ཕྱག་བྱའོ། །སྦྲིད་པ་བྱུང་ན་ཡང་ངོ་། །དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་དང་མིང་དང་རུས་བརྗོད་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་དེའི་མཚན་ནམ་གདུང་སྨོས་པར་མི་བྱའོ། །རྒན་པའི་མི་བྱའོ། །འདི་ལ་གནས་བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་ཡིན་ནོ། །སྔ་མ་ལ་ནི་མ་ཡིན་ནོ། །ལག་གི་བླས་འགྲོ་བ་དང་འོང་བ་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ། །ཤིང་ལྗོན་པ་དང་རྫིང་བུ་དང་འཆག་ས་དག་ཀྱང་ངོ་། །ཉེ་འཁོར་ཡང་ངོ་། །རྒན་ལུགས་དང་ཀླག་ཅོར་དང་སྒྲ་དང་ཏུག་རིང་ཆུང་བར་རོ། །སྦྱིན་པ་པོས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་དངོས་པོ་ལས་དེ་བྱ་བའི་སྤྱད་བྱའོ། །དེ་བཞག་པའི་ཁང་པ་བྱིན་ནོ། །དེར་དགོས་པའི་འབྲུ་མར་ལ་སོགས་པ་ཚོད་རན་པར་ཉོའོ། །ལག་གི་བླས་སྤྱི་ 159-94a བུངས་ཅི་འདྲ་བ་དེ་འདྲ་བ་བཟའོ། །གནས་དེའི་གཙུག་ལག་ཁང་མེད་པ་ཉིད་ཡིན་ན་ཉེ་འཁོར་གྱི་གཙུག་ལག་ཁང་གིའོ། །སྣུམ་བག་གི་རྙེད་པ་མནོད་དོ། །གཙུག་ལག་ཁང་དག་གི་བརྩེགས་མ་ཉིད་ཀྱི་མཐའ་ནི་ལྔའོ། །དགེ་སློང་མ་རྣམས་ཀྱི་བརྩེགས་མ་ཉིད་ནི་གསུམ་མོ། །དྲི་གཙང་ཁང་དང་སྒོ་ཁང་དང་སྟེང་ཁང་གི་བསིལ་ཁང་དག་ནི་བརྩེགས་མ་གཉིས་ཀྱིས་ལྷག་པར་བྱའོ། །དེ་དག་ལྕི་བས་འཇིག་པ་ཉིད་ཡིན་ན་བརྩེགས་མ་གཞིག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །བརྩམས་པ་བསྐྱེད་པའམ་བསྐྱུང་བར་བྱ་བའི་ཕྱིར་གཞིག་པ་ཡང་ངོ་། །མཆོད་རྟེན་དང་སྐུ་གཟུགས་དག་ནི་བསྐྱེད་པའི་ཕྱིར་རོ། །རྙིངས་པ་ཉིད་ཀྱི་ཕྱིར་ནི་ཟིན་ཀྱང་མཉམ་པའི་ཕྱིར་ཡང་ངོ་། །ཕྱོགས་ཕྱིར་བཅོས་པའི་ཕྱིར་ཡང་ངོ་། །གདུགས་ལ་སོགས་པ་དབོག་པ་ཡང་ངོ་། །གཞན་གདགས་པའི་ཕྱིར་ཡང་ངོ་། །དེའི་དོན་དུ་ཉེ་བར་མ་བཞག་པ་དབོག་པར་མི་བྱའོ། །སྐྱེས་པའི་རབས་ལ་སོགས་པའི་རི་མོ་དང་། སངས་རྒྱས་ཀྱི་བཀའི་ཡི་གེ་དག་ཀྱང་ངོ་། །བྱིད་པའི་བྱེ་བྲག་ཁོ་ན་བྱ་བའི་ཕྱིར་རོ། །རྩོམ་པར་བྱེད་པས་མ་བྱས་ན་གཞན་གྱིས་ལྷག་མ་བྱའོ། །གལ་ཏེ་དགེ་འདུན་གྱི་ཕྱིར་ཕྱེད་བརྩིགས་ན་མཁར་ལན་སྦྱིན་པར་བྱ་བ་ཉིད་དོ། །དེས་བཏང་བའི་དུས་ནི་གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་དུའོ། །གལ་ཏེ་སོ་ག་ཡིན་ན་ཟས་ཀྱི་མདུན་རོལ་དུའོ། །ཟས་ཀྱི་བྱ་བའི་དུས་ལུས་པར་བྱའོ། །དེ་ལས་བྱི་དོར་མ་བྱས་པར་འཚོ་བ་ལ་འཇུག་པར་མི་བྱའོ། །དེའི་མཐའ་ནི་རྐང་ལག་བཀྲུས་པ་ཉིད་དོ། །ལག་གི་བླས་ཁྱེའུ་སུས་སྦྱོར་དུ་གཞུག་གོ། །ཟས་ཀྱི་འོག་རོལ་དུ་ན་སྐོམ་དང་རྐང་ལག་བསྐུ་མཉེ་བྱའོ། །གནས་ཁང་གི་སྒོ་གདོད་དོ། །སྒོ་གླེགས་གཞུག་གོ། །ལག་ཟུངས་དང་ཡང་མིག་དང་ཀོ་བའི་དུམ་བུ་དག་གོ། །སྐར་ཁུང་གདོད་དོ། །དཀྱིལ་དུའོ། །ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའོ། །དྲ་བ་གཞུག་གོ། །སྒོ་གླེགས་སོ། །འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དག་གོ། །དབྱུག་གུ་སྐམ་ཁ་བཅང་ངོ་། །གསོར་གྱིས་བཙུགས་པས་བརྒྱུའོ། །གནས་ཁང་གི་མདུན་དུ་ཁྱམས་ 159-94b བྱའོ། །སོ་ཕག་གི་གཅལ་བདུན་ནམ་བརྒྱད་གཞུག་གོ། །དེའི་སྟེང་དུ་ཀ་རྟེན་གྱི་སྤང་ལེབ་བོ། །དེའི་སྟེང་དུ་ཀ་བའི་ཚར་དག་གོ། །དེའི་སྟེང་དུ་ཀ་ཞུའི་འདབ་མ་དག་གོ། །དེའི་སྟེང་དུ་གདུང་མ་དག་གོ། །དེ་དག་གི་སྟེང་དུ་ཕྱམ་དག་གོ། །དེ་དག་གི་སྟེང་དུ་སྤང་ལེབ་དག་གོ། །དེ་དག་གི་སྟེང་དུ་སོ་ཕག་དགྲམ་མོ། །དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ། །མི་ལྟུང་བར་བྱ་བའི་ཕྱིར་ལན་ཀན་བྱའོ། །མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་གོ། །དེ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་རོ། །འཛེག་པའི་ཕྱིར་ཐེམ་སྐས་བྱའོ། །འོག་ཏུ་རྡོ་ལས་བྱས་པ། བར་དུ་ས་ལས་བྱས་པ། སྟེང་དུ་ཤིང་ལས་བྱས་པའོ། །ཡ་གད་ལས་གཟེག་པར་བྱའོ། །ཤིང་དང་སྨྱིག་མ་དང་ཐག་པ་ལས་བྱས་པ་ཡང་ངོ་། །རྫིང་བུ་དང་སྒོ་ཁང་དུ་རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཅལ་གཞུག་གོ། །དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ། །དེའི་སྟེང་དུ་རྡོ་ཐལ་གྱིས་སོ། །མེད་ན་རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་སྤང་ལེབ་བོ། །ཡང་ན་བར་བར་དག་ཏུ་སོ་ཕག་དག་གོ། །མཆོད་རྟེན་ལ་ཡང་དེ་བཞིན་ནོ། །འདི་ལ་དེ་འདོམ་གང་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་དོ། །སེང་གེའི་ཁྲི་གྲུ་བཞི་བྱའོ། །རྐང་པ་དག་ལ་སེང་གེའི་གདོང་ཉིད་དོ། །སྤོ་བའི་དོན་དུ་གཟུང་བའི་ཕྱིར་བཞི་པོ་དག་ལ་ལྕགས་ཀྱི་ཡང་མིག་དག་གདགས་སོ། །ཐ་གུ་དག་གིས་གདགས་སོ། །དེར་སྟན་ནང་ཚངས་ཅན་བཞག་གོ། །སྟེང་དུ་བླ་རེའོ། །དཔྱད་པ་དག་གོ། །བརྟེན་པ་ལ་ནི་སོ་ཕག་ལས་བྱས་པའི་ཐེམ་སྐས་བྱའོ། །སྤོ་བ་ལ་ནི་ཤིང་ལས་བྱས་པའོ། །མ་འབྱོར་ན་ཡ་གད་དོ། །རྐང་རྟེན་ཡང་ངོ་། །མཆོད་པའོ། །སྟེང་དུ་ལོ་མའི་ཆུན་པོའམ་རྩྭའི་ཆུན་པོ་བཞག་གོ། །འདི་ནི་རྐང་པ་གཉིས་མི་འཆུ་བར་བྱ་བའི་ཕྱིར་རོ། །འདི་ནི་རྡོས་འགྲུབ་པོ། །ཟན་ཟ་བ་རྣམས་ལ་ཁྭ་དང་བྱེའུ་དང་ཕུག་རོན་དག་གིས་མི་འཚེ་བར་བྱ་བའི་ཕྱིར་བྱ་རྒྱ་བྱའོ། །དེ་ནི་རྣམ་པ་བཞིའོ། །མུན་ཛ་ལས་བྱས་པ་དང་། བལ་བ་ཛ་ལས་བྱས་པ་དང་། ཤ་ན་ལས་བྱས་པ་དང་། རས་བལ་ལས་བྱས་པའོ། །གྲྭ་བཞི་དག་ཏུ་གཟུངས་ 159-95a གཟེར་གདབ་བོ། །དེ་དག་ལ་གདགས་སོ། །ཤིང་གི་ནི་འཆག་པ་དང་འདྲུལ་བས་དེའི་ཕྱིར་ལྕགས་ལས་བྱས་པ་དག་གོ། །དེའི་ཕྱོགས་གཅིག་ཏུ་མཐོངས་གདོད་དོ། །ཟན་ཟོས་ཟིན་ནས་འཇུག་པར་བྱ་བའི་ཕྱིར་རོ། །དེ་དྲོ་ཁར་གདབ་པོ། །དབྱར་དག་ཁྱམས་སུ་ཆུ་མི་འབྱུང་བར་བྱ་བའི་ཕྱིར་སྤང་ལེབ་དག་གོ། །ཀ་བའི་བར་དག་ཏུའོ། །སྣང་བར་བྱ་བའི་ཕྱོགས་མ་གཏོགས་པར་རོ། །མེད་ན་སེག་དག་གམ་རེ་ལྡེ་དག་གོ། །དབྱར་གྱི་ཟླ་བ་བཞི་པོ་དག་གི་མཐར་དབྱུང་ངོ་། །འཁོར་གྱི་ཁྱམས་བྱའོ། །གནས་བསིལ་བར་བྱ་བའི་ཕྱིར་ཕྱི་རོལ་རྩིག་པས་བསྐོར་རོ། །ཀ་བའི་ཚར་དག་གཟུགས་སོ། །སྐར་ཁུང་གདོད་དོ། །མ་མཐའ་དག་སྟན་གྱི་ཡ་མཐའ་དང་ཐད་ཀར་བབ་པར་བྱའོ། །དྲ་བ་དང་སྒོ་གླེགས་དག་གཞུག་གོ། །ཟས་དང་མེ་དང་སྤོངས་དང་འཆག་སའི་ཁང་པ་དག་བྱའོ། །རྩིག་ངོས་ཀྱི་ཕྱོགས་འཁོར་བར་གློ་འབུར་དག་བྱའོ། །ས་ཁྱིམ་རུང་ངོ་། །དགྲ་ཁང་ཡང་ངོ་། །འདི་ལ་ལན་ཀན་གྱི་སྐབས་ནི་ཁྱམས་དང་འདྲའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་རྩིག་པས་བསྐོར་བ་ཉིད་ཀྱང་ངོ་། །རྩིག་པ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་ངོ་། །རྩང་དང་འོབས་དག་ཀྱང་ངོ་། །གང་ཟག་གི་གཙུག་ལག་ཁང་ཡོ་བྱད་དང་བཅས་པ་ཡང་ངོ་། །སྔོན་པོ་ལ་སོགས་པ་ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་རྣམ་པ་བཞིར་བྱའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་ལ་རི་མོ་བྲི་བ་ཉིད་རུང་ངོ་། །སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་དག་བྲིའོ། །སྒོ་ཁང་དུ་འཁོར་བའི་འཁོར་ལོའོ། །ཆ་ལྔ་པར་བྱའོ། །སྟེང་དུ་ལྷ་དང་མི་རྣམས་སོ། །གླིང་བཞི་པོ་དག་གོ། །རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་བརྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་། །དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ། །སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ། །ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཐམས་ཅད་མི་རྟག་པ་ཉིད་ཀྱིས་གཟུང་བར་རོ། །སྟེང་དུ་སངས་རྒྱས་མྱ་ 159-95b ངན་ལས་དས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། །འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། །དེ་སྟོན་པར་བྱེད་པ་གཞག་པར་བྱའོ། དེའི་ཁོ་ར་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང་བདུད་བཅོམ་པ་དག་གོ། །ཁྱམས་སུ་སྐྱེས་པའི་རབས་དག་གོ། །དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས་དག་གོ། །དཔོང་སའི་ཁང་པར་གནས་བརྟན་གྱི་གྲལ་དག་གོ། །མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་ཐོགས་པ་དག་གོ། །ཟས་ཀྱི་ཁང་པར་ལག་ན་བཟའ་བ་དང་། བཅའ་བ་ཐོགས་པ་དག་གོ། །བསྲོ་ཁང་གི་ཁང་པར་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ་དག་གོ། །མེ་ཁང་དུ་གྲུལ་བུམ་མེ་སྦར་བར་བྱེད་པ་དག་དང་གྲུལ་བུམ་གྱི་བུ་མོ་བྱི་དོར་ལ་སོགས་པ་དང་མེ་སྦར་བར་བྱེད་པ་དང་། སྦྱིན་བདག་མར་མེ་ཐོགས་པ་དང་ལྷའི་ཕོ་ཉ་དག་གོ། །ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག་དང་། ཀླུའི་བུ་མོ་ཆུ་འདྲིམ་པར་བྱེད་པ་དག་གོ། །ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པའོ། །བཤང་བ་དང་གཅི་བའི་སྐྱབས་སུ་དུར་ཁྲོད་དག་གམ་མགོའི་ཐོད་པ་དག་གོ། །གཙུག་ལག་ཁང་བླ་གབ་མེད་པ་མ་ཡིན་པར་མེ་དུ་བ་དང་བཅས་པ་བུད་པར་ཡང་མི་བྱ་བཅང་བར་ཡང་མི་བྱའོ། །སྤྱིལ་བར་ནི་ཐམས་ཅད་མི་བྱའོ། །དེའི་དོན་དུ་ཞུགས་གླིང་བཅང་བར་བྱའོ། །མཉམ་པར་བཅེར་བའི་ལྕགས་ཀྱི་ཕྲ་སྐམ་མོ། །ཤིང་གི་ཡོག་པས་ཀྱང་ལས་དེ་འགྲུབ་བོ། །ཁང་སྐྱོང་གིས་གཙུག་ལག་ཁང་ཉི་མ་རེ་རེ་ཞིང་ཕྱག་དར་བྱའོ། །མི་ནུས་ན་འཁོར་བའི་ཕྱོགས་སོ། །ལྷག་མ་ནི་ཚེས་བརྒྱད་དང་ཚེས་བཅུ་བཞི་ལ་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་སམ་འཕགས་པའི་མི་སྨ་བ་ཉིད་ཀྱིས་སོ། །ཆོས་ཀྱི་མདུན་སར་ཆག་ཆག་དང་ལྕི་བ་འཇམ་པོའི་བྱུག་པས་བྱུག་གོ། །མཇུག་ཏུ་ཁྲུས་བྱའོ། །ཡང་ན་རྐང་ལག་བཀྲུའོ། །ཆུས་བརླན་པས་ལུས་ཀྱང་བྱུག་གོ། །སྣུམ་བག་གི་རྙེད་པ་བྱའོ། །དཀོན་མཆོག་གི་དོན་དུ་ཕྱག་དར་བྱ་བ་དང་ཞལ་ཞལ་བྱ་བ་དང་དྲི་གཙང་ཁང་དང་སྐུ་གཟུགས་དང་མཆོད་རྟེན་དང་སྲོག་ཤིང་ 159-96a གི་གྲིབ་མ་ལ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་གདོན་ཞིང་འགོམ་མོ། །ཉི་མ་དེ་ཉིད་ལ་གནས་མལ་ལ་སོ་སོར་བརྟག་པ་དང་བཅོས་པར་བྱའོ། །རྡོལ་བ་ལ་སོགས་པ་དང་ལྡན་པ་དག་གིས་སོ། །གནས་པ་དག་གིས་སོ། །གནས་མལ་གྱི་གཞི་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ། །མལ་ཆ་དྲི་མས་གོས་པ་སྤྲུག་པར་བྱའོ། །གལ་ཏེ་ཧ་ཅང་ན་བཀྲུའོ། །ཆག་ཆག་བཏབ་པའི་འོག་ཏུ་ཕྱག་བྱའོ། །དེའི་འོག་ཏུ་སྟན་བཤམ་མོ། །གཞི་རྡུལ་དང་བཅས་པ་མ་སྤྲུགས་པ་ལ་མི་བྱའོ། །བཤམ་པར་བྱ་བ་དག་ལ་གོས་གཅིག་སྤྲུག་པར་སྤྱད་དོ། །ངན་པའོ། །དེ་བཅོས་སོ། །མི་ནུས་པ་ཉིད་ན་རས་མར་བྱས་ཏེ་ཤིང་བུའི་རྩེ་མོ་ལ་བཏགས་ནས་སྤྲུག་གོ། །དེ་ལྟར་ན་ཡང་མི་རུང་བ་ཉིད་ཡིན་ན་སྦྱིན་པ་པོའི་བསོད་ནམས་མངོན་པར་སྤེལ་བ་དང་། ཡུན་རིང་བ་ཉིད་དུ་བྱ་བའི་ཕྱིར་ལྕི་བ་དང་ས་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ཀར་གླན་པར་བྱའོ། །སྒོ་ཁང་དང་ཁྱམས་སུ་མལ་བཅའ་བ་དང་བཅས་པ་ཡང་གཟུང་བར་མི་བྱའོ། །སྦྱིན་པ་པོས་མྱ་ངན་བསང་བའི་ཕྱིར་ཕུལ་བ་དེས་མཐོང་བར་བཞག་པར་མི་བྱའོ། །སྒྲ་མི་སྙན་པའི་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་དག་ལ་ཁྱམས་སུ་བཤམ་པར་བྱའོ། །ཁྲི་དང་ཁྲིའུ་བཅང་བར་བྱའོ། །སྤྱིལ་བ་མི་ཉམས་པར་བྱ་བའི་ཕྱིར་ཁྲི་རྐང་གི་མཐིལ་མཉམ་པར་གཅད་པར་བྱའོ། །ཡང་ན་དེའི་འོག་ཏུ་ཕུབ་མའི་ཕུང་པོ་བཞག་པའམ་དེ་རས་མས་དཀྲི་བར་བྱའོ། །དགེ་འདུན་མ་ཡིན་པས་རྐང་པ་བྲིས་པའི་ཁྲིའུ་བདག་གིར་བྱ་བ་བརྟེན་པར་མི་བྱའོ། །སྟན་བཟང་པོ་རྒྱབ་རྟེན་དང་བཅས་པའི་སྟན་ཡང་མི་བྱའོ། །མར་མེའི་སྡོང་བུ་ཡང་མི་བྱའོ། །ཁ་ཅིག་ལས་ནི་ཡལ་ག་དུ་མ་པ་ཞེས་སོ། །སྟན་ནང་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་བྱའོ། །ཁྲུ་བཞི་དང་དོ་བ་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །ཤིང་བལ་གྱིས་བརྫང་ངོ་། །སོ་སོར་བརྟག་པར་མ་བྱས་པར་ཉལ་བར་མི་བྱའོ། །དྲན་པ་ཉེ་བར་མ་བཞག་པར་མི་བྱའོ། །གཞན་དང་ལྷན་ཅིག་ཁྲིའམ་སྟན་ནམ་གཞན་ལ་ཅིག་ཅར་མི་བྱའོ། །ངོ་ཚ་ཤེས་པས་མེད་ན་སྟན་སོ་སོར་ 159-96b བཏིང་སྟེ་གཏུར་བུའམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་བར་དུ་བཅད་ནས་དྲན་པ་ཉེ་བར་གཞག་སྟེ་ཉལ་བར་བྱའོ། །གསུམ་ལས་ལྷག་པ་མང་པོ་དང་ལྷན་ཅིག་ཁྲི་ལ་འཛེག་པ་ཉིད་བསྟེན་པར་མི་བྱའོ། །ཁྲི་རིང་པོ་ལ་ནི་གཉིས་ལས་མི་བྱའོ། །ཁྲིའུ་གཅིག་མ་ཡིན་པས་མི་བྱའོ། །ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་སྟན་ལ་འདུག་པར་མི་བྱའོ། །ཁྱིམ་གཞན་དུ་སྟན་མེད་ན་མཁན་པོ་དང་ཡང་དྲན་པ་ཉེ་བར་གཞག་སྟེ་སྟན་གཅིག་ལ་འདུག་པར་བྱའོ། །ཁྱིམ་པ་དང་གང་དུ་ཡང་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་ཡང་མི་བྱའོ། །ཟ་མ་དང་མ་ནིང་དང་མ་བསད་པ་ལ་སོགས་པ་དང་། མུ་སྟེགས་ཅན་དང་མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་མི་བྱ་བ་དག་དང་མི་བྱའོ། །བསླབ་པ་བྱིན་པ་དང་མི་བྱའོ། །ཨར་མོ་ནི་ག་ནི་བསྙེན་པར་མ་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་སྟན་ཉིད་ཡིན་ནོ། །སྟེགས་བུ་ནི་མ་ཡིན་ནོ། །དོགས་པའི་གནོད་པར་གྱུར་ན་གལ་ཏེ་ལྟུང་བ་མེད་དོ། །གནས་མལ་སྦེད་པ་ན་གལ་ཏེ་གཉིས་ཡོད་ན་གཅིག་གི་ཁྲིའམ་ཁྲིའུ་བཀུར་ཞིང་ཅིག་ཤོས་ཀྱིས་སྟན་ནང་ཚངས་ཅན་ལ་སོགས་པའོ། །དགེ་འདུན་དེ་སྙིང་མི་བརྩེ་བར་མདུན་ནས་དྲང་བ་གཡས་གཡོན་ནས་དྲང་བར་མི་བྱའོ། །ཅི་ནས་ཀྱང་དེ་དུ་བ་དང་དྲི་མ་དང་རྡུལ་དག་གིས་གོས་པར་འགྱུར་བ་དེ་ལྟར་མི་བྱའོ། །དེ་མི་གཙང་བའི་སྐྱབས་དང་ཉེ་བར་སྤྱད་པར་མི་བྱའོ། །ཉམས་པ་དོར་བར་མི་བྱའོ། །བསྲད་པ་དང་སྐམ་པ་དང་སྤྲུག་པ་དང་བུ་གུ་གླན་པར་བྱའོ། །རལ་བ་ལ་ལྷན་རིངས་སོ། །དབུས་གཟེགས་ན་མཐའ་གཉིས་དབུས་ཉིད་དུ་བྱའོ། །དེར་འོས་པས་ཁ་བསྒྱུར་བར་བྱའོ། །ཕྱིར་བཅོས་པར་མི་ནུས་པ་ཉིད་ཡིན་ན་དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་ཡིན་པ་ཡང་རུང་བ་དག་གིས་སྙིང་པོ་ཉིད་དུ་སྤྱོད་དོ། །དེར་མི་འཁོབ་པ་ཉིད་ཡིན་ན་འཇིམ་པ་དང་བསྲེས་ཏེ་དཀོན་མཆོག་དག་གི་རྩིག་པ་དང་། ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པའི་ཕྱིར་དེ་ལ་ནན་ཏན་བྱའོ། །བསྐོས་པ་ནི་མནོས་པས་སོ། ། 159-97a ལྷག་མ་ནི་དགེ་འདུན་གཎྜཱི་བརྡུངས་པས་བསྡུས་ཏེའོ། །དགེ་འདུན་གྱི་རྐུ་འཕྲོག་བྱེད་པ་མཐོང་ལ་ནུས་ན་མི་བཟློག་པར་བྱའོ། །སྐྲག་པ་ན་དགེ་འདུན་གྱིས་ཡལ་བར་མི་དོར་རོ། །གནས་སུ་མ་སོན་གྱི་བར་དུ་ཁྱེར་བར་བྱེད་པས་ལོངས་སྤྱད་པར་བྱ་བ་ཉིད་དོ། །དེ་རང་གི་གནས་སུ་བཀུར་བར་མི་འགྲུབ་ན་གཞན་དུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པར་བྱའོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་གཞན་དུ་ལོངས་སྤྱད་པར་མི་བྱའོ། །དེ་དེ་ལ་སྦྱིན་པར་མི་བྱའོ། །ནོད་པ་འབུལ་དུ་གཞུག་པར་བྱ་བ་ཉིད་དོ། །མི་ཁུགས་ན་དབྲོག་པའོ། །ཆ་དབང་བ་དག་གིས་དགེ་འདུན་གྱི་རྩྭ་དང་ཤིང་མི་མཁོ་བ་རང་གི་དང་འདྲ་བར་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །མ་བསྐོས་པ་འཁོར་ཞིང་སྤྱད་པ་ཇི་ལྟར་འོངས་པས་ཡིན་གྱི་རྒན་རིམས་ཀྱིས་མ་ཡིན་ནོ། །ཅིག་ཅར་བརྙས་ན་ནི་དེའོ། །མ་ཟིན་ན་དེ་ལས་དབྲལ་བར་མི་བྱའོ། །དེ་བཀྲུ་བར་ཆུས་རྐང་པ་འབགས་པ་ཉིད་ན་དེ་ཡིན་ནོ། །ཆབ་ཁུངས་ས་དེར་ཞུགས་པ་ཉིད་ནའོ། །སྒོམ་པའི་ཕྱིར་འདུག་པ་བླང་བར་མི་བྱའོ། །དེ་ལ་རྒན་རིམས་སུ་མི་བྱའོ། །དགེ་སློང་ལས་དང་ཟས་ཀྱིས་འབགས་པར་མི་བྱའོ། །བྱུག་རིས་མ་ཡིན་པར་འདུག་པར་མི་བྱའོ། །བྱ་བ་བྱས་ནས་འཁོར་ཞིང་སྤྱད་པ་འདོད་པ་ཡོད་ན་བཅང་བར་མི་བྱའོ། །བར་དུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལངས་པ་ནི་བྱ་བ་བྱས་པ་མ་ཡིན་ནོ། །དེའི་དུས་ན་དེ་ལ་ཆོས་གོས་སམ་པུས་འཁྱུད་གཞག་པར་བྱའོ། །འདོད་པ་ཡོད་ལ་གནས་ཡོད་ན་དགེ་འདུན་གྱིས་སྦགས་པ་ཉིད་བསྟེན་པར་མི་བྱའོ། །དོན་ཡོད་ན་རྣམ་པ་དེ་ལྟ་བུ་ལས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱིས་མཆིག་དང་དེའི་མཆིག་གུ་བཅང་བར་བྱའོ། །འདྲེག་མཁན་གྱི་ལག་ཆ་ཡང་ངོ་། །སྣོད་དུ་བཅུག་སྟེ་རྩིག་པ་ལ་བཞག་གོ། །སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དང་། དེ་དག་གི་སྣོད་དང་བཅས་པ་ཡང་ངོ་། །དེས་དགེ་སློང་ལ་གཡར་པོ་ཉིད་དུས་ལ་བྱས་པ་ཡན་ཆད་སྦྱིན་ནོ། །དགེ་སློང་མས་ཆང་བུའི་སྣོད་བཅང་བར་མི་བྱའོ། །ཐམས་ཅད་ཀྱིས་འབྲུ་མར་སྣོད་བཅང་བར་བྱའོ། །ཕུལ་གང་མན་ཆད་ནས་ཕུལ་ཕྱེད་ཡན་ཆད་ཤོང་བའོ། །ལྕགས་ཀྱི་དོག་ལེ་ཡང་ངོ་། །དེའི་ལྕགས་སྒྱེད་ཀྱང་ངོ་། །ས་ལས་བྱས་པའི་ཐབ་ཀྱང་ངོ་། །གནང་བ་ཐོབ་པས་ 159-97b འཁར་བའོ། །དྲ་བ་ཁ་དོག་གཅིག་པ་ཡང་ངོ་། །དེ་སྦྱིན་པར་བྱའོ། །རྒས་པ་དང་ན་བ་དག་ལའོ། །དེ་གཉིས་ཚིག་གཅིག་གིས་སྦྱིན་པ་ཡང་སྲིད་དོ། །སྡིག་སྦྲུལ་ལ་སོགས་པའི་གཉེན་པོའི་ཕྱིར་འཁར་བ་སྒྲ་དང་བཅས་པ་བཅང་ངོ་། །ཡུ་བའི་རྩ་བ་ནས་གས་ན་སྦུ་གུ་བསྐོན་ནོ། །ཡ་ཏོག་ནི་དཀྲི་བས་སོ། །སྨྱིག་མ་མཁན་གྱིས་བྱས་པའམ་ལོ་མ་ལས་བྱས་པའི་གདུགས་བཅང་བར་བྱའོ། །ཡུ་བ་ནི་ལུས་ཀྱི་ཚད་དོ། །དེས་གྲོང་གི་དབུས་སུ་འགྲོ་བར་མི་བྱའོ། །གལ་ཏེ་ལམ་གྱི་དབང་གིས་ནི་གློར་བསྙལ་ཏེའོ། །ཆར་འབབ་པ་ན་བསོད་སྙོམས་ལ་རྒྱུ་བར་བྱའོ། །ཡུ་བ་ལ་གཞལ་དུ་མི་རུང་བ་ཉིད་མ་ཡིན་ནོ། །ཆད་ན་ཁྱིམ་གཞན་དག་ཏུ་བཞག་གོ། །འབྱུང་ཀར་བླང་ངོ་། །རོལ་མོ་མཁན་གྱི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་གྱི་གནས་དག་བསྟེན་པར་མི་བྱའོ། །མི་གཙང་བའི་སྐྱབས་དང་ཉེ་བར་འདུག་པར་མི་བྱའོ། །གོས་རིན་པོ་ཆེར་གྱུར་པས་དགོན་པར་གནས་པར་མི་བྱའོ། །ལྡུམ་བུ་མི་རུ་ཀའི་ཕྱེ་མས་ལ་བ་ལ་སྲོག་ཆགས་དག་མི་འབྱུང་ངོ་། །ཤིང་ཀུན་གྱི་ཡང་ངོ་། །ཤིང་ནིམ་པ་དང་བ་ཤ་ཀའི་ལོ་མ་དག་གི་ཡང་ངོ་། །རིམ་པ་དེར་སོང་ན་དེ་ལ་ཤིན་ཏུ་ཕན་པ་ཉིད་དོ། །བརྐམ་པ་ཡང་དེའི་དོན་ཉིད་ཡིན་ནོ། །དགོན་པ་བས་ཕྱོགས་དང་ལམ་དང་ཚེས་གྲངས་དང་ཉི་མ་དང་རྒྱུ་སྐར་དག་ལ་མཁས་པར་བྱའོ། །རྟག་ཏུ་མེ་དང་ཆུ་ཡོད་པར་བྱའོ། །ཕྱེ་དང་རས་མ་དག་དང་སྦྲང་རྩི་དང་ཞུན་མར་དག་ཅི་འབྱོར་པ་ཉེ་བར་བཞག་གོ། །གལ་ཏེ་ཟས་ལས་ལྷག་བྱུང་ན་ཡང་ངོ་། །དགེ་སློང་མས་དགོན་པར་གནས་པར་མི་བྱའོ། །གྲོང་ཁྱེར་གྱི་ནང་དུ་དབྱར་ཁང་བྱའོ། །དེས་དེའི་ཕྱི་སྒོར་འདུག་པར་མི་བྱའོ། །སྣང་ཡལ་ཅན་དུ་མི་བྱའོ། །ལམ་གྱི་བཞི་མདོར་མི་བྱའོ། །གོས་མེད་པ་ཅན་གྱིས་མི་བྱའོ། །དེ་ལ་རྔུལ་གཟན་ནི་གོས་ཉིད་ཡིན་ནོ། །དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་མི་བྱའོ། །དེའི་སྐྱིལ་མོ་ཀྲུང་གི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་དོ། །ཟག་བྱེད་ཀྱི་སྒོར་སྲོག་ཆགས་མི་འཇུག་པར་བྱ་བའི་ཕྱིར་གོས་ལ་སོགས་པས་གཡོགས་སོ། །དགེ་སློང་གིས་དགེ་སློང་མ་གཙུག་ལག་ཁང་དུ་འཇུག་པ་དག་བཟློག་པར་མི་བྱའོ། །དེ་དག་གཏམ་མི་འདྲེ་བ་དང་མི་གདམས་པ་དང་གསོ་སྦྱོང་དང་དགག་དབྱེ་བཞག་པ་དག་གིས་ཡོངས་ 159-98a སུ་གདུལ་བར་བྱའོ། །དེས་དགེ་སློང་རྗེས་སུ་གནང་བ་བྱེད་དུ་མ་བཅུག་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །ཁྱོད་ནང་བཅབས་པ་དང་བཅས་པ་ཉིད་མ་ཡིན་ན་རྗེས་སུ་གནང་ངོ་ཞེས་སོ། །དྲི་བས་ཞེ་འགྲས་པ་མེད་པ་ཉིད་ངེས་པར་ཤེས་པར་བྱས་ཏེའོ། །འཕྲེད་གཏན་དང་གནམ་གཟེར་དང་འཁོར་གཏན་དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་དག་གཙུག་ལག་ཁང་བསྡམ་པའི་ཕྱིར་ཡང་དག་པར་སྦྱར་རོ། །དགེ་སྐོས་ཀྱིས་དགོངས་ཀར་གཙུག་ལག་ཁང་བསྡམས་ནས་སོ་སོར་བརྟག་པར་བྱའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཐུན་ཉིད་ཀྱིས་མེལ་ཚེ་བྱའོ། དེར་གྱུར་པས་ཉལ་བ་དང་སྙོམས་པར་འཇུག་པ་དག་སྤང་ངོ་། །དེར་དགེ་འདུན་གྱི་གནས་བརྟན་གྱིས་དགེ་སྐོས་ལ་དམ་བཞག་བྱས་པ་དྲི་བར་བྱའོ། །གལ་ཏེ་ཡང་དག་པར་སྦྱར་བ་དག་གིས་མ་བསྡམས་པ་ཉིད་ན་གཙུག་ལག་ཁང་བརླག་ན་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ནོ། །དེ་དག་ཇི་ཙམ་མཉམ་པར་བྱས་ལ་དེ་ཙམ་གྱི་ཆ་དག་གོ། །ལྡེ་མིག་ཀྱོག་པོ་དང་སྒོ་ལྕགས་བཅང་བར་བྱའོ། །སྡོམ་པ་ཇི་སྙེད་ཡོད་པ་དེ་དག་གིས་སྒོ་མ་བསྡམས་པར་འགྲོ་བར་མི་བྱའོ། །གལ་ཏེ་གནས་སྟོང་པར་ཞུགས་པར་གྱུར་ན་དེར་ཆག་ཆག་ལ་སོགས་པ་བྱའོ། །སྣོད་སྤྱད་སར་པ་མཁོས་སུ་དབབ་པར་བྱའོ། །གལ་ཏེ་བཟོད་ན་བྱི་དོར་བྱའོ། །གལ་ཏེ་རུང་བར་བྱ་བ་ཡོད་ན་སྔོ་བསྲབ་པར་བྱེད་དུ་བཞུག་གོ། །གལ་ཏེ་དེར་ཁྱིམ་པ་དག་ལྷགས་ན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་དང་ནུས་པའི་ཆོས་གཞན་ཡང་ངོ་། །ཤིང་ལྗོན་པ་བསྐྱེད་པ་མི་རུང་བ་མ་ཡིན་ནོ། །དེ་བསྐྱེད་ནས་མི་བསྐྱང་བར་མི་བྱའོ། །དེའི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུའོ། །གཞན་ནི་འབྲས་བུའི་བར་དུའོ། །ཡུན་རིང་བ་ཉིད་ན་ལོ་ལྔར་རོ། །འདི་ལ་དགེ་སློང་བསྐོས་པ་ནི་རང་ཉིད་དང་འདྲའོ། །ལག་པ་དག་དང་རྐང་པ་དག་བཀྲུ་བ་དང་སོ་ཤིང་དོར་བ་དང་ལྷུང་བཟེད་བཀྲུ་བ་དང་ཁྲུས་བྱ་བ་ནི་བཅུ་པ་ཡིན་ནོ། །གྲང་བ་བསྐྱབ་པའི་ཕྱིར་ཁང་བུའི་སྦུབས་བྱའོ། །དབུགས་དབྱུང་བའི་ཕྱིར་དེ་ལ་སྐར་ཁུང་གདོད་དོ། །གཡོགས་མས་དགབ་བོ། །སོ་ག་མི་ཚ་བར་བྱ་བའི་ཕྱིར་དེ་བསལ་ལོ། །དབྱར་དག་ནི་མི་འདྲུལ་བར་བྱ་བའི་ཕྱིར་སྔ་མ་ཡང་ངོ་། །ཆུའི་ཡུར་བ་གདོད་དོ། །རྩ་བའི་འོང་ཡལ་བར་མི་དོར་རོ། །འཁོར་རྣམ་པར་དབྱེ་བའི་བྱེ་བྲག་གིས་བྱི་དོར་བྱའོ། །ཁ་ཅིག་ཏུ་སོ་ཤིང་བཟའ་བ་དང་། ཁ་ཅིག་ཏུ་ཁ་བཀྲུ་བ་དང་། ཁ་ཅིག་ཏུ་རྐང་པ་དག་བཀྲུ་བ་དེ་ལྟ་བུས་དེ་ལ་ 159-98b འཇུག་པ་ཉིད་མ་ཡིན་པས་སོ། །མེ་ཏོག་དང་འབྲས་བུ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱའོ། །ཟན་གྱི་དུས་ཀྱི་ཆེད་ཉིད་དུ་གཞན་དག་གོ། །དེ་དག་གིས་ཆེས་དང་པོར་ཟན་ཟོས་ཏེ་འགྲོ་བར་བྱའོ། །ཀློག་ཏུ་འཇུག་པས་བསྙེན་བཀུར་ཆེས་མང་པོ་བྱེད་པ་དང་། མི་ནུས་པ་ལ་ལོགས་ཤིག་ཏུ་བྱ་བས་ཀྱང་རྗེས་སུ་བརྩེ་བར་བྱའོ། །དེའི་འདུལ་བ་བཟུང་སྟེ་དེའི་ལུང་དབོག་པ་དང་ཁ་ཏོན་བྱ་བ་དང་དམིགས་ཀྱིས་འདྲི་བ་སྦྱིན་པ་དག་གིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱའོ། །ཡི་གེར་བྲི་བར་བྱའོ། །དྲན་པ་དང་འཛིན་པར་མི་ནུས་པས་འདུལ་བའོ། །དེ་མི་བྲི་བར་བྱ་བ་ཉིད་ཡིན་ནོ། །འདི་ལ་སོ་སོར་ཐར་པ་ནི་དེ་དང་འདྲའོ། །དེ་དང་ལྡན་པ་ཡང་ངོ་། །གང་ཟག་གི་ཡང་ངོ་། །མཚན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ། །དགེ་འདུན་གྱི་གནས་མལ་ལ་མིང་ཡི་གེར་བྲིའོ། །འདི་ནི་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་སོ། །གོས་དག་ལ་ཡང་ངོ་། །རྣམ་པ་དེ་ལྟར་གཞན་པ་ཡང་ངོ་། །གང་ཟག་གི་ཡང་ངོ་། །སངས་རྒྱས་ཀྱི་བཀའ་སྡེབ་སྦྱོར་དང་ཚིག་དང་རིམ་པ་ལ་གཞོལ་བ་ཉིད་ཀྱིས་སྦྱར་ཏེ་བཀླག་པར་མི་བྱའོ། །གཞན་ལ་ལེགས་པར་གོ་བར་བྱེད་ནུས་ཤིང་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང་ན་ཕྱི་རོལ་པའི་བསྟན་བཅོས་དག་གཟུང་བར་བྱའོ། །དེའི་དུས་ནི་ཉི་མའི་སུམ་ཆ་བདེ་བ་མ་ཡིན་པའོ། །མཚན་མོ་ཡང་ངོ་། །གསང་སྔགས་ཕན་འདོགས་པར་བྱེད་པ་དག་གཟུང་བར་བྱའོ། །སྦྱར་བར་ཡང་ངོ་། །གནོད་པར་བྱེད་པ་ནི་མི་བྱའོ། །དེ་དག་གིས་ཕྱག་གི་གནས་སུ་དཀོན་མཆོག་གསུམ་བརྗོད་པར་བྱའོ། །ལྷ་གཞན་ལ་ནི་ཕྱག་མི་བྱའོ། །མཆོད་པ་མི་བྱའོ། །བཀུར་སྟི་མི་བྱའོ། །གནས་སུ་ཕྱིན་ན་མངོན་སུམ་དུ་འགྲེང་སྟེ་སེ་གོལ་གྱི་སྒྲས་གོ་བར་བྱས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་དེ་ལ་ཕན་གདགས་པར་བྱའོ། །བཟོ་རྗེས་སུ་སྒྲུབ་པ་དང་བསླབ་པ་དང་དེའི་སྣོད་ཉེ་བར་བཞག་པ་མི་བྱའོ། །མཚོན་གྱི་ཤུབས་དང་ཁབ་རལ་དང་རམ་ཕྱིས་ནི་མ་གཏོགས་སོ། །མུ་གཅིག་པ་ནི་བསོད་ནམས་ཀྱི་བསམ་པས་དགེ་བའི་གསོ་བ་ཉེ་བར་བསྒྲུབ་པར་བྱ་སྟེ་གླ་རྔན་གྱིས་ནི་མ་ཡིན་ནོ། །བཀྲུ་སྨན་བཏང་ནས་གཞན་དུ་འགྲོ་བར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་བྱུང་ན་ཧ་ཅང་འཁྲུ་བ་ལ་སོགས་པའི་གནས་པའི་གཉེན་པོའི་ཆོ་ག་བསྟན་ཏེའོ། །ཚངས་པ་མཚུངས་པར་སྤྱོད་པ་མཚན་ 159-99a མཐུན་པ་ལ་དབེན་པའི་ཕྱོགས་སུ་འདྲེག་མཁན་གྱིས་ལས་བྱའོ། །ཁྲིའུ་ཡན་ལག་ཆག་པ་བཅོས་པ་ཡང་ངོ་། །ཕྲེང་བའི་རིམ་པ་དག་བརྒྱུ་བ་ཡང་ངོ་། །དཀོན་མཆོག་མཆོད་པར་གྱུར་པས་སེམས་ཅན་གྱི་གཟུགས་མ་ཡིན་པའི་རི་མོ་བྲི་བ་ཡང་ངོ་། །དེའི་ཕྱིར་འདྲི་བ་ནི་དེ་ཉིད་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་མཆོད་པ་བྱའོ། །དེ་བསྲེག་པར་བྱའོ། །གལ་ཏེ་སྲོག་ཆགས་དང་བཅས་པའི་རྨ་མེད་པ་ཉིད་ཡིན་ནའོ། །སོ་སོར་བརྟགས་པས་ངེས་པར་བྱའོ། །བརྐོ་བའམ་ཆུ་ཀླུང་ལ་བསྐུར་རོ། །མི་རུང་ན་ཚང་ཚིང་གི་དབུས་སུ་གཞག་གོ། །གློ་གཡས་པས་བསྙལ་ཏེ་མགོ་བྱང་ཕྱོགས་སུ་བསྟན་ནོ། །སྔས་སུ་རྩྭའི་ཆུན་པོ་གཞུག་གོ། །རྩྭ་དག་གམ་ལོ་མ་དག་གིས་གཡོགས་སོ། །ཆོས་མཉན་པ་དང་ཡོན་བཤད་པ་དག་བྱའོ། །རེག་པ་དག་གིས་གོས་དང་བཅས་ཏེ་ཁྲུས་བྱའོ། །གཞན་དག་གིས་ནི་རྐང་ལག་བཀྲུའོ། །མཆོད་རྟེན་ལ་ཕྱག་བྱས་ཏེ་འཇུག་པར་བྱའོ། །མཆོད་རྟེན་ནི་རྣམ་པ་གཉིས་ཏེ། གཙང་ཁང་ཅན་ཉིད་དང་། ཀ་བ་ལྟ་བུ་ཉིད་དོ། །དེ་རབ་ཏུ་བྱུང་བ་རྣམས་ལ་འོས་པ་ཉིད་དེ། གལ་ཏེ་དགེ་བ་ཡིན་ནའོ། །སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་དོ། །རྣམ་པ་ནི་བང་རིམ་བཞི་དང་འདབ་མ་དང་བུམ་པ་དང་པུ་ཤུ་དང་སྲོག་ཤིང་དང་གདུགས་བཅུ་གསུམ་དང་ཆར་གབ་དག་གོ། །རང་སངས་རྒྱས་རྣམས་ཀྱི་ནི་ཆར་གབ་མེད་པའོ། །ཉན་ཐོས་རྣམས་ཀྱི་ནི་འབྲས་བུའི་ཚད་དག་གིས་དེའི་གདུགས་གཅིག་ལྷག་པའོ། །དེ་བཞིན་གཤེགས་པའི་ཕྱོགས་ཀྱི་ཡུལ་ཉིད་དུ་གང་དུ་དེ་དག་གནས་པར་གྱུར་པའི་ཕྱོགས་དེར་དེའི་འཁོར་དུ་བྱའོ། །འདི་ལ་རྒན་རིམས་སུ་མི་བྱ་བར་མི་བྱའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བྱི་བོའོ། །དེ་དག་ནི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱའོ། །འཕགས་པ་ལ་ནི་མཆོད་རྟེན་གྱི་དུས་སྟོན་རིགས་སོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་བ་ཉིད་ཡིན་ནོ། །མུ་ཏིག་དག་ནི་བསྟན་པ་བཞིན་བྱའོ། །བུད་དུང་དག་ནི་སངས་རྒྱས་ལ་དབུལ་ལོ། །དེ་ལས་ཞིག་རལ་བཅོས་པའི་ཕྱིར་གཞག་པར་བྱའོ། །མཆོད་པར་རུང་བ་ཉིད་ཀྱང་ངོ་། །སངས་རྒྱས་ལ་ལྕགས་ལས་བྱས་པའི་མཆོད་རྟེན་བྱ་བ་ནི་ཆོས་དང་མཐུན་ནོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་ལས་བྱས་པ་ཡང་ངོ་། །དེ་ལ་མཐུན་པའི་འཁོར་བྱའོ། །དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་མཐའི་བར་དུ་ 159-99b སྤྱོད་པ་ནི་དེ་ཞེས་བྱའོ། །དཀར་རྩིས་དཀར་པོར་བྱའོ། །མར་མེ་འཛིན་པ་བྱའོ། །ལན་ཀན་གྱིས་བསྐོར་རོ། །རྟ་བབས་བསྒྲེང་བར་བྱའོ། །རྒྱལ་མཚན་གཟུགས་སོ། །དེ་ནི་རྣམ་པ་བཞིའོ། །སེང་གེའི་རྒྱལ་མཚན་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། ཀླུའི་རྒྱལ་མཚན་དང་། ཁྱུ་མཆོག་གི་རྒྱལ་མཚན་ནོ། །གཙང་ཁང་གི་མུ་ཁྱུད་བྱའོ། །དེར་རྟ་བབས་བསྒྲེང་བར་བྱའོ། །སྒོ་ཡབ་བྱའོ། །དེ་ལ་ལན་ཀན་གྱིས་བསྐོར་རོ། །ཀ་བ་རྣམས་བཙག་གིས་བསྐུའོ། །རྩིག་པ་དག་རྒྱ་སྐྱེགས་ཀྱིས་བྲེའོ། །དྲིས་དབང་བསྐུར་བ་དབུལ་ལོ། །འབྲུ་མར་དང་བ་བླ་དང་ཙནྡན་དང་གུར་གུམ་གྱི་ཆག་ཆག་དག་ཀྱང་ངོ་། །གཟེར་བུ་མི་གདབ་བོ། །རྩིག་པའི་ཚེ་ཕྲེང་བ་ལ་སོགས་པ་གདགས་པའི་ཕྱིར་ཟུང་དག་གཞུག་གོ། །མི་དབུག་གོ། །སྟེང་དུ་མར་མེ་མི་གཟུགས་སོ། །མཆོད་པ་བྱ་བའི་ཕྱིར་ཁྱིམ་པ་དག་འཛེག་ཏུ་གཞུག་གོ། །མེད་ན་དགེ་ཚུལ་དག་དྲི་ཆུས་རྐང་པ་བཀྲུས་ཏེའོ། །གལ་ཏེ་དེ་མ་བྱས་ན་དྲི་དག་གིས་དྲིལ་ཕྱིས་བྱས་ཏེ་འམ་གོས་ཀྱང་དཀྲིས་ཏེ་སྟོན་པའི་འདུ་ཤེས་མངོན་དུ་གཞག་ནས་དོན་གྱི་བརྣབ་སེམས་ཀྱི་དྲན་པ་དག་གིས་སོ། །དེ་དག་ཀྱང་ན་དགེ་སློང་དག་གིས་དེ་བཞིན་དུའོ། །དེའི་ཆེད་དུ་ཐག་པ་གདགས་སོ། །རིན་པོ་ཆེ་ལས་བྱས་པའི་ཕྲེང་བ་དབུལ་ལོ། །འཇིག་པར་བྱེད་པ་བཟློག་པའི་ཕྱིར་སྦུབས་གཡོགས་ཀྱིས་གཡོགས་སོ། །མུན་མི་གནག་པར་བྱ་བའི་ཕྱིར་དེ་ལ་སྒོ་གདོད་དོ། །སངས་རྒྱས་ཀྱི་སྐུ་གཟུགས་བྱའོ། །དེ་ལ་དུས་སྟོན་བྱའོ། །བལྟམས་པ་དང་གཙུག་ཕུད་དང་དབུ་སྐྲ་དང་བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་། །དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ། །འདི་ལ་དེ་དགེ་སློང་གིས་བཀུར་དུ་རུང་ངོ་། །དེ་ནི་གསར་བུ་ལ་འབབ་བོ། །སྡེ་པ་ལྔ་པོ་དག་གིས་ཞབས་འབྲིང་བྱའོ། །མཆོད་ཡོན་དུ་བྱ་བ་ནི་རྒན་པོ་དག་གིས་གཟུང་ངོ་། །དེ་ལ་རོལ་མོ་བྱེད་པ་དག་གིས་རོལ་མོ་བྱ་བ་དང་བཀུར་སྟི་ཆེན་པོ་གཞན་ཡང་བཟང་ངོ་། །རོལ་མོ་བྱེད་དུ་གཞུག་པའི་ཕྱིར་ཀྱེ་མི་དག་སྟོན་པ་ལ་མཆོད་པ་དག་གྱིས་ཤིག་ཅེས་བརྗོད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །ལམ་པོ་ཆེ་དང་སྲང་དང་བཞི་མདོ་དང་སུམ་མདོ་དག་ཏུ་སང་ངམ་གནངས་འབྱུང་བར་འགྱུར་བ་ཉིད་ནི་ཡི་གེར་བྲིས་པ་བསྒྲག་པར་བྱའོ། །དེ་ལྟར་སངས་རྒྱས་གཤེགས་པར་འགྱུར་རོ་ཞེས་གྲོ་ག་ལ་སོགས་པ་ལ་བྲིས་པ་གླང་པོ་ཆེའི་བཤུལ་སྟེང་དུ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ཡོངས་སུ་བསྐོར་བའོ། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་བྱ་བ་ཆོས་དང་ལྡན་ནོ། །དེ་ལ་རྒྱལ་ 159-100a མཚན་དག་གིས་བསྐོར་རོ། །ལན་ཀན་གྱིས་བསྐོར་རོ། །ལྕགས་ཀྱི་ཀ་བ་དག་གིས་ཀྱང་ངོ་། །དེ་དག་ལ་བ་དན་དག་གདགས་སོ། །རྗེས་སུ་འགྲོ་བར་བྱའོ། །རྐང་རྒྱན་དང་རྣ་རྒྱན་མ་གཏོགས་པའི་རྒྱན་གདགས་སོ། །སྤོས་ཀྱི་ལུས་སྦྱིན་པར་བྱའོ། །ཁྱོགས་ཀྱིས་བཀུར་རོ། །ཤིང་རྟས་ཀྱང་ངོ་། །དེ་ལ་གདུགས་དང་རྒྱལ་མཚན་དང་བ་དན་དག་བསྒྲེང་ངོ་། །དབུ་ལ་མེ་ཏོག་རྣ་རྒྱན་གདགས་སོ། །མཆོད་ཡོན་དང་ཞབས་ལ་གསོལ་བ་དག་ཀྱང་ངོ་། །དད་རྫས་ནི་གནས་པ་དང་གཞོན་ནུ་དང་རྒན་པོ་དག་གིས་བླང་ངོ་། །གནས་བརྟན་རྣམས་ཀྱིས་བསྲུང་ངོ་། །ལམ་པོ་ཆེར་ཕྲེང་བའི་ཟ་མ་ཏོག་བྱའོ། །ཕྲེང་བའི་ཟ་མ་ཏོག་ཏུ་དྲིའི་ཟ་མ་ཏོག་གཞུག་གོ། །ཕྲེང་བ་གདགས་སོ། །མཆོད་པ་རྫོགས་ཤིང་རོལ་མོ་བརྟུལ་བ་དག་ན་སྐྱེ་བོའི་ཚོགས་ཕྱིར་དོང་བའི་ཆེ་རྒྱན་བརྟུལ་ལོ། །མཚན་མོའོ། །རབ་ཏུ་བྱུང་བའི་གནས་སུ་དུས་སྟོན་བྱ་བ་ཆོས་དང་མཐུན་ནོ། །མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་བྱའོ། །གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །གནས་མལ་གྱི་གཞི་རྫོགས་སོ།། །།འདུལ་བའི་མདོ་རྫོགས་སོ།། །།འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་འདི་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པས། སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ། །དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཤློ་ཀ་ཉིས་སྟོང་བདུན་བརྒྱ་ཡོད་དོ། །བམ་པོ་དགུར་བྱས་སོ།། །། 159-100b  
<ul class="columns-6 text-60"> <li>[[/Vinayasūtravṛtti - Chapter 1 - Pravrajyāvastu|Vinayasūtravṛtti - Chapter 1 - Pravrajyāvastu]]</li> <li>[[/Vinayasūtravṛtti - Chapter 2 - Pārājika|Vinayasūtravṛtti - Chapter 2 - Pārājika]]</li> <li>[[/Vinayasūtravṛtti - Chapter 3 - Saṃghāvaśeṣa and Naiḥsargika-pāyattika|Vinayasūtravṛtti - Chapter 3 - Saṃghāvaśeṣa and Naiḥsargika-pāyattika]]</li> <li>[[/Vinayasūtravṛtti - Chapter 4 - Pāyattika|Vinayasūtravṛtti - Chapter 4 - Pāyattika]]</li> <li>[[/Vinayasūtravṛtti - Chapter 5 - Pratideśanīya, Śaikṣa, and Vibhaṅga Exposition|Vinayasūtravṛtti - Chapter 5 - Pratideśanīya, Śaikṣa, and Vibhaṅga Exposition]]</li> <li>[[/Vinayasūtravṛtti - Chapter 6 - Poṣadha, Varṣā, Pravāraṇā, Carma pt.1|Vinayasūtravṛtti - Chapter 6 - Poṣadha, Varṣā, Pravāraṇā, Carma pt.1]]</li> <li>[[/Vinayasūtravṛtti - Chapter 7 - Cīvara, Carma pt.2, Bhaiṣajya|Vinayasūtravṛtti - Chapter 7 - Cīvara, Carma pt.2, Bhaiṣajya]]</li> <li>[[/Vinayasūtravṛtti - Chapter 8 - Karma, Pratisāraṇīya, Kaṭhina, Pārivāsika|Vinayasūtravṛtti - Chapter 8 - Karma, Pratisāraṇīya, Kaṭhina, Pārivāsika]]</li> <li>[[/Vinayasūtravṛtti - Chapter 9 - Pudgalavastu through Śayanāsanavastu|Vinayasūtravṛtti - Chapter 9 - Pudgalavastu through Śayanāsanavastu]]</li> </ul>  +
<ul class="columns-6 text-60"> <li>[[/Part 1|Part 1]]</li> <li>[[/Part 2|Part 2]]</li> </ul>  +