Property:VersionContent

From Bodhicitta

This is a property of type Text.

Showing 20 pages using this property.
'
https://library.bdrc.io/show/bdr:W1KG3397?s=%2Fshow%2Fbdr%3AMW1KG3397#open-viewer  +
A
73-3a Ārya-anantamukhanirhāradhāriṇīvyā-khyānakārikā ༄༅༅། རྒྱ་གར་སྐད་དུ། ཨཱརྱ་ཨ་ནནྟ་མུ་ཁ་ནིརྷཱ་ར་དྷཱཿརི་ཎཱི་བྱཱ་ཁྱཱ་ནཾ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་ཕྱག་འཚལ་ནས། །མཐའ་ཡས་སྒོས་སྒྲུབ་གཟུངས་ཀྱི་དོན། །མདོར་བསྡུས་རྣམ་པར་དབྱེ་བར་བྱ། །རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་ཤེས་བྱ་ཀུན་གྱི་ཡང་དག་ཐུགས་ཆུད་པའི། །སྤྱོད་ཡུལ་ཟབ་མོའི་གཟུངས་འདི་ཅིག་བདག་འདྲ་ཉོན་མོངས་བློ་ཞན་པ་ཡིས་ག་ལ་ལྕོགས། །དེ་ནི་གནས་མ་ཡིན་པར་ཤིན་ཏུ་མངོན་བཞིན་འོན་ཀྱང་གཟུངས་དོན་རྣམ་པར་དབྱེ་བྱ་བར། །བདག་ནི་དད་པས་གུས་པར་བསྐུལ་ལ་གཞན་དབང་བློ་ཅན་བདག་གིས་མི་བྱ་ཅི་ཡང་མེད། །འཇིག་རྟེན་མ་ལུས་ཡང་ 73-3b དག་འདོད་པའི་དངོས་པོ་སྒྲུབ་པ་ཡི། །མཐུ་དང་ལྡན་པ་མ་ཡིན་དམན་ཞིང་དོན་ཀྱང་མ་བྱས་པས། །བདག་ནི་ཚེ་རབས་ཕྱི་མ་ལ་ཡང་བླུན་པོ་འདི་འདྲ་བར། །འགྱུར་དུ་དོགས་ཕྱིར་འདི་ཡི་ལུས་ནི་རབ་ཏུ་དབྱེ་བར་བྱ། །གླེང་བསླང་བ་དང་གླེང་གཞི་དང་། །འདུས་པ་དང་ནི་དགོས་པ་ལ། །ཡང་དག་བརྟགས་ན་དོན་ཆེན་ཕྱིར། །ཞུ་བ་ལ་ནི་ནན་ཏན་བྱས། །དོན་ཆེན་བས་ན་ཐུབ་པ་ལ། །རྒྱ་ཆེར་མཁྱེན་པར་གསོལ་བ་དང་། །ཐུབ་ལ་གསོལ་བ་འདེབས་པ་དང་། །དམ་བཅའ་མངོན་དུ་ཕྱོགས་བྱ་དང་། །སྒྲུབ་དང་གཟུངས་ཀྱི་ངོ་བོ་དང་། །དེ་ལ་བསྟོད་དང་ཕན་ཡོན་དང་། །ཐོབ་པའི་ཐབས་དང་ཕན་ཡོན་དང་། །དེ་ནི་སྔོན་བྱུང་བརྗོད་པ་དང་། །ཆོས་ཀྱི་རྣམ་གྲངས་ཆེ་ཉིད་དང་། །མིང་ཞུས་པ་དང་བྱ་བ་གཉིས། །ཡི་རངས་པ་དང་བསྟན་པ་སྟེ། །འདི་ལ་འདི་ནི་མདོར་བསྡུས་པའོ། །བསྒྲུབ་བྱ་སྒྲུབ་པའི་བྱེ་བྲག་གིས། །གླེང་བསླང་རྣམ་པ་བརྒྱད་དུ་བསྟན། །མདོར་ན་འདི་ལ་བསྒྲུབ་བྱ་གསུམ། །སྒྲུབ་པ་རྣམ་པ་ལྔར་འདོད་དོ། །གླེང་གཞི་ཐུབ་པས་གསུངས་པ་འདི། །དེ་ཡིས་གདུལ་བའི་དབང་མཛད་ནས། །རྣམ་པ་ལྔ་དང་ལྡན་པ་སྟེ། །ཕོངས་པ་རྣམ་པ་གསུམ་དུ་འདོད། །འདི་དག་ལ་སོགས་ཚིག་གིས་ནི། །དེ་དག་བྱིན་གྱིས་བརླབ་པར་བསྟན། །བདུད་གཉིས་དེ་དག་བཅོམ་པ་ཡིས། །གདུལ་བ་ལ་ནི་ཐུགས་བརྩེའི་ཕྱིར། །སྤྲུལ་པའི་སྐུས་ནི་མྱ་ངན་ལས། །འདའ་བར་འདོད་ཀྱི་ཅིག་ཤོས་མིན། །གཏན་དུ་གནས་པའི་རྒྱུ་ལྡན་པ། །མྱ་ངན་འདའ་བར་ཡང་མི་རིགས། །རྫོགས་སངས་རྒྱས་ཀྱི་མཐུས་བསྟན་པས། །མ་བསྒྲིམས་བསྒྲིམས་དང་བསྒྲིམས་པ་ཡིས། །འཕྱས་སུ་འགྱུར་བ་བསལ་བའི་ཕྱིར། །བསྡུ་བ་རྣམ་པ་གསུམ་དུ་གཞག །བཙུན་པར་མི་འགྱུར་བསལ་བའི་ཕྱིར། །ཐུབ་པས་མངོན་དུ་མ་མཛད་དེ། །གུས་པ་བསྐྱེད་པར་བྱ་བའི་ཕྱིར། །གཞན་དག་སྡུད་པར་བྱེད་དུ་བཅུག །དེས་འདུལ་དབང་མཛད་བཅོམ་ལྡན་གྱིས། །དེ་གཉིས་མྱ་ངན་འདས་པར་བསྟན། །འདིར་ནི་དེ་སྨོས་པ་ཡི་ཕྱིར། །ཡང་དག་མྱ་ངན་འདས་མ་ཡིན། །བསྡུ་བ་གསུམ་ལ་སྐོ་བ་དང་། །བསྐོ་བར་བྱ་བའི་བྱ་བ་དང་། །དེ་ཡི་འབྲས་བུ་གོ་རིམས་དག །བསྟན་པ་ཟད་པར་འདོད་པ་ཡིན། །བྱང་ཆུབ་མཆོག་གི་རིམ་ཡིན་ལ། ། 73-4a བློ་ཞན་བཤེས་གཉེན་དམན་བསྟེན་པ། །གང་དག་དམན་པའི་ལམ་བསྟེན་པ། །དེ་དག་རྣམ་པ་བཞི་དག་གིས། །མངོན་དུ་ཕྱོགས་པར་མཛད་པ་ན། །མཐའ་དག་ཀྱང་ནི་འདུས་པ་དང་། །ཆེ་བ་ཉིད་ནི་རྒྱལ་བས་བསྟན། །གང་ཞིག་བསྒྲིམས་ཏེ་བསྡུ་བ་དང་། །གང་ཡང་བསྒྲིམ་ནི་མི་དགོས་ལ། །འཇིག་རྟེན་སྤྱོད་པའི་ཚུལ་གྱིས་འཇུག །གང་ཕྱིར་དེ་བཞིན་གཤེགས་པ་ནི། །སྐྱོན་དང་ཉོན་མོངས་ཕུང་པོ་བསྩལ། །དོན་ཀུན་ཡང་དག་མཁྱེན་པ་སྟེ། །དེ་ཕྱིར་རྒྱལ་བ་ཞུ་བར་འོས། །དད་པས་མོས་པ་ལ་སོགས་པས། །གོང་ནས་གོང་དུ་ཐོབ་པའི་ཕྱིར། །གདུལ་བྱའི་བསམ་པའི་བྱེ་བྲག་གིས། །དོན་ནི་རྣམ་ལྔར་བསྟན་པ་ཡིན། །སྡུག་བསྔལ་ལ་སོགས་ཡུལ་རྣམས་ལ། །ནེམ་ནུར་བྱེད་པ་སོམ་ཉིར་བསྟན། །དེ་སྤངས་ས་ཐོབ་འདི་ཡིན་པར། །འདིར་ནི་དོན་གྱིས་བསྟན་པ་ཡིན། །ཕྱིར་མི་ལྡོག་པའི་ས་ལ་ནི། །ཐོབ་པ་རྣམ་པ་གཉིས་སུ་བསྟན། །སྐྱེ་བ་གཅིག་གིས་ཐོགས་པ་རྣམས། །ས་ནི་རྟེན་བཞིས་ཐོབ་པར་འགྱུར། །སྤྱོད་པ་སྦྱིན་སོགས་ཕ་རོལ་ཕྱིན། །ཚོགས་ཀྱིས་རྣམ་པ་གཉིས་སུ་འགྱུར། །གསུམ་ནི་བསོད་ནམས་ཕ་རོལ་ཕྱིན། །ལྷག་མ་ཡེ་ཤེས་ཅིག་ཤོས་གཉིས། །དེས་གདུལ་ཕྱིར་ནི་གནས་པ་དང་། །བསྟན་པ་དོན་ཡོད་མཚུངས་པ་མེད། །སྨོན་ལམ་འབྲས་བུ་འགྲུབ་པ་དང་། །དགའ་དགུར་ཞིང་ནི་སྟོན་པར་བྱེད། །སེམས་ཅན་ལ་སོགས་རྣམ་དག་ནི། །སེམས་ཅན་ཆོས་དོན་གཉེར་དང་ཞིང་། །རང་བཞིན་བདག་མེད་མཐོང་བ་ཡིན། །དེ་ནི་འདོད་པའི་དོན་གྲུབ་བྱེད། །གདུལ་བྱ་རྣམས་ཀྱི་བྱེ་བྲག་གིས། །ལུས་སོགས་ཡིད་དུ་འོང་བར་གཞག །ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས། །ཚོགས་ཀྱི་གཞི་ཡང་སྐྱེ་བ་ཡིན། །གཟུངས་ནི་རྣམ་གསུམ་གང་གི་ཕྱིར། །ཚིག་དང་དོན་དང་གཉི་ག་འཛིན། །ལེགས་པ་ལས་ནི་ཉམས་པ་ན། །འཛིན་པར་བྱེད་པས་དེ་ཕྱིར་གཟུངས། །བདག་དང་གཞན་གྱི་དོན་གྲུབ་ཕྱིར། །གཟུངས་ཉིད་སྒོ་མོ་སྒོ་ཡིན་ནོ། །དེ་ལ་འཇུག་པ་དེ་ཤེས་པ། །དེ་ཡང་རྣམ་བཞིར་བསྟན་པ་ཡིན། །ཞུ་བ་འདི་ནི་མདོར་བསྡུ་ན། །བྱང་ཆུབ་སེམས་དཔའ་ཀུན་ལ་ཡང་། །གང་ལ་ཇི་སྙེད་འོས་ཡིན་པ། །དེ་ལ་དེ་སྙེད་འགྱུར་བ་ཡིན། །ཞུ་བའི་འབྲས་བུ་བློ་ལྡན་གྱིས། །ཞུ་བ་ཉིད་དུ་རབ་ཏུ་གསུངས། ། 73-4b ཡང་ན་འབྲས་དང་ཐ་དད་པར། །སྒྲོ་བཏགས་ཞུ་བ་ཉིད་དུ་གསུངས། །ཚིག་དང་དོན་དང་གཉི་ག་དང་། །ཐོས་སོགས་ཤེས་པའི་བྱེ་བྲག་དང་། །མངོན་སུམ་རྗེས་དཔག་རྣམ་གཉིས་ཀྱིས། །རྣམ་པར་དག་པས་རྣམ་གསུམ་མོ། །སྤྱོད་པ་ཕ་རོལ་ཕྱིན་བཅུ་དང་། །ཡང་ན་སྟོང་ཉིད་སྐྱོན་མེད་ཉིད། །དེ་ཡི་དག་པས་ཐོབ་པས་ན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ། །སྣོད་ནི་ཁས་ཕུབ་རྡོལ་བ་དང་། །མི་གཙང་བ་ཡི་གཉེན་པོར་རམ། །གཟུ་བ་ལ་སོགས་ཡོན་ཏན་ལྡན། །ཁྱོད་ཀྱིས་ཉོན་ལ་གཞན་དུ་མིན། །གང་ཕྱིར་ཚད་མ་ལྡན་པས་ན། །ཐོག་མ་བར་དང་ཐ་མར་དགེ། །ཆུང་ངུ་འབྲིང་དང་ཆེན་པོ་ཡི། །ཉེས་པ་རྣམས་ནི་ཟད་བྱེད་དང་། །ཚིག་འབྲུ་དོན་དང་གཉི་ག་ཤེས། །མངོན་སུམ་ལ་སོགས་མི་འགལ་བ། །ཐོས་ལ་སོགས་པས་བློ་བསྐྱེད་དང་། །བདག་སོགས་འབྱོར་པའི་རྒྱུ་ཡིན་ཕྱིར། །དོན་གསོལ་ཞལ་གྱིས་བཞེས་པས་ན། །དེ་ཡིས་བདག་ཉིད་གསོལ་བར་ཕྱོགས། །ཐུབ་པ་སེམས་ཅན་དོན་མཁྱེན་ཕྱིར། །འདིར་ནི་བསྲུང་བ་ལ་སོགས་གསུངས། །ཡང་དག་ཏུ་ན་དེ་ཆོས་ལྡན། །དངོས་པོའི་ངོ་བོར་ཁས་མི་ལེན། །རྐྱེན་ལ་རག་ལས་འབྱུང་ཕྱིར་ཏེ། །སྒྱུ་མ་རྨི་ལམ་སྨིག་རྒྱུ་བཞིན། །དགག་པར་བྱ་བ་མེད་པས་ན། །ཡང་དག་ཏུ་ན་བདག་མེད་མངོན། །ཡང་དག་མཁྱེན་ཏེ་ཆོས་རྣམས་ཀུན། །ཐམས་ཅད་དངོས་པོར་འཛིན་མི་མཛད། །ཚད་མ་ལྡན་པ་མ་ཡིན་པས། །ཡོད་མེད་ལ་སོགས་མཚན་ཉིད་དུ། །དེ་ནི་ཆོས་ཀུན་ཁས་མི་ལེན། །དེ་ཕྱིར་མཁས་པ་འཛིན་མི་བྱེད། །དེ་ཕྱིར་དེ་ནི་སྟོང་པ་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །བྱ་བ་ལ་སོགས་བཅོམ་ལྡན་གསུངས། །བསམ་གཏན་གྱི་ནི་ལམ་འདི་ཡིས། །གསང་སྔགས་ཚིག་རྣམས་བསམས་ན་ནི། །འབྲས་བུ་རྫོགས་པར་འཐོབ་འགྱུར་གྱི། །འདོད་པ་ཉི་ཚེས་དེ་ལྟ་མིན། །ཚིག་རྣམས་རེ་རེའི་རྣལ་འབྱོར་ལ། །མངོན་དུ་ཕྱོགས་པར་བྱེད་བཞིན་དུ། །གསང་སྔགས་རན་པར་བརྗོད་བྱ་སྟེ། །དེ་ཕྱིར་འདིར་ནི་ཚིག་སྨྲས་སོ། །ཡི་གེ་རེ་རེ་བསམ་པ་ཡི། །རྣལ་འབྱོར་སུས་ཀྱང་མི་ནུས་ཏེ། །ཚིག་རེ་ནས་ནི་ངེས་པར་ཡང་། །བརྗོད་པར་བྱ་བས་དེ་སྨོས་སོ། །རྣལ་འབྱོར་མེད་པའི་གསང་སྔགས་འདྲི། །དེ་ལྟར་འབྲས་བུ་སྟོན་མི་འགྱུར། །གསང་ 73-5a སྔགས་ཚིག་ནི་གསང་སྔགས་ཏེ། །དེ་ཕྱིར་རྣལ་འབྱོར་མེད་མི་བྱ། །གསུངས་པའི་མིང་ནི་འདོགས་པ་དང་། །ཐོབ་པའི་ཐབས་ནི་བསྟན་པ་དང་། །དེས་ཞེས་བྱ་བ་སོགས་ཚིག་གིས། །གཟུངས་ནི་འོག་ནས་འབྱུང་བ་ཉིད། །འདི་ཞེས་གསུངས་པ་བརྗོད་བྱ་ཡིན། །འཛིན་པ་དོན་ལས་བཞེད་པ་ཡིན། །རློམ་སེམས་མངོན་པར་ཞེན་པ་སྟེ། །མ་དམིགས་ཕྱིར་ན་དེ་འདིར་མེད། །མི་སྡུག་མ་ཡིན་གཉི་གར་སྡུག །སྡུག་པ་དེ་ཡང་རྣམ་གཉིས་འདོད། །ཆོས་རྣམས་ཐམས་ཅད་ཐུབ་པ་ཡིས། །རྣམ་པ་བཞིར་ནི་བསྡུ་བ་མཛད། །གནོད་སེམས་གཏི་མུག་འདོད་ཆགས་རྣམས། །དེ་ཡི་སྒོ་ནས་འབྱུང་ཕྱིར་རོ། །སྤང་བའི་ཐབས་ནི་བསྒྲུབ་པའི་ཕྱིར། །དེ་དག་དངོས་པོ་མེད་པར་བསྟན། །འདི་ལ་ཐོབ་བྱ་རྣམས་ཐོབ་དང་། །དེ་དག་ཉིད་ནི་བསྒོམ་པ་དང་། །སྤང་བྱ་རྣམས་ནི་སྤང་བ་དང་། །འཕེལ་བ་ཐམས་ཅད་ཡིན་པར་བཞེད། །དེ་ཕྱིར་རྣལ་འབྱོར་ཅན་དེ་ནི། །ཐོས་བསམ་ལ་སོགས་བྱུང་བ་ཡི། །ཤེས་པ་རྣམས་ཀྱིས་ནམ་དུ་ཡང་། །འདུས་བྱས་འདུས་མ་བྱས་ཀྱི་ཆོས། །དེ་དག་ཐོབ་སོགས་སྦྱོར་མི་བྱེད། །ཡང་ན་ཆུང་འབྲིང་ཆེན་པོ་ཡི། །སྦྱོར་བ་རྣམས་ཀྱིས་སྦྱོར་མི་བྱེད། །དེ་བཞིན་ཟག་བཅས་སློབ་སོགས་ཀྱི། །ལམ་རྣམས་ཀྱིས་ཀྱང་སྦྱོར་མི་བྱེད། །རྒྱུ་དང་རྐྱེན་ནམ་ཆགས་སོགས་ཀྱི། །བག་ཉལ་རྣམས་དང་ལྡན་དེ་དག །འདིར་ནི་མཚུངས་ལྡན་ཤེས་བྱ་སྟེ། །བཟློག་པ་ལས་ནི་ལྡན་པ་མིན། །རྣམ་པ་མེད་པའི་ཤེས་པ་ཡིས། །ཡུལ་ལ་འཛིན་པར་མི་རུང་ངོ་། །རྣམ་པ་ཚད་མ་མིན་ཕྱིར་དང་། །མི་རུང་ཕྱིར་ན་ཅིག་ཤོས་མིན། །ལུས་དང་ལུས་མེད་འཕེལ་བ་དེ། །རྫས་དང་རྫས་མེད་རྣམ་པ་གཉིས། །ལྟོས་པར་གནས་པའི་ངོ་བོའི་ཕྱིར། །མི་མཐུན་པ་དང་ལྷན་ཅིག་བཤད། །ཡང་དག་ཏུ་ན་སྐུ་གཉིས་ཀྱི། །རང་བཞིན་མ་མཐོང་གང་ཡིན་པ། །དེ་ཉིད་སངས་རྒྱས་རྗེས་དྲན་ཏེ། །རྟོག་པ་ཐམས་ཅད་སེལ་བ་ཡིན། །རྐྱེན་ལ་རག་ལས་འབྱུང་བའི་ཕྱིར། །སྒྱུ་མ་བཞིན་དུ་གང་མ་སྐྱེས། །བདེན་པར་བསམས་ན་གཟུགས་ལ་སོགས། །དེ་ནི་དེ་བཞིན་གཤེགས་མ་ཡིན། །དགག་པར་བྱ་བ་མེད་པས་ན། །ཡང་དག་ཏུ་ན་དགག་མེད་མངོན། །དེ་ཕྱིར་བརྟགས་ན་གཟུགས་མེད་སོགས། །དེ་ནི་དེ་བཞིན་གཤེགས་མ་ཡིན། །དེས་ན་གཉི་ག་མ་ཡིན་ 73-5b དང་། །ཅིག་ཤོས་དེ་དག་བཀག་ཤེས་བྱ། །དེ་ཡི་ཕྱིར་ན་དེ་གཉིས་དེ། །སོ་སོར་དགག་པ་མ་མཛད་དོ། །དེ་ལྟར་རྣམ་རྟོག་མེད་གྱུར་ན། །ཆོས་ཀྱི་སྐུ་ནི་མཐོང་བ་སྟེ། །སངས་རྒྱས་རྗེས་དྲན་ཀུན་མཁྱེན་གྱི། །ཡོན་ཏན་ཕུན་སུམ་ཚོགས་པའི་གཞི། །ལོངས་སྤྱོད་རྫོགས་པར་མཛད་པའི་སྐུ། །རྣམ་པ་ཉི་ཤུས་བཤད་པ་ཡིན། །ཅིག་ཤོས་བཅོ་བརྒྱད་ཤེས་པར་བྱ། །འདིར་ནི་དེ་གཉིས་ཕྲིན་ལས་བཞི། །དེ་ཡི་མཛད་པའི་འབྲས་བུ་དྲུག །དེ་དངོས་རྣམ་གཉིས་རྒྱུ་རྣམ་བདུན། །མཉམ་པ་ཉིད་ལ་གནས་ནས་སུ། །དེ་དག་ལ་ནི་བསྒོམ་པར་བྱ། །ཡང་ན་ལོངས་སྤྱོད་རྫོགས་པའི་སྐུ། །རྒྱུ་དང་བཅས་དང་འབྲས་བུར་བཅས། །ཡང་དག་ཏུ་ན་གང་མ་མཐོང་། །དེ་ནི་སངས་རྒྱས་རྗེས་སུ་དྲན། །ལོངས་སྤྱོད་རྫོགས་པ་ཉི་ཤུ་སྟེ། །འབྲས་བུ་ཉི་ཤུ་གཉིས་སུ་བཞེད། །དེ་ཡི་རྒྱུ་ནི་བཅོ་ལྔ་སྟེ། །གང་གི་ཕྱིར་ནི་ནན་ཏན་བྱེད། །ཇི་ལྟར་གང་ལ་བྱེ་བྲག་གིས། །ཟག་བཅས་ཅིག་ཤོས་བྱེ་བྲག་གིས། །བྱ་བ་རྣམ་གཉིས་ཤེས་པར་བྱ། །ལྷག་མ་དག་ནི་སྔར་བཤད་བཞིན། །སར་པ་འཇུག་པའི་རྒྱུ་ཉིད་ཡིན། །གང་ཚེ་དེ་ལས་མ་ཐོབ་པ། །སངས་རྒྱས་ཉིད་དུ་གཅིག་ཏུ་ངེས། །སངས་རྒྱས་ཉིད་ཀྱིས་ཐོབ་ལ། །གནས་སྐབས་དག་ནི་ཐམས་ཅད་དུ། །བདུད་ཀྱི་ལས་ནི་རྣམ་སྤོང་ན། །གཟུངས་ཀྱིས་ཐོབ་པར་མི་འགྱུར་གང་། །ཐོབ་བྱ་གཞན་ནི་ཅི་ཞིག་ཡོད། །ཡང་ན་དད་པས་མོས་ལ་སོགས། །དབང་དུ་མཛད་དེ་གོ་རིམས་བཞིན། །མིང་རྣམས་ལྔ་པོ་འདི་དག་ནི། །དོན་དང་མཐུན་པར་གསུངས་པ་ཡིན། །འབྲས་བུ་ཡང་དག་བསྟན་པས་ཀྱང་། །འདུལ་བ་རྣམས་ནི་འཇུག་འགྱུར་ཏེ། །དེ་ཡི་ཕྱིར་ན་ཐུབ་པ་ཡིས། །ཐུགས་རྗེས་ཕན་ཡོན་ཡང་དག་གསུངས། །ཆོས་དང་དད་པས་རྗེས་འབྲང་བའི། །དབང་མཛད་འདི་ཡི་ཕན་ཡོན་གཉིས། །རྒྱལ་བས་གསུངས་ཏེ་སྔ་མ་སྔ། །ཕྱི་མ་པོ་ནི་ཕྱི་མ་ཡིན། །ཡང་ན་ཕན་ཡོན་གཉིས་ཀ་ཡང་། །ཆོས་དང་དད་པས་རྗེས་འབྲངས་པའི། །ཕྱི་མ་སྔ་མའི་བཏགས་པ་ཡིན། །ཕྱི་མ་ཡི་ནི་གཉིས་ཀ་དངོས། །སྟོབས་དང་ཕ་རོལ་ཕྱིན་ས་དང་། །མི་འཇིགས་ཡོན་ཏན་ལ་སོགས་པ། །རྣམ་ཐར་སྒོ་དང་མངོན་ཤེས་དང་། །གཟུངས་སྒོར་བཅས་པ་མཐའ་ཡས་སམ། །དེ་དག་མཐའ་ཡས་ཐབས་རྣམས་ཀྱི། ། 73-6a བསྒྲུབ་པར་བྱ་བ་གང་ཡིན་པ། །དེ་ཕྱིར་མཐའ་ཡས་སྒོས་སྒྲུབ་པའི། །གཟུངས་ཞེས་བྱ་བར་བསྒྲགས་པ་ཡིན། །འདིར་ནི་དོན་གྱི་གཟུངས་ཡིན་པའམ། །ཡང་ན་གཟུངས་དོན་སྟོན་པ་ཡི། །ཡི་གེ་ཚོགས་ནི་འདི་ཉིད་ལ། །གཟུངས་ཞེས་བྱ་བར་དགོངས་པ་ཡིན། །ཐོས་སོགས་ལས་བྱུང་ཤེས་པ་རྣམས། །ཆུང་དང་འབྲིང་ལ་སོགས་ལྡན་པ། །གཟུངས་ཀྱི་དོན་ནི་ཐོབ་འགྱུར་ནས། །བྱང་ཆུབ་སེམས་དཔར་འགྱུར་བ་གང་། །དེ་དག་ཕྱིར་མི་ལྡོག་ཉིད་དུ། །མཚུངས་དེ་དུས་ནི་ཐ་དད་དོ། །བྱང་ཆུབ་མྱུར་བ་ཉིད་གསུངས་དང་། །དེ་ནི་གཞན་ལ་ལྟོས་ཏེ་དགོངས། །དམིགས་པ་ཐམས་ཅད་ཡོད་མིན་པ། །འདིར་ནི་དམིགས་པ་མེད་པར་བསྒྲགས། །དམིགས་པ་ཡོད་པ་མ་ཡིན་ཕྱིར། །དམིགས་པ་མེད་པའང་རིགས་ལྡན་མིན། །གང་ཚེ་འདི་ལ་དམིགས་མེད་པའི། །སྤྱོད་པ་ཆེན་པོ་ཡོད་གྱུར་ན། །དེ་ཉིད་ཡང་དག་ཤེས་དེའི་ཕྱིར། །དེ་ལས་མི་འགྲུབ་ཅི་ཞིག་ཡོད། །ཁྱོད་ཀྱིས་ཉེས་པ་མ་ལུས་པ། །སྤོང་བ་སངས་རྒྱས་རྗེས་དྲན་ཉིད། །དེ་ཡི་གཉེན་པོ་ཡིན་པས་ན། །དེ་ཕྱིར་ཅི་བདེར་བསྒོམ་པར་གྱིས། །འཁོར་གསུམ་རྣམ་པར་དག་པའི་ཕྱིར། །སྦྱིན་པ་ལ་སོགས་མཆོག་དང་ལྡན། །ཡང་དག་རྫོགས་པའི་བྱང་ཆུབ་རྒྱུའི། །ཁྱད་པར་འདི་ལས་ཐོས་པར་འགྱུར། །འདིར་ནི་ཐུབ་པའི་དབང་པོ་ཡིས། །ཡི་གེའི་དོན་དང་གཉི་ག་ཡི། །གཟུངས་ཀྱི་ཕན་ཡོན་བཀའ་སྩལ་ཏེ། །ཅི་རིགས་པར་ནི་སྦྱར་བར་ཟད། །ཡང་ན་ཕན་ཡོན་ཐམས་ཅད་ཀྱང་། །གཟུངས་རྣམས་ཀུན་ལ་བཤད་བྱ་སྟེ། །ཁ་ཅིག་དག་ནི་དུས་གཞན་ལས། །དགོངས་པ་ཙམ་དུ་ཟད་པ་ཡིན། །མཉམ་ཉིད་ཅེས་བྱ་དུས་དང་དོན། །གང་ཟག་གཞན་ཞེས་བྱ་བ་ཡི། །དགོངས་པ་རྣམས་ཀྱིས་ཐུབ་པའི་གསུང་། །ཅི་རིགས་པར་ནི་རྟོགས་པར་བྱ། །གཟུངས་ཞེས་བྱ་འདིར་ཁ་ཅིག་ཏུ། །མགོན་པོ་ཐུགས་རྗེ་ཅན་གྱིས་ནི། །གཟུངས་ཞེས་པ་ནི་ཆེན་པོ་ཡི། །ཆེན་པོའང་ཡིན་པར་བཀའ་སྩལ་ཏོ། །གསང་སྔགས་ཚིག་ནི་སྔ་མ་ཡིས། །བསྲུང་བའི་ཆོ་ག་འདི་བྱས་ལ། །གཙང་མས་འདུ་དང་ཆགས་སྤངས་ཤིང་། །ལུས་ཀྱི་འདུ་འཛི་སྤང་བྱ་སྟེ། །དེ་ནི་རྟོག་པའི་དྲ་བ་ཡི། །རྒྱུན་རྣམས་མ་ལུས་སྤངས་ན་ནི། །སངས་རྒྱས་རྗེས་སུ་དྲན་པ་ཙམ། །རབ་ཏུ་བསྒོམ་པ་ 73-6b གུས་བྱས་ལས། །སེམས་ནི་རྩེ་གཅིག་བྱས་ནས་སུ། །སངས་རྒྱས་རྗེས་སུ་དྲན་པ་ནི། །དེ་ནི་ཆོ་ག་བཞིན་དུ་བསྒོམ། །སྐྱོ་བར་གྱུར་ན་བློ་ཅན་གྱིས། །དེར་གནས་སེམས་ཀྱིས་དུས་བསྟུད་དོ། །བློ་ཅན་དེ་ལྟར་སྒོམ་བྱེད་པ། །དེ་ལ་ཞག་བདུན་ཐ་མར་ནི། །སངས་རྒྱས་བྱེ་བ་བརྒྱད་ཅུ་རྣམས། །དེ་ཡི་འོག་ཏུ་གཟུངས་སྦྱིན་མཛད། །གསང་སྔགས་ཚིག་ནི་རེ་རེ་ཞིང་། །སངས་རྒྱས་བྱེ་བས་བྱིན་བརླབས་ལ། །དེས་ཀྱང་སྔར་ནི་དེ་དག་གིས། །བཟླས་ནས་བསྲུང་སོགས་ཕུན་ཚོགས་བྱས། །དེ་ཕྱིར་སངས་རྒྱས་བྱེ་བ་ནི། །བརྒྱད་ཅུས་དེ་ལ་གཟུངས་སྦྱིན་མཛད། །ཡང་ན་དགུ་བཅུ་ལས་ཐོས་ལྟར། །བསྒོམས་མཐུ་དེ་ནི་འདི་འདྲའོ། །གཟུངས་སོགས་བསམ་པ་བསམ་བྱ་ཡིན། །གཟུངས་མེད་སོགས་པ་བསམ་བྱ་མིན། །ཡང་ན་སྤྲུལ་པ་བསམ་བྱ་ཡིན། །ལོངས་སྤྱོད་རྫོགས་པ་བསམ་བྱ་མིན། །ཡང་ན་བསམ་བྱ་བསམ་བྱ་མིན། །དངོས་བསམ་བསམ་བྱ་བསམ་བྱ་མིན། །གཟོད་ནས་མ་སྐྱེས་པས་མེད་ཕྱིར། །བསམ་པ་དེ་དག་བསམ་མི་བྱ། །ཆོས་དབྱིངས་སོམས་ཤིག་དེ་ལ་ཡང་། །ལོག་པར་བསམ་པར་མི་བྱའོ། །དེ་ལྟར་ཞག་བདུན་སེམས་ན་ནི། །དེ་ཡི་འོག་ཏུ་གཟུངས་ཐོབ་འགྱུར། །བློ་ལྡན་ཅི་འདྲ་གང་དུ་དང་། །ཇི་ལྟར་གནས་དང་གང་བསྒོམས་དང་། །གང་བྱས་པས་ནི་ཐོབ་འགྱུར་བ། །དེ་ནི་བཞི་པ་རྣམས་ཀྱིས་བསྟན། །ཁྲིམས་ལྡན་དེ་ཡི་མི་མཐུན་ཕྱོགས། །གཉིས་གྲོལ་དེ་ཡི་འཕེལ་བྱེད་ལྡན། །ཉེས་པ་དང་ནི་ཕན་ཡོན་རྣམས། །བསྟན་པས་དེ་ལ་འཛུད་པར་བྱེད། །སྔར་བསྟན་པ་ཡི་དོན་ཉིད་ནི། །ཆོས་ཀྱི་རྗེས་འབྲངས་ཆེད་དུ་སྟེ། །རིགས་པ་ཕན་ཡོན་བྱེ་བྲག་གིས། །ཚིགས་བཅད་རྣམས་ཀྱིས་ཡང་བསྟན་ཏོ། །དགོན་སོགས་གནས་ཤིང་ཟབ་མོ་ལ། །ཆོས་རྣམས་ལ་ནི་ལེགས་པར་སྤྱོད། །རྙེད་དང་བཀུར་སྟི་ཚིགས་བཅད་ལ། །ལྷག་པར་ཆགས་མེད་བརྟུལ་ཞུགས་ཅན། །རྟག་ཏུ་སྡུག་པའི་དངོས་པོ་ཀུན། །འབྲས་བུ་ལ་ནི་མི་ལྟའམ། །འཛིན་མེད་སེམས་ཀྱིས་གཏོང་བྱེད་པས། །གཟུངས་འདི་ཐོབ་པར་འགྱུར་བ་ཡིན། །དང་པོ་གནས་ཡིན་དེ་ནས་ལས། །དེ་ནས་རྙེད་སོགས་ཚོལ་བ་སྤོང་། །དེར་ཡང་མ་ཟད་ཐམས་ཅད་ལ། །མི་ལྟ་བར་ཡང་གཏོང་བར་བྱེད། །དོན་གཅིག་ 73-7a རྟོགས་ནས་ཀུན་ཤེས་ན། །བརྒྱད་ཅེས་བྱ་བས་ཅི་ཞིག་བྱ། །ཡི་གེ་སོ་སོའི་དོན་ཤེས་ན། །འདི་ཡང་ཧ་ཅང་ཉུངས་པ་ཡིན། །བསྟན་བྱ་སྟོན་པ་ཉེན་པ་ཡིན། །ངོ་བོ་དེ་ཉིད་རྣམ་གསུམ་བསྟན། །བརྒྱ་ལས་བསྟན་བྱ་གང་ཡིན་དེ། །རྣམ་གཉིས་ཐམས་ཅད་རྣམ་པ་གཅིག །ཡི་གེ་འབྲུ་བརྒྱད་འདི་དག་ནི། །བྱང་ཆུབ་སེམས་དཔའ་མཁས་ལྡན་པ། །བརྒྱད་པོ་དག་གི་ཏིང་འཛིན་རྣམས། །སྨོས་པ་ཡིན་པར་ཐུབ་པས་གསུངས། །དེ་ཡི་དོན་ནི་བསྒོམས་པ་ལ། །དེ་ཀུན་མངོན་དུ་ཕྱོགས་པར་གནས། །གཟུངས་ནི་ཐོབ་པར་བྱ་བའི་ཕྱིར། །ཀུན་དུ་བརྩོན་པར་རབ་ཏུ་བྱེད། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །སངས་རྒྱས་རྣམས་དང་གནོད་སྦྱིན་རྣམས། །རིམ་བཞིན་བཀོད་པའི་དཀྱིལ་འཁོར་འདི། །རྨི་ལམ་དུ་ནི་བསྟན་པ་ཡིན། །པདྨའི་རྒྱལ་པོ་དཀར་པོ་ཞིག །འདབ་མ་བརྒྱད་པ་ཡིད་དུ་འོང་། །དེ་དབུས་ཐུབ་པ་མཚུངས་མེད་པ། །བུམ་པ་དང་ནི་བཅས་པར་གཞག །འདབ་བརྒྱད་དག་ལ་ཐུབ་པའི་སྲས། །རྣམ་པར་སྣང་བྱེད་སོགས་བརྒྱད་ཀུན། །ཐུབ་པ་དང་ནི་རང་རང་གི། །ཡི་གེ་ས་བོན་ལྡན་པར་དགོད། །འདབ་མ་རྣམས་ཀྱི་བར་དག་ཏུ། །གནོད་སྦྱིན་བརྒྱད་གཞག་ཆོ་ག་གཅིག །ཆོ་ག་གཞན་ཡང་དེ་བཞིན་དུ། །ཚོན་ཕྱེ་སྣ་ལྔས་གྲུ་བཞིར་བྲི། །མཁས་པས་དེ་དབུས་ཐུབ་པ་ནི། །པདྨ་དཀར་པོ་འདབ་བརྒྱད་ལ། །བུམ་པ་ཆུས་བཀང་ལྡན་པར་གཞག །དེ་བཞིན་ཐུབ་སྲས་དེ་དག་ཀྱང་། །པདྨ་གདན་བཅས་ཆུ་བུམ་བཅས། །ཕྱོགས་བཞི་དག་ཏུ་གཉིས་གཉིས་དགོད། །ཕྱོགས་ཀུན་བྱང་ཆུབ་སེམས་དཔའ་ཡི། །བར་དུ་གནོད་སྦྱིན་དེ་དག་དགོད། །དཀར་པོའི་སྟན་ལ་འཁོད་རྣམས་སོ། །སློབ་མ་གཙང་མ་ཡོན་ཏན་ཅན། །གཟུངས་བསྒོམས་རྣལ་འབྱོར་གྲུབ་འདོད་ལ། །བུམ་པ་དེ་དག་གིས་དབང་བསྐུར། །དེ་ལྟར་རྨི་ལམ་བསྟན་པ་ཡིན། །ཆོ་ག་བདག་གིས་གསལ་བརྗོད་ལ། །བདག་ཉིད་ལེགས་དྲན་བྱ་ཕྱིར་གྱིས། །མངོན་པའི་ང་རྒྱལ་ཅུང་ཟད་མེད། །དམ་པའི་དོན་དུ་སྟོང་པ་དང་། །སྟོང་མིན་ལ་སོགས་ཆོས་རྣམས་ཀུན། །ངོ་བོ་ཉིད་མེད་རྣམ་ཤེས་པ། །ཁོང་དུ་ཆུད་ཕྱིར་དང་པོར་བཞེད། །ལོངས་སྤྱོད་རྫོགས་པའི་སྐུ་དང་ནི། །སྤྲུལ་པའི་སྐུ་གཉིས་ལས་སྐུར་བསྟན། །དེ་གཉིས་འཇིག་རྟེན་དོན་ 73-7b འབྱོར་པ། །མ་ལུས་ཕྱིར་ནི་མཛད་ཕྱིར་རོ། །ཀུན་རྫོབ་ཏུ་དང་དོན་དམ་པར། །མཚན་དང་མཚན་མེད་ལ་སོགས་པའི། །སྐུ་གཉིས་རྣམ་པར་ཤེས་པ་ནི། །ཁོང་དུ་ཆུད་ཕྱིར་གཞན་དུ་བཞེད། །བྱིས་པ་དང་ནི་མཁས་པའི་ཆོས། །དྲི་མ་ཅན་དང་དྲི་མ་མེད། །མི་སྟོང་མིན་སོགས་སྟོང་མིན་སོགས། །ཇི་བཞིན་གཉིས་ནི་བསྟན་པ་ཡིན། །དེ་ཡི་འཇུག་པར་རྣམ་པར་ཤེས། །ཁོང་དུ་ཆུད་པ་མངོན་སུམ་བྱེད། །གསུམ་པ་འདི་ནི་མཁས་པ་ཡིས། །དེ་ལྟ་བུར་ནི་ཤེས་པར་བྱ། །སྐྱེ་སོགས་སྐྱེ་བ་མེད་སོགས་ཀྱིས། །འཇུག་པ་སྐྱེ་བ་མེད་པ་དང་། །འགག་མེད་ཤེས་པ་གང་ཡིན་དེ། །ཁོང་དུ་ཆུད་ཕྱིར་གཞན་དུ་བཞེད། །སྔ་མ་ཇི་ལྟར་སྣང་བར་ཏེ། །ཕྱི་མ་དམ་པའི་དོན་དུ་ཡིན། །དེ་ལྟར་གང་གང་དོན་ཤེས་པ། །ཁོང་དུ་ཆུད་ཕྱིར་ལྔ་པར་བཞེད། །ཡང་ན་ཡང་དག་མི་སྣང་ཕྱིར། །དེ་གཉིས་ངོ་བོ་ཉིད་མེད་ཉིད། །དེ་ལྟར་ཡང་དག་དོན་ཤེས་པ། །ཁོང་དུ་ཆུད་ཕྱིར་ལྔ་པར་བཞེད། །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི། །སྟོང་པ་ཉིད་ལ་སོགས་པ་ཡི། །ཆོས་ཀྱི་དབྱིངས་ནི་འདི་ཤེས་པ། །རྟོགས་ཕྱིར་དྲུག་པ་འདིར་བཞེད་དོ། །ཡང་ན་གཟུངས་ཆོས་རྣམ་གྲངས་ཀྱིས། །སྟོང་པ་ཉིད་ལ་སོགས་པ་ཉིད། །ཆོས་དབྱིངས་ཡིན་པར་རྣམ་ཤེས་པ། །ཁོང་དུ་ཆུད་ཕྱིར་དྲུག་པར་བཞེད། །ངོ་བོ་ཉིད་སོགས་རྣམ་རྟོག་པ། །སྤང་བའི་ཐབས་ནི་གདུལ་རྣམས་ལ། །བསྟན་པར་བྱ་ཕྱིར་མགོན་རྣམས་ཀྱིས། །སྟོང་ཉིད་ལ་སོགས་བསྟན་པ་མཛད། །ཞི་གནས་ལ་སོགས་ཉིད་ཡིན་ཞེས། །ཆོས་རྣམས་ཐམས་ཅད་མདོར་སྡུད་དེ། །དེ་དག་དེ་བཞིན་ཉིད་ཤེས་པ། །ཁོང་དུ་ཆུད་ཕྱིར་བདུན་པར་བཞེད། །ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀུན། །སྐད་ཅིག་པ་གང་དེ་དག་ནི། །གཟོད་ནས་ཞི་ཕྱིར་དོན་དམ་དུ། །ཟད་མེད་ལ་སོགས་བྱེ་བྲག་བསྟན། །མངོན་ཞེན་རྣམ་གསུམ་སྤང་བའི་ཕྱིར། །ཟད་མེད་ལ་སོགས་བྱེ་བྲག་གམ། །ཡང་ན་ཁམས་ཀྱི་བྱེ་བྲག་གིས། །རྣམ་པ་གསུམ་དུ་གསུངས་པ་ཡིན། །ཆོས་ཀུན་མྱ་ངན་འདས་པ་གང་། །དེ་འདིར་དེ་བཞིན་ཉིད་དུ་བསྟན། །དེ་ལ་འཇུག་པ་རྟོགས་པ་སྟེ། །དེ་རྟོགས་ཕྱིར་ན་བརྒྱད་པར་བཞེད། །དེས་ནི་བསོད་ནམས་སྐྱེད་པ་ན། །གཟུངས་སམ་ཡང་ན་ཡི་གེ་ཡི། །དོན་ལ་གང་གིས་འཇུག་འགྱུར་བ། །དོན་རྟོགས་དེ་ནི་གསུམ་དུ་བསྟན། ། 73-8a ཐོས་པར་འདོད་པས་ཉིན་རེ་ཞིང་། །ལྷག་པར་རྗེས་སུ་དྲན་པར་བྱེད། །གཟུངས་ནི་བསོད་ནམས་ཆུང་ངུ་ཡིས། །ཤིན་ཏུ་ཐོས་པར་མི་འགྱུར་རོ། །བྱེ་བྲག་ལ་ནི་དགོངས་པའི་ཕྱིར། །བརྩོན་པ་ཡི་ནི་ཚིག་ཀྱང་གསུངས། །དེ་ཕྱིར་ཁྲུས་སོགས་སྔར་བྱས་ལ། །ཀློག་པ་ལ་སོགས་དེ་དག་བྱ། །དེ་ནི་སྦྱིན་པ་ལ་སོགས་ལ། །རྟག་ཏུ་ཡང་དག་དགའ་སོགས་དང་། །དེ་ནི་བདག་མེད་ལ་འཇུག་བྱ། །ཡང་ན་དེ་དག་ཉིད་ལ་འཇུག །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ། །ཞུགས་པ་དག་ལ་སོགས་པ་དེ། །ཡང་དག་དགའ་བ་ལ་སོགས་བྱ། །ཡང་ན་གཟུངས་ལ་གཞུག་པར་བྱ། །དོན་ནི་སྔར་ཡང་བཤད་མོད་ཀྱི། །ཆོས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །རིགས་པ་ཕན་ཡོན་བྱེ་བྲག་གིས། །ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན། །གཟུངས་ལ་བརྩོན་པའི་རྣལ་འབྱོར་པ། །ཐོབ་བྱ་མ་ཐོབ་བར་དུ་ཡང་། །ཕན་ཡོན་རྣམ་པ་བཞི་པོ་དག །བཞི་པོ་གསུམ་གྱིས་ཐོབ་པར་འགྱུར། །སྔོན་འབྱུང་བ་ནི་མདོར་བསྡུ་ན། །རྣམ་པ་དགུར་ནི་བསྟན་པར་མཛད། །དེར་ཡང་སོ་སོར་དབྱེ་བ་ནི། །རྣམ་པ་མང་པོའི་དབྱེ་བ་ཡོད། །ཆགས་བྲལ་སློབ་དང་མི་སློབ་དང་། །བསེ་རུ་ལ་སོགས་རྒྱལ་བའི་སྲས། །དེ་དག་གིས་ཤེས་ལམ་ལས་འདས། །གྲངས་མེད་ལ་སོགས་བསྟན་པ་ཡིན། །གཞལ་བྱའི་དངོས་པོ་བྱེ་བྲག་དག །གོ་བྱེད་གྲངས་དང་བསྟོད་གཞལ་དང་། །ཀུན་ནས་གཞལ་དང་ཚད་ཅེས་བྱ། །དེ་དག་མེད་ཕྱིར་དེ་སྐད་བསྟན། །སྔ་མ་སྔ་མ་སྒྲུབ་པ་ཡི། །གཏན་ཚིགས་ཕྱི་མ་ཕྱི་མ་ཡིན། །ཡང་ན་ལ་ལ་སྔར་མ་ཐོས། །གང་ཡང་རུང་བས་དོན་དེ་སྟོན། །གདུལ་བྱའི་དོན་ནི་རབ་སྒྲུབ་ཕྱིར། །ཡེ་ཤེས་སྤངས་པའི་རང་བཞིན་ཉིད། །ཅི་འདྲ་དེ་ནི་རྒྱུ་དང་བཅས། །ཕུན་སུམ་ཚོགས་གཉིས་བསྟོད་པ་གསུངས། །སྟོན་པ་རྣམ་གཉིས་གང་གིས་ཐོབ། །ཅི་འདྲ་དེ་ཡི་ལམ་རྣམ་གཉིས། །གང་དག་ལ་ནི་དེ་གནས་དང་། །དེ་དང་ལྡན་པར་སྟོན་པར་བྱེད། །འཇིག་རྟེན་ཚེ་ནི་དཔག་མེད་ཚེ། །ཐུབ་པ་ཆེན་པོ་སྐྱེས་པ་དེ། །ཡོངས་སུ་མྱ་ངན་འདས་པ་ཡི། །དུས་བབ་པ་ནི་དེ་འདྲའོ། །དེ་ཡི་རྒྱུ་ནི་སྤངས་པའི་ཕྱིར། །དེས་ནི་རྨུགས་གཉིད་དེ་མ་བསྟེན། །དངོས་པོའི་ངོ་བོ་ཉིད་ཤེས་པས། །དགའ་བ་རྣམ་གསུམ་སྤང་བར་བྱ། །འཇིག་རྟེན་ཁམས་གཞན་སངས་ 73-8b རྒྱས་རྣམས། །སྣང་བ་ཐོབ་པ་དེས་མཐོང་སྟེ། །ཆོས་བསྟན་པ་ནི་ཐོས་སོ་ཞེས། །བྱས་པའི་ཆོས་ལ་ཉེས་པ་མེད། །ཡང་ན་བློ་བཟང་འཇིག་རྟེན་ཁམས། །འདི་གཞན་སངས་རྒྱས་བཞུགས་པ་མཐོང་། །བསྟན་པ་འབྱུང་ལ་བརྟེན་ནས་ནི། །ཅིག་ཅར་སྐྱེ་བ་འགག་པ་ཡིན། །རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་དེ་དགུ་བཅུ་ལས་ཐོབ་པ། །དེས་ན་ཆོས་ཀྱི་དེ་ཁོ་ན། །བསྟན་པ་ཐབས་དང་བཅས་པ་བརྗོད། །འདི་ལས་ཆོས་ནི་ནན་ཏན་དུ། །ལེགས་སུ་ཉམས་སུ་ལེན་པར་བསྟན། །ཡང་ན་འཛིན་པ་ལ་སོགས་པ། །ཡོན་ཏན་བསྐྱེད་པར་འགྱུར་བ་ཡིན། །སངས་རྒྱས་གཞན་དག་མ་ཡིན་ཞེས། །དེ་ཡི་མཚན་ནི་སྨོས་པ་མཛད། །དེས་ན་ཐུབ་པ་བཞུགས་པ་ནི། །འཇིག་རྟེན་ཕན་ཕྱིར་ཉིད་དུ་བསྟན། །སྡོམ་བརྩོན་ཚུལ་ཁྲིམས་ལྡན་པ་དང་། །གཞན་དོན་གཞོལ་བས་རྩོལ་བ་ལས། །གཟུངས་ནི་ཐོབ་པར་ཐུབ་པ་དེས། །རབ་ཏུ་བྱུང་དང་ལྡན་པས་བསྟན། །མོད་ལ་ཞེས་བྱ་དེ་མ་ཐག །ཡང་ན་ཅིག་ཅར་འབྱུང་བ་ཡིན། །དགུ་བཅུ་ཞེས་བྱ་ལ་སོགས་ཚིག །དེས་ནི་དུས་གཞན་དགོངས་པ་ཡིན། །ཕུལ་ཕྱིན་ཡོན་ཏན་ལྡན་པ་ཡི། །གཟུངས་ནི་ཐོབ་པར་འགྱུར་བའི་ཕྱིར། །བདེ་བར་གཤེགས་པའི་སྲས་པོ་དེ། །གཟུངས་ཐོབ་རྣམས་ཀྱི་མཆོག་ཡིན་ནོ། །ཡེ་ཤེས་ཁྱད་འཕགས་འབྲེལ་པ་དང་། །ཡོན་ཏན་ཕུལ་ཕྱིན་ལྡན་པའི་ཕྱིར། །དེ་ནི་གཟུངས་ཚིག་ལྡན་རྣམས་ཀྱི། །མཆོག་ཏུ་རྒྱལ་བ་རྣམས་ཀྱིས་བསྟན། །སྤོབས་པ་རྒྱུན་མི་ཆད་པ་རྣམས། །སོ་སོ་ཡང་དག་རིག་ཐོབ་རྣམས། །དེ་དག་ཕུལ་ཕྱིན་ལྡན་པའི་ཕྱིར། །དེ་ནང་རྒྱལ་སྲས་དེ་མཆོག་གོ། །དེ་དག་གིས་གསུངས་ཚུལ་ཁྲིམས་ནི། །བསྒྲུབ་པ་མཉེས་བྱེད་རུང་བར་འདོད། །བསྐལ་པ་གསུམ་དུ་ཚོགས་རྣམས་ནི། །ཡོངས་སུ་རྫོགས་བྱས་བྱང་ཆུབ་ཐོབ། །དངོས་པོ་སྟོང་པས་འདོད་མི་བྱ། །ཚད་མ་དང་ཡང་འགལ་བའི་ཕྱིར། །མི་མཐུན་བློ་ནི་མི་བསྐྱེད་ཅིང་། །ཅིས་ཀྱང་ཐེ་ཚོམ་མི་བྱའོ། །ཐོས་པ་ལ་སོགས་ཤེས་པའམ། །ཡང་ན་ཚད་མ་གསུམ་པོ་ཡིས། །ཡོངས་སུ་བཅད་པར་མི་རུང་ཕྱིར། །སོམ་ཉི་ལ་སོགས་ཚིག་གསུམ་སྨོས། །སྤྱིར་བསྟན་པ་ནི་ཡོད་མོད་ཀྱི། །འོན་ཀྱང་བདག་གིས་འབྲས་ 73-9a བུར་བཤད། །འདི་ནི་མཚོན་པ་ཁོ་ན་སྟེ། །མདོ་ཡི་ཚིག་གིས་མངོན་པ་ཡིན། །དེ་ནི་མི་ལྡོག་ས་ཡི་དང་། །རྫོགས་པའི་སངས་རྒྱས་མཉེས་བྱ་ཡི། །རྒྱུར་འགྱུར་བས་ན་དེ་ཡི་ཕྱིར། །དེ་ཡིས་བྱང་ཆུབ་མྱུར་དུ་ཐོབ། །དོན་དང་ཡི་གེ་གཉིས་ཀ་ལས། །འདི་ནི་ཀུན་ཆུབ་བྱེད་པར་བསྟན། །ཐོས་བསམ་ལ་སོགས་ཐམས་ཅད་དང་། །ཡང་ན་ཡི་གེར་འདྲི་སོགས་ཀུན། །རིགས་པས་འགལ་བ་མ་ཡིན་དང་། །ཡང་ན་ཇི་སྐད་ཐོས་པ་བཞིན། །ཡིད་ལ་བྱེད་པ་གང་ཡིན་པ། །དེ་ནི་ཚུལ་བཞིན་ཡིད་བྱེད་ཡིན། །དོན་དང་ཡི་གེའི་སྒོ་ནས་འདི། །རྒྱ་ཆེར་ཡང་དག་སྟོན་པར་བྱེད། །ཡང་ན་རྣམ་པ་ཐམས་ཅད་དུ། །གཟུངས་འདི་ཡང་དག་སྟོན་པར་བྱེད། །དེ་ཡི་དེ་ནི་བདག་ཉིད་ཀྱིས། །ཚད་མས་ཤེས་པར་མི་ནུས་ལ། །གཞན་དག་གིས་ནི་བསྟན་ན་ཡང་། །དེ་ནི་བསམ་པར་མི་ནུས་སོ། །ཤེས་བྱ་མ་ལུས་མཁྱེན་པའི་ཕྱིར། །འདྲེན་པ་རྣམས་ཀྱིས་དེ་ཚད་དེ། །མངོན་སུམ་ཡོངས་སུ་མཁྱེན་པ་དང་། །དགོངས་པར་ཡང་ནི་སྤྱོད་པ་ཡིན། །བློ་རྨོངས་རྣམས་དང་མ་འདུས་དང་། །སྐྱེ་བོ་བློ་ནི་གཡེངས་རྣམས་ཕྱིར། །དོན་དེ་ཚིགས་སུ་བཅད་རྣམས་ཀྱིས། །ཐུབ་པ་ཡིས་ནི་བཟླས་ཏེ་གསུངས། །གཞི་དང་རྫས་བཟང་མང་པོ་དང་། །ཡོངས་སུ་བཀང་བའི་བྱེ་བྲག་གིས། །སྦྱིན་པར་བྱ་བའི་ཁྱད་ལས་འདི། །སྦྱིན་པ་ཁྱད་པར་འཕགས་པར་བསྟན། །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ། །མངོན་པར་བརྩོན་པ་གང་ཡིན་པ། །དེ་ནི་གཟུངས་ལ་བརྩོན་ཞེས་བྱ། །དེ་ལྟར་སྐབས་ཀྱིས་མངོན་པ་ཡིན། །ལུས་དང་ངག་དང་བློ་གྲོས་ལ། །སྟོབས་དང་གཟི་བརྗིད་རབ་རྣོ་བ། །རིམ་བཞིན་གཟི་བརྗིད་ཤེས་པར་བྱ། །ལུས་ཀྱི་སྒྲ་དེས་ལུས་གནས་བསྡུ། །ལུས་ནི་རྣམ་གསུམ་བྱེ་བྲག་གིས། །བསྲུང་སྐྱོབ་སྦེད་གསུངས་ཡང་ན་ནི། །གང་ཕྱིར་གནམ་བསྐོས་ལ་སོགས་པའི། །བྱེ་བྲག་གིས་ནི་གནོད་པ་གསུམ། །ཡང་ན་བདག་གཞན་རྐྱེན་གྱུར་ལས། །གནོད་པ་རྣམ་གསུམ་ཤེས་པར་བྱ། །སེམས་ཅན་སེམས་ཅན་མིན་བགྲང་བའི། །བྱེ་བྲག་གིས་ནི་གཞན་གཉིས་བསྟན། །མངོན་དུ་ཕྱོགས་པར་བྱ་བ་གཉིས། །འོང་བར་བྱ་བའི་ཕྱིར་གསུངས་ཏེ། །གཅིག་གིས་སྤྲོ་བར་བྱ་བ་བསྟན། །གཉིས་ཀྱིས་དེ་དག་ 73-9b གུས་པ་སྟེ། །གནོད་སྦྱིན་རྣམས་ནི་འདོང་བྱའི་ཕྱིར། །འཆག་པ་བསུ་བའི་བསམ་པར་བསྟེན། །དེ་ལྟར་མིན་དུ་ཟིན་ན་ནི། །དེ་ཡིས་ལྷག་པ་ཅི་ཞིག་བསྟན། །དེ་ལྟར་དོན་དུ་གཉེར་ཤེས་ནས། །འོང་བར་སྤྲོ་བའི་སེམས་ལྡན་རྣམས། །སྤྲོ་བའི་མཐུ་ལ་དམིགས་ནས་ནི། །དེ་དག་ངེས་པར་འོང་བར་འགྱུར། །གནོད་སྦྱིན་དེ་དག་ལྷགས་ནས་ནི། །བརྟན་བཞིན་བརྟུལ་ཞུགས་སྤྱོད་དེ་ལ། །མྱུར་དུ་གཟུངས་ཀྱི་སྒོ་རྣམས་ནི། །ཐེ་ཚོམ་མེད་པར་སྟོན་པར་བྱེད། །ཡན་ལག་ཀུན་གྱི་གཙོ་བོ་བཞིན། །བསྙད་པས་དེ་དག་བློ་དགའ་བས། །ལྷགས་པ་ཡིན་ཏེ་དེ་དག་ལས། །འབྲས་བུར་འགྱུར་བར་ཐེ་ཚོམ་མེད། །ཡི་གེ་བརྒྱད་པོ་དེ་དག་ནི། །བྱང་ཆུབ་སེམས་དཔའ་བརྒྱད་པོ་ཡིན། །དེ་ཕྱིར་དོན་དེ་བསྒོམས་པ་ལ། །དེ་དག་ཐམས་ཅད་ཕན་འདོགས་སོ། །གཞན་ལ་ཕན་འདོགས་ཞུགས་པའི་ཕྱིར། །སྨོན་ལམ་སྟོབས་ཀྱིས་དེ་དག་རྣམས། །དེ་དང་དེར་ནི་སྐྱེད་བྱེད་པ། །གང་ཡིན་དེ་ལ་ཐེ་ཚོམ་མེད། །སེམས་དཔའ་ཞེས་ནི་གསུངས་པ་འདི། །སེམས་ནི་སྙིང་རྗེས་བརླན་རྣམས་ཀྱིས། །ཕན་པར་བྱ་བ་འདོད་པའི་བློས། །སྙིང་བརྩེ་ནས་ནི་བལྟས་པ་ཡིན། །རྒྱལ་བའི་སྲས་པོ་དེ་དག་ནི། །ཕན་པ་ཉེ་བར་བསྒྲུབ་པ་དང་། །གནོད་པ་མེད་པར་སྤང་བ་ཡིས། །གཟུངས་ཐོབ་བྱ་ཕྱིར་མངོན་པར་བརྩོན། །གཟུངས་ལ་བརྩོན་བྱེད་གང་ཞེ་ན། །གང་ཞིག་ཉན་སེམས་རྗེས་ཡི་རང་། །འདྲི་དང་ལུང་ནོད་འདོན་ལ་སོགས། །སྟོན་པའི་ཚུལ་གྱིས་བརྩོན་བྱེད་པའོ། །གཟུངས་བསྐྱེད་ཆོ་ག་རྒྱལ་བ་ཡིས། །བདག་གཞན་ལྟོས་ལས་བཟླས་ཏེ་གསུངས། །སྟོན་པ་ལ་སོགས་བྱེ་བྲག་གིས། །གཞན་ནི་རྣམ་པ་གསུམ་དུ་འགྱུར། །ཆོས་དང་ཟང་ཟིང་བྱེ་བྲག་ལས། །བགོ་བཤའ་རྣམ་པ་གཉིས་སུ་བསྟན། །ཆུང་དང་ཉུང་དང་མང་པོ་ནི། །རྫས་དང་གྲངས་དང་གཉི་གར་བསྟན། །གཟུངས་དོན་བསྟན་པ་ཡིན་མོད་ཀྱི། །འོན་ཀྱང་སྤྱིར་ཡང་བསྟན་པ་མཛད། །བྱས་གཟོ་ལ་སོགས་གཞན་དུ་ཡང་། །བྱ་བའི་ཕྱིར་ན་གསུངས་པ་ཡིན། །འདིར་ནི་གཙོ་བོར་ཐུབ་པ་ཡིས། །འབྲས་བུ་གཉིས་སུ་བསྟན་པ་ཡིན། །མཐོ་རིས་ལ་སོགས་འབྲས་བུ་ནི། །གཞན་བསྟན་པ་ལས་རྟོགས་པར་འགྱུར། །བདག་དང་གཞན་དོན་རིམ་བཞིན་དུ། །ཞུས་པ་དང་ 73-10a ནི་དགོས་པ་ལྟར། །ཡང་ན་དོན་ནི་ཆེ་བའི་ཕྱིར། །ཚིག་གཉིས་ཀྱིས་ནི་བཟླས་ཏེ་ཞུས། །འདི་ནི་གོ་རིམས་ཁོ་ན་བཞིན། །རྒྱུ་དང་འབྲས་བུའི་དངོས་པོ་ཡིས། །མིང་ནི་རྣམ་པ་བཞིར་མཛད་དེ། །དེ་ཕྱིར་མིང་ཉུང་ལྷག་པ་མེད། །ལུགས་འབྱུང་ལུགས་འབྱུང་མ་ཡིན་ལས། །སྒྲུབ་དང་བསྒྲུབ་བྱའི་དངོས་པོ་ཡིས། །མིང་ནི་རྣམ་པ་བཞིར་མཛད་ཏེ། །དེ་ཕྱིར་མི་ཉུང་ལྷག་པ་མེད། །ཡང་ན་ཡོན་ཏན་ཐམས་ཅད་དང་། །ཡེ་ཤེས་ཕུན་སུམ་སྤོང་ཕུན་སུམ། །ཁྱད་པར་འཕགས་པ་ཕུན་སུམ་གྱི། །རྟེན་ནི་དེ་ཉིད་ཡིན་ཕྱིར་རོ། །ཐུབ་པའི་གསུང་ལས་འཇིག་རྟེན་གྱིས། །དོན་ཆེན་སྐྱེས་པ་མཐོང་གྱུར་ནས། །སེམས་ནི་རངས་པར་གྱུར་པའི་ཕྱིར། །མཁས་རྣམས་མངོན་པར་བསྟོད་པར་བྱེད། །ཐུབ་པའི་གསུང་ལས་རྐྱེན་རྐྱེན་དུ། །ཁྱད་པར་ཐོབ་པར་གྱུར་ནས་ནི། །ཡིད་ཀྱང་དགའ་བར་གྱུར་པའི་ཕྱིར། །མཁས་པས་ཁ་ཅིག་མངོན་པར་བསྟོད། །གསལ་ཞིང་དྲི་མེད་ཡོན་ཏན་ལྡན་པ་ཤིན་ཏུ་གཏིང་དཔག་དཀའ་བས་ཉམས་དགའ་གཟུངས་སྔགས་འདི། །བདག་འདྲ་ཉོན་མོངས་ཤིན་ཏུ་བློ་ཞན་གཞན་དུ་བདག་གིས་ཆེ་ལོང་རྣམ་པར་ཕྱེ་བ་ཡི། །བསོད་ནམས་ཕུང་པོ་ཕལ་ཆེན་རྣམས་ལ་ཕན་པ་རྙེད་པའི་མཐུ་ཅན་ཐོས་པ་གང་ཡིན་པ། །དེ་དག་ཐམས་ཅད་ཀྱིས་ནི་འགྲོ་བ་འདི་དག་ཀུན་གྱིས་ཡེ་ཤེས་སྙིང་པོ་རྟག་ཏུ་འཆང་བར་ཤོག །འཕགས་པ་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།  
Avalokiteśvaravimokṣa extracted from the Gaṇḍavyuhasūtra 38-68a གང་གི་ཞལ་བལྟ་བར་དགའ་བ་དེའི་ཚེ་འང་དེ་བཞིན་དུ་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྟན་པ་དང་། བསྟན་པ་མཛད་པ་དང་། བསྟན་པར་འགྱུར་བ་དེ་དག་ཀྱང་ཐོས་སོ། །ཐོས་ནས་ཀྱང་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིག་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་ཀྱིས་རྣམ་པར་འབྱེད་དོ། །བློས་རྟོགས་པར་བྱེད་དོ། །ཤེས་རབ་ཀྱིས་སྣང་བར་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་མཐར་ཕྱིན་པ་འདི་ཤེས་བར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་དུས་གསུམ་སྐད་ཅིག་གཅིག་ཏུ་ཤེས་པ་རབ་ཏུ་ཐོབ་པ། སྐད་ཅིག་གཅིག་གི་ཆ་ཤས་ལ་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་ལ་སྤྱད་པ། དེ་བཞིན་གཤེགས་པའི་ཉི་མ་ལས་བྱུང་བ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ། སངས་རྒྱས་ཐམས་ཅད་དང་མཉམ་པའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པ། བདག་དང་སེམས་ཅན་དང་། སངས་རྒྱས་མི་གཉིས་པར་སྤྱོད་པ། རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་རྒྱན་གྱི་དཀྱིལ་འཁོར་དང་ལྡན་པ། ཡེ་ཤེས་ཀྱི་འཁྲུལ་འཁོར་ཀྱིས་འཇིག་རྟེན་གྱི་དྲ་བ་འགེངས་པ། དེ་བཞིན་གཤེགས་པ་རྒྱ་མཚོ་ཐམས་ཅད་དང་། མི་འགལ་བར་རྣམ་པར་སྤྱོད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྣམ་པར་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བསྟན་པ་རྣམ་པར་རིག་པར་བྱེད་པའི་ཡེ་ཤེས་ཀྱི་ཡུལ་ཅན་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་རི་གྲུ་འཛིན་ཅེས་བྱ་བ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དྲིས་ཤིག་ཅེས་ 38-68b ནས་དེའི་ཚེ། ཚིགས་སུ་བཅད་པ་འདི་གཉིས་སྨྲས་སོ། །སོང་ཤིག་ནོར་བཟངས་དཔལ་གྱི་ཆུ་རྒྱལ་དཔུང་ཞིག་ན། །མཁས་པ་རྣམས་ཀྱིས་རི་རྒྱལ་གྲུ་འཛིན་མཛེས་པ་ཡོད། །རིན་ཆེན་རྒྱུས་བྱས་ཤིང་དང་ནགས་ཚལ་མེ་ཏོག་མང་། །བཟའ་ཤིང་ར་བ་རྫིང་དང་ཆུ་བྲན་འབབ་པར་ལྡན། །རི་མཆོག་དེ་ལ་བརྟན་པར་སྤྱན་རས་གཟིགས་ཀྱི་དབང། །འགྲོ་བ་རྣམས་ལ་ཕན་པའི་དོན་དུ་རྣམ་པར་སྤྱོད། །དེའི་གན་སོང་དང་ནོར་བཟངས་ཁྱོད་ལ་མགོན་པོ་ཡིས། །ཡོན་ཏན་རྒྱ་ཆེན་ཚུལ་ལ་འཇུག་པ་སྟོན་པར་བྱེད། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁྱིམ་བདག་ནན་ཁུགས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱིམ་བདག་ནན་ཁུགས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་ཁྱིམ་བདག་ནན་ཁུགས་ཀྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ། བམ་པོ་ལྔ་པ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཁྱིམ་བདག་ནན་ཁུགས་ཀྱི་གདམས་ངག་རྗེས་སུ་སེམས་ཤིང་། བྱང་ཆུབ་སེམས་དཔའི་མོས་པའི་མཛོད་དེ་ནི་ཤེས་པར་བྱེད། བྱང་ཆུབ་སེམས་དཔའི་རྗེས་སུ་དྲན་པའི་སྟོབས་དེ་ནི་རྗེས་སུ་དྲན་པར་བྱེད། སངས་རྒྱས་ཀྱི་ཚུལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྟོབས་ནི་ཡང་དག་པར་འཛིན། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཚམས་ནི་ཁོང་དུ་ཆུད་པར་བྱེད། རྣས་ཐོས་པའི་སངས་རྒྱས་ཀྱི་མཚན་དེ་དག་གི་རྗེས་སུ་ནི་འབྲང་། སངས་རྒྱས་ཀྱི་ཆོས་བསྟན་པའི་ཚུལ་དེ་དང་ནི་འཐུན་པར་བྱེད། སངས་རྒྱས་ཀྱིས་ཡང་དག་པར་བསྒྲུབ་པའི་རྒྱན་དེ་ནི་ཁོང་དུ་ཆུད་པར་བྱེད། སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དེ་ལ་ནི་ཡིད་ཆེས་པར་བྱེད། དེ་བཞིན་གཤེགས་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དེ་ནི་མངོན་དུ་བྱེད་ཅིང་། མཐར་གྱིས་རི་གྲུ་འཛིན་གང་ན་བ་དེར་ 38-69a སོང་ནས། རི་གྲུ་འཛིན་གྱི་སྟེང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའི་སྤྱན་རས་གཟིགས་ཀྱི་དབང་པོ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས། ནུབ་ཕྱོགས་ལོགས་ཀྱི་རིའི་སྨན་ལྗོངས་མཚོ་དང་། མཚེའུ་དང་འབབ་ཆུས་མཛེས་པར་གྱུར་པ། བཻཌཱུརྱ་སྔོན་པོའི་དཀྱིལ་འཁོར་ལྟར་སྔོ་ཞིང་འཇམ་ལ་གཞོན་པའི་སྤང་། ནགས་ཚལ་ཆེན་པོའི་མཐོངས་ན་འདུག་པ་ཞིག་ན། རིན་པོ་ཆེའི་རྡོ་རྗེའི་རྡོ་སྟེགས་ཤིག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྡོ་སྟེགས་ལ་འཁོད་པའི་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས། ཀུན་ནས་བསྐོར་ཅིང་ཆོས་སྟོན་ཏེ། ཆོས་ཀྱི་རྣམ་གྲངས་འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པའི་ཡུལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྒོ་གསལ་བར་སྟོན་པ་ཞེས་བ་བ་ཡང་དག་པར་སྟོན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས་དགའ་བས་རྒྱས་ཞིང་མི་འཛུམ་པའི་མིག་གིས་ཐལ་མོ་སྦྱར་ནས། དགེ་བའི་བཤེས་གཉེན་ལ་དད་པའི་ཤུགས་དང་ལྡན་པས་སེམས་མི་འཁྲུག་པ། དགེ་བའི་བཤེས་གཉེན་མཐོང་ན། སངས་རྒྱས་ཐམས་ཅད་མཐོང་བར་འཛིན་པ། དགེ་བའི་བཤེས་གཉེན་ལས་བྱུང་བའི་ཆོས་ཀྱི་སྤྲིན་ཐམས་ཅད་ཡང་དག་པར་གཟུང་བའི་འདུ་ཤེས་དང་ལྡན་པ། ཡོན་ཏན་དང་ནན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལུས་པའི་འདུ་ཤེས་ཅན། དགེ་བའི་བཤེས་གཉེན་དང་ཕྲད་པ་ཤིན་ཏུ་དཀའ་བར་སེམས་པ། དགེ་བའི་བཤེས་གཉེན་ལས་སྟོབས་བཅུའི་ཡེ་ཤེས་རིན་པ་ཆེ་འབྱུང་ཞིང་ཐོབ་པར་འགྱུར་བའི་འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ལས་སྣང་བ་མི་ཟད་པ་འབྱུང་བའི་འདུ་ཤེས་ཅན། དགེ་བའི་བཤེས་གཉེན་གྱི་རྟེན་གྱི་བསོད་ནམས་ཀྱི་རྒྱུད་རྣམ་པར་འཕེལ་བར་འགྱུར་བའི་འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ཡང་དག་པར་སྟོན་པའི་ 38-69b འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ནི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་ཡོངས་སུ་སྟོན་པར་འདུ་ཤེས་པ། དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡང་དག་པར་འདུས་པ། ཡོངས་སུ་བསྐྱེད་པའི་འདུ་ཤེས་དང་ལྡན་པ་དེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་གང་ན་བ་དེར་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་ཚོང་དཔོན་གྱི་བུ་ནོར་བཟངས་རིང་ཞིག་ནས་ཚུར་འོང་བ་མཐོང་ནས། སྨྲས་པ། ཚུར་ཤོག་དཔེ་མེད་པའི་ཐེག་པ་ཆེན་པོ་ཡངས་ཤིང་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ། སྐྱེ་བ་ལས་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་ཤིང་སྐྱབས་མེད་པར་གྱུར་པའི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བསམ་པ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ། འཇིག་རྟེན་ཐམས་ཅད་ལས་འདས་ཏེ་དཔེ་མེད་ཚད་མེད་པ་ལ་མངོན་པར་མོས་པ། སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པས། འགྲོ་བ་ཐམས་ཅད་ཡོངས་ས་བསྐྱབ་པའི་བློ་གྲོས་ཅན། བལྟ་ན་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་མངོན་དུ་བལྟས་པ། སྨོན་ལམ་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་སྦྱང་བའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་བར་མོས་པ། དགེ་བའི་རྩ་བ་བསྩགས་པས་ངོམས་མི་ཤེས་པའི་བསམ་པ་དང་ལྡན་པ། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཡང་དག་པར་ཞུགས་པ། འཇམ་དཔལ་གྱི་ཡེ་ཤེས་རྒྱ་མཚོ་ལས་བྱུང་བའི་ཡོན་ཏན་གྱི་འབྱུང་གནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཐོབ་པར་བྱ་བ་ལ་མངོན་དུ་བལྟས་པ། ཏིང་ངེ་འཛིན་གྱི་སྣང་བ་དང་ཤུགས་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་གཟུང་བ་ལ་མངོན་པར་མོས་པའི་སེམས་དང་ལྡན་པ། སངས་རྒྱས་མཐོང་བས་དགའ་བ་དང་། མོས་པའི་ཤུགས་ཀྱིས་ཡིད་རབ་ཏུ་བདེ་བར་གྱུར་པ། ལེགས་པར་སྤྱོད་པ་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཤུགས་ཀྱིས་མངོན་པར་བརླན་ 38-70a པའི་སེམས་དང་ལྡན་པ། ཡོན་ཏན་ལ་ནན་ཏན་དུ་བྱ་བའི་ཤུགས་ཀྱིས་རྣམ་པར་དག་པའི་བསོད་ནམས་དང་ཡེ་ཤེས་ཀྱི་མཛོད་བདག་ལ་མངོན་དུ་གྱུར་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བའི་ལམ་གྱི་ཤུགས་གཞན་ལ་ཡོངས་སུ་བསྟན་པའི་བསམ་པ་ཅན། སྙིང་རྗེ་ཆེན་པོའི་ཤུགས་མ་ཉམས་པའི་རྩ་བ་དང་ལྡན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་ཤུགས་ཡང་དག་པར་གཟུང་བའི་བློ་གྲོས་ཅན་ཁྱོད་འོངས་པ་ལེགས་སོ་ལེགས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་གདན་པ་དེར་སོང་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་མདོག་འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་ཏུ་འདུག་པ་འོད་ཀྱི་དྲ་བ་རྣམ་པ་སྣ་ཚོགས་ཚད་མེད་པ་འཕྲོ་བའི་རྒྱན་གྱི་སྤྲིན་རབ་ཏུ་འགྱེད་པའི་ལག་པ་གཡས་པ་བརྐྱང་ཏེ། མཚན་དང་དཔེ་བྱད་བཟང་པོ་ལས་བྱུང་བའི་འོད་གཟེར་སྣ་ཚོགས་དྲི་མ་མེད་པ། ལུས་དང་སེམས་ཀྱི་བདེ་བ་ཚད་མེད་པ་རབ་ཏུ་སྐྱེད་ 38-70b པའི་ཚོགས་ཀྱིས་ཤིན་ཏུ་རྒྱས་པའི་ལག་པ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་སྤྱི་བོ་ལ་བཞག་སྟེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ཞེས་བྱ་བ་ཤེས་ཏེ། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་དེ་ནི་འགྲོ་བ་ཐམས་ཅད་ལ་དབྱེ་བ་མེད་པར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་པ་སྒོ་ཀུན་ནས་ཐོས་ཤིང་རྣམ་པར་རིག་པར་འགྱུར་བས། སེམས་ཅན་ཡོངས་སུ་བསྡུ་བ་དང་། གདུལ་བ་ལ་ཉེ་བར་གནས་པ་སྟེ། རིགས་ཀྱི་བུ་དེ་ལྟར་ང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ལ་གནས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་ཀྱང་མི་གཡོ་ལ། སེམས་ཅན་ཐམས་ཅད་ཀྱི་དགོས་པ་ལའང་སྟ་གོན་དུ་གནས་ཏེ། སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་སྡུད་དོ། །ངག་སྙན་པ་དང་དོན་བྱ་བ་དང་། དོན་འཐུན་པས་ཀྱང་སེམས་ཅན་ཡོངས་སུ་བསྡུད་དོ། །གཟུགས་ཀྱི་ལུས་རྣམ་པར་བསྟན་པས་ཀྱང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །ཁ་དོག་དང་དབྱིབས་དང་གཟུགས་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། རྣམ་པར་དམིགས་པར་བྱ་བ་དང་། འོད་གཟེར་ཀྱི་དྲ་བ་དགྱེ་བས་ཀྱང་སེམས་ཅན་རབ་ཏུ་ཚིམ་པར་བྱེད་ཅིང་ཡོངས་སུ་སྨྱིན་པར་བྱེད་དོ། །བསམ་པ་ཇི་ལྟ་བ་བཞིན་དུ་དབྱངས་བརྗོད་པ་དང་། ཅི་ལ་དགའ་བའི་སྤྱོད་ལམ་ཡོངས་སུ་བསྟན་པ་དང་། མོས་པ་སྣ་ཚོགས་དང་། ཚུལ་འཐུན་པར་ཆོས་བསྟན་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྣ་ཚོགས་དང་། དགེ་བའི་ཆོས་བསྩགས་པར་བག་མྱི་བྱེད་པའི་སེམས་ཅན་གྱི་སེམས་ཡོངས་སུ་བསྐུལ་བ་དང་། བསམ་པ་དང་འཐུན་པར་སྤྲུལ་པ་སྣ་ཚོགས་ཚད་མེད་པ་ཡོངས་སུ་བསྟན་པ་དང་། རིགས་སྣ་ཚོགས་སུ་སྐྱེས་པའི་ 38-71a སེམས་ཅན་རྣམས་དང་སྐལ་བ་འཐུན་པའི་གཟུག་ཡོངས་སུ་བསྟན་པ་དང་། གནས་གཅིག་ཏུ་འགྲོགས་པས་ཀྱང་སེམས་ཅན་ཡོངས་སུ་བསྡུས་ཤིང་ཡོངས་སུ་སྨྱིན་པར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་འདི་ཡོངས་སུ་སྦྱངས་པས། འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་སྨོན་ལམ་བསྐྱེད་དེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་གཡང་སའི་འཇིགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་འཇིགས་པ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མགོ་རྨོངས་པའི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བཅིངས་པའི་འཇིགས་པ་ཡོངས་སུ་གཅད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་བབ་པར་མི་བདེ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡོ་བྱད་ཀྱིས་ཕོངས་པའི་འཇིག་པ་བསལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་མེད་པའི་འཇིགས་པ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་གྲགས་པ་མེད་པའི་འཇིག་རྟེན་པ་ལས་ཡོངས་སུ་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་འཇིགས་པ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་དུ་བག་ཚ་བའི་འཇིགས་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཆི་བའི་འཇིགས་པ་ལས་རྣམ་པར་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་མུན་པས་ཉམ་ང་བ་ཕྱིར་མི་ལྡོག་པའི་སྣང་བས་གསལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་སྐལ་བ་མི་མཉམ་པ་དང་འགྲོགས་པའི་འཇིགས་པ་ཤིན་ཏུ་བསལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་པ་དང་བྲལ་བའི་འཇིགས་པ་དགག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མི་སྡུག་པ་དང་། འགྲོགས་པའི་འཇིགས་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལུས་ལ་མི་བདེ་བའི་འཇིགས་པ་དང་བྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་སེམས་ལ་མི་བདེ་ 38-71b བའི་འཇིགས་པ་ལས་དགྲོལ་བ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་ལས་ཡོངས་སུ་བཟླ་བའི་ཕྱིར་འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་སྨོན་ལམ་མངོན་པར་བསྒྲུབ་པ་འདི་བྱས་སོ། །སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་རྣམ་པར་ཞི་བར་བྱ་བའི་ཕྱིར་ཡང་འཇིག་རྟེན་དུ་རྗེས་སུ་དྲན་པའི་སྒོ་བྱིན་གྱིས་བརླབས་སོ། །སེམས་ཅན་ཐམས་ཅད་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར། རང་གི་མྱིང་འཁོར་ལོ་ཡང་འཇིག་རྟེན་དུ་རྣམ་པར་དམིགས་པར་བྱས་སོ། །དུས་ཇི་ལྟ་བ་བཞིན་དུ་འགྲོ་བས་རྣམ་པར་དམྱིགས་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྣམ་པའི་བྱེ་བྲག་མཐའ་ཡས་པ་དང་མཉམ་པར་ངའི་ལུས་ཀྱང་བྱིན་གྱིས་བརླབས་སོ། །རིགས་ཀྱི་བུ་དེ་ལྟར་ང་ནི་ཐབས་འདིས་སེམས་ཅན་ཐམས་ཅད་འཇིགས་པ་ལས་ཡོངས་སུ་བཀྲོལ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིར་མི་ལྡོག་པར་བྱེད་དོ། །རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་འདི་ཐོབ་པར་ཟད་ན། དེས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་དཀྱིལ་འཁོར་ལ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁོང་དུ་ཆུད་པར་རྟོགས་པ། དགེ་བའི་ཆོས་མངོན་པར་འདུ་བྱ་བ་རྒྱུན་མི་གཅོད་པའི་རྒྱུད་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཏུ་མཉམ་པར་གཞག་པ། བསྐལ་པ་ཐམས་ཅད་དུ་གནས་ཤིང་སྤྱོད་པ་ལས་ཕྱིར་མི་ལྡོག་པའི་རྒྱུད་དང་ལྡན་པ། དུས་གསུམ་ཐམས་ཅད་ཀྱི་ཚུལ་རྗེས་སུ་རྟོགས་པའི་རྒྱུད་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཀློང་ཡོངས་སུ་འཁྱིལ་བའི་རྒྱུད་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་སེམས་རྣམ་པར་ཞི་བར་བྱེད་པའི་རྒྱུད་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སེམས་ཡོངས་སུ་འཕེལ་བའི་རྒྱུད་དང་ལྡན་པ། 38-72a སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་རྒྱུད་ལས་ཕྱིར་མི་ལྡོག་པར་བྱེད་པའི་རྒྱུད་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། དེ་ལ་འདི་སྐད་ཅེས་བྱའོ། །གཡས་ཕྱོགས་བསྐོར་བ་བྱས་ཏེ་གུས་པར་བཀུར་བསྟོད་ནས། །ནོར་བཟངས་ཤིན་ཏུ་དུལ་བ་ལྷོ་ཕྱོགས་རྒྱུད་དུ་སོང་། །སྤྱན་རས་གཟིགས་དབང་དྲང་སྲོང་སྙིང་རྗེ་རྣམ་སྤྱོད་པ། །རིན་ཆེན་རིའི་སུལ་ན་གནས་པར་དེས་ཀྱང་མཐོང་། །རིན་ཆེན་སྣ་ཚོགས་རྡོ་རྗེའི་རི་ཡི་སྨན་ལྗོངས་ན། །པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྟན་པར་འདུག ལྷ་དང་ལྷ་མིན་ཀླུ་དང་སྲིན་པོ་མིའམ་ཅི། །རྒྱལ་བའི་སྲས་ཀྱིས་བསྐོར་ཅིང་དེ་ལ་ཆོས་ཀྱང་སྟོན། །མཐོང་ནས་ནོར་བཟངས་དགའ་བ་ཚད་མེད་སྐྱེས་པར་གྱུར། །བསྙེན་ཏེ་ཡོན་ཏན་རྒྱ་མཚོའི་རྐང་ལ་ཕྱག་འཚལ་ནས། །ཅི་ནས་བཟང་པོའི་སྤྱོད་པ་བདག་གིས་ཐོབ་འགྱུར་བར། །འཕགས་པས་ཐུགས་རྗེ་བསྐྱེད་དེ་གདམས་ཤིང་བསླབ་པར་གསོལ། །བསོད་ནམས་བརྒྱ་པས་བརྒྱན་པའི་དྲི་མེད་ལག་བརྐྱང་སྟེ། །འོད་སྤྲིན་དྲ་བ་རྒྱ་ཆེན་བཟང་པོ་རབ་བཏོན་ནས། །ནོར་བཟངས་སྤྱི་བོར་བཞག་སྟེ་སེམས་ཅན་རྣམ་དག་པ། །སྤྱན་རས་གཟིགས་ཀྱི་དབང་པོ་མཁས་པས་ཚིག་འདི་སྨྲས། །སངས་རྒྱས་སྲས་བོ་ང་ནི་རྣམ་ཐར་གཅིག་སྒོ་ཤེས། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེ་སྡུག །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་བྱུང་། །ཀུན་ཏུ་བདག་ཉིད་རང་ལ་བྱམས་པ་བཞིན་དུ་རྒྱུ། །འགྲོ་བ་མང་པོ་ཐམས་ཅད་སྡུག་བསྔལ་ཀུན་ལས་སྐྱོབ། །གང་རྣམས་དམ་དུ་བཅིངས་ཤིང་དགྲ་ལག་ཕྱིན་པ་དང་། །ལུས་ལ་གཟེར་ཅིང་དེ་བཞིན་བཙོན་རར་བཙུད་པ་ཡང་། །ང་ཡི་མིང་ཐོས་བཅིངས་ཤིང་བཟུང་བ་ཐར་བར་འགྱུར། །རྒྱལ་པོ་དག་ལ་ཉེས་པའི་གཡོན་བྱས་གསད་སྤངས་པ། །དེ་ཚེ་དེ་དག་ང་ཡི་མིང་ཡང་དྲན་གྱུར་ན། །མདའ་འཕངས་དེ་ཡི་ལུས་ལ་ཕོག་པར་མི་འགྱུར་ཏེ། །མཚོན་རྣོན་བཏབ་ཀྱང་དེ་དག་མི་འཛུག་སྒལ་བར་འགྱུར། ། 38-72b དབང་པོའི་འཁོར་དུ་ཕྱིན་ཀྱང་གང་རྣམས་རྩོད་གྱུར་པ། །དགྲ་རྣམས་ཀུན་ལས་རྒྱལ་འགྱུར་གྲགས་པ་འཐོབ་པར་འགྱུར། །གྲགས་དང་གྲོགས་དང་རིགས་དང་ནོར་རྣམས་འཕེལ་བར་འགྱུར། །ང་ཡི་མིང་དྲན་དེ་དག་ཐུབ་པ་མེད་པར་འགྱུར། །གང་གིས་ང་ཡི་མིང་ནི་རྗེས་སུ་དྲན་བྱས་པ། །དེ་དག་རྐུན་པོས་འཇིགས་དོགས་དགྲས་འཇིགས་ནགས་ཕྱིན་ཏེ། །སེང་གེ་དོམ་གཟིག་གཅན་ཟན་གཡག་རྒོད་སྦྲུལ་གང་ཡང་། །དགྲ་རྣམས་ཀུན་ལས་རྒྱལ་ཞིང་འཇིགས་པ་མེད་པར་འགྱུར། །གང་རྣམས་ལ་ལས་ང་ཡི་མིང་ཞིག་དྲན་བྱས་ན། །སྡང་བའི་སེམས་ཀྱིས་རིན་ཆེན་ལྟོངས་སུ་བོར་གྱུར་ཏམ། །སོལ་མདག་ལྕི་མེ་རབ་ཏུ་འབར་བར་བོར་གྱུར་ཀྱང་། །མེ་རྣམས་པད་མོས་གང་བའི་ཆུ་ཡི་གཏེར་དུ་འགྱུར། །ང་ཡི་མིང་ནི་སྐད་འགའ་ཡུད་ཙམ་རྗེས་དྲན་ན། །རྒྱ་མཚོའི་ཆུར་བོར་དེ་ཡི་ནང་དུ་འཆི་མི་འགྱུར། །ཆུ་བོས་མི་འཁྱེར་མེ་ཡི་དབུས་སུ་ཚིག་མི་འགྱུར། །དོན་མེད་ཀུན་ཏུ་མི་འགྱུར་དོན་རྣམས་འགྲུབ་པར་འགྱུར། །ཤིང་སྒྲོག་དབྱིག་ཆིངས་ལྕགས་སྒྲོག་དེ་བཞིན་ལྟུང་རྣམས་དང་། །བརྙས་ཤིང་ཁྱད་བསད་དེ་བཞིན་བྲིད་ཅིང་བསླུས་པ་དང་། །སྤྱོས་ཤིང་བསྡིགས་ཏེ་གཤེ་དང་སྨ་ཕབ་རྣམ་པ་ལས། །ང་ཡི་མིང་ཙམ་དྲན་པར་བྱས་ན་ཐར་པ་ཐོབ། །གང་རྣམས་ཤར་གཉེར་སྣ་ཚོགས་གླགས་ལྟ་ཇི་སྙེད་དང་། །གང་རྣམས་རྟག་ཏུ་ཞེ་སྡང་མི་སྙན་བརྗོད་པའི་རྣམས། །ང་ཡི་མིང་ཐོས་དྲན་བྱས་སྙན་པར་བརྗོད་པར་འགྱུར། །མཐོང་བ་ཙམ་གིས་མོད་ལ་བྱམས་པའི་སེམས་ཀྱང་སྐྱེ། །ང་ཡི་མིང་ཙམ་ལ་ལ་གང་གིས་དྲན་བྱས་ནས། །གནོད་པའི་དོན་དུ་རོ་ལངས་སྔགས་དང་བྱད་བྱེད་པའི། །དགྲ་རྣམས་རྟག་ཏུ་དེ་ཡི་ཟིལ་གྱིས་ནོན་པར་འགྱུར། །མ་ལུས་དུག་གིས་དེ་ཡི་ལུས་ལ་མི་ཚུགས་སོ། །ལ་ལ་གང་གིས་ང་ཡི་མིང་ཙམ་དྲན་བྱས་ན། །ཀླུ་དབང་སྲིན་ཚོགས་མཁའ་ལྡིང་ཤ་ཟ་ཐམས་ཅད་དང་། །གྲུལ་བུམ་སྲུལ་པོ་འཚེ་བྱེད་གཏུམ་པོའི་སེམས་དང་ལྡན། །མདངས་འཕྲོག་འཇིགས་བྱེད་རྨི་ལམ་འོང་བའང་ཞི་བར་འགྱུར། །ང་ཡི་མིང་ནི་སྐད་ཅིག་ཡུད་ཙམ་དྲན་བྱས་ཀྱང་། །ཕ་དང་མ་དང་གཉེན་བཤེས་ 38-73a མཛའ་བ་ཀུན་དང་ཡང་། །འབྲལ་བར་མི་འགྱུར་སྡང་དང་འགྲོགས་པར་དེ་བཞིན་མིན། །ནོར་ཟད་མི་འགྱུར་ཕོངས་པའི་དངོས་སུ་མི་འགྱུར་རོ། །ང་ཡི་མིང་གི་རྗེས་སུ་ལ་ལ་དྲན་བྱེད་ན། །འདི་ནས་ཤི་འཕོས་མནར་མེད་སེམས་དམྱལ་མི་འགྲོ་སྟེ། །བྱོལ་སོང་སྐྱེ་གནས་ཡི་དགས་མི་ཁོམ་གནས་སུ་མིན། །སེམས་ཅན་དག་ལ་ལྷ་དང་མི་ཡི་གནས་སུ་སྐྱེ། །ང་ཡི་མིང་ནི་ལ་ལ་གང་གིས་དྲན་བྱས་ན། །དམུས་ལོང་ཞར་བ་འོན་པ་ཞ་བོར་མི་འགྱུར་ཏེ། །འཐེང་པོ་ལོང་བར་མི་འགྱུར་གསལ་སྨྲ་བལྟ་སྡུག་འགྱུར། །བསྐལ་པ་བྱེ་བ་མང་པོར་དབང་པོར་ཀུན་ལྡན་འགྱུར། །ལ་ལ་གང་གིས་ང་ཡི་མྱིང་ནི་རྗེས་དྲན་ན། །སེམས་ཅན་དག་པ་འདི་ནས་ཤི་འཕོས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་སུ་སངས་རྒྱས་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་མཐོང་འགྱུར་དེ་དག་ཆོས་ཀྱང་ཐོས་པར་འགྱུར། །འདི་དང་དེ་བཞིན་གཞན་དག་ཐབས་མང་ཇི་སྙེད་ཀྱིས། །འགྲོ་བར་སེམས་ཅན་ང་འདུལ་གཞལ་དང་ཟད་མི་ནུས། །སངས་རྒྱས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམས་ཏེ། །ཡོན་ཏན་ཅན་གྱི་ཡོན་ཏན་ཐམས་ཅད་ངས་མི་ཤེས། །དེའི་ཚེ་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་ཞེས་བྱ་བ་ཤར་ཕྱོགས་ནས་ནམ་མཁའི་དབྱིངས་ལས་འོངས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་རྩེ་མོར་འདུག་གོ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་རྩེ་མོ་ལ་རྐང་པ་གཉིས་བོར་མ་ཐག་དུ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། རིན་པོ་ཆེ་དུ་མའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དུ་མྱི་འགྲོ་བ་དེས། ཉི་མ་དང་ཟླ་བའི་འོད་ཐམས་ཅད་ཟིལ་གྱིས་ནོན་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། མེ་དང་རིན་པོ་ཆེ་དང་། གློག་དང་། སྐར་མའི་འོད་ཀྱང་ཟིལ་གྱིས་ནོན་པ་དེ་ལྟ་བུའི་འོད་ལུས་ལས་ 38-73b བཀྱེ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཀྱང་སྣང་བར་བྱས། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐིབས་པོ་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱང་དེ་མ་ཐག་ཏུ་ཞིའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་ཉམས་སུ་མི་གནོད་པར་གྱུར་ཏོ། །མྱ་ངན་གྱི་ཟུག་རྔུ་དང་སྡུག་བསྔལ་སྣ་ཚོགས་ཀྱང་རྩེ་ཟིལ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་དུ་འང་རིན་པོ་ཆེའི་སྤྲིན་གྱི་ཆར་ཕབ་སྟེ། མེ་ཏོག་དང་སྤོས་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྒྱན་ཐམས་ཅད་དང་ལྡན་པའི་མཆོད་པ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེའི་ལུས་དེའི་གཟུགས་བརྙན་ནི་སེམས་ཅན་ཐམས་ཅད་གནས་སུ་སྣང་བ་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པ་ལ་མངོན་པར་གཞོལ་བས། རི་གྲུ་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་དུ་ཡང་ཕྱིན་པར་སྣང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་འཁོར་གྱི་དཀྱིལ་འཁོར་འདིར་ཕྱིན་པ་མཐོང་ངམ། སྨྲས་པ་འཕགས་པ་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་ 38-74a བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡེ་ཤེས་ཀྱི་གཏིང་མ་རྙེད་པའི་སེམས་ཀྱིས་སྤྱན་རས་གཟིགས་ཀྱི་དབང་པོ་བལྟ་བས་ཀྱང་མ་ངོམས་བཞིན་དུ་བསྒོ་བ་དང་། མི་འགལ་བར་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་གང་ན་བ་དེར་སོང་སྟེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། །དེས་སྨྲས་པ་རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་སྒོ་ཀུན་ཏུ་འགྲོ་བ་ཐོབ་པའོ། །སྨྲས་པ། འཕགས་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་གི་ཞབས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཀུན་ཏུ་འགྲོ་བ་ཞེས་བྱ་བ་འདི་བརྙེས། འཇིག་རྟེན་གྱི་ཁམས་དེ་ནི་འདི་ནས་ཇི་སྲིད་ཅིག་ན་མཆིས། འཇིག་རྟེན་གྱི་ཁམས་དེ་ནས་བཞུད་ནས་ནི་ཇི་སྲིད་ཅིག་ལགས། སྨྲས་པ་རིགས་ཀྱི་བུ་གནས་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་ཀྱང་ཤེས་པར་དཀའ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་མཐུ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་མི་ལྡོག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འཕྲོགས་པའི་ཡུལ་ཏེ། དེ་ནི་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ། སངས་རྒྱས་ཀྱིས་མ་དགོངས་པ། དགེ་བའི་རྩ་བ་མ་བསྩགས་པ། བསམ་པ་ཡོངས་སུ་མ་དག་པ། བྱང་ཆུབ་སེམས་དཔའི་དབང་པོ་མ་ཐོབ་པ། ཤེས་རབ་ཀྱི་མིག་དང་མི་ 38-74b ལྡན་པ་རྣམས་ཀྱིས་ཐོས་བ་འམ། ཡོངས་སུ་གཟུང་བའམ། ཡིད་ཆེས་པའམ། ཁོང་དུ་ཆུད་པར་བྱ་བར་མི་ནུས་སོ། །སྨྲས་པ། སངས་རྒྱས་ཀྱི་མཐུ་དང་། དགེ་བའི་བཤེས་གཉེན་གྱི་གཟུངས་ཀྱིས་དད་པ་དང་། མོས་པར་བགྱི་ན་འཕགས་པས་བདག་ལ་བཀའ་མི་སྩལ་ཏམ། དེས་སྨྲས་པ་རིགས་ཀྱི་བུ་ང་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔལ་གྱི་སྙིང་པོ་དང་ལྡན་པ་དེ་བཞིན་གཤེགས་པ་དཔལ་ཀུན་ནས་ཡང་དག་པར་འབྱུང་བའི་སངས་རྒྱས་ཀྱི་ཞིང་ནས་འོངས་ཏེ། དེ་བཞིན་གཤེགས་པ་དཔལ་ཀུན་ནས་ཡང་དག་པར་འབྱུང་བའི་ཞབས་ཀྱི་དྲུང་ནས་ངས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཀུན་ཏུ་འགྲོ་བ་འདི་ཐོབ་བོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དཔལ་གྱི་སྙིང་པོ་དང་ལྡན་པ་དེ་ནས་ང་སོང་ནས་ནི་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་འདས་ཏེ། སེམས་བསྐྱེད་པ་རེ་རེ་ཞིང་ཡང་གོམ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བོར་རོ། །གོམ་པ་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང་ལྡན་པར་ཤེས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་འང་དེ་བཞི་གཤེགས་པའི་མཆོད་པ་བླ་ན་མེད་པ་ཡིད་ཀྱིས་རང་བཞིན་ཆོས་ཉིད་མངོན་པར་འདུ་བ་བ་མེད་པའི་རྒྱས་བཏབ་པ་དེ་བཞིན་གཤེགས་པས་གནང་བ། བྱང་ཆུབ་སེམས་དཔའི་དགའ་བ་ཡོངས་སུ་བསྐྱེད་པས་མཆོད་པ་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གྱི་ཁམས་རྒྱ་མཚོ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། དེ་དག་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ཡང་ཁོང་དུ་ཆུད་དོ། །དེ་དག་ཐམས་ཅད་ཀྱི་དབང་པོའི་འཁོར་ལོ་ཡང་ཡོངས་སུ་ཤེས་ཤིང་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཡོངས་སུ་བསྟན་ཏོ། །ཆོས་ཀྱི་དབྱངས་རབ་ཏུ་བསྒྲགས་སོ། །འོད་ཀྱི་དཀྱིལ་འཁོར་ཡོངས་སུ་བཀྱེའོ། །ཡོ་བྱད་སྣ་ཚོགས་ཕུན་སུམ་ཚོགས་པས་ཀྱང་ཉེ་བར་བསྡུད་དོ། རང་གི་ལུས་ཀྱང་དེ་དག་  
30 avalokiteśvaraḥ/ atha khalu sudhanaḥ śreṣṭhidārako veṣṭhilasya gṛhapateranuśāsanīmanuvicintayan, taṃ bodhisattvādhimuktikośaṃ nigamayan, tadbodhisattvānusmṛtibalamanusmaran, taṃ buddhanetraparaṃparābalaṃ saṃdhārayan, taṃ buddhānantaryānusaṃdhimanugacchan, taṃ buddhanāmaśrotrānugamamanusmaran, taṃ buddhadharmadeśanānayamanulomayan, taṃ buddhadharmasamudāgamavyūhamavataran, tadbuddhābhisaṃbodhivinarditamadhimucyamānaḥ, tadacintyaṃ tathāgatakarmābhimukhīkurvan anupūrveṇa yena potalakaḥ parvatastenopasaṃkramya potalakaṃ parvatamabhiruhya avalokiteśvaraṃ bodhisattvaṃ parimārgan parigaveṣamāṇo'drākṣīdavalokiteśvaraṃ bodhisattvaṃ paścimadikparvatotsaṅge utsasaraḥprasravaṇopaśobhite nīlataruṇakuṇḍalakajātamṛduśādvalatale mahāvanavivare vajraratnaśilāyāṃ paryaṅkaṃ baddhvā upaviṣṭaṃ nānāratnaśilātalaniṣaṇṇāparimāṇabodhisattvagaṇaparivṛtaṃ dharmaṃ deśayamānaṃ sarvajagatsaṃgrahaviṣayaṃ mahāmaitrīmahākarūṇāmukhodyotaṃ nāma dharmaparyāyaṃ saṃprakāśayantam/ dṛṣṭvā ca punastuṣṭa udagra āttamanāḥ pramuditaḥ prītisaumanasyajātaḥ praharṣitavikasitānimiṣanayanaḥ kṛtāñjalipuṭaḥ kalyāṇamitraprasādavegānugatāvikṣiptacetāḥ kalyāṇamitreṣu sakalabuddhadarśanasaṃjñī kalyāṇamitraprabhavasarvadharmameghasaṃpratīcchanasaṃjñī kalyāṇamitrādhīnasarvaguṇapratipattisaṃjñī kalyāṇamitrasamavadhānadurlabhasaṃjñī kalyāṇamitrodbhavadaśabalajñānaratnapratilābhasaṃjñī kalyāṇamitrasamudbhavākṣayajñānālokasaṃjñī kalyāṇamitrāśrayasaṃvardhitapuṇyapravālasaṃjñī kalyāṇamitrasaṃprakāśitasarvajñatādvārasaṃjñī kalyāṇamitroddeśitamahājñānasāgarāvatārasaṃjñī kalyāṇamitrasaṃjanitasarvajñatāsaṃbhārasamudayasaṃjñī yena avalokiteśvaro bodhisattvastenābhijagāma// atha khalu avalokiteśvaro bodhisattvaḥ sudhanaṃ śreṣṭhidārakaṃ dūrata eva āgacchantamavalokya āmantrayāmāsa-ehi/ svāgataṃ te anupamodārācintyamahāyānasaṃprasthitā jātamūlakavividhaduḥkhopadrutāpratiśaraṇasarvajagatparitrāṇāśayā sarvalokātikrāntānupamāprameyā sarvabuddhadharmādhyakṣatābhilāṣin mahākarūṇāvegāviṣṭa sarvajagatparitrāṇamate samantabhadradarśanacaryābhimukha mahāpraṇidhānamaṇḍalapariśodhanacitta sarvabuddhadharmameghasaṃdhāraṇābhilaṣitakuśalamūlopacayātṛptāśayakalyāṇamitrānuśāsanīsamyakpravṛtta-mañjuśrījñānasāgarasaṃbhūta guṇakamalākara buddhādhiṣṭhānapratilābhābhimukhaḥ samādhyālokavegapratilabdha sarvabuddhadharmameghasaṃdhāraṇābhilaṣitacitta buddhadarśanaprītiprasādavegapraharṣitamānasa acintyāpramāṇasucaritavegābhiṣyanditacetaḥ guṇapratipattivegaviśuddhapuṇyajñānakośa svayamabhijñāmukhasarvajñajñānamātravegaparasaṃdarśābhiprāya mahākaruṇāvegavipannamūlatathāgatajñānālokavega saṃdhāraṇamate// atha khalu sudhanaḥ śreṣṭhidārako yena avalokiteśvaro bodhisattvastenopasaṃkramya avalokiteśvara bodhisattvasya pādau śirasābhivandya avalokiteśvaraṃ bodhisattvamanekaśatasahasrakṛtvaḥ pradakṣiṇīkṛtya purataḥ prāñjaliḥ sthitvā evamāha-mayā ārya, anuttarāyāṃ samyaksaṃbodhau cittamutpāditam/ na ca jānāmi kathaṃ bodhisattvena bodhisattvacaryāyāṃ śikṣitavyam, kathaṃ pratipattavyam/ śrutaṃ ca me āryo bodhisattvānāmavavādānuśāsanīṃ dadātīti/ tadvadatu me āryaḥ-kathaṃ bodhisattvena bodhisattvacaryāyāṃ śikṣitavyam, kathaṃ pratipattavyam// atha khalu avalokiteśvaro bodhisattvo jāmbūnadasuvarṇavarṇaṃ vicitrāprameyaprabhājālavāhavyūhameghapramuñcanaṃ dakṣiṇaṃ bāhuṃ prasārya lakṣaṇānuvyañjanavisṛtavividhavimalāmitakāyacittaprahlādasaṃjananaraśmipratānasaṃkusumitaṃ pāṇiṃ sudhanasya śreṣṭhidārakasya mūrdhni pratiṣṭhāpya evamāha-sādhu sādhu kulaputra, yena te anuttarāyāṃ samyaksaṃbodhau cittamutpāditam/ ahaṃ kulaputra mahākaruṇāmukhāvilambaṃ nāma bodhisattvacaryāmukhaṃ prajānāmi/ etacca kulaputra mahākaruṇāmukhāvilambaṃ bodhisattvacaryāmukhaṃ sarvajagadasaṃbhinnasattvaparipākavinayanapravṛttaṃ samantamukhasrotavijñaptisattvasaṃgrahavinayaparyupasthānam/ so'haṃ kulaputra mahākaruṇāmukhāvilambabodhisattvacaryāmukhe pratiṣṭhitaḥ sarvatathāgatānāṃ ca pādamulānna vicalāmi, sarvasattvakāryeṣu ca abhimukhastiṣṭhāmi/ dānenāpi sattvān saṃgṛhṇāmi/ priyavāditayā arthakriyayā samānārthatayāpi sattvān saṃgṛhṇāmi/ rūpakāyavidarśanenāpi sattvān paripācayāmi/ acintyavarṇasaṃsthānarūpadarśanaviśuddhyā raśmijālotsargeṇāpi sattvān prahlādya paripācayāmi/ yathāśayaghoṣodāhāreṇāpi yathābhimateryāpathasaṃdarśanenāpi vividhādhimuktisabhāgadharmadeśanayāpi nānārūpavikurvitenāpi kuśaladharmopacayapravṛttasattvacittasaṃcodanayāpi āśayānurūpavicitrāparimāṇanirmāṇasaṃdarśanenāpi nānājātyupapannasattvasabhāgarūpasaṃdarśanenāpi ekāvāsanivāsenāpi sattvān saṃgṛhṇāmi paripācayāmi/ tena mayā kulaputra idaṃ mahākaruṇāmukhāvilambaṃ bodhisattvacaryāmukhaṃ pariśodhayatā sarvajagatpratiśaraṇapraṇidhirutpāditaḥ, yaduta sarvasattvaprapātabhayavigamāya sarvasattvasaṃtrāsakabhayapraśamanāya sarvasattvasaṃmohabhayavinivartanāya sarvasattvabandhanabhayasamucchedāya sarvasattvajīvitoparodhopakramabhayavyāvartanāya sarvasattvopakaraṇavaikalyabhayāpanayanāya sarvasattvajīvikābhayavyupaśamanāya/ sarvasattvāślokabhayasamatikramaṇāya sarvasattvasāṃsārikabhayopaśamanāya sarvasattvaparṣacchāradyabhayavigamāya sarvasattvamaraṇabhayavyatikramāya sarvasattvadurgatibhayavinivartanāya sarvasattvatamondhakāraviṣamagatyapratyudāvartyāvabhāsakaraṇāya sarvasattvaviṣabhāgasamavadhānabhayātyantavigamāya sarvasattvapriyaviprayogabhayanirodhāya sarvasattvāpriyasaṃvāsabhayāpanayanāya sarvasattvakāyaparipīḍābhayasaṃyogāya sarvasattvacittaparipīḍanabhayanirmokṣaṇāya sarvasattvaduḥkhadaurmanasyopāyāsasamatikramāya sarvajagatpratiśaraṇapraṇidhyabhinirhāraḥ kṛtaḥ/ anusmṛtimukhaṃ ca me sarvaloke'dhiṣṭhitaṃ sarvasattvabhayavyupaśamanāya/ svanāmacakraṃ me sarvaloke'bhivijñaptaṃ sarvasattvabhayavigamāya/ sarvajagadanantākṛtibhedaśamatho me kāye'dhiṣṭhito yathākālajagatprativijñaptaye/ so'haṃ kulaputra, anenopāyena sattvān sarvabhayebhyaḥ parimocya anuttarāyāṃ samyaksaṃbodhau cittamutpādya avivartyān karomi buddhadharmapratilābhāya/ etamahaṃ kulaputra mahākaruṇāmukhāvilambasya bodhisattvacaryāmukhasya lābhī/ kiṃ mayā śakyaṃ samantabhadrāṇāṃ bodhisattvānāṃ sarvabuddhapraṇidhānamaṇḍalaviśuddhānāṃ samantabhadrabodhisattvacaryāgatiṃgatānāṃ kuśaladharmābhisaṃskārāvyavacchinnasrotānāṃ sarvabodhisattvasamādhiśrotrasadāsamāhitānāṃ sarvakalpasaṃvāsacaryāvivartyasrotānāṃ sarvatra adhvanayānugatasrotānāṃ sarvalokadhātvāvartaparivartasrotakuśalānāṃ sarvasattvākuśalacittavyupaśamakarasrotānāṃ sarvasattvakuśalacittasaṃvardhanasrotānāṃ sarvasattvasaṃsārasrotovinivartikarasrotānāṃ caryāṃ jñātuṃ guṇān vā vaktum// tatredamucyate— kṛtvā pradakṣiṇu stavitva ca gauraveṇa prakānta dakṣiṇapathaṃ sudhanaḥ sudāntaḥ/ so paśyate ratnaparvatakandarasthaṃ avalokiteśvaramṛṣiṃ karuṇāvihārim//1// vajrāmaye giritaṭe maṇiratnacitre siṃhāsane padumagarbhi niṣaṇṇa dhīro/ devāsurairbhujagakinnararākṣasaiśca parivārito jinasutairvadi teṣa dharmam//2// dṛṣṭvopajāta atulā sudhanasya prīti upagamya vandati kramau guṇasāgarasya/ ovāca dehi mama ārya kṛpāṃ janitvā śikṣāṃ tu ahu labhe ima bhadracaryām//3// bāhuṃ praṇamya vimalaṃ śatapuṇyacitraṃ prabhameghajāla vipulaṃ śubha muñcamānaḥ/ mūrdhni sthihitva sudhanasya viśuddhasattvo avalokiteśvaru vidū vacanaṃ bhaṇāti//4// ekaṃ vimokṣamukha jānami buddhaputra sarvajināna karuṇāghanajñānagarbham/ saṃbhūta sarvajagatrāyaṇasaṃgrahāya sarvatra vartati mamāpyatha ātmaprema//5// trāyāmi sarvajanatāṃ vyasanairanekaiḥ ye gāḍhabandhanagatāriṣu hastaprāptāḥ/ gātreṣu viddha tatha cārakasaṃniruddhā mucyanti bandhanagatā mama nāma śrutvā//6// utsṛṣṭaḥ vadhya nṛpatīna kṛtāparādhāḥ kṣiptā iṣu na ca kramanti śarīri teṣām/ chidyanti śastra parivartati tīkṣṇa dhārā ye nāmadheyu mama tatra anusmaranti//7// rājāna madhyagata ye ca vivādaprāptā vijinanti sarvaripavo'tha śubhe labhante/ vardhanti sarva yaśa mitrakule dhanāni bhontī adharṣiya smaritvana mahya nāma//8// coraṃbhayā aribhayā aṭavīpraveśāḥ siṃhaṛddhadvīpicamarīmṛgavyālakīrṇāḥ/ gacchanti nirbhaya jinitvana sarvaśatrūn ye nāmadheyu mama kecidanusmaranti//9// kṣiptā manāgiritaṭītu praduṣṭacittai- raṅgārakarṣu jvalitā api co vadhārtham/ padmāṅkurā jalanidhi jvalanā bhavanti ye nāmadheyu mama kecidanusmaranti//10// prakṣipta sāgarajale na marenti tatra nadyāṃ na cohyati na dahyati cāgnimadhye/ sarve anartha na bhavantyapi cārthasiddhiḥ nāmaṃ mamā anusmaritva muhūrtakaṃ pi//11// haḍidaṇḍabandhanigaḍāśca tathā kudaṇḍā avamānanā tatha vimānana ṭhambhanāśca/ ākrośatāḍanavibhartsanatarjanāśca mama nāmadheyu smaramāṇa labhanti mokṣam//12// ye vairiṇo vivarachidragaveṣiṇaśca nityapraduṣṭamana ye ca avarṇavādī/ sahadarśanena tada maitramanā bhavanti bheṣyanti varṇi śruta mahya smaritva nāma//13// vetālamantratha kakhorda sadā prayuktā ghātārtha teṣa ripavaḥ stimitā bhavanti/ teṣa śarīri na kramanti viṣā aśeṣā ye nāmadheṣu mama kecidanusmaranti//14// nāgendrārākṣasagaṇairgaruḍaiḥ piśācaiḥ kumbhāṇḍapūtanaviheḍakaraudracittaiḥ/ ojoharairbhayakaraiḥ supināntare'pi śāmyanti sarvi mama nāma anusmaritvā//15// mātāpitāsuhṛdajñātikabāndhavehi nāviprayogu na pi cāpriyasaṃprayogaḥ/ na dhanakṣayo nāpi upaiti daridrabhāvaṃ nāmaṃ mamā anusaritva muhūrtakaṃ pi//16// na ca gacchati cyuta ito narakaṃ avīciṃ na tiraścayoni na ca preta na cākṣaṇāni/ deve manuṣya upapadyati śuddhasattvo yo nāmadheyu mama kecidanusmaranti//17// na ca andhakāṇabadhirā na pi carcigātrā na ca raudra khañjā atha cāṭaka prekṣaṇīyā/ sarvendriyairavikalā bahukalpakoṭyo bhontī narā mama smaritvana nāmadheyam//18// avalokiteti mama te sugatiṃ vajranti yo puṣpamuṣṭi mama okirate śarīre/ dhūpāṃśca dhūpayati yaśca dadāti chatraṃ vistārikai puja karoti prasannacitto mama buddhakṣetri sa ca bheṣyati dakṣiṇīyaḥ//19// upapadyate itu cyavitvana śuddhasattvo buddhāna saṃmukha daśaddiśi lokadhātau/ buddhāṃśca paśyati śṛṇoti ca teṣa dharmaṃ ye nāmadheyu mama kecidanusmaranti//20// ete tathānya kṣayituṃ nimituṃ na śakyā yāvaccupāyi ahu sattva vinemi loke/ eko vimokṣa mama bhāvitu buddhaputra nāhaṃ guṇān guṇadharāṇa vijāni sarvān//21// aṣṭāpadākṛtu daśaddiśi lokadhātau kalyāṇamitra samupāsita sūdhanena/ na ca tṛptu dharma śruṇamāṇu jinaurasānāṃ kasmānna prīti bhavati śruṇamāna dharmam//22// tena khalu punaḥ samayena ananyagāmī nāma bodhisattvaḥ pūrvasyāṃ diśi gaganatalenāgatya sahāyā lokadhātoścakravālaśikhare pratyaṣṭhāt/ samantarapratiṣṭhāpitau ca ananyagāminā bodhisattvena sahāyā lokadhātoścakravālaśikhare pādau, tatkṣaṇādiyaṃ sahālokadhātuḥ ṣaḍvikāraṃ prākampata, anekaratnamayī ca saṃsthitābhūt/ tathārūpā ca ananyagāminā bodhisattvena kāyāt prabhā pramuktā, yayā prabhayā sarvacandrasūryaprabhā paryādattāḥ, sarvadevanāgayakṣagandharvāsuragaruḍakinnaramahoragaśakrabrahmalokapālānāmagnimaṇijyotiṣāṃ ca prabhā jihmīkṛtāḥ, sarvamahānarakāścāvabhāsitāḥ, sarvatiryagyoniyamalokagatigahanaṃ cāvabhāsitam, sarvāpāyaduḥkhāni ca tadanantaraṃ praśāntāni/ sarvasattvānāṃ ca kleśā na bādhante/ vividhaśokaśalyaduḥkhāni ca prasrabdhāni/ sarvaṃ cedaṃ buddhakṣetraṃ sarvaratnameghairabhipravarṣan sarvapuṣpadhūpagandhamālyavilepanacūrṇacīvaracchatradhvajapatākāvyūhasarvapūjāmeghairabhipravarṣan bhagavantamupasaṃkrāntaḥ/ sa cāsyāśrayaḥ sarvasattvabhavanapratibhāsaprāpto yathāśayasattvasaṃtoṣaṇābhimukhaḥ/ tasmiṃśca potalake parvate'valokiteśvarasya bodhisattvasyāntikamupasaṃkrāntaḥ saṃdṛśyate sma// atha khalu avalokiteśvaro bodhisattvaḥ sudhanaṃ śreṣṭhidārakametadavocat-paśyasi tvaṃ kulaputra ananyagāminaṃ bodhisattvamiha parṣanmaṇḍale saṃprāptam? āha-paśyāmi ārya/ āha-etaṃ kulaputra ananyagāminaṃ bodhisattvamupasaṃkramya paripṛccha-kathaṃ bodhisattvena bodhisattvacaryāyāṃ śikṣitavyam, kathaṃ pratipattavyam// atha khalu sudhanaḥ śreṣṭhidārako'valokiteśvarasya bodhisattvasya pādau śirasābhivandya avalokiteśvaraṃ bodhisattvamanekaśatasahasrakṛtvaḥ pradakṣiṇīkṛtya punaḥ punaravalokya avalokiteśvarasya bodhisattvasyāntikātprakrāntaḥ//28//  
B
p. 1 [1a]<br> ༄༅། །བྷོ་ཊ་བྷཱ་ཥཾ་སྲྀ་ཀ་བཻ་ཌཱུ་རྱ་ཙ་བྷཻ་ཥ་ཛྱ་སུ་རོ་དྷཱར་ཎི་ཀེ་ཏུམ་ཏི་ནཱ་མ་བྷི་ཛ་ཧཱར་༎ ༄༅། །བཻཌཱུརྱ་དང་སྨན་བླའི་གཟུངས་བོད་སྐད་དུ་བསྒྱུར་བ་ཏོག་གི་བློ་གྲོས་ཞེས་བྱ་བ་བཞུགས་སོ།། p. 2 [1b]<br> ༄༅༅། །ན་མོ་མཉྫུ་ཤྲི་ཡེ། བླ་མ་ལྷ་དང་བདེ་གཤེགས་མཆེད་བརྒྱད་ལ། །གུས་པས་བཏུད་ནས་བཻཌཱུརྱ་དང་ནི། །སྨན་གྱི་བླ་མའི་གཟུངས་མཆོག་ལྷ་ཡི་སྐད། །གངས་ཅན་ སྐད་དུ་འབད་པས་བསྒྱུར་བར་བྱ། །འདི་ལ་གཉིས། སྨན་མདོ་ཆེ་ཆུང་ནས་འབྱུང་བའི་བཻཌཱུརྱའི་གཟུངས་དོན་དང་། གསོ་དཔྱད་བཤད་རྒྱུད་སོགས་ནས་འབྱུང་བའི་སྨན་བླའི་གཟུངས་ དོན་ནོ། །དང་པོ་ལ་གཉིས། ཐད་བསྒྱུར་དུ་བཤད་པ་དང་། ཅུང་ཟད་འཁྲུགས་བསྡེབས་ནས་བཤད་པའོ། །དང་པོ་ནི། ཏདྱ་ཐཱ། འདི་ལྟ་སྟེ། གྷུ་མེ་གྷུ་མེ། གཉིད་ཡུར་གཉིད་ཡུར། ཨི་མེ། འདི་རྣམས། ནི་མེ་ཧི། ངེས་པར་སློངས་ཤིག །མ་ཏི་མ་ཏི། བློ་གྲོས་བློ་གྲོས། སཔྟ༑ བདུན། ཏ་ཐཱ༑ དེ་བཞིན༑ ག་ཏ༑ གཤེགས་པ། ས་མཱདྷི། ཏིང་ངེ་འཛིན། ཨ་དྷི་ཥཊཿཨི་ཏེ། བྱིན་གྱིས་བརླབས་པ་སྟེ། མཚམས་སྦྱར་ p. 3 [2a]<br> ༄༅། །བས། ས་མཱ་དྷྱ་དྷི་ཥཊཿཨི་ཏེ། ཨ་ཏེ། མཁས་མ། མ་ཏེ། མཆོད་མ། པཱ་ལེ། སྤྱོད་མ། པཱ་པ། སྡིག་པ། ཤོ་དྷ་ནི། སྦྱོངས། སརྦ། ཐམས་ཅད། པཱ་པཾ། སྡིག་པ། ནཱ་ཤ་ཡ། ཉམས་ པར་གྱིས། མ་མ་བུདྡྷ། རང་སངས་རྒྱས། བུདྡྷ། སངས་རྒྱས། ཨུཏྟ་མེ། གོང་མ་སྟེ། མཚམས་སྦྱར་བས། བུདྡྷོ་ཏྟ་མེ། ཨུ་མེ། མཛེས་མ། ཀུ་མེ། ངན་པ་ཞི་མ། བུདྡྷ། སངས་རྒྱས། ཀྵེ་ཏྲ། ཞིང་། པ་རི། ཡོངས་སུ། ཤོ་དྷ་ ནི། སྦྱོངས། དྷ་མེ། སྒྲ་སྒྲོགས་མ། ནི་དྷ་མེ། ངེས་པར་སྒྲ་སྒྲོགས་མ། མེ་རུ་མེ་རུ། རི་བོ་དང་། མེ་རུ་ཤི་ཁ་རེ། རི་བོའི་རྩེ་མོ། སརྦ། ཐམས་ཅད། ཨ་ཀཱ་ལ། དུས་མ་ཡིན་པ། མྲྀ་ཏྱུ། འཆི་བ། ནི་པཱ་ར་ཎི། ངེས་པར་ སྒྲིབ་པ། བུདྡྷེ། གངས་རྒྱས་མ། སུ་བུདྡྷེ། ལེགས་པར་སངས་རྒྱས་མ། བུདྡྷ། སངས་རྒྱས། ཨ་དྷི་ཥཊཿཨི་ཏེ་ན། བྱིན་གྱི་བརླབས་ཀྱིས་ཏེ། མཚམས་སྦྱར་བས། བུདྡྷ་དྷི་ཥཊཿཨི་ཏེ་ན། རཀྵནྟུ། བསྲུང་བར་མཛོད། མེ། བདག་ལ། སརྦ། p. 4 [2b]<br> ཐམས་ཅད། དེ་པཱ། ལྷ་རྣམས། ས་མེ། མཉམ་མ། ཨ་སོ་མོ། མ་མཉམ་མ། ས་མ་ནུ། དགོངས་པར། ཨཱ་ཧ་རནྟུ། མཛད་དུ་གསོལ་ཏེ། མཚམས་སྦྱར་བས། ས་མ་ནཱ་ཧ་རནྟུ། མེ། བདག་ལ། སརྦ། ཐམས་ཅད། བུདྡྷ། སངས་རྒྱས་ བོ་དྷི། བྱང་ཆུབ། ས་ཏྭཱ། སེམས་དཔའ་རྣམས། ཤ་མེ་ཤ་མེ། ཞི་མ་ཞི་མ། པ་ཤ་མནྟ། རབ་ཏུ་ཞི་བར་མཛོད། མེ། བདག་གི །སརྦ། ཐམས་ཅད། ཨི་ཏི། རྣམ་རྟོག་ཨུ་པ། ཉེ་བར་ཏེ། མཚམས་སྦྱར་བས། ཨི་ཏྱུ་པ། དྲ་བ། འཚེ་བ། བྱ་དྷ་ཡ། འགོ་བའི་ནད་རྣམས། པཱུ་ར་ཎ། རྫོགས་མ་རྫོགས་མ། པུ་ར་ཡ། རྫོགས་པ། མེ། བདག་གི། སརྦ། ཐམས་ཅད། ཨཱ་ཤཱ། བསམ་པ། བཻ་ཌཱུ་རྱ། ཤིན་ཏུ་དྲངས་པ། པྲ་ཏི། སོ་སོར། བྷ་སེ། སྣང་བ། སརྦ། ཐམས་ཅད། པཱ་པཾ། སྡིག་པ། ཀྵ་ཡཾ། ཟད་པར། ཀ་རི། མཛོད་ཅིག་སྭཱ་ཧཱ། གཞི་ཚུགས། ཞེས་པའོ། །གཉིས་པ་ཅུང་ཟད་འཁྲུགས་བསྡེབས་ནས་བཤད་པ་ནི། འདི་ལྟ་སྟེ། གཉིད་ཡུར་ ཅིང་གཉིད་ཡུར་བ་འདི་རྣམས་ངེས་པར་སྤོངས་ཤིག །བློ་གྲོས་བློ་གྲོས། དེ་བཞིན་གཤེགས་པ་བདུན་གྱི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པ། མཁས་མ། མཆོད་མ། སྐྱོང་མ། སྡིག་པ་ཐམས་ ཅད་སྦྱོངས། སྡིག་པ་ཉམས་པར་གྱིས། རང་སངས་རྒྱས། སངས་རྒྱས་གང་མ། མཛེས་མ། ངན་པ་ཞི་མ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོངས། སྒྲ་སྒྲོགས་མ། ངེས་པར་སྒྲ་སྒྲོགས་མ། p. 5 [3a]<br> ༄༅། །རི་བོ་རི་བོ། རི་བོའི་རྩེ་མོ། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ངེས་པར་སྒྲིབ་པར་མཛོད། སངས་རྒྱས་མ། ལེགས་པར་སངས་རྒྱས་མ། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ བདག་ལ་ལྷ་རྣམས་ཐམས་ཅད་ཀྱིས་བསྲུང་བར་མཛོད། མཉམ་མ། མི་མཉམ་མ། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་པར་མཛད་དུ་གསོལ། ཞི་མ་ཞི་ མ། །བདག་གི་རྣམ་རྟོག་དང་ཉེ་བར་འཚེ་བ་ཐམས་ཅད་དང་། འགྲོ་བའི་ནང་རྣམས་རབ་ཏུ་ཞི་བར་མཛོད། རྫོགས་མ་རྫོགས་མ། བདག་གི་བསམ་པ་ཐམས་ཅད་རྫོགས་པར་མཛོད། བཻ་ཌཱུརྱའི་འོད་ཀྱིས། སྡིག་པ་ཐམས་ཅད་ཟད་པར་མཛོད་ཅིག་གཞི་ཚུགས། ཞེས་པའོ། །གཉིས་པ་གསོ་དཔྱད་བཤད་རྒྱུད་སོགས་ནས་འབྱུང་བའི་སྨན་བླའི་གཟུངས་དོན་ལ་གཉིས། ཐད་བསྒྱུར་དུ་བཤད་པ་དང་། འཁྲུགས་ བསྡེབས་ནས་བཤད་པའོ། །དང་པོ་ནི། ཨོཾ། བཀྲ་ཤིས་པའི་དོན། ན་མོ། ཕྱག་འཚལ་ལོ། །བྷ་ག་ཝ་ཏེ། བཅོམ་ལྡན་འདས། བྷཻ་ཥ་ཛྱེ། སྨན་གྱི། གུ་རུ། བླ་མ། བཻ་ཌཱུ་རྱ། གོང་བཞིན། པྲ་བྷཱ་རཱ་ཛཱ་ཡ། འོད་ཀྱི་རྒྱལ་ པོ་ལ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ་ལ། ཨརྟ་ཏེ། དགྲ་བཅོམ་པ་ལ། ས་མྱ་ཀྶི་བུདྡྷ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཏ་དྱ་ཐཱ། འདི་ལྟ་སྟེ། ཨོཾ། བཀྲ་ཤིས། བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། སྨན་པ་སྨན་པ། མཧཱ་ p. 6 [3b]<br> བྷཻ་ཥ་ཛྱ། སྨན་པ་ཆེན་པོ། བྷཻ་ཥ་ཛྱེ་རཱ་ཛཱ། སྨན་པའི་རྒྱལ་པོ། ས་མུངྒ་ཏེ། ཡང་དག་པར་འཕགས་མ། སྭཱཧཱ། ལེགས་པའི་གཞི་ཚུགས། ཞེས་པའོ། །གཉིས་པ་འཁྲུགས་བསྡེབས་ནས་བཤད་པ་ནི། བཀྲ་ཤིས་པར་གྱུར་ཅིག ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། བཀྲ་ཤིས། སྨན་པ་སྨན་པ། སྨན་པ་ཆེན་པོ། སྨན་ པའི་རྒྱལ་པོ། ཡང་དག་པར་འཕགས་མ་ལེགས་པའི་གཞི་ཚུགས། ཞེས་པའོ། །སྨྲས་པ། ལེགས་སྦྱར་ལྷ་ཡི་སྐད་ལ་འདྲིས་ཆུང་ཞིང་། །རྒྱ་བོད་མཁས་པའི་གཞུང་མང་མ་མཐོང་བའི། །བློ་ཆུང་བ་ལང་ རྨིག་རྗེས་འཁྱིལ་བའི་ཆུར། །ལེགས་བཤད་ནོར་གྱི་བུ་དེ་འབྱུང་སྲིད་དམ། །འོན་ཏེ་མཚན་ཉིད་ཀུན་རྫོགས་དྲིན་ཅན་རྗེའི། །བཀའ་སྩལ་གསེར་སྦྱངས་ཅོད་པན་སྤྱི་བོ་རུ། །བཅིངས་ནས་བློ་གྲོས་རྩལ་རྒུ་ སྤྲུགས་པ་ལས། །སྐད་གཉིས་ཤན་སྦྱར་ཏོག་གི་བློ་གྲོས་བྱུང་། །ཚུལ་འདིར་འབད་ལས་བྱུང་བའི་བསོད་ནམས་ཚོགས། །ཉ་རྒྱས་ཆུ་ཤེལ་དབང་པོའི་རྗེས་འགྲོ་གང་། །འཆི་མེད་ལམ་མཉམ་མར་གྱུར་འགྲོ་ བའི་སླད། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་ཅིག །ཅེས་བཻ་ཌཱུརྱ་དང་སྨན་བླའི་གཟུངས་གཉིས་བསྟན་འགྲོར་སྨན་ཆེད་བོད་སྐད་དུ་སྒྱུར་ཅིག་ཅེས། རྗེ་བླ་མ་བཀའ་དྲིན་ཟླ་མེད་སེང་ཆེན་རྡོ་རྗེ་འཆང་ p. 7 [4a]<br> ༄༅། །ཆེན་པོའི་བཀའ་ཤོག་སྤྱི་བོར་ཕེབས་པའི་དགོངས་པ་བཞིན། དགེ་སློང་དྷརྨ་བྷ་དྲས་དགེ་བྱེད་ཀྱི་ལོ་དབོ་ཟླ་བའི་གྲལ་ཚེས་བཟང་པོར། དབེན་གནས་དངུལ་ཆུའི་རི་ཕུག་ཏུ་བསྒྱུར་བའི་ཡི་གེ་ པ་ནི་རང་དབོན་དབྱངས་ཅན་གྲུབ་པའི་རྡོ་རྗེས་བགྱིས་པ་བྱཱ་ཛ་ཡན་ཏུ། །སྭ་སྟི། རྒྱལ་བསྟན་གྲུ་ཡིས་འགྲོ་བ་ཀུན། །རྣམ་མཁྱེན་ནོར་བུའི་གླིང་མཆོག་ཏུ། །དཀྲི་ཕྱིར་དགེ་འཕེལ་ཆོས་གྲྭ་ནས། །ཆོས་ སྦྱིན་འདོད་རྒུའི་ཆར་འདི་ཕབ༎ ༎  
p. 1 [1a] ༄༅། །བཅོམ་ལྡན་འདས་སྨན་བླའི་མདོ་ཆོག་གི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་བཞུགས། ། p. 2 [1b] ༄༅༅། །ན་མོ་གུ་རུ་མུ་ནེ་ཨིནྟྲཱ་ཡ། གང་གི་མཚན་ཙམ་ཐོས་པའི་ཆུ་རྒྱུན་གྱིས། །མནར་མེད་མེ་ཡང་རབ་བསིལ་པད་མཚོ་ལྟར། །བསྒྱུར་མཛད་སྙིགས་མའི་མགོན་པོ་ བདེ་གཤེགས་བདུན། །ཤཱཀྱའི་ཏོག་དང་བཅས་པའི་ཞབས་བཏུད་ནས། །མཆོག་དམན་བྱ་བས་གཡེངས་ཤིང་རྣམ་དཔྱོད་ཀྱིས། །སྙིགས་མའི་རྒྱལ་བ་བདུན་གྱི་རྣམ་ཐར་ལ། །མོས་ པའི་བློ་ལྡན་དག་ལའང་ཕན་པའི་ཕྱིར། །མདོ་ཆོག་བདུད་རྩིའི་ཡང་ཞུན་སྙིང་པོ་བྲི། །འདིར་སྙིགས་མའི་དུས་སུ་མཐུ་དང་བྱིན་རླབས་ཆེས་ཆེར་མྱུར་བར་འཕགས་པའི་བཀའ་མི་འགྱུར་བར་ ཞལ་གྱིས་བཞེས་པ། སྙིགས་མའི་མགོན་པོ་བདེ་གཤེགས་བདུན་གྱི་ཐུགས་དམ་བསྐུལ་བའི་སྙིང་པོའི་ཡང་སྙིང་པོ་ཉམས་སུ་ལེན་པར་འདོད་པས། མདོ་ཆོག་ནས་འབྱུང་བའི་སྦྱོར་བ་ p. 3 [2a] ༄༅། །རྣམས་སྔོན་དུ་བཏང་། སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་པ་བྱས་ཏེ་འདི་ལྟར། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ ཐང་ཆོས་དབྱངས་དགེ་བའི་མཐུས། །ཞིང་འདི་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི། །སྲིད་ཞིའི་ཕུན་ཚོགས་འདོད་དགུས་འབྱོར་གྱུར་ཅིག །རིན་ཆེན་ས་གཞི་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་ དངུལ་མུ་ཏིག་བྱེ་མ་གྲམ་བུར་བདལ། །མེ་ཏོག་གཅལ་བཀྲམ་ཙནྡན་དྲི་བསུང་ལྡང་། །ལྷ་མིའི་ལོངས་སྤྱོད་ཀུན་བཟང་མཆོད་པས་ཁྱབ། །དེར་ནི་ཡིད་འོང་ནོར་བུའི་ཕོ་བྲང་དབུས། །པདམ་སེང་ ཁྲིར་རྒྱལ་བ་སྲས་བཅས་རྣམས། །བཞུགས་ནས་གཟུངས་རིག་མོས་སྟོབས་ཀྱིས་བསྐྲུན་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །སྙིགས་མའི་མགོན་པོ་བརྩེ་ལྡན་བདེ་གཤེགས་ བདུན། །ཐུབ་དབང་དམ་ཆོས་བྱང་སེམས་བཀའ་བསྟོད་བཅས། །བདག་སོགས་སྐྱོབ་ཕྱིར་མགོན་སྐྱབས་དཔུང་གཉེན་དུ། །སྤྱན་འདྲེན་འདིར་གཤེགས་གདན་འཛོམ་བྱིན་རླབས་མཛོད། ། p. 4 [2b] བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཤཱཀྱའི་རྒྱལ་པོ་འཇམ་དབྱངས་ཞི་འཚོ་སོགས། །ཟབ་མོའི་མདོ་འདི་ཕྱག་མཚན་བཞེས་པ་ཡི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམ་ ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་ འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་ བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་དག །ཤཱཀྱའི་བསྟན་པ་ལྔ་བརྒྱའི་ཐ་མ་ལ། །འགྲུབ་པར་འགྱུར་བ་ཞལ་ གྱིས་བཞེས་པ་བཞིན། །བདག་ལ་བདེན་པ་མངོན་སུམ་བསྟན་དུ་གསོལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་ སྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། ཞེས་ལན་བདུན་བརྗོད། དེ་བཞིན་དུ་འོག་མ་རྣམས་ལ་ཡང་རིགས་འགྲེའོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་ p. 5 [3a] ༄༅། །བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པ། །མཚན་ལེགས་ཡོངས་སྒྲགས་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་ མོས་སྟོབས་ཀྱིས་སྤྲུལ་པའི། ཞེས་པ་ནས། བྱང་ཆུབ་ཆེན་པོར་བསྔོ། ཞེས་པའི་བར་ཤོ་ལོ་ཀ་གཅིག་གིས་ཡན་ལག་བདུན་པ་འབུལ་ཞིང་། འདི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །རྒྱལ་བའི་མཚན་ཐོས་ དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །ནད་རིམས་གཤེད་བྱེད་སྡིག་ཅན་གདོན་ལས་ཐར། །དབང་པོ་ཀུན་ཚང་སྡུག་བསྔལ་སྡིག་རྒྱུན་ཆད། །ངན་འགྲོར་མི་ལྟུང་ལྷ་ མིའི་བདེ་བ་མྱོང་། །བཀྲེས་སྐོམ་དབུལ་འཕོངས་ཞི་ཞིང་འབྱོར་གྱུར་ཅིག །བཅིངས་དང་བརྡེག་སོགས་ལུས་ཀྱི་གདུང་བ་མེད། །སྟག་སེང་སྦྲུལ་གྱིས་འཚེ་བྲལ་འཐབ་རྩོད་ཞི། །བྱམས་པའི་སེམས་ལྡན་ཆུ་ཡིས་ སྐྲག་རྣམས་ཀྱང་། །དབུགས་ཕྱིན་འཇིགས་མེད་བདེ་བར་བརྒལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདམོ་ལས་སྐྱེས་ཡོན་ཏན་རྫོགས། །མཚན་ལེགས་ཡོངས་སྒྲགས་ལ་སོགས་ རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདམས་རབ་ཏུ་བརྒྱན་པ་ p. 6 [3b] མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །རིན་ཆེན་ཟླ་དང་པདམས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་ བ༑ ༑སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག །ནས། བསྔོ། རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གཡེངས་རྣམས་ ཆོས་འཕེལ་ལྷ་མིའི་འཚོག་ཆས་འབྱོར། །བཙའ་བའི་གདུང་བྲལ་རྟག་ཏུ་སྐྱེས་པར་གྱུར། །བྱང་ཆུབ་སེམས་དང་མི་འབྲལ་དགེ་ཆོས་རྒྱས། །སྒྲིབ་བྱང་ལྷ་མིའི་བདེ་བ་ཐོབ་གྱུར་ཅིག །བཤེས་བྲལ་མུན་པར་གདོན་གཙེས་འཆི་ དང་དགྲ། དགོན་པའི་གནོད་མེད་མཆོད་དང་རིམ་གྲོར་བརྩོན། །དམན་རྣམས་ཏིང་འཛིན་དྲན་སྟོབས་གཟུངས་ལྡན་ཅིང་། །ཤེས་རབ་མཆོག་ཐོབ་མེས་ཉེན་བསིལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་ པདམོ་ལས་སྐྱེས་ཡོན་ཏན་རྫོགས། །སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་ p. 7 [4a] ༄༅། །གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་ གང་དང་གང་། །ཚེ་ཐུང་རིང་འཚོ་དབུལ་རྣམས་དབང་ཕྱུག་ཚང་། །འཐབ་རྩོད་འགྱེད་པའང་བྱམས་པའི་སེམས་ལྡན་ཞིང་། །བསླབ་བྲལ་ངན་སོང་མི་ལྟུང་སྡོམ་པས་བསྡོམས། །བྱང་ཆུབ་སེམས་དང་འབྲལ་བ་མེད་གྱུར་ཅིག ། འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདམོ་ལས་སྐྱེས་ཡོན་ཏན་རྫོགས། །གསེར་བཟང་དྲི་མེད་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་གཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་དུག་གསུམ་ སྡུག་བསྔལ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ ཅག་ལ་སོགས་སེམས་ཅན་གང་དང་གང་། །མྱ་ངན་སོགས་ཞི་མི་འབྲལ་ཚེ་རིང་བདེ། །དམྱལ་བར་རྒྱལ་བའི་འོད་ཀྱིས་བདེ་དགའ་རྒྱས། །མདངས་ལྡན་མཛེས་འབྱོར་འབྱུང་པོས་མི་འཚོ་ཞིང་། །ཕན་ཚུན་བྱམས་ལྡན་ p. 8 [4b] ནད་རྣམས་མེད་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདམོ་ལས་སྐྱེས་ཡོན་ཏན་རྫོགས། །མྱ་ངན་མེད་མཆོག་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་ མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི་མཛད་པ། །ཆོས་སྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་ མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །རྟག་ཏུ་ཡང་དག་ལྟ་དང་དད་ལྡན་ཅིང་། །ཆོས་ཀྱི་སྒྲ་ཐོས་བྱང་ཆུབ་སེམས་ཀྱིས་ཕྱུག །ལོངས་སྤྱོད་སླད་དུ་སྡིག་སྤངས་འབྱོར་པ་འཕེལ། །བྱམས་གནས་ཚེ་རིང་ ཆོག་ཤེས་ཉིད་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདམོ་ལས་སྐྱེས་ཡོན་ཏན་རྫོགས། །ཆོས་སྒྲགས་རྒྱ་མཚོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་ p. 9 [5a] ༄༅། །མཆིའོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱོད་ལ་ཕྱག་ འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གཡེངས་རྣམས་གནོད་སེམས་མེད་ཅིང་འཚོག་ཆས་འབྱོར། །ངན་སོང་ ལམ་ངན་ཞུགས་རྣམས་དགེ་བཅུ་ཐོབ། །གཞན་དབང་གྱུར་རྣམས་རང་དབང་ཕུན་ཚོགས་ཤིང་། །ཀུན་ཀྱང་ཚེ་རིང་མཚན་ཐོས་དགེ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདམོ་ལས་སྐྱེས་ཡོན་ཏན་ རྫོགས། །མངོན་མཁྱེན་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུ་རྱའི་ འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་ སྨན་གྱི་བླ། །བཻཌཱུ་རྱའི་འོད་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །མཚན་དཔེས་མཛེས་ p. 10 [5b] ཤིང་འགྲོ་ཀུན་བདག་འདྲར་གྱུར། །འོད་ཀྱིས་མུན་སེལ་ཤེས་རབ་ཐབས་མཁས་ཀྱིས། །ལོངས་སྤྱོད་མི་ཟད་ལམ་ལོག་དམན་མོས་རྣམས། །ཐེག་ཆེན་ལམ་ཞུགས་སྡོམ་པས་མཛེས་གྱུར་ཅིག །ཚུལ་འཆལ་གདུང་བྲལ་དབང་ པོ་ཀུན་ཚང་ཞིང་། །ནད་མེད་ཡོ་བྱད་འཕེལ་ཞིང་བུད་མེད་ཀྱི། །དངོས་པོས་སྐྱོ་རྣམས་རྟག་ཏུ་སྐྱེས་དབང་ལྡན། །བདུད་ཞགས་ལྟ་བ་ངན་ལས་གྲོལ་གྱུར་ཅིང་། །རྒྱལ་པོས་མནར་རྣམས་བདེ་ཞིང་བཀྲེས་པའི་རྒྱུས། །སྡིག་པས་ འཚོ་རྣམས་ཆོས་འབྱོར་ཟས་ཀྱིས་ཚིམས། །ཚ་གྲང་ངལ་ཞི་བསམ་པ་ཡོངས་རྫོགས་ཤིང་། །འཕགས་པ་དགྱེས་པའི་ཚུལ་ལྡན་གྲོལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདམོ་ལས་སྐྱེས་ ཡོན་ཏན་རྫོགས། །སྨན་པའི་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་ བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །སྟོན་པ་མཆོག་དེས་མདོ་སྡེའི་ཆོ་ག་ལས། །ཇི་ལྟར་གསུངས་པའི་ཕན་ཡོན་མ་ལུས་པ། །བདག་ཅག་མགོན་མེད་འགྲོ་བ་མཐའ་དག་ p. 11 [6a] ༄༅། །གིས༑ ༑དེང་འདིར་འཕྲལ་དུ་ཐོབ་པར་བྱིན་གྱིས་རློབས། །མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ ཅིང་སྐྱབས་སུ་མཆི། །དངོས་བཤམས། ནས། བསྔོ། །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་ པ་ཇི་བཞིན་འགྲུབ་གྱུར་ཅིག །འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་སོགས། །བདེ་གཤེགས་སྲས་པོ་སུམ་ཁྲི་དྲུག་སྟོང་གིས། །རྒྱལ་བའི་ཐུགས་དམ་བསྐུལ་ཞིང་གླེང་བསླངས་ནས། །མདོ་སྡེའི་ཕན་ཡོན་ཇི་སྐད་ གསུངས་པ་རྣམས། །དེང་འདིར་བདག་ལ་མངོན་དུ་འགྱུར་བར་མཛོད། །འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་། །སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན། །དགྲ་དང་གནོད་པ་ནད་རིམས་བཟློག་པ་དང་། །འཐབ་ རྩོད་ཀུན་ཞི་ལུས་སེམས་བདེ་བ་རྒྱས། །ལོངས་སྤྱོད་དབང་ཕྱུག་ནོར་འབྲུ་ཚེ་འཕེལ་ཞིང་། །བསམས་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད། །དེ་ནས། ཨོཾ་ན་མོ་བྷ་ག་ ཝ་ཏེ༑ བྷཻ་ཥ་ཛྱེ་གུ་རུ་བཻཌཱུ་རྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛ་ས་མུངྒ་ཏེ་སྭཱཧཱ། ཞེས་གཟུངས་རིང་ངམ། ཡང་ན། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། p. 12 [6b] མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛ་ས་མུངྒ་ཏེ་སྭཱཧཱ། ཞེས་གཟུངས་ཐུང་ཅི་མང་བཟླ་བར་བྱའོ། །མཇུག་ཏུ་གཏང་རག་གི་མཆོད་པ་མདོར་བསྡུས་བྱས་ཏེ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཞན་དུ་གཤེགས་ ཤིང༑ ཤིས་པ་བརྗོད་དོ༎ སྨྲས་པ། ཉོན་མོངས་དུག་ལྔའི་གདོན་གྱིས་མྱོས་པ་ཡི། །མགོན་མེད་ལྔ་བརྒྱ་ཐ་མའི་འགྲོ་རྣམས་ལ། །ཐུགས་རྗེས་དགོངས་ནས་ཤཱཀྱའི་གཙོ་བོ་དེས། །སྙིགས་མའི་རྒྱལ་བ་བདུན་གྱི་ཐུགས་ རྗེ་བསྐུལ། །ཕན་བདེའི་འབྱུང་གནས་མདོ་སྡེའི་ཆོ་ག་གསུངས། །ཐམས་ཅད་མཁྱེན་པ་དཔལ་ལྡན་ཞི་བ་འཚོས། །མདོ་ཆོག་དབང་གི་རྒྱལ་པོའི་དོ་ཤལ་སྤེལ། །དེ་ཉིད་སྙིང་པོའི་ཡང་སྙིང་ཡིད་བཞིན་ནོར། །གང་འདི་དེང་དུས་རྣམ་ པར་གཡེངས་ལྡན་པ། །དད་ལྡན་འགའ་ཡི་དོན་དུ་ཁོ་བོས་བཀོད། །འདིས་མཚོན་རྣམ་དཀར་དགེ་བས་བདག་གཞན་ཀུན། །བདེ་གཤེགས་བརྒྱད་ཀྱིས་དགྱེས་བཞིན་འཛིན་གྱུར་ཅིག །ཅེས་པ་འདི་ཡང་། དེང་སང་གི་སྐྱེ་བོ་ འགའ་ལ་ཕན་གདགས་པར་འདོད་པའི་བསམ་པས། ཆོས་སྨྲ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཟིམས་ཁང་དུ་སྦྱར་བའོ༎ མངྒ་ལཾ༎ ༈ ཨོཾ་སྭ་སྟི། ཕན་བདེའི་ འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །སརྦ་མངྒ་ལཾ༎ ༎  
87-274a ༄༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་ག་བཱན་བྷེ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷསྱ་པཱུརྦྦ་པྲ་ཎི་དྷཱ་ན་བི་ཤེ་ཥ་བི་སྟཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་རྒྱུ་བ་རྒྱུ་ཞིང་ཡངས་པ་ཅན་དུ་བྱོན་ཏེ། ཡངས་པ་ཅན་ན་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་ཡང་ཐབས་ཅིག་ཏུ་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་རྒྱལ་བུ་འཇམ་དཔལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཐོས་པས་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སླད་མའི་ཚེ་སླད་མའི་དུས་སུ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་དེ་དག་རྗེས་སུ་གཟུང་བའི་སླད་དུ་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་སྙིང་རྗེ་དཔག་ཏུ་མེད་པ་བསྐྱེད་ནས་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ་རྣམས་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ 87-274b ཕྱིར་གསོལ་བ་འདེབས་པ་ནི་ལེགས་སོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱར་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཅེས་བྱ་བ་བཞུགས་སོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཅུ་གཉིས་པོ་འདི་དག་བཏབ་བོ། །བཅུ་གཉིས་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་གི་ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་ 87-275a མེད་ལ་འོད་གསལ་བ་དང་། ཁོ་ལག་ཡངས་ཤིང་ཆེ་བ་དང་། དཔལ་དང་གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་ན་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དུ་སྐྱེས་པ་དག་དང་། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་བར་གྱུར་ཅིག །ལས་རྣམས་ཀྱང་བྱེད་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། བདག་གི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་མི་ཟད་པ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དེ་དག་བྱང་ཆུབ་ཀྱི་ལམ་ལ་དགོད་པར་བྱའོ། །ཉན་ཐོས་ཀྱི་ལམ་དུ་ཞུགས་པ་དང་། རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་གཟུད་པར་སྤྱད་པར་བྱའོ་ཞེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་དག་བདག་གི་གན་ན་ཚངས་པར་སྤྱད་པ་སྤྱོད་པ་དང་། དེ་བཞིན་དུ་སེམས་ཅན་གཞན་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དེ་དག་ཐམས་ཅད་ཀྱང་བདག་གི་མིང་ཐོས་ནས། བདག་གི་མཐུས་སྡོམ་པ་གསུམ་གྱིས་བསྡམས་པ་དང་། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ 87-275b ཚུལ་ཁྲིམས་ལོག་པར་ཞུགས་ཏེ། ངན་འགྲོར་འགྲོ་བར་མ་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དྲུག་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་། མདོག་མི་སྡུག་པ་དང་། བེམས་པོ་དང་། ཡན་ལག་སྐྱོན་ཅན་དང་། སྒུར་པོ་དང་། ཤ་བཀྲ་ཅན་དང་། ཞར་བ་དང་། ལོང་བ་དང་། འོན་པ་དང་། སྨྱོན་པར་གྱུར་པ་དང་། གཞན་ཡང་གང་སུ་དག་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་གིས་བདག་གི་མིང་ཐོས་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་གང་སུ་དག་ནད་སྣ་ཚོགས་ཀྱིས་གཟིར་བ། སྐྱབས་མེད་པ། མགོན་མེད་པ། འཚོག་ཆས་དང་། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་གང་དག་གི་རྣ་ལམ་དུ་བདག་གི་མིང་གྲག་པ་དེ་དག་ནི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པར་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། བུད་མེད་གང་ལ་ལ་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་སྨོད་པ། བུད་མེད་ཀྱི་སྐྱེ་གནས་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་སྐྱེས་པའི་དབང་པོ་བྱུང་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དགུ་པ་ནི་གང་གི་ཚེ་བདག་ 87-276a མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན། སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་རྣམས་ལས་ཡོངས་སུ་ཐར་བར་བྱའོ། །ལྟ་བ་ཐ་དད་པ་མི་མཐུན་པ་ཟིང་ཟིང་བས་མི་མཐུན་པར་གྱུར་པ་དག་ཡང་དག་པའི་ལྟ་བ་ལ་དགོད་པར་བྱའོ། །མཐར་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པར་བྱའོ་ཞེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཅུ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། གསད་པར་འོས་པ། སྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ་ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཅུ་གཅིག་པ་ནི། གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་སུ་དག་བཀྲེས་པ་དང་། སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་ཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་། དྲི་དང་། རོར་ལྡན་པའི་ཁ་ཟས་ཀྱིས་ལུས་ཚིམ་པར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་དགོད་པར་བྱའོ་ཞེས་བཏབ་བོ། །དེ་བཞིན་གཤེགས་པ་དེའི་སྨོན་ལམ་ཆེན་པོ་བཅུ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། སེམས་ཅན་གང་སུ་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ། སྡུག་བསྔལ་བ། གྲང་བ་དང་། ཚ་བ་དང་། སྦྲང་བུ་དང་། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དག་ལ་ 87-276b བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ་ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་སྦྱིན་པར་བྱའོ། །ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། སྤུད་པ་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཏབ་བོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཅུ་གཉིས་པོ་དེ་དག་བཏབ་པར་གྱུར་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་སྨོན་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་ནི་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ཟད་པར་བྱར་མི་ནུས་སོ། །སངས་རྒྱས་ཀྱི་ཞིང་དེ་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ། འདོད་པའི་སྐྱོན་མེད་པ། ངན་སོང་དང་སྡུག་བསྔལ་གྱི་སྒྲ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ས་དང་། རྩིག་པ་དང་། ར་བ་དང་། རྟ་བབས་དང་། སྐར་ཁུང་གི་དྲ་བ་དང་། བ་གམ་ནི་བཻ་ཌཱུརྱའི་རང་བཞིན་ཅན། པུ་ཤུ་ནི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཅི་འདྲ་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་བཻ་ཌཱུརྱར་སྣང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་དེ་དང་འདྲའོ། །འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དེ་དག་གི་ནང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙོ་བོ་གཉིས་ཡོད་དེ། གཅིག་གི་མིང་ནི་ཉི་མ་ལྟར་རྣམ་པར་སྣང་བྱེད་ཅེས་བྱ། གཉིས་པའི་མིང་ནི་ཟླ་བ་ལྟར་རྣམ་པར་སྣང་བྱེད་ཅེས་བྱ་སྟེ། དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་དམ་པའི་ཆོས་ཀྱི་མཛོད་འཛིན་པའོ། །འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ 87-277a ལམ་ཐོབ་ཅིག །ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སེམས་ཅན་སོ་སོའི་སྐྱེ་བོ་གང་དག་དགེ་བ་དང་མི་དགེ་བ་མི་ཤེས་པ་དག་ཡོད་དེ། དེ་དག་ནི་ཆགས་པའི་ཟིལ་གྱིས་ནོན་པ། སྦྱིན་པ་དང་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་མི་ཤེས་པའོ། །དེ་དག་ནི་བྱིས་པ། གླེན་པ། དད་པའི་དབང་པོ་དང་བྲལ་བ། ནོར་སོག་ཅིང་། སྲུང་བ་ལ་མངོན་པར་བརྩོན་གྱི། སྦྱིན་པ་ཡང་དག་པར་འགྱེད་པ་ལ་དེ་དག་གི་སེམས་མི་འགྲོ་བ་སྟེ། སྦྱིན་པའི་དུས་ཉེ་བར་གནས་པ་ན་རང་གི་ལུས་ཀྱི་ཤ་ལས་བཅད་པ་བཞིན་དུ་ཡིད་མི་དགའ་བར་འགྱུར་རོ། །སེམས་ཅན་དེ་དག་ནི་བདག་ཉིད་ཀྱང་དུ་མ་ཡོངས་སུ་མི་སྤྱོད་ན་ཕ་མ་དང་། ཆུང་མ་དང་། བུ་དང་། བུ་མོ་ལ་མི་སྟེར་བ་ལྟ་སྨོས་ཀྱང་ཅི་དགོས། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། གཞན་སློང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་དེ་ལྟ་བུ་དེ་དག་ནི་འདི་ནས་ཤི་འཕོས་ནས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། ཡང་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །དེ་ལ་གང་དག་སྔོན་མིར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་ནི་གཤིན་རྗེའི་འཇིག་རྟེན་ན་གནས་ཀྱང་རུང་། དུད་འགྲོའི་སྐྱེ་གནས་ན་གནས་ཀྱང་རུང་སྟེ། དེར་དེ་བཞིན་གཤེགས་པ་དེའི་མཚན་མངོན་དུ་འགྱུར་ཞིང་དྲན་མ་ཐག་པ་ཙམ་གྱིས་དེ་ནས་ཤི་འཕོས་ནས་ཡང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཚེ་རབས་དྲན་པར་འགྱུར་རོ། །ངན་འགྲོའི་འཇིགས་པས་སྐྲག་ནས་ཡང་འདོད་པའི་ཡོན་ཏན་དག་དོན་དུ་མི་གཉེར་བ་དང་། སྦྱིན་པ་ལ་མངོན་པར་དགའ་བ་དང་། སྦྱིན་པའི་བསྔགས་པ་བརྗོད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཏེ། རིམ་གྱིས་རང་གི་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་ཀྱང་སློང་བ་རྣམས་ལ་རབ་ཏུ་སྦྱིན་པར་འགྱུར་ན། ནོར་གྱི་ཕུང་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། འཇམ་དཔལ་གཞན་ཡང་སེམས་ཅན་གང་ 87-277b དག་དེ་བཞིན་གཤེགས་པ་རྣམས་ཀྱི་བསླབ་པའི་གནས་འཇིག་པ་དག་ཡོད་དེ། དེ་དག་ཚུལ་ཁྲིམས་ལོག་པར་ཞུགས་ཤིང་ལྟ་བ་ལོག་པར་ཞུགས་ནས། གང་དག་ཚུལ་ཁྲིམས་དང་ལྡན་པ་དེ་དག་ནི་ཚུལ་ཁྲིམས་སྲུང་གི་མང་དུ་ཐོས་པ་ཡོངས་སུ་མི་ཚོལ་ཏེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཀྱི་དོན་ཟབ་མོ་མི་ཤེས། གང་དག་མང་དུ་ཐོས་པ་དེ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཏེ། ང་རྒྱལ་གྱིས་ནོན་པས་གཞན་དག་ལ་ཕྲག་དོག་བྱེད་ཅིང་དམ་པའི་ཆོས་ལ་དབང་ཟ་བར་འགྱུར། སྤོང་བར་འགྱུར་རོ། །མི་བླུན་པོ་དེ་ལྟ་བུ་དེ་དག་ནི་བདུད་ཀྱི་ཕྱོགས་པ་སྟེ། བདག་ཀྱང་ལམ་ངན་པར་ཞུགས་ལ་སེམས་ཅན་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་ཀྱང་གཡང་ས་ཆེན་པོར་ལྷུང་བར་བྱེད་པའོ། །སེམས་ཅན་དེ་ལྟ་བུ་དེ་དག་ནི་སེམས་ཅན་དམྱལ་བ་མི་བཟད་པར་འགྲོ་བར་འགྱུར་རོ། །གང་དག་སྔོན་མིར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་ནི་སེམས་ཅན་དམྱལ་བ་ན་གནས་ཀྱང་དེར་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དེའི་མཚན་མངོན་དུ་འགྱུར་ཏེ། དེ་དག་དེ་ནས་ཤི་འཕོས་ནས་ཡང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར། ཡང་དག་པའི་ལྟ་བ་ཅན་དང་། བརྩོན་འགྲུས་དང་ལྡན་པ་དང་། དགེ་བའི་བསམ་པ་ཅན་དུ་འགྱུར་རོ། །དེ་དག་ཁྱིམ་སྤངས་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་མཐར་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་བདག་གི་བསྔགས་པ་བརྗོད་ཅིང་ཕྲག་དོག་གིས་གཞན་དག་ལ་མི་སྙན་པར་རྗོད་པ་ཡོད་དེ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་སེམས་ཅན་དེ་དག་ངན་སོང་གསུམ་པོ་དག་ཏུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་དག་ལོ་སྟོང་ཕྲག་དུ་མ་འདས་ནས་དེ་ནས་ཤི་འཕོས་ནས་བ་ལང་དང་། རྟ་དང་། རྔ་མོ་དང་། བོང་བུ་ལ་སོགས་པ་དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར། ལྕུག་ལྕག་དང་། དབྱུག་ལྕག་རྣམས་ཀྱིས་བརྡེག་པ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཉེན་པ་དང་། 87-278a ཁལ་ཆེན་པོ་བཀལ་ཏེ་ལམ་དུ་འགྲོ་བར་འགྱུར་རོ། །གལ་ཏེ་བརྒྱ་ལ་མིའི་སྐྱེ་བ་རྙེད་ན་ཡང་རྟག་ཏུ་རིགས་དམའ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བྲན་དུ་འགྱུར་ཞིང་གཞན་གྱི་དབང་དུ་འགྱུར་རོ། །གང་དག་སྔོན་མིར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ། དེ་དག་ནི་དགེ་བའི་རྩ་བ་དེས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། དབང་པོ་རྣོ་བར་འགྱུར། མཁས་པ་དང་། གསལ་བ་དང་། ཡིད་གཞུངས་པ་དང་། དགེ་བ་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་དང་འགྲོགས་པ་རྙེད་པར་འགྱུར། བདུད་ཀྱི་ཞགས་པ་གཅོད་པ་དང་། མ་རིག་པའི་སྒོ་ངའི་སྦུབས་གཅོག་པ་དང་། ཉོན་མོངས་པའི་ཆུ་ཀླུང་སྐེམས་པར་འགྱུར། སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་ཕྲ་མ་ལ་མངོན་པར་དགའ་ཞིང་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། རྩོད་པ་དང་། འགྱེད་པར་བྱེད་དུ་འཇུག་པ་དག་ཡོད་དེ། སེམས་ཅན་དེ་དག་རྣམ་པར་རྩོད་པའི་སེམས་སུ་གྱུར་པས་ལུས་དང་ངག་དང་། ཡིད་ཀྱིས་མི་དགེ་བ་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་དོ། །གཅིག་ལ་གཅིག་ཕན་པ་མ་ཡིན་པ་འདོད་ཅིང་རྟག་ཏུ་ཕན་ཚུན་གནོད་པར་བྱ་བའི་ཕྱིར་བརྩོན་ཏེ། དེ་དག་ནགས་ཚལ་གྱི་ལྷ་དང་། ཤིང་གི་ལྷ་དང་། རིའི་ལྷ་འགུགས་པར་བྱེད། དུར་ཁྲོད་རྣམས་སུ་འབྱུང་པོ་ཐ་དད་པ་དག་འགུགས་པར་བྱེད། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་ཅིང་ཤ་དང་ཁྲག་ཟ་བའི་གནོད་སྦྱིན་དང་། སྲིན་པོ་རྣམས་མཆོད་པར་བྱེད་དེ། དགྲ་བོ་དེའི་མིང་ནས་བརྗོད་པའམ། གཟུགས་བྱས་ནས་དེར་རིག་སྔགས་དྲག་པོ་སྒྲུབ་ཅིང་། བྱད་སྟེམས་དང་། རོ་ལངས་ཀྱི་སྦྱོར་བས་སྲོག་གི་བར་ཆད་བྱ་བ་དང་། ལུས་རྣམ་པར་གཞིག་པར་ 87-278b འདོད་པ་ལ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་པར་གྱུར་པ་དེ་དག་ལ་གང་གིས་ཀྱང་བར་ཆད་བྱ་བར་མི་ནུས་ཏེ། དེ་དག་ཕན་ཚུན་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གནོད་པའི་སེམས་མེད་པའི་སེམས་སུ་གནས་པར་འགྱུར། རང་རང་གི་བདོག་པས་ཆོག་ཤེས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། གཞན་ཡང་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ། ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན་ཅིང་གང་དག་གིས་བསམ་པས་བདག་གི་དགེ་བའི་རྩ་བ་འདིས་ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པ་དག་ལས། གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་དེར་པདྨ་ཚོན་ཁ་དོག་སྣ་ཚོགས་རྣམས་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །གང་ལ་ལ་དག་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་དག་ནི་དེར་སྐྱེས་ནས་སྔོན་གྱི་དགེ་བའི་རྩ་བ་དེ་ཟད་པར་མི་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་འགྱུར་རོ། །གཞན་དུ་ན་ཡང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་འབྱོར་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་དང་། དབང་ 87-279a ཕྱུག་ཕུན་སུམ་ཚོགས་པ་དང་། གཡོག་ཕུན་སུམ་ཚོགས་པ་དང་། དཔའ་བ་དང་། རྟུལ་ཕོད་པ་དང་། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་མདོ་འདི་འཆང་བ་དང་། ཀློག་པ་དང་། འཆད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། གླེགས་བམ་ལ་བྲིས་ཏེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་རྣམས་ཀྱིས་བཀུར་སྟི་བགྱིད་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བགྱིའོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲག་པར་བགྱིའོ། །ཚོན་སྣ་ལྔ་པའི་གོས་རྣམས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན། གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆི་བར་འགྱུར་རོ། །གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་འདི་འཛིན་པ་དེ་དག་དུས་མ་ལགས་པར་འགུམ་པར་མི་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ། ཕྲོགས་ན་ཡང་སླར་འཕྲོག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །འཇམ་དཔལ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱེད་པ་དེ་དག་གིས་དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་བྱ། ཉིན་ཞག་བདུན་དུ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ 87-279b བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཁ་ཟས་གཙང་མ་བཟའ་ཞིང་ལུས་ལེགས་པར་བཀྲུས་ཏེ། གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་ཕྱོགས་གཙང་མར་མེ་ཏོག་སྣ་ཚོགས་སིལ་མ་བཀྲམ་པ། སྤོས་སྣ་ཚོགས་ཀྱིས་བདུགས་པ། རས་དང་། གདུགས་དང་། རྒྱལ་མཚན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་ས་ཕྱོགས་སུ་དྲི་མ་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། གནོད་སེམས་མེད་པའི་སེམས་དང་། བྱམས་པའི་སེམས་དང་། བཏང་སྙོམས་ཀྱི་སེམས་དང་། མཉམ་པའི་སེམས་སུ་བྱ། རོལ་མོའི་སྒྲ་དང་། སིལ་སྙན་དང་། གླུ་དབྱངས་བླང་ཞིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལ་བསྐོར་བ་བྱས་ཏེ། དེའི་སྔོན་གྱི་སྨོན་ལམ་ཡང་ཡིད་ལ་བྱ་ཞིང་མདོ་འདི་ཡང་བསྟན་ན་གང་བསམས་པ་དང་། གང་སྨོན་པའི་བསམ་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། གལ་ཏེ་ཚེ་རིང་བར་སྨོན་ན་ནི་ཚེ་རིང་པོར་འགྱུར་རོ། །གལ་ཏེ་ལོངས་སྤྱོད་དང་ལྡན་པར་སྨོན་ན་ནི་ལོངས་སྤྱོད་འབྱོར་པར་འགྱུར་རོ། །གལ་ཏེ་དབང་ཕྱུག་དང་ལྡན་པར་སྨོན་ན་ནི་ཚེགས་ཆུང་དུས་རྙེད་པར་འགྱུར་རོ། །གལ་ཏེ་བུ་འདོད་ན་ན་ནི་བུ་རྙེད་པར་འགྱུར་རོ། །གང་དག་སྡིག་པ་ཅན་གྱི་རྨི་ལམ་རྨིས་སམ། གང་དུ་བྱ་ཁྭ་ཏ་དང་། ལྟས་ངན་པ་མཐོང་ངམ། གནས་གང་དུ་བཀྲ་མི་ཤིས་པ་བརྒྱ་དག་གནས་པར་གྱུར་པ་ལ། གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་བཀུར་སྟི་བྱེད་ན་རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་མཐོང་བར་མི་འགྱུར་རོ། །གང་དག་མེས་འཇིགས་པ་དང་། ཆུས་འཇིགས་པ་དང་། མཚོན་གྱིས་འཇིགས་པ་དང་། དུག་གིས་འཇིགས་པ་དང་། གཡང་སས་འཇིགས་པ་དང་། གླང་པོ་ཆེ་གཏུམ་པོས་འཇིགས་པ་དང་། སེང་གེས་འཇིགས་པ་དང་། སྟག་གིས་འཇིགས་པ་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པས་འཇིགས་པ་དང་། སྦྲུལ་དང་། སྡིག་པ་དང་། རྐང་ལག་བརྒྱ་པས་འཇིགས་པ་དེ་དག་གིས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས་ན་འཇིགས་པ་ 87-280a ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་དག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། རྐུན་པོས་འཇིགས་པ་དང་། ཆོམ་པོས་འཇིགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱའོ། །འཇམ་དཔལ་གཞན་ཡང་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་ཅིང་། ལྷ་གཞན་མི་འཛིན་པ་དང་། གང་དག་ཡང་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང་། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང་། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང་། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང་། གང་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པ་དེ་དག་གི་ནང་ནས་བསླབ་པའི་གཞི་གང་ཡང་རུང་བ་ཞིག་ལས་ཉམས་པར་གྱུར་ཏེ། ངན་འགྲོ་ངན་སོང་གིས་འཇིགས་སྐྲག་པ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །བུད་མེད་གང་ལ་ལ་བུ་བཙའ་བའི་དུས་ན་སྡུག་བསྔལ་མ་རུངས་པ་དྲག་པོ་མི་བཟད་པ་མྱོང་བ་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་མཆོད་ན། དེ་མྱུར་དུ་ཡོངས་སུ་ཐར་བར་འགྱུར། བུ་ཡང་ཡན་ལག་ཡོངས་སུ་ཚང་བར་བཙའ་ཞིང་གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། ནད་མེད་ཅིང་གནོད་པ་ཉུང་བར་འགྱུར་རོ། །དེ་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཕྱིར་ང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་ཡོན་ཏན་བརྗོད་པར་ཁྱོད་དད་དམ་ཡིད་ཆེས་སམ། ཡང་ན་ཁྱོད་སངས་རྒྱས་ཀྱི་སྤྱོད་ 87-280b ཡུལ་ཟབ་མོ་འདི་ལ་ཡིད་གཉིས་སམ། སོམ་ཉི་འམ། ཐེ་ཚོམ་ཟ་བ་མེད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ། སོམ་ཉི་འམ། ཐེ་ཙོམ་འཚལ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་། གསུང་དང་། ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བའི་སླད་དུའོ། །བཅོམ་ལྡན་འདས་གདུགས་དང་དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་མཐུ་ཆེ་བ་འདི་གཉིས་ནི་དོགས་ལ་ལྟུང་ཡང་གདའ། རིའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གདའི། སངས་རྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ནས། དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དེའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་། ཕན་ཡོན་དུ་འགྱུར་སྙམ་ནས་དེ་དག་མི་དད་ཅིང་ཡིད་མི་ཆེས་ཏེ། སྤོང་བས་ཡུན་རིང་པོར་གནོད་པ་དང་། མི་སྨན་པ་དང་། མི་བདེ་བ་དང་། ལོག་པར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ་གྲག་པར་གྱུར་པ་དེ་ངན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་བ་ནི་གནས་མེད་དེ་གོ་སྐབས་མ་ཡིན་ནོ། །ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ། །ཀུན་དགའ་བོ་ཁྱོད་དད་ཅིང་ཡིད་ཆེས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་པར་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ། །ཀུན་དགའ་བོ་མིར་འགྱུར་བ་རྙེད་པ་ནི་རྙེད་པར་དཀའོ། །དཀོན་མཆོག་གསུམ་ལ་ 87-281a དད་ཅིང་གུས་པ་ཡང་རྙེད་པར་དཀའོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཡང་རྙེད་པར་ཤིན་ཏུ་དཀའོ། །ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཚད་མེད་དོ། །ཐབས་མཁས་པ་ཡང་ཚད་མེད་དོ། །སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཚད་མེད་དོ། །ང་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་རྒྱ་ཆེར་ཡང་དག་པར་བཤད་པར་འདོད་ཀྱང་བསྐལ་པ་ཟད་པར་འགྱུར་གྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མཐའ་རྟོགས་པར་ནི་མི་འགྱུར་རོ། །ཡང་དེའི་ཚེ་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱབས་གྲོལ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ། སླད་མའི་དུས་ན། སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཏེ། ཡུན་རིང་པོའི་བྲོ་ནད་ཀྱིས་ལུས་ཀྱི་ཤ་བས་ཤིང་། བཀྲེས་པ་དང་སྐོམ་པས་གྲེ་བ་དང་། མཆུ་ནི་སྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་། མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་ནི་དེས་དགེ་བ་དང་། མི་དགེ་བ་བགྱིས་པ་དེ་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ། མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་ 87-281b བ་ལས། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ། དེ་དགེ་བ་དང་། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་འགྱུར་ཏེ་སྲོག་གི་སླད་དུ་ཡང་། སྡིག་པའི་ལས་མི་བགྱིད་དོ། །དེ་ལྟ་ལགས་པས་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ། ཇི་ལྟར་མཆོད་པར་བྱ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ། ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱའོ། །དགེ་སློང་གི་དགེ་འདུན་ལ་ཟས་དང་། སྐོམ་རྣམས་དང་། ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་། རིམ་གྲོ་བྱའོ། །ཉིན་ལན་གསུམ་མཚན་ལན་གསུམ་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཡིད་ལ་བྱའོ། །མདོ་འདི་ལན་བཞི་བཅུ་རྩ་དགུ་གདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་ཡང་མར་མེ་བདུན་བདུན་གཞག་གོ། །མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ། ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། ། 87-282a བཙུན་པ་ཀུན་དགའ་བོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ། ནད་ཀྱི་གནོད་པའམ། རང་གི་དམག་ཚོགས་སམ། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ། རྒྱུ་སྐར་གྱི་གནོད་པའམ། གཟའ་ཟླ་བའི་གནོད་པའམ། གཟའ་ཉི་མའི་གནོད་པའམ། དུས་མ་ཡིན་པའི་རླུང་དང་ཆར་གྱི་གནོད་པའམ། ཐན་པའི་གནོད་པ་ཡང་རུང་སྟེ། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་དེ་ལྟ་བུར་མཆོད་པ་བྱས་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་དགེ་བའི་རྩ་བ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་། ལོ་ལེགས་པར་འགྱུར། རླུང་དང་ཆར་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་། བདེ་བ་དང་། མཆོག་ཏུ་དགའ་བ་མང་བར་འགྱུར་རོ། །ཡུལ་དེར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ་གཙེ་བར་མི་འགྱུར་རོ། །ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་ཚེ་དང་། མདོག་དང་། སྟོབས་དང་། ནད་མེད་པ་དང་། དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཇི་ལྟར་ན་ཚེ་ཡོངས་སུ་ཟད་ནས་ཡང་མངོན་པར་སྐྱེ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་དུས་མ་ཡིན་པར་འཆི་བ་དགུ་ཡོད་པར། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལས་ 87-282b མ་ཐོས་སམ། དེའི་ཕྱིར། སྔགས་དང་སྨན་གྱི་སྦྱོར་བ་རྣམས་བསྟན་ཏོ། །སེམས་ཅན་ནད་ཀྱིས་བཏབ་ལ། དེ་ནད་ཚབས་མི་ཆེས་ཀྱང་སྨན་དང་རིམ་གྲོ་བྱེད་པ་དང་མི་ལྡན་ནམ། ཡང་ན་སྨན་པ་སྨན་མ་ཡིན་པ་བྱེད་པ་ཡང་ཡོད་དེ། འདི་ནི་དུས་མ་ཡིན་པར་འཆི་བ་དང་པོའོ། །དུས་མ་ཡིན་པར་འཆི་བ་གཉིས་པ་ནི། གང་དག་རྒྱལ་པོའི་ཆད་པས་འཆི་བའི་དུས་བྱེད་པའོ། །དུས་མ་ཡིན་པར་འཆི་བ་གསུམ་པ་ནི། གང་དག་ཧ་ཅང་བག་མེད་དེ་བག་མེད་པར་གནས་པ་དེ་དག་ལ་མི་མ་ཡིན་པ་དག་གིས་མདངས་འཕྲོག་པའོ། །དུས་མ་ཡིན་པར་འཆི་བ་བཞི་པ་ནི། གང་དག་མེས་ཚིག་སྟེ། འཆི་བའི་དུས་བྱེད་པའོ། །དུས་མ་ཡིན་པར་འཆི་བ་ལྔ་པ་ནི། གང་དག་ཆུས་འཆི་བའོ། །དུས་མ་ཡིན་པར་འཆི་བ་དྲུག་པ་ནི། གང་དག་སེང་གེ་དང་། སྟག་དང་། ཝ་དང་། སྦྲུལ་དང་། གཅན་གཟན་ཁྲོ་བོའི་ནང་དུ་ཆུད་དེ་འཆི་བའོ། །དུས་མ་ཡིན་པར་འཆི་བ་བདུན་པ་ནི། གང་དག་རི་ཁ་ནས་གཡང་དུ་ལྷུང་བའོ། །དུས་མ་ཡིན་པར་འཆི་བ་བརྒྱད་པ་ནི། གང་དག་དུག་དང་། བྱད་དང་། རོ་ལངས་ཀྱི་སྦྱོར་བས་གསོད་པའོ། །དུས་མ་ཡིན་པར་འཆི་བ་དགུ་པ་ནི། གང་དག་ཟས་དང་སྐོམ་མ་རྙེད་ནས་བཀྲེས་པ་དང་། སྐོམ་པས་ཉེན་ཏེ་འཆི་བའི་དུས་བྱེད་པའོ། །མདོར་ན་འདི་དག་ནི། དེ་བཞིན་གཤེགས་པས་དུས་མ་ཡིན་པར་འཆི་བ་ཆེན་པོར་བསྟན་པ་སྟེ། གཞན་ཡང་དུས་མ་ཡིན་པར་འཆི་བ་ནི་གྲངས་མེད་དཔག་ཏུ་མེད་དོ། །དེ་ནས་འཁོར་དེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འདུས་པར་གྱུར་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་ 87-283a དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་དེ་དག་གོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རེ་རེ་ལ་ཡང་། གཡོག་གནོད་སྦྱིན་བདུན་འབུམ་བདུན་འབུམ་ཡོད་པ་སྟེ། དེ་དག་གིས་ཚིག་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱི་མཐུས་བདག་ཅག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་མཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་ནི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་འཆང་བ་དང་། མཆོད་པ་དང་། རིམ་གྲོ་བགྱིད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ། ལེགས་སོ་ཞེས་བྱ་བ་བྱིན་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་གང་གི་ཕྱིར་ཁྱེད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ། སེམས་ཅན་ཐམས་ཅད་ལ་ཕན་ 87-283b པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཤིག །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་། རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བར་ཡང་ཟུང་ཤིག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱིས་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།  
Bodhyāpattideśanāvṛtti 116-178a ༄། །དགོས་པ་སོགས་བསྟན་པ། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ པཏྟི་དེ་ཤ་ན་བྲྀཏྟི། བོད་སྐད་དུ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་གང་ཞིག་མི་རྟོག་ཐུགས་ཆུད་རྟོག་མེད་ཐམས་ཅད་མཁྱེན། །ཐུགས་རྗེ་ཆེན་པོས་ འགྲོ་དོན་མཛད་པའི་གཽ་ཏམ་ཕྱག་འཚལ་ནས། །བྱང་ཆུབ་སེམས་དཔའི་ལྟུང་བ་དག་བྱེད་བྱང་ཆུབ་ལྟུང་བཤགས་ནི། །སེམས་ཅན་ཀུན་ལ་ཕན་ཕྱིར་ལུང་དང་མན་ངག་གིས་བཤད་བྱ། །རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་སྐུ་གསུམ་དང་ལྡན་པའི་སངས་རྒྱས་ ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པའི་ཆོས་མང་པོ་གསུངས་པ་ཐམས་ཅད་བསྡུས་པ་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས་ཏེ། དེའི་ནང་ནས་མདོའི་སྡེ་ཞེས་བྱ་བར་འདིར་འགྱུར་ལ། བཅུ་གཉིས་པོ་ཡང་བསྡུས་པས་སྡེ་སྣོད་གསུམ་སྟེ། དེ་ལས་ 116-178b འདི་ནི་མདོ་སྡེ་ཞེས་བྱ་བར་ཡང་འགྱུར་ལ། གཙོར་ནི་ཐེག་པ་ཆེན་པོའི་འདུལ་བ་ཡིན་ཏེ། གཞི་དང་ཡན་ལག་གཉིས་ཀ་སྟོན་པའི་ཕྱིར་རོ། །དེ་ལ་སྔོན་བྱུང་ནི་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་ལ་སོགས་པ་ལས་དང་པོ་པ་སོ་ལྔས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་བྱོན་པས་ཆང་འཚོང་མའི་བུ་ འོག་ཏུ་ཤི་བའི་ལྟུང་བ་བཤགས་པའི་དོན་དུ་འཕགས་པ་ཉེ་བ་འཁོར་ལ་བསྐུར་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་ལམ་གྱི་ཡན་ལག་ཏུ་འགྱུར་རོ། །ཡང་ན་རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་ཁམས་པ་སྐྱེས་ཞེས་བྱ་བས་ཉ་པ་སོ་ལྔ་ལ་ ལམ་ལོག་པ་བསྟན་པས་ཉ་མགོ་བོ་སོ་ལྔ་པར་གྱུར་པའི་དོན་དུ་ཡིན་ནོ་ཞེས་ལ་ལ་ནས་བཤད་དེ། དེ་ནི་དཀོན་མཆོག་བརྩེགས་པའི་གཞུང་མ་ཡིན་ནོ། །དེ་ཉིད་བཤད་པ་ནི་དགོས་པ་ལ་སོགས་པ་ལ་སོགས་པ་བཞིར་ཤེས་པར་བྱའོ། །དེ་དག་གང་ཞེ་ན། དགོས་པའི་དོན་ལ་ནི་རྣམ་པ་ལྔ་སྟེ། བརྗོད་བྱ་ ནི་བྱང་ཆུབ་སེམས་དཔའི་ལྟུང་བ་དང་དེ་འདག་པའི་ཐབས་སོ། །རྗོད་བྱེད་ནི་གཞུང་དེ་དག་གོ། །དགོས་པ་ནི་ལྟུང་བ་དེ་དག་པར་བྱེད་པའོ། །དགོས་པའི་ཡང་དགོས་པ་ནི། དེས་སངས་རྒྱས་ཉིད་འཐོབ་པའོ། །འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བ་སྟེ་ཤུགས་ཀྱིས་བསྟན་པའོ། ། བསྡུས་པའི་དོན་ནི་ཕུང་པོ་གསུམ་མམ། བདུན་དག་པའམ། ཡང་ན་སྟོབས་བཞི་ཁོ་ན་ཡིན་ནོ། །ཞར་ལ་བརྒལ་ལན་ལ་སོགས་པ་གསུམ་ཡང་ཤེས་པར་བྱའོ། ། ༄། །མན་ངག་བསྟན་པ། ༈ ལྟུང་བ་བཤགས་པའི་ཚུལ། མན་ངག་ནི་མངོན་པར་རྟོགས་པ་སྟེ། མཚམས་མེད་པ་ལ་སོགས་པ་བྱས་པ་ཆེན་པོས་ནི། བར་མ་ཆད་པར་ཤིན་ཏུ་འགྱོད་ པས་སྟོབས་བཞི་པོ་འདིས་ཟླ་བའམ་ལོ་ལ་སོགས་པར་ཡན་ལག་ལྔ་ས་ལ་གཏུགས་ཤིང་བཤགས་པས་དག་པའི་མཚན་མ་འབྱུང་ཞིང་དག་པར་འགྱུར་རོ། །བར་པས་ནི་ཐུན་དྲུག་དུ་ཟླ་བ་གཅིག་ཏུའོ། །ཐ་མས་ནི་ཐུན་གསུམ་དུ་ཞག་བདུན་དུའོ། །ལྟུང་བ་བྱུང་གི་དོགས་པ་ལ་ནི་ཆོས་ཀྱི་ཡན་ལག་ གཅིག་གིས་སོ་ཞེས་བྱ་བ་ནི་མན་ངག་གི་དོན་ཡིན་ནོ། །འོ་ན་འདི་ན་བདག་གིས་ཐོས་པ་ལ་སོགས་པ་དང་པོ་དང་ཐ་མ་མེད་པས་བཀའ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པར་གླེང་གཞི་ལ་སོགས་པར་འདི་དག་ཐམས་ཅད་ 116-179a གསུངས་པའི་ཕྱིར་རོ། །འདི་ནི་དེའི་ནང་ནས་དུམ་བུར་བཏོན་པས་དེ་མེད་པ་ལ་འགལ་བ་ཅི་ཡང་མེད་དོ། །འོ་ན་ལྟུང་བའི་དངོས་གཞི་མེད་པར་བཤགས་པ་དེ་མི་ཤེས་སོ་ཞེ་ན། དེ་ནི་འདིའི་དང་པོ་དང་མཇུག་གོ། །སངས་རྒྱས་སུམ་ཅུ་སོ་ལྔ་ཁོ་ནར་ངེས་པ་ནི་སྔོན་གྱི་གདུལ་བྱ་ སོ་ལྔའི་དོན་དང་སངས་རྒྱས་ཉེ་བ་ལ་དགོངས་པ་སྟེ། གཞན་མ་བྱོན་ཞིང་ཕྱག་མི་འཚལ་བ་ནི་མ་ཡིན་ཏེ། འདིའི་འོག་ནས་དེ་དག་ལ་སོགས་པ་གསུངས་སོ། །ཕྱོགས་ཆད་པ་ནི་མེད་དེ། སྤྲུལ་པའི་སྐུ་ཚེ་རིང་བ་དང་དེ་ལྟར་བཞུགས་པ་དོན་མཛད་པ་འདིའི་ཕྱོགས་བཅུ་ན་རྟེན་པ་སྟེ་ཕྱོགས་ བཅུ་ཞེས་པའོ། །འདས་པ་དང་མ་འོངས་པའི་སངས་རྒྱས་ནི་དབང་པོར་མ་བཞག་སྟེ། ཀུན་རྫོབ་ལ་འགལ་བའི་ཕྱིར་རོ། །ཀུན་ལ་དེ་བཞིན་གཤེགས་པ་མེད་ལ་བཞི་སྨོས་པ་ནི་དོན་གྱིས་ཤེས་པར་བྱས་ལ་བློས་དམིགས་པ་སྟེ། བསྣན་ནི་བཀའ་ལས་འདའ་བར་འགྱུར་ལ། ཚིག་བསྡུས་ནས་བསྟན་པའི་ཕྱིར་རོ། །སྟོབས་བཞི་ཁོ་ནས་སྡིག་པ་འཆགས་པ་ནི་སངས་རྒྱས་ཀྱི་ཆོས་བཞི་བསྟན་པ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོར་དེ་བཞི་ཤིན་ཏུ་བསྔགས་པ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གཉིས་ལ་གདམས་པའོ། །དེ་ལ་ཆོས་འདི་ཅི་ཞེ་ན། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ཞེས་གསུངས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་བའི་གནས་ཉེ་གནས་ལ་འདུལ་བའི་བཀའ་སྡུད་པ་པོར་གཏད་པས་དགྲ་བཅོམ་པས་ཞུས་པས་སོ། །འདུལ་བ་གཏན་ལ་དབབ་པ་ནི་ཐེག་པ་ཆེན་པོ་པའི་ལྟུང་བའི་གཞི་ལ་སོགས་པ་འདིས་གཏན་ལ་ འབེབས་པའོ། །དེ་ནི་བྱེ་བྲག་པ་ཡིན་ལ། སྤྱི་ནི་དཀོན་མཆོག་བརྩེགས་པ་ཞེས་སྨོས་སོ། །འདི་ལ་ཕུང་པོ་གསུམ་པ་ཞེས་ཀྱང་གསུངས་ཏེ། ཕྱག་འཚལ་བའམ་བཤགས་པ་ལ་སོགས་པ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ལ་སོགས་ཏེ། ཕུང་པོ་གསུམ་པ་ཆུང་ངུ་ཡིན་ལ། ཆེན་ པོ་ནི་མ་ཡིན་ནོ། །བྱང་ཆུབ་ཀྱི་ལྟུང་བ་བཤགས་པ་ཞེས་པ་ལ། བྱང་ཆུབ་ནི་བྱང་ཆུབ་ཆེན་པོའི་རྒྱུ་སྟེ། དེ་ལ་སེམས་དཔའ་ཞེས་བྱ་བ་ནི་ལྷག་མའོ། །ཡང་ན་བྱང་ཆུབ་ལས་ཉམས་པས་ན་བྱང་ཆུབ་ཀྱི་ལྟུང་བ་ཞེས་གསུམ་པར་སྦྱར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ 116-179b དང་། མོས་པས་སྤྱོད་པ་ལ་གནས་པ་སྟེ། ས་དང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་པར་ཤེས་པར་བྱའོ། །དེའི་ལྟུང་བ་ནི་དེ་བྱུང་ན་ངན་སོང་དུ་འགྲོ་བ་སྟེ། དེ་ཡང་ལྟུང་བ་དང་། སྦོམ་པོ་དང་། ཕམ་པ་དང་། ཉེས་བྱས་དང་། ཉེས་པ་མེད་པ་དང་། ཕྲ་མོའི་རིམ་ པ་མདོ་འདིའི་སྟོད་དང་། གཞན་ལས་ཤེས་པར་བྱ་ལ། བཤགས་པའི་ཐབས་ནི་རྒྱས་པར། མདོ་འདིའི་མཇུག་ནས་ཤེས་པར་བྱ་སྟེ། འདི་ནི་ལྟུང་བ་དེའི་དག་བྱེད་འབའ་ཞིག་ཡིན་ནོ། །དེ་དག་བྱུང་ན་བཤགས་པ་ནི་དག་པར་བྱེད་པའོ། །དེ་ཡང་གཉིས་ཏེ། དོན་དམ་གྱི་བཤགས་པ་ ནི་འགྱོད་པ་བསལ་བའི་མདོ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཡིད་ལ་བྱ་བ་ནི་བཤགས་པ་ཆེན་པོ་སྟེ། དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་བཤགས་པ་ཆེན་པོ་ཡིན། །ཞེས་བྱ་བ་གསུངས་སོ། །ཀུན་ རྫོབ་ཀྱི་བཤགས་པ་ནི་སྟོབས་བཞིས་འགྱོད་པ་དང་བཅས་པའི་ཤེས་པས་ཕྱག་འཚལ་བ་ལ་སོགས་པ་ཐམས་ཅད་བྱ་བ་ནི་སྒྱུ་མ་ལྟ་བུའི་བློ་དང་ལྡན་པས་བཤགས་པ་ནི་ཆུང་ངུའོ། །དེ་ཡང་དང་པོར་འདི་ཞུས་པའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་དོན་དུ་འོད་ཟེར་གྱིས་ འདི་ནས་ལྟོས་པའི་ཕྱོགས་བཅུའི་སངས་རྒྱས་སུམ་ཅུ་རྩ་བཞི་དང་། དེ་དག་ལ་སོགས་པ་མང་པོ་སྤྱན་དྲངས་ཏེ། འདིར་ནམ་མཁའ་ལ་བཞུགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྱོད་པ་དང་བཅས་པས་མཆོད་ཅིང་སེམས་བསྐྱེད་ནས་སྐྱབས་སུ་སོང་སྟེ། ཕྱག་འཚལ་ནས་སྡིག་པ་ བཤགས་པ་ལ་སོགས་པ་ལན་ཅིག་བྱས་པས་སྡིག་པ་ཐམས་ཅད་དག་སྟེ་ས་དང་པོ་ལ་སོགས་པ་ལ་གནས་པར་གྱུར་ཏོ། །དེའི་རྗེས་སུ་ཞུགས་པ་ནི་གནས་དབེན་པར་མཎྜལ་དང་། མཆོད་པ་དང་འདི་རྣམས་ཀྱི་བྲིས་སྐུ་ལ་བརྟེན་ཏེ། བླ་མའི་མན་ངག་གིས་སེམས་བསྐྱེད་པ་ལ་སོགས་པ་ བྱས་ལ་བཤགས་པས་སྡིག་པ་ཐམས་ཅད་དག་པར་འགྱུར་ལ། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འདིའི་ཚུལ་ལོ། ། ༈ བཤགས་པའི་ཐབས་དངོས། ༈ རྟེན་གྱི་སྒོ་ནས་སྡིག་པ་བཤགས་པ། དེ་ལ་བཤགས་པའི་ཐབས་དངོས་ལ། དང་པོ་རྟེན་གྱི་སྒོ་ནས་སྡིག་པ་བཤགས་པ་ནི། བདག་མིང་འདི་ཞེས་བྱ་བ་ཞེས་ 116-180a བྱ་བ་ལ་སོགས་པས་གསུངས་སོ། །དེ་ལ་རྟེན་སངས་རྒྱས་སུམ་ཅུ་རྩ་ལྔ་ལ་སོགས་པ་ལ་མཆོད་པ་བྱས་ཏེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་འདིར་ཤེས་པར་བྱས་ལ། དེ་ནས་སྐྱབས་སུ་འགྲོ་བ་ནི་གཉིས་པའོ། །དེ་ལ་བདག་མིང་འདི་ཞེས་བྱ་བ་ནི། སྤྱིར་བཏང་ཡང་དམིགས་ཀྱིས་བདག་གི་ཐ་མལ་པའི་མིང་ཆེ་གེ་མོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་འཇིག་སྡེའི་ནང་ནས་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་ལྟ་བུའོ། །གཞན་དུ་ན་བདག་ཏུ་མ་ཟད་དེ་དགེ་བའི་བཤེས་གཉེན་ནི་བདག་ལ་ཕན་འདོགས་པའོ། །ཕ་མ་ནི་ཕན་འདོགས་པའི་ཞིང་ངོ་། །སེམས་ ཅན་མཐའ་ཡས་པ་ནི་ནམ་མཁའ་ཁྱབ་པའི་སེམས་ཅན་ཏེ་བདག་གིས་ཕན་གདགས་པའི་ཡུལ་ལོ། །དེ་དག་དང་བཅས་པར་སྐྱབས་སུ་འགྲོ་བའོ། །གང་ལ་ཞེ་ན། སངས་རྒྱས་ལ་སོགས་པ་ལའོ། །གང་གིས་ཤེ་ན། ངག་དང་ཡིད་ཀྱིས་ཏེ་སྐྱབས་སུ་འགྲོ་བའི་ངོ་བོ་ལ་སོགས་པ་ཡང་ཤེས་ པར་བྱའོ། །དེ་ལ་སངས་རྒྱས་ནི་སྟོན་པ་དང་འབྲས་བུ་སྟེ། སྐུ་གསུམ་བདག་ཉིད་ཅན་ལ། བདག་སྐྱབས་སུ་འགྲོ་བ་ནི་དེ་ལ་བློ་གཏོད་པའོ། །འདིར་ཕྱག་འཚལ་བ་ནི་ལུས་དང་ངག་དང་ཡིད་ཀྱིས་ཏེ་དེ་ལྟར་ངེས་པར་འགྲོའོ་ཞེས་པའོ། །དེ་བཞིན་དུ་ཆོས་ནི་བསྟན་པ་དང་ལམ་མོ། །དེ་ཡང་ལུང་ དང་རྟོགས་པ་དང་དོན་དམ་པ་སྟེ་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །དགེ་འདུན་ནི། སྒྲུབ་པ་པོ་དང་རྟེན་ཏེ་མི་ཕྱེད་པས་ན་དགེ་འདུན་ནོ། །དེ་ཡང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཏེ་འདིར་བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པར་ཤེས་པར་བྱའོ། ། ༈ རྣམ་པར་སུན་འབྱིན་པས་ཀུན་དུ་སྤྱོད་པའི་སྟོབས་ཀྱི་སྒོ་ནས་སྡིག་པ་བཤགས་པ། དེ་ལྟར་ རྟེན་གྱི་སྟོབས་བསྟན་ནས། ད་ནི་རྣམ་པར་སུན་འབྱིན་པས་ཀུན་དུ་སྤྱོད་པའི་སྟོབས་ཀྱི་སྒོ་ནས་སྡིག་པ་འཆགས་པ་ནི། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་སྡིག་པའི་དངོས་པོ་བཤགས་པའི་ཡན་ལག་ཏུ་སངས་རྒྱས་སུམ་ཅུ་སོ་ལྔ་ལ་ཕྱག་འཚལ་བས་སྡིག་པ་དག་པར་ གྱུར་པ་ཡིན་ནོ། །དེ་ལ་མ་འོངས་པས་ནི། སངས་རྒྱས་འདི་དག་བདག་གི་མདུན་དུ་པདྨ་དང་སེང་གེ་དང་རིན་པོ་ཆེ་དང་ཟླ་བའི་གདན་ལ་རབ་ཏུ་བྱུང་བ་སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་འོད་དང་ལྡན་པ། སྐུ་མདོག་དང་། ཞིང་དང་། ཕྱོགས་དང་། མཚམས་དང་། ཆོས་གོས་ལ་སོགས་པ་དང་། ཕྱག་ 116-180b མཚན་དང་། རྡོ་རྗེའི་སྐྱིལ་ཀྲུང་ཅན་འཁོར་མང་པོ་དང་བཅས་པ་འོག་ནས་འབྱུང་བ་བཞིན་དུ་དབུས་ནས་བརྩམས་ཏེ་ཕྱོགས་བཅུར་རིམ་པ་བཞིན་དུ་བཞུགས་པ་ལ་དམིགས་ཏེ། ལུས་མང་པོར་སྤྲུལ་ཅིང་། ངག་སྒྲ་དང་། ཡིད་ཀྱི་མོས་པས་ཞབས་ལ་ཕྱག་འཚལ་བྱའོ། །ཡང་ན་བློ་དམན་ པས་ནི་ཐམས་ཅད་ཞལ་གཅིག་པ། ཕྱག་གཉིས་ཆོས་འཆད་པའམ། བསོད་སྙོམས་ལ་གཤེགས་པའམ། ས་གནོན་པ་ལ་སོགས་པའི་ཕྱག་རྒྱར་བསམས་ཏེ། དཀར་པོ་ལ་སོགས་པ་གང་ལྟར་མོས་པར་ཐམས་ཅད་མཉམ་པར་བསམས་ཏེ་ཕྱག་བྱའོ། །འདི་དག་ ནི་བདག་ཅག་གི་སྟོན་པ་གཙོ་བོ་ཡིན་ལ། དེ་མ་གཏོགས་པ་རྣམས་ནི་བསྐལ་པ་མང་པོར་བཞུགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་དང་པོ་མི་མཇེད་ཀྱི་བདག་པོ་དབུས་ན་བཞུགས་པའི་སངས་རྒྱས་དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་ཞེས་གསུངས་ཏེ། སྒྲའི་སྟོབས་ལས་དེ་བཞིན་ ཉིད་གསུང་བ་དང་། རྟོགས་པ་དང་། དེ་བཞིན་ཉིད་དུ་གཤེགས་ཤིང་སླར་བྱོན་པ་སྟེ། འདིས་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །དགྲ་བཅོམ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དགྲ་བསད་པའོ། །དེས་ནི་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་འཕགས་པའོ། །ཡང་དག་ པར་ནི་ཕྱིན་ཅི་མ་ལོག་པ་སྟེ། དེས་ནི་འཁོར་བ་དང་ཐེག་པ་དམན་པ་ལས་སོ། །རྫོགས་པ་ནི་ཚོགས་གཉིས་དང་བདག་གཞན་གྱི་དོན་གྱི་སྐུ་གཉིས་སོ། །སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཀྱི་བྱེ་བྲག་གིས་གཉིས་སོ། །དེ་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་གང་ཟག་ཐམས་ཅད་ ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །དེའི་མཚན་ཉིད་ནི་ཤཱཀྱ་ཐུབ་པ་སྟེ། དེ་ནི་ཡེ་ཤེས་དང་ནུས་པ་དང་ཡོན་ཏན་ནོ། །དེ་ལ་ཡེ་ཤེས་ནི་ཤཱ་ནི་མ་ལུས་པའོ། །ཀྱ་ནི་རྟོག་པའོ། །མུ་ནེ་ནི་གཉིས་སུ་མེད་པར་བསྡོམས་པའོ། །ཐུབ་པ་ནི་ཤཱཀྱའི་རྒྱལ་པོའི་རིགས་ཡིན་པས་དེ་དོན་ཡོད་ཅིང་དེ་ལས་སྐྱེས་པའི་གདུག་པ་ཐུབ་ པ་སྟེ་ལས་སོ། །ཡོན་ཏན་ནི། ཤཱཀྱ་སྟེ་ཁྱད་པར་དུ་འཕགས་པའོ། །དེའི་སྐུ་དང་གསུང་དང་ཐུགས་བསྡམས་པ་ཐུན་མོང་མ་ཡིན་པ་ནི་ཐུབ་པའོ། །དེ་ལ་ཕྱག་འཚལ་བ་ནི་དང་བའི་དད་པས་སྒོ་གསུམ་གྱིས་ཕྱག་བྱ་བའོ། །འདི་ཡང་དབུས་སུ་གདན་ལ། སེར་པོ་ཆོས་འཆད་པར་བསམ་ 116-181a མོ། །སྔ་མ་ལྟར་ཁྱད་པར་ལྔ་དང་། བཤད་པ་གསུམ་པོ་ནི་འོག་མ་ལ་ཡང་ཤེས་པར་བྱའོ། །ཡེ་ཤེས་ལ་སོགས་པ་ནི་དཔེ་དང་དོན་གྱིས་སྒྲའི་སྟོབས་ཀྱིས་ཚང་བ་དང་གཉིས་དང་གཅིག་ལ་ཡང་བཤད་པར་བྱའོ། །སྟེང་ནམ་མཁའི་སྙིང་པོའི་ཞིང་ན་བཞུགས་པ་སྔོན་པོ་ རྡོ་རྗེ་གཉིས་བསྣམས་པ་ནི་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པའོ། །དེ་ལ་རྡོ་རྗེ་ནི་རྡོ་རྗེ་ལྟར་རྟོག་པ་མེད་པའི་ཡེ་ཤེས་སོ། །སྙིང་པོ་ནི་ཐམས་ཅད་ཀྱི་སྐྱེ་གནས་ཏེ་ཡོན་ཏན་ནོ། །ལས་ནི་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་འཇོམས་པའོ། །རིན་ཆེན་འོད་འཕྲོ་ནི་ཤར་ཕྱོགས་རིན་ཆེན་ཡོད་ པའི་ཞིང་ན་དཀར་པོ་རྡོ་རྗེ་དང་ཉི་མ་བསྣམས་པ་བཞུགས་སོ། །དེ་ལ་རིན་ཆེན་ནི་རིན་པོ་ཆེ་ལྟར་སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་ན་ཡོན་ཏན་ནོ། །ཡེ་ཤེས་ནི་འོད་དེ་རང་བཞིན་གསལ་བས་མི་ཤེས་པའི་མུན་པ་མེད་པའོ། །འཕྲོ་བ་ནི་ལས་ཏེ་དེས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པ་ འཇོམས་པར་བྱེད་པའོ། །ཤར་ལྷོ་ཀླུ་ཡིས་ཁྱབ་པའི་ཞིང་ན་ཀླུ་དབང་གི་རྒྱལ་པོ་སྟེ་སྔོན་པོ། ཀླུ་ཤིང་དང་སྦྲུལ་སྔོན་པོ་བསྣམས་པའོ། །དེ་ལ་ཡེ་ཤེས་ནི་ཀླུ་སྟེ་བསིལ་བར་བྱེད་པ་དང་གདུག་པ་ལྟར་ཡེ་ཤེས་ཀྱང་ཉོན་མོངས་པ་དང་བྲལ་བ་དང་མཚན་མ་གསོད་པའོ། །དབང་པོ་ནི་ལས་ཏེ་དེས་ཐམས་ ཅད་ལ་དབང་བསྒྱུར་བའོ། །རྒྱལ་པོ་ནི་ཡོན་ཏན་ཏེ་རྒྱལ་པོ་ལྟར་ཐམས་ཅད་ཀྱི་ནང་ན་འབར་ཞིང་མཛེས་ལ་འཇིགས་པ་དང་བྲལ་བའོ། །དཔའ་བོའི་སྡེ་ནི་ལྷོ་དཔའ་བ་དང་ལྡན་པའི་ཞིང་ན་སེར་པོ། པོ་ཏི་དང་རལ་གྲི་བསྣམས་པ་བཞུགས་པའོ། །དེ་ལ་དཔའ་བོ་ནི་ཡེ་ཤེས་ཏེ་འགྲན་ཟླ་མེད་ཅིང་མི་ཚུགས་པའོ། ། ཡང་ན་དཔའ་བོ་ནི་ལས་ཏེ་སེམས་ཅན་གྱི་འཁོར་བའི་གཡུལ་ཐམས་ཅད་འཇོམས་པའོ། །ཡོན་ཏན་ནི་སྡེ་སྟེ་ཡོན་ཏན་གྱི་ཚོགས་མང་པོ་མངའ་བའོ། །དཔལ་དགྱེས་ནི་ལྷོ་ནུབ་དགའ་བ་དང་ལྡན་པའི་ཞིང་ན། དམར་སེར་ཉི་མ་དང་པདྨ་དམར་པོ་བསྣམས་པའོ། །དེ་ཡང་དཔལ་ནི་ཡེ་ཤེས་དང་ལས་ཏེ་སྔ་ མ་བཞིན་དུ་ཤེས་པར་བྱའོ། །ཡོན་ཏན་ནི་དགྱེས་པ་སྟེ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ་ལ་ཐུགས་བཞུགས་པའོ། །ནུབ་སྣང་བ་དང་ལྡན་པའི་ཞིང་ན་དམར་པོ། རིན་པོ་ཆེ་དང་མེའི་དཀྱིལ་འཁོར་བསྣམས་པ་ནི་རིན་ཆེན་མེ་སྟེ། དེ་ལ་རིན་ཆེན་ནི་ཡེ་ཤེས་ཏེ་རྟོག་པ་མེད་པར་དོན་འབྱུང་བའོ། །ཡང་ 116-181b ན་ཡོན་ཏན་ནི་རིན་ཆེན་ཏེ་ཏིང་ངེ་འཛིན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའོ། །མེ་ནི་ལས་ཏེ་ཡེ་ཤེས་དང་བརྩོན་འགྲུས་ཆེན་པོས་སེམས་ཅན་གྱི་དོན་མཛད་ཅིང་ཉོན་མོངས་པ་ལ་སོགས་སྲེག་པའོ། །རིན་ཆེན་ཟླ་འོད་ནི་ནུབ་བྱང་འོད་བཟང་པོའི་ཞིང་ན་དཀར་ པོ། རིན་པོ་ཆེ་དང་ཟླ་བ་བསྣམས་པའོ། །དེ་ལ་རིན་ཆེན་ནི་སྔ་མ་ལྟར་ཡོན་ཏན་ནོ། །ཟླ་བ་ནི་ཡེ་ཤེས་ཏེ་ཡེ་ཤེས་རྫོགས་ཤིང་གིས་ལ་ལེ་ཤིན་ཏུ་བསིལ་བའོ། །འོད་ནི་ལས་ཏེ་ལས་དང་ཉོན་མོངས་པ་ལ་སོགས་པ་བསལ་ཏེ་དོན་གྱི་ཆོས་ཉིད་གསལ་བར་བྱེད་པའོ། །བྱང་ཕྱོགས་རྔ་སྒྲའི་ ཞིང་ན་མཐོང་བ་དོན་ཡོད་ལྗང་གུ་སངས་རྒྱས་ཀྱི་སྤྱན་གཉིས་བསྣམས་པའོ། །དེའི་ཡེ་ཤེས་ནི་མཐོང་བ་སྟེ་ཡེ་ཤེས་མ་བསྒྲིབས་པའོ། །ཡང་ན་མཐོང་བ་ནི་ཡོན་ཏན་ཏེ། ཤེས་རབ་དང་ཐུགས་རྗེས་སྤྱན་གྱིས་ཆོས་ཉིད་དང་སེམས་ཅན་གྱི་དོན་གསལ་བའོ། །ལས་ནི་དོན་ཡོད་པ་སྟེ། འདིས་ སེམས་ཅན་ཐམས་ཅད་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་གདོན་མི་ཟ་བར་ཡོད་པར་མཛད་པའོ། །རིན་ཆེན་ཟླ་བ་ནི། བྱང་ཤར་འོད་ཟེར་ཅན་གྱི་ཞིང་ན་དཀར་ལྗང་། རིན་པོ་ཆེ་དང་ཟླ་བ་བསྣམས་པའི་སངས་རྒྱས་སོ། །དེའི་ཡོན་ཏན་ནི་རིན་པོ་ཆེའོ། །ཟླ་བ་ནི་ཡེ་ཤེས་ དང་ལས་ཏེ་སྔ་མ་ལྟར་ཤེས་པར་བྱའོ། །འདིའི་འོག་ན་ཐལ་བས་ཁྱབ་པའི་ཞིང་ན་དྲི་མ་མེད་པ་སྟེ་དུད་ཁའམ་ཐལ་བའི་མདོག་ཅན་མེ་ལོང་དྲི་མ་མེད་པ་བསྣམས་པ་བཞུགས་ཤིང་འཚོའོ། །དེ་ལ་དྲི་མ་མེད་པ་ནི་ཡེ་ཤེས་ཏེ་སྒྲིབ་པ་སྤངས་པའོ། །ནུས་པ་ནི་གཞན་དྲི་མ་མེད་པར་བྱེད་པའོ། །སྟོབས་ ལ་སོགས་པ་གློ་བུར་བའི་དྲི་མ་དང་བྲལ་བས་ཤིན་ཏུ་གསལ་བ་ནི་ཡོན་ཏན་ནོ། །དེ་ལ་སྔ་མ་ལྟར་ཕྱག་འཚལ་བའོ། །དེ་དག་ནི་བཅུ་ཚན་དང་པོའོ།། །།ཡང་བཅུ་ཚན་གཉིས་པ་ནི། དཔལ་སྦྱིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དེའི་ཡང་སྟེང་གི་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ན་དེ་ བཞིན་གཤེགས་པ་དཔས་བྱིན་དཀར་པོ་ཤིང་དཔལ་འབྲས་ཀྱི་སྡོང་བུ་ལོ་མ་འབྲས་བུ་དང་བཅས་པ་བསྣམས་པ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། འདིར་སྟེང་དུ་གདན་ལ་བཞུགས་པར་བསམས་ཏེ་བདག་གིས་ཕྱག་འཚལ་བ་བྱས་པས་སྡིག་པར་དག་པར་འགྱུར་རོ། །དེ་ལ་དཔའ་ 116-182a བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྟོག་པ་ཐམས་ཅད་འཇོམས་པས་སོ། །ཡང་ན་ཡོན་ཏན་ནི་དཔའ་བ་སྟེ། གཞན་ལ་ཕུན་སུམ་ཚོགས་པ་ཐམས་ཅད་དང་བདེ་བ་ཐམས་ཅད་ཐོགས་པ་མེད་པར་མཛད་པའོ། །སྦྱིན་པ་ཞེས་པས་ལས་བསྟན་ཏེ། ཁམས་གསུམ་གྱི་སེམས་ ཅན་ཐམས་ཅད་ལ་ཇི་ལྟར་འདོད་པའི་བྱ་བའམ་དགོས་པ་སྦྱིན་པའོ། །དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་བར་བྱའོ། །ཤར་ཕྱོགས་སྒྲིབ་པ་དང་བྲལ་བའི་ཞིང་ན་དཔལ་ཚངས་པ་དམར་སེར་པདྨ་དང་ཉི་མ་བསྣམས་པའོ། །དེ་ལ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་ཚངས་པའོ། །ཡང་ན་ཚངས་ པ་བཞིན་དུ་སེམས་ཅན་ཐམས་ཅད་འཁོར་བ་ནས་དག་པར་བྱེད་པ་ནི་ཚངས་པ་སྟེ་ལས་སོ། །ཡང་ཚངས་པ་ནི་རང་ཉིད་དང་གཞན་དག་པར་བྱེད་པའི་ཡོན་ཏན་ཚད་མེད་པ་མངའ་བས་ན་ཚངས་པ་སྟེ་ཡོན་ཏན་ནོ། །ཚངས་པས་བྱིན་ནི་ཤར་ལྷོ་མྱ་ངན་མེད་པའི་ཞིང་ན་སེར་པོ་ཟླ་བ་དང་པདྨ་བསྣམས་པའོ། །དེ་ ཡང་ཚངས་པ་ནི་ཡེ་ཤེས་དང་ཡོན་ཏན་ཏེ་སྔ་མ་དང་འདྲའོ། །དེས་སེམས་ཅན་ཐམས་ཅད་ལ་དག་པའི་བདེ་བ་སྦྱིན་པ་ནི་ལས་སོ། །ཆུ་ལྷ་ནི་ལྷོ་ཕྱོགས་དྲི་མ་མེད་པའི་ཞིང་ན་སྔོན་པོ་ཆུའི་དཀྱིལ་འཁོར་ན་ཆོས་འཆད་པའི་ཕྱག་རྒྱ་ཅན་ནོ། །དེ་ཡང་ཆུ་ནི་ཡེ་ཤེས་ཏེ་ཤིན་ཏུ་དྲི་མ་མེད་ཅིང་དང་བའོ། །ཡང་ ན་ལས་ནི་ཐུགས་རྗེ་ཆེན་པོས་དམ་པའི་ཆོས་ཀྱིས་སེམས་ཅན་གྱི་རྒྱུད་བརླན་པར་མཛད་པས་ན་ཆུའོ། །ལྷ་ནི་ཡོན་ཏན་ཏེ་མཐུ་དང་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པའོ། །ལྷོ་ནུབ་གསལ་བའི་ཞིང་ན་དཀར་པོ། ཆུ་ལྷའི་དཀྱིལ་འཁོར་དང་མེ་ལོང་བསྣམས་པ་ནི་ཆུ་ལྷའི་ལྷའོ། །དེ་ལ་ཆུ་ནི་ཡེ་ཤེས་ ཏེ་སྔ་མ་བཞིན་ནོ། །ལས་ནི་ལྷ་སྟེ་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །དེའི་ཡང་ལྷ་ནི་ཡོན་ཏན་ནོ། །དཔལ་བཟང་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་བཞུགས་པ་དམར་པོ་པདྨ་དང་དཔག་བསམ་གྱི་ཤིང་བུ་བསྣམས་པ་ཡིན་ལ། དཔལ་ནི་ཡོན་ཏན་ཏེ་བདག་ དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །བཟང་པོ་ནི་ཡེ་ཤེས་དང་ལས་ཏེ། ཡེ་ཤེས་ཤིན་ཏུ་མཆོག་ཏུ་གྱུར་པ་དང་། གཞན་མྱ་ངན་ལས་འདས་པའི་ལམ་བཟང་པོས་མྱ་ངན་ལས་འདས་པར་འདྲེན་པར་མཛད་པའོ། །ནུབ་བྱང་དྲི་བཟང་པོས་ཁྱབ་པའི་ཞིང་ན་སངས་རྒྱས་ཙནྡན་དཔལ་དམར་ 116-182b སེར་ཙནྡན་གྱི་སྡོང་པོ་དང་དཔལ་འབྲས་བསྣམས་པ་བཞུགས་པའོ། །དེའི་ཡེ་ཤེས་ནི་ཙནྡན་ཏེ། མ་རིག་པ་ལ་སོགས་པའི་གདུང་བ་བསིལ་ཞིང་དག་པའོ། །ཡང་ན་ཙནྡན་ནི་ཡོན་ཏན་ཏེ་སྟོབས་ལ་སོགས་པའི་ཡོན་ཏན་ཆེན་པོས་ཐམས་ཅད་དུ་ཁྱབ་པའོ། །དཔལ་ནི་ལས་ཏེ་སྔ་མ་བཞིན་དུ་ ཤེས་པར་བྱའོ། །གཟི་བརྗིད་མཐའ་ཡས་ནི་བྱང་ཕྱོགས་གཟི་བརྗིད་དང་ལྡན་པའི་ཞིང་ན་དམར་པོ་ཉི་མ་གཉིས་བསྣམས་པ་འཁོར་མང་པོ་དང་བཅས་པ་བཞུགས་སོ། །དེའི་ཡེ་ཤེས་ནི་གཟི་བརྗིད་དེ་གསལ་བའི་ཡེ་ཤེས་ཀྱིས་གཞན་གསལ་བར་མཛད་ཅིང་ཟིལ་གྱིས་གནོན་པའི་ནུས་པ་ཅན་ནོ། །མཐའ་ ཡས་ནི་ལས་དང་ཡོན་ཏན་ཏེ་སེམས་ཅན་གྲངས་མེད་པའི་དོན་མཛད་པ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། །བྱང་ཤར་དོན་ཡོད་པ་དང་ལྡན་པའི་ཞིང་ན་འོད་དཔལ་དཀར་པོ། འོད་དཀར་པོའི་དཀྱིལ་འཁོར་བསྣམས་པ་བཞུགས་ཤིང་འཚོ་སྐྱོང་བའོ། ། དེ་ལ་འོད་ནི་ཡེ་ཤེས་ཏེ། ཉི་མ་ལྟ་བུའི་ཡེ་ཤེས་དེས་ནི་རང་དང་གཞན་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པ་སེལ་བའོ། །དཔལ་ནི་ཡོན་ཏན་དང་ལས་ཏེ་སྔ་མ་ལྟར་གཉིས་སུ་ཤེས་པར་བྱའོ། །མྱ་ངན་མེད་པའི་དཔལ་ནི་འོག་གི་ཕྱོགས་སྒྲིབས་པ་དང་བྲལ་བའི་ཞིང་ན་སྐུ་མདོག་སྔོ་སྐྱ་ཤིང་མྱ་ ངན་མེད་པ་བསྣམས་པ་བཞུགས་ཏེ། དེ་ཡང་མྱ་ངན་མེད་པ་ནི་ཡེ་ཤེས་ཏེ་འཁོར་བ་ལས་འདས་ཤིང་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཡང་ན་ལས་ནི་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་ཏེ་སྡུག་བསྔལ་དང་འཁོར་བ་བྲལ་བར་མཛད་པས་ན་དེ་དག་མེད་པའོ། །དཔལ་ནི་ཡོན་ཏན་ནོ། །དེ་ལ་སྔ་མ་ལྟར་ སྒོ་གསུམ་དང་བས་ཕྱག་འཚལ་བར་བྱའོ། །དེ་དག་ནི་བཅུ་ཚན་གཉིས་པའོ།། །།ཡང་བཅུ་ཚན་གསུམ་པ་ནི། དེའི་ཡང་སྟེང་གི་ཕྱོགས་ན་སྲེད་པ་དང་བྲལ་བའི་ཞིང་ན་སྲེད་མེད་ཀྱི་བུ་སྔོན་པོ། རི་རབ་དང་པདྨའི་ཕྱག་རྒྱ་ཅན་འཁོར་ལ་ཆོས་འཆད་ཅིང་སེམས་ཅན་རྣམས་ལ་འཚོ་སྐྱོང་ངོ་། །དེ་ཡང་སྲེད་ མེད་ནི་ཡེ་ཤེས་ཏེ་རྟོག་པ་དང་བྲལ་བའོ། །ལས་ནི་སྲེད་པ་མེད་པ་སྟེ་སེམས་ཅན་འཁོར་བ་ལ་ཆགས་པ་དང་བྲལ་བར་མཛད་པའོ། །དེའི་བུ་ནི་སངས་རྒྱས་ཏེ་དེ་ལས་སྐྱེས་ཤིང་བྱམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་བུ་ཞེས་བཤད་དོ། །ཤར་ཕྱོགས་མེ་ཏོག་ཆེར་རྒྱས་པ་ཞེས་བྱ་བའི་ཞིང་ན་ 116-183a སེར་པོ་མེ་ཏོག་སེར་པོ་དང་ཤིང་ཐོག་དཔལ་འབྲས་བསྣམས་པའི་སངས་རྒྱས་མེ་ཏོག་དཔལ་བཞུགས་ཏེ་དེའི་ཡོན་ཏན་ནི་མཚན་ལ་སོགས་པ་རྒྱས་ཤིང་མཛེས་པ་དང་། ཡེ་ཤེས་མེ་ཏོག་ལྟར་རྒྱས་པའོ། །དཔལ་ནི་ལས་ཏེ། དེ་བཞིན་དུ་ཕུན་སུམ་ཚོགས་པ་དང་ལྡན་པར་ བྱེད་པའོ། །ཤར་ལྷོ་ཚངས་པས་ཁྱབ་པའི་ཞིང་ན་དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དཀར་པོ་པདྨ་དང་འོད་ཕུད་བསྣམས་པའོ། །དེ་བཞིན་གཤེགས་པ་ནི་སྔ་མ་ལྟར་ཏེ་འདིར་ཡང་དགྲ་བཅོམ་པ་ལ་སོགས་པའང་སྔ་མ་ལྟར་བལྟའོ། །བར་འདིར་དེ་ བཞིན་གཤེགས་པ་གཉིས་བསྟན་པ་ནི་གོང་འོག་ལའང་ཤེས་པར་བྱའོ། །དེ་ཡང་ཚངས་པ་སྟེ་ཡེ་ཤེས་སོ། །འོད་ཟེར་ནི་ནུས་པ་སྟེ། ཤིན་ཏུ་གསལ་ཞིང་ནུས་པ་ཆེན་པོ་དང་ལྡན་པའོ། །རྣམ་པར་རོལ་པ་ནི་ལས་ཏེ། རྫུ་འཕྲུལ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པའོ། །ཐུགས་ཀྱི་ ཡེ་ཤེས་ཀྱིས་དོན་བྱའི་ཐབས་ལ་སོགས་པ་གསལ་བར་རྟོགས་པ་ནི་མངོན་པར་མཁྱེན་པའོ། །ལྷོ་ཕྱོགས་པདྨ་དང་ལྡན་པའི་ཞིང་ན་དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དམར་པོ་པདྨ་དང་ཉི་མའི་ཕྱག་རྒྱ་ཅན་ནོ། །དེ་ལ་པདྨ་ནི་ཡེ་ཤེས་ཏེ་པདྨ་ཉེས་པས་མ་གོས་ལ་མ་ ཆགས་ཤིང་རྒྱས་པའོ། །འོད་ཟེར་ནི་ཡོན་ཏན་ནོ། །རྣམ་པར་རོལ་པ་ལ་སོགས་པ་ནི་ལས་སོ། །ལྷོ་ནུབ་ནོར་བུ་ཡོད་པའི་ཞིང་ན་ནོར་དཔལ་དམར་པོ་དཀར་བའི་མདངས་ཅན་ཕྱག་རྒྱ་རིན་པོ་ཆེ་གཉིས་ཅན་ནོ་དེ་ལ་ནོར་ནི་ཡེ་ཤེས་ཏེ། ཡེ་ཤེས་ཆེན་པོ་མི་ཟད་པ་དང་། ནོར་བུའི་ཡོན་ཏན་དང་འདྲ་ བའི་ཡོན་ཏན་ཆེན་པོ་དང་ལྡན་པས་འདོད་པ་ཐམས་ཅད་བསྐང་བ་ནི་ལས་སོ། །ཡོན་ཏན་ནི་དཔལ་ཏེ་གཉིས་སོ། །ནུབ་ཕྱོགས་གསལ་བ་དང་ལྡན་པའི་ཞིང་ན་དྲན་པའི་དཔལ་སེར་པོ་པོ་ཏི་དང་རལ་གྲི་ཅན་ནོ། །དེ་ལ་དྲན་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ཆེན་པོ་མི་བརྗེད་པའི་གཟུངས་དང་ལྡན་པ་དང་། ཡང་ཡོན་ཏན་ནི་དྲན་པ་སྟེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ནོ། །ལས་ནི་དཔལ་ལོ། །ནུབ་བྱང་མཚན་མ་མེད་པའི་ཞིང་ན་ལྗང་གུ་ཕྱག་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཙུག་ཏོར་དབུའི་སྟེང་དུ་འདོགས་པ་ནི་མཚན་དཔལ་ཤིན་ཏུ་ཡོངས་གྲགས་སོ། །དེ་ལ་མཚན་ནི་ 116-183b ཡེ་ཤེས་ཏེ། མི་ཟད་པའི་ཡེ་ཤེས་འཛིན་པའོ། །དཔལ་ནི་ལས་སོ། །ཤིན་ཏུ་ཡོངས་གྲགས་ནི་ཡོན་ཏན་ཏེ། འཇིག་རྟེན་གྱི་ཁམས་སུ་སྙན་པ་ཁྱབ་པར་གྱུར་པའི་གྲགས་པ་ཆེན་པོའོ། །བྱང་ཕྱོགས་དབང་པོ་གསལ་བའི་ཞིང་ན་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་སེར་པོ་རིན་པོ་ཆེ་ ཏོག་དང་རྒྱལ་མཚན་ཅན་ནོ། །དེ་ལ་དབང་པོ་ཏོག་ནི་ཡེ་ཤེས་ཏེ། དབང་པོས་ཡུལ་རྟོགས་པ་ལྟར་ཡེ་ཤེས་དེས་ཆོས་ཉིད་རྟོགས་ཤིང་དེ་ཉིད་མཛེས་པས་ན་ཏོག་གོ། །རྒྱལ་མཚན་ནི་ཡོན་ཏན་ཏེ་ཐམས་ཅད་འཁོར་བ་ལས་རྒྱལ་བར་བྱེད་པའི་ཡོན་ཏན་ནོ། །ལས་ནི་རྒྱལ་པོ་སྟེ་བྱ་བ་ཐམས་ཅད་མཛད་ པའོ། །བྱང་ཤར་རོལ་པ་དང་ལྡན་པའི་ཞིང་ན་ཤིན་ཏུ་རྣམ་པར་གནོན་པའི་དཔལ་དཀར་པོ་ས་གནོན་པའི་ཕྱག་རྒྱ་ཅན་ནོ། །དེ་ལ་ཤིན་ཏུ་ནི་ཡེ་ཤེས་ཏེ་ཡང་དག་པའི་ཡེ་ཤེས་སོ། །ལས་ནི་རྣམ་པར་གནོན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་འཇོམས་ པའོ། །དཔལ་ནི་ཡོན་ཏན་ཏེ་སྔ་མ་ལྟར་གཉིས་སོ། །འོག་གི་ཕྱོགས་ན་ཉོན་མོངས་པ་མེད་པའི་ཞིང་ན་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ནི་ནག་པོ་ཁྲབ་དང་རལ་གྲི་བསྣམས་པའོ། །དེའི་ལས་ནི་གཡུལ་ལས་རྒྱལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་གཡུལ་ངོ་ བཟློག་པའོ། །ཤིན་ཏུ་ཡེ་ཤེས་སོ། །ཡོན་ཏན་ནི་རྣམ་པར་རྒྱལ་བ་སྟེ་བདག་དང་གཞན་འཁོར་བ་ལས་རྒྱལ་བའི་ནུས་པ་མངའ་བའོ། །ཡང་དེ་དག་གི་ཕྱིའི་གཞི་ལ་ཤར་ཕྱོགས་དཔལ་དང་ལྡན་པའི་ཞིང་ན་རྣམ་པར་གནོན་པས་གཤེགས་པའི་དཔལ་དཀར་པོ་ས་གནོན་དང་མི་འཇིགས་པའི་ཕྱག་ རྒྱ་ཅན་ནོ། །དེའི་ལས་ནི་རྣམ་པར་གནོན་པ་སྟེ་སྔ་མ་བཞིན་ནོ། །གཤེགས་པ་ནི་ཡེ་ཤེས་ཏེ་མཐར་ཐུག་པ་རྟོགས་པའོ། །ཡོན་ཏན་ནི་དཔལ་ཏེ་སྔ་མ་ལྟར་རོ། །ལྷོ་ཕྱོགས་སྣང་བ་བཀོད་པའི་ཞིང་ན་ཀུན་ནས་སྣང་བ་བཀོད་པའི་དཔལ་སེར་པོ་ཉི་མ་དང་རིན་པོ་ཆེའི་སྡོང་བུ་བསྣམས་པའོ། །དེ་ལ་ ལས་ནི་ཀུན་ནས་སྣང་བ་སྟེ། ཡེ་ཤེས་ཀྱིས་སེམས་ཅན་གྱི་མ་རིག་པ་སེལ་བའོ། །བཀོད་པ་ནི་ཡེ་ཤེས་ཏེ་དཔག་ཏུ་མེད་པའི་ཡེ་ཤེས་སོ། །དཔལ་ནི་ཡོན་ཏན་ནོ། །ནུབ་ཕྱོགས་དཔལ་དང་ལྡན་པའི་ཞིང་ན། །རིན་ཆེན་པདྨས་རྣམ་པར་གནོན་པ་དམར་པོ་རིན་པོ་ཆེ་དང་པདྨ་བསྣམས་པའོ། ། 116-184a དེ་ལ་རིན་ཆེན་ནི་ཡོན་ཏན་ནོ། །པདྨ་ནི་ཡེ་ཤེས་ཏེ་དྲི་མ་དང་བྲལ་བའོ། །ལས་ནི་རྣམ་པར་གནོན་པ་སྟེ་སྔ་མ་བཞིན་ནོ། །བྱང་ཕྱོགས་རིན་པོ་ཆེའི་ཞིང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་པདྨའི་གདན་ལ་རབ་ཏུ་ བཞུགས་པ་རི་དབང་གི་རྒྱལ་པོ་བཞུགས་ཤིང་འཚོ་སྐྱོང་སྟེ། དེའི་གདན་པདྨ་དང་སེང་གེ་དང་རིན་པོ་ཆེ་དང་ཟླ་བའོ། །ནམ་མཁའ་ལྟར་སྔོ་བ་ཕྱག་གཉིས་ཀྱིས་རི་རབ་བཏེག་པ་སྤྱན་དྲངས་ཏེ་བཤགས་ལ། སྒྲུབ་པ་པོས་ནི་དེ་ལྟར་བསམས་ལ་བཤགས་སོ། །དེ་བཞིན་གཤེགས་པ་ལ་སོགས་པ་ ནི་སྔ་མ་ལྟར་ཤེས་པར་བྱའོ། །དེ་ལ་རིན་པོ་ཆེ་པདྨ་སྟེ་དེས་ནི་གདན་གྱི་ཡོན་ཏན་དང་ལས་དང་ཡེ་ཤེས་བཤད་དེ་གཞན་ལས་གདན་འདི་ཤེས་པར་བྱའོ། །ལ་ལ་ལས་ནི་ཟླ་བ་ཞེས་པ་ཡོད་དེ་དེ་ནི་ལས་སུ་ཤེས་པར་བྱ་སྟེ། འདི་ནི་ཐམས་ཅད་ལ་ཤེས་པར་བྱའོ། །རི་དབང་ནི་ཡེ་ཤེས་དང་ཡོན་ ཏན་ཏེ་རིའི་རྒྱལ་པོ་ལྟར་མི་བསྒུལ་བའི་ཡེ་ཤེས་དང་ཡོན་ཏན་རི་རབ་ལྟ་བུའོ། །རྒྱལ་པོ་ནི་ལས་སོ། །དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ལོ། །ཞེས་པ་ནི་ཚིག་གི་དོན་ཏོ། །འདི་དག་ནི་སྔོན་བྱོན་པ་སྟེ་བྱང་ཆུབ་སེམས་དཔའ་ལ་ནི་ལྟུང་བ་བྱུང་བ་མེད་ཅིང་བཅོས་མ་ཡིན་ལ། མ་འོངས་པ་ལ་ གདམས་པ་སྟེ་བསམས་ལ་བཤགས་པར་བྱའོ། །དེ་ལྟར་ཕྱག་འཚལ་བ་བཤད་ནས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་ཏེ། དེ་ཡང་སངས་རྒྱས་དེ་དག་ལ་ཐུགས་གཏད་པར་གསོལ་བ་གདབ་པ་ནི་དེ་དག་ལ་སོགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བདག་གིས་པུས་མོ་ གཉིས་ས་ལ་བཙུགས་ལག་པ་སྤྱི་བོར་ཐལ་མོ་སྦྱར་ཏེ་གུས་པས་འདི་དག་བརྗོད་པས་བདག་གི་དཔང་པོ་མཛད་པར་བསམ་མོ། །དེ་ལ་དེ་དག་ནི་སོ་ལྔ་པོ་དེ་དག་གོ། །དེ་ནི་གདུལ་བྱ་ལ་དགོངས་པ་སྟེ། གཞན་ཡང་སོགས་པས་ནི་དེ་དག་ཀྱང་དཔང་པོར་བྱས་པའོ། །ཤར་ལ་སོགས་པའི་ ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དེ་ནམ་མཁའི་མཐར་ཐུག་པའི་སངས་རྒྱས་ཐམས་ཅད་དམིགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ནི་གོ་སླའོ། །ཇི་སྙེད་ཅིག་ནི་བགྲང་བ་ལས་འདས་པའི་གྲངས་སོ། །འཚོ་བ་ནི་ཐུགས་རྗེའི་སྤྱན་གྱིས་སེམས་ཅན་གཟིགས་ནས་སྐྱོང་བའོ། ། 116-184b གཞེས་པ་ནི་བཞུགས་པ་སྟེ་འཁོར་བ་ཇི་སྲིད་ཀྱི་བར་དུའོ། །བཅོམ་ལྡན་འདས་ནི་སྐལ་བ་དང་ལྡན་ཞིང་བདུད་བཞི་བཅོམ་པའོ། །དེ་དག་ཐམས་ཅད་ནི་སོ་ལྔ་ལ་སོགས་པའོ། །བདག་ཅེས་པ་ནི་དང་པོའི་མིང་བརྗོད་པར་བྱའོ། །ཐུགས་མི་འགྱུར་བར་གསོལ་བ་གདབ་པ་ནི་དགོངས་སུ་གསོལ་བའོ། །གཉིས་པ་ བཤགས་པ་རང་གི་ངོ་བོ་ལ་དུས་ཀྱི་སྒོ་ནས་བསྟན་པ་ནི། བདག་གི་སྐྱེ་བ་ཞེས་བྱ་བ་ལ་སོགས་པའོ། །བདག་གི་དུས་འདི་ཙམ་དུ་སྡིག་པ་བྱས་སོ་ཞེས་སེམས་ལ་བསམས་ནས་འགྱོད་པ་བསྐྱེད་པའོ། །དེ་ལ་སྐྱེ་བ་འདི་ནི་དུས་འདིར་སྡིག་པ་བྱས་པ་དྲན་པར་བྱའོ། །དེས་མཚོན་ནས་སྐྱེ་བ་ཐོག་མ་མེད་པ་སྟེ་ སྔ་མ་འདས་པ་ནས་དཔག་ཏུ་མེད་པ་སྟེ། འཁོར་བ་ཐོག་མ་མེད་པའི་དུས་ཅན་ནོ། །ཐོག་མ་མེད་པ་ནི་སྤྱིར་དགོངས་པ་འཁོར་བའི་སེམས་ཅན་ནམ་མཁའ་ལྟར་མཐའ་ཡས་པའོ། །དེ་དག་ཏུ་འཁོར་བ་ནི་ཟོ་ཆུན་གྱི་འཁྲུལ་འཁོར་ལྟར་ཡང་ནས་ཡང་དུ་འབྱུང་ཞིང་འཇིག་པའོ། །དེ་ཡང་ཚེ་ རབས་སྔ་མ་ལ་སོགས་པར་འཁོར་བ་བཞིན་འདི་དང་ཕྱིས་སོ། །སྐྱེ་གནས་གཞན་ནི་བྱོལ་སོང་ལ་སོགས་པ་དྲུག་པོའི་མངལ་ལ་སོགས་པར་རོ། །གསུམ་པ་རང་གི་ངོ་བོའི་སྒོ་ནས་སྡིག་པ་བཤགས་པ་ནི། སྡིག་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་བདག་གིས་སྡིག་པ་འདི་ཙམ་ཞིག་བྱས་ པ་ཞེས་འགྱོད་དེ། སེམས་སུན་བཏོན་ལ་བཤགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྡིག་པ་བྱས་པ་ཡང་རྒྱུ་མ་རིག་པ་ལ་བརྟེན་ནས་རྐྱེན་འདོད་ཆགས་ལ་སོགས་པ་གསུམ་གྱི་ཕྱེད་པོ་ལུས་ལ་སོགས་པ་གསུམ་གྱིས་བྱས་སོ། །དེ་ཡང་གསུམ་སྟེ། བྱས་ལ་མ་བསགས་པ་དང་། མ་བྱས་ ཀྱང་བསགས་པ་དང་། བྱས་ལ་བསགས་པའི་སྡིག་པ་གསུམ་སྟེ་འདི་དག་ནི་མདོ་སྡེ་ལྟར་ཤེས་པར་བྱའོ། །དེ་ལ་སྡིག་པ་ནི་ངན་སོང་དུ་འགྲོ་བའི་སྔ་ལྟས་སོ། །འབྲས་བུ་ངན་སོང་སྐྱེད་ཅིང་དམ་པས་སྨད་པས་ན་མི་དགེ་བའོ། །ལས་ནི་གོས་ཤིང་འབྱར་བ་སྟེ། ལུས་ལ་སོགས་པས་སྲོག་ གཅོད་པ་ལ་སོགས་པ་བཅུའོ། །ལྕི་ཡང་ལ་སོགས་པ་ནི་གཞན་ལྟར་ཤེས་པར་བྱའོ། །དེ་ཡང་གསུམ་སྟེ་བདག་གིས་དངོས་སུ་བྱས་པ་དང་། གཞན་བགྱིད་དུ་སྩལ་བ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་གསུམ་ནི་རྣམ་པར་སྨིན་པ་འདྲ་སྟེ། ཁྱད་པར་དུ་ནི་བགྱིད་དུ་སྩལ་བ་སྟེ་ཐེག་པ་ཆེན་ 116-185a པོ་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་སྤྱི་ཡིན་ནོ། །བྱེ་བྲག་ནི་མ་བྱིན་པར་ལེན་པ་ལ་སོགས་པའི་ནང་ནས་ལྕི་བ་ལྔ་ལས་འདིར་གསུམ་སྟེ། སེམས་ཅན་གྱི་དོན་དུ་མཆོད་རྟེན་བརྒྱད་པོའི་གསེར་ལ་སོགས་པའི་ནོར་རོ། །དགེ་འདུན་ནི་མི་ཕྱེད་པ་སྟེ། བྱང་ཆུབ་ སེམས་དཔའ་དང་ཉན་ཐོས་ཀྱིས་ཕྱེ་བའོ། །དེ་ཡང་དང་པོ་ནི་གཉིས་ལ་སོགས་པའིའོ། །གཉིས་པ་ནི་དགེ་སློང་བཞི་ལ་སོགས་པའོ། །དེ་བས་ཀྱང་ལྕི་བ་ནི་ཕྱོགས་བཞིའི་དགེ་འདུན་ལ་སོགས་པའི་མགྲོན་པོ་ལ་སོགས་པའི་ནོར་རྐུ་བ་དང་དངོས་སུ་འཕྲོག་པའོ། །ཤིན་ཏུ་ལྕི་བ་ནི་ མཚམས་མེད་པ་ལྔའོ། །དེ་ཡང་སྡུག་བསྔལ་དང་བར་དོ་མེད་པར་ཡིན་ཏེ། འདིའི་སྡིག་པའི་འབྲས་བུ་ལ་ནི་ཚད་མེད་དོ། །ཉེས་པ་མེད་པ་དང་ཆུང་བ་ཡང་ཤེས་པར་བྱའོ། །གཞན་ཡང་གཞན་དག་སྲོག་གཅོད་པ་ལ་སོགས་པ་བཅུ་བླངས་པ་དེའི་ཟླ་ལ་ཐེ་ཚོམ་མེད་པར་བདག་ཞུགས་པ་ ཡང་ཤེས་པར་བྱའོ། །དེ་དག་གི་ཉེས་དམིགས་ཀྱི་སྒོ་ནས་བསྟན་པ་ནི་ལས་ཀྱི་སྒྲིབ་པ་ལ་སོགས་པའོ། །དེ་ཡང་རྣམ་པར་སྨིན་པ་འདི་ལྟ་བུ་ཚ་བ་ཡིན་ལ་བསམས་ཏེ། རང་གི་སེམས་སུན་བཏོན་ལ། ཤིན་ཏུ་འགྱོད་པས་བཤགས་པར་བྱའོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །དེ་ཡང་ ལས་དེ་དག་གིས་བསྒྲིབས་པ་ནི་ཡེ་ཤེས་མི་གསལ་བར་བྱས་པའོ། །དེ་དག་གི་རྣམ་པར་སྨིན་པ་ཅིར་འགྱུར་ཞེ་ན། སེམས་ཅན་དམྱལ་བ་ལ་སོགས་པའི་མི་ཁོམ་པ་བརྒྱད་དེ། དམ་པའི་ཆོས་ཀྱི་གོ་སྐབས་མེད་ལ། ལ་ལ་དེ་ལྟར་སྡུག་བསྔལ་དང་བཅས་ལ། ལ་ལ་ཕྱིས་འགྱུར་བས་མི་ ཁོམ་པ་སྟེ་དལ་འབྱོར་མེད་པའོ། །དེ་ལ་དམྱལ་བ་ནི་ཤིན་ཏུ་སྡུག་བསྔལ་བ་སྟེ་ཕལ་པོ་ཆེ་དང་ཁ་འཐོར་བའོ། །དེ་ལ་དང་པོ་ནི་ཚ་བ་དང་གྲང་བས་བཅུ་དྲུག་གོ། །གཉིས་པ་ནི་གནས་ཀྱིས་གཉིས་ཏེ། འདི་དག་ནི་མདོ་དྲན་པ་ཉེ་བར་གཞག་པ་ཆེན་པོ་ལས་ཤེས་པར་བྱ་སྟེ། ལས་ངན་པ་ཤིན་ ཏུ་ཆེ་བའི་འབྲས་བུ་ཡིན་ནོ། །དུད་འགྲོ་ནི་མི་ཤེས་པ་སྟེ། དེའི་སྐྱེ་བའི་གནས་ནི་མངལ་ནས་སྐྱེ་བ་ལ་སོགས་པའོ། །དེ་ཡང་གཉིས་ཏེ། དབྱིབས་ཀྱིས་ནི་བཞིའོ། །དེ་ནི་ཐ་མའིའོ། །ལས་བར་མ་ནི་ཡི་དགས་ཏེ་ཟས་ལ་སོགས་པ་བཟའ་བ་ལ་སོགས་པ་འདོད་ལ་དེ་མེད་པ་སྟེ། དེའི་ཡུལ་ 116-185b ནི་འདུག་པ་སྟེ། གཤིན་རྗེའི་འཇིག་རྟེན་ནོ། །དེ་ཡང་གཉིས་སུ་ཤེས་པར་བྱའོ། །ཡང་ན་ངན་སོང་གསུམ་པོ་དེ་དག་གི་རྒྱུ་ནི་ཕལ་ཆེར་སྲོག་གཅོད་པ་དང་སེར་སྣ་དང་གཏི་མུག་ལས་ཤེས་པར་བྱའོ། །གསུམ་པོ་དེ་དག་ནི་ངན་པར་སོང་བ་ཡིན་ནོ། །ལས་ངན་པ་ཤིན་ཏུ་ཆུང་བ་ནི་ཡུལ་མཐའ་ འཁོབ་ལ་སོགས་པ་སྟེ། མི་དང་ལྷའི་ནང་ནས་མི་ཁོམ་པ་ཡིན་ནོ། །ངན་པ་འདི་དག་ནི་ངན་འགྲོ་ཡིན་ནོ། །མཐའ་འཁོབ་ནི་ཡུལ་གང་ན་ཆོས་ལ་སོགས་པ་མེད་པ་སྟེ། ཡུལ་གྱི་མཐའོ། །ཀླ་ཀློ་ནི་གླེན་ཞིང་རྨུགས་པའི་རང་བཞིན་ཏེ་སྐད་བཟང་པོ་མེད་པ་ལ་སོགས་པ་མི་ཤེས་པའོ། ། ཡང་ན་ཡུལ་མཐའ་འཁོབ་ཀྱི་ཀླ་ཀློ་ཞེས་ལ་ལ་དག་བྱེད་དོ། །དེ་དག་རྒྱུ་དེས་ལས་ངན་པ་བྱེད་པས་ངན་སོང་དུ་འགྲོ་བའོ། །ལྷ་ཚེ་རིང་པོ་ནི་བསོད་ནམས་ཆེ་ཞིང་ང་རྒྱལ་ཆེ་བ་སྟེ་བསྐལ་པ་དཔག་ཏུ་མེད་པར་གནས་པ་ལྟ་བ་ལོག་པ་གཟུགས་ཀྱི་ཁམས་ཀྱི་གནས་ནའོ། །ཡང་ན་འགོག་པ་ངན་པ་ སྦྱངས་པས་འདུ་ཤེས་འགོག་པ་ཡིན་ནོ་ཞེས་ཀྱང་འཆད་དོ། །དེ་ཤི་ནས་དམྱལ་བར་འགྱུར་རོ། །མིར་སྐྱེས་ན་གཟུགས་ལ་སོགས་པ་ལ་དབང་བྱེད་པའི་མིག་ལ་སོགས་པའི་དབང་པོ་ལྔའམ་དྲུག་པ་ལ་སྐྱོན་ཞུགས་པས་དམ་པའི་ཆོས་ཀྱི་སྐལ་བ་མེད་པ་ཡིན་ཏེ། གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་ཀ་མ་ཚང་བ་སྲིད་དོ། །ཤིན་ཏུ་ཡིད་ཀྱི་དབང་པོ་ལ་སྐྱོན་ཞུགས་པ་ནི་ངན་པའོ། །ཡང་དག་པའི་ལྟ་བ་དང་བྲལ་བ་སྟེ་སངས་རྒྱས་ལ་སོགས་པ་མེད་དོ་ཞེས་སེམས་པ་ལྟ་བ་ཕྱིན་ཅི་ལོག་ནི་ཆད་པར་ལྟ་བ་སྟེ། མི་དགེ་བ་ཐམས་ཅད་པས་ལྕི་བའོ། །གཞན་ པ་རྟག་པར་ལྟ་བ་ལ་སོགས་པ་ཡང་ངོ་། །དེ་ལྟར་ན་བརྒྱད་དོ། །སངས་རྒྱས་འབྱུང་བ་ནི་སྤྱིར་ཡིན་ཏེ། དེ་འཇིག་རྟེན་དུ་བྱོན་པ་ལ་ཕྱག་ལ་སོགས་པ་མི་བྱེད་པར་སྐུར་པ་འདེབས་པའོ། །ཡང་དེས་མཚོན་ནས་སངས་རྒྱས་མེད་པའི་གནས་སུ་སྐྱེས་པ་ནི་བརྒྱད་པའོ། །དེ་ལྟར་རང་གི་ངོ་བོ་ བསྟན་ནས། ཡུལ་གང་ལ་བཤགས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ཁོ་ན་དབང་པོ་བཟང་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་ཤཱཀྱ་ཐུབ་པ་ལ་སོགས་པ་དེ་རྣམས་སོ། །དེ་དག་ནི་ཐམས་ཅད་མཁྱེན་པས་ན་ཡེ་ཤེས་སོ། །དགེ་སྡིག་གི་ 116-186a ལས་ལ་སོགས་པ་གསལ་བར་རྟོགས་པས་ན་སྤྱན་ནོ། །དབང་པོ་ནི་ལེགས་པ་དང་ཉེས་པའི་ཁྱད་པར་ཐུགས་སུ་ཆུད་པའོ། །ཚིག་ལ་སོགས་པ་འཁྲུལ་པ་མེད་པས་ན་ཚད་མ་སྟེ་མི་སླུ་བའོ། །ཐུགས་ཀྱིས་ཐམས་ཅད་མཁྱེན་པས་ན་མཁྱེན་པའོ། །ཤེས་ རབ་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པས་ན་གཟིགས་པའོ། །སྤྱན་སྔར་ནི་ད་ལྟར་མདུན་དུའོ། །ཚུལ་ཇི་ལྟར་བཤགས་པ་ནི་མཐོལ་བ་ལ་སོགས་པ་སྟེ། ཡང་དག་པར་ཡིན་གྱི་ངག་འཁྱལ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལ་ངག་གིས་བརྗོད་པ་ནི་མཐོལ་བའོ། །འཆགས་པ་ནི་ ཡིད་ཀྱིས་སོ་སོར་རོ། །ཉེས་པ་དེ་ཁས་ལེན་པས་ཞེ་ལ་མི་འཆབ་པའོ། །མི་སྦེད་པ་ནི་དངོས་སུ་སྟེ། དེ་བཞིན་བཤགས་ན་དག་པར་འགྱུར་རོ། ། ༈ ཉེས་པ་ལས་ཀུན་ཏུ་ལྡོག་པའི་སྟོབས་ཀྱིས་སྡིག་པ་བཤགས་པ། དེ་ལྟར་སྟོབས་གཉིས་བསྟན་ནས། དེ་ནི་ཉེས་པ་ལས་ཀུན་ཏུ་ལྡོག་པའི་སྟོབས་ཀྱིས་སྡིག་པ་བཤགས་པ་ནི་སླན་ཆད་ཀྱང་གཅོད་ཅིང་སྡོམ་ པར་བགྱིད་ལགས་སོ་ཞེས་གསུངས་སོ། ། དེ་ཡང་སྔར་གྱི་འགྱོད་ཅིང་། ད་ལྟར་གྱི་འཆགས་ལ། ཕྱིས་མི་བྱེད་པ་ནི་དམ་པ་ཡིན་ལ། བཤགས་ཀྱང་བྱས་ན་སླར་འཕེལ་བར་འགྱུར་བས་ན་ནད་ལ་གནོད་པ་ན་བཟའ་བཏུང་ལྟར་མཚམས་གཅད་པར་བྱའོ། །དེ་ཕན་ཆད་ཀྱང་མི་དགེ་བ་བཅུ་ལ་ སོགས་པའི་ཉེས་པ་རྣམས་རྒྱུན་གཅོད་ཅིང་ཕྱིས་མི་བྱེད་པར་བསྡམས་ཏེ་དེས་ནི་སྡིག་པ་དག་པར་འགྱུར་རོ། ། ༈ གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་བཤགས་པ། དེ་ལྟར་སྟོབས་གསུམ་པ་བསྟན་ནས་ད་ནི་གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྡིག་པ་དེ་དག་སླར་མི་འཕེལ་ཞིང་ཚོགས་བསགས་པའི་ དོན་དུ་རྒྱུད་ལ་དགེ་བ་བསྟན་པ་ནི་སྨན་ལྟ་བུར་ཤེས་པར་བྱའོ། །དེ་ལ་བསྔོ་བ་ལ་སོགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ལ། དེས་ཟིན་དགོས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འདྲ་བ་ཡིན་ལ་དེ་ཡང་གཉིས་སོ། །དེ་ལ་བླ་ན་ཡོད་པ་ནི་ཀུན་དང་མཐུན་ པ་སྟེ། དེ་ནི་སྐྱེ་བ་བཟང་པོ་བླངས་པར་ཡང་ཤེས་པར་བྱའོ། །དེ་ལ་ཁམས་གསུམ་གྱི་སྐྱེ་གནས་ཏེ་ལྷ་དང་མི་དག་ཏུའོ། །སྦྱིན་པ་དང་མཐུན་པ་ནི་སྦྱིན་པའི་ཐ་མ་སྟེ། དེས་མཆོག་ཀྱང་ཤེས་པར་བྱའོ། །དུད་འགྲོའི་སྐྱེ་གནས་ནི་ཁྱི་ལ་སོགས་པའོ། །དེ་ནི་ཡུལ་ཆུང་བ་སྟེ་ཆེན་པོ་ཡང་གཟུང་ 116-186b ངོ་། །ཁམ་གཅིག་ནི་དངོས་པོ་ཆུང་བ་སྟེ་ཆེན་པོ་ཡང་ཤེས་པར་བྱའོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་དང་མཐུན་པ་སྟེ། སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའོ། །རྣམ་པར་དཀའ་བ་བསྐྱེད་པས་ནི་དགེ་བའི་རྩ་བའོ། །བཟོད་པ་དང་མཐུན་པ་ནི་ཚངས་སྤྱོད་དེ་སྡིག་པ་དང་བྲལ་ ཞིང་བྱམས་པ་ལ་སོགས་པ་ལ་གནས་པས་གཤེ་བ་ལ་སླར་མི་གཤེ་བ་ལ་སོགས་པ་དགེ་སྦྱོང་གི་ཆོས་དང་ལྡན་པ་སྟེ། འདོད་ཆགས་དང་བྲལ་བ་ལ་ནི་མི་བྱའོ། །བརྩོན་འགྲུས་དང་མཐུན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། བདག་གིས་བརྩོན་འགྲུས་ཆེན་པོས་སེམས་ ཅན་ཐམས་ཅད་ལ་མངོན་པར་ཤེས་པ་ལྔའི་སྒོ་ནས་ཕྱིན་ཅི་ལོག་གི་ལྟ་བ་དང་ལམ་ལས་བཟློག་པ་སྟེ་ཡང་དག་པ་ལ་བཅུག་པས་རྒྱུད་སྨིན་པར་བྱས་པ་སྟེ། གྲོལ་བ་དང་མཐར་ཕྱིན་པར་ཤེས་པར་བྱའོ། །བསམ་གཏན་དང་མཐུན་པ་ནི་སྨོན་པ་དང་འཇུག་པ་ཀུན་རྫོབ་དང་དོན་དམ་པའི་བྱང་ ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་དག་ལ་རྩེ་གཅིག་ཏུ་གནས་པ་ནི་ལམ་ཕྱིན་ཅི་མ་ལོག་པའོ། །བླ་ན་མེད་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་བསྔོ་བ་སྟེ། དེ་ལ་གོང་ན་མེད་པའི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཆོས་ཉིད་རྟོགས་པ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་ བཞི་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ལ། ལྔ་པ་ནི། གཉིས་ཀའོ། །དྲུག་པ་ནི་ཅིག་ཤོས་ཏེ་ཐམས་ཅད་ཀྱང་གཉིས་སུ་འདུས་སོ། །དྲུག་པོ་དེ་དག་ཐམས་ཅད་ཚུལ་ཇི་ལྟར་ཞེ་ན། གཅིག་ཏུ་བསྡུས་པ་ལ་སོགས་པ་སྟེ། དགེ་བ་སོ་སོ་བ་དང་། དངོས་པོ་གཅིག་ཏུ་བྱས་ཏེ་བཟླུམས་ པ་ནི་འདྲེས་པར་བྱས་པའོ། །མི་ཕྱེད་པར་བྱས་པ་ནི་བསྡོམས་པ་སྟེ་རང་བཞིན་མེད་པར་རོ། །གང་བསྔོ་ཞེ་ན། བླ་ན་མེད་པ་ལ་སོགས་པའི་སངས་རྒྱས་སུའོ། །དེ་ཉན་ཐོས་ལས་འཕགས་པ་ནི་བླ་ན་མེད་པའོ། །གོང་ན་མེད་པ་ནི་སངས་རྒྱས་སོ། །གོང་མ་ནི་འཇིག་རྟེན་པའི་གོང་ན་གནས་ པ་གཉིས་པོ་དེ་ཡིན་ལ། དེ་དག་གི་གོང་མ་ནི་བྱང་ཆུབ་སེམས་དཔའོ། །བླ་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེའི་བླ་མ་ནི་སངས་རྒྱས་ཏེ་དེའི་གོང་ན་གཞན་མེད་པའོ། །དེ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡོངས་སུ་བསྔོ་བ་ནི་འཁོར་ 116-187a གསུམ་ཡོངས་སུ་དག་པ་སྟེ་མི་དམིགས་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་བསྔོ་བ་ཐུན་མོང་པའོ། །བླ་ན་མེད་པའི་སངས་རྒྱས་ཉིད་ཀྱི་བསྔོ་བ་ནི་ཐབས་མཁས་པ་སྟེ། དེ་ལྟར་བསྔོ་བ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །བདག་གིས་བསྔོ་བ་མི་ཤེས་ པས། དེ་ལྟར་ཡོངས་སུ་བསྔོ་བ་ནི་གྱ་ནོམ་པ་ལ་སོགས་པས་གུས་པའོ། །དུས་གསུམ་གྱི་སངས་རྒྱས་ཀྱིས་བསྔོས་པ་ལྟར་བདག་ཀྱང་གུས་པས་ཡོངས་སུ་བསྔོ་བ་ནི་གདམས་པ་ཆེན་པོ་ཡིན་ནོ། །ཕུང་པོ་གསུམ་པ་དང་མཐུན་པར་བསྔོ་བ་ནི་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ་ ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྡིག་པ་བཤགས་པའི་ཕུང་པོ་དང་། དག་པ་དང་མ་དག་པའི་དགེ་བའི་རྗེས་སུ་ཡི་རང་བ་ནི་དེ་དག་ཡུལ་དུ་བྱས་ན་དགའ་བའི་ཕུང་པོ་དང་། སངས་རྒྱས་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བ་དང་། ཆོས་ཀྱི་འཁོར་ལོ་བསྐུལ་བ་ནི་གསོལ་བ་ འདེབས་པའི་ཕུང་པོ་སྟེ། དེ་གསུམ་གྱིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ལ་སོགས་པའོ། །དེ་དག་གི་ཞར་ལ་སྨོན་ལམ་འདེབས་པ་ནི་སངས་རྒྱས་ཐོབ་པར་སྨོན་པས་ན་ཡེ་ཤེས་བླ་ན་མེད་པར་གྱུར་ཅིག་པའོ། །སྡིག་པ་ཐམས་ཅད་ཀྱི་གཉེན་པོ་སྐྱབས་སུ་འགྲོ་བ་མཆོག་ ཡིན་པས་འདིར་ཡང་སྐྱབས་སུ་འགྲོ་བ་ནི་མི་མཆོག་རྒྱལ་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྔོན་ནི་ཐུན་མོང་དུ་བསྟན་ལ། ད་ལྟར་ནི་སྐྱབས་ཀྱི་མཐར་ཐུག་པ་ནི་སངས་རྒྱས་ཁོ་ན་ཡིན་པས་གཉིས་པོ་ནི་འདིར་མ་སྨོས་པའོ། །དེ་ལ་མི་མཆོག་ནི་མིའི་སྐྱེ་བ་ཞེས་པ་སྟེ་སྤྲུལ་ སྐུའོ། །ཡོན་ཏན་ནི་སངས་རྒྱས་ཀྱི་སྟོབས་ལ་སོགས་པའོ། །བསྔགས་པ་ནི་ཁྱད་པར་དུ་བསྟོད་པའོ། །སུམ་ཅུ་རྩ་ལྔ་པོ་ལ་སོགས་པ་དེ་དག་མཐའ་ཡས་པ་ནི་མི་ཟད་པའི་རྒྱ་མཚོ་དཔེར་བྱས་པ་སྟེ་གྲངས་སོ། །ཐལ་མོ་ནི་ལུས་ཀྱིས་སོ། །སྐྱབས་སུ་འགྲོ་བ་ནི་ངག་དང་ སེམས་ཀྱིས་སོ། །དེ་ལྟར་སྟོབས་བཞི་དང་ལྡན་པས། །སྡིག་པ་ཐམས་ཅད་དག་འགྱུར་ཏེ། །ཚོགས་རྫོགས་ནས་ནི་སངས་རྒྱས་འཐོབ། །དེ་བས་ཀུན་གྱིས་འདིར་ཤེས་བྱ། །འདིར་ནི་མདོ་ཙམ་དུ་བཀྲོལ་ཏེ། །རྒྱས་པར་མདོ་སྡེ་ལས་ཤེས་བྱ། །འདི་ལྟར་ཤེས་བྱས་འབད་པ་ 116-187b ཡིས། །ནུས་ཚད་སྡིག་པ་བཤགས་པར་བྱ། །རིན་ཆེན་ལུས་འདི་ཐོབ་ནས་ནི། །ལེ་ལོ་སྙོམ་ལས་མེད་པ་མཚར། །རང་སེམས་ཀྱིས་ནི་རང་ལ་རྟོགས། །ཡི་མུག་མི་འགྱུར་ངོ་མཚར་ཆེ། །བདག་གིས་སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་དོན་དུ་ནི། །བྱང་ཆུབ་ལྟུང་བ་ བཤགས་པའི་འགྲེལ་པ་འདི་བྱས་པས། །དེ་སྐྱེས་དགེ་བ་དྲི་མེད་དེ་ཡིས་སེམས་ཅན་རྣམས། །ཀླུ་ཡི་རྒྱལ་པོ་ལྟ་བུའི་སངས་རྒྱས་འགྲུབ་པར་ཤོག །ལྟ་བ་ཐམས་ཅད་སེལ་མཛད་ཅིང་། །ཡང་དག་ལམ་ནི་སྟོན་པ་པོ། །སེང་གེ་ལྟ་བུའི་བདུད་འཇོམས་པའི། །གཽ་ཏམ་དེ་ལ་ ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་དང་། བོད་ཀྱི་ལོ་ཙཱ་བ་རྙི་བ་དེ་བ་གྷོ་ཥས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །  
Bodhyāpattideśanāvṛtti-bodhisattvasikṣā-krama-nāma 116-187b ༄། །བསྡུས་དོན།<br> ༄༅༅། །རྒྱ་གར་སྐད་དུ། བོ་དྷི་སྱཱ་པཏྟི་དེ་ཤ་བྲྀཏྟི་བོ་དྷི་སཏྭ་ཤིཀྵཱ་ཀྲ་མ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་རིམ་པ་ཞེས་བྱ་བ། འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །གང་གིས་ཐམས་ཅད་གཟིགས་ གྱུར་པའི། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ནས། །བྱང་ཆུབ་སེམས་དཔའི་བསླབ་པ་ནི། །བདག་གིས་དད་པས་བྲི་བར་བྱ། །དེ་ལ་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངེས་པར་ལེགས་པ་ཐོབ་པར་འདོད་པ་རྣམས་ལ། ཉེས་པ་ལས་ལྡོག་པའི་ཐབས་ཤེས་པར་བྱ་བའི་ཕྱིར་འདི་ གསུངས་ལ། ཉེས་པ་དེ་ཡང་ཕམ་པའི་རིགས་སུ་གཏོགས་པ་དང་། ཉེས་བྱས་ཀྱི་རིགས་སུ་གཏོགས་པའོ། །ཕམ་པའི་རིགས་སུ་གཏོགས་པ་ཡང་ཉན་ཐོས་དང་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་གཉིས་སོ། །དེ་རྣམས་ལས་ལྡོག་པ་ནི་སེམས་བསྐྱེད་ནས་ སྡོམ་པ་གསུམ་ལེན་པའོ། །ཉེས་པ་ལས་ལྡོག་པ་ནི་གང་ཟག་གསུམ་ལ་བཤགས་པ་དང་། གང་ཟག་གཅིག་ལ་བཤགས་པ་དང་། སངས་རྒྱས་སུམ་ཅུ་རྩ་ལྔ་ལ་བཤགས་པ་འདི་ཡིན་ཏེ། ཐོག་མར་རེ་ཞིག་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང་། དེ་ནས་ཕྱག་འཚལ་ 116-188a བ་སྡིག་པ་བཤགས་པའོ། །དེ་ནས་ཕྱིས་སྡོམ་པ་མི་ཉམས་པར་བྱ་བར་དམ་བཅའ་བའོ། །དེ་ནས་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ལ། དེ་ལ་ཕྱིས་གནས་པར་བྱ་བའི་ཕྱིར་སྡིག་པ་བཤགས་པ་དང་། བསྐུལ་ཞིང་གསོལ་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་། སྐྱབས་སུ་འགྲོ་བའོ། །དེ་ནི་བསྡུས་པའི་དོན་ནོ། །<br> ༄། །ཡན་ལག་གི་དོན་བཤད་པ།<br> ༈ སྐྱབས་སུ་འགྲོ་བ།<br> ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཞེས་བྱ་བ་ནི་ལྷ་སྦྱིན་ནམ། མཆོད་སྦྱིན་ལ་སོགས་པ་ཆེ་གེ་མོའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སྤངས་པ་དང་ཡེ་ཤེས་དང་ལྡན་པས་ན་སངས་རྒྱས་སོ། །དེ་ནི་སྐུ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ལ་ནི་ཡུལ་གྱི་ལ་སྟེ། གནས་བཞིའི་བདུན་པའོ། །སྐྱབས་སུ་མཆི་བ་ནི་ཉོན་མོངས་པ་ལ་སོགས་པའི་འཚེ་བ་ལས་སྐྱོབ་པའོ། །ཆོས་ནི་ལུང་གི་ཆོས་དང་། རྟོགས་པའི་ཆོས་སོ། །དགེ་འདུན་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །ཉན་ཐོས་ལ་ཡང་ཞུགས་པ་བཞི་དང་། འབྲས་བུ་ལ་གནས་པ་བཞིའོ། །རང་སངས་རྒྱས་ལ་ཡང་གཅིག་པུར་གནས་པ་དང་། ཚོགས་དང་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་ལ་ཡང་ངེས་པ་དང་མ་ངེས་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །<br> ༈ ཕྱག་འཚལ་བ།<br> བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་བདུད་ཀྱི་དཔུང་དང་བཅས་པ་ཐམས་ཅད་ཀྱི་ཡུལ་ཆེན་པོ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཉིད་དོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་གསུང་བའོ། །དགྲ་བཅོམ་པ་ནི་ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང་། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་དང་། མཆོད་པར་འོས་པའོ། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཤཱཀྱ་ཐུབ་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི་མཐར་ཕྱིན་པ་དང་། ཚིག་བཙན་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པའོ། །རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་ 116-188b པ་ཞེས་བྱ་བ་ནི་སྤྲོས་པ་དང་བྲལ་བས་དངོས་པོར་འཛིན་པ་འཇོམས་པས་རྡོ་རྗེ་ཕ་ལམ་དང་འདྲ་བ་དེ་ཉིད་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་ལ་རབ་ཏུ་འཇོམས་པ་ཡང་ཡིན་ནོ། །ཡང་ན་རྡོ་རྗེ་ནི་རིན་པོ་ཆེའོ། །སྙིང་པོ་ནི་དཀྱིལ་ལོ། །རབ་ཏུ་འཇོམས་པ་ནི་མཐུའོ། །རིན་ཆེན་འོད་འཕྲོ་ནི་ནོར་བུ་རིན་པོ་ཆེ་ དང་མཚུངས་པས་དེ་སྐད་ཅེས་བྱ་སྟེ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ནི་ཡང་བ་དང་། འོད་གསལ་བ་དང་། འཚེ་བ་ཐམས་ཅད་ཟློག་པ་དང་། ཡོན་ཏན་འབྱུང་བ་དང་། ཉམས་དགའ་བ་ལ་སོགས་པའི་ཆོས་དང་ལྡན་པ་དེ་བཞིན་དུ་ཡང་དག་པའི་རིན་པོ་ཆེ་ཡང་ཡོན་ཏན་ཐམས་ཅད་ཀྱི་འོད་འཕྲོ་ བས་ཕན་འདོགས་པའོ། །ཀླུ་དབང་གི་རྒྱལ་པོ་ཞེས་བྱ་བ་ནི་ཀླུའི་དབང་པོའི་རྒྱལ་པོའི་རྫུ་འཕྲུལ་དང་ལྡན་པ་སྟེ། དེ་ཡང་ལོ་ཏོག་ཐམས་ཅད་ལ་ཆར་འབེབས་པའོ། །དེའི་དབང་པོ་ནི་བདག་པོའོ། །དེ་རྣམས་ཀྱི་རྒྱལ་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དཔའ་བོའི་སྡེ་ནི་དཔའ་བོའི་རིགས་ ཏེ། མི་མཐུན་པའི་ཕྱོགས་འཇོམས་པའོ། །དེ་ལ་དགྱེས་པས་ན་དཔལ་དགྱེས་སོ། །རིན་ཆེན་མེ་ནི་དགོན་པ་དང་། རིན་ཆེ་བ་དང་། དགོས་འདོད་འབྱུང་བ་དང་། ཉོན་མོངས་པའི་བུད་ཤིང་སྲེག་པའོ། །རིན་ཆེན་ཟླ་འོད་ནི་ཟླ་བ་བཞིན་བསིལ་བ་སྟེ། མ་རིག་པའི་མུན་ནག་དང་བྲལ་ བའོ། །རྣམ་པར་རྟོག་པའི་ཚ་བས་མ་གདུངས་པའོ། །མཐོང་བ་དོན་ཡོད་ཅེས་བྱ་བ་ནི་གདུལ་བྱ་ཐམས་ཅད་མངོན་དུ་གཟིགས་པ་སྟེ། སྣོད་དང་འཚམ་པར་དོན་མཛད་ནས་འདྲེན་པའི་ཕྱིར་རོ། །རིན་ཆེན་ཟླ་བ་ནི་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཉོན་མོངས་ པའི་དྲི་མ་དང་ཤེས་བྱའི་དྲི་མ་ཐམས་ཅད་མཐོང་བ་དང་བསྒོམས་པས་སྤངས་པས་དྲི་མ་མེད་པའོ། །ཟད་པ་ཤེས་པའི་དོན་ཏོ། །དེ་ཉིད་དཔལ་དུ་གྱུར་པ་སྟེ། ཕན་པ་བསྒྲུབ་པའི་མཆོག་གོ། །སེམས་ཅན་ཐམས་ཅད་ཀྱི་ཕན་པ་སྒྲུབ་པས་དཔས་བྱིན་ནོ། །ཚངས་པ་ནི་གཟུགས་ཀྱི་ཁམས་བསམ་ གཏན་དང་པོའི་ལྷའོ། །དེའི་ཆ་ལུགས་ཅན་ནམ། ཚངས་པ་ནི་ཉོན་མོངས་པའི་ལས་ཟད་པའི་མྱ་ངན་ལས་འདས་པའོ། །དེ་ལྟ་བུ་དེ་གཞན་ལ་བྱིན་ཞེས་དང་པོ་སྦྱར་བའམ་དེ་ལྟ་བུས་བྱིན་ཞེས་གསུམ་པར་སྦྱར་བས་ཚངས་པས་བྱིན་ནོ། །ཆུ་ལྷ་ནི་སེམས་ཅན་གྱི་རྒྱུད་ལ་ང་རྒྱལ་གྱིས་ཁེངས་ཤིང་ཞེ་སྡང་ 116-189a གི་མེས་གདུངས་ལ། མ་རིག་པས་མཁྲིགས་ཤིང་ཉོན་མོངས་པ་སྲ་བར་གྱུར་པ་རྣམས་བརླན་པ་དང་ཞི་བར་བྱེད་པའོ། །སོ་སོའི་སྐྱེ་བོའི་དུས་ན་གདུགས་མཁན་ཡིན་པ་དེས་སངས་རྒྱས་རིན་ཆེན་མཆོད་འོས་ལ་བསིལ་ཡབ་ཅིག་ཕུལ་ནས། ཆུ་ལྷའི་ལྷ་ནི་ཕྱོགས་སྐྱོང་ བ་ཀླུའི་རིགས་སུ་གཏོགས་པ་ཆུ་ལྷ་སྟེ་དེ་ཞི་བར་བྱེད་པའོ། །དཔལ་བཟང་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འཇིག་རྟེན་པའི་ཉོན་མོངས་པ་ལས་བསྒོམ་པས་ཁྱད་པར་དུ་གྱུར་པའོ། །ཙནྡན་དཔལ་ཏེ། འབྲུ་མང་པོ་པའི་བསྡུ་བའོ། །དཔེར་ན་ཙནྡན་གྱི་དྲི་ཁྱད་པར་ཅན་ལྷན་ཅིག་སྐྱེས་པ་ཡོད་ པས་སྣའི་དབང་པོ་ལ་ཕན་འདོགས་པ་ལྟ་བུར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་རྟོག་པ་མེད་པར་རྒྱུན་དུ་འབྱུང་བས་དེ་ཉིད་དཔལ་ལོ། །གཟི་བརྗིད་ནི་འོད་ཟེར་ཏེ། འོད་ཟེར་གྱིས་འཇིག་རྟེན་པ་ཐམས་ཅད་ལ་སྣང་བར་མཛད་པས་དེ་སྐད་ཅེས་བྱའོ། །འོད་དཔལ་ནི་འོད་ཀྱིས་གསལ་བ་སྟེ། ཐུགས་ ཡང་དག་པའི་ཡེ་ཤེས་བསྙིལ་བ་མི་མངའ་བ་ཐམས་ཅད་ལ་ཐོགས་པ་མེད་ཅིང་ཆགས་པ་མེད་པར་མཁྱེན་པའི་དཔལ་ལོ། །མྱ་ངན་མེད་པའི་དཔལ་ནི་སྤངས་པ་དང་ཡེ་ཤེས་དང་ལྡན་པ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤངས་པས་གདུང་བ་མེད་པ། ཤེས་བྱའི་སྒྲིབ་པ་སྤངས་པས་རྟོག་པ་མེད་པའི་ ཡེ་ཤེས་བཞིའི་དཔལ་ལོ། །སྲེད་མེད་ཀྱི་བུ་ནི་མཐུ་དང་ལྡན་པས་གཞན་འཇོམས་པ་ལ་གྲགས་པའི་མིང་ཅན་ནོ། །མེ་ཏོག་དཔལ་ནི་མཛེས་ཤིང་ཉམས་དགའ་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ནི་ཚངས་ཤིང་དག་པ་སྟེ། སྒྲིབ་པ་ ཐམས་ཅད་ཟད་ཅིང་རྟོག་པའི་དྲི་མ་དང་བྲལ་བའོ། །འོད་ཟེར་ནི་ཕན་པ་དང་བདེ་བ་དང་གྲོལ་བའི་སྒོ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་རྣམ་པར་རོལ་ཅིང་ཤེས་བྱ་ཐམས་ཅད་དུས་གཅིག་ཏུ་མངོན་སུམ་དུ་མཁྱེན་པའོ། ། དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་ནི་པདྨ་ལྟར་ཉེས་པས་མ་གོས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ནོར་དཔལ་ནི་ནོར་བདུན་གྱི་དཔལ་རྟོགས་པ་སྟེ། དད་པ་དང་འཕགས་པའི་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། 116-189b ཤེས་རབ་ཀྱི་ངོ་བོ་ཉིད་དོ། །དྲན་པའི་དཔལ་ནི་དྲན་པ་ཉེ་བར་གཞག་པ་ལུས་དང་། སེམས་དང་། ཚོར་བ་དང་། ཆོས་བཞིའི་དཔལ་ཏེ། ཚིག་བར་མི་མངོན་པར་བྱས་པའོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ནི་མཚན་སུམ་ཅུ་རྩ་གཉིས་མངའ་བས་ཤིན་ཏུ་དག་པར་འཇིག་རྟེན་གྱི་ཁམས་སུ་ ཡོངས་སུ་གྲགས་པའོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ནི། དབང་པོ་ལྔ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའོ། །ཏོག་ནི་མངོན་པར་ཤེས་པ་སྟེ། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེས་སུ་ཤེས་ པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ། །དབང་པོ་དང་མངོན་ཤེས་ཀྱི་རྒྱལ་མཚན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ནི་ཁྱད་པར་དུ་གནོན་པ་ནི་ཤིན་ཏུ་རྣམ་པར་གནོད་པ་སྟེ་རྩ་བ་ནས་འབྱིན་པའོ། །རྣམ་པར་ནི་རྣམ་ པར་རྟོག་པ་སྟེ། ཉོན་མོངས་པའི་རྣམ་པར་རྟོག་པ་རྩ་བ་ནས་འབྱིན་པའོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ནི་དགྲ་བོའི་ཚོགས་ཏེ་བདུད་བཞི་ལས་རྒྱལ་བའོ། །རྣམ་པ་ནི་བྱེ་བྲག་སྟེ་ཐམས་ཅད་ལས་རྒྱལ་བའོ། །རྣམ་པར་གནོན་པས་གཤེགས་པའི་དཔལ་ནི་གནོད་པ་བཅོམ་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བ་བཞིན་དུ་དོན་མཛད་པའོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ནི། མཛེས་པར་གཤེགས་པ་སྟེ་ན་ཆུང་བརྒྱན་པ་བཞིན་ནོ། །རིན་ཆེན་པདྨས་རྣམ་པར་གནོན་པ་ནི་དགོས་འདོད་སྐོང་ཡང་འཁོར་བའི་སྐྱོན་གྱིས་མ་གོས་པས་ཟིལ་གྱིས་གནོན་པའོ། །དགོས་འདོད་སྐོང་བ་ཆགས་པའི་ཉེས་པས་མ་གོས་པ་ལ་བཞུགས་པ་ནི་འཇིགས་པ་དང་བྲལ་བའི་རིའི་རྒྱལ་པོ་རི་རབ་ལྟར་གནོན་པའོ། །<br> ༈ སྡིག་པ་བཤགས་པ།<br> སྡིག་པ་བཤགས་པ་ནི། ཉེས་པའི་དྲི་མ་འཁྲུ་བ་སྟེ། ཕྱག་འཚལ་བ་དེ་དག་ལ་སོགས་པ་སྟེ། འཚོ་ཞིང་གཞེས་པ་ཉིད་ཕྱོགས་བཅུ་གཞན་ན་བཞུགས་པ་ཐམས་ཅད་དོ། །དེ་ཉིད་ཇི་སྙེད་བཞུགས་པའོ། །གཞན་དག་ནི་གོ་སླའོ། །དགོངས་སུ་གསོལ་བ་ནི། ཐུགས་གཏད་དུ་ཞེས་པའོ། །བདག་ད་ལྟར་སྐྱེ་བ་བླངས་ལ་མ་ཟད་པ་དང་། འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་བླངས་པ་མང་བ་དང་། དྲོད་གཤེར་དང་། རྫུས་པ་དང་། སྒོ་ང་ལས་སྐྱེས་པ་ཐམས་ཅད་ནི་འདི་ལས་གཞན་ནོ། ། 116-190a སྡིག་པ་ནི་མི་དགེ་བ་ཡིན་པས་སྡིག་པའི་ལས་ཞེས་པ་སྟེ། ལུས་ངག་ཡིད་གསུམ་གྱིས་བྱས་པའོ། །རང་གིས་བྱས་པ་དང་། གཞན་དག་ལ་བཅོལ་བ་དང་། གཞན་བྱེད་པ་ལ་དགའ་བར་བྱས་པ་ཕྱིར་བཤགས་པའོ། །མཆོད་རྟེན་ནི་སྐུ་གཟུགས་དང་། གསུང་རབ་དང་། རིང་བསྲེལ་དང་། ལྷ་ཁང་ལ་སོགས་པའོ། །དགེ་འདུན་ནི་སྡེ་པའོ། །ཕྱོགས་བཅུའི་དགེ་འདུན་ནི་གཞན་འདྲོན་པོའོ། །དེ་རྣམས་ཀྱི་དཀོར་ཕྲོགས་ན་དམྱལ་བར་འགྲོ་སྟེ། དེ་ཡང་མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག་གསུམ་གྱི་དཀོར་སྦས་ནས་བདག་ཉིད་ཀྱི་ཕྱིར་ཡོངས་སུ་སྤྱོད་པ་གང་ཡིན་པ་ དེ་ནི་ཚེ་འཕོས་ནས་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་ངོ་ཞེས་གསུངས་པ་དང་། དགེ་འདུན་གྱི་དཀོར་བརྐུས་པས་རང་འཐག་འདྲེན་པའི་གླང་དང་བོང་བུར་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་དཀོར་ལ་ནན་གྱིས་སློང་ཞིང་གསང་སྐྱོན་བྱེད་ན་ཕུག་རོན་དུ་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ཚོད་ལུམ་ཟོས་ན་ཚོད་མ་ནང་གི་སྲིན་བུར་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ཡང་རང་གིས་བྱས་པ་དང་། གཞན་ལ་བཅོལ་བ་དང་། གཞན་བྱེད་པ་ལ་ཡི་རང་བ་བཤགས་སོ། །མཚམས་མེད་པ་ལྔ་ནི་ཕ་མ་དང་དགྲ་བཅོམ་པ་གསོད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བཏོན་པ་དང་། དགེ་འདུན་མཐུན་པའི་ནང་དུ་དབྱེན་བྱེད་པའོ། །དེ་རྣམས་བྱས་ན་བར་མཚམས་མེད་པར་དམྱལ་བར་འགྲོའོ། །མི་དགེ་བ་བཅུ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཚིག་ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་།ལོག་པར་ལྟ་བའོ། །དེ་རྣམས་སེམས་མཚམས་མེད་པར་སྤྱད་ན་དམྱལ་བར་འགྲོའོ། །དུད་འགྲོར་འགྲོའོ། །ཐ་མ་ཡི་དགས་སུ་སྐྱེའོ། །ལས་ཚབས་ཆུང་ལ་དགེ་བ་གཞན་གྱི་དབང་གིས་མིར་སྐྱེས་ན་ཡང་། སྲོག་བཅད་པས་ཚེ་ཐུང་བ་དང་། ནད་མང་བའོ། །མ་བྱིན་པར་བླངས་པས་ནི་དབུལ་ཞིང་ཕོངས་པ་དང་ནོར་གཞན་གྱིས་རང་དབང་མེད་པར་སྤྱོད་པའོ། །མི་ཚངས་པར་སྤྱད་པས་ནི་མངལ་གྱི་གནས་མིན་པ་མི་ལེན་པ་དང་། ལུས་མི་ཚངས་པའོ། །འདོད་པ་ལོག་པར་གཡེམ་པ་ནི་ཆུང་མ་ལ་གཞན་སྤྱོད་པ་དང་། ཆུང་མ་དང་འཐབ་ཅིང་བསམས་བཞིན་དུ་མི་བཏུབ་པའོ། །བརྫུན་དུ་སྨྲ་བས་ནི་སྐུར་བ་མང་བ་དང་། 116-190b གཞན་གྱིས་བསླུས་པར་འགྱུར་རོ། །ཕྲ་མས་ནི་འཁོར་མི་ཚང་བ་དང་། མཛའ་བ་དང་འབྱེད་པའོ། །ཚིག་རྩུབ་པོས་ནི་སྒྲ་མི་སྙན་པ་ཐོས་པ་དང་། ཅི་སྨྲས་པ་རྩོད་པར་འགྱུར་བའོ། །ཚིག་འཁྱལ་པས་ནི་གཞན་ཡིད་མི་ཆེས་པ་དང་། གཞན་གྱིས་མི་གོ་བའོ། །བརྣབ་སེམས་ཀྱིས་ནི་བརྐམ་ཞིང་ཆོག་མི་ ཤེས་པ་དང་། བཙལ་བས་མི་རྙེད་པའོ། །གནོད་སེམས་ཀྱིས་ནི་གཞན་གླགས་ཚོལ་བ་དང་། གཞན་ལ་གནོད་པ་བྱེད་པའོ། །ལོག་པར་ལྟ་བས་ནི་གཡོ་སྒྱུ་དང་བཅས་པ་དང་། ལོག་པར་ཞུགས་པའི་རིགས་སུ་སྐྱེའོ། །དེ་དག་ཉིད་ལས་ཀྱི་ལམ་སྟེ་གཞི་མཐུན་པའི་དྲུག་པའོ། །ཡང་དག་པར་བླང་བ་ནི་ དེ་དག་ལ་དགའ་ཞིང་དེའི་གཉེན་པོ་ལ་མི་འབད་པའོ། །དེ་ལས་གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང་། ལོག་པ་རྣམ་པ་བརྒྱད་དང་། མནར་སེམས་དགུ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་རྣམས་ལས་མང་ཞིང་བཤད་པ་དག་ཀྱང་འདིར་གསུངས་པ་ཉིད་དོ། །དེ་ལས་འབྲས་བུ་མི་ཁོམ་པ་བརྒྱད་འབྱུང་བས། ལས་ཀྱི་སྒྲིབ་པ་གང་གིས་དང་པོ་དང་གཉིས་ཀའོ། །སྔར་བཤད་པའི་གང་ཡང་རུང་བའི་དགེ་སློང་མ་སུན་བཏོན་པའམ། ཆོས་ལ་སྐུར་པའམ། མཁན་པོ་ལ་སོགས་པ་ལ་ལུས་ངག་གིས་ཆད་པའི་ལས་བྱས་པ་ཡང་དངོས་སོ། །ཉོན་མོངས་པ་དྲག་པོས་དམྱལ་བ། འབྲིང་གིས་དུད་འགྲོ། ཐ་མས་ཡི་དགས་བརྒྱུད་པ་དང་ཆ་ཕྲ་བས་ཡུལ་མཐའ་འཁོབ་ལ་སོགས་པའོ། །དེ་ཡང་མཆོད་རྟེན་བཤིག་པ་དང་། གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག་གསུམ་གྱི་ནོར་སྦས་ནས་བདག་ཉིད་ཀྱི་ཕྱིར་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་དམྱལ་བ་མནར་མེད་པར་ལྟུང་བར་འགྱུར་རོ། །གལ་ཏེ་དེ་ལས་ཐར་བར་གྱུར་ཡང་། ཡང་དུད་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ། ཕུག་རོན་དང་། མཆིལ་པ་དང་། ངུར་པ་དང་། ནེ་ཚོ་དང་། བྱེའུ་སྔོན་པོ་དང་། ཉ་དང་། རུས་སྦལ་དང་། སྤྲེའུ་དང་། རི་དགས་ཀྱི་ལུས་ལེན་པར་འགྱུར་རོ། །བརྒྱ་ལ་མིའི་ལུས་ཐོབ་པར་གྱུར་ན་ཡང་། མ་ནིང་དང་བུད་མེད་དང་། མཚན་གཉིས་པ་དང་། དབང་པོ་མེད་པ་དང་། སྨད་འཚོང་མ་དག་ཏུ་འགྱུར་རོ་ཞེས་གསུངས་པ་དང་། ཡང་གསུངས་པ། ཚེ་འདི་ལ་མཆོད་རྟེན་དྲན་ནས་ནུབ་མོ་ཟས་ཟོས་པ་གང་ཡིན་པ་དེ་ནི། ཡི་དགས་ལྟོགས་པ་བཀྲེས་པ་དག་ཏུ་སྐྱེས་ཏེ་ལོ་བརྒྱ་སྟོང་མང་པོར་བཟའ་ 116-191a བ་དང་། ལྟུང་བ་ཐོབ་པར་མི་འགྱུར་རོ། །འགྲོ་བའི་ཚེ་ལྷུ་ཚིགས་ཀུན་དུ་མེ་འབར་བར་འགྱུར་རོ་ཞེས་གསུངས་པ་དང་། ཡང་ལྐུགས་པ་ནི་ཆོས་ལ་སྐུར་པ་བཏབ་པ་ལས་འབྱུང་བ་ཡིན་ནོ། །འོན་པ་ནི་ཆོས་ཐོས་པ་ལ་མི་དགའ་བས་ཡིན་ནོ། །དབང་པོ་མ་ཚང་བ་ནི་ཚུལ་ཁྲིམས་འཆལ་པ་ལས་འགྱུར་རོ། །ལྕེ་དིག་པ་ནི་དབེན་པར་བླ་མ་ལ་མི་སྙན་པ་བརྗོད་པའོ། །མདའ་གཞུ་དང་གཞོན་ཆོས་ལ་དགའ་བ་ནི་ཀླ་ཀློ་ཅན་དུ་སྐྱེའོ། །རྐང་ལག་ཞ་བ་ནི་མཁན་པོ་དང་བླ་མ་མཐོང་ཡང་མི་ལྡང་བའོ། །གཉའ་བ་ཐུང་བ་ནི་བླ་མ་མཐོང་ན་མགོ་གཡོགས་ཏེ་བྲོས་པའོ་ཞེས་གསུངས་པའོ། །བྱམས་མའི་བུ་གང་པོ་འཇིག་རྟེན་པ་ནི་སྒྲའི་དོན་ལ་མངོན་པར་ཞེན་པས་ཕལ་ཆེར་ངན་སོང་དུ་སྐྱེ་སྟེ། དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བདེ་བར་གཤེགས་པའི་གསུང་རབ་ལས་འབྱུང་བའི་དོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་གྱི་དོན་བྱ་བ་དང་། བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱ་བ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སྤངས་པ་དང་། ས་དང་ལམ་རྣམས་སྤང་ཞིང་བྱང་ཆུབ་ཀྱི་སྤྱོད་པ་སྤངས་ནས། ལོག་པའི་དོན་ལ་མངོན་པར་ཞེན་པ་ཡོད་དེ་དེའི་རྒྱུས་ངན་སོང་དུ་སྐྱེའོ། །བཀའ་ལས་འབྱུང་བའི་ཆོས་རྣམས་སྤྱོད་པ་ནི་དེའི་གཉེན་པོའོ་ཞེས་གསུངས་པའོ། །ཡང་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་སེར་སྣ་བྱེད་ན་དེས་དེའི་ཚེ་རིང་ཞིང་དེ་ལས་འཇིགས་པ་ཆེན་པོ་གསུམ་སྟེ། གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བས་འཇིགས་པ་དང་། དམུས་ལོང་གིས་འཇིགས་པ་དང་། ཡུལ་མཐའ་འཁོབ་དུ་སྐྱེ་བས་འཇིགས་པ་སྟེ་གསུམ་མོ་ཞེས་པ་དང་། ཡང་དགེ་སློང་མ་སུན་བཏོན་ན་སེམས་ཅན་དམྱལ་བའི་གནས་སུ་མུན་ནག་ཡོད་པར་སྐྱེའོ། །སྲོག་བཅད་པས་རལ་གྲིའི་ལོ་མ་ཅན་དུ་སྐྱེའོ། །རྔོན་བྱེད་པས་ཐིག་ནག་ཏུ་སོགས་ལེས་འདྲའོ། །འདོད་པ་ལོག་པར་གཡེམ་པས་ཟངས་ཀྱི་ཁང་པ་རབ་ཏུ་འབར་བ་ལ་འཇུག་པ་དང་། ལྕགས་ཀྱི་ཁྲི་རབ་ཏུ་ཚ་བ་ལ་ཉལ་བར་སྐྱེའོ། །ཆང་འཐུངས་ནས་མྱོས་པ་ནི་ལྕགས་ཆང་འཐུངས་པའི་སེམས་ཅན་དམྱལ་བར་སྐྱེའོ། །དགེ་འདུན་གྱི་ཤིང་ཐོག་བརྐུས་པས་ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བར་སྐྱེའོ། །རྒྱུ་མ་དང་ཤ་ཟོས་པས་ལྗན་ལྗིན་གྱིས་གང་བའི་དམྱལ་བར་སྐྱེའོ། །ཕྲ་མ་བྱས་ཏེ་དཀྲུགས་པས་ལྕགས་ཀྱི་ཐང་གཤོལ་གྱིས་ལྕེ་རྨོ་བའི་དམྱལ་བར་སྐྱེའོ། ། 116-191b ཚིག་མི་སྙན་པ་བརྗོད་པས་ལྕེ་རབ་ཏུ་འབྱིན་པའི་དམྱལ་བར་སྐྱེའོ། །བརྫུན་མང་དུ་སྨྲས་པས་ལྕེ་ལ་ལྕགས་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་བར་སྐྱེའོ། །སྲོག་བཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན་བྱས་པས་ལྕགས་ཀྱི་གཏུན་གྱིས་བརྡུང་བའི་དམྱལ་བར་སྐྱེའོ་ཞེས་གསུངས་སོ། །འདི་སྐད་དུ་གང་ཟག་གཉིས་ནི་མ་གཏོགས་ཏེ། གཅིག་ནི་ཕྱོགས་སྙོམས་ཆོས་ལ་སྐུར། །གཉིས་པོ་དེ་ན་འདོད་ཆེ་བ། །ཞེས་གསུངས་སོ། །དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་ཅིང་གཟིགས་པ་ཞེས་བྱ་བ་ནི། ཉེས་པའི་ཚོགས་ཐམས་ཅད་བཤགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་དང་། མངོན་སུམ་དུ་གཟིགས་པ་དང་། གཉའ་དྲག་མཛད་པ་དང་། བརྫུན་མི་སྨྲ་བ་དང་། མཛད་པ་དང་། ཐུགས་རྗེ་ཆེ་བ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་དྲུག་གོ། །ལྷག་མ་ནི་གོ་བར་ཟད་དོ། །<br> ༈ ཕྱིས་སྡོམ་པ་མི་ཉམས་པར་བྱ་བར་དམ་བཅའ་བ།<br> སླན་ཆད་ཀྱང་སྡོམ་པར་ཞེས་པ་ནི་ཁས་ལེན་པའོ། །ཉེས་པར་བྱུང་ན་བཤགས་པར་བྱ། །སྙིང་རྗེ་བྱམས་པ་ཞུགས་གྱུར་ན། །སྔར་བྱས་ཉེས་པ་འདི་ཡིས་དག །བཤགས་ཀྱང་ཕྱིར་ཞིང་མི་སྡོམ་ན། །བཤགས་ཀྱང་དྲི་མ་འདག་པ་མེད། །ཅེས་བཤད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསྔོ་བའི་ཕྱིར་ཐུགས་གཏོད་པ་སྟེ། གང་ཞེ་ན། འདི་ལ་བྱས་པ་དང་། གཞན་དུ་བྱས་པའོ། །ཐ་མ་ནི་ཐོག་མའི་མཐའོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། འཁོར་བའི་མཐའ་ནི་མེད་པ་ལས། །སྔོན་གྱི་མཐའ་ནི་ཇི་སྲིད་པ། །སེམས་ཅན་དེ་སྲིད་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བྱ། །ཞེས་གསུངས་སོ། །དེ་ཡང་དང་པོ་ཚེ་རབས་དཔག་ཏུ་མེད་པ་ནས་བྱས་པ་ཐམས་ཅད་བསྔོས་ནས་འཁོར་བ་ནས་འཁོར་བའི་ཚེ་སྐྱེ་བ་གཞན་དུ་ལྷ་དང་མི་དང་། ཡི་དགས་དང་དུད་འགྲོ་དང་། དམྱལ་བ་ལ་སོགས་པའི་འཁོར་བ་རྣམས་སུ་སྐྱེས་པ་ན། སྦྱིན་པ་ཆུང་ངུ་སྦྱིན་པའི་སེམས་ཅན་རྣམས་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ལ་ཁམ་གཅིག་ཙམ་སྩལ་བ་སྟེ། ཆེར་བྱིན་པ་ལྟ་ཅི་སྨོས། ཡང་རྟེན་ཁྱད་པར་ཅན་ལ་ཕུལ་བ་དང་། སྦྱིན་པ་མང་པོ་དང་། བཟང་པོས་སྦྱིན་པའོ། །སྦྱིན་ནུས་པ་ལ་ཚུལ་ཁྲིམས་བསྲུང་ 116-192a བའི་སེམས་འབྱུང་བས་སྡོམ་པ་ལེན་ཏེ་ཐ་ན་བསྙེན་གནས་ཀྱིའོ། །དགེ་བསྙེན་ནམ། དགེ་ཚུལ་ལམ། དགེ་སློང་ཅི་ནུས་པ་བསྲུངས་པ་ཐམས་ཅད་དོ། །ཁྱད་པར་ཅན་གྱི་དབང་དུ་བྱས་ན། ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བ་སྨོས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དུད་འགྲོའི་ སྐྱེ་གནས་སུ་སོང་བ་རྣམས་ལ་སྦྱིན་པ་བཏང་ན་བརྒྱ་འགྱུར་ཐོབ་པར་འགྱུར་རོ། །མི་ཕལ་པ་གཅིག་ལ་བཏང་ན་སྟོང་འགྱུར་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་བཏང་ན་ཁྲི་འགྱུར་འཐོབ་པར་འགྱུར་རོ། །དེ་ཉིད་ཆོས་སྨྲ་བ་ལ་བཏང་ན་ཚད་མེད་པ་འཐོབ་པར་འགྱུར་རོ་ཞེས་གསུངས་པ་དང་། ཡང་དེ་བཞིན་གཤེགས་པ་དང་། ཕ་མ་དང་། ནད་པ་རྣམས་ལ་ཟས་ཟ་གཅིག་བཏང་ན་འབྲས་བུ་ཚད་མེད་པ་འཐོབ་པར་འགྱུར་རོ་ཞེས་གསུངས་པ་དང་། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་བསོད་སྙོམས་བླངས་ཏེ། རིད་པ་དང་། ཕོངས་པ་དང་། སྤྲང་པོ་དང་། སློབ་མ་རྣམས་ལ་བགོས་ཏེ་བྱིན་ན་དགེ་བའི་རྩ་བ་དེས་ཚེ་བརྗེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་གསུངས་པ་དང་། དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་བསྲུངས་པ་ལས་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་དང་། འོད་ཟེར་ཀུན་ནས་འགྱེད་པ་བསྟན་པའི་མདོ་ལས། རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་བཅུ་འབྱུང་བ། །སོ་སོ་རབ་འབྲིང་ཐ་མ་ཡང་། །སྦྱིན་པ་ལས་ནི་སྐྱེས་པ་ཡིན། །རེས་འགའ་འདྲེས་པ་གཅིག་ལས་ནི། །ཁ་དོག་ཉི་ཤུ་གང་བྱུང་བ། །སོ་སོ་རབ་འབྲིང་ཐ་མ་ཡང་། །ཚུལ་ཁྲིམས་བསྲུངས་པ་ལས་སྐྱེས་ཡིན། །ཞེས་གསུངས་སོ། །ཚུལ་ཁྲིམས་སྡོམ་པའི་དགེ་ཚུལ་དང་། །རྣམ་དག་ཁྲིམས་འཛིན་དགེ་སློང་དག །ཟླ་བ་ཕྱེད་ཅིང་གསོ་སྦྱོང་བྱ། །ཆོས་གོས་བཏགས་པ་རྣམས་གྱོན་ཏེ། །ལྷུང་བཟེད་འཁར་གསིལ་སོགས་བསྐུར་ཞིང་། །དག་པས་བསོད་སྙོམས་ཡང་བླང་བྱ། །ལྷ་རྣམས་ཐམས་ཅད་དགར་འགྱུར་ཏེ། །གུས་པས་ཐལ་སྦྱར་ཕྱག་འཚལ་ནས། །ལྷ་རྣམས་ངེད་ཀྱི་མི་འདི་དག །དེ་ཡི་མངག་གཞུག་བསྒྲུབ་པར་བྱ། །དཔེར་ན་ལྷ་དབང་བརྒྱ་བྱིན་ལ། །སུམ་ཅུ་རྩ་གསུམ་ལྷ་གཞན་རྣམས། །རིམ་གྲོ་གུས་བྱེད་ཚུལ་བཞིན་དུ། །ཚེ་འདིར་ལེགས་ཉིད་ཐོབ་པ་སྟེ། །ཚེ་རབས་གཞན་གྱི་ 116-192b བསམ་མི་ཁྱབ། །རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་སྡོམ། །སངས་རྒྱས་བཀའ་དྲིན་ལན་བསྒྲུབས་ཡིན། །ཞེས་གསུངས་སོ། །དེ་ལྟར་སོ་སོ་ཐར་པའི་སྡོམ་པ་ལ་ལེགས་པར་བསླབས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྡོམ་པ་རྒྱ་ཆེན་པོའི་རྟེན་ཞེས་པ་ལྟ་བུའོ། །དེ་ཡང་སྨོན་པའི་སེམས་དང་འཇུག་པའི་སེམས་ཀྱི་རབ་ཏུ་དབྱེ་བ་གཉིས་སོ། །སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྨོན་པ་ནི་རྙེད་པར་དཀའོ། །དེ་བས་ཀྱང་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མངོན་པར་ཞུགས་པ་ནི་ཆེས་རྙེད་པར་དཀའོ་ཞེས་གསུངས་སོ། །དཀོན་མཆོག་ཏ་ལ་ལའི་མདོ་ལས། གང་དག་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་སེམས་བསྐྱེད་དོན་གཉེར་བ། །གང་དག་བྱང་ཆུབ་དོན་དུ་སེམས་སྐྱེ་བ། །དེ་དག་དྲང་སྲོང་མཆོག་གི་ཡོན་ཏན་སྒྲུབ། །ཅེས་གསུངས་པ་དང་། འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་ཀྱང་། བྱང་ཆུབ་ཀྱི་སེམས་དེས་མ་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་གང་ཡང་མ་མཆིས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེས་དུས་གསུམ་དུ་མ་ཁྱབ་པ་ཅུང་ཟད་ཀྱང་མ་མཆིས་སོ་ཞེས་པ་དང་། ཡང་གང་དུ་སེམས་བསྐྱེད་མ་ཐག་པའི་བསོད་ནམས་ཀྱི་ཕུང་པོ་ནི་རབ་ཏུ་མང་གི། སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་གྱུར་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ཙམ་མ་ལགས་སོ་ཞེས་གསུངས་སོ། །དེ་ཡང་། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་སོ། །དེ་ལྟ་བུ་མེད་ན་སངས་རྒྱས་དཀོན་མཆོག་ལས་བླང་བར་བྱའོ། །དེ་ནི་ཐོག་མའི་དུས་འཕགས་པའི་གནས་ལྟ་བུར་བྱུང་བའི་དུས་སོ། །དེ་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལ་སོགས་པས་བདག་ཡོངས་སུ་སྨིན་པ་དེས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པ་སྟེ། ཉན་ཐོས་ཀྱི་རིགས་ཅན་ཉན་ཐོས་ཀྱི་བྱང་ཆུབ་ལ་དགོད་པར་བགྱིའོ། །རང་སངས་རྒྱས་ཀྱི་རིགས་ཅན་རང་སངས་རྒྱས་ཀྱི་ལམ་ལ་དགོད་པར་བགྱིའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བགྱིའོ་ཞེས་གསུངས་པ་དང་། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཉམས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་ 116-193a དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱང་ཆུབ་རྣམ་པ་གསུམ་འགྲུབ་པོ་ཞེས་བྱ་བས་གསུངས་སོ། །དེ་ནས་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བའོ། །དེ་ཡང་འོད་ཟེར་ཀུན་འགྱེད་པའི་ མདོ་ལས། གང་ཞིག་མདོ་སྡེ་འདི་ལ་རབ་མོས་ཤིང་། །མི་ཟད་ངོ་བོ་ཉིད་ནི་མངོན་པར་རྟོགས། །དེས་ནི་ཏིང་འཛིན་མངོན་པར་བསྒྲུབ་པ་ནི། །བླ་མེད་ཡེ་ཤེས་མངོན་བྱེད་དཀའ་བ་མེད། །ཅེས་གསུངས་པ་དང་། ཡང་། དགེ་སློང་དག་ནི་གང་ཞིག་གིས། །བླ་མེད་ཡེ་ཤེས་བཙལ་བའི་ཕྱིར། །ཤིན་ཏུ་དད་པའི་སེམས་ཀྱིས་ནི། །མདོ་སྡེ་འདི་ལ་གང་དག་བརྩོན། །ཞེས་པ་དང་། བླ་མེད་ཡེ་ཤེས་གང་ཚོལ་བ། །འཁོར་བ་དག་ལ་འཇིགས་པ་མེད། །དེས་ནི་སྡིག་པ་རྣམ་སྤངས་ནས། །ཕན་ཡོན་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །གང་ལགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནི་སྨྲས་པ་དང་། མ་སྨྲས་པ་སྟེ། དེ་ཡང་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བདེན་པ་བཞི་དང་། ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། བསམ་གཏན་དང་། རྣམ་པར་ཐར་པ་ལ་སོགས་པ་བླང་བར་བྱ་བ་ཐམས་ཅད་དོ། །<br> ༈ བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ།<br> གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་ཞེས་པ་ནི་ཚེ་འདིའི་ཆེད་དུ་མ་བསྔོས་པས་བསྡུས་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པར་མ་བསྔོས་པར་བཟླུམས་ནས། ཉན་ཐོས་དང་རང་སངས་རྒྱས་སུ་མ་བསྔོས་པས་བསྡོམས་པའོ། །ཡང་ན་འཇིག་རྟེན་པ་དང་། ཐེག་པ་ཆུང་ངུ་དང་། བདག་ཉིད་ཀྱི་དོན་དུ་ལ་སོགས་པ་སྟེ་གོ་རིམས་བཞིན་ནོ། །འཕགས་པ་ཕུང་པོ་གསུམ་པའི་མདོ་ལས། བདག་གི་དགེ་བའི་རྩ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་བགྱིས་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་འདུས་བྱས་ཀྱི་ཡོ་བྱད་འཚལ་བས་མངོན་པར་བསྒྲུབས་པ་གང་ལགས་པ་དང་། བདག་གི་དགེ་བའི་རྩ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་དགེ་བའི་ལས་ཀྱིས་བསྒྲུབས་པའི་དུས་ཐམས་ཅད་དུ་བསགས་པ་དེ་བཞིན་ 116-193b གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུས་པའི་ཟླུམ་པོར་སྡོམ་པར་བགྱིའོ་ཞེས་གསུངས་པ་དང་། ཡང་དེ་དག་ཐམས་ཅད་བསྡུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའོ་ཞེས་གསུངས་པའི་ཕྱིར་རོ། །བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་པ་ནི། བསྔོ་བ་ཡོངས་སུ་དགེ་བའོ། །མཆོག་ཉིད་ཀྱིས་གཞན་བླ་མ་ལྟ་བུ་མེད་ལ། བགྲོད་པར་བྱ་བ་མཐར་ཐུག་པས་གོང་མ་ཡང་མེད་པ་ཉིད་གཞན་བླ་མ་ཐམས་ཅད་ཀྱི་བླ་མ་དང་གོང་མ་སྟེ། དེ་ཉིད་ནི་མཐར་ཐུག་པའོ། །མྱ་ངན་ལས་འདས་པ་ནི་གོང་མ་སྟེ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་སོ། །དེ་རྣམས་ཀྱི་གོང་མ་ཐེག་པ་ཆེན་པོའི་བྱང་ཆུབ་པོ། །བྱང་ཆུབ་སེམས་དཔའི་བླ་མ་སྟེ། འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་དེའི་བླ་མ་སངས་རྒྱས་བཅོམ་ལྡན་འདས་སོ། །ཡང་དག་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཆོས་ཀྱི་སྐུ་ནི་བྱང་ཆུབ་པ་སྟེ། ཤེས་བརྗོད་ལས་འདས་པས། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་སོ་སོ་རང་གིས་རིག་པའི་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པའོ། །འཕགས་པ་འོད་ཟེར་བཀྱེ་བ་བསྟན་པའི་མདོ་ལས། གཟུགས་མེད་འགྲོ་དང་འོང་བ་མེད། །ཕྱོགས་མཚམས་ཕྱོགས་ཀྱང་ཡོད་མ་ཡིན། །མཚན་མ་མེད་ཅིང་བརྗོད་དང་བྲལ། །སྤྲོས་པ་དག་ལས་ཡང་དག་འདས། །བྱང་ཆུབ་སེམས་དཔས་བསྒྲུབ་བྱས་ན། །མཐར་ཐུག་བསིལ་བ་འཐོབ་པར་འགྱུར། །ཞེས་པ་དང་། ཡང་། དགེ་བའི་སྟོབས་ཀྱི་མཐུ་ཡིས་ནི། །ཉོན་མོངས་རབ་བཅོམ་ཉེར་ཞིར་གནས། །ཁྱད་འཕགས་ཕན་ཡོན་འཐོབ་པར་བྱེད། །ཡོན་ཏན་དང་ནི་ཤེས་རབ་དག །ཤིན་ཏུ་རྒྱ་ཆེ་རྒྱ་མཚོ་འདྲ། །བཟོད་པ་དག་ནི་སྒྲུབ་པར་བྱེད། །སེམས་ནི་རབ་བདེ་གཡོ་མེད་འགྱུར། །བྱང་ཆུབ་སེམས་དཔའ་རྟག་ཏུ་བསྒོམ། །མཁས་པ་དག་གིས་རབ་ཏུ་བསྔགས། །ཞེས་གསུངས་སོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་ཡོངས་སུ་བསྔོ་བ་མཛད་པ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ 116-194a ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱི་སྟེ་སྐྱབས་སུ་ཉེ་བར་མཆི། །ཞེས་པ་ནི་གོ་སླ་བས་མ་བཤད་དོ། །བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་སློབ་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་ཛེ་ཏཱ་རཱི་དགྲ་ ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དང་། ཆགས་ལོ་ཙཱ་བས་བསྒྱུར་བའོ། །  
༈ བསླབ་བཏུས་ཀྱི་ལེ་འགྲེལ་བཞུགས་སོ།། སྲིད་དང་ཞི་བའི་དཔལ་གྱིས་གང་གི་ཐུགས། །རབ་མཛེས་འཇམ་དབྱངས་གཞོན་ནུའི་ཡེ་ཤེས་སྐུ། །མཐའ་ཡས་ཡོན་ཏན་ཚོགས་ལ་དབང་འབྱོར་བའི། །སྐྱེ་དགུའི་ཉེར་འཚོ་རྒྱལ་སྲས་མཆོག་ལ་འདུད། །འདིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ལ་གསུམ་སྟེ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །གཉིས་པ་ལ་གསུམ་སྟེ། བསླབ་པ་མདོར་བསྟན། བསླབ་པ་རྒྱས་པར་བཤད། བསླབ་པའི་དོན་བསྡུ་བའོ། །གཉིས་པ་ལ། ལེའུ་བཅུ་དྲུག་ཡོད་པའི་དོན་རྣམས་གཏང་། བསྲུང་། དག། སྤེལ་གྱི་ཆོས་བཞི་གསུམ་བཅུ་གཉིས་ཀྱིས་བསྡུས་ཤིང་ཕར་ཕྱིན་དྲུག་དང་སྦྱར་ནས་བསྟན་པ་ལ། ལེའུ་དང་པོ་སྦྱིན་པའི་ཕར་ཕྱིན་གྱིས་གཏོང་བ་གསུམ་{སྦྱིན་པ་}བསྟན། ལེའུ་གཉིས་པ་{འདི་མན་ཚུལ་ཁྲིམས་}ནས་དྲུག་པའི་བར་ལྔས་བསྲུང་བ་བསྟན། ལེའུ་བདུན་པས་ལོངས་སྤྱོད་དང་བསོད་ནམས་བསྲུང་བ་བསྟན། དག་པ་ལ་གསུམ་ལས། ལུས་དག་པ་ལ་གཉིས་ཏེ། སྡིག་པ་སྦྱོང་བ་དང་། ཉོན་མོངས་པ་སྦྱོང་བའོ། །དང་པོ་ནི། ལེའུ་བརྒྱད་པས་བསྟན། གཉིས་པ་ནི་ལེའུ་དགུ་པ་ནས་བཅུ་བཞི་པའི་བར་དྲུག་གིས་བསྟན། ལོངས་སྤྱོད་དང་བསོད་ནམས་དག་པ་ལེའུ་བཅོ་ལྔ་པས་བསྟན། བཞི་པ་སྤེལ་བ་ལ་གསུམ་ལས། ལུས་དང་ལོངས་སྤྱོད་སྤེལ་བ་ནི། ལེའུ་བཅུ་དྲུག་པའི་བམ་པོ་གཉིས་པོ་ཞེས་པས་བསྟན། དེ་མན་ནས་ལེའུ་བཅུ་དགུ་པའི་རྒྱ་ཆེར་ནི་སངས་རྒྱས་ཀྱི་ཡུལ་ཉིད་ཡིན་ནོ། །ཞེས་པའི་བར་གྱིས་བསོད་ནམས་སྤེལ་བར་བསྟན་ཏོ། །ལེའུ་དང་པོ་གོ་སླ་ལ། གཉིས་པ་ནས་དྲུག་པའི་བར་ལྔས་ལུས་བསྲུང་བ་ལ། དངོས་དང་། དེའི་ཐབས་གསུམ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རབ་བྱུང་གི་བསླབ་བྱ། ཁྱིམ་པའི་བསླབ་བྱའོ། །དེའི་དང་པོ་ལ་ལྔ་སྟེ། ཆོས་འཛིན་པ། བདུད་ལས་སྤོང་བ། མི་དགེ་བའི་བཤེས་གཉེན་སྤོང་བ། བྱང་སེམས་འདོར་བ་སྤོང་བ། འཁྲུལ་པའི་ཉེས་པ་སྤོང་བའོ། །ཁྱིམ་པའི་བསླབ་བྱ་ལ་གཉིས་ཏེ། གནོད་པ་དངོས་དང་། དེ་སྤོང་ཐབས་སོ། །དང་པོ་ལ་གསུམ་སྟེ། མི་ཁོམ་པའི་གནོད་པ། མི་དགེ་བ་བཅུའི་གནོད་པ། བྱང་སེམས་ལ་ལོག་སྒྲུབ་དང་། ཆོས་སྤོང་གི་གནོད་པའོ། །ལེའུ་བཞི་པའོ། །གཉིས་པ་སྤོང་བའི་ཐབས་ནི་ལེའུ་ལྔ་པས་བསྟན། ལེའུ་དྲུག་པའི་ལུས་བསྲུང་བའི་ཐབས་ལ་གསུམ་སྟེ། དྲན་ཤེས་བཞིན་གྱིས་བསྲུང་བ། གཞན་མ་དད་པ་སྤང་བས་བསྲུང་བ། སྨན་སོགས་བསྟེན་པས་བསྲུང་བའོ། །དག་པ་གསུམ་གྱི་ལུས་དག་པའི་ཕྱོགས་སུ་སྡིག་པ་སྦྱོང་བ་ནི་ལེའུ་བརྒྱད་པས་བསྟན། {འདི་ཡན་ཚུལ་ཁྲིམས་ཡིན་} ཕྱོགས་གཉིས་པ་ཉོན་མོངས་པ་སྦྱོང་བ་ནི། ལེའུ་དགུ་པ་ནས་བཅུ་བཞི་པའི་བར་དྲུག་གིས། བཟོད་པ་ལ་ལེའུ་གཅིག། བརྩོན་འགྲུས་ལ་ལེའུ་གཅིག། བསམ་གཏན་ལ་ལེའུ་གཉིས། ཤེས་རབ་ལ་ལེའུ་གཉིས་ཏེ་དྲུག་གོ། བཟོད་བརྩོན་གཉིས་གོ་སླ་ལ། བསམ་གཏན་ལ་གཉིས་ཏེ། སྤྱིའི་རྣམ་གཡེང་སྤོང་བ། སྤངས་ནས་ཏིང་ངེ་འཛིན་བསྒོམ་པའོ། །དང་པོས་ནི་དགོན་པར་གནས་པའི་ལེའུ་བསྟན། གཉིས་པ་ལ་གཉིས་ཏེ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པའོ། །དང་པོ་ལའང་བཞི་སྟེ། རྣམ་གཡེང་གི་གཉེན་པོར་སྐྱེ་རྒ་ན་འཆི་བསྒོམ་པ། འདོད་ཆགས་ལ་མི་སྡུག་པ་བསྒོམ་པ། ཞེ་སྡང་ལ་བྱམས་པ་བསྒོམ་པ། གཏི་མུག་ལ་རྟེན་འབྲེལ་བསྒོམ་{ལེའུ་བཅུ་གཉིས་པས་བསྟན། འདི་ཡན་བསམ་གཏན་}པའོ། །གཉིས་པ་ལྷག་མཐོང་། ཤེས་རབ་ལ་གཉིས་ཏེ། གང་ཟག་གི་བདག་མེད་བསྒོམ་པ་དང་། ཆོས་ཀྱི་བདག་མེད་བསྒོམ་པའོ། །དང་པོ་ལེའུ་བཅུ་གསུམ་པས་བསྟན། གཉིས་པ་ནི་ལེའུ་བཅུ་བཞི་པས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཕར་ཕྱིན་དྲུག་ལ་ཉམས་སུ་ལེན་པའི་རིམ་པ་ཆོས་བཅུ་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་པས་སྤྱོད་པ་ལ་འཇུག་དང་ཤིན་མཐུན་པ་ཡིན་པར་ཤེས་པར་བྱའོ། །བསླབ་པ་ཀུན་ལས་བཏུས་ཀྱི་ལུས་རགས་པར་ཕྱེ་བ་འདི་གོ་སླ་བར་བྱ་བའི་ཕྱིར་བྲིས་ཏེ། ལེ་འགྲེལ་ལོགས་སུ་ཤེས་པར་བྱའོ།། མངྒལཾ།། །།  
C
The Sūtra Teaching Four Qualities 66-59a ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ནིར་དེ་ཤ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་ནང་ན་ལྷའི་འདུན་ས་ཆོས་བཟང་ན་དགེ་སློང་ལྔ་བརྒྱ་ཐམ་ པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། 66-59b བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་ སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་ ནི་སྡོམ་པ་ཡང་དག་པར་བླངས་པས་མི་ཕྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་རྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མདོ་འདི་རྟག་ཏུ་བཀླག་པར་བྱའོ། །ཁ་ཏོན་དུ་བྱའོ། །བསམ་པར་བྱའོ། །བསྒོམ་པར་ བྱའོ། །མང་དུ་བྱའོ། །དེས་ན་ཉེས་པར་སྤྱད་པ་འབྲས་བུ་འབྱིན་མི་ནུས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །  +
D
116-119b ༄༅། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཞུགས། ༄། །ཡོན་ཏན་གྱི་ཆེ་བ་བརྗོད་པ་བསྟན་པ། ༄། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཞུགས། ༄༅༅། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ ལོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཞེས་བྱ་བ་ལ། ཆེན་པོ་ནི་ཡོན་ཏན་དང་གྲངས་ཀྱིས་སོ། །དེ་ལ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཞེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྡེ་སྣོད་ཀྱི་ཡོན་ཏན་སྒྲུབ་པ་ཤིན་ཏུ་ཡོངས་སུ་རྫོགས་པ་བསྐལ་པ་བརྗོད་དུ་མེད་པ་རྒྱུན་མི་འཆད་ པར་རབ་ཏུ་བསྟན་པས་ཡོན་ཏན་བསྔགས་པའི་བསྟན་པ་ཟད་མི་ཤེས་པ་ཤ་སྟག་ཅེས་བྱ་བའི་བར་འདིས་ནི་ཡོན་ཏན་གྱི་ཆེ་བ་བསྟན་ཏོ། ། ༄། །མངོན་སུམ་དུ་ལུང་བསྟན་པ་ཐོབ་པ་བསྟན་པ། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི་རྣམ་པ་ལྔར་བརྗོད་དེ། མངོན་སུམ་དུ་ལུང་བསྟན་པ་ཐོབ་པ་དང་། སངས་རྒྱས་ཉིད་དུ་ཉེ་བ་ དང་། ཡིད་ཀྱི་ཆོ་འཕྲུལ་དང་། ལུས་ཀྱི་ཆོ་འཕྲུལ་དང་། ངག་གི་ཆོ་འཕྲུལ་ལོ། །དེ་ལ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདིས་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་བསྟན་ཏེ། འདི་ལྟར་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཉིད་ 116-120a དུ་སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་ལུང་སྟོན་ཏེ། འདི་ཉིད་ཀྱི་བཤད་པ་ནི། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་རབ་ཏུ་ཐོབ་པའི་གནས་པས་གནས་པ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ནི་དེ་བཞིན་ཉིད་ ལ་དམིགས་པའོ། །དེའི་སྤྱོད་ཡུལ་ནི་ཀུན་བརྟགས་པའི་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་སྟེ། དེ་ལ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོས་རྙེད་པ་ནི་རབ་ཏུ་ཐོབ་པའོ། །དེ་གང་ཡིན་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པའི་མཚན་ཉིད་ཀྱི་གནས་པ་སྟེ། དེས་ས་བརྒྱད་པ་ལ་གནས་པའི་ ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེས་ནི་ཕྱིར་མི་ལྡོག་པའི་ས་ལ་ལུང་བསྟན་པ་ཐོབ་པས་མངོན་སུམ་དུ་ལུང་བསྟན་པ་ཞེས་སྟོན་ཏོ། ། ༄། །སངས་རྒྱས་ཉིད་དུ་ཉེ་བར་བསྟན་པ། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་འདིས་སངས་རྒྱས་ཉིད་དུ་ཉེ་བར་བསྟན་ཏེ། དེ་དག་ནི་མ་འོངས་པའི་དུས་ན་སངས་རྒྱས་ཉིད་ དུ་སྐྱེ་བ་གཅིག་ཁོ་ནས་ཐོགས་པའི་ཕྱིར་རོ། །འདིའི་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་རྟོགས་པ་ལ་འཇུག་པ་རྒྱུན་མི་གཅོད་པའི་སྤྱོད་ཡུལ་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་ནི་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་པ་ལས་རྣམ་པར་དབེན་པའི་དེ་བཞིན་ཉིད་དེ། དེ་ཉིད་སངས་རྒྱས་ཉིད་དོ། །དེ་རྟོགས་པ་ནི་ཁོང་དུ་ཆུད་པ་སྟེ། དེ་ཉིད་འཇུག་པའོ། །དེ་ལ་རྒྱུན་མི་གཅོད་པ་ཐོགས་པ་མེད་པར་ནུས་པའི་སྤྱོད་ཡུལ་པ་སྟེ། མཐུ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འཇུག་པ་ནི་རྣམ་པ་ གསུམ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པས་འཇུག་པ་དང་། རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་རྣམས་ལ་དེ་ཁོ་ན་རྟོགས་པས་འཇུག་པ་དང་། སངས་རྒྱས་ཀྱི་ས་ལ་རྟོགས་པས་འཇུག་སྟེ། དེ་ལ་འཇུག་པ་གོང་མ་གཉིས་ལས་བཟློག་པའི་ཕྱིར་རྟོགས་པ་སྨོས་སོ། ། ༄། །ཡིད་ཀྱི་ཆོ་འཕྲུལ་བསྟན་པ། ཡིད་ཀྱི་ཆོ་ འཕྲུལ་ལ་རྣམ་པ་ལྔ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང་། སྨོན་ལམ་མངོན་པར་སྒྲུབ་པ་ལ་མཁས་པ་དང་། ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བ་ཐམས་ཅད་ཉེ་བར་འགྲོ་བ་ལ་མཁས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་མཁས་པ་དང་། བསམ་ 116-120b གཏན་ལ་སོགས་པ་མངོན་པར་སྒྲུབ་པ་ལ་མཁས་པའོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་དབང་དུ་བྱས་ནས། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བར་བྱ་བའི་དུས་བཞིན་དུ་ཆད་པའི་བྱིན་རླབས་ཅན་གྱི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་ པ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་སྨིན་པའི་འདུལ་བར་བྱ་བ་སྟེ། དེའི་དོན་དུའོ། །དུས་ཇི་ལྟ་བ་བཞིན་དུ་གང་གིས་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བར་བྱ་བའི་དུས་གང་ཡིན་པའོ། །ཕྱད་པའི་བྱིན་གྱི་རླབས་ འབྲས་བུ་ཡོད་པའི་མཐུ་ཅན་གྱི་བྱ་བ་གང་ཡིན་པ་དེ་ཐམས་ཅད་ཡང་དག་པར་སྟོན་པ་དེ་ལ་མཁས་པ་དག་གོ། །སྨོན་ལམ་མངོན་པར་སྒྲུབ་པ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ལ་མངོན་པར་སྒྲུབ་པ་བསྐལ་པ་དང་། དུས་དང་། ཞིང་དང་། སྤྱོད་པ་ལ་རྒྱུན་མི་གཅོད་པས་གནས་པ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རྣམས་ནི་འདི་ཁོ་ན་ལས་འོག་ནས་ཇི་སྐད་འབྱུང་བ་རྣམས་ཏེ། དེ་དག་མངོན་པར་སྒྲུབ་པ་ནི་གྲུབ་པར་བྱེད་པའོ། །དེ་རྒྱུན་མི་གཅོད་པ་ནི་བཟང་པོ་དང་། སྐར་མ་ལྟ་བུ་ལ་སོགས་བསྐལ་པ་གང་རྣམས་དང་། མ་འོངས་པའི་སྐྱེ་བའི་རྒྱུན་གྱི་དུས་རྣམས་དང་། དེ་བཞིན་གཤེགས་པ་འབྱུང་བ་ཡང་དག་པར་སྟོན་པ་སངས་རྒྱས་ཀྱི་ཞིང་རྣམས་དང་། སྤྱོད་པ་ལ་རྒྱུན་ཆད་པར་མི་བྱེད་པ་སྟེ། དེ་དག་གིས་གནས་པའི་ངང་ཚུལ་ཅན་གང་ཡིན་ པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནི་སྨོན་ལམ་མངོན་པར་སྒྲུབ་པ་གོམས་པས་དུས་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། གནས་ཐམས་ཅད་དུ་དེ་དག་གི་སྨོན་ལམ་དག་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་ མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱོར་བའི་ཚོགས་བསོད་ནམས་དང་ཡེ་ཤེས་ཤིན་ཏུ་ཡོངས་སུ་རྫོགས་པ་མི་ཟད་པ་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ལ་ཞུགས་པ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ 116-121a ནམས་དང་ཡེ་ཤེས་ནི་དོན་ཐམས་ཅད་ཀྱི་འབྱོར་པར་གྱུར་པའི་ཚོགས་འགྲུབ་པར་འགྱུར་བའི་ཚོགས་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱོར་བའི་ཚོགས་བསོད་ནམས་དང་ཡེ་ཤེས་ཏེ། དེས་གཞན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡང་དག་ པར་སྒྲུབ་པའི་ཕྱིར་ཤིན་ཏུ་ཡོངས་སུ་རྫོགས་པའོ། །དུས་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་མི་ཟད་པ་སྟེ། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་གང་ཡིན་པ་དེ་ལ་ཞུགས་པ་དག་གོ། །བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་བསགས་པའི་ཕྱིར་གང་གིས་ན་དེ་དག་ཡིད་བཞིན་གྱི་ནོར་བུ་ལྟར་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་དེ་ལྟར་བྱས་སོ་ཞེས་བྱ་བ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་ཤེས་རབ་དང་ཐབས་དམ་པ་མཆོག་ཐོབ་པ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །ཐབས་ནི་འདིར་སྙིང་རྗེ་ཆེན་པོར་འདོད་དོ། །མཆོག་ནི་རབ་བོ། །དེ་ནི་དམ་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་ སྦྱར་ཏེ། ཤེས་རབ་དང་ཐབས་གཉིས་ཀྱི་དམ་པ་མཆོག་དེ་ཐོབ་པ་དག་གོ། །དེ་ལ་ཤེས་རབ་ཀྱིས་ནི་འཁོར་བ་ལ་མི་གནས་སོ། །སྙིང་རྗེས་ནི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ རྒྱུན་མི་གཅོད་པ་ཞེས་བྱ་བས་ནི་ཤེས་རབ་དང་ཐབས་འདི་གཉིས་ཀྱི་འབྲས་བུ་བསྟན་ཏོ། །རྒྱུན་མི་གཅོད་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། འཁོར་བའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་ པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་གཅོད་པ་ཞེས་བྱ་བར་སྦྱར་རོ། །སྙིང་བརྩེ་བས་ནི་འཁོར་བའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བལྟམས་པ་དང་། གཞོན་ནུ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་ཡང་དག་པར་སྟོན་པ་ལ་སོགས་པའི་མཚན་ཉིད་ 116-121b རྒྱུན་མི་གཅོད་དོ། །ཤེས་རབ་ཀྱིས་ནི་མྱ་ངན་ལས་འདས་པའི་སྒོ་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་འབྱུང་བ་ལ་སོགས་པའི་མཚན་ཉིད་རྒྱུན་མི་གཅོད་དོ། །བསམ་གཏན་ལ་སོགས་པ་མངོན་པར་སྒྲུབ་པ་ལ་མཁས་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་མངོན་པར་རོལ་པའི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་པ་ལ་མཁས་པ་ཞེས་བྱ་བ་གསུངས་སོ། །བསམ་ གཏན་རྣམས་ནི་དང་པོ་ལ་སོགས་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་རྣམས་ནི་ནམ་མཁའ་མཛོད་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་གོ། །མངོན་པར་ཤེས་པ་རྣམས་ནི་ལྷའི་མིག་ལ་སོགས་ པའོ། །ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའོ། །དེ་དག་གི་རྣམ་པར་རོལ་པའི་ཕྱིར་དེ་དག་ཉིད་མངོན་པར་རོལ་པའོ། །དེ་དག་ཉིད་བྱ་བ་ཐམས་ཅད་དེ། ཡིད་ཀྱི་སྤྱོད་པའི་མཚན་ཉིད་དེ། དེ་སྟོན་པ་ལ་མཁས་པ་དག་གོ། ། ༄། །ལུས་ཀྱི་ཆོ་འཕྲུལ་བསྟན་པ། ལུས་ཀྱི་ཆོ་འཕྲུལ་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཅིག་ཅར་དུ་འགྲོ་བར་ཡང་དག་པར་སྟོན་པ་དང་། འདུལ་བ་དང་མཐུན་པའི་ལུས་རབ་ཏུ་སྣང་བ་ཡང་དག་པར་སྟོན་པའོ། །དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ཡང་དག་པར་སྟོན་པ་ཡང་དམ་ པའི་ཆོས་ཀྱི་གཏམ་འབྱུང་བར་བྱ་བའི་དོན་དང་། ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བའི་དོན་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་དོན་དུའོ། །དེ་ལ་དམ་པའི་ཆོས་ཀྱི་གཏམ་འབྱུང་བར་བྱ་བའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་རྫུ་འཕྲུལ་གྱི་སྟོབས་ལ་དབང་ཐོབ་པས་མངོན་པར་འདུ་བྱ་བ་མེད་པར་སེམས་ཀྱི་སྐད་ཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ལ་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུར་གྱུར་པ་ཞེས་བྱ་བ་གསུངས་ཏེ། རྫུ་འཕྲུལ་ནི་འགྲོ་བའོ། །དེའི་སྟོབས་ 116-122a ནི་མཐུའོ། །དེ་ལ་དབང་བ་སྟེ་དེ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་དེ་དག་མངོན་པར་འདུ་བྱ་བ་མེད་པས། ལྷུན་གྱིས་གྲུབ་པར་སེམས་ཀྱི་སྐད་ཅིག་ཁོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཅིག་ཅར་དུ་འགྲོ་བ་ཡང་དག་པར་སྟོན་ ཏོ། །དེས་ན་དེ་དག་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུ་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་གཏམ་ལ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་སྟོབས་ལ་དབང་ཐོབ་པ་ཡང་ཡིན་ལ། མངོན་པར་འདུ་བྱ་བ་མེད་པར་སེམས་ཀྱི་སྐད་ཅིག་གིས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་སྔོན་དུ་འདྲེན་པའི་གཏམ་གྱི་སྐྱེས་བུའང་ཡིན་ནོ་ཞེས་བྱེ་བྲག་གི་བསྡུ་བའོ། །ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་རྒྱ་ཆེན་པོ་བྱ་བ་ལ་མངོན་པར་བརྩོན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་གཟུང་བ་དང་། རིམ་གྲོ་རྒྱ་ཆེན་པོ་བྱ་བ་ལ་མངོན་པར་བརྩོན་ པ་ཞེས་བྱ་བའི་ཐ་ཚིག་གོ། །མཆོད་པ་ནི་གདུགས་ལ་སོགས་པས་སོ། །རིམ་གྲོ་བྱ་བ་ནི་བསྙེན་བཀུར་བྱ་བ་ལ་སོགས་པས་སོ། །འདུལ་བ་དང་མཐུན་པའི་ལུས་རབ་ཏུ་སྣང་བར་བྱེད་པ་ཡང་དག་པར་སྟོན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ཡང་དག་པར་བླང་ བ་ཅན་གྱི་མཉམ་པ་ཉིད་ཀྱི་སྦྱོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་རབ་ཏུ་སྣང་བར་བྱེད་པ་ཐོབ་པ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ནི་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ཡང་དག་པར་བླང་བ་ནི་ལེགས་པར་ཁས་བླང་བའོ། །དེ་སྔོན་དུ་འགྲོ་བ་ཅན་ དུ་མཉམ་པ་ཉིད་ཀྱི་སྦྱོར་བ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པ་དང་། འདུལ་བ་དང་མཐུན་པ་ཉིད་ཀྱིས་ཐམས་ཅད་ལ་སྒྲུབ་པའོ། །དེའི་དོན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུལ་བ་དང་མཐུན་པའི་ལུས་སྣང་བར་བྱེད་པ་གང་ཡིན་པ་ལུས་ཡང་དག་པར་སྟོན་པ་དེ་ཐོབ་པ་དག་གོ། ། ༄། །ངག་གི་ཆོ་འཕྲུལ་བསྟན་པ། ངག་ 116-122b གི་ཆོ་འཕྲུལ་ཡང་རྣམ་པ་གཉིས་ཏེ། དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པ་དང་། ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་བསྐལ་པ་མཐའ་ཡས་པ་རྣམས་སུ་ཐེག་པ་ཆེན་པོ་རྒྱུན་མི་འཆད་པར་རབ་ཏུ་སྟོན་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས། ཆོས་ཐམས་ཅད་ཀྱི་དབྱིངས་ལྟར་ ཆགས་པ་མེད་པའི་དབྱངས་སྒྲོགས་པས་ཁྱབ་པར་བྱེད་པས་དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཀྱིས་ཡུལ་རྒྱས་པར་འགེངས་པ་ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ལྟར་ཆགས་པ་མེད་པ་ནི་ཐོགས་པ་མེད་ པའོ། །དེ་གང་ཡིན་ཞེ་ན། ཆོས་ཀྱི་དུང་ངོ་། །གྲག་པར་བྱེད་པའི་ཕྱིར་སྒྲོགས་པ་སྟེ། དབྱངས་ཀྱི་སྒྲོགས་པ་ཡིན་པས་དབྱངས་སྒྲོགས་པ་སྟེ། དབྱངས་ཀྱི་རྒྱུ་ནི་ཆོས་ཀྱི་དུང་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཁྱབ་པར་བྱེད་པ་སྟེ། ཀུན་དུ་ཚིག་ཏུ་སྣང་བའི་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་དེ་སྐད་ཅེས་ བྱའི། ངག་ཕྱི་རོལ་ན་གྲུབ་པ་ནི་མེད་དོ། །དུས་གསུམ་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཅན་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དེ་སྐད་ཅེས་བྱའོ། །སེམས་སྨོས་པ་ནི་ཕྱི་རོལ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ཙམ་དུ་ཟད་པའོ། །དེ་དག་གི་ཡུལ་ནི་འཇིག་ རྟེན་གྱི་ཁམས་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆགས་པ་མེད་པའི་དབྱངས་སྒྲོགས་པས་ཁྱབ་པར་བྱེད་པས་དུས་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཀྱི་ཡེ་ཤེས་ཀྱི་ཡུལ་རྒྱས་པར་འགེངས་པ་ནི་ཁྱབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ ཀྱི་ཡུལ་འཇིག་རྟེན་གྱི་ཁམས་རྣམས་ཅིག་ཅར་དུ་དབྱངས་ཀྱིས་ཁྱབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའི་ སྡེ་སྣོད་ནི་ཐེག་པ་ཆེན་པོའོ། །དེའི་ཡོན་ཏན་འབྱོར་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའོ། །དེ་ཤིན་ཏུ་ཡོངས་སུ་རྫོགས་པ་བསྐལ་པ་བརྗོད་དུ་མེད་པར་རྒྱུན་མི་འཆད་པར་བར་ཆད་མེད་པར་ཡང་དག་པར་རབ་ཏུ་བསྟན་པ་སྟེ། ཡང་དག་པར་རབ་ཏུ་བསྟན་པ། དེ་ལྟ་བུས་ཡོན་ཏན་བསྔགས་པ་ 116-123a བསྟན་པ། ཡོན་ཏན་བསྟོད་པ་ཟད་མི་ཤེས་པ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་བ་སྟེ། བསྐལ་པ་དཔག་ཏུ་མེད་པར་ཡང་ཐེག་པ་ཆེན་པོའི་ཡོན་ཏན་སྟོན་པ་རྣམས་ཀྱི་ཡོན་ཏན་བསྔགས་པའི་བསྟན་པ་མི་ཟད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རྡོ་རྗེའི་སྙིང་པོ་ དང་ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཕལ་ཆེ་བ་བསྟན་ཏོ། །བདག་གིས་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་ན་གཙོ་བོར་གྱུར་པས་དེ་ལ་སོགས་པ་སྟེ། སོ་སོར་བསྟན་པར་བལྟའོ། །འཕགས་པ་ས་བཅུའི་མདོ་སྡེའི་གླེང་གཞི་བཤད་པ། སློབ་དཔོན་ཤཱཀྱའི་བློས་མཛད་པ་རྫོགས་སོ།། །།  
G
35-210b bcu drug pa/ spyod yul yongs su dag pa'i le'u/ ༆ དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་ སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ངག་གི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན། ལུས་ཀྱི་ལས་རྣམ་ པར་མ་ཉམས་པ་ཡིན། ངག་གི་ལས་རྣམ་པར་མ་ཉམས་པ་ཡིན། ཡིད་ཀྱི་ལས་རྣམ་པར་མ་ཉམས་པ་ཡིན། ལུས་ཀྱི་ལས་མ་སྨད་པ་ཡིན། ངག་གི་ལས་མ་སྨད་པ་ཡིན། ཡིད་ཀྱི་ལས་མ་སྨད་པ་ཡིན། ལུས་ཀྱི་ལས་མི་འཕྲོགས་པ་ཡིན། ངག་གི་ལས་ མི་འཕྲོགས་པ་ཡིན། ཡིད་ཀྱི་ལས་མི་འཕྲོགས་པ་ཡིན། ལུས་ཀྱི་ལས་མི་ཟློག་པ་ཡིན། ངག་གི་ལས་མི་ཟློག་པ་ཡིན། ཡིད་ཀྱི་ལས་མི་ཟློག་པ་ཡིན། ལུས་ཀྱི་ལས་མི་འཁྲུགས་པ་ཡིན། ངག་གི་ལས་མི་འཁྲུགས་པ་ཡིན། ཡིད་ཀྱི་ལས་མི་འཁྲུགས་ པ་ཡིན། ལུས་ཀྱི་ལས་བསྔགས་པ་ཡིན། ངག་གི་ལས་བསྔགས་པ་ཡིན། ཡིད་ཀྱི་ལས་བསྔགས་པ་ཡིན། ལུས་ཀྱི་ལས་རྣམ་པར་དག་པ་ཡིན། ངག་གི་ལས་རྣམ་པར་དག་པ་ཡིན། ཡིད་ཀྱི་ལས་རྣམ་པར་དག་པ་ཡིན། ལུས་ཀྱི་ལས་ཉེ་བར་ཉོན་ མོངས་པ་མེད་པ་ཡིན། ངག་གི་ལས་ཉེ་བར་ཉོན་མོངས་པ་མེད་པ་ཡིན། ཡིད་ཀྱི་ལས་ཉེ་བར་ཉོན་མོངས་པ་མེད་པ་ཡིན། ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན། ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་ 35-211a བ་ཡིན། རིགས་ཕུན་སུམ་ཚོགས་པ་ཡིན། རུས་ཕུན་སུམ་ཚོགས་པ་ཡིན། རྒྱུད་ཕུན་སུམ་ཚོགས་པ་ཡིན། གཟུགས་ཕུན་སུམ་ཚོགས་པ་ཡིན། མཚན་ཕུན་སུམ་ཚོགས་པ་ཡིན། དྲན་པ་ཕུན་སུམ་ཚོགས་པ་ཡིན། བློ་གྲོས་ ཕུན་སུམ་ཚོགས་པ་ཡིན། རྟོགས་པ་ཕུན་སུམ་ཚོགས་པ་ཡིན། དགའ་བ་ཕུན་སུམ་ཚོགས་པ་ཡིན། བློ་ཕུན་སུམ་ཚོགས་པ་ཡིན། བློ་གྲོས་མཆོག་ཏུ་གྱུར་པ་ཡིན། བློ་གྲོས་དམ་པར་གྱུར་པ་ཡིན། བློ་གྲོས་རབ་ཏུ་གྱུར་པ་ཡིན། བློ་གྲོས་ཚད་མེད་ པ་ཡིན། བློ་གྲོས་གྲངས་མེད་པ་ཡིན། བློ་གྲོས་བསམ་གྱིས་མི་ཁྱབ་པ་ཡིན། བློ་གྲོས་མཚུངས་པ་མེད་པ་ཡིན། བློ་གྲོས་གཞལ་དུ་མེད་པ་ཡིན། བློ་གྲོས་བརྗོད་དུ་མེད་པ་ཡིན། རྒྱུའི་སྟོབས་ཅན་ཡིན། བསམ་པའི་སྟོབས་ཅན་ཡིན། སྦྱོར་བའི་སྟོབས་ ཅན་ཡིན། རྐྱེན་གྱི་སྟོབས་ཅན་ཡིན། དམིགས་པའི་སྟོབས་ཅན་ཡིན། དབང་པོའི་སྟོབས་ཅན་ཡིན། རྣམ་པར་ལྟ་བའི་སྟོབས་ཅན་ཡིན། ཞི་གནས་ཀྱི་སྟོབས་ཅན་ཡིན། ལྷག་མཐོང་གི་སྟོབས་ཅན་ཡིན། ངེས་པར་རྟོགས་པའི་སྟོབས་ཅན་ཡིན། ཕུང་པོ་ལ་མཁས་པ་ཡིན། ཁམས་ལ་མཁས་པ་ཡིན། སྐྱེ་མཆེད་ལ་མཁས་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན། གཟུགས་ཀྱི་ཁམས་ལ་མཁས་པ་ཡིན། གཟུགས་མེད་པའི་ཁམས་ལ་མཁས་པ་ཡིན། འདས་པ་ལ་མཁས་ པ་ཡིན། མ་འོངས་པ་ལ་མཁས་པ་ཡིན། ད་ལྟར་བྱུང་བ་ལ་མཁས་པ་ཡིན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་ལ་མཁས་པ་ཡིན། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། རབ་ཏུ་བྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། བཏང་སྙོམས་ཡང་དག་ 35-211b བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་ཡིན། སྟོང་པ་ཉིད་ཡོངས་སུ་བསྒོམས་པ་ཡིན། མཚན་མ་མེད་པ་ཡོངས་སུ་བསྒོམས་པ་ཡིན། སྨོན་པ་མེད་པ་ཡོངས་སུ་བསྒོམས་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། བྱམས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡིན། དགའ་བའི་ཕ་རོལ་ཏུ་ཕྱིན་པ་ཡིན། བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གནས་དང་གནས་མ་ཡིན་པར་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། དབང་པོ་དང་བརྩོན་འགྲུས་ཐ་དད་པ་ཡོངས་སུ་རྫོགས་པར་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཁོང་དུ་ཆུད་པ་ཡིན། ཁམས་སྣ་ཚོགས་དང་ཁམས་དུ་མའི་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། ཀུན་ཏུ་འགྲོ་བའི་ལམ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ དང་ལྡང་བ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། བསྒྲིབས་པ་མེད་པའི་རྗེས་སུ་དྲན་པ་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། ལྷའི་མིག་ཆགས་པ་མེད་པར་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་གཅད་པ་ཤེས་པར་ བྱ་བ་ཁོང་དུ་ཆུད་པ་ཡིན། ལྷ་ཡི་དབང་པོས་ཡོངས་སུ་བཟུང་བ་ཡིན། ཀླུའི་དབང་པོས་ཡོངས་སུ་བཟུང་བ་ཡིན། གནོད་སྦྱིན་གྱི་དབང་པོས་ཡོངས་སུ་བཟུང་བ་ཡིན། དྲི་ཟའི་དབང་པོས་ཡོངས་སུ་བཟུང་བ་ཡིན། ལྷ་མ་ཡིན་གྱི་དབང་པོས་ཡོངས་སུ་བཟུང་ བ་ཡིན། ནམ་མཁའ་ལྡིང་གི་དབང་པོས་ཡོངས་སུ་བཟུང་བ་ཡིན། མི་འམ་ཅིའི་དབང་པོས་ཡོངས་སུ་བཟུང་བ་ཡིན། ལྟོ་འཕྱེ་ཆེན་པོའི་དབང་པོས་ཡོངས་སུ་བཟུང་བ་ཡིན། མིའི་དབང་པོས་ཡོངས་སུ་བཟུང་བ་ཡིན། ཚངས་པའི་དབང་པོས་ 35-212a ཡོངས་སུ་བཟུང་བ་ཡིན། ལྷ་ཡི་དབང་པོས་བཀུར་བ་ཡིན། ཀླུ་ཡི་དབང་པོས་བཀུར་བ་ཡིན། གནོད་སྦྱིན་གྱི་དབང་པོས་བཀུར་བ་ཡིན། དྲི་ཟའི་དབང་པོས་བཀུར་བ་ཡིན། ལྷ་མ་ཡིན་གྱི་དབང་པོས་བཀུར་བ་ཡིན། ནམ་ མཁའ་ལྡིང་གི་དབང་པོས་བཀུར་བ་ཡིན། མི་འམ་ཅིའི་དབང་པོས་བཀུར་བ་ཡིན། ལྟོ་འཕྱེ་ཆེན་པོའི་དབང་པོས་བཀུར་བ་ཡིན། མི་ཡི་དབང་པོས་བཀུར་བ་ཡིན། ཚངས་པའི་དབང་པོས་བཀུར་བ་ཡིན། སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པ་ ཡིན། སྐྱབས་སུ་གྱུར་པ་ཡིན། དཔུང་གཉེན་དུ་གྱུར་པ་ཡིན། མགོན་དུ་གྱུར་པ་ཡིན། སྒྲོན་མར་གྱུར་པ་ཡིན། སྣང་བར་གྱུར་པ་ཡིན། འོད་དུ་གྱུར་པ་ཡིན། འདྲེན་པར་གྱུར་པ་ཡིན། རྣམ་པར་འདྲེན་པར་གྱུར་པ་ཡིན། ཡོངས་སུ་འདྲེན་པར་ གྱུར་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན། གཙོ་བོར་གྱུར་པ་ཡིན། ཐུ་བོར་གྱུར་པ་ཡིན། རབ་ཏུ་གྱུར་པ་ཡིན། དམ་པར་གྱུར་པ་ཡིན། ཕུལ་དུ་གྱུར་པ་ཡིན། བླ་ན་མེད་པར་གྱུར་པ་ཡིན། ཀྱེ་རྒྱལ་བའི་སྲས་ཇི་ ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཉམ་པ་མེད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་སྐྱེ་བོ་མང་པོ་ལ་ ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བ་དང་བདེ་བར་རྣམ་པར་གཟུད་པའི་ཕྱིར་ཞུགས་ཤིང་། དེ་ལྟར་ཁྱོད་རྣམ་པ་འདི་ལྟ་བུའི་གནས་དག་ཡོངས་སུ་འདྲི་བར་སེམས་པ་ནི། ཀྱེ་ རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དག་གི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་པས། བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་གྱི་ཁྱད་པར་འདི་དག་ཐམས་ཅད་འཐོབ་པར་འགྱུར་ 35-212b བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ལུས་སུ་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ལམ་དུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་པའི་སེམས་ ཀྱང་དེ་དག་ལ་ཉེ་བར་གནས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་ལྟ་བ་ཡང་དེ་དག་ལ་ཉེ་བར་གནས་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་འགྱུར་བ་དང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་འགྱུར་བ་དང་། ཀུན་ཏུ་བཟང་ཞིང་ཀུན་ཏུ་ མཛེས་པ་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་སྲོག་ཆགས་ཐམས་ཅད་ལ་སྟོན་པ་གཉིས་པར་འགྱུར་བའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སེམས་ཀྱི་ ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་པས། ཡོན་ཏན་ཀྱི་ཁྱད་པར་འདི་དག་ཐམས་ཅད་ཐོབ་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འདུག་ པའི་ཚེ། སེམས་ཅན་ཐམས་ཅད་རང་བཞིན་ཤེས་པ་དང་ལྡན་པས་ཁྱིམ་གྱི་ཐིབས་པོས་ཟིལ་གྱིས་མི་ནོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཕ་མ་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྐྱབ་ པའི་ཕྱིར་སངས་རྒྱས་དང་འགྲོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བུ་དང་བུ་མོ་དང་འགྲོགས་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲེད་པ་དང་ཤིན་ཏུ་བྲལ་བས་དགའ་བ་དང་མི་དགའ་བ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། འདོད་པའི་ཡོན་ཏན་དང་འགྲོགས་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདོད་པའི་གསལ་ཤིང་རྣམ་པར་སེལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གླུ་དང་གར་དང་རོལ་མོ་དང་སིལ་སྙན་དང་འགྲོགས་པའི་ 35-213a ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གར་མཁན་གྱིས་ཚོན་ལྟ་བུར་མཐོང་བ་དང་ལྡན་ཞིང་ཆོས་ཡང་དག་པར་འགྲོ་བའི་བརྗོད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུང་མའི་འཁོར་གྱི་ནང་ན་འདུག་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་པའི་གསལ་ཤིང་དང་བྲལ་ཞིང་འཕགས་པའི་སར་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་གྱིས་བརྒྱན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྲིད་པར་འབྱུང་བ། འཇིག་པའི་ཕ་རོལ་ཏུ་ཕྱིན་པས་ ཁུར་བོར་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁང་ཐོག་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་ཁོང་དུ་ཆུད་ཅིང་ཆོས་ཀྱི་ཁང་སྟེངས་སུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྦྱིན་པ་གཏོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ ཅན་ཐམས་ཅད་བདག་གིར་བྱ་བ་མེད་དེ། ཡོངས་སུ་འཛིན་པའི་སེམས་མེད་ཅིང་བདག་གི་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མ་བྲལ་ཞིང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ མཐར་ཕྱིན་ཏེ། འདུ་བ་དང་ཤིན་ཏུ་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཙོན་ར་ལ་ཁ་ན་མ་ཐོ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་སྤྱོད་ཅིང་། གང་དུ་དགའ་བར་འདོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ཁྱིམ་ནས་ཁྱིམ་མེད་པར་འབྱུང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་བཅིངས་པ་དང་གྲོལ་བ་མེད་ཅིང་ཆགས་པ་མེད་དེ་མི་དགོས་པ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་འདུན་གྱི་ར་བའི་མཚམས་འདའ་བའི་ཚེ། བྱང་ཆུབ་སེམས་དཔས་ སེམས་ཅན་ཐམས་ཅད་འགལ་བ་མེད་པའི་ཆོས་དང་ལྡན་ཞིང་འཐུན་པར་འགྲོ་བ་མང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་རྩོམ་ཞིང་ཆོ་ག་ལ་མཁས་ 35-213b པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་འབྱུང་བར་གསོལ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བར་ཆད་མེད་ཅིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་དཀར་པོ་འདོར་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ སྡིག་པ་ལ་བརྩོན་པ་སྤངས་ཏེ། དགེ་བའི་རྩ་བ་ཤིན་ཏུ་སྦྱངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྲ་དང་ཁ་སྤུ་འབྲེག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་ཉོན་མོངས་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོས་ངུར་ སྨྲིག་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲང་སྲོང་ཆེན་པོའི་སེམས་དང་ལྡན་ཞིང་རྙོག་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རབ་ཏུ་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་སྐྱེ་བོ་ཐམས་ཅད་ཡོངས་སུ་སྐྱོང་བའི་ཕྱིར། དེ་བཞིན་ གཤེགས་པའི་རབ་ཏུ་འབྱུང་བར་རབ་ཏུ་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བ་ལ་མོས་པ་མངོན་པར་སྐྱེས་པས། སངས་རྒྱས་ཀྱི་གདུང་མི་འཆད་པའི་དོན་དུ་བརྩོན་པར་ གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ལ་སྐྱབས་སུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་གཏེར་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་ཆགས་པའི་གནས་དང་བྲལ་ཞིང་དགེ་འདུན་ཡོངས་སུ་སྡུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསླབ་པའི་ཚིག་ཡང་དག་པར་ལེན་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཚུལ་བཟང་པོ་ལ་ཡང་དག་པར་སྤྱོད་ཅིང་བསླབ་པ་ཐམས་ ཅད་ཤིན་ཏུ་སློབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སློབ་དཔོན་གྱིས་བསྟན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལོག་པ་མ་ཡིན་པའི་ལས་ལ་སྤྱོད་ཅིང་ཚུལ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཁན་པོས་ 35-214a བསྟན་པའི་ཚེ། །བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་ཡང་དག་པར་གཞོལ་ཞིང་མི་སྐྱེ་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསྙེན་པར་རྫོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་སྟེ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཙུག་ལག་ཁང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཕྲོགས་པའི་ཆོས་ཅན་དུ་གྱུར་ཏེ་བླ་ན་མེད་པའི་གནས་ལ་རྣམ་པར་སྤྱོད་པར་གྱུར་ཅིག་ ཅེས་སེམས་བསྐྱེད་དོ། །སྟན་གདིང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ལེགས་པར་བཀོད་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གནས་པའི་སེམས་ཀྱིས་ སྙིང་པོ་བྱང་ཆུབ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཆའ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་གཡོ་བའི་ས་ལ་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཞི་གནས་ཡོངས་སུ་སྦྱོང་བར་བྱེད་པའི་ ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པ་ལ་བརྩོན་ཞིང་ཞི་བ་དང་། །དུལ་བ་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷག་མཐོང་ཡོངས་སུ་སྦྱོང་བ་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ ཏུ་ཉོན་མོངས་པ་མེད་པའི་ཆོས་ཅན་དུ་གྱུར་ཏེ། །ཆོས་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐྱིལ་མོ་ཀྲུང་འཇིག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་འདུ་བྱེད་ཐམས་ཅད་རང་བཞིན་ གྱིས་འཇིག་པ་རྣམ་པར་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་གཞོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པ་ལ་རབ་ཏུ་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་མཐིལ་འདེགས་པའི་ 35-214b ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཐོབ་སྟེ། འཁོར་བའི་རྒྱ་མཚོར་བྱིང་བ་ལས་འཐོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྨད་གཡོགས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བླ་ན་མེད་པ་དང་ ལྡན་ཞིང་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྐ་རགས་འཆིངས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ། དགེ་བའི་རྩ་བ་ཤིན་ཏུ་འབྲེལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བླ་གོས་ གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྣམ་སྦྱར་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་ འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ་ཐབས་དམ་པས་མངོན་པར་བཀབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སོ་ཤིང་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་དག་པའི་དངོས་པོ་འཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་ བསྐྱེད་དོ། །སོ་ཤིང་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཤིན་ཏུ་བཅོམ་སྟེ། སེམས་དུལ་ཞིང་སེམས་རྣམ་པར་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དབེན་པར་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤངས་ཏེ། སྡིག་པའི་ཆོས་ཐམས་ཅད་སྤངས་པར་གྱུར་ཅིག ཅེས་སེམས་བསྐྱེད་དོ། །ཆུ་ངོགས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་ལས་ འདས་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཙང་སྦྲའི་ལས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་དག་པའི་དངོས་པོས་གཙང་ཞིང་དེས་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལག་ 35-215a པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུང་ཞིང་བཅང་བའི་ཕྱིར་བཀྲ་ཤིས་ཀྱི་ལག་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་ མོངས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འཁར་བ་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཆོད་སྦྱིན་བྱས་ཤིང་ལམ་སྟོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་ལེན་ པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་མཆོད་པར་འོས་ཤིང་སྣོད་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱོད་ཡུལ་དུ་མངོན་པར་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པར་གཞོལ་ཞིང་སངས་རྒྱས་ཀྱི་སྤྱོད་ ཡུལ་ལ་མངོན་དུ་ཕྱོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དུ་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱི་ན་མ་ལུས་པར་འགྲོ་ཞིང་སངས་རྒྱས་ཀྱི་ལམ་དུ་ཞུགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འགྲོ་བའི་ཚེ་བྱང་ཆུབ་སེམས་ དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཆོས་བསྒྲིབས་པ་མེད་པ་གྲུབ་པར་གྱུར་པས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་མཐོ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ ཞུམ་པ་མེད་དེ་ཁམས་གསུམ་ལས་གྱེན་དུ་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དམའ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཤིན་ཏུ་བརྟན་ཅིང་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་འདུད་པར་གྱུར་ཅིག་ཅེས་ སེམས་བསྐྱེད་དོ། །ལམ་ཉམ་ང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྟ་བ་ཡོ་ཞིང་མྱི་དྲང་བ་དང་བྲལ་ཏེ་ལམ་ཉམ་ང་བ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་དྲང་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ 35-215b ཅད་གཡོ་མེད་ཅིང་སྒྱུ་མེད་དེ་སེམས་དྲང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལམ་རྡུལ་ཆེན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྡུལ་མེད་པའི་ཆོས་ཡང་དག་པར་ཐོབ་སྟེ་འདོད་ཆགས་པར་འགྱུར་བའི་ཆོས་ལས་རྣམ་པར་ གྲོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྡུལ་མེད་པའི་ལམ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམ་པ་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡང་ས་མཐོང་བའི་ཚེ་བྱང་ཆུབ་ སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པ་རྟོགས་པར་ཁོང་དུ་ཆུད་ཅིང་སྡིག་པའི་ཆོས་ཐམས་ཅད་བསྩལ་ཏེ་དགེ་བའི་ཆོས་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །འཁོར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་དུ་གཏོགས་ པའི་ཆོས་ཟབ་མོ་བསྟན་པ་དང་འཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁྲོ་ཞིང་མཁོན་དུ་འཛིན་པ་དང་བྲལ་ཏེ། ཁེངས་པ་དང་། འཁྲུགས་པ་དང་རྣམ་པར་བྲལ་བར་གྱུར་ཅིག་ཅེས་ སེམས་བསྐྱེད་དོ། །ནགས་ཚལ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་འཇིག་རྟེན་དུ་བཅས་པས་ཕྱག་བྱ་བའི་གནས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རི་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོབ་པར་ དཀའ་བ་དང་ཐིབས་པོ་མེད་པ་རབ་ཏུ་ཐོབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མངོན་པར་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཚེར་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་ཅིང་ཚེར་ མ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ལོ་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གིས་རབ་ཏུ་གཡོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། 35-216a མེ་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ལ་མངོན་པར་ཤེས་པའི་མེ་ཏོག་རྒྱས་པས་མེ་ཏོག་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མེ་ཏོག་གི་ཤིང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཤིང་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་དུ་གཞོལ་ཞིང་། སངས་རྒྱས་ཀྱི་ཆོས་བཙལ་བ་ཐམས་ཅད་ འབྲས་བུ་ཡོད་དེ། འབྲས་བུའི་དམ་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་ཀླུང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཆོས་ཀྱི་རྒྱུད་ལ་མཉམ་པར་བཞག་པར་གྱུར་ཅིག་ཅེས་སེམས་ བསྐྱེད་དོ། །ལུ་མ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་སེ་གོལ་གཏོགས་པ་ཙམ་གྱིས་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྫིང་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ ཅད་ཀྱི་ཚིག་ཤིན་ཏུ་བསྟན་པ་ལ་མཁས་ཤིང་ཆོས་ཐམས་ཅད་ཀྱིས་རྒྱས་པའི་ཚིག་གི་ལས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲོན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་འབྱོར་པ་དང་ལྡན་ཞིང་སྤོབས་པ་མང་བར་ གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གོང་ནས་གོང་དུ་དམིགས་པ་ལ་རབ་ཏུ་བརྩོན་ཞིང་དགེ་བའི་རྩ་བ་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟམ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྒྲལ་བ་ལ་ཟམ་པར་དེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཡུར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་སེམས་དང་བསམ་པ་ལ་མཁས་ཤིང་བག་ལ་ཉལ་བ་དང་། ཀུན་ནས་འཁོར་བ་ 35-216b མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སྲེད་པ་རབ་ཏུ་བྱང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མྱ་ངན་མེད་པའི་ནགས་ཚལ་མཐོང་བའི་ཚེ། བྱང་ཆུབ་སེམས་ དཔས་སེམས་ཅན་ཐམས་ཅད་སྲེད་པ་ཤིན་ཏུ་མེད་ཅིང་མྱ་ངན་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བཟའ་ཤིང་གི་ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བ་ལ་ཤིན་ཏུ་བརྩོན་པར་གྱུར་ཅིག་ཅེས་ སེམས་བསྐྱེད་དོ། །སེམས་ཅན་རྒྱན་གྱིས་བརྒྱན་པ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱན་མེད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་ སེམས་དཔས་སེམས་ཅན་ཐམས་ཅད་སྦྱངས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྒྱན་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དགའ་བ་མང་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་ཞིང་མོས་པ་དང་ སྤྲོ་བས་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་དགའ་བ་མང་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ ཅན་བདེ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་རབ་ཏུ་ཐོབ་པས་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུག་བསྔལ་བ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ ཅན་ཐམས་ཅད་ཡེ་ཤེས་ཀྱི་རྩ་བ་རབ་ཏུ་ཐོབ་སྟེ། སྡུག་བསྔལ་ཞི་བར་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནད་མེད་པ་མ་ཡིན་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་དུ་མྱ་ངན་མེད་པའི་ཆོས་ཅན་དུ་གྱུར་ཏེ། ཐ་དད་པ་མེད་པར་ 35-217a ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སེམས་ཅན་སྡུ་གུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མོས་པ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་ སྡུག་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་གྱི་བྱ་བ་ལ་མོས་པ་ཆུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ཤེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དྲིན་གཟོ་བ་མེད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལྟ་བ་ལ་དྲིན་དུ་གཟོ་བ་མེད་པར་གྱུར་ཅིག་ ཅེས་སེམས་བསྐྱེད་དོ། །དགེ་སྦྱོང་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་བྱ་བ་ལ་བརྩོན་ཞིང་ཞི་བ་དང་དུལ་བ་ལ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བྲམ་ཟེ་མཐོང་བའི་ཚེ། བྱང་ཆུབ་སེམས་ དཔས་སེམས་ཅན་ཐམས་ཅད་ཚངས་པའི་དམ་པར་གྱུར་ཏེ་སྡིག་པ་སྤོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དཀའ་ཐུབ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་བྱ་བ་ལ་བརྩོན་ཞིང་དཀའ་ཐུབ་ལ་ཤིན་ཏུ་ གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བརྟུལ་ཞུགས་ལ་ཞུགས་པ་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མི་གཏོང་བའི་ཕྱིར་བརྟུལ་ཞུགས་དམ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོ་ གྱོན་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རང་འབྱུང་གི་ཆོས་ཡོངས་སུ་བཙལ་བ་ལ་གོ་ཆ་བཟང་པོ་ཤིན་ཏུ་བགོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གོ་མ་གྱོན་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་ 35-217b དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལས་བྱ་བ་ཐམས་ཅད་ལ་གོ་གྱོན་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒོལ་བའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་གྱུར་ ཅིག་ཅེས་སེམས་བསྐྱེད་དོ། །འཚོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྤྱོད་ལམ་བཅོས་པ་མྱེད་ཅིང་འཚོ་བ་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ ཅད་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་པོའི་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྲས་ཆོས་ལས་སྐྱེས་པའི་ཆོས་ཀྱི་སྤྲུལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ཁྱིམ་བདག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རྣམ་པར་གདོན་མི་ཟ་བའི་བློ་ཅན་དུ་གྱུར་ཏེ། གྲོང་གི་ཆོས་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བློན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་ཀྱི་སྤྱོད་པ་ ཐམས་ཅད་ལ་བཟང་པོ་ཡིད་ལ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གྲོང་ཁྱེར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གདུལ་དཀའ་བའི་སེམས་དང་ལྡན་པར་གྱུར་ཏེ། མཐུ་བོ་ཆེའི་ལུས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྒྱལ་ པོའི་གནས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་རྗེས་སུ་འབྲང་བར་འཐུན་པ་ལ་མོས་པའི་སེམས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནགས་ཚལ་གྱི་འདབ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་ བཅས་པའི་འཇིག་རྟེན་གྱི་བསྔགས་པར་འོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སློང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་སུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྒོར་ཕྱིན་པའི་ཚེ་བྱང་ཆུབ་ 35-218a སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོར་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ནང་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཐེག་པ་དུས་གསུམ་དུ་མཉམ་པ་ཉིད་ཀྱི་ནང་དུ་ཕྱིན་ པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྦྱིན་ནོ་ཞེས་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་ཅིང་ཕྱིར་སྤང་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མི་སྦྱིན་ནོ་ཞེས་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་ སེམས་ཅན་ཐམས་ཅད་སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ལས་ཕྱིར་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་སྟོང་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ཀྱིས་སྟོངས་པར་ གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྷུང་བཟེད་གང་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོར་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་ རྒྱས་ཀྱི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ། རིམ་གྲོར་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རིམ་གྲོར་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་མཆོད་པ་ཐམས་ཅད་ལ་རག་མ་ལུས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ཁྲེལ་ཡོད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དབང་པོ་ལྡན་པའི་སྤྱོད་པ་དང་ལྡན་ཞིང་ཁྲེལ་ཡོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ངོ་ཚ་མེད་པའི་སེམས་ཅན་མཐོང་བའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་བྱམས་པ་ལ་གནས་ཤིང་། ངོ་ཚ་མེད་པ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་བསོད་པར་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཟང་ཟིང་མེད་པའི་སེམས་དང་ལྡན་ཞིང་སྨོན་ལམ་ཐམས་ཅད་ཕུན་སུམ་ཚོགས་ 35-218b པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་མི་བསོད་པ་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཉམས་སུ་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་སྣུམ་བག་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྣུམ་བག་མེད་པའི་ཁ་ཟས་ཐོབ་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་སྲེད་པ་དང་བྲལ་ཏེ་སྣུམ་བག་མེད་ པའི་སེམས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁ་ཟས་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཡོངས་སུ་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རོ་མྱོང་བའི་ཚེ་བྱང་ཆུབ་སེམས་ དཔས་སེམས་ཅན་ཐམས་ཅད་བདུད་རྩིའི་རོས་ངོམས་པར་གྱུར་ཅིང་། སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཟན་ཟོས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ ཀྱི་ཕ་རོལ་ཏུ་ཕྱིན་ཅིང་བྱ་བ་བྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་སྟོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་སྤོབས་པ་མི་ཟད་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། ཕྱིར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཁམས་གསུམ་ཐམས་ཅད་ནས་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆུ་འབོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་ མཉམ་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འབོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཁྲུས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འོད་མཐའ་ཡས་པ་དང་ལྡན་ཞིང་ལུས་དང་སེམས་དྲི་མ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། ། 35-219a དྲོ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མུ་མེད་པར་ཕྱིན་པ་སྟེ་ཡོངས་སུ་གདུང་བ་བསིལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །བསིལ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་བསིལ་བར་ གྱུར་ཏེ། བླ་ན་མེད་པའི་བསིལ་བའི་དངོས་པོ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཆོས་ཐོབ་པར་བྱེད་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་གཏམ་གྱི་རྗེས་སུ་འགྲོ་ཞིང་ཆོས་ཀྱི་དབྱིངས་དང་འདྲིས་པར་གྱུར་ཅིག་ཅེས་སེམས་བསྐྱེད་ དོ། །སངས་རྒྱས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་དང་འགྲོགས་པ་རབ་ཏུ་ཐོབ་སྟེ་བསྒྲིབས་པ་མེད་པའི་མིག་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མིག་མི་འགེབས་པར་ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀུན་ཏུ་ མཛེས་པས་ཀུན་ཏུ་བཟང་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཆོད་རྟེན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་པར་འོས་ཤིང་མཆོད་རྟེན་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལྟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །སྤྱི་བོས་འཐུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྤྱི་གཙུག་བལྟར་མི་སྣང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཡས་ཕྱོགས་སུ་བསྐོར་བ་བྱེད་ པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་དོན་དང་འཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ལན་གསུམ་དུ་བསྐོར་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མོས་པའི་རབ་དང་ལྡན་པར་གྱུར་ཅིག་ཅེས་ སེམས་བསྐྱེད་དོ། །སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོན་ཏན་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །མཚན་རྣམས་བརྗོད་པའི་ཚེ། བྱང་ཆུབ་སེམས་དཔས་སེམས་ 35-219b ཅན་ཐམས་ཅད་མཚན་ཉིད་མེད་པའི་ཆོས་ལ་གཞོལ་ཞིང་ཡན་ལག་དམ་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །རྐང་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲི་མ་མེད་པའི་མཐར་ཕྱིན་ཅིང་རྫུ་འཕྲུལ་གྱི་རྐང་པས་ཕ་རོལ་ཏུ་ཕྱིན་པར་གྱུར་ ཅིག་ཅེས་སེམས་བསྐྱེད་དོ། །ལུས་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་པ་ལ་རྙོག་པ་མེད་ཅིང་ལུས་ཀྱི་འདུ་བྱེད་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །གཉིད་སད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱོགས་ བཅུ་ཐམས་ཅད་དུ་མཐུ་ཆེན་པོ་ཐོབ་པར་གྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་རྣམ་པར་སངས་རྒྱས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀྱེ་རྒྱལ་བའི་སྲས་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་ལས་ཡིད་ལ་བྱེད་ པའི་སྦྱོར་བ་གང་དང་ལྡན་པས་ཡོན་ཏན་གྱི་ཁྱད་པར་འདི་དག་དང་གཞན་ཐམས་ཅད་ཀྱང་ཐོབ་པར་འགྱུར་ཞིང་། ལྷ་དང་འཇིག་རྟེན་དུ་བཅས་པ་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེ་དང་སྐྱེ་དགུར་བཅས་པ་དང་། ལྷ་ དང་དྲི་ཟ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པ་ཐམས་ཅད་ཀྱིས་མི་འཕྲོགས་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་རྣམས་སོ། །སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ་སྟེ། བཅུ་དྲུག་པའོ།། །།  
J
212-275b ༄༅། །སྐྱེས་རབས་ཀྱི་ཊཱི་ཀ་བཞུགས་སོ། ། ༄། །མདོར་བསྟན་པ། ༄༅། སྐྱེས་རབས་ཀྱི་ཊཱི་ཀ་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། ཛ་ཏ་ཀ་མ་ལ་སྱ་པཉྩི་ཀ །བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་སྟོབས་ཀྱིས་ཐབས་ཀྱི་སྤྱོད་པ་རྒྱ་ཆེ་དང་། །ཤེས་རབ་ཀྱིས་ནི་དེ་ཉིད་དོན་གཟིགས་ཆགས་བྲལ་བ། །མཐའ་གཉིས་མི་གནས་ཡོན་ཏན་རྒྱ་མཚོ་དང་ལྡན་པའི། །འགྲོ་བ་ཀུན་སྐྱོབ་རྒྱལ་དང་དེ་སྲས་རྣམས་ལ་འདུད། །གང་ཞིག་འགྲོ་བ་མཐའ་དག་ཡོངས་སུ་སྐྱོབ་པའི་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་། ཤེས་རབ་ཀྱིས་འགྲོ་བའི་བྱ་བ་ལ་རབ་ཏུ་མ་རྨོངས་པ། བརྩོན་འགྲུས་ཀྱི་སྟོབས་མཚུངས་པ་མེད་པས་སེམས་ཅན་གྱི་དོན་སྤྱོད་པ་ལ་རབ་ཏུ་མི་ངལ་བ། བདག་གི་བདེ་བ་ལ་མི་ཆགས་ཤིང་བག་ཡོད་པ་[སྤྱིར།] ལ་རབ་ཏུ་གནས་པ། ཡོན་ཏན་རིན་པོ་ཆེའི་གཏེར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ཚོགས་གཉིས་ཀྱི་བདག་ཉིད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པས་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ཉིད་བསྡུ་བའི་དངོས་པོ་བཞིར་གྱུར་པས་གཞན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡིན་ལ། ཁྱད་པར་དུ་དེ་བཞིན་གཤེགས་པ་[སློབ་དཔོན་འདིའི་བཞེད་པས་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ལ། བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ་བརྩོན་འགྲུས་གཉི་གར་གཏོགས་པའོ། །]ཤཱཀྱ་ཐུབ་པས་ཀྱང་སྔོན་དེ་ལྟ་བུའི་སྤྱོད་པ་རྣམ་པ་དུ་མ་མཛད་དོ། །དེའི་ཕྱོགས་ཤིག་ཙམ་སློབ་དཔོན་དཔའ་བོས་སྦྱར་བ་ཡིན་ལ། དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་པོ་གང་དག་གི་བདག་ཉིད་ཡིན་པ་དང་། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའི་སར་གསུངས་པའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གང་དང་གང་ཡིན་པ་དང་། ཐབས་ལ་མཁས་པའི་ཁྱད་པར་ལ་སོགས་པར་གྱུར་པའི་དོན་ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །དེ་ལ་[གཡུང་དྲུང་ཤེས་རབ་གྲགས།] ཁ་ཅིག་ན་རེ་གཞུང་འདི་ནི་སློབ་དཔོན་གྱིས་ཡོངས་སུ་མ་རྫོགས་པར་མངོན་ཏེ། [ལྷག་ལུས་པར།] དེ་ལྟར་བསྟན་[མཆོད་བརྗོད་དང་དགོས་འབྲེལ་ལ་སོགས་པ།] 212-276a བཅོས་རྩོམ་པ་དང་འབྲེལ་པའི་ཡན་ལག་ཡོད་ཀྱང་མཇུག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ལ་སོགས་པ། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་མ་བྱས་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ལ་བཅུ་བཅུ་ཡོད་ཀྱང་། བརྩོན་འགྲུས་ཀྱི་བཅུ་ཚན་ཡང་མ་ཚད་ལ་བསམ་གཏན་དང་ཤེས་རབ་ཀྱི་དབང་དུ་བྱས་པའི་གཞུང་མ་སྣང་བའི་ཕྱིར་དང་[དང་པོ་གསུམ་ལ།] སྡོམ་གྱི་ཚིགས་སུ་བཅད་པས་མཇུག་བསྡུས་པ་ལ་མཐའི་བཞི་ཚན་ལ་སྡོམ་གྱི་ཚིགས་སུ་བཅད་པ་མེད་པའི་ཕྱིར་རོ་ཞེས་ཟེར་ཏེ་དཔྱད་དགོས་སོ། །དེ་ལ་བཅུ་ཚན་དང་པོས་ནི་སྦྱིན་པ་བསྟན་ཏོ། །[ལ་བཞི་ཙམ་ལས།] བཅུ་ཚན་གཉིས་པས་ཚུལ་ཁྲིམས་བསྟན་ཏོ། །བཅུ་ཚན་གསུམ་པས་ནི་བཟོད་པ་བསྟན་ཏོ། །དེ་ལ་བཅུ་ཚན་དང་པོ་ལས་དང་པོས་ནི་ལུས་རིལ་གྱིས་སྦྱིན་པ་བསྟན་ཏེ། [བརྩོན་འགྲུས།] གཉིས་པས་ནི་ཡན་ལག་གི་མཆོག་སྦྱིན་ཞིང་མཐོང་བའི་ཆོས་ཉིད་ལ་འབྲས་བུ་རྒྱ་[འགྲེལ་ལས་རྒྱལ་བུ་ཟླབའི་སྐྱེས་རབས་བརྩོན་འགྲུས་སོ་ལྕགས་ཀྱི་ཁྱིམ་དང་མ་ཧེ་གཉིས་བསམ་གཏན་ནོ་བྱ་ཤིང་རྟ་མོ་ཤེས་རབ་ཏུ་གསུང་བ་འཐད་པར་སྣང་ངོ་། །]ཆེན་པོ་ཐོབ་པ་བསྟན་ཏོ། །གསུམ་པས་ནི་ལོངས་སྤྱོད་དམན་པ་སྦྱིན་པ་ཡང་རྣམ་པར་སྦྱིན་པ་དང་རྒྱུ་མཐུན་པ་རྒྱ་ཆེར་བསྟན་ཏོ། །[མིག །སླར་ཡང་སྤྱན་ཐོབ་པའི།] བཞི་པས་སྦྱིན་པ་ལ་བདུད་ཀྱིས་མི་ཕྲོགས་པར་བསྟན་ཏོ། །ལྔ་པས་ནི་ཡོ་བྱད་ཉུང་བས་སྦྱིན་པ་ལས་མི་ལྡོག་པར་བསྟན་ཏོ། །དྲུག་པས་ནི་རྟེན་དམན་ཡང་སྦྱིན་པ་ལས་མི་[ཟན་ཆངས།] ལྡོག་པ་[འབྱོར་བ་ཆེན་པོ།] བསྟན་ཏོ། །བདུན་པ་ལས་ལོངས་སྤྱོད་ཡོངས་སུ་མི་འཛིན་ཡང་གཏོང་བ་མི་ཟད་པར་བསྟན་ཏོ། །བརྒྱད་པས་ནི་སྦྱིན་པ་ལ་བརྟེན་ནས་གཏན་དུ་ཐར་པ་ཐོབ་པར་བསྟན་ཏོ། །དགུ་པས་ནི་ལོངས་[རི་བོང་དུད་འགྲོའི།] སྤྱོད་མཆོག་ལ་མ་ཆགས་པར་བསྟན་ཏོ། །བཅུ་པས་ནི་འཚོ་བ་སྤོང་ཞིང་གཞན་མང་པོ་དག་གི་སྡིག་པ་སྤོང་བ་ཐབས་ལ་མཁས་པའི་ཁྱད་པར་བསྟན་ཏོ། །དེ་དག་ནི་ཕྱོགས་རེ་རེའི་དབང་དུ་བྱས་པ་སྟེ། རྣམ་པ་གཞན་དང་གཞན་དུའང་དཔྱད་དུ་ཡོད་དོ། །གཞན་ཡང་ཟང་ཟིང་གི་སྦྱིན་པ་ནི་གཉིས་ཏེ། ལུས་སྦྱིན་པ་དང་ལོངས་སྤྱོད་སྦྱིན་པའོ། །དང་པོ་ནི་ལེའུ་བཞིས་བསྟན་ཏེ། དང་པོ་དང་གཉིས་པ་དང་། དྲུག་པ་དང་། བརྒྱདཔའོ། །ལྷག་མ་དྲུག་ནི་ལོངས་སྤྱོད་སྦྱིན་པའོ། །ཞིང་གི་ཁྱད་ 212-276b པར་གང་ལ་སྦྱིན་པའི་དབང་དུ་བྱས་ན། བཞི་པ་དང་བཅུ་པས་ནི་ཡོན་ཏན་གྱི་ཞིང་ལ་སྦྱིན་པའོ། །ལྷག་མ་ནི་སྡུག་བསྔལ་བའི་ཞིང་ལ་སྦྱིན་པའོ། །བཅུ་པོ་ཐམས་ཅད་ལ་ཡང་ལེགས་པར་བཤད་པའི་ཁྱད་པར་ནི་ཆོས་ཀྱི་སྦྱིན་པ་ཡིན་ལ། དང་པོ་དང་། གཉིས་པ་དང་། དྲུག་པ་དང་།བརྒྱད་པ་དང་། ལྷག་མ་དྲུག་ནི་ལོངས་སྤྱོད་སྦྱིན་པའོ། །ཞིང་གི་ཁྱད་པར་གང་ལ་སྦྱིན་པའི་དབང་དུ་བྱས་ན། བཞི་པ་དང་། བཅུ་པས་ནི་ཡོན་ཏན་གྱི་ཞིང་ལ་སྦྱིན་པའོ། །དགུ་པ་དང་། བཅུ་པས་ནི་གཞན་སྡུག་བསྔལ་བ་ལས་སྐྱོབ་པ་མི་འཇིགས་པའི་སྦྱིན་པ་ཡང་ཡིན་ནོ། །གཙོར་སྦྱིན་པ་ཡིན་གྱི། [ནི་ལུས་སྦྱིན་པ་དགེ་བ།] གཞན་ལྔ་དང་ཡང་ལྡན་ཏེ། འདི་ལྟར་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་སྡུད་པའི་ཚུལ་ཁྲིམས་ཡིན་ལ། ཅི་རིགས་པར་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱང་ཡོད་དོ། །སྡོམ་པའི་ཚུལ་ཁྲིམས་ནི་དོན་གྱི་རྟེན་ཉིད་དུ་རྣམ་པར་[ཕ་རོལ་ཏུ་ཕྱིན་པ།] གནས་པ་སྟེ། རབ་ཏུ་བྱུང་བའི་རྟེན་ལ་ནི་རབ་ཏུ་བྱུང་བའི་[དགེ་བ།] སྡོམ་པ་ཡོད་ལ། གཞན་ཐམས་ཅད་ལ་དགེ་བསྙེན་སྡོམ་པས་བསྡུས་པའོ། །ཐམས་ཅད་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཡོད་ལ། །དང་པོ་དང་གསུམ་པ་དང་། བཅུ་པ་[ས་སྔ་མ་གཉིས་ཀྱི།]མ་གཏོགས་པ་ལྷག་མ་བདུན་ལ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཡོད་དོ། །ཐམས་ཅད་ལ་ཡང་སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ཡོད་ལ། དེའི་རྒྱུར་དགོས་པས་དགེ་བ་བསྒྲུབ་པ་དང་གོ་ཆའི་བརྩོན་འགྲུས་དག་ཀྱང་ཡོད་དོ། །ཐེག་པ་དམན་པར་མི་གཡེང་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ནི་བྱང་ཆུབ་ཆེན་པོར་སྨོན་པས་ན་ཕལ་ཆེར་གཞུང་ན་སྣང་ངོ་། །ཤེས་རབ་ལས་ཀྱང་ཀུན་རྫོབ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པ་ནི་ཤེས་རབ་སྟེ་རྒྱུའི་སྒོ་ནས་དོན་དམ་པ་ལ་དམིགས་པའི་ཤེས་རབ་ཀྱང་ཡོད་དོ། །འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཕན་ཚུན་རྣམ་པར་ངེས་པའོ། །གཞན་ཡང་བདུན་པ་ནི་ཆོས་[སྨོན་ལམ།] ཀྱི་སྦྱིན་པ་གཙོ་ཆེ་བ་ཡིན་ཏེ། བརྒྱ་བྱིན་ལེགས་པར་བཤད་པས་ཚིམ་པར་བྱ་བའི་ཕྱིར་རོ། །བཅུ་པ་ནི་མི་འཇིགས་པའི་སྦྱིན་པ་གཙོ་ཆེ་བ་ཡིན་ཏེ། དུད་འགྲོ་རྣམས་གསོད་པ་ལས་བསྐྱབས་ཤིང་མི་རྣམས་རྒྱུ་བཟློག་པས། [སྡིག་པ།] 212-277a ངན་འགྲོ་ལས་བསྐྱབ་པའི་ཕྱིར་རོ། །ལྷག་མ་ནི་ཟང་ཟིང་གི་སྦྱིན་པ་གཙོ་ཆེ་ཞེས་བྱ་བར་ཡང་རུང་ངོ་། །བཅུ་ཚན་འདི་ལ་གྲངས་ངེས་པ་དང་གོ་རིམས་ངེས་པར་མི་བསམ་མོ། །ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བཅུ་ཚན་ནི། དོན་གཉིས་ཀྱི་དབང་དུ་བྱས་ཏེ། ལུས་ངག་གི་ལས་ཡོངས་སུ་དག་པ་དང་། ཡིད་ཀྱི་ལས་ཡོངས་སུ་དག་པའོ། །དང་པོ་ནི་བདུན་ནོ། །གཉིས་པ་ནི་ལྷག་མ་གསུམ་མོ། །དང་པོ་ལ་ཡང་གཉིས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤང་བ་དང་། བཅས་པའི་ཁ་ན་མ་ཐོ་བ་སྤང་བས་ཏེ། དང་པོ་དྲུག་དང་། གཉིས་པ་བདུན་པའོ། །དང་པོ་ལ་གཉིས་ཏེ། ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི་ལས་ཡོངས་སུ་དག་པ་བདེན་པའི་ཚིག་བརྗོད་པ་སྟེ། གསུམ་དང་གོ་རིམས་བཞིན་ནོ། །ལུས་ཀྱི་ལས་ཡོངས་སུ་དག་པ་ལ་གསུམ་སྟེ། སྲོག་གཅོད་པ་སྤོང་བས་རབ་ཏུ་ཕྱེ་བ་དང་པོ་དང་། མ་བྱིན་པར་ལེན་པ་སྤོང་བས་རབ་ཏུ་ཕྱེ་བ་གཉིས་པ་དང་། ལོག་པའི་གཡེམ་པ་སྤོང་བས་རབ་ཏུ་ཕྱེ་བ་གསུམ་པའོ། །ཐ་མ་གསུམ་ཡིད་ཀྱི་ལས་ཡོངས་སུ་དག་པས། [གསུམ།] རབ་ཏུ་ཕྱེ་བ་ཇི་ལྟར་གཞག་ཅེ་ན། གོ་རིམས་བཞིན་སྡིག་པའི་གྲོགས་པོས་བཟློག་ཀྱང་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་ཡང་མི་འཕྲོགས་པ་དང་། སྨོན་ནས་ཚངས་པར་སྤྱོད་པ་སྤངས་པ་དང་། རབ་ཏུ་བྱུང་བའི་བར་ཆད་ཀྱིས་མི་བརྫི་བས་མ་ཆགས་པ་ལ་སོགས་པ་ཤས་ཆེ་བའི་ཕྱིར་རོ། །དང་པོ་བདུན་པོས་ནི་ཕོངས་པའི་དུས་ན་ཡང་བརྟན་པར་སྟོན་ཏེ། ཕོངས་ཀྱང་རང་ཉིད་སྡིག་པ་ལ་མི་འཇུག་པ་ནི་དང་པོ་གསུམ་གྱིས་སྟོན་ལ། རང་གཞན་གཉི་ག་ཕོངས་པ་ལས་སྐྱོབ་པ་ནི་བཞི་པ་དང་། ལྔ་པ་དང་དྲུག་པས་སྟོན་ཏོ། །གཞན་ཚུལ་ཁྲིམས་ལ་དགོད་པ་བདུན་པས་སྟོན་ཏོ། །དང་པོ་དྲུག་གིས་ནི་ལུས་ཀྱི་རྐྱེན་གྱིས་མི་འཕྲོགས་པ་སྟོན་ལ། ཐ་མ་གསུམ་གྱིས་ནི་སྡིག་པའི་གྲོགས་པོས་མི་འཕྲོགས་པར་སྟོན་ཏོ། །དེ་ལྟ་བུའི་རྣམ་པར་གཞག་པ་ནི་མང་དུ་དཔྱད་དུ་ཡོད་དོ། །གཞན་ཡང་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་སྤོང་བ་ཐམས་ཅད་ཀྱང་སྡོམ་པའི་ཚུལ་ཁྲིམས་སོ། །དགེ་བ་བསྒྲུབ་པའི་བྱ་བ་ཡིན་པས་ཐམས་ཅད་ཀྱང་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །བདུན་པ་ནི་གཞན་ལ་ཕན་འདོགས་པས་གཙོར་སེམས་ཅན་གྱི་དོན་བྱ་བའི་ 212-277b ཚུལ་ཁྲིམས་སོ། །དང་པོ་གསུམ་ཡང་གཞན་ལ་གནོད་པ་སྤོང་བས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཡིན་ནོ། །གཞན་གསུམ་ནི་གཞན་ལ་ཕན་འདོགས་པས་རྟོགས་པར་སླའོ། །ཐ་མ་གསུམ་དག་ཀྱང་རྒྱུར་གྱུར་པས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཞེས་བྱར་རུང་ངོ་། །ཕན་ཚུན་རྣམ་པར་ངེས་པའི་དབང་དུ་བྱས་ན་ཚུལ་ཁྲིམས་ཐམས་ཅད་ཀྱང་ཆོས་ཀྱི་སྦྱིན་པའི་གྲོགས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར་དང་། བྱེ་བྲག་ཏུ་ལེགས་པས་བཤད་པ་ཐམས་ཅད་ནི་ཆོས་ཀྱི་སྦྱིན་པའོ། །དང་པོ་དྲུག་ནི་སྡུག་བསྔལ་གྱིས་མི་འཁྲུགས་པས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པའོ། །ཐ་མ་བཞི་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་སྟེ། སེམས་ཅན་གྱི་དོན་ལེགས་པར་བསྒྲུབ་པ་ལ་མི་ཁྲོ་བའི་སྒོ་ནས་སོ། །ཐམས་ཅད་ཀྱང་དགེ་བ་བསྒྲུབ་པའི་བརྩོན་འགྲུས་ཏེ། བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ཀྱང་ཡོད་དོ། །གོ་ཆའི་བརྩོན་འགྲུས་ནི་དེ་དག་གི་སྔོན་དུ་འགྲོ་བའོ། །བསམ་གཏན་དང་ཤེས་རབ་ནི་སྔ་མ་བཞིན་ནོ། །བཟོད་པའི་དབང་དུ་བྱས་པའི་བཅུ་ཚན་ནི་གཙོར་བཟོད་པ་གཉིས་ཀྱི་དབང་དུ་བྱས་པ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །ཆོས་ལ་ངེས་པར་རྟོགས་པའི་བཟོད་[ཐེག་པ་དམན་པར་སེམས་མི་གཡེང་བ། ཀུན་རྫོབ་དང་སེམས་ཅན་གྱི་དོན་ཤེས་པའི་ཤེས་རབ།] པ་ཡང་དེ་དག་གི་རྒྱུ་ཉིད་དུ་དོན་གྱིས་གནས་སོ། །དེ་ལ་གསུམ་པ་དང་དགུ་པ་ནི་སེམས་ཅན་གྱི་ལོག་པར་བསྒྲུབ་པ་འབའ་ཞིག་བཟོད་པས་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །བཅུ་པ་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་སྟེ། གཞན་གྱི་གནོད་པ་བྱས་པ་ནི་མེད་ཀྱི་གཞན་ལ་ཕན་[གཉིས་པོ།] འདོགས་པའི་སྡུག་བསྔལ་ཉིད་བཟོད་པའི་ཕྱིར་རོ། །ལྷག་མ་བདུན་ནི་བཟོད་པ་གཉིས་ཀས་བསྡུས་ཏེ། སེམས་ཅན་གྱི་ལོག་པར་བསྒྲུབ་པ་དང་དེས་བྱས་པའི་སྡུག་བསྔལ་གཉིས་ཀ་བཟོད་པའི་ཕྱིར་རོ། །དང་པོ་ནི་ནང་གི་ཁྲོ་བ་ཉེ་བར་ཞི་བས་ཕྱི་རོལ་གྱི་གནོད་པ་བཟློག་པའི་ཕན་ཡོན་དང་ལྡན་པ་སྟོན་ཏོ། །གཉིས་པ་ནི་རྟེན་དམན་པ་ལ་ཡང་ཡོན་ཏན་དང་བཟོད་པ་ཡོད་པར་སྟོན་ཏོ། །གསུམ་པ་དང་བདུན་པ་ནི་བྱས་པ་གཟོ་བས་གཞན་ཡལ་བར་མི་ 212-278a འདོར་བ་སྟོན་ཏོ། །གཞན་གྱིས་བརྙས་ཀྱང་ཡལ་བར་མི་འདོར་བ་དང་། ཕོངས་ཀྱང་ཡལ་བར་མི་འདོར་བའོ། །ཡང་ན་ཚེ་གཞན་གྱི་དོན་དང་ཚེ་འདིའི་དོན་ཡལ་བར་མི་འདོར་བ་སྟོན་པའོ། །བཞི་པ་དང་ལྔ་པ་དང་དྲུག་པ་ནི་གནོད་བྱེད་ཉམ་ཉེས་པར་གྱུར་པ་ཡལ་བར་མི་འདོར་བ་སྟོན་ཏོ། །བརྒྱད་པས་ནི་ལོག་པར་བསྒྲུབ་པ་ལ་ཚེ་འདིའི་དོན་བྱ་བར་མ་ནུས་ཀྱང་། བདག་གི་བཟོད་པའི་འབྲས་བུ་དེ་ལ་ཐོབ་པར་སྨོན་པ་སྟོན་ཏོ། །དགུ་པས་ནི་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ཤིན་ཏུ་བདེ་བའི་གནས་ཡིན་པ་དང་། གཙོ་བོ་དགེ་བ་ལ་བཀོད་པས་གཞན་དུ་མའི་དོན་དུ་གྱུར་པས་ཐབས་ལ་མཁས་པའི་ཁྱད་པར་སྟོན་ཏོ། །བཅུ་པས་ནི་ངན་འགྲོའི་རྟེན་ལ་གཞན་དུ་མའི་སྡུག་བསྔལ་སྐྱོབ་པས་རྟེན་དམན་པས་བཟོད་པ་ལ་སོགས་པའི་ཡོན་ཏན་མི་འདོར་བ་སྟོན་ཏོ། །དེ་ལྟ་བུའི་དགོས་པ་རྣམ་པ་དུ་མ་དཔྱད་དུ་ཡོད་དོ། །བཟོད་པ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་དང་ལྡན་ཏེ། ལེགས་པར་བཤད་པ་ཐམས་ཅད་ཆོས་ཀྱི་སྦྱིན་པ་ཡིན་ལ་བྱེ་བྲག་ཏུ་དགུ་པ་ལ་སོགས་པ་ཆོས་ཀྱི་སྦྱིན་པ་ཤིན་ཏུ་ཡང་གཙོ་ཆེའོ། །བཅུ་པ་ནི་ཟང་ཟིང་གི་སྦྱིན་པའོ། [བཅུ་པོ་ཐམས་ཅད་ནི་དགེ་བ་ཆོས་སྡུད་ལ་ཅི་རིགས་པར་སེམས་ཅན་གྱི་དོན་བྱེད་པ་དང་སྡོམ་པའི་ཚུལ་ཁྲིམས་ནི་སྔ་མ་གཉིས་ཀྱི་རྟེན་དུ་དོན་གྱིས་བྱེད་པས།] ཚུལ་ཁྲིམས་སུ་གྱུར་པའི་དོན་ནི་སྔ་མ་བཞིན་ནོ། །[བཅུ་པོ་ཐམས་ཅད་ནི་སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ཡིན་ལ། དེའི་རྒྱུར་དགེ་བ་སྒྲུབ་པའི་བརྩོན་འགྲུས་དང་གོ་ཆའི་བརྩོན་འགྲུས་ཀྱང་ཡོད་པའོ། །ཀུན་རྫོབ་དང་སེམས་ཅན་གྱི་དོན་བྱེད་པ་ཤེས་པའི་ཤེས་རབ།] བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་དོན་ཡང་སྔ་མ་བཞིན་ནོ། །བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་བཞི་ཚན་ནི། སེམས་ཅན་ལ་ཕན་འདོགས་པའི་བརྩོན་འགྲུས་དང་། རང་ཉིད་ཀྱིས་དགེ་བ་བསྒྲུབ་པའི་བརྩོན་འགྲུས་ཏེ། དང་པོ་དང་། གསུམ་པ་དང་། བཞི་པ་ནི་དང་པོ་ཡིན་ལ། གཉིས་པ་[ཐེག་དམན་པར་སེམས་མ་གཡེང་པའི།] ནི་གཉིས་པ་ཡིན་ནོ། །དང་པོ་ཡང་གཉིས་ཏེ། ཚེ་འདི་དང་གཞན་ལ་ཕན་པ་བསྒྲུབ་པའི་བརྩོན་འགྲུས་དང་། ཚེ་འདིའི་དོན་བསྒྲུབ་པ་སྟེ། དང་པོ་ནི་དང་པོ་ཡིན་ནོ། །ཚེ་འདིའི་དོན་བསྒྲུབ་པ་ལ་གཉིས་ཏེ། མི་གནོད་པ་བསྒྲུབ་པ་དང་ཕན་པ་བསྒྲུབ་པ་སྟེ། གསུམ་པ་དང་བཞི་པ་ནི་རིམ་པ་བཞིན་ནོ། །གཞན་ཡང་དང་པོ་དེ་ཉིད་དང་གཞན་དུ་མ་ལ་ 212-278b ཕན་འདོགས་པ་ཡིན་ལ། གསུམ་པ་དང་བཞི་པ་དེ་ཉིད་ལ་ཕན་པ་ཙམ་བསྒྲུབ་པའོ། །དེ་བཞིན་དུ་སྡུག་བསྔལ་བཟློག་པ་དང་དེའི་རྒྱུ་བཟློག་པ་ལ་སོགས་པ་རྣམས་མང་དུ་དཔྱད་དུ་ཡོད་དོ། །བརྩོན་འགྲུས་དེ་ཡང་གཞན་ལ་ལེགས་པར་བཤད་པས་སྦྱིན་པ་ཡིན་ལ། ཐམས་ཅད་ཀྱང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ལ། བདེན་པར་སྨྲ་བ་དང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དང་འཚོ་བ་སྤོང་བ་དག་ནི་སྡོམ་པའི་ཚུལ་ཁྲིམས་ཀྱང་ཡིན་ནོ། །དང་པོ་གནོད་པ་ལ་ཇི་མི་སྙམ་པ་ཡིན་ལ། གཉིས་པ་ནི་སྡུག་བསྔལ་དང་དུ་ལེན་པ་སྟེ། མངོན་པར་འབྱུང་བས་འདོད་པའི་བདེ་བ་གཏོང་ཞིང་དཀའ་ཐུབ་ཀྱི་གནོད་པ་བཟོད་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ནི་གཙོར་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའོ། །བསམ་གཏན་དང་ཤེས་རབ་ནི་སྔ་མ་བཞིན་ནོ། །གཞན་ཡང་སྦྱིན་པ་ལ་སོགས་པ་དེ་ཉིད་གཞན་དུ་རྗེས་སུ་འཛིན་པས་བསྡུ་བའི་དངོས་པོ་བཞིའི་གྲངས་སུ་འགྲོ་སྟེ། སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པ་ཉིད་གཟུང་གི་ཆོས་ཀྱི་སྦྱིན་པ་ནི་སྙན་པར་སྨྲ་བ་ཞེས་བྱ་བའི་གྲངས་སུ་[ཀུན་རྫོབ་དང་དོན་དམ་སེམས་ཅན་གྱི་དོན་བྱེད་པ་ཤེས་པའི་ཤེས་རབ། ཐེག་པ་དམན་པར་སེམས་མི་གཡེང་བའི།] འགྲོའོ། །མི་འཇིགས་པའི་སྦྱིན་པའང་དོན་སྤྱོད་པའམ་དོན་མཐུན་པ་ཞེས་བྱ་བར་བརྗོད་དོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའོ། །ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྙན་པར་སྨྲ་བའོ། །བརྩོན་འགྲུས་ནི་དོན་སྤྱོད་པའོ། །བསམ་གཏན་དང་ཤེས་རབ་ནི་དོན་མཐུན་པའོ། །གཞན་ལ་ཆོས་སྟོན་པའི་ཁྱད་པར་སྙན་པར་སྨྲ་བ་དེ་དག་གིས་ཆོས་ཀྱི་དོན་ནི་བསྡུས་ན་འདི་དག་ཡིན་ཏེ། དང་པོར་ནི་འཁོར་བའི་ཉེས་པ་དང་བདག་ལ་ཆགས་པ་སྤང་བའོ། །གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པས་ནི་སྦྱིན་པའི་བསྔགས་པ་དང་སེར་སྣའི་ཉེས་པའོ། །དྲུག་པས་ནི་བསོད་ནམས་ལ་འབད་པའོ། །བདུན་པར་ནི་ཐེག་པ་ཆེན་པོའི་ལམ་ལ་གནས་པ་དང་ཆོག་ཤེས་པ་དང་གྲོགས་པོ་ངན་པ་སྤངས་པ་དང་། དམ་པ་དང་མི་མཐུན་པའི་རྐྱེན་དང་འབྲལ་བར་བརྟག་པའོ། །བརྒྱད་པར་ནི་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང་། སྡིག་པ་ལྔ་སྤང་བ་དང་། སྦྱིན་པའི་བསྔགས་པ་བརྗོདཔའོ། །དགུ་པར་སྦྱིན་པ་ལ་འབད་པར་བྱ་བའོ། ། 212-279a བཅུ་པར་སྡིག་པ་སྤང་བའོ། །བཅུ་གཅིག་པར་འཚེ་བ་བཟློག་པའོ། །བཅུ་གཉིས་པར་ངོ་ཚ་ཤེས་པ་ལ་གནས་པར་བྱ་བའོ། །བཅུ་གསུམ་པ་ཡང་དེ་བཞིན་ནོ། །བཅུ་བཞི་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པར་བདེན་པའི་བྱིན་རླབས་བརྗོདཔའོ། །བཅུ་བདུན་པར་ཆང་གི་ཉེས་པའོ། །བཅོ་བརྒྱད་པར་ནི་ཁྱིམ་གྱི་གནོད་པ་དང་འདོད་པའི་ཉེས་པའོ། །བཅུ་དགུ་པར་འདོད་པའི་ཉེས་པའོ། །ཉི་ཤུ་པར་ནི་གཞན་གྱིས་ཡོན་ཏན་དང་ལྡན་པར་རེ་བ་བསྒྲུབ་པའོ། །ཉི་ཤུ་རྩ་གཅིག་པར་ནི་ཁྲོ་བའི་ཉེས་པའོ། །ཉི་ཤུ་རྩ་གཉིས་པར་ནི་ཡོན་ཏན་ལ་འབདཔའོ། །ཉི་ཤུ་རྩ་གསུམ་པར་ལྟ་བ་ངན་པ་ཚར་བཅད་པ་དང་། སྡིག་པའི་གྲོགས་པོ་སྤོང་བ་དང་། བསོད་ནམས་ལ་འབད་པ་དང་། ཆོས་ཀྱིས་རྒྱལ་སྲིད་བསྐྱང་བའོ། །ཉི་ཤུ་རྩ་བཞི་པར་སྡིག་པ་སྤང་བའོ། །ཉི་ཤུ་རྩ་ལྔ་པར་རི་དགས་ལ་གནོད་པ་སྤང་བ་དང་། གཞན་ལ་གནོད་པ་སྤང་བ་དང་། བསོད་ནམས་ལ་འབད་པར་བྱའོ། །ཉི་ཤུ་རྩ་དྲུག་པར་སྡིག་པ་སྤང་བ་དང་། སྙིང་རྗེ་བསྐྱེད་པ་དང་ཆོས་ཀྱིས་སྲིད་བསྐྱང་བའོ། །ཉི་ཤུ་རྩ་བདུན་པར་བྱས་པ་དྲིན་དུ་གཟོ་བ་དང་ཆོས་ཀྱིས་རྒྱལ་སྲིད་བསྐྱང་བའོ། །ཉི་ཤུ་རྩ་བརྒྱད་པར་བསོད་ནམས་ལ་འབད་པ་དང་བག་ཡོད་པར་བསྒྲུབ་པ་དང་བཟོད་པ་ལ་གནས་པར་བྱ་བའོ། །ཉི་ཤུ་རྩ་དགུ་པར་ནི་ཡང་དག་པའི་ལྟ་བ་བསྐྱེད་པའི་ཐབས་དང་ལོག་པར་ལྟ་བའི་ཉེས་དམིགས་དམྱལ་བའི་གནོད་པ་དང་མཐོ་རིས་དང་ཐར་པའི་ལམ་མོ། །སུམ་ཅུ་པར་སྙིང་རྗེས་གཞན་དབུགས་དབྱུང་བ་དང་སྨོན་ལམ་ཆེན་པོ་གདབ་པའོ། །སུམ་ཅུ་རྩ་གཅིག་པར་ཐོས་པའི་བསྔགས་པ་དང་ལེགས་པར་བཤད་པའི་ཁྱད་པར་བཞི་དང་གཞན་ལམ་བཟང་པོ་ལ་སྦྱར་བའོ། །སུམ་ཅུ་རྩ་གཉིས་པར་འཁོར་བའི་ཉེས་པ་དང་འཆི་བ་བསྒོམ་པའོ། །སུམ་ཅུ་རྩ་གསུམ་པ་དང་རྩ་བཞི་པར་བཟོད་པའི་ཕན་ཡོན་ནོ། །དེ་ལྟར་སྦྱིན་པས་འདུན་པར་བྱས་ནས་སྙན་པར་སྨྲ་བས་གདམས་པར་བྱས་ཤིང་དོན་སྤྱོད་པས་གདམས་ངག་གི་དོན་བསྒྲུབ་པ་ལ་བཙུད་ལ། དོན་མཐུན་པས་ཕ་རོལ་པོའི་དོན་བསྒྲུབ་པ་ལ་བརྟན་པར་འགྱུར་བས་གཞན་གྱི་དོན་བསྒྲུབ་པའི་ཐབས་རྣམས་ནི་བསྡུ་བའི་དངོས་པོ་བཞི་ཁོ་ནའོ། །བསྡུ་བའི་དངོས་པོ་བཞི་པོ་དེ་ཉིད་ཅི་རིགས་པར་ངང་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་ 212-279b པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ལ་མཁས་པའི་ཁྱད་པར་ཡིན་ཏེ། ཐ་ན་གཞན་གྱིས་རྗེས་སུ་ཡི་རང་བ་ཙམ་གྱིས་ཀྱང་དེ་དག་གི་དགེ་བའི་རྩ་བ་འཕེལ་བར་འགྱུར་བའི་ཕྱིར་དང་། དེའི་ཕྱིར་སྤྱོད་པ་རྨད་དུ་བྱུང་བས་ཐེག་པ་དམན་པ་ལས་ལོག་པ་དང་ཞུགས་པ་བརྟན་པ་དང་གཞན་གྱི་དོན་ལ་ཆེད་ཆེར་འཛིན་པ་ལ་སོགས་པའི་དགོས་པ་དུ་མ་གཟིགས་ཏེ། དེ་སྟོན་པའི་གཞུང་ཉེ་བར་བཀོད་པས་འདི་ནི་དོན་ཆེན་པོ་དང་ལྡན་པས་རིན་པོ་ཆེ་ཆེན་པོ་ལྟ་བུ་ཡིན་ནོ། །དེས་ན་ཚིག་འདིའི་དོན་དྲན་པར་བྱས་ལ་རྗེས་སུ་ཡི་རང་བར་བྱའོ། །བདག་ཀྱང་འདི་ལྟ་བུའི་སྤྱོད་པ་རླབས་པོ་ཆེ་ལ་གནས་ནས་ཇི་ལྟར་ཚོགས་རྫོགས་པར་འགྱུར་སྙམ་དུ་ཡིད་ལ་བྱའོ། །གཞན་དག་ལ་སྤྱོད་པ་རླབས་པོ་ཆེ་བསྒྲགས་ཤིང་མོས་པ་བསྐྱེད་དུ་གཞུག་གོ། །རྣམ་པར་རྟོག་པ་ཤས་ཆེ་བ་ལ་ངོ་མཚར་དང་ལྡན་པའི་གཏམ་རྒྱས་པར་བཤད་པ་དགའ་བ་ལ་ཡང་ཐ་མལ་པའི་གཏམ་སྤངས་ཏེ་གཏམ་འདི་ལྟ་བུར་བརྗོད་པར་བྱ་སྟེ། དེ་དག་ཀྱང་དད་པ་མ་ཐོབ་པར་ཐོས་པས་ཀྱང་ཐར་པའི་ས་བོན་འཇོག་པར་བྱེད་དོ། །མྱ་ངན་གྱིས་གདུངས་པ་དང་ཡི་ཆད་ཅིང་ཞུམ་པ་དག་ལ་མྱ་ངན་བསལ་ཞིང་སྤྲོ་བ་བསྐྱེད་པས་བྱ་སྟེ། འཁོར་བའི་ཉེས་པ་ལ་སོགས་པ་དང་འཕངས་པའི་དུས་ན་ཡང་བྱ་བ་དེ་དག་དང་དེ་ལྟ་བུ་བྱེད་ན་བདག་ཅིའི་ཕྱིར་ཞུམ་པར་བྱེད་སྙམ་སྟེ་སྤྲོ་བ་འཐོབ་པའོ།། །།ད་ནི་ཡི་གེའི་དཀའ་བའི་གནད་ཅུང་ཟད་བཤད་པར་བརྩམ་པར་བྱའོ། །རྩོམ་པ་དང་འབྲལ་བའི་ཡན་ལག་ཚིགས་སུ་བཅད་པ་བཞི་པོ་འདི་ནི་དོན་གསུམ་དུ་གནས་ཏེ། བརྗོད་བྱ་དང་རྗོད་བྱེད་ཀྱི་ཁྱད་པར་གྱིས་བཤད་པར་དམ་བཅའ་བ་དང་། དགོས་པ་བརྗོད་པ་སྔོན་དུ་འགྲོ་བས་བཤད་པར་དམ་བཅའ་བ་རྒྱས་པར་བཤད་པ་དང་། དཀོན་མཆོག་གསུམ་ལ་མཆོད་པར་བརྗོདཔའོ། །དེ་ལ་བརྗོད་བྱའི་ཁྱད་པར་ཚིག་གསུམ་གྱིས་བསྟན་ལ། དེ་རྗོད་བྱེད་ཇི་ལྟ་བུས་བརྗོད་པ་ཡང་རྐང་པ་ཐ་མས་བསྟན་ཏེ་འདིའི་དོན་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་དོན་རྨད་དུ་བྱུང་བ་དེ་སྙན་དངགས་ཀྱི་ཚིག་ངོ་མཚར་དུ་གྱུར་པ་མེ་ཏོག་གི་ཕྲེང་བ་ལྟ་བུས་གསལ་བར་བྱའོ་ཞེས་བྱ་བའོ། །དེ་ལ་ཐུབ་པའི་སྐུ་ཚེ་སྔ་མའི་སྤྱོད་པ་ཞེས་གསུངས་པའི་ཐུབ་པ་དེ་ཇི་ལྟ་བུ་ཞེ་ན། དཔལ་ལྡན་ཞེས་བྱ་བ་ལ་སོགས་པའི་རྐང་པ་དང་པོ་གཉིས་ཏེ་ཐུབ་པ་ཉིད་ཀྱི་ 212-280a ཡོན་ཏན་ནོ། །དེ་དཔལ་ལྡན་ནི་ཁྱད་པར་གྱི་གཞི་སྟེ་ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྱོར་པ་དམ་པ་གཉིས་དང་ལྡན་པར་སྟོན་ཏོ། །ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་པ་ནི་རང་དོན་ཕུན་སུམ་ཚོགས་པ་སྟེ་ཡོན་ཏན་དམ་པས་ནི་སྟོབས་ལ་སོགས་པའོ། །དེས་བཟུང་བ་ནི་དེ་དང་ལྡན་པ་སྟེ་ཡེ་ཤེས་ཕུན་སུམ་ཚོགས་པའོ། །བཀྲ་ཤིས་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ་སྒྲིབ་པ་ཐམས་ཅད་སྤངས་པས་རྒུད་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །གྲགས་པའི་གཞིར་གྱུར་མ་སྨད་ཤིན་ཏུ་ཡིད་དུ་འོང་བ་ནི་གཞན་དོན་ཕུན་སུམ་ཚོགས་པ་སྟེ་དེ་ནི་གཞན་ལ་ཕན་འདོགས་པས་རབ་ཏུ་ཕྱེ་བའི་གཟུགས་ཀྱི་སྐུ་གཉིས་པོའོ། །གྲགས་པའི་གཞིར་གྱུར་པ་ནི་གཉིས་ཀ་ཡང་གཞན་ལ་གྲགས་ཤིང་གཞན་གྱིས་མཐོང་བས་ཕན་འདོགས་པའི་ཕྱིར་རོ། །མ་སྨད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་གདུལ་བྱ་མཆོག་གི་ཡུལ་དུ་གྱུར་པའི་ཕྱིར་རོ། །ཤིན་ཏུ་ཡིད་འོང་བ་ནི་སྤྲུལ་པའི་སྐུ་སྟེ་གདུལ་བྱའི་བསམ་པ་དང་མཐུན་པར་འཇུག་པའི་ཕྱིར་རོ། །ཐུབ་པ་ནི་སྤྱི་མིང་བྱེ་བྲག་ལ་འཇུག་པ་སྟེ་ཐུབ་པ་ནི་ལུས་དང་ངག་དང་ཡིད་ཡང་དག་པར་བསྡམས་པ་ཡིན་ལ་དེ་ཐུན་མོང་མ་ཡིན་པ་དང་ལྡན་པ་ཐུབ་པའི་མཆོག་ལ་དེ་སྐད་ཅེས་བྱའོ། །དེའི་སྐུ་ཚེ་སྔ་མའི་སྤྱོད་པ་སྟག་མོ་ལ་ལུས་བྱིན་པ་ལ་སོགས་པ་ནི་རྨད་དུ་བྱུང་བ་སྟེ་བྱ་དཀའ་ཞིང་ཕན་འདོགས་པ་ཆེ་བའི་ཕྱིར་རོ། །ཡང་ན་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་ཐུབ་པའི་སྐུ་ཚེ་སྔ་མ་ཉིད་ཀྱི་གནས་སྐབས་ཀྱི་སྤྱོད་པ་མཛད་པའི་དུས་ཀྱི་ཡོན་ཏན་ཏེ་རང་དོན་ཕུན་སུམ་ཚོགས་པའོ། །ཡོན་ཏན་དམ་པས་ཡོངས་སུ་བཟུང་བ་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པས་བཟུང་བ་སྟེ་དེ་དང་ལྡན་པའོ། །བཀྲ་ཤིས་པ་ནི་སེར་སྣ་ལ་སོགས་པའི་དྲི་མ་བསལ་བས་རྒུད་པ་ཉེ་བར་ཞི་བའོ། །མ་སྨད་པ་ནི་བསམ་པའི་ཁྱད་པར་སྙིང་རྗེ་ཆེན་པོའོ། །ཤིན་ཏུ་ཡིད་དུ་འོང་བ་ནི་གཞན་ལ་ཕན་འདོགས་དགའ་བའི་ཕྱིར་[ཉན་ཐོས་དང་རང་རྒྱལ་དང་སངས་རྒྱས་གསུམ་ཀ་ལ་འཇུག་པ་ལས་འདིར་སྐབས་ཀྱི་སྟོབས་ཀྱིས།] སྦྱོར་བའོ། །དེ་ཉིད་ཀྱིས་ནི་གྲགས་པའི་གཞིར་གྱུར་པའོ། །དེ་བདག་གིས་སྙན་དངགས་ཀྱིས་མཆོད་དེ་རྗོད་བྱེད་དེས་བརྗོད་བྱ་ལ་དགའ་བ་བསྐྱེད་དོ་ཞེས་བྱ་བའོ། །མེ་ཏོག་སྙིམ་པ་ན་གནས་པ་ཕུལ་བས་དགའ་བ་སྐྱེ་བའི་ 212-280b རྒྱུར་གྱུར་པ་ཡིན་པས་དེ་དང་ཆོས་མཐུན་པས་མེ་ཏོག་སྙིམ་པས་གུས་པར་མཆོད་ཅེས་སྨོས་སོ། །དགོས་པ་བརྗོད་པ་སྔོན་དུ་འགྲོ་བས་དམ་བཅའ་བ་རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་གཉིས་ཏེ། དགོས་པ་བརྗོད་པ་དང་དགོས་པ་དེ་དང་ལྡན་པ་བརྩམ་པར་ཞལ་གྱིས་བཞེས་པ་སྟེ་ཚིགས་སུ་བཅད་པ་རེ་རེ་དང་རིམ་པ་བཞིན་ནོ། །གྲགས་པའི་མཚན་མར་གྱུར་པ་འདི་རྣམས་ཀྱིས་ཏེ་རྟོགས་པས་ཞེས་བྱ་བ་ཚིག་ལྷག་མའོ། །གྲགས་པ་ནི་སྙན་དངགས་སོ། །དེའི་རྒྱུ་མཚན་ནི་མཚན་མར་གྱུར་པའོ། །བཟོང་པོ་ནི་སྤྱོད་པ་བཟང་པོ་རྨད་དུ་བྱུང་བ་འོག་ནས་འབྱུང་བ་འདི་རྣམས་ཀྱིས་ཏེ་དེ་དག་རྟོགས་ཤིང་ཤེས་པས་སོ། །འདིར་དགོས་པ་གསུམ་སྟེ། ཐེག་པ་ཆེན་པོའི་[བརྩམ་ཞེས་སྦྱར་རོ། །] ལམ་གསལ་བར་བྱས་པ་དང་། བསྟན་པ་ལམ་ཞུགས་པ་དད་པར་འགྱུར་བ་དང་། ཐེག་པ་ཐུན་མོང་བ་དང་བསྟན་པ་ལ་ཞུགས་པ་རྣམས་ཆོས་དང་མཐུན་པའི་གཏམ་གྱིས་དགའ་བ་སྟེ། ཚིག་གསུམ་དང་གོ་རིམས་བཞིན་ནོ། །དེ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །དགོས་པ་དེ་དང་ལྡན་པས་རྩོམ་པ་ནི་སྙན་དངགས་འདི་བརྩམས་སོ་ཞེས་སྦྱར་རོ། །སྙན་དངགས་དེ་ཡང་སྤྲོས་པས་འཇིགས་པ་ལ་བརྗོད་བྱ་བསྡུས་པས་ཁྱད་པར་དུ་བྱས་པ་སྟེ་འཇིག་རྟེན་མཆོག་གི་སྤོང་བ་དམ་པའི་ཕྱོགས་ཙམ་གྱིས་ཤེས་པར་བྱ་བ་སྟེ། རྫོགས་པོ་ནི་མཐའ་ཡས་པས་བརྗོད་མར་མི་ནུས་སོ་སྙམ་དུ་བསམས་པའོ། །འཇིག་རྟེན་ན་མཆོག་ཏུ་གྱུར་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། དེའི་སྤྱོད་[ཤིན་ཏུ་ཉུང་ངུ་།] པ་ནི་སྤྱོད་པ་གཞན་ལས་དམ་པའི་སྤྱོད་པ་སྟེ་དེ་ནི་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེས་ནི་བརྗོད་བྱ་བསྡུས་པས་ཁྱད་པར་དུ་བྱས་པའོ། །རྗོད་བྱེད་རྣམ་པར་དག་པ་བསྟན་པའི་ཕྱིར། མཉན་དུ་རུང་བར་བྱ་བའི་ཕྱིར་ལུང་དང་གཙུག་ལག་རིག་པར་མི་འགལ་ལམ་དག་གི་ས་འདི་བརྩམས་སོ་ཞེས་བྱ་བའོ། །[ཉན་ཐོས་ལ་སོགས་པའི།]མཁས་པའི་སྐྱེ་བོས་[དོན་བཟང་ཞིང་ཚིག་སྤེལ་ལེགས་པས།] མཉན་དུ་རུང་བར་བྱ་བའི་ཕྱིར་རམ་ཆེད་དུ་ལུང་བླ་མ་བརྒྱུད་པ་དང་མི་འགལ་བ་དང་། གཙུག་ལག་ནི་བཀའ་དང་མི་འགལ་བ་དང་། རིག་པ་ནི་ཚད་མ་དང་རང་གི་ཚིག་དང་མི་འགལ་བའོ། །དེ་ལྟ་བུའི་ལམ་ནི་ཚུལ་ཏེ་ཐབས་སུ་གྱུར་པའི་ཚིག་གོ། །དེ་ 212-281a ལྟར་འཇིག་རྟེན་པའི་དོན་འགྱུར་སྙམ་ནས་ཞེས་བྱ་བ་ནི་སྔ་མ་དགོས་པ་གསུམ་དང་སྦྱར་རོ། །འདི་བརྩམས་ཞེས་བྱ་བ་ནི་བརྗོད་བྱའི་ཁྱད་པར་ཏེ་རྗོད་པར་བྱེད་པའི་ངག་དྲི་མ་མེད་པ་འོག་ནས་འབྱུང་བ་འདི་ཅེས་བྱ་བའོ། །དེ་ལྟར་དགོས་པ་བརྗོད་ནས་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བས་བསོད་ནམས་འཕེལ་བ་ནི་རྩོམ་པ་མཐར་ཕྱིན་པའི་ཡན་ལག་ཡིན་པས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བར་བྱེད་དེ། དེ་ལ་སངས་རྒྱས་ནི་རྒྱུ་ཐུན་མོང་མ་ཡིན་པ་དང་རང་གི་ངོ་བོ་ཐུན་མོང་བ་མ་ཡིན་པའི་ཡོན་ཏན་གྱིས་གཞན་ལས་ཁྱད་པར་དུ་འཕགས་པར་སྟོན་ཏེ། དེ་ལ་ཐུན་མོང་མ་ཡིན་པའི་རང་དོན་བརྩོན་པས་གཞན་དོན་བརྩོན་པ་[ཕྱི་ནང་གི་བར་ཆད་ཞི་བས།] གང་ཡིན་པའོ། །ཡོན་ཏན་བསྒྲུབ་པ་བཟང་པོའི་རྗེས་སུ་མཐུན་མ་གྱུར། །ཅེས་བྱ་བ་སྟེ་རང་དོན་བརྩོན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཡིན་ལ། གཞན་དོན་[ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ།] བརྩོན་པ་གང་ཡིན་པའི་ཡོན་ཏན་བསྒྲུབ་པ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་ཞུགས་པ་ཉིད་ཡོན་ཏན་བསྒྲུབ་པ་ཡིན་ལ་དེ་ཉིད་ལེགས་ཤིང་ཕན་པས་བཟང་པོ་སྟེ་ཡོན་ཏན་དེ་མཆོག་ཡིན་པས་ཉན་ཐོས་ཀྱི་རྗེས་སུ་མཐུན་པར་མ་གྱུར་ཏེ་ཤིན་ཏུ་དམན་པས་སོ། །ཡང་ན་རང་དོན་བརྩོན་པས་གཞན་དོན་བརྩོན་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་བསྒྲུབ་པ་དེ་མི་གནས་པའི་མྱ་ངན་ལས་འདས་པ་བཟང་པོའི་རྗེས་སུ་མཐུན་པར་གྱུར་ཅེས་པའི་དོན་ཏོ། །དེས་ན་ཁྱད་པར་དུ་གྱུར་པའི་ཡོན་ཏན་དེ་ནི་རྒྱུས་བསྡུས་པའོ། །རང་བཞིན་གྱི་ཡོན་ཏན་ནི། ཐམས་ཅད་མཁྱེན་ཅེས་བརྗོད་པ་མ་ནོར་གསལ་བར་གྲགས་ཞེས་སྨོས་ཏེ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཤེས་བྱའི་སྒྲིབ་པ་ཡང་མ་སྤངས་པའི་ཕྱིར་རོ། །དེས་ན་སངས་རྒྱས་ལ་ཐམས་ཅད་མཁྱེན་ཅེས་བརྗོད་པ་སྟེ། དོན་དང་ལྡན་པའི་བརྗོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འདི་དག་ནི་ཕྱི་རོལ་པའི་སྟོན་པ་ཐམས་ཅད་མཁྱེན་པར་འདུ་ཤེས་པ་དྲང་སྲོང་ཆེན་པོ་གཟེགས་ཟན་དང་སེར་སྐྱ་ལ་སོགས་པའམ་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ལས་ཁྱད་པར་དུ་སྟོན་ཏེ། དེ་དག་ནི་རང་གི་དོན་ལ་བརྩོན་ཏེ་འཚེ་བ་ལ་སོགས་པས་བདག་ཉིད་ཀྱི་དོན་བསྒྲུབ་སྟེ་ 212-281b ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པར་བཤད་པ་ལྟ་བུའོ། །གཞན་གྱི་དོན་ལ་བརྩོན་པ་གང་ཡིན་པའི་ཡོན་ཏན་བསྒྲུབ་པ་བཟང་པོ་དེ་བཞིན་གཤེགས་པའི་གཞན་ལ་ཕན་པ་བསྒྲུབ་པ་ཕུན་སུམ་ཚོགས་པའོ། །དེའི་རྗེས་སུ་མུ་སྟེགས་བྱེད་ཀྱི་སྟོན་པ་མཐུན་པ་མ་ཡིན་ལ་འདི་ནི་ཐམས་ཅད་མཁྱེན་ཅེས་བརྗོད་པ་མ་ནོར་གསལ་བར་གྲགས་ཏེ་བརྗོད་པ་དོན་དང་མཐུན་པའོ། །ཡང་ན་ཚིག་རྐང་པ་དང་པོ་གཉིས་ཀྱིས་ནི་གཞན་ལ་ཕན་པ་བསྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཕྱི་རོལ་པ་དང་ཐར་པ་ཐོབ་པའི་སྐྱེ་བོ་ལས་ཁྱད་པར་དུ་འཕགས་པ་གཞན་དོན་བསྒྲུབ་པའི་ཐབས་ལ་གནས་པར་སྟོན་ལ། རྐང་པ་གསུམ་པས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། ཐམས་ཅད་མཁྱེན་པ་ནི་སྒྲིབ་པ་ཐམས་ཅད་ཟད་པའི་མཁྱེན་པ་ཡིན་པས་སྤངས་པ་དང་ཡེ་ཤེས་ཕུན་སུམ་[ཉན་ཐོས་ལ་སོགས་པ།] ཚོགས་པ་བསྟན་ཏོ། །དེ་ཉིད་ཀྱིས་ནི་མཉམ་མེད་ཕྱི་རོལ་པའམ་སློབ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ལ་བསྟོད་ནས། ཆོས་དང་དགེ་འདུན་ཞེས་སྨོས་ཏེ། སྟོན་པ་དེའི་བསྟན་པ་དང་སློབ་པའི་ཚོགས་དག་ཡིན་ཏེ། དཀོན་མཆོག་གསུམ་ལ་སྤྱི་བོས་བཏུད་པ་ནི་ཕྱག་འཚལ་བ་སྟེ། ཕྱག་འཚལ་བ་ནི་བྱ་བའི་ཁྱད་པར་ཡིན་ཏེ། མགོ་ས་ལ་གཏུགས་པ་ནི་གཙོ་བོ་ཡིན་པས་དེ་སྨོས་ཏེ། ཡོན་ཏན་བརྗོད་པས་ངག་སྔོན་དུ་འགྲོ་བས་ཡིད་མ་སྨོས་ཀྱང་གྲུབ་སྟེ། [དངོས་སུ། ཆོས། དགེ་འདུན།] དོན་གྱིས་ལས་གསུམ་གྱི་རང་བཞིན་ནོ། །ཡང་ན་རྩོམ་པ་དང་འབྲེལ་བའི་དོན་གསུམ་དུ་གནས་ཏེ།རྒྱུའི་ཆེ་བ་ལ་མཆོད་པ་བརྗོད་པ་དང་། དགོས་པ་བརྗོད་པའི་སྒོ་ནས་རྒྱུའི་ཆེ་བ་དེ་བཤད་པར་དམ་བཅའ་བ་དང་། དམ་བཅས་པས་མཐར་ཕྱིན་པའི་ཡན་ལག་འབྲས་བུ་དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་དེ། ཚིགས་སུ་བཅད་པ་གཅིག་དང་གཉིས་དང་གཅིག་གིས་རིམ་པ་བཞིན་ནོ། །དེ་ལ་དོན་དང་པོ་ཡང་ཡུལ་[བསྡུས་དོན་འདི་ལེགས།] གང་ལ་གང་ཟག་གིས། མཆོད་པའི་དངོས་པོ་གང་གིས་མཆོད་པ་སྟོན་ཏེ། ཡུལ་ནི་རྐང་པ་དང་པོ་གསུམ་མོ། །གང་ཟག་ནི་བདག་གིས་ཞེས་བྱ་བའོ། །མཆོད་པའི་དངོས་པོ་ནི་སྙན་དངགས་མེ་ཏོག་སྙིམ་པ་ཡིས་སོ། །ཡུལ་ནི་ཐུབ་པའི་སྐུ་ཚེ་སྔ་མའི་སྤྱོད་པ་ 212-282a རྨད་དུ་བྱུང་བ་རྣམས་སོ། །ཁྱད་པར་དུ་བྱེད་པའི་ཐུབ་པ་ཉིད་བཤད་པ་ནི། དཔལ་ལྡན་ཡོན་ཏན་དམ་པ་ཡོངས་བཟུང་བཀྲ་ཤིས་པ། །གྲགས་པའི་གཞིར་གྱུར་མ་སྨད་ཤིན་ཏུ་ཡིད་དུ་འོང་། །ཞེས་པའོ། །དེའི་ཡི་གེའི་དོན་སྔ་མ་བཞིན་ནོ། ། ༄། །རྒྱས་པར་བཤད་པ། ༈ དང་པོ། སྟག་མོ་ལ་ལུས་བྱིན་པའི་རབས་བཤད་པ། ༆ ཡང་ན་སྐུ་ཚེ་སྔ་མའི་སྤྱོད་པ་རྨད་དུ་བྱུང་བ་ཉིད་ཇི་ལྟ་བུ་ཞེ་ན། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ་ཡི་གེའི་དོན་ནི་སྔ་མ་བཞིན་ནོ། །རྒྱུའི་ཆེ་བ་དེ་བཤད་པར་དམ་བཅའ་བ་ནི། འཇིག་རྟེན་མཆོག་གི་སྤྱོད་པ་དམ་པའི་ཕྱོགས་ཙམ་གྱིས། བདག་གིས་སྙན་དངགས་འདི་བརྩམས་སོ་ཞེས་བྱ་བ་སྟེ། ཡི་གེའི་དོན་ནི་སྔ་མ་བཞིན་ནོ། །དེ་ཡང་དགོས་པ་གང་གིས་རྩོམ་ཞེ་ན། གྲགས་པའི་མཚན་མ་གྱུར་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་སྟེ་ཡི་གེའི་དོན་ནི་སྔ་མ་བཞིན་ནོ། །དམ་བཅས་པ་དེ་མཐར་ཕྱིན་པའི་ཡན་ལག་རྒྱུའི་ཆེ་བ་དེའི་འབྲས་བུ་ཐུན་མོང་མ་ཡིན་པ་དང་ལྡན་པའི་སངས་རྒྱས་དཀོན་མཆོག་དང་དེའི་ཆོས་དང་དེ་སྒྲུབ་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །རང་དོན་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་གཅིག་སྟེ་ཡི་གེའི་དོན་ནི་སྔ་མ་བཞིན་ནོ། །རྒྱུ་མེད་པར་བྱམས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་བྱམས་པའི་རྒྱུར་གྲགས་པའི་མཛའ་བཤེས་དང་ཕན་བཏགས་པ་ལ་སོགས་པ་མེད་པས་[རྒྱུ་མེད།] ཡིན་གྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་གོམས་པའི་རྒྱུ་མཆོག་ཏུ་གྱུར་པ་ནི་མེད་པ་མ་ཡིན་ནོ། །བླ་མའི་དོན་ནི་གསུམ་གྱིས་ཏེ། བླ་མར་བྱེད་པ་དང་། བླ་མ་མགུ་བ་བྱས་པ་དང་། བླ་མར་གྱུར་པ་སྟེ་ཚིག་གསུམ་དང་སྦྱར་རོ། །སྐྱེས་པའི་ལས་བྱས་པ་ཞེས་བྱ་བ་ལ་སོགས་པ་བཙས་སྟོན་དང་སྐྲ་མཚམས་དབྱེ་བའི་ཆོ་ག་ལ་སོགས་པའོ། །རང་བཞིན་གྱིས་ཡིད་གསུངས་པ་ནི་སྐྱེས་ཐོབ་ཀྱི་ཡོན་ཏན་གྱི་ཁྱད་པར་རོ། །[དཀོན་མཆོག་གསུམ་གོང་མར་བྱེད་པས། རང་ཉིད་ཀྱི་བསྒྲུབ་པའི་མཆོད་པ། རང་ཉིད་གཞན་ནི།] མགོན་སྐྱབས་ཀྱི་ཁྱད་པར་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །ཤེས་པ་ཆེད་ཆེར་འཛིན་པ་དང་ལེ་ལོ་མེད་པ་ནི་སྦྱོར་བའི་ཁྱད་པར་ཏེ་གུས་པར་སྦྱོར་བ་དང་རྒྱུན་དུ་སྦྱོར་བའོ། །རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ་དང་། འཁྲིག་པའི་ཐབས་དང་། མཚོན་ཆ་དང་། གྲངས་དང་། སྒྲ་དང་། གསོ་དཔྱད་དང་། ཆོས་ལུགས་དང་། 212-282b བཟོ་དང་། འཕངས་སྤྱད་དང་། གཏན་ཚིགས་དང་། རྣལ་འབྱོར་དང་། ཐོས་པ་དང་། དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། སྔོན་བྱུང་བའོ། །དེ་ལ་སློབ་དཔོན་གྱིས་གོ་འཕང་ཐོབ་པ་ཡིན་ཏེ། དེ་དག་མཐར་ཕྱིན་པར་ལོབས་པའོ། །སྒྱུ་རྩལ་རྣམས་ལ་ཞེས་བྱ་བ་ལ་སྒྱུ་རྩལ་ནི་སྒྱུ་མ་དང་། ཡི་གེ་དང་། ལག་རྩིས་དང་། གྲངས་དང་། རྩིས་དང་། འཛིན་སྟངས་དང་། ཐོར་ཚུགས་དང་། གོམ་སྟབས་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། རལ་གྲིའི་ཐབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕེན་[གཞན་གྱི་སློབ་དཔོན།]པའི་ཐབས་དང་། འཕོང་གི་སློབ་དཔོན་དང་། མདུན་དུ་བསྒྱུར་བ་དང་། ཕྱིར་སྒྱུར་བ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྒྱབ་ནས་རྡེག་པ་དང་། སྒྲ་གྲག་པར་འཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། གནས་ལྔ་ལ་བྱང་བ་དང་། མཆོངས་པ་དང་། གྱད་ཀྱི་འཛིན་སྟངས་དང་། བོང་དང་། རྐྱལ་བ་དང་། གླང་པོ་ཆེའི་གཉར་བཞོན་པ་དང་། ཤིང་རྟའི་ཐབས་དང་། མདའ་གཞུག་པ་དང་། འགྱེད་སྟོབས་དང་། དེ་ལ་སོགས་པ་དྲུག་ཅུ་རྩ་བཞི་ཞེས་འབྱུང་ངོ་། །དེ་དག་ལ་བདག་གི་རིགས་དང་མི་འགལ་བ་ནི་ཁ་ཅིག་ནི་གཞན་ལ་སོགས་པས་བྱང་ཆུབ་སེམས་དཔའ་མི་མཛད་པའི་ཕྱིར་རམ་བྲམ་ཟེའི་རིག་པ་མི་འགལ་བ་མི་ཕྱེདཔའོ། །དེ་དག་ལ་སློབ་དཔོན་གྱི་གོ་འཕང་ཐོབ་པ་ནི་སྔ་མ་བཞིན་ནོ། །རིག་བྱེད་ཤེས་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་བྲམ་ཟེས་བཀུར་བ་དང་། རྒྱལ་རིགས་ཀྱིས་བཀུར་པ་དང་གང་ཟག་སྤྱིར་ཐམས་ཅད་ཀྱིས་བཀུར་པ་དང་སློབ་མའི་ཚོགས་ལ་ཕན་འདོགས་པའི་ཁྱད་པར་གྱིས་བསྟོད་དེ། རིག་བྱེད་ཤེས་པའི་བྲམ་ཟེ་རྣམས་ཀྱིས་ཚངས་པ་ལྟར་བཀུར་པ་སྟེ། རིག་བྱེད་ནི་ཚངས་པས་དྲན་པ་དང་དེ་ལས་ཆེས་མཁས་པ་མེད་པར་གྲགས་པ་ལྟར། བདག་ཉིད་ཆེན་པོ་ཡང་རིག་བྱེད་ཤིན་ཏུ་མཁས་པར་གྲགས་པའི་ཕྱིར་ཚངས་པ་གཉིས་པ་ལྟ་བུར་འདུ་ཤེས་པའོ། །དེ་ལ་རིག་བྱེད་ནི་གསུམ་སྟེ། ངེས་བརྗོད་དང་། སྙན་དངགས་དང་། མཆོད་སྦྱིན་ནོ། །ཁ་ཅིག་ནི་སྲིད་བསྲུང་བ་དང་བཞི་ 212-283a འདོན་ནོ། །རིག་བྱེད་དེ་ཡན་ལག་དང་བཅས་པ་དང་ཉེ་བའི་ཡན་ལག་དང་བཅས་པ་ལ་མཁས་པ་སྟེ། ཚེའི་རིག་བྱེད་གསོ་དཔྱད་དང་སྐར་མའི་དཔྱད་ལ་སོགས་པ་ལ་མཁས་པའོ། །རྒྱལ་པོ་རྣམས་ཀྱིས་བཀུར་པས་ན་རྒྱལ་པོའི་མཆོག་འཁོར་ལོས་སྒྱུར་བ་ལ་སོགས་པ་ལྟ་བུར་གྱུར་པའོ། །སྐྱེ་དགུས་སྤྱིར་མཐོང་བ་དགའ་ཞིང་ངོ་མཚར་གྱི་གནས་སུ་འཛིན་པས་བརྒྱ་བྱིན་མངོན་སུམ་དུ་མཐོང་བ་ལྟ་བུར་འདུ་ཤེས་པའོ། །ཤེས་འདོད་ནི་རིག་བྱེད་ལ་སོགས་པ་སློབ་པ་དོན་དུ་གཉེར་བའི་སློབ་མ་རྣམས་ཏེ་དེ་དག་གི་དོན་སྤྱོད་ནུས་པས་ཕས་བུའི་དོན་བསྒྲུབ་པ་དང་འདྲའོ། །སྐལ་བ་དང་ལྡན་པ་ནི་སྐྱེས་ཐོབ་ཀྱི་ཡོན་ཏན་ནོ། །ཡོན་ཏན་ཁྱད་པར་དུ་གྱུར་པ་ནི་སྦྱོར་བ་ལས་བྱུང་བའོ། །དགོངས་བསྒྲུབ་བཞིན་དུ་དེའི་སློབ་མར་གྱུར་ཞེས་བྱ་བ་ལ་དགོངས་པ་གྲུབ་པ་ནི་བྱང་ཆུབ་སེམས་དཔའོ། །དེ་དང་མཐུན་པ་དེ་བཞིན་དུ་སྟེ་དེའི་རྗེས་སུ་བྱེད་པའོ། །བུ་བུ་ཞེས་གཉིས་བརྗོད་པ་མི་རིངས་པ་དང་ངོ་མཚར་བའོ། །བྱམས་པའི་མཚམས་ལས་འདས་ཞེས་བྱ་བ་ནི་བྱམས་པའི་མཚམས་ནི་བྱམས་པ་ཤིན་ཏུ་ཆུང་ཡང་བདག་གམ་བདག་གི་བུ་ལ་བྱམས་པ་ཡིན་ལ་དེ་ཡང་མེད་པས་དེ་ལས་འདས་པའོ། །འདམ་བུ་མེས་ཚིག་བཞིན་ཞེས་བྱ་བ་ནི་འདམ་བུ་མེས་ཚིག་པ་ནི་ཞུམ་ཞིང་ཐལ་བར་མྱུར་དུ་འགྱུར་ཏེ། དེ་བཞིན་དུ་འགྱོད་པས་ཞུམ་ཞིང་རྩོལ་བ་མེད་པའོ། །ཕྲུག་གུ་བསད་ལས་གཅེན་མོ་བསྲུང་བ་དང་ཞེས་བྱ་བ་ནི་ཕྲུག་གུ་བསད་པ་ལས་བསྲུང་བ་ནི་རྒྱུ་གང་གིས་བསད་པ་ལས་བསྲུང་ཞེ་ན། གཅེན་མོ་བསྲུང་སྟེ་གསོད་དུ་མི་གཞུག་པའོ། །གཅེན་མོ་ལས་ཀྱང་དེའི་ཕྲུག་གུ་བསྲུང་ཞེས་བྱ་བ་ནི་གཅན་མོའི་སྲོག་བསྲུངས་པ་ལས་ཀྱང་མའི་ནུ་ཞོའི་སྟོབས་ཀྱིས་ཕྲུག་གུ་བསྲུང་བའོ། །སྐུ་གདུང་རིན་ཆེན་ནི་སྐུ་གདུང་ཉིད་རིན་ཆེན་ཡིན་པས་དེའི་མཆོད་རྟེན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་འཛིན་ཅིང་ལྡན་པའི་ས་གཞི་ཁེངས་པར་བྱས་ཏེ། གང་གིས་ཞེ་ན་སྔར་གྱི་འཕྲེང་བ་ལ་སོགས་པའི་ཆར་གྱིས་སོ། །སྟག་མོ་ལ་ལུས་བྱིན་པའི་རབས་ཏེ་རྟོགས་པ་བརྗོད་པ་དང་པོའོ།། །། ༈ གཉིས་པ། ཤི་བི་བའི་སྐྱེས་པའི་རབས་བཤད་པ། ༆ སྤྲོ་བ་ནི་བསམ་པ་སེམས་ཅན་གྱི་དོན་ལ་མི་སྐྱོ་བའོ། །གསང་ཚིག་ནི་ནང་བློན་པོ་རྣམས་ 212-283b ལ་སྨྲ་བའི་ཁྱད་པར་ཏེ། བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བའོ། །གཟི་བྱིན་གྱི་མཐུ་ནི་གཟུགས་བཟང་ཞིང་དབང་ཆེ་བར་གྲགས་པའོ། །སྐལ་བ་ཕུན་སུམ་ཚོགས་པ་ནི་སྔོན་བསོད་ནམས་བསགས་པས་རང་བཞིན་གྱིས་གཞན་འདུན་པའོ། །དེ་ལ་འཁོར་གསུམ་རྗེས་མཐུན་ཡོན་ཏན་ཚོགས། །ཕན་ཚུན་འདྲེན་པ་བཞིན་དུ་གནས་པར་གྱུར། །ཞེས་བྱ་བ་ལ། འཁོར་གསུམ་ནི་འབངས་ལ་སོགས་པའི་གྲོས་མཐུན་པའི་སྲིད་དང་། ལོངས་སྤྱོད་ཀྱི་འབྱོར་པ་དང་། ཡོན་ཏན་གྱི་ཞིང་དང་། སྡུག་བསྔལ་བ་ལ་སྦྱིན་པ་རྒྱ་ཆེན་པོ་བྱེད་པའི་ཆོས་ཀྱི་འབྱོར་པ་སྟེ། དེ་རྗེས་སུ་མཐུན་ཞིང་འཚམ་པའི་ཡོན་ཏན་གྱི་ཚོགས་གཅིག་པས་གཅིག་བཟང་བས་ཕན་ཚུན་འགྲན་པ་བཞིན་དུ་གནས་པའོ། །དངོས་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་ཡོན་ཏན་གྱི་དངོས་པོའམ་འདོད་པའི་དངོས་པོའོ། །སླུ་བའི་ཚིག་ནི་རྩུབ་མོ་དེའི་བསྐྱིན་པ་བསབ་པ་ནི་ཅི་ཡང་མེད་ཅེས་བྱ་བ་སླུ་བའི་ཚིག་ཉིད་རྩུབ་པ་སྟེ་མི་འདོད་པའི་འབྲས་བུ་བསྒྲུབ་པའི་ཕྱིར་རོ། །དེའི་བསྐྱིན་པ་བསབ་པ་ནི་ཅི་ཡང་མེད་དེ་དེ་དགེ་བ་འབའ་ཞིག་གིས་ཕན་པར་འགྱུར་བ་ནི་མེད་དོ། །ཨེ་མའོ་རླབས་ཆེ་བ་ནི་སྤྱོད་པ་ཁྱད་པར་ཅན་ནོ། །ཨེ་མའོ་སྙིང་རྗེ་ཆེ་བ་ནི་བསམ་པའི་ཁྱད་པར་ཏེ། སྔར་གྱི་གཏོང་བའི་བསྔགས་པའོ། །དེའི་འབྲས་བུ་མཐོང་བའི་ཆོས་ལ་མངོན་སུམ་དུ་བྱས་པས་ན། འདིའི་སེམས་ནི་ཇི་ལྟར་རྣམ་དག་ལྟོས་ཞེས་བྱ་བའོ། །གཉི་གའི་ཡོན་ཏན་གྱིས་[ལས་ཚིག་ངན་པས་བསྐྱིན་པ་འཇལ།] ཨེ་མའོ་ཞེས་བྱ་བ་ཕྱེད་འོག་མའོ། །ཁྱོད་ཀྱིས་བྱིན་གྱིས་རྒྱལ་བ་ནི་དགེ་བ་བྱས་པས་དུས་ཕྱིས་བདེ་ལེགས་ཀྱི་ཁྱད་པར་ཐོབ་པའོ། །བྱིན་དང་སྤྱོད་པས་ནོར་རྣམས་དོན་ཡོད་བྱོས། །ཞེས་བྱ་བ་ནི་གཞན་ལ་བྱིན་པས་དོན་ཡོད་པ་ནི་གཏོང་བའོ། །སྤྱད་པས་དོན་ཡོད་པ་ནི་ལེན་པ་པོས་སོ། །ཡང་ན་བྱིན་པས་སྦྱིན་བདག་ལ་དོན་ཡོད་ལ་བདག་གིས་སྤྱད་པས་ཀྱང་བདག་གི་ལུས་རྟས་པས་དགེ་བ་ལ་སོགས་པ་བསྒྲུབས་པས་བདག་ལ་དོན་ཡོད་པའོ། །འཇིག་རྟེན་འདི་ལ་གྲགས་པ་ཆེ་བ་འབྱུང་ལ་ཚེ་གཞན་དུ་བདེ་བ་འབྱུང་བའི་ལམ་ཡིན་པས་འཇིག་རྟེན་འདི་དང་ཞེས་རྐང་པ་གཉིས་སོ། །དེ་ལྟར་རིམ་གྲོ་བསྐྱེད་དེ་བསོད་ནམས་བསགས་པའོ། །འབྲས་བུ་ 212-284a ཡིད་དུ་འོང་ལ་ཚེ་འདི་ལས་བྱུང་བར་བསྟན་ཅིང་གོ་བར་བྱས་པ་ཡིན་ནོ། །ཡིད་དུ་འོང་བ་ཇི་ལྟ་བུ་ཞེ་ན་མེ་ཏོག་ལྟ་བུའོ། །མེ་ཏོག་འདྲ་བ་གང་ཞེ་ན་བདག་གིས་མཐུ་ཆེན་པོ་ཐོབ་པར་འགྱུར་བ་སྟེ། སྨོན་ལམ་གྱི་ཁྱད་པར་མཆོག་ཐོབ་པའོ། །དེའི་གྲགས་པ་ནི་དུས་རྒྱུན་ཡུན་རིང་དུ་རྗེས་སུ་འབྲེལ་བས་གྲགས་པས་རྒྱུན་ཆགས་པའོ། །དེས་ན་ཕྱིས་ཀྱི་སྐྱེ་བོ་རྣམས་བསོད་ནམས་ལ་སྤྲོ་བ་བསྐྱེད་པར་བྱ་བར་བསྟན་ཏོ། །ཤི་བི་བའི་སྐྱེས་པའི་རབས་ཏེ་གཉིས་པའོ།། །། ༈ གསུམ་པ། ཟན་དྲོན་ཆངས་གཅིག་གི་རབས་བཤད་པ། ༆ དེས་དགྲ་དྲེགས་པ་རྣམས་ཀྱང་བཏང་ཞེས་བྱ་བ་ནི། རྒྱགས་པ་དང་དྲེགས་པ་ཉིད་དགྲ་སྟེ་གནོད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་སྤངས་པས་དེ་སྐད་ཅེས་བྱའོ། །དེ་ལ་བརྟེན་པ་ནི་རྒྱལ་པོ་ལ་བརྟེན་པའི་གཉེན་བཤེས་རྣམས་ལ་དེ་ཆགས་པ་བཏང་ཞེས་བྱ་བར་སྦྱར་ཏེ་རྗེས་སུ་ཆགས་པ་མེད་པའོ། །མི་མཐུན་པ་ལ་ཁྲོ་བ་བཏང་ཞེས་བྱ་བར་སྦྱར་ཏེ་ཁོང་ཁྲོ་བ་མེད་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་རྗེས་འབྲང་དཔལ་དེ་བྱམས་པས་འབྱོར་པའི་ཡོན་ཏན་དེ་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་རྒྱལ་པོ་ལ་ཡོད་པས་རྒྱལ་པོ་གཞན་ལ་དེ་ལྟར་གྱུར་པ་སྟེ། རྗེས་སུ་ཆགས་པ་མེད་པ་ཁོང་ཁྲོ་བ་དང་དྲེགས་པ་མེད་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་དེ་ལྟར་གྱུར་ཅེས་པའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ངན་པ་མ་ཡིན་པ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་གྱི་མཐོ་རིས་འདོད་པ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །གསོ་སྦྱོང་གི་ཡན་ལག་བརྒྱདཔའོ། །ངེས་པར་གནས་པ་ནི་དུས་ཁྱད་པས་ཅན་ལ་ཁས་ལེན་པའོ། །ནོར་མང་དཔལ་ཡང་རྗེས་ཆགས་ཞེས་བྱ་བ་ནི་ནོར་མང་པོ་འབྱོར་པ་ནི་ནོར་མང་དཔལ་ལོ། །དེ་རྗེས་སུ་ཆགས་ཤིང་མ་བཏང་བས་རྗེས་སུ་ཆགས་པའོ། །དོན་དང་རྒྱུ་མཚན་མ་ཕྱེ་བར་ཞེས་བྱ་བ་ལ་དོན་ནི་བརྗོད་པའི་དགོས་པ་སྟེ་བསོད་ནམས་ལ་སྤྲོ་བ་བསྐྱེད་པའོ། །རྒྱུ་མཚན་དེ་དྲན་པའོ། །ཡང་ན་སྒྲ་དེའི་དོན་ཉིད་རྒྱུ་མཚན་ཡིན་པས་དོན་དང་རྒྱུ་མཚན་ནོ། །གཞན་གྱིས་བརྙས་ཤིང་ང་ལ་དམན་པའི་གླ་དེ་ཡང་། སྐྱབས་སུ་རེ་ཞིང་མི་འཚོར་དོགས་ནས་དེ་ལ་ཞུགས་ཞེས་བྱ་བ་ནི་གཞན་གྱི་གླའི་ལས་བྱེད་པའི་དགོས་པ་སྟོན་ཏེ། གཞན་རྗེ་དཔོན་ལ་སོགས་པས་བརྙས་ཤིང་བྱིན་པའི་རྫས་དམན་པ་ 212-284b དང་ཁ་ཟས་དམན་པ་དང་གོས་ངན་པ་ལ་སོགས་པ་དེ་ཡང་ང་ལ་སྐྱབས་སུ་རེ་ཞིང་ཕན་པར་མཐོང་ནས་སོ། །ཇི་ལྟར་ཕན་འདོགས་ན་མི་འཚོར་དོགས་ནས་གླའི་རྔན་པ་ལ་མ་བརྟེན་ན་འཆི་བའི་ཉེན་ཡོད་པའི་ཕྱིར་རོ། །དེས་ན་ང་དེ་ལ་ཞུགས་ཤིང་བྱ་བ་དེ་བྱས་སོ་ཞེས་བྱའོ། །གྲགས་དང་དཔལ་དང་སྦྱིན་པ་ཕུན་སུམ་ཚོགས་པས་འབད། །ཞེས་བྱ་བ་ལ་གྲགས་པ་ཕྱོགས་སུ་རྒྱས་པའི་ཕྱིར་དང་། རྒྱལ་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པའི་ཕྱིར་དང་། འབྱོར་པ་དེ་ལས་གཞན་ཕུན་སུམ་ཚོགས་པའི་སྒོ་ནས་རྒྱས་པའོ། །ས་ཆེན་སྐྱོང་བའི་ས་ཆེན་པོ་དེ་ནི་རྒྱ་མཚོ་ཆེན་པོའི་གོས་གྱོན་པ་སྟེ། གོས་ཀྱིས་ལུས་གཡོགས་པ་ལྟར་རྒྱ་མཚོ་ཆེན་པོས་འཛམ་བུའི་གླིང་གི་ས་ཆེན་པོ་མཐའ་བསྐོར་བའི་ཕྱིར་རོ། །རྒྱ་མཚོ་དེ་ཉིད་ཇི་ལྟ་བུ་ཞེ་ན། བསེར་མ་ལངས་པས་རླབས་བསྐྱོད་དེ་རླུང་གིས་གཡོ་བར་བྱས་པའི་རླབས་དང་ལྡན་པའོ། །དེ་ལྟ་བུའི་ས་ཆེན་པོ་ཆོས་ཀྱིས་ཚུལ་བཞིན་དུ་ཡུན་རིང་དུ་སྐྱོང་བས་ཕན་འདོགས་པ་རྒྱ་ཆེན་པོ་ཡུན་རིང་དུ་སྟོན་ཏོ། །སྦྱིན་པ་ལས་བྱུང་ཡོན་ཏན་དགའ་ལ་སོགས་པ་སྣ་ཚོགས་གྲགས་དང་ལྡན་ཞེས་བྱ་བ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ནི་ཡོན་ཏན་སྣ་ཚོགས་དང་ལྡན་པ་སྟེ། དགའ་བདེ་དང་གཟུགས་བཟང་བ་ལ་སོགས་པ་དག་དང་ལྡན་ཞེས་གྲགས་པ་རྒྱ་ཆེན་པོ་དང་ལྡན་པའོ། །བྱུང་བ་ཞེས་བྱ་བ་ནི་རང་བཞིན་ནོ། །སྦྱིན་པ་དེ་དཔེའི་སྒོ་ནས་བསྔགས་པ་ནི། གཏེར་དང་ཆུ་དང་བཞོན་པ་དང་གྲོགས་པོའི་སྒོ་ནས་རྐང་པ་བཞི་རིམ་པ་བཞིན་ནོ། །ཕུན་སུམ་ཚོགས་པ་ཐོབ་པ་གཞན་ཚིགས་བཅད་གཅིག་གོ། །འབྲས་བུའི་ཆེ་བ་ནི་སྙིང་པོ་ལེན་པ་དང་དབང་ཕྱུག་གི་རྒྱུ་ཡིན་པ་སྟེ་ཐར་པ་དང་ལོངས་སྤྱོད་ཀྱི་རྒྱུ་ཡིན་པའི་ཕྱིར་གོ་རིམས་བཞིན་ནོ། །རྟེན་གྱི་ཁྱད་པར་ནི་སྐྱེ་བོ་མཆོག་གི་ཚུལ་ལོ། །ཡང་ན་རང་གི་ངོ་བོ་སྟེ་དམ་པའི་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཆུང་བས་རྡུལ་ཙམ་སྦྱིན་མ་ནུས། །ཞེས་པས་བཟློག་པའི་རྒྱུའི་ཁྱད་པར་སྟོན་ཏོ། །ཤེས་རབ་ཀྱི་ཁྱད་པར་ནི་རྒྱུའོ། །ཟན་དྲོན་ཆངས་གཅིག་གི་རབས་ཏེ་གསུམ་པའོ།། །། ༈ བཞིཔ། བདུད་ཀྱི་བགེགས་བྱ་བར་མི་ནུས་པའི་རབས་བཤད་པ། ༆ ཡོན་ཏན་དང་སྤྲོ་བ་ཕུན་སུམ་ཚོགས་པས་ནོར་ཕུན་སུམ་ཚོགས་པ་དང་ནི་ལྡན་ཞེས་བྱ་བ་ལ་ཡོན་ཏན་གྱི་ནོར་དང་ལྡན་པས་ནི་སྔོན་དགེ་བ་བསགས་པས་སམ་གཞན་ 212-285a གྱིས་བསྙེན་བཀུར་བྱས་པས་སོ། །སྤྲོ་བ་དང་ལྡན་པ་ནི་འབད་པས་ཚོད་ལ་སོགས་པའི་བྱ་བས་ལེགས་པར་བསྒྲུབས་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལག་པདྨའི་མཆོག་ནི་ལྷུང་བཟེད་ཐོགས། །ཞེས་བྱ་བ་ནི་ལག་པ་ཉིད་མཛེས་པས་པདྨ་མཆོག་ལྟ་བུ་ཡིན་པས་པདྨ་མཆོག་གོ། །ཡང་ན་པདྨ་མཆོག་གི་ལྷུང་བཟེད་ཐོགས་པས་ཏེ་ལག་པ་པདྨས་མཛེས་པར་བྱས་པ་ལྟར་ལྷུང་བཟེད་ཀྱིས་ཕྱག་བརྒྱན་པ་ཞེས་བྱ་བའི་ཐ་ཚིག་གོ། །ནོར་ནི་འཁོར་གསུམ་ཁྱད་པར་རྒྱུ་ཡིན་ཏེ། །ཞེས་བྱ་བ་ནི་སྲིད་དང་ཆོས་དང་ལོངས་སྤྱོད་དོ། །དམྱལ་བའི་གཤེད་པོ་མི་བཟད་འབར་བའི་ལྕེ། །དེ་ཕྱིར་ཁྱོད་ནི་བཟའ་བར་འདིར་འོངས་སོ། །ཞེས་བྱ་བ་ལ་དམྱལ་བའི་གནོད་པ་ཉིད་སྡུག་བསྔལ་བསྐྱེད་པས་གཤེད་པོ་དང་འདྲ་བས་གཤེད་པོའོ། །མི་བཟད་འབར་བ་ནི་སྡུག་བསྔལ་མི་བཟད་འབར་བའོ། །ཇི་ལྟར་གཅན་གཟན་སྟག་མོ་ལ་སོགས་པས་ལྕེ་བརྐྱང་བས་ཁ་ཟས་ཟ་བ་ལྟར་གནོད་པ་དྲུང་དུ་འོངས་ཏེ་ནང་དུ་འདུད་པས་ལྕེ་དང་འདྲ་བས་ལྕེའོ། །དེ་ཕྱིར་ང་ཞེས་བྱ་བ་ནི་གང་ཕྱིར་ནོར་ཆུད་གསན་པའི་སྡིག་པ་བྱས་པ་དེའི་ཕྱིར་རོ། །ཉེས་པ་བྱུང་བའི་སྔོན་ནམ་འོག་ཏུ་ཡང་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །བདེ་དང་ལྡན་ན་གུས་པ་དྲན་པར་གྱིས་ཞེས་བྱ་བ་ནི་སྦྱིན་པ་དོར་བའི་ཚེའོ། །ཡང་ན་འགྱོད་བཞིན་ནི་དྲན་པར་བྱོས་ཞེས་བྱ་བ་ནི་མ་བོར་བའི་ཚེ་ནའོ། །ཟེའུ་འབྲུ་དཀར་པོ་སོའི་ཕྲེང་བ་དག །བདུད་ལ་འཕྱ་བ་བཞིན་དུ་དགོད་པར་གྱུར། །ཞེས་བྱ་བ་ནི་འཇིག་རྟེན་ན་གཞན་ལ་ཁྲེལ་བས་དགོད་པའི་ཚེ་སོའི་ཕྲེང་བ་དཀར་པོ་དང་བཅས་པས་དགོད་པར་བྱེད་དོ། །དེ་བཞིན་དུ་པདྨའི་ཟེ་འབྲུ་དཀར་པོ་དག་བདུད་ལ་ཁྲེལ་བས་བཞད་གད་བྱེད་པ་ལྟ་བུར་གྱུར་པའོ། །བདུད་ཀྱིས་བགེགས་བྱ་བར་མི་ནུས་པའི་རབས་ཏེ་བཞི་པའོ།། །། ༈ ལྔ་པ། ཟིལ་གྱིས་མི་ནོན་པའི་རབས་བཤད་པ། ༆ རླབས་ཆེ་ལ་ཞེས་བྱ་བ་ནི་རྒྱ་མཚོར་རིན་པོ་ཆེ་ལེན་པ་ལ་སོགས་པའོ། །རིམ་པ་འདི་ནི་གཏོང་བའི་ཚུལ་ཏེ་ཕུན་སུམ་ཚོགས་ནས་ཅུང་ཟད་སྦྱིན་ནོ་སྙམ་པའོ། །དེའི་དོན་ཉིད་ཚིགས་སུ་བཅད་པས་རྒྱས་པར་སྟོན་པ་ནི་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པའོ། །ནོར་བསྒྲུབ་པའི་རྒྱུ་ནི་བདག་གི་བློ་ཡིས་ལྕོགས་ཤིང་ཞེས་བྱ་བ་ལ་སོགས་པ་རྐང་ 212-285b པ་གསུམ་མོ། །རྐང་པ་དང་པོས་ནི་ཞིང་ལས་ཀྱི་ཁྱད་པར་ཏེ་བསམ་པ་མ་ཡེངས་ཤིང་སྦྱོར་བ་གྲིམས་པའོ། །རྐང་པ་གཉིས་པ་ནི་ཚོང་གི་ཁྱད་པར་ཏེ། རིགས་དང་མཐུན་པའི་རིགས་བཟང་པོས་ཚོང་དམན་པ་སྤང་པའི་ཕྱིར་རོ། །དེ་ཉིད་གྲགས་པའི་རྒྱུ་ཡིན་ཏེ་གཞན་གྱིས་དཔྱས་པར་འགྱུར་བའོ། །ལས་ཀྱི་ཡོན་ཏན་བཟོ་དང་གསོ་དཔྱད་ལ་སོགས་པའོ། །མངོན་པར་ཆགས་བཞིན་དཔལ་གྱིས་འབྱུང་བར་གྱུར། །ཞེས་བྱ་བ་ནི་ལྷག་པར་ཆགས་བཞིན་འབྱོར་པ་མང་པོ་དང་མི་འབྲལ་བར་གྱུར་ན་ཞེས་པའི་བདེ་བའི་རིམ་པ་ནི་ལོངས་སྤྱོད་པའི་རིམ་པ་སྟེ་ལོངས་སྤྱོད་ཆུང་བ་ལ་སྤྱད་དྲགས་པ་ཡང་དམན་པར་སྟོན་ཏོ། །སྡོམ་ཞིང་མི་གཡེང་བ་ནི་སྦྱིན་པའི་དུས་བསམ་པའོ། །སྦྱིན་དགོས་པའི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཚེ་གཞན་གྱི་འདི་སྦྱིན་པ་ལ་བལྟོས་པའི་ཕྱིར་རོ། །དེ་ལྟར་ཐོབ་པའི་ལམ་ཞེས་བྱ་བ་ནི་དམ་པས་སྔོན་སྤྱད་པའི་ཕྱིར་དེ་ལས་གཞན་དུ་མི་རིགས་པའོ། །ང་ཡིས་བསླུས་པ་ནི་བརྒྱ་བྱིན་བདག་གིས་སོ། །ཟིལ་གྱིས་མི་ནོན་པ་སྟེ་ལྔ་པའོ།། །། ༈ དྲུག་པ། རི་བོང་གི་རབས་བཤད་པ། ༆ བདག་གིས་པགས་པ་ཨ་ཛྙི་གྱོན། །རང་གི་སྤུ་ཡིས་ཤུན་ལྤགས་བྱས། །ཞེས་བྱ་བ་ནི་དགོན་པ་ན་གནས་པའི་དྲང་སྲོང་རི་དགས་ཀྲྀཥྞ་ལ་སོགས་པའི་པགས་པ་གྱོན། ཤིང་ཤུན་གྱི་སྐེ་རགས་ཡོད་པ་དང་ཆོས་མཐུན་པས་དེ་སྐད་ཅེས་བྱའོ། །དེས་ན་ཐུབ་པ་བཞིན་དུ་ཞེས་སྨོས་སོ། །གཅིག་ལ་གཅིག་སློབ་པ་ནི་ཡིད་གཅུགས་པས་མི་ཕོད་པ་མེད་པའོ། །དུལ་བ་ནི་ངེས་པ་སྟེ་འཇམ་པའོ། །སྡོམ་པ་ནི་ཚུལ་ཁྲིམས་སོ། །སྤྱོད་པ་ནི་བསྒྲུབ་པའི་དགེ་བ་གཞན་ནོ། །ཡང་ན་སྡོམ་པ་ཉིད་ནི་རྣམ་གྲངས་སོ། །བདེ་དང་མཐུན་ཞིང་ཡོན་ཏན་མི་མཐུན་ཚུལ་ནི་སྐྱེ་བོ་དམན་པ་སྟེ་འཕྲལ་གྱི་བདེ་བའི་ཕྱིར་ཡོན་ཏན་འདོར་བའོ། །ཡོན་ཏན་མཐུན་ཞིང་བདེ་དང་མི་མཐུན་ཚུལ་ནི་སྐྱེ་བོ་དམ་པ་སྟེ་འཕྲལ་སྡུག་བསྔལ་ཡང་ཡོན་ཏན་མི་འདོར་བའོ། །དེ་ལྟར་གཉིས་ཡོད་པ་ལས་མི་ཡང་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་རྗེས་འགྲོ་ནི་སྦྱོར་བའི་ཡོན་ཏན་ནོ། །རང་བཞིན་ཕུན་སུམ་ཚོགས་པ་ནི་སྐྱེས་ཐོབ་བོ། །ཡང་ན་ཡོན་ཏན་གྱི་རྗེས་སུ་བྱེད་པའི་གྲགས་པ་ཞེས་སྦྱར་རོ། །གང་གིས་གྲགས་པ་ཞེ་ན་རང་བཞིན་ཕུན་སུམ་ཚོགས་པ་ཞེས་བྱ་བ་སྟེ་དེའི་ 212-286a ཡོན་ཏན་ནོ། །དེ་ཡིས་བསྐྲད་པ་བཞིན་ཞེས་བྱ་བ་ནི་དཔལ་མིན་ཏེ་རྒུད་པའོ། །དེ་དང་མི་མཐུན་དྲུང་དུ་ཞེས་བྱ་བ་ནི་བསོད་ནམས་ཆེ་བ་དང་འགལ་བ་བསོད་ནམས་མ་ཡིན་པ་ལ་བྱའོ། །ཁྲོ་བཞིན་དུ་དེ་ཕུང་བར་བྱེད་པར་འགྱུར་རོ། །བཀུར་སྟི་བྱ་བ་ཡོངས་སུ་བཟུང་ཞིང་ནི་བཀུར་སྟི་བདག་གིར་བྱ་བའོ། །ཞི་བ་ཞེས་བྱ་བ་ནི་དབེན་པ་དང་ཉམས་དགའ་བའི་གནས་ཏེ་དགོན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྗེས་སུ་བཟུང་བ་ཡང་བདག་གིས་བདག་གིར་བྱ་བའོ། །སྐྱིན་གོར་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་ཁྱད་པར་ཤི་བའི་རོ་བཟར་རུང་བའོ། །ཚངས་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་བོད་པ་སྟེ་ཚངས་པའི་བུ་ཐུ་བོ་ཡིན་པའི་ཕྱིར་རོ། །རིག་པའི་མཆོག་ཞེས་བྱ་བ་ནི་རིག་བྱེད་ལ་སོགས་པ་ཤེས་པའི་ཕྱིར་རོ། །མུད་ཀ་ནི་འབྲུའི་ཁྱད་པར་རོ། །སྦྱིན་པར་བྱ་བ་དང་ལྡན་པ་ནི་ཡུལ་དང་ལྡན་པའོ། །དམན་མ་ཞེས་བྱ་བ་ནི་གོས་ལ་སོགས་པ་རྙིང་པའམ། ཟས་ཀྱི་ལྷག་མ་དག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །ཡོན་ཏན་གོམས་པ་བསྒོམས་པའི་རྒྱུའི། །དམ་པའི་སྤྱད་པ་ནི་འབྲས་བུའོ། །རི་བོང་གི་རབས་ཏེ་དྲུག་པའོ།། །། ༈ བདུན་པ། ཨ་གསྟྱའི་རབས་བཤད་པ། ༆ མཁས་པའི་ཕྱིར་ན་དེ་ཡི་གྲགས་པ་དང་། །གཏོང་བ་དང་ནི་དཔའ་བས་ལྷག་པར་གྱུར། །ཞེས་བྱ་བ་ལ་མཁས་པའི་ཕྱིར་པྲད་ཉ་ཡིས་དེའི་གྲགས་པ་ཕྱོགས་སུ་རྒྱས་ལ་དེ་ཡང་གཏོང་བ་དང་བརྟན་པ་དང་བབས་པས་ལྷག་པར་གྲགས་པའོ། །དེ་ཉིད་ནམ་མཁའ་དྲི་མ་མེད་པ་དང་ཟླ་བ་ཉ་བ་གཉིས་ཀྱིས་ལྷག་པར་མཛེས་པ་དཔེར་བྱའོ། །སྲིད་པའི་ཡོན་ཏན་ནི་འཇིག་རྟེན་པའི་བྱ་བ་ལ་མཁས་པ་དང་། རིག་བྱེད་ལ་སོགས་པ་ལ་མཁས་པའོ། །སྤྱོད་དང་དབང་པོ་རབ་ཏུ་ཞི་ཞིང་དུལ་ཞེས་བྱ་བ་ལ། སྤྱོད་པ་རབ་ཏུ་ཞི་བ་ནི་ལུས་ཀྱི་སྤྱོད་པ་གཞན་གྱིས་དཔྱས་བྱར་མེད་པའོ། །བརྟུལ་ཞུགས་བསྡམས་ལ་ངེས་བྱས་ནི་ཚུལ་ཁྲིམས་ཡང་དག་པར་བརྟན་པའོ། །བློ་ཡི་མཐུ་ཆུང་རྣམས་ཀྱིས་ཐུབ་པ་ཞེས་པ་སྟེ་དགྲ་བཅོམ་པ་ཡིན་སྙམ་དུ་སེམས་པའོ། །ངེས་པའི་བདག་ཉིད་ཅན་ཞེས་བྱ་བ་ནི་བརྟེནཔའི་བདག་ཉིད་ཅན་ནོ། །ཁྲོས་པ་བཞིན་དུ་ཞེས་བྱ་བ་ནི་ཁྲོས་པ་དག་གནོད་པ་སྒྲུབ་པར་བདེ་བ་དང་མཐུན་པས་སམ། ཁྲོ་བའི་[བླངས་པ།] མ་དཔྱད་པ་གཟུ་ལུམས་ཀྱིས་བྱ་བ་བྱེད་ 212-286b པ་དེ་དང་ཆོས་མཐུན་པའི་སྒོ་ནས་དེ་སྐད་ཅེས་བྱའོ། །ཕོངས་པའི་གནས་སུ་གྱུར་པའི་ཕྱིར། །བྱིས་པ་ཐ་མ་ཡིན་པར་འདོད་ཅེས་ཐ་མ་སྟེ་དམན་པ་སྡུག་བསྔལ་བའོ། །དེས་ན་སྙིང་རྗེའི་ཡུན་ཡིན་པས་བྱིས་པ་འདི་དག་ཅེས་བྱ་བ་ལ་སོགས་པའོ། །ཇི་ལྟར་བྱས་ཀྱང་བྱིས་པ་ལ། །ཕན་གདགས་པར་ནི་མི་ནུས་ཏེ། །ཞེས་བྱ་བའི་དོན་ནི་སློབ་དཔོན་ཤཱནྟ་དེ་བས་ཇི་སྐད་དུ། བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་བ་མཉམ་པར་ཁྲིད་བྱེད་ན། །བྱིས་པ་བསྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ཁྲོ་བར་བྱེད་པས། །སོ་སོའི་སྐྱེས་བུ་མགུ་བར་དཀའ། །ཕན་པར་སྨྲས་ནའང་ཁྲོ་བར་བྱེད། །བདག་ཀྱང་ཕན་ལ་བཟློག་པར་བྱེད། །དེ་དག་ངག་ནི་མ་མཉན་ན། །ཁྲོས་ན་ངན་འགྲོར་འགྲོ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སློབ་དཔོན་འདི་ཉིད་ཀྱིས་ཀྱང་དེ་ཉིད་རྒྱས་པར་བཤད་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསལ་བར་བྱེད་དོ། །དེ་ལྟ་བུ་ལ་ཕན་གདགས་པར་མི་ནུས་ལ། ནུས་ན། བདག་ཅག་ལྟ་བུས་ཇི་ལྟར་ན། །དེ་ལ་ཕན་པ་བརྩོན་མི་བྱེད། །ཅེས་བྱ་བ་ཡིན་ནོ། །ཚུལ་མ་ཡིན་པ་ནི་བྱ་བ་ཚུལ་མ་ཡིན་པ་སྟེ་མི་དགེ་བའོ། །ཚུལ་མ་ཡིན་པ་དེ་ཉིད་ནི་དུས་དང་དྲང་པོའི་རིམ་པ་དང་མི་མཐུན་པ་སྟེ་ཉེས་པར་སྤྱོད་པ་དང་གཡོ་དང་སྒྱུ་ཀུན་ཏུ་སྤྱོད་པའོ། །མཁས་པའི་ང་རྒྱལ་གཏི་མུག་མེས་བསྲེགས་ཞེས་བྱ་བ་ནི། མཁས་པའི་ང་རྒྱལ་ཕྱེད་པའི་ཀུན་ཏུ་རྨོངས་པ་ཉིད་མེ་དང་འདྲ་སྟེ་ཕན་པའི་གདམས་ངག་ཉིད་སྲེག་ཅིང་ཆུད་གསོན་པའི་ཕྱིར་རོ། །འདུལ་བ་བརྩོན་འགྲུས་ཆུང་བ་ནི་དབང་པོའི་སྒོ་བསྡམས་པའམ་ལེགས་པར་སྤྱོད་པ་ལ་འབད་མི་ནུས་པ་སྟེ། དེ་དག་གིས་ནི་གཟུ་ལུམས་ཅན་ཏེ་ལེགས་པར་དཔྱོད་པའི་ཤེས་རབ་མེད་པའི་ཕྱིར་རོ། །དེ་ལྟར་བཤད་ནས་མཇུག་བསྡུས་པ་ནི་ལྷའི་གཙོ་བོ་དེ་བས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅདཔའོ། །ལེགས་པར་སྨྲས་པས་རིན་ཆེ་བ། །རིན་ནི་ཅི་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་ཡོན་དབུལ་བར་འོས་ཀྱང་དེ་མེད་པའོ། །འོན་ཀྱང་དགའ་བའི་མེ་ཏོག་སྙིམ་པས་འཐོར་བཀང་བཞིན་ཏེ་ལེགས་ 212-287a སྤྱད་ལ་དཀའ་ཞིང་རྗེས་སུ་ཡི་རང་བ་ཉིད་མེ་ཏོག་སྙིམ་པས་བཀང་ནས་འབུལ་བ་ལྟ་བུ་ཡིན་ནོ་ཞེས་བྱ་བའོ། །འོན་ཀྱང་ཁྱོད་ལ་ཚེ་རིང་བའམ་ཡོ་བྱད་འཕེལ་བ་ལ་སོགས་པའི་མཆོག་སྦྱིན་གྱིས་སློང་ཤིག་ཅེས་འདིར་ཡང་ཁྱོད་ལ་མཆོག་སྦྱིན་ཞེས་སྨྲས་སོ། །སྐྱེས་བུ་དམ་པ་གནས་སྐབས་ཐམས་ཅད་དུ་བདེ་བ་བརྟེན་པའི་ཕྱིར་ཞེས་བྱ་བ་གནས་སྐབས་ཐམས་ཅད་ནི་མཐོང་བ་དང་ཐོས་པ་དང་འགྲོགས་པ་དང་སྨྲ་བའོ། །དེ་ཉིད་བསྟེན་པ་མཐོང་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅདཔའོ། །བསྟེན་པ་དེ་ནི་དགེ་བ་བསྒྲུབ་པ་ལ་བསམ་པའམ་སྦྱོར་བ་ཐམས་ཅད་བརྟེན་པ་སྟེ་དགེ་བའི་བཤེས་གཉེན་ནོ། །དེ་སྨྲོས་ཤིག་ཞེས་བྱ་བ་ནི་བསྟེན་པ་དེའོ། །བསྟེན་པས་ཁྱོད་ལ་ཅི་ཞིག་ཅེས་བྱ་བ་ནི་དེ་མ་ཐོང་བ་ལ་སོགས་པའོ། །འོད་སྲུངས་ཞེས་བྲམ་ཟེའི་རིགས་ཀྱི་སྒོ་ནས་བོད་པའོ། །བསྟེན་པ་གཞན་འདོད་པས་ཁྱོད་མི་བསྟེན་པ་ལྟ་བུར་གྱུར་ཏེ། བརྟན་པ་ནི་མི་གཡོ་བ་ཡིན་ན་ཁྱོད་ནི་བསྟེན་པ་གཞན་འདོད་པས་གཡོ་བ་དང་བཅས་པས་མི་བསྟེན་པའོ། །བསྟེན་པ་དེ་ནི་དགེ་བའི་བཤེས་གཉེན་གྱི་ཁྱད་པར་ཏེ་དེ་དང་ཕྲད་པ་ལ་སོགས་པ་ནི་དོན་ཆེ་བའི་ཕྱིར་རོ་ཞེས་བསྟེན་པ་ནི་གྲོགས་པོ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེའི་ཚིག་ནི་ཕན་པ་དང་ལྡན་པ་ཡིན་ཞེས་པ་ནི་མཁས་པའི་ང་རྒྱལ་གཏི་མུག་མེས་བསྲེགས་པ། ཕན་པར་སྨྲ་ལས་ཁྲོ་བས་རྩུབ་འགྱུར་བ་ལས་བཟློག་པའོ། །གཡོ་སྒྱུ་མེད་པའི་དུལ་བས་རྟག་ཏུ་བརྒྱན་ཅིང་འདུལ་ལ་བརྩོན་འགྲུས་ཆུང་བས་གཟུ་ལུམས་ཅན་ལས་བཟློག་པའོ། །དེ་ལྟར་ཕན་པ་དག་ཀྱང་བརྟན་པར་ནུས་པ་ནི་དེ་ལྟ་བུ་དག་ལ་ཕན་གདགས་པར་ནུས་པའོ་ཞེས་བྱ་བའམ། ཡང་གྲོགས་སྐལ་བ་དང་ལྡན་པ་དག་ལ་ནི་བདག་གིས་ཀྱང་ཕན་པ་བརྟན་པས་ཕན་གདགས་པར་ནུས་པ་སྨོས་ཞེས་པ་ལས་བཟློག་པའོ། །དེ་བས་བདག་གིས་ཡོན་ཏན་བརྟན་པའི་དགེ་བ་རབ་ཏུ་གཞོལ་བར་འགྱུར་ཏེ། དགོས་པ་གང་གིས་ཤེ་ན། བདག་ཀྱང་ཡོན་ཏན་དེ་ལ་རབ་ཏུ་དགའ་བའི་ཕྱིར་ཏེ་གྲོགས་བཟང་པོའི་ཡོན་ཏན་ནི་བདག་ལ་བགོ་བ་སྟེ། འོག་ནས་ཇི་སྐད་དུ། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ་། །དུལ་བའི་ཚུལ་གྱིས་དགེ་བ་བསྙེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བྱས་ 212-287b པ་ཡང་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །སྦྱིན་པའི་ཚོགས་པ་ཚང་བར་སྨོན་པའི་སྒོ་ནས་སྦྱིན་པ་ལ་རབ་ཏུ་དགའ་བ་དེ་བརྟན་པའི་ཕྱིར་སྨྲས་པ་ཞེས་སྨོས་སོ། །ཚོགས་པ་ཚང་བ་ནི་གསུམ་གྱིས་ཏེ། དངོས་པོ་དང་བསམ་པ་དང་ཞིང་གི་ཁྱད་པར་གསུམ། ཁ་ཟས་བཟང་པོ་ཉེས་པ་སྤངས་པ་ཞེས་བྱ་བ་དང་། ཡིད་ཀྱང་སྦྱིན་ལ་དགའ་དང་མཐུན་གྱུར་ཞིང་། །ཞེས་པ་དང་། སློབ་པ་རྣམས་ཀྱང་ཚུལ་ཁྲིམས་རྣམ་དག་བརྒྱན། །ཞེས་པ་དང་རིམ་པ་བཞིན་ནོ། །ཁྱོད་ཀྱིས་འདི་དག་བདག་ལ་ཡིད་གྱུར་མཆོག་སློང་ངོ་། །ཞེས་སྦྱར་རོ། །དེ་ནས་ནམ་ནངས་ཞེས་པ་ལ་སོགས་པ་ལ་སྦྱིན་པའི་ཚོགས་པའོ། །མཆོག་བསླང་བ་ལས་གཅིག་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་པ་ཡིན་ལ་གཞན་གཉིས་བྱིན་པས་སྦྱིན་པ་རྒྱ་ཆེན་པོ་བྱས་པའོ། །དཀའ་ཐུབ་ཅན་དང་མཐུན་པའི་ཚུལ་དག་གིས་གནས་པ་ནི་སྦྱངས་པའི་ཡོན་ཏན་ལ་གནས་པའོ། །བསམ་གཏན་ཚད་མེད་སྡོམ་དང་ཞི་བའི་ཚུལ་གྱིས་གནས་ཞེས་བྱ་བ་ལ་བསམ་གཏན་ཚད་མེད་ནི་དངོས་གཞིའོ། །སྡོམ་པ་ནི་རྒྱུའོ། །ཞི་བ་ནི་འབྲས་བུ་མྱ་ངན་ལས་འདས་པ་དེའི་ཆེད་དུའོ། །ཨ་གསྟྱའི་རབས་ཏེ་བདུན་པའོ།། །། ༈ བརྒྱད་པ། བྱམས་པའི་སྟོབས་ཀྱི་རབས་བཤད་པ། ༆ རྒྱལ་པོ་དེ་ཡང་དེ་དག་བཞིན་དུ་གྱུར་ཞེས་བྱ་བ་ནི་དེ་དག་ལ་དེ་བཞིན་དུ་གྱུར་པ་སྟེ་བདེ་ན་བདེ་ཞིང་སྡུག་བསྔལ་ན་སྡུག་བསྔལ་བའོ། །དེ་བས་ན་ཞེས་བྱ་བ་ནི་སྙིང་རྗེ་དང་ལྡན་པ་བཞིན་ནོ། །མཚོན་ཆས་གོམས་པ་ནི་མཚོན་ཆའི་ཐབས་ལ་གོམས་པའོ། །གཙུག་ལག་ནི་རྒྱལ་པོའི་སྤྱོད་ཚུལ་སྟོན་པའི་གཙུག་ལག་པའོ། །འབངས་དེ་རྣམས་རྒྱལ་པོའི་བཀའ་ལ་གནས་པས་ཕན་ཚུན་འཚེ་བ་མེད་པས་མཚོན་ཆ་མི་དགོས་མོད་ཀྱིས་མཛེས་པའི་ཕྱིར་མཚོན་ཆ་ཐོགས་པར་བྱེད་པས། དེའི་མཚོན་ཆ་རྒྱན་དང་འདྲ་བར་འགྱུར། འཇིག་རྟེན་ལ་ཕན་པ་བསྒྲུབ་པ་འབྱུང་བའི་སྙན་དངགས་ཀྱི་ཚུལ་ལུགས་ཀྱི་བསྟན་བཅོས་དོན་དང་ལྡན་པའོ། །དེས་ན་གཙུག་ལག་གསལ་བར་སྣང་བ་ནི་དེ་ལ་བརྟེན་ནས་བྱ་བ་དང་བྱ་བ་མ་ཡིན་པ་ཀུན་ཤེས་པའོ། །ཚར་གཅོད་པའི་བྱ་བ་ནི་ཆོས་དང་འགལ་བར་མི་བྱེད་པ་ནི་གསོད་པར་མི་བྱེད་པ་དང་གང་ལ་གང་འོས་པ་ལས་ལྷག་པར་མི་འདའ་བའོ། ། 212-288a ཕན་བཏགས་པ་ལ་ཆོས་དང་འགལ་བའི་བྱ་བ་མི་བྱེད་པ་ནི་ཕན་གདགས་པར་འོས་པ་ལ་མི་འདོགས་པའམ་ཆེར་བཏགས་པ་ལ་རྒྱུ་ཆུང་ངུ་ཙམ་ལས་མི་བྱེད་པ་སྟེ་དེ་མི་བྱེད་པའོ། །ཚུལ་མཁས་པ་ནི་རྒྱལ་པོའི་སྤྱོད་ཚུལ་ལ་མཁས་པའོ། །ཡང་ན་ཕ་རོལ་པོའི་སྤྱོད་ཚུལ་གང་ཕན་གནོད་དུ་གྱུར་པ་ཤེས་པའོ། །དེས་སྐྱེ་དགུ་འབངས་ཀྱི་དོན་ལ་རྟོགས་མཁས་པས་དོན་དང་མཐུན་པའི་བྱ་བ་བྱེད་པས་ཕ་བཟང་པོས་བུ་ལམ་བཟང་པོ་ལ་སྦྱོར་བ་ལྟ་བུའོ། །བདེན་པ་དང་གཏོང་བ་དང་ཉེ་བར་ཞི་བ་དང་ཤེས་རབ་ནི་བྱིན་གྱིས་བརླབས་བཞི་སྟེ། དེ་བཞི་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱིན་གྱིས་བརླབས་པ་ལྟར་སྣོད་དུ་རུང་བར་འགྱུར་བའོ། །བདེན་པ་ནི་བདེན་པར་སྨྲ་བའོ། །གཏོང་བ་ནི་གཏོང་བ་ལ་མཁས་པའོ། །ཉེ་བར་ཞི་བ་ནི་དབང་པོ་མི་རྒོད་ཅིང་དུལ་བའོ། །ཤེས་རབ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ལ་མི་རྨོངས་པ་སྟེ། [གཞན་ན་གཅིག་ཏུ་ཕན་ན་བདེན། །མི་ཕན་ཕྱིར་ན་ཅིག་ཤོས་བརྫུན། །ཇི་ལྟར་རྒྱལ་པོའི་ཉེས་པ་དག །སྦྱིན་སྩལ་གཅིག་གིས་སྦེད་པ་ལྟར། །ཉེ་བར་ཞི་བ་ཐོབ་པའི་ཕྱིར། །མཆོག་ཏུ་གུས་པ་བྱེད་པར་འགྱུར། །ཤེས་རབ་ལྡན་པས་བློ་མི་ཕྲོགས། །གཞན་གྱི་དྲིང་མི་འཇོག་ཅིང་བརྟན། །]འཕགས་པ་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་འཕྲེང་བ་ནས་བཤད་པ་ལྟ་བུའོ། །ཁྱད་པར་དུ་གྱུར་པ་ནི་སེམས་ཡོངས་སུ་སྨིན་པར་བྱེད་པའོ། །རླབས་ཆེ་བའི་རིམ་པས་དར་བ་ནི་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའོ། །ཡང་ན་སྐྱེ་དགུ་རྣམས་ཀྱིས་ཡོངས་སུ་སྐྱོང་བས་ན་དེ་རྣམས་དར་བ་སྟེ་དེ་དག་བདེ་ལེགས་ཐོབ་པའོ། །ཡང་དག་དེའི་རྒྱུ་ནི་སྔ་མ་བཞིན་གཉིས་པའོ། །གནོད་པ་ཐམས་ཅད་མེད་པ་ནི་ཕྱི་ནང་གི་ཉེ་བར་འཚེ་བ་མེད་པའོ། །དགེ་བ་སྣ་ཚོགས་ཡོད་པ་ནི་ལུས་དང་ལོངས་སྤྱོད་ཀྱི་འབྱོར་པའོ། །ཕུན་སུམ་ཚོགས་པ་མཆོག་དང་ལྡན་པ་ནི་རྒྱལ་པོའོ། །མིང་ནི་དོན་དང་མཐུན་མ་གྱུར། །ཞེས་བྱ་བ་ནི་གནོད་སྦྱིན་ཞེས་བྱ་བ་གཞན་ལ་གནོད་པ་སྦྱིན་ཞིང་མདངས་འཕྲོག་པ་ལ་སོགས་པ་བྱེད་པ་ཡིན་ན་དེའི་ནུས་པ་མེད་པས་སྒྲ་དོན་མི་གནས་སོ་སྙམ་པའོ། །གང་ལས་ཐར་བར་འགྱུར་བ་རབ་དཀའ་ཞེས་པ་ནི་མི་ཤ་དང་ཚིལ་དག་ཟ་བའི་སྲིན་པོ་ཞེས་བྱ་བ་དང་སྦྱར་བའོ། །ཇི་ལྟ་བུ་དག་ཀྱང་ཐར་བར་དཀའ་ན་རིག་སྔགས་ཀྱིས་བསྲུངས་པའམ་དེའི་ 212-288b བཟླས་བརྗོད་བྱས་པའོ། །དཀའ་ཐུབ་ནི་ཚུལ་ཁྲིམས་དང་སྨྱུང་བར་གནས་པ་ལ་སོགས་པས་སོ། །བདེ་ལེགས་ཏེ་ཡོངས་སུ་བསྐྱབས་པའི་ཁྱད་པར་རོ། །དེས་ནི་མི་མ་ཡིན་པའི་སྲུང་བའོ། །མིའི་སྲུང་བ་ནི་གྲོགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ནི་གཞན་གྱི་སྟོབས་ཡིན་ལ་རང་གི་སྟོབས་ནི་དཔའ་ལ་འཇིགས་པ་མེད་ཞེས་བྱ་བས་སོ། །གང་དུ་ཐར་པར་དཀའ་ཞེ་ན། ནགས་ཚལ་རབ་ཏུ་དབེན་ཞིང་ཟབ་པ་ཡ་ང་བ་འཇིགས་པའི་ས་ན་ཞེས་བྱ་བ་སྟེ་དེ་ནི་གཞན་གྱི་རྐྱེན་དང་རང་གི་རྒྱུ་ཡོད་ཀྱང་ཞེས་བྱ་བའོ། །བདེ་ལེགས་ཆེན་པོ་ཞེས་བྱ་བ་ནི་རིག་སྔགས་དང་དཀའ་ཐུབ་ཐམས་ཅད་པས་མཆོག་ཏུ་གྱུར་པས་རྒྱལ་པོའོ། །རྣམ་པར་གནོན་པ་གཞན་ཟིལ་གྱིས་གནོན་པར་བྱེད་པའོ། །ཉིད་ཀྱི་རྒྱལ་པོའི་མཐུ་དེ་ལྟ་བུ་ནི་རང་གི་ཆེ་བ་ཉིད་ཀྱིས་ཐོབ་པའོ་ཞེས་བྱ་བ་ནི་རང་གི་སྔོན་བསོད་ནམས་ཀྱི་ཚོགས་བསགས་པའི་ཁྱད་པར་གྱིས་ཐོབ་པའོ། །དེ་དཔུང་བྱམས་པ་ཞེས་བྱ་བ་ནི་བྱམས་པ་ནི་བྱམས་པ་ཉིད་ཀྱིས་དགྲ་རྣམས་མི་འབྱུང་བས་དགྲའི་དཔུང་བཟློག་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ། བྱམས་པའི་སྟོབས་ཀྱིས་ཐུབ་པ་ཡོངས་བསྲུངས་ཏེ་ཞེས་གསུངས་པ་ལྟ་བུའོ། །འོ་ན་རྒྱལ་པོ་དེ་ལ་དཔུང་གི་ཚོགས་ཤིང་རྟ་ལ་སོགས་པ་མེད་དམ་ཞེ་ན། རུ་མཚོན་ཁྲ་བོ་དཔུང་ནི་གོ་ཆ་ཙམ་ཞེས་པ་སྟེ་བ་དན་དང་རྒྱལ་མཚན་ཁྲ་བོས་ཐོག་དྲངས་པའི་དཔུང་ཡོད་ཀྱང་ལྟད་མོ་ཙམ་དུ་ཟད་ཀྱི་དགྲ་འདུལ་བ་ལ་མི་དགོས་ཞེས་པའོ། །དེ་ནི་མི་ཁྲོ་ཚིག་རྩུབ་མི་སྨྲ་ཡང་། ལེགས་པར་བསྲུངས་ཞེས་བྱ་བ་ནི་བསམ་པ་དང་སྦྱོར་བ་རྩུབ་པས་ནན་ཏུར་བྱ་མི་དགོས་ཀྱི་བྱམས་པའི་ལུས་དང་ངག་གི་ལས་ཀྱིས་གཞན་ཉེས་པ་ལས་ཟློག་པར་བྱེད་དོ་ཞེས་བྱ་བའོ། །ཁྱེད་དེར་དོང་ན་རྒྱལ་པོའི་ཡོན་ཏན་རྒྱ་ཆེར་ཤེས་པར་འགྱུར་རོ་ཞེས་སྦྱར་རོ། །གང་གི་སྒོ་ནས་ཤེས་ཞེ་ན། འབངས་ལ་ཡོད་པའི་ལེགས་པའི་ཁྱད་པར་དང་ལྡན་པས་དེ་ལས་དཔགས་པས་རྒྱལ་པོའི་ཡོན་ཏན་ཤེས་པར་འགྱུར་རོ། །འབངས་ཀྱི་ཡོན་ཏན་ནི་སྐྱེ་བོ་རྣམས་རང་གི་ཆོས་ལ་དགའ་བས་ཡ་རབས་ཀྱི་ཚུལ་ལ་གནས་པ་ལ་སོགས་པའོ། །ཡོན་ཏན་བརྗོད་པས་གཞན་ལས་ཐོས་པས་མཐོང་བར་འདོད་ལ་མཐོང་ཞིང་ལེགས་ 212-289a པར་བརྟགས་པས་ངེས་པར་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བའོ། །བརྟུལ་ཞུགས་མ་ཉམས་པདྨའི་སྤྱན། །ཞེས་བྱ་བ་རྒྱལ་པོ་ལ་བོས་པའོ། །སྙིང་རྗེ་མེད་ཀྱང་ཕ་རོལ་གསད་པར་མི་ནུས་ན་ཡང་འབད་པ་དོན་མེད་པར་འགྱུར། གལ་ཏེ་གསད་པར་ནུས་ན་བདག་ལ་ཕན་པར་བྱེད་པ་ལ་གོམས་པ་ཡིན་ན་ཡང་དེ་ལ་དཀའ་བ་ཅི་ཞིག་ཡོད། དེ་ལྟ་བུ་གསད་པར་དཀའ་བ་བཞིན་ནོ། །དེ་དག་གིས་ནི་ཟས་བསྒྲུབ་པའི་དུས་ཀྱི་གནོད་པ་བསྟན་ནས། འབྲས་བུའི་ཉེས་པ་བསྟན་པའི་ཕྱིར་སྙིང་རྗེ་མེད་ཅིང་མ་ཞི་བ་ཞེས་བྱ་བ་ལ་སོགས་པའོ། །བཅོས་པའི་སྡུག་བསྔལ་ནི་ཆེད་དུ་བསྒྲུབས་པའོ། །ཤིན་ཏུ་བཟང་པོ་ནི་དོན་ཆེ་བ་སྟེ་འདི་གཞན་གྱི་སྲོག་རྟེན་པ་དང་གཞན་དུ་བདག་གི་བྱང་ཆུབ་ཆེན་པོ་ཉེ་བར་བརྟེན་པའི་ཕྱིར་རོ། །ལྷས་འདི་དག་མི་མཁྱེན་པ་ཡང་མ་ལགས་ཏེ་ཞེས་བྱ་བ་ནི། འདི་དག་བསམ་པ་གང་གིས་སློང་བའི་བསམ་པ་མཁྱེན་པའི་རིགས་ཏེ། དེས་ན་གཏང་བར་མི་རིགས་པའོ། །བསམ་པ་གང་ཞེ་ན། སྐྱེ་དགུ་རྣམས་ལ་གནོད་པ་གང་དང་གང་དེ་དང་དེ་དག་གིས་གནོད་སྦྱིན་རྣམས་ལ་དགའ་བས་རྒྱལ་པོ་ལ་གནོད་པས་གཞན་རྣམས་ལ་ཡང་གནོད་པའི་ཕྱིར་སློང་བ་ཡིན་གྱི་རྒྱལ་པོ་ལ་སློང་བ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེའི་དོན་གསལ་བར་བྱ་བའི་ཕྱིར། །སྐྱེས་བུ་དཔའོ་བོ་ཁྱོད་ཀྱི་མཐུས་བསྐྱབ་པའི། །འཇིག་རྟེན་གདོན་མི་ཟ་བར་འདིས་མི་བཟོད། །ཅེས་བྱ་བ་སྟེ་དེའི་རྒྱུས་སློང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་གྱིས་ཚུལ་མིན་སྐྱེ་དགུ་ཕུང་བར་འདོད། །ཅེས་བྱ་བ་ནི་གུས་པར་སློང་བའི་ཚུལ་གྱིས་བླངས་པས་རྒྱལ་པོ་གྲོངས་པར་འགྱུར་བ་དང་སྐྱབས་མེད་པའི་སྐྱེ་དགུ་རང་དབང་དུ་ཕུང་བར་བྱེད། ད་ལྟ་རྒྱལ་པོ་ལ་བརྟེན་ནས་མ་ནུས་སོ་སྙམ་པའོ། །རྒྱལ་པོའི་ཤ་ཁྲག་ཙམ་གྱིས་ཆོག་པར་འཛིན་ཅིང་དེ་ཙམ་དོན་དུ་གཉེར་བ་མ་ཡིན་པར་ཅིས་ཤེས་ཤེ་ན། མཆོད་སྦྱིན་ཚེ་ན་སུམ་ཅུ་རྩ་གསུམ་པའང་། །ཚིལ་དང་ཞག་ལ་སོགས་པ་བསྲེགས་པས་མགུ། །ཞེས་བྱ་བ་སྟེ། ལྷ་རྟེན་ལ་མཆོད་སྦྱིན་བྱེད་པའི་ཚེ་ན་གནོད་སྦྱིན་པས་བཟང་བའི་སུ་བཅུ་རྩ་གསུམ་པ་ལ་ཡང་དེ་ཙམ་གྱིས་མགུ་ན་གཞན་ལྟ་ཅི་སྨོས་པ་ལས་ད་ལྟ་ནི་ཁྱོད་ 212-289b ཀྱིས་ཞལ་ཟས་ཕུན་སུམ་ཚོགས་པ་དག་གུས་པར་བྱིན་ཡང་འདི་དག་འདོད་པར་མི་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་བཀའ་ཁྲིམས་དག་ལ་ཐོག་མར་འགྲོ་བ་ནི་གང་གིས་ལྷག་པར་བྱ་དགོས་པའི་རྒྱལ་པོ་ལྟ་བུའོ། །གནས་སྐབས་ཇི་ལྟར་འགྱུར་ཞེས་བྱ་བ་ནི་ངན་པའི་སྤྱོད་པ་ཁོ་ནར་འགྱུར་རོ་སྙམ་པའོ། །གཏོང་བ་འདི་ཡང་སྐྱེ་དགུ་རྣམས་ཀྱི་དོན་གྱི་ཕྱིར་ཏེ་དེ་ལ་རྗེས་སུ་ཡི་རང་བ་ལ་སོགས་པས་སློབ་ཏུ་གཞུག་པའི་ཕྱིར་རོ། །དེས་ནི་གོང་དུ་སྐྱེ་དགུ་ལ་གནོད་པར་འགྱུར་སྙམ་པའི་ལན་དོན་གྱིས་བཏབ་པ་ཡིན་ནོ། །དགེ་བའི་གཟི་ཅི་འདྲ་སྟེ་གཟི་ཉམས་པར་འགྱུར་ཏེ་ཟླ་བ་གཟས་ཟིན་པ་ལྟ་བུའོ། །ལེགས་སམ་གལ་ཏེ་མ་ལེགས་ཀྱང་། །ཞེས་བྱ་བ་ནི་སློང་བ་པོའོ། །དེ་ལྟར་བྱེད་པ་ཅི་འདྲར་འགྱུར། །ཞེས་བྱ་བ་ནི་སྦྱིན་པའི་གེགས་བྱེད་པའི་ཉེས་པ་སྟོན་ཏོ། །ཐེ་ཚོམ་ཟ་ན་རྒྱ་ཆེར་མི་འགྱུར་བ་གཏོང་ངམ་མི་གཏོང་ཞེས་ཐེ་ཚོམ་ཟ་ན་དགེ་བ་རྒྱ་ཆེར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་ཤིན་ཏུ་ངེས་པས་གཞན་གྱིས་མི་འཕྲོགས་པ་ཡིན་ཞེས་གསུངས་སོ། །འཇུངས་ཤིང་ཞུམ་པ་ནི་སེར་སྣས་མི་གཏོང་བར་ངེས་པར་བྱས་པ་སྟེ། དེ་ནི་བྱང་ཆུབ་ཀྱི་ལམ་གཏོང་བ་ལ་ཤིན་ཏུ་སྒྲིབ་པས་མུན་པའི་མཆོག་སྟེ་མུན་པ་བས་ཆེས་མུན་པ་ཞེས་བྱའོ། །དཀའ་བ་མཆོག་དང་ལྡན་པས་ལུས་མ་ཉམས་ཏེ་མ་འགྱེལ་བའོ། །བརྟན་པ་དང་ལྡན་པས་སེམས་མ་བརྒྱལ་བའོ། །ལུས་ཀྱི་ཡོན་ཏན་ལྡན་པས་ཏེ་ལུས་རྒྱས་པས་ཁྲག་གི་རྒྱུན་ཡང་མ་ཟདཔའོ། །སྡུག་བསྔལ་མང་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་སྤྱིར་ལུས་དོན་མེད་པ་གནོད་པའི་གནས་ཡིན་ཡང་བདག་གི་ལུས་དོན་དང་བཅས་པར་མཐོང་བས་ལུས་ལ་ཡང་དྲིན་དྲན་པ་ལྟ་བུར་གྱུར་ཏོ་ཞེས་བྱ་བའོ། །ལུས་སྡུག་བསྔལ་མང་པོའི་གནས་ཡིན་པ་དང་བྱས་པ་མི་གཟོ་བ་དཔས་བྱིན་གྱི་མདོ་ལ་སོགས་པ་དང་། སློབ་དཔོན་ཤཱནྟ་དེ་བས་ཀྱང་། །འཇིགས་གནས་ཆུང་ལ་འཇིགས་སྐྱེ་བ། །ཞེས་པས་བསྟན་ཏོ། །རལ་གྲི་རྣོན་པོས་ལུས་བཅད་པས་སྡུག་བསྔལ་དྲངས་པ་དང་བྱིན་པས་དགའ་བས་ཡང་ཡུན་རིང་དུ་བསྐྲད་པ་དང་དེའི་སྡུག་བསྔལ་ཡིད་ལ་བྱེད་པ་དང་འཇུག་པ་ཆུང་བར་འགྱུར་ཏེ། དོན་གང་ལ་སྐྱོ་ཞིང་ 212-290a ལན་དེ་ལ་དམིགས་པའི་ཡིད་ལ་བྱེད་པ་ཆུང་བ་ལྟ་བུའོ། །གུས་པའི་དབང་གིས་སྐྱེ་བོ་ཁྱོད་ཀྱི་གྲགས་པ་སྒྲོགས་པ་ནི་བ་ལང་རྫི་ལ་སོགས་པ་རྒྱལ་པོ་ལ་བསྟོད་པ་དག་གོ། །ཐོག་ཏུ་བབ་པ་ནི་བདེན་པར་ངེས་པ་སྟེ་སྙིང་རྗེའི་སྤྱོད་པ་རླབས་པོ་ཆེ་མཐོང་བའི་ཕྱིར་རོ། །དཔལ་ནི་ཡིད་དུ་འོང་བའི་འབྱོར་པ་ཕུན་སུམ་ཚོགས་པ་པདྨའི་ནགས་ཚལ་ཀུ་མུ་ཏའི་སྐྱེད་མོས་ཚལ་ལྟ་བུ་ལ་གྲགས་ན་དེ་ནི་སྐྱེ་བོ་རྣམས་ཀྱི་དགའ་བའི་རྒྱུ་ཡིན་ཏེ། རྒྱལ་པོ་ཉིད་སྐྱེ་དགུ་དགྲ་རྣམས་ལ་ཕན་འདོགས་པས་དཔལ་ཉིད་རྒྱལ་པོ་ལ་བརྟེན་པ་ཐོག་ཏུ་བབ་སྟེ་ཡིད་ཆེས་སོ་ཞེས་བྱའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་བརྒྱ་བྱིན་མངོན་སུམ་དུ་གྱུར་ཀྱང་དེ་ལ་མི་རྣམས་ཀྱིས་སྨོན་པར་མི་འོས་ཀྱི་རྒྱལ་པོ་ཁྱོད་ཀྱི་མཐུས་བསྐྱབས་པའི་ལྷ་མི་འདི་མཐོ་རིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་མིའི་རྒྱལ་པོ་དང་བཅས་པ་མཐོང་བར་སྨོན་ཅིང་འདོད་པར་ངེས་ཏེ་གལ་ཏེ་བག་ཡོད་པས་བསྒྲུབ་པའི་མི་རྣམས་ལ་མི་སྨོན་པར་བག་མེད་པའི་ལྷ་ལ་སྨོན་ན་བསླུས་པ་ལགས་ཏེ་འཁྲུལ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་མདོ་ལས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ན་གནས་པའི་མི་རྣམས་གང་གི་ཚེ་སུམ་ཅུ་རྩ་གསུམ་དུ་ཕྱིན་པ་དེའི་ཚེ་ལྷ་རྣམས་ལ་སྨོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གི་ལོངས་སྤྱོད་འདི་དག་ལ་མི་སྨན་ལ་བདག་ཅག་ལྷག་པར་དེ་བཞིན་གཤེགས་པ་བཞུགས་པའི་ཕྱིར་རོ། །ལྷ་རྣམས་མིའི་ནང་དུ་འོངས་པའི་ཚེ་ནི་སྨོན་པར་བྱེད་དེ་མི་རྣམས་ཀྱི་ལོངས་སྤྱོད་བདག་ཅག་ལས་མི་དམན་གྱི་སྟེང་དུ་ནི་འདི་ན་དེ་བཞིན་གཤེགས་པ་བཞུགས་པའི་ཕྱིར་རོ་ཞེས་སེམས་སོ་ཞེས་འབྱུང་བ་དང་འདྲའོ་སྙམ་དུ་བསམས་པ་ཡིན་ནོ། །ཐམས་ཅད་པའི་བདག་པོ་ནི་ཐམས་ཅད་ཀྱི་བདག་པོ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །ནོར་གྱིས་ཕྱུག་པ་ནི་རྣམ་ཐོས་སོ། །རྣམ་པར་གྲོལ་བ་ནི་ཐར་པ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་གཉིས་སོ། །སའི་བདག་པོ་དང་ནོར་གྱིས་ཕྱུག་པ་མི་འདོད་པ་ནི་སྲིད་པའི་ལོངས་སྤྱོད་པ་དེ་མི་འདོད་ཅེས་པའོ། །དབང་པོ་དང་ཚངས་པ་མི་འདོད་པ་ནི་ལྷ་དབང་དཔལ་ཡང་འདོད་པ་མ་ཡིན་ནོ་ཞེས་པའོ། །རྣམ་པར་གྲོལ་བ་མི་འདོད་པ་ནི་བདག་གི་སྡུག་བསྔལ་ཟད་པ་ 212-290b ཙམ་གྱི་ཕྱིར་ང་ཡི་ཡིད་ནི་མགུ་བར་འགྱུར་མ་ཡིན་ཞེས་སོ། །འོ་ན་ཅི་འདོད་པ་ན་འགྲོ་བའི་དོན་གྱི་བྱང་ཆུབ་ཆེན་པོ་འདོད་པར་སྟོན་པ་ནི་སྡུག་བསྔལ་མི་ཟད་ཅེས་བྱ་བ་ལ་སོགས་པའོ། །ཁྱོད་ཀྱི་མཛད་པ་འདི་ཀུན་ནི། །འཇིག་རྟེན་ཕན་པའི་ཕྱིར་ལགས་ཀྱི། །བདག་ཅག་རང་ལ་ཕན་འཚལ་བས། །དེ་ཚེ་བདག་ལ་དགོངས་སུ་གསོལ། །ཞེས་བྱ་བ་ལ་ཆོས་ཀྱི་ལམ་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་ཁས་བླངས་པའོ། །བདག་གི་དོན་ཡང་ཞེས་བྱ་བ་ལ་སོགས་པ་བཟོད་པ་གསོལ་བའི་ཚིགས་སུ་བཅད་པའོ། །ལམ་འདི་ནི་ང་ལ་ཕན་པ་ཡིན་གྱི་གནོད་པ་མ་ཡིན་པས་མི་བཟོད་དུ་དོགས་པ་མ་སྐྱེད་ཅིག་ཞེས་པའོ། །ཁྱོད་ཀྱི་བཀའ་ཡང་བདག་ཅག་ལ་འཛེམ་པ་མེད་པས་སྩལ་བའི་རིགས་ཏེ། དཔེར་ན་རྒྱལ་པོ་ཉིད་ཀྱིས་རྗེས་སུ་བཟུང་བའི་འོས་སུ་གྱུར་པའི་བློན་པོ་དག་ལ་བཀའ་སྩལ་པ་ཞེས་པ་དེའི་ལན་ནི། དེ་ནི་དེ་ལ་དགའ་བར་ཤེས་བྱས་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །དེ་ན་གནས་པའི་རྔ་རྣམས་ཞེས་བྱ་བ་ནི་གསེར་གྱི་རི་དང་རི་རབ་ལ་གནས་པའི་ལྷའི་སྒྲའོ། །རྒྱ་མཚོ་ཆེན་པོའི་རླབས་རང་བཞིན་ལས་ལྷག་པ་ནི་དུས་སུ་གཡོ་བའི་རླབས་པས་ཆེས་ལྷག་པར་དུས་མ་ཡིན་པར་གཡོ་བའོ། །འགྲོ་བ་བརྫུན་པའི་ལུས་ནི་གཟི་མདངས་ཅན་ཞེས་བྱ་བ་ནི་རྒྱལ་པོ་སྟེ། འགྲོ་བ་ལ་བརྫུན་པས་དེ་འགྲོ་བ་ལ་ཕན་འདོགས་པར་བརྩོན་པའོ། །དེ་ལྟ་བུ་སའི་བདག་པོས་བཟློག་ཅིང་སྦྲན་པ་ལྟ་བུར་རྒྱ་མཚོའི་ཤུགས་ཀྱིས་རླབས་ཀྱི་སྒྲ་འབྱུང་ངོ་ཞེས་བྱ་བའོ། །ཨེ་མའོ་སྐྱེ་བོ་དམ་པའི་ཆོ་རིགས་བཟང་ཞེས་བྱ་བ་ནི་བརྟན་པ་དང་འབྲས་བུ་བཟང་བ་སྟེ། གཞན་ལ་ཕན་པའི་འབྲས་བུ་དང་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པའི་ཕྱིར་རོ། །ཨེ་མའོ་ཡོན་ཏན་གོམས་པས་རྒྱ་རེ་ཆེ་ཞེས་བྱ་བ་ནི་རྒྱུའི་ཡོན་ཏན་དེ་རྒྱུ་ཡུན་རིང་དུ་གོམས་པར་མ་བྱས་པར་གཏོང་བ་དེ་ལྟ་བུ་མི་ནུས་པའི་ཕྱིར་རོ། །ཨེ་མའོ་གཞན་ལ་ཕན་པས་བློ་རེ་བདེ། །ཅེས་བྱ་བ་ནི་བསམ་པ་དང་སྦྱོར་བ་གཞན་གྱིས་མི་འཕྲོགས་པའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ས་འདི་ཁྱོད་ལ་གཏད་པ་སྟེ་རྒྱལ་པོར་བསྐོས་པའོ། །མི་རྣམས་ནི་མགོན་དང་བཅས་པ་སྟེ་གནོད་པ་རྣམས་ལས་སྐྱོབ་པའི་བྱ་བ་ 212-291a བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཟེངས་བསྟོད་པ་ནི་སྤྲོ་བ་བསྐྱེདཔའོ། །སྙིང་རྗེའི་ཡོན་ཏན་བསྔགས་པ་ནི་སྙིང་རྗེས་གཞན་ལ་ཕན་པ་དང་རང་གི་ཚོགས་རྫོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཆེ་བ་ནི་རྒྱུའི་ཆེ་བའི་སྒོ་ནས་སྟེ་ཉན་ཐོས་ལ་སོགས་པ་ལ་ནི་རྒྱུ་དེ་ལྟ་བུ་མེད་པའི་ཕྱིར་རོ། །བསྟི་སྟང་བྱས་ཏེ་ཆོས་མཉན་པ་ནི་དེ་ལྟར་ཚོགས་བསགས་པའི་རྒྱལ་བ་རྙེད་པར་དཀའ་བས་དེའི་ཆོས་ཐོས་པར་དཀའ་ཞིང་དོན་ཆེ་བར་ཤེས་པར་བྱའོ། །གཞན་ཡང་གནོད་སྦྱིན་དེ་དག་གིས་ཆོས་ཐོས་པ་དེ་དག་གི་ཡང་དོན་དུ་འགྱུར་བས་ན། ཆོས་ཐོས་པ་དོན་ཆེ་བར་ཡང་སྦྱར་བར་བྱའོ། །དགེ་སློང་ལྔ་པོ་འདི་དག་ཅེས་བྱ་བ་ནི་ལྔ་སྡེ་བཟང་པོ་སྟེ། གཽ་ཌི་ནྱ་དང་། རྟ་ཐུལ་དང་། རླངས་པ་དང་། མིང་ཆེན་དང་། བཟང་ལྡན་ནོ། །འདི་དག་མང་དུ་བྱེད་བྱེད་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དེ་དག་ལ་ཕན་པ་མང་དུ་བྱས་པ་འདི་ལྟ་བུ་ལ་སོགས་པ་སྟག་ཕྲུག་ལྔ་ཤས་གསོས་པ་དང་ཤུ་ཏོ་ལ་ཀར་ནེ་ལ་སོགས་པའི་རྟོགས་པ་བརྗོད་པ་དང་སྦྱར་བར་བྱའོ། །ཆོས་ཀྱི་བདུད་རྩི་སྦྱིན་པ་ནི་ཐོག་མར་ཆོས་བཤད་པས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པའོ། །བྱམས་པའི་སྟོབས་ཀྱི་རབས་ཏེ་བརྒྱདཔའོ།། །། ༈ དགུ་པ། ཐམས་ཅད་སྒྲོལ་གྱི་རབས་བཤད་པ། ༆ དབང་པོ་དུལ་བ་ལ་སོགས་པ་ནི་རྒྱུའི་ཡོན་ཏན་ཏེ་ཚེ་རབས་དུ་མར་རང་དབང་པོ་བསྡམས་པ་དེའི་སྒོ་ནས་སོ། །དཔའ་བ་ནི་སྙིང་སྟོབས་སོ། །ཚུལ་ནི་རྒྱལ་པོའི་སྤྱོད་ཚུལ་ལུགས་ཀྱི་བསྟན་བཅོས་བསྒྲུབ་པའོ། །དུལ་བ་ཕུན་སུམ་ཚོགས་པ་ནི་བཟོད་ཅིང་ངེས་པའོ། །དེ་ལྟ་བུ་དག་གིས་གཞན་ལས་ཁྱད་པར་དུ་འཕགས་པའི་རྒྱལ་སྲིད་རྣམ་པར་རྒྱལ་བའི་དཔལ་ཐོབ་པའོ། །བརྟག་པའི་དོན་གྱི་དེ་ཁོ་ན་ཉིད་ནི་རྟ་བརྟག་པ་དང་གླང་པོ་ཆེ་བརྟག་པ་ལ་སོགས་པ་བརྟག་པ་བཅོ་བརྒྱད་ལ་མཁས་པའོ། །ནང་གི་འཁོར་རྣམས་ཀྱིས་བཀའ་ཁྲིམས་བཟང་པོ་བསྒྲགས་པ་ཞེས་སྦྱར་ཏེ་ནང་གི་བློན་པོ་དག་གིས་རྒྱལ་པོའི་བཀའ་ཁྲིམས་བཅས་ཤིང་བསྒྲགས་པའོ། །བློན་པོ་དེ་དག་གི་ཡོན་ཏན་ཡང་རང་གི་ཆོས་དང་ལས་ལ་འབད་ཅེས་བྱ་བ་ལ་སོགས་པའོ། །ཆོས་ནི་ཚེ་གཞན་གྱི་ཆེད་དུ་བསོད་ནམས་བརྩམ་པའོ། །ལས་ནི་ཚེ་འདིའི་བྱ་བའོ། །ཡིད་མ་བྱུང་བ་ནི་བྱ་བ་ལ་སྐྱོ་བ་མེད་པའོ། །བདེ་ 212-291b བར་འཚོ་བ་ནི་ལེགས་པར་འཚོ་བ་སྟེ་ཉོན་མོངས་ཤིང་སྡིག་པ་དང་མ་འབྲེལ་པའོ། །སྙིང་ཉེ་བ་ནི་རྒྱལ་པོ་བཀའ་སྩལ་པ་བསྒྲུབ་པར་སེམས་པའོ། །དཔལ་སྙིང་ཉེ་བ་ནི་འཁོར་དང་འབྱོར་པ་བདག་གི་བསམ་པ་དང་མཐུན་པར་འཇུག་པ་སྟེ། དཔེར་ན་རིགས་ལྡན་ཆུང་མ་བཞིན་དུ་ཞེས་བྱ་བ་སྨོས་ཏེ་རྒྱལ་པོའི་བཙུན་མོ་དམ་པ་ལ་སོགས་པ་རྒྱལ་པོའི་བསམ་པ་དང་མཐུན་པར་བྱེད་པ་ལྟ་བུའོ། །དཀའ་ཐུབ་ནི་ཚུལ་ཁྲིམས་དང་སྦྱངས་པའི་ཡོན་ཏན་དང་ལྡན་པའོ། །རིག་པའི་གནས་ལྔ་ལ་མཁས་པར་གོམས་པས་ན་མཁས་པའོ། །སྒྱུ་རྩལ་ནི། དགྲ་ཐུལ་བའི་ཐབས་ལ་མཁས་པ་ལ་སོགས་པའོ། །རྒྱལ་ཚབ་ཏུ་གྱུར་ཏེ་ཞེས་བྱ་བ་ནི་འཁྲུངས་པར་གྱུར་པའོ། །དེ་རིམ་གྱིས་ནར་སོན་ཏེ་དེའི་ཡོན་ཏན་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །གྲགས་ངན་ཆོས་ལ་མ་བལྟས་པར་བྱ་བ་ནི་གཞན་ལ་ཕྲག་དོག་གིས་སློང་དུ་བཅུག་པ་གྲགས་པ་ངན་པའི་རྒྱུ་ཡིན་ཞིང་སྡིག་པའི་རྒྱུ་ཡིན་ཡང་ཚེ་འདི་ལ་གྲགས་པ་ངན་པ་དང་ཚེ་གཞན་གྱི་གནོད་པ་ལ་མི་ལྟ་བའོ། །ཁྱོད་ཀྱི་རྒྱལ་བ་ནི་རྒྱལ་བར་བྱེད་པས་རྒྱལ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་དེ་ཉིད་གང་ཞེ་ན། གཟུགས་ཅན་ཞེས་ཏེ་གླང་པོ་ཆེ་ཉིད་ལ་བརྗོདཔའོ། །འཁོར་གསུམ་རྟེན་ལ་མཁས་པ་ནི་སྡུག་བསྔལ་བ་དང་ཕན་འདོགས་པ་དང་ཡོན་ཏན་གྱི་ཞིང་ལ་བསྙེན་བཀུར་བྱེད་པའོ། །ཡང་ན་ཡུལ་དང་བསམ་པ་དང་ཚུལ་ལ་མི་ལྟ་བ་ནི་རྒྱལ་སྲིད་བསྒྲུབ་པའི་ཚུལ་ལུགས་ཀྱི་བསྟན་བཅོས་ལས་འབྱུང་བ་ཡིན་ལ་དེ་ཡང་མི་ལྟ་ཞིང་དེའི་རྗེས་སུ་བྱེད་པ་མ་ཡིན་གྱི་ཆོས་ཀྱི་རྗེས་སུ་བྱེད་པའོ། །འདུལ་བ་དང་འགལ་བའི་ལམ་མི་འགྲོ་ནི་གཞན་གྱིས་བཅས་པའི་ཁྲིམས་མི་འཇིག་པའོ། །བག་མེད་པ་ལ་མི་དགའ་བ་ནི་བསམ་པའོ། །ཉེས་པ་བྱས་པ་མ་མཐོང་བ་ནི་སྦྱོར་བའོ། །འདོད་ཆགས་བདོ་བའི་སློབ་དཔོན་གྱིས། །བསྟན་པའི་རྨ་བྱ་གར་བྱེད་ཅེས་པ་ནི་ཇི་ལྟར་མི་རྣམས་ཀྱི་གར་མཁས་པའི་ཁྱད་པར་ནི་སློབ་དཔོན་གྱིས་སློབ་པ་ལྟར་རྨ་བྱ་ཡང་ཆགས་པའི་སྟོབས་ཀྱིས་གར་བྱེད་པའོ། །མ་སྨད་པ་ནི་ཉོན་མོངས་པའི་རྒྱུར་མི་འགྱུར་བའོ། །འབྲས་བུ་ཞིམ་པོ་ཡོད་པའི་གྲིབ་ཤིང་དག་ནི་ཤིང་ཨ་མྲའི་སྡོང་པོའམ་བཟའ་ཤིང་གི་ཁྱད་པར་རོ། །དེའི་འབྲས་བུ་དང་གྲིབ་མས་ 212-292a སྐྱེ་བོ་ལ་ཕན་འདོགས་པ་ཡོད་པ་ལས་སྐྱེས་བུ་བྱིས་པའི་རང་བཞིན་ཅན་གྱིས་གཅད་པའི་ཕྱིར་སྟ་རེ་གཟས་པ་ལས་འཛིན་པའི་ས་ཞེས་བྱ་བ་ནི་ཤིང་དང་མི་བརྟེན་པའི་ས་ཕྱོགས་སོ། །ངོ་མཚར་མ་གྱུར་པ་ནི་འདིར་བྱར་མི་རུང་ཞེས་མི་བཟློག་པའོ། །དེ་ནི་ས་ལ་སེམས་མེད་ཅིང་བེམས་པོ་ཡིན་པས་མི་བཟློག་གི་བསམ་པ་ཡོད་ན་དེ་ཅི་སྟེ་མི་བཟློག་ཅེས་བྱ་བའོ། །ཡང་ན་བྱིས་པ་ཤིང་གི་ཁྱད་པར་གཅོད་པ་ཤིང་དེ་ལྟ་བུ་དང་ལྡན་པའི་ས་ཕྱོགས་དང་བཅས་པ་ངོ་མཚར་དུ་མི་འཛིན་ཅིང་ཆུད་གཟོན་པའི་མི་དེ་སེམས་མེད་པ་བཞིན་དུ་བླུན་པར་མངོན་ནོ་ཞེས་བྱ་བའོ། །དཔེ་དེ་བཞིན་དུ་རྒྱལ་པོ་ཐམས་ཅད་སྒྲོལ་དབུལ་པོ་ཐམས་ཅད་ཀྱི་བདེ་བའི་རྒྱུར་གྱུར་པ་སྐྱེད་པར་བྱེད་ཅིང་གཅེས་པར་མི་འཛིན་པ་ནི་དེ་འདྲའོ་ཞེས་བྱ་བའོ། །དཔེ་གཞན་ཡང་ཆུ་གཙང་ཞིང་ཞིམ་པོ་བསིལ་བས་གང་བའི་རྫིང་བུ་འདྲལ་བ་དག་ཀྱང་མི་འགག་པའི་སྐྱེས་བུ་བྱིས་པའི་རང་བཞིན་ཅན་ཡིན་པ་ལྟར་རྒྱལ་པོ་སྐྲོད་པ་ལ་མི་འགོག་པ་ཡང་དེ་བཞིན་ཏེ། འཇིག་རྟེན་སྐྱོང་རྣམས་མིང་ནི་དོན་མེད་གྱུར་པ་ནི་སྒྲའི་དོན་མི་གནས་པས་ཡུལ་ན་བློན་པོ་ལ་སོགས་པ་མཛངས་པ་མེད་པར་མངོན་ནོ་ཞེས་བྱ་བའོ། །བཟང་པོ་གྲགས་པ་ཟད་དམ་ཞེས་བྱ་བ་ནི་འཇིག་རྟེན་སྐྱོང་བ་གྲགས་པ་ཟད་དམ་སྟེ་ཐམས་ཅད་ཤི་བར་གྱུར་ཏམ། འོན་ཏེ་གུད་དུ་སོང་སྟེ་གཞན་རེ་ཞིག་སོང་ངམ་ཞེས་བྱ་བའོ། །སློང་མོ་བའི་སྲོག་ལ་རྒོལ་བ་སྟེ་རྒྱལ་པོ་བསྐྲད་པའོ། །དེ་མི་སྲུང་ཞིང་དེ་ལས་མི་སྐྱོབ་པས་དེ་ལ་སློང་མོ་བ་ཕུང་བྱེད་མཁས་པ་མེད་དེ་དེ་ཉིད་ཕུང་བའི་རྒྱུ་ཆེན་པོའོ། །གང་ན་འདི་ལྟར་གློ་བུར་དུ་འོངས་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་ནི་ནགས་ཚལ་གྱི་མཐུའི་ཁྱད་པར་སྟོན་ཏོ། །ནགས་ཚལ་གང་ན་ཞེས་བྱ་བ་ནི། བྱམས་པའི་རྩ་བ་ཟུག་སྟེ་ཕན་འདོགས་པའི་རྩྭ་འཇམ་པོ་སྐྱེས་པའོ། །གཞན་ཡང་རི་དགས་ཀྱི་མཆོག་བདག་ཅག་གི་ཤིང་རྟས་འདྲེན་པ་ལ་སོགས་པ་གནས་ཤིང་འཁོད་པ་དང་། དཀའ་ཐུབ་ཅན་གྱིས་གནས་བྱིན་གྱིས་བརླབས་པས་ལྷ་ལ་སོགས་པས་བཀུར་སྟི་བྱ་བའི་གནས་སུ་བྱ་བའི་ནགས་ཚལ་མཐུ་ཆེན་ཁྱད་པར་འཕགས་པ་འདི་ལ་ལྟོས་ཞེས་པའོ། །དེ་ནས་བཙུན་མོས་འདི་ནི་ནགས་ཚལ་གྱི་ཡོན་ཏན་མ་ཡིན་གྱི་ཁྱོད་ཉིད་ཀྱི་དགེ་བའི་རྩ་བའི་སྟོབས་ཡིན་ 212-292b ནོ་ཞེས་སྟོན་པ་ནི་དམ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་གོམས་ཀྱང་ཞེས་བྱ་བ་ནི་རབ་ཏུ་གོམས་པ་ནི་ཞེས་བྱ་བའི་ཐ་ཚིག་སྟེ། ཆེད་དུ་མ་གཉེར་བ་ཡང་སྐྱེ་བོ་ཕལ་པ་དང་མི་འདྲ་བས་ཉེ་བར་མཁོ་བའི་ཡོ་བྱད་འབྱུང་གི་གཞན་ལ་ནི་འདོད་ཀྱང་མི་འབྱུང་བས་བདག་གི་བསམས་ན་མཐུ་ཆེན་དེ་སྟེ། རི་དགས་བཞི་ཤིང་རྟ་ཁུར་བ་ནི་རྒྱལ་པོ་ཁྱོད་ཀྱི་ལགས་པ་སྙམ་མོ། །དེ་ལྟ་བུའི་བསོད་ནམས་ཀྱི་འབྲས་བུ་དམིགས་པས་སྔར་བྱས་པའི་ཡིན་པར་ཤེས་པར་བྱ་བའི་དཔེ་ནི། མཚོའི་ནང་ན་སྐར་མའི་གཟུགས་བརྙན་རྣམས། །ཀུ་མུད་རྒྱས་པ་རབ་ཏུ་མཛེས་གྱུར་པ། །ཟླ་བའི་འོད་ཟེར་ལྟད་མོ་ལྟ་བ་བཞིན། །ཞེས་སྨོས་ཏེ་མཚོའི་ནང་ན་སྐར་མའི་གཟུགས་བརྙན་རྣམས་ཟླ་བའི་འོད་ཟེར་བཅས་པའི་གཟུགས་བརྙན་ནམ་མཁའི་སྐར་མ་ལ་ལྟད་མོ་ལྟ་བ་བཞིན་མཚོའི་ནང་དུ་བྱུང་བ་ནི་ནམ་མཁའི་ཟླ་བ་དང་སྐར་མ་ལ་བརྟེན་ཏེ་བྱུང་བའོ། །མཚོའི་ནང་དུ་གཟུགས་བརྙན་བྱུང་བ་དེ་ཀུ་མུད་རྒྱས་པའི་མཚོའམ་སྐྱེད་མོས་ཚལ་བས་ཀྱང་རབ་ཏུ་མཛེས་ཏེ། སྐར་མའི་གཟུགས་བརྙན་ཡང་མེ་ཏོག་དཀར་པོ་དང་འདྲ་བས་དེ་སྐད་སྨྲས་སོ། །འདིར་མཆི་བའི་རི་དགས་རྣམས་ཀྱི་རྒྱུར་གྱུར་པ་ཡང་ཁྱོད་ཉིད་ལགས་པ་སྙམ་མོ། །ཐམས་ཅད་སྒྲོལ་གྱི་རབས་ཏེ་དགུ་པའོ།། །། ༈ བཅུ་པ། མཆོད་སྦྱིན་གྱི་རབས་བཤད་པ། ༆ གདུགས་ཟླ་མེད་པ་ནི་རང་གི་རྒྱལ་སྲིད་ལ་དབང་བ་ལ་རྒྱལ་པོ་དེ་ལས་གཉིས་པ་དང་ལྷན་ཅིག་ཏུ་ཡུལ་དབང་བྱེད་པ་མ་ཡིན་པས་རྒྱལ་པོ་དེའི་སྤྱི་བོར་གདུགས་ཆེན་པོ་ལྟ་བུའི་གཟུགས་ཅན་གཞན་མེད་པའོ། །བགོ་སྐལ་གྱི་རིམ་པར་ཐོབ་པ་ནི་རང་གི་བགོ་སྐལ་གྱིས་ཐོབ་པའོ། །དབང་པོའི་དགྲ་ནི་དབང་པོ་མ་བསྡམས་པ་ཉིད་དགྲ་ཡིན་ལ་དེ་ལེགས་པར་བསྡམས་པས་ཐུབ་པའོ། །དེ་ནི་སའི་མགོན་ཏེ་དེ་ནི་ས་ལ་གནས་པ་རྣམས་ཀྱི་སྐྱེ་དགུ་རྣམས་ཀྱི་མགོན་དུ་གྱུར་པའི་ཕྱིར་རོ། །འབྲས་བུ་སྨིན་པས་དགེ་བའི་འབྲས་བུ་དང་ལོངས་སྤྱོད་ཀྱི་འབྱོར་པ་ལ་མ་ཆགས་པར་སྤྱོད་པས། རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུངས་པར་འགྱུར། །ཞེས་བྱ་བ་ལ་གནས་པའོ། །དངོས་པོ་ཀུན་གྱིས་ནི་སྦྱིན་པ་ལ་སོགས་པ་དང་བསྡུ་བའི་དངོས་པོ་ཀུན་གྱིས་སོ། །ཐུབ་པ་སངས་རྒྱས་ལྟར་གཅིག་ཏུ་སེམས་ 212-293a ཅན་ལ་ཆོས་ཀྱི་དོན་བྱེད་པའོ། །དེ་ཡང་གཞན་མང་པོ་ལ་ཕན་པར་མཐོང་བ་ནི་སྐྱེ་དགུ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ནོར་ཡང་སྦྱིན་ཞེས་བྱ་བ་ནི་སྦྱིན་པ་ལ་གནས་པའོ། །དེ་ཚུལ་ཁྲིམས་ཀྱི་སྤྱོད་པ་མནོས་ཏེ་ཡང་དག་པའི་ཚུལ་ཁྲིམས་དང་ལྡན་པའོ། །བཟོད་པ་བརྟེན་པ་བདག་གི་སྡུག་བསྔལ་དང་ལོག་པར་བསྒྲུབ་པའོ། །འགྲོ་བའི་དོན་ཡང་སྤྱོད་པ་ནི་བརྩོན་འགྲུས་སོ། །འགྲོ་ལ་ཕན་སེམས་བྱམས་པ་ལ་སོགས་པ་དང་ལྡན་ཞིང་མཐོང་ན་ཞི་བར་སྣང་བའི་གཟུགས་ཅན་དེ་བསམ་གཏན་ལ་ལེགས་པར་གནས་པའོ། །ཆོས་ཀྱི་སྦྱིན་པ་ནི་ཤེས་རབ་ཀྱིས་ཏེ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མཛེས་པའོ། །དེའི་སྡུག་བསྔལ་མི་བཟོད་པས་དེ་ལས་ཐར་པའི་ཐབས་དྲིས་སོ་ཞེས་སྦྱར་རོ། །བགྱི་བ་ངེས་པ་ནི་ངེས་པར་བགྱི་བའོ། །ས་གཞི་ཐོབ་པ་ནི་ཐོག་མར་རོ། །ཡོངས་སུ་བསྐྱང་བ་ནི་དེ་དག་གི་རྒྱུན་ནོ། །ཡང་ན་ཐོབ་པ་ནི་ཐོབ་པའི་རྒྱུ་སྟེ་ཆོས་སོ། །བསྐྱངས་པ་ནི་དེའི་འབྲས་བུ་བདེ་བ་མི་ཉམས་པར་བྱ་བའོ། །ང་དག་ཁྱོད་ཀྱིས་དུས་ལས་འདའ་མི་མཛད། །ཞེས་བྱ་བ་ནི་རྒྱུའི་དུས་སུ་ཆོས་སྒྲུབ་ཅིང་འབྲས་བུའི་དུས་ན་བདེ་བ་བསྐྱངས་པ་ལའོ། །སྦྱིན་ཞེས་བྱ་བ་ནི་སྤྱིར་དེ་ལྟར་ཡིན་པས་ཆར་ཕབ་པའི་བདེ་བ་ཐོབ་པའི་ཆེད་དུ་མཆོད་སྦྱིན་གྱི་ཆོས་བསྒྲུབ་དགོས་ཞེས་བྱ་བའོ། །དེ་སྒྲུབ་པ་ལ་རྒྱལ་པོ་མཐུ་དང་ལྡན་པར་སྟོན་པ་ནི་འཁོར་གསུམ་རྟེན་ལ་མཁས་པར་གྱུར་པ་དང་། འབངས་ལ་ཕན་ཕྱིར་གནམ་རུ་བསྣམས་པ་དེ་ཞེས་བྱ་བ་སྟེ་འཁོར་གསུམ་ནི་སྲིད་དང་ལོངས་སྤྱོད་དང་ཆོས་བསྟེན་པ་ལ་མཁས་ཤིང་འབངས་ལ་ཕན་པའི་ཕྱིར་གནམ་རུ་ནི་གཞུ་སྟེ། གཞུ་བདུངས་པ་ལྟར་བསམ་པ་བརྟན་པ་ལ་དེ་སྐད་ཅེས་བྱའོ། །ཁྱོད་ནི་དབང་བསྐུར་ཞེས་བྱ་བ་ནི་ཁྱོད་ཉིད་ལས་དགེ་བའི་དྲི་མ་མེད་ཀྱང་ཞེས་བྱ་བའོ། །སྤྱིར་བཅངས་པ་དང་བཅས་པ་ལ་ལྷ་མི་མཉེས་པས་ཆར་མི་འབེབས་པ་ལ་མཉེས་པར་བྱ་དགོས་སོ་ཞེས་བྱ་བའོ། །དེ་ལ་བརྫུན་ཞེས་པའི་འཐད་པ་ནི་གཞན་གྱིས་བྱས་པའི་ཕ་རོལ་སུ་ཞིག་འཐོབ་ཅེས་བྱ་བ་སྟེ་མ་བྱས་པ་དང་ཕྲད་པར་ཐལ་བའོ། །གལ་ཏེ་དུད་འགྲོས་ཀྱང་བདེ་འགྲོའི་ལས་བྱས་པས་ཞེ་ན་ལེགས་པར་ཞེས་བྱ་བ་ལ་སོགས་པའོ། །རང་གི་རིགས་ལ་གནོད་པ་ནི་རང་གི་རིགས་ 212-293b ཀྱི་སྐྱེ་བོ་ཉུང་བའོ། །ཡུལ་ལ་གནོད་པ་ནི་ཡུལ་ལ་གནས་པའི་སྐྱེ་བོ་རི་དགས་ལ་སོགས་པ་དང་བཅས་པ་ལའོ། །མཆོད་སྡོང་ལུས་བཏགས་ཞེས་བྱ་བ་ནི་མཆོད་སྡོང་ལ་ལུས་བཏགས་པའོ། །གྲིམ་ཞིང་སྐམ་པ་ཞེས་བྱ་བ་ནི་ཉམས་གྲིམས་ཤིང་ཤ་སྐམ་པའོ། །འདི་ལྟར་ཅི་ནས་ངའི་ཡུལ་ནས་ནི། །གཡེན་སྤྱོད་དབུལ་བ་ནོར་ནི་མེད་པར་འགྱུར། །ཞེས་ཚིག་སྦྱར་རོ། །གནམ་གྱི་འཇིགས་པ་ནི་ཐེན་པ་དང་ཆར་ཆེས་པ་ལ་སོགས་པའོ། །རྒྱལ་པོ་དགེ་བའི་བསམ་པ་དང་ལྡན་པས་སྐྱེ་བོ་མང་པོ་དགེ་བ་ལ་བཀོད་པས་མང་པོའི་དགེ་བའི་མཐུས་གནོད་པ་རྣམས་ཟད་པར་སྟོན་པ་ནི་དེ་ལྟར་གནོད་པ་རྣམས་ཀྱི་མཐུས་ཚེགས་མེད་པར་ཟད་པར་འགྱུར་ཞེས་ཚིག་སྦྱར་རོ། །དུས་ཚིགས་དུས་བཞིན་མཐུན་པ་ནི་དུས་འཁྲུལ་བ་མེད་པར་ཆར་གྱི་དུས་སུ་ཆར་པ་འབབ་པ་ལ་སོགས་པའོ། །སྐྱེ་བོ་ཕོངས་པ་ནི་སྡུག་བསྔལ་དང་གནོད་པ་ནི་རབ་ཏུ་ཞི་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སྔར་གྱི་ཚིགས་སུ་བཅད་པའི་དོན་རྣམས་ཇི་ལྟར་མཐུན་མཐུན་དུ་བསྡུས་པའོ། །གོང་ནས་གོང་དུ་སྤྱོད་པ་ནི་ཐོག་མར་འཚེ་བ་བཟློག་པ་དང་བར་དུ་དགེ་བ་ལ་བཀོད་པ་དང་ཐ་མར་ཞིང་ཁྱད་པར་དུ་གྱུར་པ་ལ་མཆོད་སྦྱིན་རྒྱ་ཆེན་པོ་བྱས་ཏེ་དེ་དག་གི་དགེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོར་གྱུར་པས་མཆོག་དང་འབྲིང་དང་ཐ་མའི་དགོས་པ་རྟག་ཏུ་གཟིགས་པས་ན་ཞེས་སྨོས་སོ། །ཀྲྀཥྞ་འཛིན་མ་གསོལ་ཞེས་བྱ་བ་ནི་ཟླ་བ་དཀར་བ་བཞིན་དུ་རི་དགས་དཀར་པོ་བཞིན་དུ་མི་དགེ་བ་མེད་པའོ། །དབང་བསྐུར་ལྡན་པས་རང་བཞིན་མཛེས་པའི་སྤྱོད་པ་ཡོང་མ་ཞུམ་ཞེས་བྱ་བ་ནི་རྒྱལ་པོ་གཞན་གྱིས་དབང་བསྐུར་ཞིང་འབངས་རྣམས་ཀྱིས་རྒྱལ་པོར་བསྐོས་པས་རྒྱལ་པོའི་གཟི་བརྗིད་ཆེ་བར་སྟོན་པའོ། །དབུ་མཛེས་དཀྱིལ་མོ་བ་ནི་དབུ་མཛེས་པས་མཐོ་བའོ། །དེ་ལྟར་ཚིག་རྐང་བཞིས་ནི། ཉེས་པས་མ་གོས་པ་དང་། གཟི་བརྗིད་དང་ལྡན་པ་དང་། སྐུ་ལུས་མཛེས་པ་དང་། གཏོང་བའི་གྲགས་པ་དང་ལྡན་པ་བཞི་རིམ་པ་བཞིན་དུ་བསྟན་ཏོ། །མཆོག་སྦྱིན་གཞན་གསོད་ཅིང་འབྲས་བུ་དམན་པ་ངན་འགྲོ་ལ་སོགས་པ་འབྱུང་བས། འབྲས་བུ་བཟང་པོ་འབྱུང་བ་སུས་ཤེས་པ་མཆོད་སྦྱིན་ལགས་ཀྱི་ཞེས་པའོ། །སྦྱིན་པ་ 212-294a རང་གི་དོན་དུ་གཏོང་བ་ཙམ་ཡང་ནོར་ཡོད་པ་དང་གཏོང་བའི་སྐྱེ་བོ་ལ་ཡོད་ཀྱིས་གཞན་ལ་མེད་ལ། རང་གི་དོན་དུ་ཚུལ་ཁྲིམས་བསྲུང་བ་ཡང་འཇིག་རྟེན་བདེ་བ་ལ་ཕྱོགས་ཏེ་ཕ་རོལ་ལ་གནོད་པ་སྤོང་ལ་མཐོ་རིས་འདོད་ལ་ཆགས་ཤིང་མཐོ་རིས་འདོད་པ་དང་ལྡན་པ་སྟེ་གཞན་ལ་མེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དེ་གཉིས་བསྒྲུབ་པ་ནི་སྐྱེ་བོ་དམ་པ་འགའ་ཞིག་ལས་གཞན་ལ་མེད་པར་སྟོན་པ་ནི་གཞན་དོན་བསྒྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་མཇུག་བསྡུ་བའི་ཚུལ་གྱིས་གདམས་པ་ནི་དོན་ལྔའི་སྒོ་ནས་ཏེ་གོ་སླའོ། །མཆོད་སྦྱིན་གྱི་རབས་ཏེ་བཅུ་པའོ།། །། ༈ བཅུ་གཅིག་པ། བརྒྱ་བྱིན་གྱི་རབས་བཤད་པ། ༆ ལྷ་དབང་དཔལ་ནི་སྤྱིར་ལྷའི་ལུས་ཕུན་སུམ་ཚོགས་པའོ། །དེ་ལ་རྟེན་བཅས་པས་ཞེས་བྱ་བ་ནི་བརྒྱ་བྱིན་དེ་ལ་རྟེན་བཅས་པའོ། །གང་ཕྱིར་ལྷ་མ་ཡིན་རྣམས་ཚམ་ཚོམ་མེད་པར་ནི། །ཕྱོགས་ཀྱི་གླང་ཆེན་མཆེ་བས་ལྟོ་བ་ཟེད་འོང་བ། །ཞེས་བྱ་བ་ལ་རྒྱུ་མཚན་གང་གི་ཕྱིར་ལྷ་མ་ཡིན་རྣམས་ཚམ་ཚོམ་མེད་པར་ལྷ་རྣམས་ལ་འཐབ་ཏུ་འོང་བ་ནི་ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པ་མི་བཟོད་པའི་སྒོ་ནས་སོ། །ཕྱོགས་ཀྱི་གླང་ཆེན་ནི་ལྷ་རྣམས་ཀྱི་དཔུང་གི་གླང་པོ་ཆེ་རབ་བརྟན་ལ་སོགས་པའོ། །དེ་རྣམས་ཀྱི་མཆེ་བ་དང་ལྡན་པའི་དཔུང་གི་གནོད་པ་ལྷ་མ་ཡིན་རྣམས་ཀྱིས་ལྟོ་བ་ཟེད་ཅིང་སྲོན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་ཕུན་སུམ་ཚོགས་པ་ཉིད་སྟོན་པ་ནི། སྐལ་བ་ཆེ་བས་བདེ་བ་ཐོབ་པའི་དཔལ་དེ་ནི་ཞེས་བྱ་བ་སྟེ། དགེ་བའི་རྩ་བ་དུ་མ་བསགས་པས་ལེགས་པར་འཐོབ་པའི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །དེའི་སྙིང་དྲེགས་པའི་དྲི་མ་ཅན་དུ་བྱེད་པ་ནི་ལྷ་མ་ཡིན་གྱི་སྙིང་དྲེགས་པ་ནི་དེ་ལ་ཕྲག་དོག་གི་དྲི་མར་བྱས་ཤིང་ལྷག་པར་འཁྲུག་པའོ། །ཆོས་ཀྱི་བདག་ཉིད་ཡིན་ཞེས་བྱ་བ་ནི་རྒྱལ་པོའོ། །རྒྱལ་པོ་དེ་ལ་ལྷ་མ་ཡིན་ནང་རྩོད་པ་དེ་རོལ་པ་ནི་བདེ་བར་གནས་པའོ། །དེའི་གེགས་སུ་གྱུར་པར་མཐོང་བ་དང་ཡིད་བྱུང་བ་ནི་སྐྱོ་བའོ། །འགྲོ་བ་ལྷ་དང་དེའི་ཕྱོགས་སུ་གཏོགས་པ་ལྷ་མ་ཡིན་གྱི་གནོད་པས་འཇིགས་པར་མཐོང་ནས་གཟི་བརྗིད་ཅན་གྱི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་སྟོབས་ཀྱི་ཚུལ་བཞིན་ 212-294b ཏེ་ལེགས་པར་བཟློག་པར་རིགས་པས་ན་ལྷའི་དབང་པོའི་སྙིང་ནི་དམག་དྲངས་ཀྱི་ཕྱོགས་ལ་གཡེལ་བར་གྱུར་ཏེ་དེ་བཟློག་དགོས་པའི་ཕྱིར་རོ། །ཤིང་རྟ་དམ་པའི་སྟེང་དུ་འདུག་ནས་ཞེས་སྦྱར་རོ། །རྒྱ་མཚོའི་འགྲམ་ནི་རོལ་མཚོའི་འགྲམ་མོ། །ལྷ་རྣམས་དགའ་བའི་འཁོར་གྱི་ནང་དུ་སོང་ཞེས་བྱ་བ་ནི་འཁོར་རྣམས་གྲོང་ཁྱེར་ལྟ་ན་སྡུག་གི་ནང་དུ་སོང་བའོ། །དེ་ཉིད་ཞེས་བྱ་བ་ནི་སྙིང་རྗེའི་རྒྱུར་བདག་ཉིད་ཀྱི་སྲོག་ལ་མ་ཆགས་པའི་སྤྱོད་པ་དེ་ཉིད་ཀྱིས་ཞེས་བྱ་བ་སྟེ་དེས་ཚེ་འདི་ལ་ཕན་པ་ཐོབ་པའོ། །དེ་བས་གསུངས་པ་ཞེས་བྱ་བ་ནི་ལུང་ལས་སོ། །རྒྱ་མཚོ་དུས་བཞིན་ཞེས་བྱ་བ་རྒྱ་མཚོའི་རླབས་ཞག་བདུན་བདུན་གྱི་དུས་ལས་མི་ཡོལ་བ་ལྟ་བུའོ་ཞེས་བྱ་བའོ། །བརྒྱ་བྱིན་གྱི་རབས་ཏེ་བཅུ་གཅིག་པའོ།། །། ༈ བཅུ་གཉིས་པ། བྲམ་ཟེའི་རབས་བཤད་པ། ༆ ཐོས་པ་ལྡོབ་པ་ནི་མྱུར་དུ་འཛིན་པའོ། །འཛིན་གསལ་ནི་གསལ་བར་འཛིན་པའོ། །དེ་དག་གིས་ནི་ཤེས་རབ་མྱུར་བ་དང་གསལ་བར་འཇུག་པས་དབང་པོ་རྣོ་བར་བསྟན་ཏོ། །རང་གི་རིགས་བཟང་པོར་གགས་པ་དང་བླ་མ་ལ་གུས་ཤིང་དབང་པོ་དུལ་བ་དང་ལང་ཚོ་དང་ལྡན་ཡང་རྒྱགས་པ་སྤངས་པས་ཞི་བའོ། །ཆོས་བཟང་བ་ནི་དཀར་པོའི་ཆོས་ལ་ལེགས་པར་གནས་པ་སྟེ་ཚུལ་ཁྲིམས་ཡང་དག་པར་བླངས་པའོ། །ཇི་ལྟར་སྔགས་ཀྱི་ཁྱད་པར་དང་ལྡན་པའི་མཐུས་སྦྲུལ་གདུག་པའམ་འབྱུང་པོ་ལ་སོགས་པ་ལ་དབང་བྱེད་པ་ལྟར། གཉེན་པོ་སྟོབས་ཆེ་བས་རང་གི་སེམས་ལ་དབང་བྱེད་པ་ནི་ཡོན་ཏན་དབང་དུ་བྱེད་པའི་སྔགས་དེ་རྫས་དང་འདྲ་བའི་བྱམས་པ་ལ་སོགས་པ་གོམས་པའོ། །དེ་རྟག་ཏུ་མ་ཉམས་ཞེ་སྡང་མཐུ་དང་ལྡན་པས་ཞེ་སྡང་འཁྲུག་པའི་རྒྱུ་གནོད་པ་བྱུང་ཡང་དེ་ལ་རང་གི་སེམས་དབང་དུ་བྱེད་ཅིང་ཁོང་ཁྲོ་བའི་དབང་དུ་མི་འགྱུར་ན་ཐ་མལ་པའི་སེམས་ཉོན་མོངས་པའི་རྐྱེན་ཤས་ཆེན་པོ་མེད་ན་ལྟ་ཅི་སྨོས་ཏེ་ཤིན་ཏུ་རང་གི་སེམས་ལ་དབང་ཡོད་པའོ། །དབུལ་བ་འབྲས་བུ་རེ་བ་མེད། །ཅེས་བྱ་བ་ནི་ཚེ་འདི་ལ་ཡང་ཟོང་གིས་བསྒྲུབས་པའི་ནོར་གྱི་འབྲས་བུའམ་ཞིང་ལ་སོགས་པས་བསྒྲུབས་པའི་འབྲུའི་ཁྱད་པར་ལ་རེ་བ་མེད་པའོ། །བདག་གིས་མི་ལའང་སྨྲར་མེད་པ་ནི་བདག་དབུལ་བས་གཞན་གྱི་རེ་ལྟོས་ཀྱི་སར་མ་གྱུར་པས་ཞུམ་པར་གནས་པའོ། །དགའ་སྟོན་ཆེ་ནའང་དགའ་མི་ 212-295a མྱོང་བ་ནི། དབུལ་བས་བདག་ལ་དགའ་སྟོན་བྱར་མེད་པ་དང་། གཞན་གྱིས་ཀྱང་མི་སྟེར་བ་དང་། བྱིན་ཡང་བདག་ལ་ཁ་ལེན་མེད་པས་ཞུམ་ཞུམ་པོར་འདུག་པའོ། །སྦྱིན་པའི་གཏམ་ཡང་ཞེན་པ་ནི་བདག་ཉིད་སྦྱིན་པ་བྱར་མེད་པར་བསྔགས་པ་བརྗོད་ཀྱང་ཁ་གསག་ལྟ་བུར་མངོན་པའོ། །དེ་རྣམས་ཀྱིས་སྨ་བབ་པ་ལྟ་བུ་ཡིན་ལ་ཡོ་བྱད་ཆུང་ངུ་འཚོ་བ་ཡང་སྡུག་བསྔལ་དང་བཅས་པས་ཉོན་མོངས་ངལ་བའི་གཞི་ཞེས་པའོ། །ངོ་ཚ་ཤེས་པའི་བསྔགས་པ་དང་ལྡན་པའི་མདོ་སྡེ་ལ་སྦྱར་བར་བྱ་བ་ནི་མདོ་སྡེའི་དོན་ཡང་འདིས་གསལ་བར་བསྒྲུབ་པའམ་འདི་ཡང་མདོ་སྡེ་དང་མཐུན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འཇིག་རྟེན་ལྷ་དབང་བྱེད་པ་ནི་གཞན་གྱི་དཔྱས་པས་འཇིགས་ནས་སྡིག་པ་ལ་འཛེམ་པ་སྟེ་ཁྲེལ་ཡོད་པ་ཡིན་ལ་དེའི་དབང་དུ་བྱས་པའི་མདོ་སྡེ་ཡང་དེ་དང་མཐུན་ནོ་ཞེས་བྱ་བའོ། །བྲམ་ཟེའི་རབས་ཏེ་བཅུ་གཉིས་པའོ།། །། ༈ བཅུ་གསུམ་པ། མྱོས་བྱེད་མའི་རབས་བཤད་པ། ༆ ཁྱིམ་ན་གཉི་གས་ཡང་ཞེས་བྱ་བ་ནི་ཕ་མའི་ཁྱིམ་དང་ཁྱིམ་ཐབ་ཀྱི་ཁྱིམ་མོ། །འདི་ཅི་ཀུ་མུ་ཏ་ཡིན་ནམ་ཞེས་བྱ་བ་ནི་ལྷ་མོའི་ཁྱད་པར་ཞིག་གོ། །ཁྱིམ་འདི་ལྷ་ཡིན་ཞེས་བྱ་བ་ནི་ཁྱིམ་འདི་ལྷ་མོའི་ཡིན་ནམ་ཞེས་བྱ་བའོ། །དེ་ཡི་ལུས་བཟངས་བཅས་ཤིང་འགྲེ་དང་ལྟ་བ་ལ། ཆགས་པས་ཆ་ཅིག་ཡིད་དུ་གྱུར་ཅིག་འདུག་པའི་ཚེ། །ཞེས་བྱ་བ་ནི་སྔར་ལམ་དུ་མྱོས་བྱེད་མ་དང་ཕྲད་པའི་ཚེའོ། །དོན་སྒྲུབ་གོ་རིམས་སྦྱིན་པའི་ཆབ་ཚོད་སྒྲ་གྲགས་པའི། །ཆབ་ཚོད་ཞེས་བྱ་བ་ནི་བགྲོད་པའི་གནས་སུ་འགྲོ་བར་དོན་སྒྲུབ་ཅིང་རིམ་གྱིས་འགྲོ་བར་སྦྲོན་པའི་ཆུ་ཚོད་ཀྱི་ཚད་འཛིན་པའི་རྔ་རྡུང་བའི་སྒྲ་གྲག་པ་དང་དུང་འབུད་པའི་སྒྲ་གྲག་པས་འགྲོ་དགོས་ཤིང་རྟ་ཁྲིད་པ་དེའི་ཚེ། ངའི་སེམས་ལ་ཞེ་སྡང་ལྡང་སྟེ། མ་རངས་པར་གྱུར་ཏེ། ཡུལ་འདས་ཀྱང་མྱོས་བྱེད་མ་ལ་ལྟར་ཡོད་ན་དགའོ་ཞེས་བྱ་བའོ། །ཆོས་སྤྱད་པ་ལས་བྱ་བ་ནི་སྔོན་དགེ་བ་བྱས་པ་ལས་སོ། །དཔལ་ཐོབ་པ་ནི་ལུས་དང་ལོངས་སྤྱོད་ཀྱི་འབྱོར་པ་ཐོབ་པའོ། །དེ་ཉིད་ལ་ཡང་གནོད་པ་བྱེད་པ་ནི་ཚེ་གཞན་དུ་དེ་ཉམས་པའི་རྒྱུ་སྡིག་པ་བརྟེན་པའོ། །དེས་ན་གཞན་དུ་ཡང་། ཇི་ལྟར་ཁྱོད་ལ་རྟག་ཏུ་སྐུ་འཕོངས་པ་བཞིན་དུ་ཆོས་འཕོངས་པར་མཛོད་ 212-295b ཅེས་གསུངས་པའོ། །འདི་དང་ཕ་རོལ་སྲེག་པར་འགྱུར། །ཞེས་བྱ་བ་ནི་འདིར་ནི་རྒྱལ་པོའི་ཆད་པས་ཡིན་ནོ། །ཕ་རོལ་ཏུ་ནི་ཉེས་པ་མེད་པའི་བུད་མེད་བོར་ཞིང་སྨད་པའི་ལས་ལ་སྦྱར་བའི་ཕྱིར་རོ། །དུས་ཚིགས་མཆོད་པའི་ཡོན་ཏན་ནི་ཤིང་གི་འབྲས་བུ་སྨིན་པའི་དུས་སུ་འབྲས་བུ་དེ་འབུལ་བ་ལ་སོགས་པའོ། །ལྷ་དང་དཔལ་གྱིས་རབ་ཏུ་སྤངས་པར་འགྱུར། །ཞེས་བྱ་བ་ནི་ལྷས་ཀྱང་མི་སྲུང་ལ་དགེ་བའི་འབྲས་བུ་ཡང་ཐག་རིང་བའོ། །ཁྱོད་ནི་དེ་ལྟར་ཞི་གྱུར་པ། །ཞེས་བྱ་བ་ནི་དབང་པོའི་སྒོ་བསྡམས་པའོ། །དེ་ལ་ངོ་མཚར་ཆེ་མི་འགྱུར། །ཞེས་བྱ་བ་མཁས་པའི་སྐྱེ་བོས་བརྟགས་ན་དེ་ལ་ངོ་མཚར་མེད་དེ་ཡོན་ཏན་ལ་གོམས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མྱོས་བྱེད་མའི་རབས་ཏེ་བཅུ་གསུམ་པའོ།། །། ༈ བཅུ་བཞི་པ། ལེགས་པར་ཕ་རོལ་ཏུ་ཕྱིན་པའི་རབས་བཤད་པ། ༆ བདག་ཅག་ཡུལ་ནི་གཉི་ག་ལས། །ཞེས་བྱ་བ་ནི་རང་གི་ཡུལ་དང་རིན་པོ་ཆེ་བླང་བའི་གནས་ལས་སོ། །ཨན་ད་རྙིལ་གྱི་མདོག་ནི་མཐིང་ཀའོ། །མརྒད་ནི་ལྗང་གུའོ། །ལྷ་མོ་ཉིད་ལ་ཞེས་བྱ་བ་ནི་ཙན་དྷི་སྟེ་དབུ་ཨུ་མ་ལའོ། །ལེགས་པར་ཕ་རོལ་ཏུ་ཕྱིན་པའི་རབས་ཏེ་བཅུ་བཞི་པའོ།། །། ༈ བཅོ་ལྔ་པ། ཉའི་རབས་བཤད་པ། ༆ དགེ་དང་མི་དགེ་ལས་རྣམས་གོམས་བྱས་ནས། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་མི་རྣམས་ལ་ཚེ་དེ་ལ་གོམས་ན་ཚེ་དེ་ལ་སྤྱོད་པ་ཙམ་མཐོང་ལ། བྱང་ཆུབ་སེམས་དཔའ་ཉར་གྱུར་པས་ཚེ་དེ་ལ་མ་བསྒོམས་ཀྱང་ཚེ་རབས་གཞན་ལ་གོམས་པས་ཚེ་འདི་ལ་རྨི་ལམ་བཞིན་དུ་སྔོན་གྱི་སྟོབས་ཀྱིས་སྤྱོད་དོ་ཞེས་བྱ་བའོ། །ཉའི་རབས་ཏེ་བཅོ་ལྔ་པའོ།། །། ༈ བཅུ་དྲུག་པ། སྲེག་པའི་རབས་བཤད་པ། ༆ ཆོ་གའི་ཟས་ཟ་ཞེས་བྱ་བ་ནི་དཀའ་ཐུབ་བྱེད་པའི་མི་དག་འབྲས་ཀྱི་གཟེགས་མས་འཚོ་བར་བྱེད་པ་ལ་སོགས་པའོ། །ངོ་ཚ་མེད་པར་ལེགས་པར་འཚོ་བ་ནི་འཕྲལ་ཉོན་མི་མོངས་པར་སྐྱིད་པའོ། །འཚོ་བ་ཤིན་ཏུ་ཉོན་མོངས་ལྡན། །ཞེས་བྱ་ནི་ཉོན་མོངས་པས་གོས་ཤིང་སྡིག་པ་དང་འབྲེལ་བའོ། །བདག་གི་རྐང་པ་མིང་དོན་མེད་ཅིང་འདབ་མ་མེད། །ཞེས་བྱ་བ་ནི་རྐང་པ་ཡོངས་སུ་མ་རྫོགས་ཤིང་འདབ་མ་ཡོངས་སུ་མ་རྫོགས་པས་མིང་གི་དོན་ལེགས་པར་མི་གནས་པའོ། །འགྲོན་བྱར་རུང་བ་ནི་སྦྱིན་སྲེག་གི་རྫས་ཏེ་འབྲས་ཆན་དང་ཞོ་ 212-296a ལ་སོགས་པའོ། །རྒྱ་མཚོའི་རླབས་དུས་ལས་མི་ཡོལ་ཞིང་སྐྱེ་བོ་བརྟེན་པ་ཡང་བསླབ་པ་ལེགས་པར་མི་འདའ་བ་བཞིན་བདེན་པ་གོམས་པའི་ངག་ལས་ནི་མེ་ཡང་མི་འདའ་བས་བདེན་པ་ལ་གོམས་པར་བྱའོ་ཞེས་སྟོན་པ་ནི་དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྲེག་པའི་རབས་ཏེ་བཅུ་དྲུག་པའོ།། །། ༈ བཅུ་བདུན་པ། བུམ་པའི་རབས་བཤད་པ། ༆ འཇིག་རྟེན་ཡོངས་ཀྱིས་ཕལ་ཆེར་དཔལ་ལྡན་ན། །ཞེས་བྱ་བའོ། །དཔལ་གྱི་རང་བཞིན་ཤེས་པ་ནི་འབྱོར་པ་ལ་བག་ཡོད་པར་བྱ་བ་ཤེས་པའོ། །གཟི་བརྗིད་ཀྱིས་གཞན་ཟིལ་གྱིས་གནོན་པས་གཟི་ཆེན་ཉི་མ་འཆར་འདྲའོ། །སྟོན་གྱི་ཟླ་བ་ཉ་བ་གང་བ་མཛེས་པ་ལྟར་ལྟ་ན་སྡུག་པ་མཛེས་པས་ཟླ་བ་བཞིན་ནོ། །དེ་ལྟར་ཁྱོད་ཀྱི་སྐུ་མཛེས་ཐུབ་པ་འགའ་ཞིག་ལགས་པར་གདའ་སྟེ་འདོད་ཆགས་དང་བྲལ་བའམ་ཐར་པ་ཐོབ་པའི་སྐྱེ་བོ་ཞིག་ཡིན་ནམ་ཞེས་པའོ། །ཆང་གི་ཉེས་པ་བསྡུས་པ་ནི་ཁྱེད་ཅག་འཇིག་རྟེན་གཞན་ལ་མི་འཇིགས་ཤིང་། ཚེ་འདི་ལ་ཡང་བརླག་པས་མི་འཇིགས་ན་ཞེས་བྱ་བའོ། །འབྲི་སྣ་ཨན་དྷ་དག་ཀྱང་མི་བྱུང་ནས། །དབྱིག་ཆེན་ཐོགས་ཏེ་ཕན་ཚུན་ཐལ་བར་བྱུང་། །ཞེས་བྱ་བ་ནི་འབྲི་སྣ་དང་ཨན་དྷ་ནི་མིའི་རིགས་ཀྱི་ཁྱད་པར་ཏེ་དེ་དག་ཆང་གིས་མྱོས་པས་དབྱིག་པ་ཆེན་པོ་ཐོགས་ཏེ་ཕན་ཚུན་བསད་ཅིང་རང་གི་ཉེ་འབྲེལ་མང་དུ་བསད་པ་སྟེ་སྔོན་གྱི་ལོ་རྒྱུས་ལས་ཤེས་པར་བྱ་སྟེ་བདག་གིས་ལེགས་པར་ཐོས་པ་མེད་དོ། །གང་གི་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་རྒྱལ་པོའི་དཔལ་ནི་ཉམས་གྱུར་ནས། །སྐྱབས་འདོད་ཕྱིར་ནི་རྒྱ་མཚོའི་ནང་དུ་གབ། །ཅེས་པ་ལས་སྔོན་གྱི་གཏམ་རྒྱུད་ལས་ཤེས་པར་བྱ་སྟེ་བདག་གིས་ལེགས་པར་ཐོས་པ་མེད་དོ། །ཕན་པར་སྨྲ་ལ་མཆོད་པར་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན་ཞེས་བྱ་བ་ནི། གཞན་ལས་ཀྱང་དེ་བཞིན་གཤེགས་པ་ནི་བསྒྲུབ་པའི་མཆོད་པས་མཉེས་པ་ཡིན་གྱི་ཟང་ཟིང་གི་མཆོད་པས་ནི་མཉེས་པ་མ་ཡིན་ནོ་ཞེས་སོ། །གྲགས་དང་དཔལ་གྱི་ལམ་ནི་འདི་ཡིན་ཏེ། །ཞེས་བྱ་བ་ནི་ཚེ་འདིའི་ཡོན་ཏན་ཏེ་དཔལ་ནི་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉམས་ཤིང་འཕེལ་བའོ། །ངའི་ཡུལ་ལ་བརྟེན་ཅེས་བྱ་བ་ནི་བདག་གང་ལ་སྤྱོད་པ་དེ་ཉིད་ལ་ 212-296b སྤྱོད་ཅིག་ཅེས་བྱ་བའོ། །བུམ་པའི་རབས་ཏེ་བཅུ་བདུན་པའོ།། །། ༈ བཅོ་བརྒྱད་པ། ཕྱུག་པོའི་རབས་བཤད་པ། ༆ ཡོན་ཏན་ལ་བརྟགས་ན་ཕྱི་མའི་བཀུར་སྟི་བྱ་བའི་གནས་ཡིན་ལ། སྐྱོན་ལ་བརྟགས་ན་ནང་མི་ཡང་སྨད་པར་བྱ་བའི་གནས་སུ་འགྱུར་བས་ཡོན་ཏན་སྐྱོན་ལས་ཞེས་བྱ་ལ་སོགས་པ་སྨོས་སོ། །སྔ་ནས་ཡོད་པའི་རིགས་དང་གཟུགས་ལ་སོགས་པའི་ཡོན་ཏན་ལ་ཚུལ་ཁྲིམས་དང་ཤེས་པའི་ཡོན་ཏན་དང་ལྡན་པས། ལྷག་པར་བརྗོད་ཅིང་མཛེས་པའོ། །ས་གཞི་རབ་ཏུ་བཟང་པོ་རྡོ་ཐལ་གྱིས་བྱུགས་པའི་ཁང་བཟངས་ལ་སོགས་པའོ། །ཐོས་པའི་དོན་ནི་ཁྱོད་ཀྱིས་ཡོད་པར་བྱོས། །ཞེས་བྱ་བ་ནི་ཉི་མ་དོན་མེད་པར་མི་བྱ་སྟེ། སྦྱིན་པ་ལ་སོགས་པ་སྤྱད་ཞེས་བྱ་བ་ལ་སོགས་པ་དང་། སྦྱིན་སྲེག་ལ་སོགས་པའི་ལས་ཀྱིས་ཁྱིམ་དུ་དོན་ཡོད་པར་གྱིས་ཤིག་ཅེས་པའོ། །དེ་ཉིད་བཤད་པ་ནི་བུ་མཆོག་ཅེས་བྱ་བ་ལ་སོགས་པའོ། །ནན་ཏུར་དྲག་ཤུལ་གྱི་ལས། སྤྱུགས་པ་དང་གསད་པ་ལ་སོགས་པའོ། །བདེ་བ་ལ་ཆགས་པ་སྤོང་བ་རྒྱུ་གང་གིས་ཤེ་ན། བདེ་བ་འགྲུབ་པའི་ངེས་པ་ཡོད་པ་མ་ཡིན་ཞེས་བྱ་བ་དེ་ཇི་སྐད་དུ། བདེ་བའི་དོན་དུ་ལས་བྱས་ཀྱང་། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱིས། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་བདེ་བ་འགྲུབ་ཀྱང་གདོན་མི་ཟ་བར་གྲགས་པ་མེད་པར་འགྱུར་ཏེ་བདེ་བ་ལ་བརྐམ་པས་སྡིག་པ་བྱས་པས་མི་སྙན་པ་འབྱུང་བའི་ཕྱིར་རོ། །གཞན་ཡང་བདེ་བའི་རྒྱུར་གྱུར་པའི་ཡུལ་མ་འཐོབ་པའམ་ཐོབ་པ་ལས་ཉམས་པ་ལས་ཡིད་གདུང་བ་སྐྱེའོ། །དེ་དག་ནི་ཚེ་འདིའི་ཉེས་པ་ཡིན་ལ་ཚེ་གཞན་དུ་ངན་འགྲོར་ལྟུང་བའོ། །ཡོངས་སུ་རྟོགས་པའི་དོན་དུ་མ་གྱུར་ན་ཞེས་བྱ་བ་བསམ་པའི་དོན་མ་གྲུབ་པའོ། །འདི་ལ་ནམ་ཞིག་ཇི་ལྟར་གང་ལ་བདེ་ཞེས་བྱ་བ་ནི་ཁྱིམ་ན་གནས་པ་འདི་ལ་རྒྱུ་མཚན་གང་གིས་བདེ་ཞིང་དུས་ནམ་ཞིག་བདེ་ལ་དངོས་པོ་གང་བདེ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པའི་ཡོན་ཏན་གྱིས་གཙེ་བ་ནི་ཡུལ་གྱི་བཟང་མོ་ལ་སོགས་འཁྲིག་པའི་བདེ་བ་ཡིན་ནོ་ཞེས་འཇིག་རྟེན་ལ་གྲགས་མོད་ཀྱི་དེ་ལ་ཡང་བདེ་བ་མེད་པར་སྟོན་པ་ནི། རྨོངས་པས་འདོད་ཆགས་ཉེ་བར་སྤྱོད་པ་ཡང་། །རྨ་གཡའ་འཕྲུག་པའི་བདེ་བ་བཞིན་དུ་ཟད། ། 212-297a ཅེས་བྱ་སྟེ། གཡན་པ་འཕྲུག་པའི་བདེ་བ་ལྟ་བུ་སྟེ་གོ་སླའོ། །གཞན་ཡང་ཕལ་ཆེར་ནི་འདི་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ཁ་ཟས་ཟོས་པའི་བདེ་བ་ལ་སོགས་པ་ཡང་ངོ་། །ཡང་ན་འོག་མ་སྟོན་པའི་མཚམས་སྦྱོར་བའོ། །དེ་བས་ན་བཙུན་པ་བདག་གིས་ཁྱེད་ལ་གདམས་ངག་ཏུ་བྱ་བ་ནི། ཁྱིམ་གྱི་ཉེས་པ་དང་། དགོན་པའི་ཡོན་ཏན་དང་། དེར་གནས་པར་དམ་བཅའ་བ་ནི་ཚིགས་སུ་བཅད་པ་གསུམ་གྱིས་རིམ་པ་བཞིན་བསྟན་ཏོ། །དེ་ལ་ཁྱིམ་གྱི་ཉེས་པ་ནི་སྦྲུལ་གདུག་པའི་ཚང་དང་མཚུངས་པར་སྟོན་ཏེ། ཉོན་མོངས་པ་སྦྲུལ་དང་འདྲ་བའི་གནས་སུ་གྱུར་པ་དང་། སྦྲུལ་གདུག་པ་ཅན་གྱི་ཚང་དུ་ཕྱིན་ན་སྲོག་འཇིག་པ་ལྟར་མྱ་ངན་ལས་འདས་པའི་བདེ་བ་མ་ཐོབ་པའི་ཡོངས་སུ་ཉམས་པས་འཇིག་པའི་ཕྱིར་དང་། སྦྲུལ་གྱི་དུག་གིས་མ་ཟིན་བར་དུ་ལུས་སྐྲངས་པའི་སྡུག་བསྔལ་མི་བཟད་པའི་རྟེན་དུ་གྱུར་པ་ལྟར་ཚེ་འདི་དང་གཞན་གྱི་སྡུག་བསྔལ་མང་པོའི་གནས་སུ་གྱུར་པའི་ཕྱིར་རོ་ཞེས་སྟོན་པ་ནི་དྲེགས་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱུག་པོའི་རབས་ཏེ་བཅོ་བརྒྱདཔའོ།། །། ༈ བཅུ་དགུ་པ། དཀའ་ཐུབ་ཅན་གྱི་རབས་བཤད་པ། ༆ ཆོས་དང་སྲིད་དང་དེ་བཞིན་བདེ་བ་འཕེལ། །ཞེས་བྱ་བ་ལ་ཆོས་ནི་དགེ་བའི་ལས་སོ། །སྲིད་ནི་རང་གི་འཁོར་སྐྱོང་བའོ། །བདེ་བ་ནི་ལུས་དང་ལོངས་སྤྱོད་དམ་ཆོས་ཚེ་འདིར་འཕེལ་བས་འཇིག་རྟེན་ཕྱི་མ་ལ་ཡང་བདེ་བར་འགྱུར་རོ། །དགེ་བ་རྣམས་ཀྱི་བརྟན་པའི་རྒྱུ། །རྣམ་པར་འཕེལ་བ་བཞིན་དུ་མངོན་པ་ནི་གང་ཟག་བསམ་པ་དགེ་བའི་སྡུག་བསྔལ་གྱིས་མི་འཕྲོགས་པ་བརྟན་པ་རྣམ་པར་འཕྲོ་བ་སྟེ་ཆེས་གསལ་བར་རྟོགས་སོ་ཞེས་བྱ་བའོ། །དེ་བས་རབ་དང་འབྲིང་དང་ཐ་མ་རྣམས། །འདི་དང་ཕ་རོལ་ཏུ་ཡང་འདོད་པས་གསོད་པར་བྱེད། །ཅེས་བྱ་བ་ལ་ལྷ་དང་མི་དང་ངན་འགྲོ་རྣམས་སམ། མི་ཉིད་ཀྱི་བྱེ་བྲག་རྒྱལ་པོ་ལ་སོགས་པ་རྣམས་དང་། ཕལ་པ་རྣམས་དང་། རིགས་ངན་ལ་སོགས་པ་དག་གོ། །དཀའ་ཐུབ་ཅན་གྱི་རབས་ཏེ་བཅུ་དགུ་པའོ།། །། ༈ ཉི་ཤུ་པ། ཚོང་དཔོན་གྱི་རབས་བཤད་པ། ༆ ཇི་ལྟར་ཚིག་གཅིག་པ་དག་གིས་ཞེས་བྱ་བ་ཚིག་བག་ཙམ་ལས་མ་སྨྲས་པའམ། ཚིག་གིས་ཀྱང་མ་སྨྲས་པར་ཞེས་བྱ་བའི་ཐ་ཆིག་གོ། །འཇུངས་ཤིང་ཞེས་བྱ་བའི་རྐང་པ་གཉིས་ནི་ཡོན་ཏན་ནོ། །དེ་ལྟར་ཡོན་ཏན་དང་ལྡན་ཡང་སྐྱོན་གྱི་རྣམ་པ་མི་བརྟན་ཞིང་བདག་ཅག་ནང་ 212-297b མི་ལ་སྙིང་རྗེ་མེད་པ་འདི་ཇི་ལྟར་ལོགས་ཞེས་བྱ་བའོ། །ནགས་ཚལ་དགོན་པར་གང་བཙལ་བ་ནི་ཆོས་བསྒྲུབ་པའོ། །དེ་ནི་ཁྱིམ་དུའང་འགྲུབ་སྟེ་གཙང་སྦྲ་སྟེ་བསོད་ནམས་སྤོང་བའོ། །ཚུལ་ཁྲིམས་ནི་བསྙེན་གནས་ལ་སོགས་པའོ། །ནོར་དང་ལྡན་པས་སྦྱིན་པ་བསྒྲུབ་པར་ནུས་པའོ། །རྗེས་སུ་མཐུན་ཞིང་ཆོས་གྲོགས་བྱེད། །ཉེས་པ་མེད་པ་ནི་བུད་མེད་དོ། །ཀྱེ་མའོ་འདམ་གྱིས་མནར་བ་ལྟ། །ཞེས་པ་ནི་འཇིག་རྟེན་པ་རྣམས་དེ་ནི་ད་ལྟར་རིགས་པ་ནམ་བསྐོས་པ་ཡིན་ནོ་ཞེས་འཛེར་ཏོ། །གང་ཕྱིར་འཇིག་རྟེན་དག་ན་སྲིད་པ་ནི། །བདེ་དང་སྡུག་བསྔལ་དག་ལ་མཚུངས་པར་སྤྱོད། །ཞེས་པ་ནི་མཛའ་བཤེས་ལ་སོགས་པ་བདེ་བའི་ཚེ་ཡང་ལྷན་ཅིག་སྤྱོད་དེ་དགའ་སྟོན་ལ་སོགས་པའོ། །སྡུག་བསྔལ་ཡང་ལྷན་ཅིག་སྤྱོད་དེ་ཤི་བར་གྱུར་པའི་དུས་སུ་ཐམས་ཅད་ཀྱང་ཡོངས་སུ་གདུང་བར་བྱེད་དོ། །དེའི་སྡུག་པ་དེའི་ཚེ་ཡང་སྡུག་པ་ལྷན་ཅིག་སྤྱོད་པས་དེ་བས་འདི་ཡང་ཞེས་བྱ་བ་ལ་སོགས་པའོ། །ཚུལ་ངན་ན་ཞེས་པ་ནི་སྤྱོད་ཚུལ་ངན་ན་ཞེས་པ་སྟེ་སྐྱོན་ལ་དད་ཅིང་ཡོན་ཏན་འདོར་བ་ཉིད་དོ། །དེ་ལྟར་གྱུར་ན་སྐྱེ་བོ་དགེ་བས་སྤང་བར་བརྩི་བར་འགྱུར་ཏེ་སྐྱེ་བོ་དམ་པ་བརྟེན་པ་རྣམས་ཀྱིས་སྤང་བ་སྟེ་མི་བརྟེན་པ་དགེ་བ་ལ་སྒྲོ་བ་ཆུང་བར་བརྩི་བར་འགྱུར་ཏེ། དམ་པས་སྨད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་སྐྱེ་བོ་རེ་བ་སྐོང་བར་བྱ། །ཞེས་སྦྱར་ཏེ་རབ་ཏུ་བྱུང་བར་རེ་བ་དེའོ། །དེ་ཡང་ཇི་ལྟར་སྒྲུབ་ན་སྤང་བ་དང་བླང་བ་གཉིས་ཏེ། དང་པོ་ནི་སྤྱོད་པ་ངན་པས་ཉོན་མོངས་ཁྱིམ་སྤངས་ནས་ཞེས་པ་སྟེ། སྤྱོད་པ་ངན་པའི་ལོངས་སྤྱོད་བསྒྲུབ་པ་དང་བསྲུང་བ་ལ་སོགས་པ་ཉོན་མོངས་ཤིང་གདུང་བའི་རྒྱུར་གྱུར་པའོ། །བླང་བ་ནི་དཀའ་ཐུབ་ནགས་ན་དགའ་བའི་ཡོན་ཏན་གྱིས་ཉམས་སུ་བླངས་ཏེ་ཞེས་བྱ་བ་སྟེ་ཚུལ་ཁྲིམས་དང་དེའི་མཐུན་རྐྱེན་སྦྱངས་པའི་ཡོན་ཏན་ལ་སོགས་པའོ། །ནོར་དང་ཐབས་དང་མཐུ་རྩལ་གང་དག་གིས། །ང་ལ་ཐུབ་པར་གྱུར་པ་མ་ཡིན་པའོ། །སྡུག་བསྔལ་གང་གིས་ཞེས་བྱ་བ་ལ་སོགས་པ་ནོར་གང་གིས་དབུལ་བ་མ་བཟློག་པ་དང་། ཐབས་གང་གིས་ནད་ལ་སོགས་པར་མ་གྱུར་པ་དང་། མཐུ་རྩལ་གང་གིས་དགྲ་ལ་སོགས་པ་མ་བཟློག་པའོ། །དེ་ལས་ 212-298a ནོར་འདོད་པ་ལ་ནོར་ཁྱེར་ཅིག་པ་དང་། གཞན་གཉིས་ཀྱིས་གནོད་པ་ཡོད་ནི་གནོད་ཅིང་དགྲ་བཟློག་པར་བྱ་བའོ། །གང་ཞིག་ཕ་རོལ་པོ་དེ་དག་རབ་ཏུ་འབྱུང་བར་སེམས་ན་ཡང་བདག་ཉིད་ཕྱིས་སུ་གྱུར་པ་ག་ལ་སྲིད། བྱ་བ་ཉམས་ཀྱིས་མི་ལྕོགས་པ། །གཞན་གྱིས་སྤང་ཀྱང་བྱར་མི་རུང་། །དགེ་དགེ་ཞེས་བརྗོད་པས། མེ་རུ་འཇུག་ཏུ་ག་ལ་རུང་། །ཞེས་བརྗོད་པ་ལྟ་བུའོ་སྙམ་པ་ཡིན་ནོ། །མཛའ་བོར་འཐམས་པས་ཞེས་བྱ་བ་ནི་མཛའ་བོར་བྱས་ཤིང་གྲོགས་བཤེས་སུ་གྱུར་པའམ་གཉེན་འབྲེལ་དུ་གྱུར་པའོ། །རང་གི་མཛའ་བོ་བག་མེད་ཅིང་ཚེ་འདི་ལ་གཞན་གྱི་དོན་ལས་ཉམས་ཤིང་གནོད་པ་དང་འབྲེལ་བ་མཐོང་ན་དེ་ལས་བཟློག་པའི་ཕན་པར་འགྱུར་བའི་ལམ་ལ་སྦྱོར་བ་ལ་རྩུབ་པ་སྟེ་དྲག་ཤུལ་གྱི་ལས་བྱ་བར་རིགས་ན་ཕན་ཞིང་འཇམ་ན་སྨོས་ཀྱང་ཅི་དགོས་ཏེ། དོན་དེ་ནི་ཉོན་མོངས་བཅས་ཀྱང་འཆོས་མི་བྱེད་ཅེས་གསུངས་སོ། །ད་ལྟ་ནི་བག་མེད་པའི་གནས་སུ་འཇུག་པ་མ་ཡིན་པས་དགག་པར་མི་རིགས་པར་སྟོན་པ་ནི་ནགས་པས་ཞེས་བྱ་བ་ལ་སོགས་པ་སྟེ། ནགས་ན་གནས་པར་དོགས་ཤིང་འཇིགས་པ་མེད། །ཐ་མལ་གནས་པ་ཡིན་པ་ལ། །དེ་ལྟར་ཇི་ལྟར་མི་སེམས་ཞེས་བྱ་བའོ། །དེ་ལ་དགོས་པ་ནི་གཞན་དག་གིས་དཔྱས་པ་ལ་སོགས་པ་སྤངས་པའམ་གཞན་གྱི་སེམས་སྲུང་དགོས་པ་ཡིན་ན་དེ་ནགས་ན་མེད་པའོ། །འཇིགས་པ་ནི་ལོངས་སྤྱོད་ཉམས་པའམ་དགྲ་ལ་སོགས་ཏེ་དེ་མེད་པའོ། །དེ་ཉིད་ཀྱིས་ན་ཐ་མལ་པར་གནས་པ་སྟེ་ཀུན་ནས་ཉོན་མོངས་པ་སྐྱེ་བའི་རྐྱེན་ཚེར་མ་ལྟ་བུས་མ་དཀྲུགས་པའི་ཕྱིར་རོ། །དགྲ་དང་དམག་འགྱེད་དེ་དང་དེ་དག་ཏུ། །ཞེས་པ་ནི། དགྲ་དང་འཐབ་པ་དང་ཆུ་ལས་རྒལ་བ་ལ་སོགས་པ་ཡང་ངོ་། །ཕོངས་པར་གྱུར་པའི་ཚེ་ནའང་མཛའ་བོ་རྣམས་ཚུལ་འཆོས་པའོ། །མཆི་མས་འཇུ་ཞིང་འོང་བའི་དཔེ་ཡང་མཐོང་བ་ནི་རང་ཉིད་ཕོངས་ཞིང་ཉམ་ཆུང་བའོ། །ཕན་འདོགས་མི་ནུས་ནའང་དེ་རྣམས་མཛའ་བོ་གཞན་ཉམ་ཉེས་ན་དུ་བ་ལ་སོགས་པ་མཐོང་ལ། ད་ལྟ་ནི་ཕན་གདགས་ནུས་ཀྱང་ཕན་མི་འདོགས་པ་ནི་མི་རིགས་སོ་ཞེས་སྟོན་པ་ནི། མཛའ་བོའི་རང་བཞིན་ཞེས་པ་ལ་སོགས་པའོ། ། 212-298b གཡོ་དང་འཐབ་བྱེད་པ་ནི་ཇི་ལྟར་ཚུལ་འཆོས་ཞེ་ན་ཕྱི་བཞིན་མི་འབྲང་བར། སླར་ཟློག་པའི་ཕྱིར་ནི་སྐད་འཛེར་ཅིང་མིག་ནས་མཆི་མས་གང་བཞིན་སྨྲ་བའོ། །ཚུལ་འཆོས་པ་ལ་ཡང་བླ་མ་དང་འདྲ་བ་ནི་མགོ་བོས་བཏུད་དེ་འདི་དག་ཕྱག་འཚལ་བ། དེ་གཡོ་དང་འཐབ་བྱེད་དེ་ཚུལ་འཆོས་པ་ཡིན་ནོ། །མཚུངས་ཤིང་མཉམ་པས་ཕྱག་གི་གནས་སུ་མ་གྱུར་པ་ལ་ཡང་བླ་མ་ལ་ཕྱག་འཚལ་བ་ལྟར་བྱེད་པ་དང་ཚུལ་འཆོས་པ་ཡིན་ནོ། །འདི་དག་བྱམས་ན་བདག་རབ་ཏུ་འབྱུང་བའི་རྗེས་ལ་རབ་ཏུ་འབྱུང་བར་རིག་པ་ལའོ། །དམ་པའི་སེམས་ནི་ངོ་མཚར་གྱུར་པ། གར་མཁན་སྤྱོད་པ་བཞིན་དུ་མི་འགྱུར་རམ། །ཞེས་བྱ་བ་ནི་གཞན་ལ་འཕྱ་བ་སྟེ། གཞན་དག་ཕན་པར་འདོད་པའི་སེམས་སུ་གྱུར་པ་འདོད་པ་དེ་ལ་དམ་པའི་སེམས་ཞེས་བྱ་བ་གཞན་ཁས་ལེན་པའི་ཕྱིར་རོ། །དེ་ནི་ངོ་མཚར་གྱི་སྤྱོད་པ་གར་མཁན་ལྟ་བུ་དེ་རེས་འགའ་གཅེས་པར་མི་རིགས་ལ་རེས་འགའ་གཅེས་པར་འཛིན་ཅིང་མི་གཅེས་པར་མི་རིག་པ་ལ་མི་གཅེས་པའི་ཕྱིར་རོ། །དེ་ཉིད་བསྟན་པ་ནི་ཡོན་ཏན་མེད་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་མེད་པ་ནི་བདག་ལ་གཞན་གྱིས་ཕན་གདགས་པར་མི་ནུས་ཏེ། བདག་དང་ལྷན་ཅིག་ཏུ་འཆི་བའི་ཚེ་ཡང་གྲོགས་པོ་ཡོད་ལ། ཡོན་ཏན་ཡོད་ལ་ནགས་སུ་འགྲོ་བ་ནི། །གྲོགས་པོ་གཅིག་ཀྱང་མེད་པ་ངོ་མཚར་ཆེ། །ཞེས་བྱ་བ་སྟེ་གོ་སླའོ། །ཡོན་ཏན་མེད་པའི་ཚེ་གྲོགས་ཡོད་པ་ཉིད་གསལ་བར་བཤད་པ་ནི་གླང་ཆེན་སྨྱོན་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་དག་ཡིན་ནམ་དེ་ཡང་དེ་མ་ཡིན་པ་ཞེས་བྱ་བ་ནི་ངག་ཀྱང་མ་ཡིན་ནམ་ཡང་ན་བདག་ཀྱང་ཡིན་ཞེས་བྱ་བ་སྟེ། མི་གཅེས་པའི་ཚེ་བདག་མ་ཡིན་ལ་དེའི་ཚེ་ཁྱེད་ཀྱང་བདག་གི་མཛའ་བཤེས་མ་ཡིན་ནའོ། །གཅེས་པར་འཛིན་པའི་ཚེ་བདག་ཀྱང་ཡིན་ལ་ཁྱེད་ཀྱང་ཡིན་པའོ། །དེ་ལྟར་བྱམས་པ་མེད་པར་གྱུར་པའི་ཡོན་ཏན་ཀྱང་རྗེས་སུ་མི་འབྲང་བའོ། །དེའི་རྒྱུ་ཉེས་པ་བྱས་པས་བདག་མི་དྲན་ན། བདག་གི་མཛའ་བོ་འདི་ལྟར་འཁོད་བཞིན་དུ་སྟེ་བདེ་བླག་ཏུ་གནས་བཞིན་དུ།འདི་ལྟར་འགྱུར་རམ་རུང་ངམ་ཅི་ཞེས་བྱ་བ་ནི། བདག་གི་གྲོགས་མི་བྱེད་པ་རིགས་སམ་ཅི་ཞེས་བྱ་བའོ་ 212-299a བདག་ལ་ཡོན་ཏན་མེད་པ་དེ་ལྟར་འབྲང་ཞེས་བྱ་བ་ནི་བདག་གི་ཡོན་ཏན་མ་མཐོང་བ་རྣམས་རྗེས་སུ་མི་འབྲང་བ་དེ་ལྟར་རིགས་ཀྱང་ཞེས་བྱའོ། །བདག་གིས་ཡོན་ཏན་དག་ལ་རྗེས་སུ་ཆགས་པ་རྣམས། །དེ་ལྟར་འབྲང་བར་ནུས་པ་སུ་ཞིག་ཡོད། །དེ་དག་ནི་བདག་རྗེས་སུ་འབྲང་བར་རིགས་པའོ། །འོན་ཀྱང་མི་མཁས་པའི་རྣམ་པར་རྟོག་པ་ལ་བརྟག་པར་མི་རིགས་སོ་ཞེས་ཤེས་པ་ནི་གང་དག་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའོ། །དི་རིང་བདག་འདོར་བ་ནི་གཏི་མུག་ཡིན་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་མི་ལྡོག་ཅིང་བདེ་བའི་རྐྱེན་གྱི་བར་ཆོད་བྱེད་པ་དེ་ནི་བདག་ཆུད་གསོན་པ་ཡིན་ལ་དེ་ནི་ཀུན་ཏུ་རྨོངས་པ་ལས་གྱུར་པའོ། །ཉེས་པ་དེ་དག་མངོན་དུ་གཞོམ་པར་བྱ་བ་ནི་བདག་ལ་སྡིག་པའི་རྩ་བར་གྱུར་པ་དེ་ཉིད་བདག་གིས་གཞོམ་པར་བྱའོ། །ཆོས་སྒྲུབ་པའི་གྲོགས་དཀོན་པ་ནི་དེ་ཚེ་གང་ཟག་འགས་ཀྱང་རབ་ཏུ་བྱུང་བ་ལ་སྐུལ་མ་མ་བཏབ་པའི་ཕྱིར་རོ། །ཚོང་དཔོན་གྱི་རབས་ཏེ་ཉི་ཤུ་པའོ།། །། ༈ ཉི་ཤུ་རྩ་གཅིག་པ། ཀུན་ཏུ་རྒྱུན་བྱང་ཆུབ་ཀྱི་རབས་བཤད་པ། ༆ སྦྱོར་བའི་ཡོན་ཏན་ངེས་པ་ནི་བརྟན་པའོ། །དེ་ཡུན་རིང་དུ་གྱུར་པ་ན་ཞེས་བྱ་བ་ནི་ཡུན་རིང་དུ་བསླབས་པའོ། །དེ་འདོད་པ་རྣམས་ཡོངས་སུ་སྤངས་ནས་ཞེས་འབྲེལ་ཏོ། །བུད་མེད་དག་ནི་བལྟར་ཡང་མེད་པར་བྱེད་པ་ནི། སྤྱིར་དཀའ་ཐུབ་ཅན་གཞན་དག་སྟེ་བུད་མེད་ནི་ནམ་དུ་ཡང་མི་མཐོང་བའོ། །རྒྱགས་པས་བསྙེམས་སམ་གལ་ཏེ་མ་བརྟགས་པ་ཞེས་བྱ་བ་ལ་གལ་ཏེ་ཕ་རོལ་པོ་དྲེགས་ཤིང་སྙེམས་པ་སྟེ་བདག་ཁྱད་དུ་གསོད་པ་དང་། གལ་ཏེ་མ་བརྟགས་པར་དེ་གཟུ་ལུམས་སུ་བདག་ལ་གནོད་པ་བྱེད་པའོ། །སྒྲའི་དོན་ཐད་ཀ་ལ་དེ་ཡིན་ལ་དེ་ནི་སྙེམས་པའི་དྲེགས་པ་རང་དབང་མེད་པར་འབྱུང་བ་དང་མ་བརྟགས་པར་འབྱུང་བ་གཉིས་ཀ་སྤང་བར་བྱ་ཞེས་བྱ་བའོ། །བདག་ཉིད་གསོན་བཞིན་དེ་ནི་ཡོངས་མ་གཏང་། །ཞེས་བྱ་བ་ནི་ཕ་རོལ་དགྲའོ། །བདག་ཉིད་གསོན་པར་མ་བཏང་སྟེ་ལེགས་པར་སོད་པར་བྱའོ་ཞེས་བྱ་བའོ། །ཡང་ན་བདག་ཉིད་མ་ཤི་བར་དུ་དགྲ་དེ་མི་གཏོང་བའོ། །དོན་ནི་རང་གི་ཞེ་སྡང་ལ་སྦྱར་རོ། །ད་དུང་གསོན་ཞེས་པ་ནི་ད་དུང་ཅུང་ཟད་གསོན་དེ་མྱུར་དུ་ཤི་ན་ལེགས་པའོ། །ཀྱེ་མའོ་བདག་ 212-299b དགར་བགྱིས་པ་གང་ལ་སྲིད། །ཅེས་པ་ནི་ཇོ་བོ་དགྱེས་རུང་མ་དགྱེས་རུང་བདག་གིས་དགྱེས་པ་ནི་མ་ཡིན་ཀྱང་བདག་ཉིད་ཀྱི་དགེ་བ་བསྒྲུབ་པའི་བར་ཆད་ལ་སོགས་པ་ཞི་བར་གྱུར་པའི་སླད་དུ་ཚུལ་དུ་འབྲངས་སོ་ཞེས་བྱ་བའོ། །སྐྱེས་ནས་གང་ཞིག་མི་མངོན་ལ། །ཞེས་བྱ་བ་ནི་ཁོང་ཁྲོ་བ་སྐྱེས་ནས་དགེ་བ་མི་མངོན་ཞིང་འགྲིབ་པའོ། །དེ་མ་སྐྱེས་ན་ནི་དགེ་བར་མངོན་ཞིང་དགེ་བ་ལ་འཇུག་པའི་གོ་སྐབས་ཡོད་དོ་ཞེས་བྱ་བའོ། །མ་ཕན་འདོད་པའི་མི་ནི་དགྲ་སྟེ་དེ་དག་ནི་གཞན་ཡིད་མི་བདེ་ཞིང་འཁྲུགས་ན་དགའ་བས་དེ་ཉིད་ཀྱིས་ན་དགྲ་རྣམས་དགའ་འགྱུར་ཞེས་པ། མཛའ་བཤེས་དག་གིས་རབ་ཏུ་གཅུགས་གྱུར་ཀྱང་། །ཞེས་བྱ་བ་ནི་མཛའ་བཤེས་ཀྱིས་ཕན་བཏགས་ཀྱང་ངོ་། །ཀུན་ཏུ་རྒྱུ་བྱང་ཆུབ་ཀྱི་རབས་ཏེ་ཉི་ཤུ་རྩ་གཅིག་པའོ།། །། ༈ ཉི་ཤུ་རྩ་གཉིས་པ། ངང་པའི་རབས་བཤད་པ། ༆ ཟླ་བའི་ན་ཆུང་སྐར་མ་རྣམས། །སྤྱི་ཡི་གདོང་ལྟ་མེ་ལོང་བཞིན། །ཞེས་བྱ་བ་ཇི་ལྟར་ན་ཆུང་རྣམས་ཀྱི་བྱད་ཀྱི་གཟུགས་བརྙན་མེ་ལོང་ལ་འཆར་བ་ལྟར་ཟླ་བ་དང་སྐར་མ་ལ་སོགས་པ་ན་ཆུང་མཛེས་པ་དེ་དག་གི་གཟུགས་བརྙན་མཚོ་དེའི་ནང་དུ་མཚན་མོ་འབྱུང་ངོ་། །དགའ་ཞིང་མི་འཇིགས་ཡོན་ཏན་བཅས། །ཞེས་བྱ་བ་ལ་རྒྱལ་པོའི་འཁོར་དང་བཅས་པ་དགའ་ཞིང་མི་འཇིགས་པ་སྒྲོགས་པས་ཡོན་ཏན་བཅས་ཏེ་མི་འཇིགས་པའི་ཡོན་ཕུལ་བའོ། །ཁྱོད་ཀྱི་རྙེད་པ་ཡང་དེ་བཞིན་ལ་ཞེས་བྱ་བ་ནི་བློན་པོ་བདག་བཟུང་བས་རྒྱལ་པོ་བྱ་དགའ་སྩོལ་བའོ། །བདག་གིས་གསོལ་བ་གནང་སྟེ་ངང་པའི་རྒྱལ་པོ་གཏང་བའོ། །དེ་ནས་ཡོན་ཏན་གཞན་ཡང་ང་ལ་མང་པོ་དགའ་བར་བགྱིད་པར་འགྱུར་ཏེ། རྒྱལ་པོ་དང་བཅས་པ་ཐམས་ཅད་དགའོ། །དེ་བས་མཛའ་བའང་དེ་བཞིན་འགྱུར། །ཞེས་བྱ་བ་ནི་ངང་པ་མང་པོའི་མཛའ་བཤེས་ཀྱི་ཕྱོགས་ཐམས་ཅད་ཀྱང་དགའ་བར་འགྱུར་བའོ། །ཁྱོད་ཀྱི་ཆོས་ཀྱི་སྐུ་ལ་རྨ་མེད་དམ། །ཞེས་བྱ་བ་ནི་ཆོས་བསྒྲུབ་པའི་རྟེན་གྱི་ལུས་བདེ་འམ་ཞེས་བྱ་བའོ། །ཡང་ན་ཚིག་རྐང་པ་དང་པོ་གཉིས་ཀྱིས་རང་ཉིད་བདེ་བར་བཞུགས་སམ་ཞེས་བསྟན་ལ། ཚིག་རྐང་པ་གཞན་གཉིས་ཀྱིས་ནི་འབངས་རྣམས་བདེ་བར་གནས་སམ་ཞེས་བསྟན་པའི་ཚིག་སྟེ། སྐུ་ཆོས་ཀྱི་སྐུ་ནི་ཆོས་ཀྱིས་བསྐྱང་བར་བྱ་བའི་འཁོར་གྱི་ཚོགས་ཏེ་དེ་རྣམས་ལ་གནོད་པ་མེད་དམ་ 212-300a ཞེས་བྱ་བའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཀའ་ལུང་སྙན་པས་རྒྱ་ཆེར་དབུགས་དབྱུང་ངམ་ཞེས་པ་སྟེ། རྒྱལ་པོའམ་འབངས་ཡོངས་སུ་བཟུང་བའི་ཚིག་གིས་འབངས་རྣམས་བདེ་བར་གནས་སམ་ཞེས་བྱ་བའོ། །ཕན་གདགས་ཞེས་བྱ་བའི་རྐང་པ་གཉིས་ཀྱིས་ནི་གཞན་ལ་ཕན་པ་བསྒྲུབས་སམ་ཞེས་བྱ་བའོ། །འབངས་རྣམས་གློ་བ་ཉེ་ཞིང་ཕན་བཏགས་སམ་ཞེས་པ་ནི་འབངས་ཀྱི་བསམ་པ་དང་སྦྱོར་བས་རྒྱལ་པོ་ཡང་ལེགས་པའི་བྱ་བ་བྱེད་དམ་ཞེས་པའོ། །བློན་པོ་མཛངས་ཤིང་གློ་བ་ཉེ་བ་རྣམས། །བརྟག་པའི་ཐབས་ཀྱིས་ལེགས་པར་བརྟགས་ལགས་སམ། །ཞེས་བྱ་བ་ནི་བློན་པོའི་ཁྱད་པར་བྱ་བའི་ཁྱད་པར་སོ་སོ་བསྒྲུབ་པ་ལ་བརྟགས་ཤིང་བསྐོས་སམ་ཞེས་བྱ་བ་སྟེ། ཇི་སྐད་དུ་འཆར་བྱེད་ཀྱི་མདོ་ལས་འཚལ་ཟ་གུས་པ་དང་ནུས་པ་དང་ཤེས་པ་བརྟགས་ནས་ལེགས་པར་བསྐོས་ཤིང་དེ་དག་ལ་ཚུལ་དང་མཐུན་པའི་བསྙེན་བཀུར་བྱེད་པའི་ཡོན་ཏན་དང་བཟློག་པའི་ཉེས་པ་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་དག་མ་མཁྱེན་པར་ནི་ཞེས་བྱ་བ་ནི་གཞན་ལ་ཕན་པའི་ཐབས་སོ། །དཔའ་ཞིང་ཐབས་ལ་མཁས་པའི་བཀའ་ནན་གྱིས་ཞེས་བྱ་བ་ནི་སྙིང་སྟོབས་དང་ཤེས་རབ་ཀྱིས་བློན་པོའི་ཁྱད་པར་བསྐོས་པས་རྒྱལ་ཕྲན་རྣམས་ལེགས་པར་བསྒྲུབས་སམ་ཞེས་པའོ། །ཐམས་ཅད་དུ་ཡང་བསམ་པ་བཟང་སྟེ་ཆོས་ཀྱི་དོན་དུ་འགྱུར་བས་ཐུགས་རྗེ་ཆེན་པོའི་མཛེས་པ་མཆིས་ལགས་སམ་ཞེས་པའོ། །བློ་གཏད་པར་མི་འོས་པའི་ཚལ་ཟ་བ་ལ་སོགས་པ་ལ་བློ་གཏད་པ་ནི་ཉེས་པ་ཡིན་པས། ཐུགས་རྗེ་བག་མེད་པར་མི་མནལ་གྲང་ཞེས་བྱ་བའོ། །ཆོས་ནི་དགེ་བ་བསྒྲུབ་པའོ། །བདེ་བ་ནི་དེའི་ལོངས་སྤྱོད་ཀྱི་འབྱོར་པའོ། །སྲིད་ནི་འབངས་རྣམས་མ་འཁྲུག་པའི་བཀའ་བསྒོས་པས་ཉན་པའོ། །དེ་གསུམ་མཐུན་ལགས་སམ་ཞེས་བྱ་བ་སྟེ་རྫོགས་པར་ཡོད་དམ་ཞེས་པའོ། །བདག་གི་ཡོན་ཏན་གྱི་སྟོབས་ཀྱིས་ཚེར་མ་བཅད་པའི་དགྲ་རྣམས་ལས་ཁྱད་པར་དུ་གྱུར་ཞིང་ཟིལ་གྱིས་གནོན་ཏམ་ཞེས་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་ཁྱོད་ལ་བརྟེན་ཅིང་ལྟ་ཞེས་པ་ནི་བདག་བྱའི་རྒྱལ་པོ་ཡང་མིའི་རྒྱལ་པོ་ལ་བརྟེན་ཅིང་ལྟ་སྟེ་ལྟོས་པ་དང་བཅས་པའོ་ཞེས་བྱ་ 212-300b བའོ། །ཅིའི་ཕྱིར་ཞེ་ན་ཁྱོད་ནི་མགྲོན་ལ་དགའ་ཞིང་ཡོན་ཏན་འདོད་ཅེས་སྨོས་ཏེ་དེའི་ཕྱིར་རོ། །འདི་ལྟར་གྱུར་པ་ངེས་པར་གོམས་པའི་ཡོན་ཏན་ཞེས་སྨོས་པ་སྟེ་ཡོན་ཏན་ལ་དགའ་ཞིང་མགྲོན་རྣམས་སྦྱིན་པའི་ཞིང་འགྲུས་པ་ཡང་སྔོན་གོམས་པའི་ཡོན་ཏན་ཡིན་ནོ་ཞེས་བྱ་བའོ། །འབངས་ལ་ཕན་ཕྱིར་རྒྱལ་པོའི་ཚུལ་འཛིན་པ། །ཁྱོད་ཀྱི་རང་གི་ཡོན་ཏན་ངང་གིས་གནས་ཞེས་སྦྱར་རོ། །དེའི་དོན་ནི་རྒྱལ་སྲིད་ཀྱི་བདེ་བ་ལ་བརྐམ་པས་རྒྱལ་སྲིད་བཟུང་བ་མ་ཡིན་གྱི། གཞན་ལ་ཕན་པའི་ཕྱིར་རྒྱལ་སྲིད་བཟུང་བས་ཁྱོད་ནི་ཡོན་ཏན་དང་ལྡན་པ་ཡིན་ན། ཇི་ལྟར་དྲང་སྲོང་མཉམ་གཞག་དཀའ་ཐུབ་འབད་པ་བཞིན་ཏེ་འཇིག་རྟེན་པའི་དྲང་སྲོང་སེམས་བྱམས་པ་ལ་སོགས་པ་མཉམ་པར་འཇོག་ཅིང་ཚུལ་ཁྲིམས་ལ་སོགས་པ་ལ་འབད་པ་ནི་ཡོན་ཏན་དང་ལྡན་པ་ཡིན་པས་ཉེ་བར་ཞི་བའོ། །རང་བཞིན་དུལ་བ་ཁྱོད་ལྷ་ལགས་ཀྱང་མོད་ཞེས་པ་སྟེ་དྲང་སྲོང་དང་འདྲ་བར་སྟོན་ཏོ། །དེ་བས་སྡོད་པར་འོས་པའི་ཡོན་ཏན་བདེ་སྟེ་བདེ་བར་དེ་བསྒྲུབ་པོ་ཞེས་བྱ་བའོ། །འབྱུང་པོའི་ཉེས་པའི་གཅོང་རོང་ཞེས་བྱ་བ་ནི་སྐྱེ་བོ་དག་ཉེས་པ་ལ་བཅུག་པའི་ཉེས་པ་ནི་གཅོང་རོང་གི་གནས་ལྟར་སྡུག་བསྔལ་བའི་གནས་ཡིན་པས་དེར་མི་འདོད་ཞིང་དོར་རོ་ཞེས་བྱ་བའོ། །འཁོར་ཡུལ་ནི་འཁོར་རམ་ཡོངས་སྤྱོད་དོ། །རྒྱལ་པོ་ཡོན་ཏན་ཅན་གྱིས་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དུལ་བ་དང་བཟོད་པ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་ད་ལྟ་ཡོད་ཅིང་སྔོན་གོམས་པའི་རྒྱུ་དགེ་བ་དེ་ལས་འདོད་པ་ཐོབ་བོ་ཞེས་པའོ། །ལྷའི་རྒྱལ་པོའི་དཔལ་ནི་བརྒྱ་བྱིན་ལ་སོགས་པའི་འབྱོར་པའོ། །ཡོན་ཏན་ཡོད་ན་རྒྱུད་ཀྱང་རབ་ཏུ་འཕེལ་བ་ནི་ཡོན་ཏན་དང་ལྡན་པའི་རིགས་བརྒྱུད་ཀྱང་དབང་བསྐུར་བར་འོས་ཤིང་རྒྱལ་སྲིད་ཀྱི་རྒྱུན་བརྟན་ཏེ། རྒྱལ་པོ་སྔ་མའི་རྗེས་སུ་རྒྱལ་པོ་ཕྱི་མ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །བདག་ཉིད་ཆེན་པོའི་མཐུ་ནི་དགྲ་འདུལ་བ་ལ་སོགས་པའོ། །དེ་ཉིད་བཤད་པ་ནི་ཟླ་བའི་འོད་ལས་ཞེས་བྱ་བ་ལ་སོགས་པའོ། །དོན་གྱི་མཆོག་ནི་དགོས་པའི་མཆོག་སྟེ་ཇི་ལྟར་དོན་གྱི་མཆོག་ཡིན་ཞེ་ན། རྒྱལ་པོ་ཆོས་ལ་དགའ་བར་གྱུར་ན་ནི་ཞེས་སྨོས་ཏེ་ཕན་འདོགས་ཤིང་བྱམས་སེམས་དང་ལྡན་པའི་ཞེས་བྱ་བའི་ 212-301a ཐ་ཚིག་གོ། །བདག་གི་གྲོགས་མང་སྡུག་བསྔལ་འབད་པ་བཞིན་ཞེས་བྱ་བ་ནི་ངང་པའི་ཚོགས་རྣམས་རྗེ་དཔོན་མེད་པས་སྡུག་བསྔལ་བས་དེ་དག་བདག་འབོད་པ་ལྟར་དེ་དག་གི་དྲུང་དུ་འགྲོ་དགོས་སོ་སྙམ་པའོ། །ངང་བའི་རབས་ཏེ་ཉི་ཤུ་རྩ་གཉིས་པའོ།། །། ༈ ཉི་ཤུ་རྩ་གསུམ་པ། བྱང་ཆུབ་ཆེན་པོའི་རབས་བཤད་པ། ༆ བསོད་ནམས་བཞི་ལས་འབར་བའི་ཡོན་ཏན་རྣམས། །ནན་ཏན་སྒྲུབ་པའོ། །བྱིན་གྱིས་དགའ་བར་འགྱུར་ཞེས་བྱ་བ་ནི་སྔོན་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབས་པའི་ཡོན་ཏན་ཚེ་འདི་ལ་ཡང་འབད་པས་བསྒྲུབ་པའི་ཉམས་སུ་ལེན་པའི་དེ་ནི་དེའི་མཐུས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དེ་ལྟར་དགའ་བས་དགྲ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོངས་སྤྱོད་ཡོན་ཏན་ཕུན་སུམ་ཚོགས་ཞེས་བྱ་བ་ནི་བདག་ལ་ལོངས་སྤྱོད་ཡོད་ཅིང་ཕ་རོལ་པོ་ཡོན་ཏན་དང་ལྡན་པའི་མགྲོན་འོངས་ན་ཞེས་བྱ་བའོ། །སྲིད་དང་འདོད་དང་མི་མཐུན་པ་ནི་རྒྱལ་པོའི་སྲིད་བསྒྲུབ་པ་དང་མི་མཐུན་ཞིང་འདོད་པ་ལ་ལོངས་སྤྱོད་པ་དང་མི་མཐུན་པའོ། །ལན་ཅིག་ཙམ་ཞིག་སྨ་བབ་གྱུར་པ་ཡིས། །སྔོན་ཅད་ཕན་བཏགས་པ་དང་ག་ལ་མཉམ་ན། གལ་ཏེ་བསྐྲད་ནས་སྨ་བབ་པས་སྔར་བྱས་པ་ཐམས་ཅད་མི་དྲན་པར་ཉམས་ནས་མི་རུང་ངོ་སྙམ་ནའོ་ཞེས་འགྲས་པ་དང་ལྷན་ཅིག་ཏུ་གནས་པར་མི་བྱ་བ་ནི་བྱམས་པའོ་ཞེས་བྱ་བ་ལ་སོགས་པའོ། །བདེ་བ་འདོད་ཅིང་ནི་འཕྲལ་ལའོ། །ཉེས་པ་མི་འདོད་པ་སྡིག་པ་ལ་སོགས་པར་མི་འདོད་པས་རབ་ཏུ་དད་པ་སྟེ་བྱམས་པ་དང་བརྩེ་བ་ལ་བརྟེན་པར་རིགས་པའོ། །གུས་པར་བྱེད་ཀྱང་ཞེས་བྱ་བ་ནི་སྦྱིན་བདག་གོ། །གཞན་དུ་ཕྱོགས་ཀྱང་ཞེས་བྱ་བ་ནི་དེས་མི་མགུ་བ་ལ་ལོངས་སྤྱོད་པའོ། །དེ་ཡང་དོར་བར་བྱའོ། །གཞན་དུ་ཕྱོགས་ཀྱང་ཞེས་བྱ་བ་ནི་སྦྱིན་བདག་གོ། །ཞུམ་པས་དེ་ལ་ལྟ་བ་ནི་ལོངས་སྤྱོད་པ་པོ་ཞུམ་ཞུམ་པོར་བྱས་ཏེ་ནན་གྱིས་སློང་བའོ། །དེ་གཉི་ག་ཉེས་པ་ཡིན་ཏེ་སྡིག་པ་སོག་པའི་རྒྱུར་འགྱུར་བའོ། །བརྟེན་པའི་མི་རྣམས་ལ་གྲིབ་མའི་ལྗོན་ཤིང་ཡང་ཇི་སྲིད་ཉེ་བར་མཁོ་བ་གཞན་མ་བྱུང་བ་དེ་སྲིད་དུ་བཞག་ལ། གལ་ཏེ་ཉེ་བར་མཁོ་བ་གཞན་དུ་ནི་སྤྱད་དགོས་པ་ལྟར་བདག་ལ་བརྟེན་པའི་མི་ཡང་བདག་གིས་གནོད་པར་མི་འགྱུར་ཞིང་གཞན་གྱི་ 212-301b ཆེད་དུ་སྤྱད་མི་དགོས་ན་བསྐྱང་ལ་གང་གི་ཚེ་དགོས་པ་དེའི་ཚེ་དེ་ཉིད་ལ་བྱས་པ་མི་གཟོ་བ་བྱས་ཀྱང་རྒྱལ་པོའི་ཆོས་ལུགས་ཀྱི་ཉེས་པ་མེད་པའོ། །ཡོན་ཏན་གོམས་པ་ནི་བྱས་པ་ལ་དྲིན་དུ་གཟོ་བའི་ཡོན་ཏན་ནོ། །ཉེས་པ་བྱས་པ་ནི་བྱང་ཆུབ་སེམས་དཔའ་ལ་བརྙས་ཤིང་སྨད་པའོ། །བདག་གི་ལྟ་བ་ཡང་གནོད་པའི་ཚིག་གང་གིས་གཞན་ལ་སྨོད་བྱེད་པ་ཞེས་བྱ་བ་ནི་ཐམས་ཅད་ལ་ཉེས་པ་མདོར་སྟོན་ཏེ། རྒྱུ་མེད་ན་བྱང་ཆུབ་སེམས་དཔས་མ་བྱས་པ་མེད་ཅིང་དབང་ཕྱུག་རྒྱུ་ཡིན་ན་ཡང་དེས་བྱས་པས་གཞན་ལ་བསྒོ་བར་མི་རིགས་པ་དང་། ལས་རྒྱུ་ཡིན་ན་ཡང་སྤྲེའུ་དེ་ཉིད་ཀྱི་ལས་ཡིན་པས་བྱང་ཆུབ་སེམས་དཔའ་ལ་ཉེས་པ་བརྗོད་པར་མི་རིགས་པ་དང་། ལས་བྱས་པ་ཆུད་ཟིན་ཡང་དེ་དང་འདྲ་བ་དང་། རྒྱལ་རིགས་ཀྱི་གཞུང་ལུགས་བདེན་ན་ཡང་བདག་ལ་ཕན་འདོགས་པའི་ཡན། [བྱང་ཆུབ་སེམས་དཔས་སྤྲེའུ་བསད་ཅེས།] ལག་ཡིན་པས་བྱ་བར་འོས་པས་བདག་གི་ཉེས་པ་མ་ཡིན་པ་སྟེ། རྒྱས་པར་རེ་རེ་ནས་འོག་ཏུ་སྟོན་ནོ། །གཞན་གྱིས་མི་སྙན་སྒྲོགས་དེ་ནི། བདག་ལ་གནོད་པ་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །བདག་ལ་ཅི་ཕྱིར་སྡིག་གྱུར་བསད་དུ་མ་ཟད་དམ་ཞེས་བྱ་བ་ནི་རྒྱུ་མེད་པས་གསད་དུ་མ་ཟད་དམ་ཞེས་བྱ་བའོ། །གལ་ཏེ་པདྨའི་སྡོང་བུ་སྐྱེས་ལ་སོགས་འདྲ་ན་ཞེས་བྱ་བ་ནི་དེ་དག་དང་འདྲ་བར་རྒྱུ་མེད་ནའོ། །དཔེ་མ་གྲུབ་པ་ཡིན་ཏེ་འོ་ན་རྟག་ཏུ་རྒྱུ་མེད་པར་ཡང་ཅིས་མི་འགྱུར་དེ་པདྨའི་སྡོང་བུ་ལ་སོགས་པ་རེས་འགའ་བ་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་དག་ལ་ཡང་རྒྱུ་འབྲས་ཀྱི་མཚན་ཉིད་དང་ལྡན་པར་སྟོན་པ་ནི། ཆུ་ལ་སོགས་པ་ཞེས་པ་ལ་སོགས་པའོ། །གཏན་ཚིགས་བཅས་པར་རྒྱུ་མེད་ཟེར་བ་ནི། བདག་ཉིད་ཀྱིས་ནི་ཁས་འཆེས་སུན་དབྱུང་ངོ་། །ཞེས་བྱ་བ་ནི་རྒྱུ་མེད་པ་ལ་ཤེས་བྱེད་འགོད་པར་འདོད་ན་ནི་རྒྱུ་ལ་ལྟོས་པར་འདོད་ལ་རྒྱུ་མེད་པར་ཡང་ཁས་ལན་པས་རང་གི་ཚིག་དང་འགལ་བ་སྟེ། རྗེས་སུ་དཔག་པ་ཚད་མ་ཡིན་ནོ་ཞེས་བྱ་བའམ་སྨྲ་བ་ཐམས་ཅད་བརྫུན་ནོ་ཞེས་བྱ་བ་ལྟ་བུར་འགྱུར་ཏེ། རྒྱུ་ལ་བལྟོས་ནས་འབྲས་བུ་འགྲུབ་པར་ཤུགས་ལས་ཁས་བླངས་ཏེ་དེ་ལྟ་མ་ཡིན་ན་གཞན་ལ་བལྟོས་པར་བྱ་བའི་གཏན་ཚིགས་བསྟན་པ་དོན་མེད་པར་འགྱུར་རོ། །དངོས་སུ་ནི་དངོས་པོ་ཐམས་ 212-302a ཅད་རྒྱུ་མེད་པར་དམ་བཅས་པས་ཤུགས་ལ་ཁས་བླངས་པ་དངོས་སུ་སྨྲས་པ་འགལ་བར་འགྱུར་རོ། །གལ་ཏེ་རྟགས་མི་སྟོན་ན་ནི་གཞན་གྱིས་རྟོགས་པར་མི་འགྱུར་བས་འདོད་པ་མི་འགྲུབ་པོ་ཞེས་སྟོན་པ་ནི་ང་སྟེ་གཏན་ཚིགས་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་ཅེས་བྱ་བ་ནི་རྒྱུ་མེད་པར་སྨྲ་བའི་གང་ཟག་གོ། །ཁ་ཅིག་ཏུ་ནི་རྒྱུ་མེད་རྐྱེན་མེད་མཐོང་བས་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ལ་སོགས་པའོ། །དེའི་རྒྱུ་རྐྱེན་སེམས་ཅན་གྱི་ཐུན་མོང་གི་ལས་ཡིན་པ་མ་མཐོང་ཞིང་མ་ཤེས་པས་དངོས་པོ་ཐམས་ཅད་རྒྱུ་མེད་པར་སྨྲ་ན་དུ་བ་མེའི་རྒྱུ་དང་བཅས་པར་མཐོང་བས་མཐོང་བ་དང་འགལ་བའོ། །མ་མཐོང་བ་དེ་ཉིད་དུ་ཡང་མེད་པར་གཞག་པར་མི་ནུས་པར་སྟོན་པ་ནི། གལ་ཏེ་གང་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །ཐམས་ཅད་དབང་ཕྱུག་གིས་བྱས་ན་དབང་ཕྱུག་མཉེས་པར་བྱ་བའི་ཕྱིར་མཆོད་པ་ལ་སོགས་པ་བྱ་བར་མི་རིགས་ཏེ་དེའི་བྱེད་པ་པོ་ཡང་དབང་ཕྱུག་ཡིན་པའི་ཕྱིར་རོ་ཞེས་སྟོན་པ་ནི། དབང་ཕྱུག་ལ་ནི་རེ་བ་ཡིས། །ཅི་ཕྱིར་ཕྱག་ལ་སོགས་པ་འཚལ་ཞེས་བྱ་བའོ། །ཁྱོད་ཀྱི་དེ་ནི་རང་འབྱུང་སྟེ་ཞེས་བྱ་བ་ནི་ཁྱོད་ཀྱི་དབང་ཕྱུག་མཆོད་པ་དེ་ནི་དབང་ཕྱུག་རང་ལས་བྱུང་གི་བྱེད་པ་པོ་གཞན་མེད་པའི་ཕྱིར་གང་གིས་བྱས་པ་དེའི་ལས་ཡིན་ཏེ་ཐམས་ཅད་དེས་བྱས་པའི་ཕྱིར་རོ། །དེ་ཉིད་གསལ་བར་བཤད་པ་ནི་མཆོད་སྦྱིན་ཁྱོད་ཀྱིས་གང་བྱས་པ་དེ་ནི་དབང་ཕྱུག་གིས་མི་བྱེད་པ་མ་ཡིན་ཏེ་ཐམས་ཅད་དེས་བྱས་པའི་ཕྱིར་རོ། །དེ་ཡང་དོགས་པ་གང་གིས་ཕྱིར་བྱེད་ན་བདག་ཉིད་འབྱོར་པ་ཐོབ་པར་བྱ་བའི་ཕྱིར་དེ་དབང་ཕྱུག་རང་གི་བསྙེན་བཀུར་ལ་སོགས་པ་བསྒྲུབ་པའི་ཕྱིར་གང་བྱེད་པའི་དབང་ཕྱུག་དེ་ཉིད་བྱེད་པ་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དབང་ཕྱུག་ལ་བྱས་པ་དོན་མེད་དམ་ཞེས་བྱ་བའོ། །གཞན་ཡང་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ནི་སྐྱེ་དགུ་ལ་གནོད་པ་དང་འབྲེལ་པར་བྱེད་པས་གུས་པའི་ཡུལ་དུ་མི་རུང་ངོ་ཞེས་སྟོན་པ་ནི་སྡིག་པ་ཆེན་པོ་ཞེས་བྱ་བའི་ཚིགས་སུ་བཅད་པའོ། །ང་ཡང་དབང་ཕྱུག་འགྱུར་བ་ནི། །ཆོས་སམ་གཞན་ལས་འགྱུར་གྲང་ན། །ཞེས་བྱ་བ་ནི་དེ་ཡང་འགྲོ་བ་རྣམས་ལ་དབང་མེད་པའི་དབང་ཕྱུག་ཏུ་འགྱུར་བར་འདོད་ན་ 212-302b དབང་ཕྱུག་ཉིད་ཀྱི་རང་བཞིན་ཆོས་ཞེས་བྱ་བས་འགྲོ་བ་རྣམས་བསྐྱེད་པར་འདོད་ནས་རྐྱེན་གཞན་ལ་ལྟོས་ནས་བྱེད་པར་འགྱུར་ཞེས་ཕྱོགས་གཉིས་སུ་བརྟགས་པའོ། །དེ་ལ་གལ་ཏེ་ཆོས་ལས་འགྱུར་ན་ནི་དེའི་སྔ་རོལ་དབང་ཕྱུག་མིན་ཞེས་སྨོས་ཏེ་ཆོས་དང་མི་ལྡན་པའི་ཚེ་སྐྱེད་པར་མི་ནུས་པས་དབང་ཕྱུག་མ་ཡིན་པར་གྱུར་ལ། གལ་ཏེ་དབང་ཕྱུག་དེ་ཡང་ཆོས་དང་ལྡན་ན་སྐྱེད་བྱེད་མ་ཚང་བ་མེད་པར་ཡོད་པས་ཅིག་ཅར་སྐྱེ་བར་འགྱུར་ཞེས་བྱ་བ་ནི་ཤུགས་ལ་རིག་པར་བྱའོ། །ཕྱོགས་གཉིས་པ་འགོག་པ་ནི། གང་དག་གཞན་གྱིས་བྱས་འགྱུར་བ། །དེ་ནི་བྲན་དུ་འགྱུར་བ་ཉིད། །ཅེས་སྨོས་ཏེ། གཞན་ལ་བལྟོས་པ་རང་དབང་ཅན་མ་ཡིན་པའི་ཕྱིར་བྲན་དང་འདྲའོ་ཞེས་བྱ་བའོ། །གཞན་ཡང་འབྲས་བུ་སྐྱེད་པ་རྐྱེན་ལ་བལྟོས་ན་དེ་ཉིད་ཀྱང་རྐྱེན་གཞན་ལ་བལྟོས་དགོས་ཏེ། ཇི་ལྟར་དབང་པོ་རྣམ་ཤེས་སྐྱེད་པ་ཡུལ་གྱི་རྐྱེན་ལ་བལྟོས་པས་དབང་པོ་ཉིད་རྒྱུ་གཞན་ལ་བལྟོས་པ་ལྟ་བུའོ་སྙམ་དུ་བསམས་པས། དབང་ཕྱུག་དེ་ནི་ཅིའི་ཕྱིར། །རྒྱུ་ཡིས་བྱས་པར་མ་གྱུར་ཀྱེ། །ཞེས་སྨོས་སོ། །བདག་གིས་བསད་ཀྱི་སྔོན་གྱི་ལས་མ་ཡིན་ཞེས་བྱ་བ་ནི་ལས་ཁོ་ན་མ་ཡིན་པ་སྟེ། འཕྲལ་གྱི་སྐྱེས་བུའི་བྱེད་པ་ཡང་ཁས་ལེན་པའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་ལས་དང་ལས་ཀྱི་རྒྱུ་ཡང་འདོད་ན། དེ་ལྟ་ཡིན་ན་སུ་ཡང་གྲོལ་མི་འགྱུར། །གལ་ཏེ་ལས་དང་ལས་དེ་ལས་ཡང་ལས་གཞན་གྱི་སྟོབས་ཀྱིས་ཡིན་པས་ལས་འབའ་ཞིག་བརྒྱུད་པར་གྱུར་པས་སུ་ཡང་གྲོལ་བར་མི་འགྱུར་རོ། །གལ་ཏེ་ལས་སྔ་མ་ཟད་པར་བྱ་བའི་ཕྱིར་སྔོན་གྱི་ལས་མ་ཡིན་པ་དཀའ་ཐུབ་ཀྱི་ལས་ཁས་ལེན་ན་ཐམས་ཅད་ལས་ཀྱིས་བྱས་པ་མ་ཡིན་པར་འགྱུར་རོ། །སྡུག་བསྔལ་རྒྱུ་ཡང་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གཞན་གྱི་འདོད་པ་བླང་བའོ། །དེ་ལྟར་མ་ཡིན་པར་སྟོན་པ་ནི། བདེ་དང་སྡུག་བསྔལ་དེ་ལྟར་གྱུར་པའང་མེད། །ཅེས་བྱ་བ་ལ་སོགས་པའོ། །འགྲོ་བ་འཕྱ་བ་དག་གིས་འཇིགས་ནས་སུ། །སྡིག་པ་སྤང་ཞིང་དགེ་ལ་གནས་ན་ནི། །སྡིག་པའི་འབྲས་བུ་གཞན་མི་འབྱུང་ཡང་གཞན་གྱིས་རྗེས་སུ་དེ་དང་བསྟུན་པའོ་སྙམ་ན། གང་གི་ཚིག་དང་མི་མཐུན་སྤྱོད་པའི་ཚེ། །འགྲོ་བ་འཕྱ་བ་འདི་ཡང་མེད་མི་འགྱུར། །ཞེས་བྱ་བ་ནི། 212-303a ཚིག་གིས་ཚེ་རབས་གཞན་མེད་ཅེས་ཟེར་ལ་སྤྱོད་པའི་ཚེ་གཞན་ཡང་ཡོད་པར་སྤྱོད་པས། འགལ་བར་སྨྲས་པས་གཞན་རྣམས་ཀྱི་ས་དཔྱས་པར་འགྱུར་རོ། །དེ་ཉིད་གསལ་བར་འཆད་པ་ནི། །འཇིག་རྟེན་ཚུལ་ཞེས་བྱ་བ་ལ་སོགས་པའོ། །གང་ན་རིག་པའི་གཞུང་ལྡན་འདི་འདྲ་བ། དེ་ཡི་མི་རིགས་འཁྲུལ་པ་ཅི་འདྲ་སྟེ། །ཞེས་བྱ་བ་ནི་འགལ་བ་འདུ་བའོ། །ཨེ་མའོ་སྤྱི་བརྟོལ་ཅན་གྱིས་ཟིལ་གནོན་ནས། །ཞེས་བྱ་བ་ནི། རིག་པའི་རྗེས་སུ་མི་འཇུག་པའི་གཟུ་ལུམས་ཀྱིས་བདེན་པ་ཁྱད་པར་དུ་གསད་པའོ། །གཙུག་ལག་ནི་རྒྱལ་རིགས་ཀྱི་ཆོས་སོ། །དེར་ཆོས་མིན་དོར་བར་བྱས་ཏེ་སྡིག་པ་འཕེལ་བའོ། །ཁྱེད་ཅག་དགའ་བ་དེ་ནི་ཡོད་མི་མཐོང་། །ཞེས་བྱ་བ་ནི་དམ་བཅའ་བའོ། །འཐད་པ་ནི་འགལ་བ་འདུ་བ་སྟེ་གཙུག་ཞེས་པ་ལ་སོགས་པས་སྟོན་ནོ། །རྒྱུ་ལས་གྲུབ་པར་མཐོང་བཞིན་ཞེས་བྱ་བ་ནི་རྒྱུ་མེད་པ་སྤང་ངོ་། །རང་དབང་ཞེས་བྱ་བ་ནི་དེ་མེད་པས་དབང་ཕྱུག་མེད་པར་ཤེས་པའོ། །འཇིག་རྟེན་ཕ་རོལ་ཤེས་པས་ཆད་པ་མ་ཡིན་པའོ། །ལས་མ་ཡིན་པར་ཤུགས་ལ་གནས་པའོ། །དགེ་བ་ཁས་ལེན་པས་རྒྱལ་རིགས་ཀྱི་ཆོས་སྤང་བའོ། །མིའི་བདག་པོ་ནི་བོད་པའོ། །ལྟ་བ་བཟང་ངན་ངེས་པར་སྟོན་ཞེས་སྦྱར་ཏེ། གང་གིས་ཞེ་ན། ཚིག་དང་སྤྱོད་པ་རྣམས་ཀྱིས་སོ། །དེ་ཡང་ནམ་གྱི་ཚེ་ན་ཁྱོད་ཀྱིས་བརྟགས་ན་ནི་ཞེས་པའོ། །གང་གིས་བརྟགས་ཤེ་ན། རིགས་མཐུན་ལས་ནི་བསྒྲུབ་པའི་རྒྱུ་དག་གིས་ཞེས་བྱ་བ་སྟེ། རིག་པ་ནི་དཔེ་དང་སྒྲུབ་པའི་རྒྱུ་ནི་གཏན་ཚིགས་གོ། །དེ་དང་དེ་ནི་གཞན་གྱི་འདོད་པ་དེ་དང་དེའོ། །འཐད་པ་དེ་ལྟ་བུ་དེ་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་པ་ནི་སྐྱེ་བོ་ངན་པའི་ཞེས་པའི་རྐང་པ་གཉིས་སོ། །སྡིག་པའི་གྲོགས་པོ་ཉིད་བསྟེན་པ་ནི་མི་སྡོམ་པར་ཡང་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མེད་པར་སྨྲ་བ་ལ་སོགས་པ་ནི་གང་ཟག་གོ། །རྩུབ་པོས་བསྒོས་པ་ནི་ལྟ་བ་ངན་པས་སེམས་དབང་སྒྱུར་བའོ། །དེ་ན་ཁྱད་པར་མངོན་པས་སྤྱང་ཀི་བཞིན་ཞེས་བྱ་བ་ལ། དེ་ན་ཞེས་བྱ་བ་ནི་ཕ་རོལ་གྱི་འདོད་པ་དེ་ནའོ། །ཁྱད་པར་མངོན་པ་ནི་དཔྱད་ན་ཁྱད་པར་དུ་མི་བདེན་པར་རྟོགས་པ་སྟེ། དཔེར་ན་སྲིན་པོ་སྤྱང་ཀིའི་རྗེས་ཡིན་ནོ་ཞེས་བསླུས་པའི་གཏམ་རྒྱུད་ལྟ་བུ་སྟེ་བརྟགས་ན་ཕྱིན་ཅི་ 212-303b ལོག་པར་རྟོགས་པའོ། །ཆུན་པ་ནི་ཞིང་འཆུ་བའོ། །དེ་རྣམས་རྒྱུ་དཔྱས་དབུལ་བ་སྟེ་མར་ལ་སོགས་པ་འབུལ་ལོ། །དེ་རྣམས་ཤིང་གི་ཁྱད་པར་སྐྱོང་བ་ལྟར་མ་བསྐྱངས་པ་ན་ཞེས་བྱ་བའོ། །སྨན་རྣམས་ནི་མར་དང་སྦྲང་རྩི་ལ་སོགས་པའོ། །དབུ་རྨོག་མི་བརྩོན་པ་ནི་གཞན་གྱིས་བརྙས་པའོ། །ཞབས་ཏོག་ཆེར་འབུལ་བ་ནི་ཆེར་ཕན་བཏགས་པའོ། །བྱ་དགའ་སྩལ་བ་ནི་བསྙེན་བཀུར་དང་མཐུན་པར་གཞན་ལ་ཕན་གདགས་པའོ། །ནན་ཏུར་ནི་དྲག་ཤུལ་གྱིས་ཚར་བཅད་པའོ། །བྱང་ཆུབ་ཆེན་པོའི་རབས་ཏེ་ཉི་ཤུ་རྩ་གསུམ་མོ།། །། ༈ ཉི་ཤུ་རྩ་བཞི་པ། སྤྲེའུའི་རབས་བཤད་པ། ༆ ཁྱོད་ཀྱི་ཕྱིར་ནི་ང་ཡང་སྡིག་ཅན་གྱུར། །ཞེས་བྱ་བ་ནི་ཤིན་ཏུ་སྨད་པའི་ཕྱིར་སྨྲས་ཀྱི་བྱང་ཆུབ་སེམས་དཔའ་ལ་ནི་སྡིག་པ་ཅུང་ཟད་ཀྱང་མེད་དོ། །བྱས་པ་ལ་དྲིན་དུ་གཟོ་བའི་ཡོན་ཏན་ནི་གཉིས་ཏེ། མཐོང་བའི་ཆོས་ལ་ཡོད་པ་དང་། །ཚེ་གཞན་ལ་ཡོད་པའོ། །དང་པོ་ནི་བཞི་སྟེ། གྲགས་པ་འཐོབ་པ་དང་གཞན་གྱིས་བྱ་བ་ལ་གྲོགས་བྱེད་དང་། གཞན་དགའ་བ་དང་། དགྲས་མི་བརྫི་བ་སྟེ། མཛའ་བོ་རྣམས་ལ་སེམས་ནི་བྱམས་པ་གྲགས་པ་འཐོབ། ཅེས་བྱ་བའི་ཚིག་བཞི་དང་སྦྱར་རོ། །ཚེ་གཞན་ལ་ཡོད་པ་ནི་མཐོ་རིས་ཐོབ་པར་འགྱུར་བའོ། །སྤྲེའུའི་རབས་ཏེ་ཉི་ཤུ་རྩ་བཞི་པའོ།། །། ༈ ཉི་ཤུ་རྩ་ལྔ་པ། ཤ་ར་བྷའི་རབས་བཤད་པ། ༆ གསུམ་དུ་དགྱེས་པ་བྱེད་པ་ནི་ལུས་ངག་ཡིད་གསུམ་དུ་གྱུར་པའོ། །ཤ་ར་བྷའི་རབས་ཏེ་ཉེར་ལྔ་པའོ།། །། ༈ ཉེར་དྲུག་དང་ཉེར་བདུན་པ། རུ་རུ་དང་སྤྲེ་རྒྱལ་གྱི་རབས་བཤད་པ། ༆ རུ་རུ་དང་སྤྲེ་རྒྱལ་གཉིས་ནི་རྟོགས་པར་སླ་སྟེ། འདིར་མ་བཀྲལ་ལོ། །ཉེར་དྲུག་ཉེར་བདུན་པའོ།། །། ༈ ཉི་ཤུ་རྩ་བརྒྱད་པ། བཟོད་པར་སྨྲ་བའི་རབས་བཤད་པ། ༆ རབ་དང་འབྲིང་དང་ཐ་མའི་བྱེ་བྲག་སྣ་ཚོགས་པའོ། །སྐྱེ་བོ་འདི་དག་ངོ་བོ་ཉིད་ལས་གྱུར་མ་ཡིན། །ཞེས་བྱ་བ་ལ། རབ་ནི་ལྷའོ། །འབྲིང་ནི་མིའོ། །ཐ་མ་ནི་ངན་སོང་དག་གོ། །དེ་དག་ངོ་བོ་ཉིད་ལས་ཏེ། །རྒྱུ་མེད་པ་མ་ཡིན་ཏེ་རེས་འགའ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །གཞན་གྱིས་བསྐྱེད་མི་ཞེས་བྱ་བ་ནི་དབང་ཕྱུག་དང་དུས་ལ་སོགས་པས་ཏེ་དེ་བཀག་པ་ནི་གཞན་ནས་ཤེས་པར་བྱའོ། །ལས་ནི་རྣམ་པ་གསུམ་ལས་གྱུར་ཅེས་བྱ་བ་ནི་མི་དགེ་བ་དང་དགེ་བ་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་དང་གསུམ་གྱིས་འབྲས་བུའང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་རབ་ཏུ་འགྲུབ་པོ་ཞེས་བྱ་བའོ། །འགྲོ་བའི་ཆོས་ཉིད་དེ་ལྟར་ངེས་པར་གནས་ 212-304a ཤིང་རྒྱུ་སོ་སོ་བ་ལ་རག་ལས་པས་འདོད་པའི་འབྲས་བུ་ཐོབ་པར་འདོད་པས་དེའི་རྒྱུ་དགེ་བ་བརྟེན་དགོས་ལ་དེ་ཡང་མྱུར་དུ་བསྒྲུབ་དགོས་ཏེ། སྲོག་ཀྱང་མ་བརྟན་ཤིང་དང་ཉེ་བར་ཤེས་ནས་ནི། །ཞེས་པ་རྒྱུ་མཚན་དུ་སྦྱར་རོ། །གྲགས་དང་བདེ་བ་ཐོབ་པའི་ལམ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཚེ་འདི་དང་གཞན་གྱི་བདེན་པ་གཉི་ག་བདེ་བ་ལ་རག་ལས་པར་སྟོན་པའོ། །སྡིག་པ་སྤང་བར་གྱིས་ཞེས་པའི་སྡིག་པ་གང་ཞེ་ན། གཙོ་བོ་བཟུང་ནས་སྨྲས་པ་ནི་ཡིད་ལ་ཞེ་སྡང་ཞེས་པ་ལ་སོགས་པའོ། །དགེ་བའི་ཕྱོགས་ལ་བརྟེན་ནས་ཞེས་གསུངས་པའི་དགེ་བ་ནི་གཉེན་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་སྟེ་སྐབས་འདིར་བཟོད་པ་བཟུང་ངོ་། །དེ་ཡང་གཉེན་པོ་ཉིད་དུ་ངེས་པར་མྱོང་བས་གྲུབ་པར་སྟོན་པ་ནི། དགོན་པའི་མི་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །དེ་བས་དེའི་རྒྱུ་ཟིལ་གྱིས་མནན་པས་བཟོད་པས་སྡིག་པ་སྤང་ཞེས་བྱ་བ་ནི་འདིར་སྡིག་པ་ནི་ལུས་དང་ངག་གི་ཉེས་པ་སྤྱོད་པ་ཡིན་ལ་དེའི་རྒྱུ་གཙོ་བོ་ཡང་ཁྲོ་བ་ཡིན་པས་རྒྱུ་བཀག་པས་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བའོ། །གཉེན་པོ་བཟོད་པ་ལ་བརྟེན་པའི་མཐོང་བའི་ཆོས་ཀྱི་ཕན་ཡོན་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་སོ། །མ་མཐོང་བའི་ཕན་ཡོན་ནི་བསོད་ནམས་བྱས་པའི་ཡོན་ཏན་གྱིས་མཐའ་མར་མཐོ་རིས་འགྱུར་ཞེས་པའོ། །དགེ་བའི་རང་བཞིན་ཅན་དུ་གྲགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་རང་གི་དོན་དུ་འགྱུར་བའི་ཡོན་ཏན་སྟོན་ཏེ་དམ་པས་བསྔགས་པ་དང་ཚེ་འདི་དང་གཞན་ལ་ཕན་པ་འཕེལ་བ་དང་སྡིག་པ་འདག་པ་དང་ཡོན་ཏན་དུ་མ་ཐོབ་པ་དག་རྐང་པ་རེ་རེས་རིམ་པ་བཞིན་སྟོན་ཏོ། །གཞན་ལ་གནོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་གཞན་གྱི་དོན་དུ་འགྱུར་བ་སྟོན་ཏོ། །གཞན་ལ་གནོད་པ་རྟག་ཏུ་སྔོ་མི་ཤེས། །ཞེས་བྱ་བ་ནི་གཞན་ལ་གནོད་པ་སྤང་བ་དང་། སྙིང་སྟོབས་ཅན་གྱི་ཆོས་ཉིད་ཡིད་དུ་འོང་བ་ནི་གཞན་གྱིས་བརྙས་ཀྱང་རྨ་མི་ཕྱིན་པས་གཞན་ཡང་དགའ་བར་འགྱུར་ཏེ། གཙུག་ཕུད་བྱང་ཆུབ་ཡིན་ནོ། །ཡོན་ཏན་མངོན་བསྒྲུབ་བཟོད་པ་མཛེས་པའོ། །མི་ནི་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་ 212-304b པ་སྟེ་མཛེས་པ་བསྒྲུབ་པས་ཡང་དང་ཡང་འདྲེན་པའོ། །སྙིང་རྗེས་བཀའ་སྩལ་འཇིག་རྟེན་དོན་བྱེད་པའོ་ཞེས་བྱ་བ་ནི་སྙིང་རྗེས་དེ་བཞིན་གཤེགས་པས་བཀའ་སྩལ་པ་དང་མཐུན་པའི་གཞན་གྱི་དོན་བསྒྲུབ་པའི་རྒྱུ་ཉིད་དུ་སྟོན་ཏོ། །རྒྱན་དང་སྟོབས་དང་ཆུ་དང་གོ་ཆ་དང་མེ་ཏོག་གི་དཔེ་ཡིས་སྟོན་པ་ལྔ་མཐུ་དང་ལྡན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །གཉིས་ཀའི་ཚེ་ལ་དོན་མེད་ཞི་བར་བྱེད། །ཅེས་བྱ་བ་ནི་ཚེ་འདི་དང་གཞན་གྱི་གནོད་པ་རབ་ཏུ་སྤོང་བའོ། །དེའི་གྲགས་པའི་ཡན་ལག་ནི་ལུས་ཅན་ཏེ་ཨ་ག་ནི་ལུས་དང་ཡན་ལག་གཉི་གའི་མིང་ངོ་། །ཐར་པ་ཐོབ་པར་བྱེད་པས་མི་མཐུན་པ་འཇོམས་པ་ནི་རྐང་པ་གཅིག་གོ། །གཉེན་པོ་འཕེལ་བ་ནི་གཉིས་ཏེ། ཐར་པ་ཙམ་གྱི་དབང་དུ་བྱས་ན་རྣམ་པར་ཐར་པའི་བདེ་བའང་བཟོད་པས་འཐོབ་ཞེས་པའོ། །ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བའི་དབང་དུ་བྱས་ནས་དེའི་གྲགས་པའི་ཡན་ལག་ཞེས་བྱ་བ་སྟེ་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་གནས་ན་ཕན་པ་སྟེ། གཞན་ལ་ཕན་པ་མཆོག་ཏུ་གྱུར་པ་ཐམས་ཅད་མཁྱེན་པ་ཐོབ་པར་སྟོན་ཏོ། །དེ་ལྟར་དོན་ཆེ་བས་བཟོད་པ་བསྒྲུབ་པར་གདམས་པ་ནི། བཟོད་པ་དེ་ནི་མ་བྱེད་སུ་ཞིག་ཡོད། །ཅེས་བྱ་བའོ། །བདེན་པ་བཞིན་དུ་མཐར་ཕྱིན་ཅིང་ཞེས་བྱ་བ་ནི་བདེན་པ་མཐོང་བ་འཁོར་བ་ལས་ངེས་པར་འདའ་བར་སྟོན་པའོ། །ཐུབ་པ་བཞིན་དུ་ཞེས་བྱ་བ་ནི་དགྲ་བཅོམ་པ་བཞིན་དུའོ། །འདི་ལྟར་སྨན་པ་སྐལ་བ་མེད་ལས་གྱུར་པ་ནི་དབུལ་བ་དགེ་བ་མ་བསགས་པས་ཞེས་བྱ་བའོ། །དེ་ལྟ་བུ་འགྲོ་བ་ལ་མང་དུ་ཡོད་པ་དེའི་ཕྱིར་བདག་གིས་སེམས་ཡིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གདམས་ངག་ལ་ནི་དམ་པས་གསུངས་པའི་རྒྱལ་པོའི་སྤྱོད་ཚུལ་བསྟན་པའོ། །ཆོས་ནི་དགེ་བའོ། །སྲིད་ནི་འབངས་བསྲངས་པའོ། །བདེ་བ་ནི་ལུས་དང་ལོངས་སྤྱད་ཀྱི་འབྱོར་བའོ། །འབྱོར་པ་མི་རྟག་པ་བརྟན་པ་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྒྱལ་པོའི་མཐུ་ཕུན་སུམ་ཚོགས་པ་དེ་མ་ཐག་ཏུ་ཉམས་པ་ལས་ཤེས་པར་བྱའོ། །བཟོད་པར་སྨྲ་བའི་རབས་ཏེ་ཉི་ཤུ་རྩ་བརྒྱད་པའོ།། །། ༈ ཉི་ཤུ་རྩ་དགུ་པ། ཚངས་པ་ཆེན་པོའི་རབས་བཤད་པ། ༆ བསམ་གཏན་གོམས་པར་བྱས་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ཞེས་བྱ་བའི་ཐ་ཚིག་སྟེ་འབྲས་ 212-305a བུ་སྐྱེ་བའི་བསམ་གཏན་སོ་སོར་སྐྱེ་བ་ནི་དེའི་རྒྱུ་སྙོམས་འཇུག་སོ་སོ་བ་ལ་བལྟོས་ཏེ། ཇི་སྐད་དུ། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་འཐོབ། །ཅེས་གསུངས་པ་ལྟ་བུའོ། །ཁྱོད་ཀྱི་ཞབས་དང་ཕྱག་མཛེས་པདྨ་གཉིས། །ཞེས་བྱ་བ་ནི་དེ་གཉིས་མཛེས་པ་ནི་པདྨ་གཉིས་ལྟ་བུའོ་ཞེས་པའོ། །ནམ་མཁའ་ས་བཞིན་ཡོངས་སུ་འཛིན་པར་བགྱིད་པ་ནི་དེ་ལ་ལྟུང་བ་མེད་པར་གནས་པའོ། །བསམ་གཏན་ཚུལ་ཁྲིམས་དྲི་མ་མེད་པ་དང་། །དབང་པོ་རྣམས་ནི་རབ་ཏུ་བསྡམས་པ་དག །ཞེས་བྱ་བ་ལ་བསམ་གཏན་དང་པོ་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་དངོས་ཀྱི་རྒྱུའོ། །ཚུལ་ཁྲིམས་དྲི་མ་མེད་པ་ནི་བསམ་གཏན་དེའི་རྒྱུ་སྟེ་ཚུལ་ཁྲིམས་རྣམ་པར་དག་པ་ནི་འགྱོད་པ་མེད་པས་ཏིང་ངེ་འཛིན་སྐྱེ་བའི་ཕྱིར་རོ། །དབང་པོའི་སྒོ་བསྡམ་པ་ནི་གཉི་གའི་རྒྱུ་སྟེ་དེས་ཚུལ་ཁྲིམས་རྣམ་པར་དག་པར་ཡང་འགྱུར་ལ་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་བསྲབས་པས་བསམ་གཏན་ལ་གནས་པར་འགྱུར་བའི་ཕྱིར་རོ། །ཡང་ན་ཚུལ་ཁྲིམས་དྲི་མ་མེད་པ་ནི་བསམ་གཏན་གྱི་སྡོམ་པའོ། །མངོན་སུམ་ལ་སོགས་པས་རྗེས་སུ་དཔག་པ་བསྡུའོ། །ཡིད་གཅུགས་པའི་ཚིག་གིས་བསྟན་པ་ནི་ལུང་སྟེ་ཡིད་བརྟན་དུ་རུང་བ་ཉེས་པའི་ཚིག་ཅེས་བྱ་བའི་ཐ་ཚིག་གོ། །བརྟག་པའི་རིམ་པ་ནི་དེ་ལ་བརྟེན་ནས་བརྟག་པ་སྟེ་ལུང་ལ་བརྟེན་པའི་རྗེས་དཔག་གོ། །འཇིག་རྟེན་ཕ་རོལ་ཡང་རྣལ་འབྱོར་པ་ཁ་ཅིག་ལ་མངོན་སུམ་དུ་སྣང་སྟེ། ཉི་ཟླ་སྐར་མས་བརྒྱན་པ་དང་། དུད་འགྲོ་རྣམ་པ་ཐུན་མོང་དུ་སྣང་བ་བཞིན་དུ་ཞེས་བྱ་བ་ནི་དཔེའོ། །འདི་ལ་ཐེ་ཚོམ་བློ་ངན་ཁྱོད་མ་སྐྱེད། །ཅེས་བྱ་བ་ནི་ཐེ་ཚོམ་གྱི་སྒོ་ནས་ཡིད་མི་ཆེས་པ་མི་སྐྱེད་ཅེས་བྱ་བའོ། །དེ་ནི་གཞན་གྱིས་གཞན་གྱི་འཇིག་རྟེན་ཕ་རོལ་ཤེས་པའོ། །ཚེ་རབས་དྲན་པའང་དེ་དང་དེ་ན་ཡོད། །ཅེས་བྱ་བ་ནི་རང་གིའོ། །འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔག་ཞེས་བྱ་བ་ནི་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་སྟེ། དེ་སྐད་གསུངས་པས་ན་ 212-305b བདག་ལ་འཇིག་རྟེན་གཞན་ཡོད་པར་རིག་པར་བྱའོ་ཞེས་བྱ་བའོ། །དེ་ལ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པའི་དོན་ནི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་ཡོད་པ་རྣམས་ཀྱིས་གཞན་གྱི་ཚེ་རབས་ཤེས་པ་ཡོད་པར་གསུངས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱིས་རང་གི་ཚེ་རབས་གཞན་དྲན་པ་གསུངས་པས་ན་བདག་ལ་ཡང་ཚེ་རབས་གཞན་ཡོད་དུ་རུང་ངོ་ཞེས་བྱ་བ་སྟེ་རང་བཞིན་གྱི་གཏན་ཚིགས་སོ། །དེ་བདག་ལས་ཀྱང་མངོན་པར་མི་འགྱུར་བ་ཞེས་བྱ་བ་སྟེ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་སྟེ་གང་དང་གང་འབྲས་བུ་མི་འདྲ་བ་དེ་དང་དེ་ནི་རྒྱུ་མི་འདྲ་བ་སྔོན་དུ་འགྲོ་བ་མཐོང་སྟེ། དཔེར་ན་དུ་བ་དང་མྱུ་གུ་ལྟ་བུའོ། །འདི་དག་དང་གཞན་གྱི་ལུས་མི་འདྲ་བ་ཡང་སྔོན་གྱི་རྒྱུ་མི་འདྲ་བ་ལ་བལྟོས་སོ་ཞེས་བྱ་བ་སྟེ་འབྲས་བུའི་གཏན་ཚིགས་སོ། །གལ་ཏེ་ཚེ་འདིའི་རྒྱུ་མི་འདྲ་བ་ལས་འབྲས་བུ་མི་འདྲ་བ་ཡིན་ལ་ཚེ་རབས་གཞན་གྱི་རྒྱུ་ལ་མི་ལྟོས་སོ་སྙམ་ན། དེའི་རྒྱུ་མི་འདྲ་བ་སྔ་མ་བྱས་པ་དེ་ཡང་དེའི་སྔ་མ་ལ་བལྟོས་པ་ཡིན་ཏེ་དེ་ལྟ་མ་ཡིན་ན་ད་ལྟར་བ་འདི་ཡང་སྔ་མ་ལ་མི་བལྟོས་པར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་སྔ་མ་སྔ་མ་ཡོད་ཀྱང་འབྱུང་ལ་སྔ་མ་ནི་གཟུགས་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ལྟའི་ཤེས་པ་སྔ་མ་རྒྱུར་མཐོང་ལ་ཤེས་པ་སྔ་མ་དེ་ནི་གཟུགས་སྔ་མ་ཡིན་ན་རྒྱུ་མི་འདྲ་བ་འབྲས་བུ་མི་འདྲ་བའི་བྱེད་པ་པོ་མ་ཡིན་པས་མཐའ་དག་གི་སྣ་ཚོགས་ཀྱི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ་གཏན་ཚིགས་འོག་མའི་ཁྱབ་པ་དང་མཐུན་ནོ། །སྔ་མའི་བློ་ལས་ཕྱི་མའི་བློ་འགྲུབ་ན། །འཇིག་རྟེན་ཕ་རོལ་པོ་དང་དེ་ལས་མངོན། །ཞེས་བྱ་བ་ནི་ཁྱབ་པ་བརྗོད་པའོ། །མངལ་ན་འདུག་པའི་སྔ་རོལ་བློ་དེ་ནི། །ཞེས་བྱ་བ་ནི་མངལ་དུ་ཞུགས་མ་ཐག་པའི་བློ་ཞེས་བྱ་བ་སྟེ་ཆོས་ཅན་ནོ། །དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ་ཞེས་བྱ་བ་དེའི་གོང་མའི་བློ་ལ་བལྟོས་སོ་ཞེས་བྱ་བ་བསྒྲུབ་བྱའོ། །བློའི་རང་བཞིན་ཡིན་པའི་ཕྱིར། །ཞེས་བྱ་བ་གཏན་ཚིགས་སོ། །ཤེས་པ་ནི་ཡུལ་ལ་ལྟོས་པར་གྲགས་ལ་མངལ་ན་གནས་པའི་བློའི་ཡུལ་དུ་ཡང་ཚེ་འདིའི་གཟུགས་ལ་སོགས་པ་མི་རུང་ 212-306a བས་གཞན་དུ་མཐོང་བའི་གཟུགས་ལ་སོགས་པ་ཡིན་ལ། དེ་ལྟར་ན་ཚེ་རབས་གཞན་འགྲུབ་བོ་ཞེས་བྱ་བ་ནི་ཤེས་བྱ་རྟོགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་གོ། །གལ་ཏེ་ཚེ་རབས་གཞན་གྱི་རྒྱུ་མེད་ན་ཕ་མའི་རྐྱེན་ཙམ་ལས་ཡིན་པས་བུ་རྣམས་འདྲ་བར་རིག་པ་ལས་མི་འདྲ་བ་དུ་མ་དམིགས་ཏེ། གང་ཐ་མི་དད་ཀྱང་གང་ཐ་དད་པ་དེ་ནི་དེ་ཙམ་གྱི་འབྲས་བུ་མ་ཡིན་ཏེ། རྫ་མཁན་ཐ་མི་དད་ཀྱང་བུམ་པའི་བྱེ་བྲག་དམིགས་པས་བུམ་པ་དེ་རྫ་མཁན་ཙམ་གྱི་རྒྱུ་ཅན་མ་ཡིན་པ་ལྟ་བུའོ་ཞེས་པའི་དོན་འཆད་པ་ནི། སྐྱེ་དགུ་བདེ་བ་ལ་སོགས་པའི་ཚིགས་བཅད་གཅིག་གོ། །གང་དང་གང་རང་གི་ལས་ལ་རང་གི་ངང་གིས་འཇུག་པ་དེ་ནི་སྔ་མ་གོམས་པ་ལ་བལྟོས་པ་ཡིན་ཏེ། དཔེར་ན་བཟོ་བོ་ལ་སོགས་པའི་སེམས་ཀྱི་བྱེ་བྲག་ལྟ་བུའོ། །ནུ་ཞོ་འཐུང་བ་དང་ཁ་ཟས་ཟ་བ་ལ་རང་གི་ངང་གིས་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་འབྲས་བུའི་རྟགས་སྟོན་པ་ནི། བློའི་མཐུ་སྟོབས་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཏེ། ཕྱེད་དང་གཉིས་ནི་འཐད་པའོ། །ཕྱེད་ནི་དེའི་ཁྱབ་པའོ། །སུས་ཀྱང་མ་བསྟན་པར་ནུ་ཞོ་འཐུང་བ་ཙམ་གྱིས་སྔ་མའི་གོམས་པ་ལ་ལྟོས་པར་མ་ངེས་ཏེ། སུས་ཀྱང་མ་བརྟན་པར་ཉི་མའི་མཐུས་པདྨ་འབྱེ་བ་ལྟ་བུ་ཞེས་མ་ངེས་པར་དགོས་པ་ནི་དེ་ལ་ཞེས་པ་ལ་སོགས་པའོ། །དེའི་ལན་གྱི་དོན་ནི་པདྨ་ནི་བསམ་པ་ལ་ཅུང་ཟད་ཀྱང་མི་ལྟོས་ཀྱི་ནུ་ཞོ་འཐུང་བ་ནི་བསམ་པ་ལ་བལྟོས་པའི་ཕྱིར་རོ། །བསམ་པ་ལ་བལྟོས་པ་བསམ་པ་སྔ་མ་གོམས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བའོ། །བདག་ཉིད་ངན་པས་འདི་ལའང་ནོར་གྱི་བསྐྱིན་པ་སྟེར་བ་མེད་ཅིང་ཚེ་གཞན་དུའང་ནོར་གྱི་བསྐྱིན་པ་སྟེར་མི་ནུས་ཏེ། དེ་ལས་ཚེ་འདི་ལས་ངན་པ་ལས་ནི་ནོར་མི་འབྱུང་བ་ནི་འདི་ལ་ཡང་ཞེས་པ་སྟེ་ཚེ་འདི་ལ་ཡང་ངོ་། །ནོར་ནི་མི་གཏོང་ཞེས་སྦྱར་རོ། །ཚེ་འདིའི་འབྱོར་པ་བདག་ཉིད་ངན་པ་སྟེ་ཕ་རོལ་བསླུ་བ་དག་གོ། །སླུ་བ་མ་ཡིན་ཡང་སྙམ་པ་སྟེ་དང་པོར་བསླུ་བའི་བསམ་པ་མེད་ཀྱང་ཆགས་པས་ཕྱིས་འཇལ་བར་མི་བྱེད་པའོ། །ཆགས་ནས་བདག་གིར་བྱེད་པ་མེད་ཀྱང་ལེ་ལོས་མི་འཇལ་བར་སྡོད་པའི་ཕྱིར་རོ། །དེ་ལ་གཏོང་ན་ནོར་གྱི་མཐའ་ནི་དེ་ 212-306b ཉིད་ཡིན་ཏེ་ཕྱིས་མི་འཕྲད་དོ་ཞེས་བྱ་བའོ། །དེ་ལས་བཟློག་པ་ལ་བྱིན་པ་ནི་ཕྱིས་ཆུད་མི་ཟ་བ་ཡིན་པས་གང་དག་ཅེས་བྱ་བ་ལ་སོགས་པའོ། །བདག་ཉིད་ངན་པས་ནི་ཚེ་གཞན་དུ་ཡང་བུ་ལོན་སྦྱིན་པར་མི་ནུས་ཏེ། །བདག་ཉིད་ངན་པའི་སྐྱོན་གྱིས་ངན་འགྲོར་སྐྱེས་པ་བུ་ལོན་འཇལ་བའི་ནུས་པ་མེད་དོ་ཞེས་སྟོན་པ་ནི་འཇིག་རྟེན་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྟེ། བུ་ལོན་གཞལ་བར་བྱ་བ་ཁྱོད་ལ་སུ་ཞིག་སྐུལ་ཞེས་སྦྱར་ཏེ། ཅིའི་ཕྱིར་ཞེ་ན། ཁྱོད་ནི་རང་ཉིད་ལས་ཀྱི་ཉེས་པས་དམྱལ་བར་སྐྱེ་བར་འགྱུར་ཏེ། འཇལ་བའི་མཐུ་མེད་དོ་ཞེས་བྱ་བའོ། །གལ་ཏེ་ཞིང་དེ་ལ་བྱིན་པས་རྣམ་སྨིན་འཐོབ་པོ་སྙམ་ན་ཡང་ངན་པར་ལྟ་བ་སྤྱོད་པ་ཁྱོད་ལ་ནི། ནོར་རྣམས་བྱིན་ཡང་དོན་ནི་མེད་པར་འགྱུར། །ཞེས་བྱ་བ་སྟེ་གཏན་མེད་མ་ཡིན་མོད་ཀྱི་ཞིང་གི་སྐྱོན་གྱིས་གལ་ཏེ་མི་འབྱུང་བའམ་ཤིན་ཏུ་ཆུང་བ་ཉིད་དོ་སྙམ་དུ་བསམས་པའོ། །དེ་ན་ཞེས་བྱ་བ་ནི་དམྱལ་བའི་གནས་དེ་ན་ཞེས་བྱ་བའོ། །མིའི་འཇིག་རྟེན་ན་ཉི་མ་དང་ཟླ་བའི་འོད་ཀྱིས་ཤར་བ་ལ་སོགས་པའི་ས་ཕྱོགས་གང་མཐོང་ན་དགའ་བ་སྐྱེ་བས་ན་ཆུ་ལྟ་བུ་སྟེ། ཕྱོགས་དེ་མི་སྣང་བ་ཞེས་བྱ་བ་སྟེ་ཉི་མ་དང་ཟླ་བ་དང་བྲལ་བས་མུན་གྱིས་གཡོགས་པའི་ཕྱིར་རོ་ཞེས་བྱ་བའོ། །གཞན་ཡང་ཀུ་མུད་རྒྱས་པའི་མཚོ་ལྟ་བུའི་ནམ་མཁའ་ཡང་དེ་ནི་མི་སྣང་ངོ་ཞེས་བྱ་བ་ནི་སྐར་མ་ཞེས་བྱ་བ་ལ་སོགས་པའོ། །གྲང་བའི་སྡུག་བསྔལ་བཤད་པ་ནི་མེད་པར་ལྟ་བ་ཞེས་བྱ་བའི་ཚིགས་སུ་བཅདཔའོ། །མུན་ནག་ཅེས་བྱ་བ་ལ་སོགས་པས་ཚ་བའི་དམྱལ་བའི་གནོད་པ་སྟོན་ཏོ། །དེ་བས་མུན་ནག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་ཡང་སོས་ཀྱི་གནོད་པ་གཙོ་བོ་སྟོན་ཏོ། །ཤིང་མཁན་བཞིན་དུ་དང་གཤིན་རྗེ་གཤེད་པོ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཐིག་ནག་གི་གནོདཔའོ། །ཁ་ཅིག་འབར་བའི་ཞེས་བྱ་བའི་ཚིགས་བཤད་གཉིས་ཀྱིས་ནི་བསྡུས་འཇོམས་ཀྱི་གནོད་པའོ། །ལྕགས་གཏུན་ཞེས་བྱ་བ་ལ་སོགས་པའི་ཚིགས་བཤད་གཅིག་གིས་ནི་ངུ་འབོད་ཀྱི་གནོད་པའོ། །བྱི་རུ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཤད་གཉིས་ཀྱིས་ནི་ངུ་འབོད་ཆེན་པོའི་གནོདཔའོ། །ཁ་ཅིག་ས་གཞི་ཞེས་བྱ་བ་ 212-307a ལ་སོགས་པའི་ཚིགས་བཤད་གཉིས་ནི་ཚ་བའི་གནོད་པའོ། །ཁ་ཅིག་མེ་ཞེས་བྱ་བ་ལ་སོགས་པ་ནི་ལྷག་པའི་གནོད་པ་ཉེ་འཁོར་གྱི་གནོད་པས་ཏེ་ཚིགས་སུ་བཅད་པ་དང་པོས་ཆུ་བོ་རབ་མེད་ཀྱི་གནོདཔའོ། །གཞན་དག་ཅེས་བྱ་བའི་ཚིགས་སུ་བཅད་པས་རོ་མྱགས་མི་གཙང་བའི་འདམ་རྫབ་ཀྱི་གནོད་པའོ། །ཁ་ཅིག་ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་མེ་མ་མུར་གྱི་འོབས་ཀྱི་གནོད་པའོ། །གཞན་ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་མཚོན་ཆས་གཏམས་པའི་ཚལ་སྟོན་ཏེ་ཚིགས་བཅད་གཉིས་སོ། །ལ་ལ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པའི་གནོད་པ་ནི་རལ་གྲི་ལོ་མའི་ཚལ་ན་ཡོད་པའི་གནོད་པའོ། །ལྕགས་ཀྱི་རྫ་ཆེན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་རབ་ཏུ་ཚ་བའི་གནོད་པའོ། །ས་གཞི་མེ་འབར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་མནར་མེད་པའི་གནོད་པའོ། །མཇུག་བསྡུ་བ་ནི་བུ་ཡུག་ཅེས་བྱ་བ་ལ་སོགས་པ་སྟེ་གྲང་བའི་དམྱལ་བས་སྡུད་པ་ནི་ཚིགས་སུ་བཅད་པ་གཅིག་གིས་ཡིན་ལ་ལྷག་མ་གཉིས་ནི་ཚ་བའི་དམྱལ་བ་མཇུག་སྡུད་པའོ། །སྔོན་གྱི་རྒྱལ་པོ་ཡོན་ཏན་དགའ་བ་རྣམས་ཀྱི་སློབ་མཆོག་ཚུལ་ཏེ་དེ་དག་གི་སློབ་མ་མཆོག་གི་ཚུལ་གྱིས་ལ་དགེ་སྦྱོང་དང་བྲམ་ཟེ་དང་འབངས་ལ་རང་གི་སྤྱོད་ཚུལ་སྙིང་རྗེ་དང་ལྡན་པར་བསྟན་ཅིང་གདམས་པ་དང་། སྦྱིན་པ་དང་ཕན་གདགས་པ་བྱས་ན་དེ་ནི་གྲགས་པ་རྒྱ་ཆེན་པོ་འཐོབ་པོ། །མཐོ་རིས་སུ་འགྲོ་བའི་ལམ་ཡིན་ནོ་ཞེས་བྱ་བའོ། །ཆོས་ཉིད་ངེས་པ་གང་དག་བསྟན་ལ་རྟོགས་ཞེས་བྱ་བ་ནི་ལས་རྒྱུ་འབྲས་ཀྱི་ཆོས་ཉིད་ངེས་པ་གང་དག་མཁས་པའི་སྐྱེ་བོས་བསྟན་པ་ལ་རང་ཉིད་རྣམ་པར་དཔྱོད་ཅིག་པའོ། །ཁྱོད་ཀྱི་བསམ་པ་ཡང་དག་ལྟ་དགེ་ཞིང་། །སྦྱོར་བ་རྒྱལ་པོའི་ཚུལ་གྱིས་ཏེ། །ཆོས་དང་མཐུན་པའི་རྒྱལ་སྲིད་བསྒྲུབ་པའི་ཚུལ་ལམ་ལམ་གྱིས་འདོད་པའི་འབྲས་བུ་ཐོབ་པར་འགྲོ་བར་གྱིས་ཤིག་པའོ། །ཡང་དག་པའི་ལྟ་བ་ཉིད་ཇི་ལྟར་སེམས་པ་ཡིན་ཞེ་ན། ཡོན་ཏན་མི་དགེའི་སེམས་དེ་མེད་པར་བྱོས་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་དེའི་སྦྱོར་བ་ནི་ཚུལ་ཁྲིམས་བརྟན་ཞིང་ཞེས་བྱ་བ་ལ་སོགས་ 212-307b པའོ། །རང་གི་བསོད་ནམས་རྒྱལ་པོའི་དཔལ་གྱི་གཟི་བརྗིད་ཅེས་བྱ་བ་ནི་རྒྱལ་པོའི་གཟི་བརྗིད་གཞན་ཟིལ་གྱིས་གནོན་པ་ནི། སྔོན་བསོད་ནམས་བྱས་པ་འདིར་གཞན་ཟིལ་གྱིས་གནོན་པའམ། ཡང་ན་ཚེ་གཞན་གྱི་དོན་དུ་བསོད་ནམས་བསྒྲུབས་པ་ཉིད་གཟི་བརྗིད་ཡིན་པའོ། །མཛའ་བཤེས་དང་འབངས་རྣམས་ལ་ཡིད་དུ་འོང་བའི་སྒྲ་བསྒྲགས་ཏེ་དགེ་བ་ལ་སྦྱར་ཏེ་དེ་རྣམས་ཀྱི་སྡུག་བསལ་བསལ་ཞིང་ཕན་གདགས་པར་བྱའོ་ཞེས་བྱ་བ་ནི་མཛའ་བཤེས་ཞེས་བྱ་བ་ལ་སོགས་པའོ། །རང་གི་བྱ་བ་བསྒྲུབ་པ་ནི་བདག་གི་ཞེས་པའི་རྐང་པ་གཅིག་གོ། །རང་གཞན་གཉི་གའི་དོན་བསྒྲུབ་པ་ནི་དཔེའི་སྒོ་ནས་བསྒྲུབ་ནས་སྒྲུབ་པར་བྱེད་དེ་ད་ལྟར་ཤིང་རྟའི་བདག་པོ་དེད་དཔོན་ལྟ་བུས་རང་གི་གནས་སུ་འགྲོ་བར་འདོད་པ་ལ་ཤིང་རྟ་ཉིད་དང་མིག་འཇམ་པ་དང་འཁོར་ལོ་ཟུང་དུ་གྱུར་པ་དང་། འཁོར་ལོའི་སྲོག་ཤིང་དང་ལྡན་པ་དང་། རྟ་དུལ་བས་དྲངས་ཤིང་སྲབ་སྐྱོགས་ཀྱིས་ཁ་སྲབས་པ་དང་། ལྕག་གིས་རྟ་བསྐུལ་བ་དང་། ཤིང་རྟའི་ནང་དུ་སྒྲ་ལ་སོགས་པ་བཟློག་པའི་མཚོན་ཆ་རྣོན་པོ་དང་ལྡན་པ་དང་། ལམ་དུ་འགྲོ་བའི་ཁ་ཟས་ལ་སོགས་པའི་ཡོ་བྱད་དང་ལྡན་པ་དང་། བདག་ལ་ཤིང་རྟའི་ནང་ན་གྲོགས་པོ་བཟང་པོ་དང་ལྡན་པ་དང་། ཤིང་རྟའི་གཉའ་ཤིང་རྟ་ལ་འགེལ་བས་གཉའ་ཤིང་དང་ལྡན་པ་དང་། འགྲོ་བ་རྟག་པ་དང་ཚེགས་ཀྱི་སྒྲ་མེད་པ་དང་། ཤིང་གི་སྐད་ཅུང་ཟད་གྲག་པ་དང་། མཚམས་མ་ཕྱེ་བ་དང་། ལམ་དྲང་པོ་ནས་འགྲོ་བ་དང་། དེ་ལྟ་བུའི་ཐེག་པའམ་བཞོན་པ་རུ་མཚོན་ཕྱར་བ་དང་། ཁལ་དུ་མ་བཀལ་བ་དང་། རྒྱལ་མཚན་མཐོན་པོ་བཙུགས་པ་སྟེ། དེ་ལྟ་བུ་དག་དང་མཐུན་པར་བདག་ཉིད་ཀྱི་སེམས་དང་ལུས་ཀྱི་རྒྱུད་འཇམ་ཞིང་སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་ཏེ་དགེ་བའི་ཆོས་ལ་འདུན་པ་དང་ལྡན་པ་དབང་པོའི་སྒོ་དྲན་པས་བསྡམས་ཤིང་ཤེས་བཞིན་དང་མང་དུ་ཐོས་པ་དང་ལྡན་ཞིང་དེ་ཚེ་ཤེས་པ་དང་སྤྱོད་ལམ་མཛེས་པས་བཟོད་པ་དང་དེས་པ་དང་ལྡན་པར་བྱས་ཏེ་ཚིག་གིས་ཉེས་པ་མེད་པ་ཡིད་དུ་འོང་བའི་ཚིག་གིས་གཞན་ལ་སྨྲ་ཞིང་ཚུལ་ཁྲིམས་མ་ཉམས་པ་དང་དྲང་པོའི་རང་བཞིན་གྱི་ཐེག་པ་ལྟ་བུའི་ལམ་སྙིང་རྗེས་སེམས་ཅན་གྱི་དོན་ཁུར་བཟོད་ཅིང་ཐོབ་པར་བྱ་བའི་གོ་འཕང་མྱ་ངན་ལས་འདས་པའི་ 212-308a འཐོབ་པར་བྱེད་པ་དེ་ནི། རང་དང་{གཞན་}གྱི་དོན་ཆེན་པོར་འགྱུར་གྱི་དམྱལ་བ་ལ་སོགས་པའི་ངན་འགྲོར་འགྲོ་བར་ལྟ་ག་ལ་གྱུར་ཞེས་པའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་གྲུའི་དཔེས་ཉེ་བར་མཚོན་པས་ཐེག་པ་ཆེན་པོའི་ལམ་བཤད་པ་ལྟ་བུའོ། །ཚངས་པ་ཆེན་པོའི་རབས་ཏེ་ཉི་ཤུ་རྩ་དགུ་པའོ།། །། ༈ སུམ་ཅུ་པ། གླང་པོ་ཆེའི་རབས་བཤད་པ། ༆ ཁྲོས་པ་ཉིད་རླུང་དང་འདྲ་སྟེ་རླུང་གིས་ཡུལ་གཞན་དུ་འཕེན་པ་ལྟར་ཁྲོས་པའི་རྒྱུས་དེ་དག་ཀྱང་ཡུལ་གཞན་དུ་བསྐྲད་པའི་ཕྱིར་རོ། །རྣམ་རྟོག་ངན་པའི་ཚིག་གིས་གདམས་སུ་མེད། །ཅེས་བྱ་བ་ནི་ཤེས་རབ་ཆུང་བས་གདམས་ངག་གི་སྣོད་དུ་མ་གྱུར་པའོ། །མ་བཏགས་སྟོད་གཡོགས་ཞེས་བྱ་བ་ནི་ཐགས་སུ་མ་བཏགས་པའི་རང་བྱུང་གི་རས་ཀྱི་སྟོད་གཡོགས་སོ། །བསྙེམས་པས་གད་པ་སྙོམས་པའི་མཚན་མ་ཅན། །ཞེས་བྱ་བ་ནི་སྙེམས་ཤིང་དྲེགས་པས་གད་པ་ལ་སོགས་པ་འདྲལ་ཅིང་འཇིག་པ་གང་གིས་མཚོན་ཅིང་དེའི་མཚན་མ་གང་ཡིན་ན་དེ་ནི་མཆེ་བ་གཉིས་པས་དེ་ལ་དེ་སྐད་ཅེས་བྱའོ། །ཨེ་མའོ་རང་བཞིན་འཕགས་པ་ཕུན་སུམ་ཚོགས། །དོན་བཞིན་བསྒྲུབས་པ་འདི་ཡིས་བསྟན་པར་འགྱུར། །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རང་བཞིན་གཞན་ལས་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི་བདག་ཅག་གི་དོན་བཞིན་རབ་ཏུ་བསྒྲུབས་པའི་ལུས་བཏང་བ་འདིས་བསྟན་པར་གྱུར་ཅིང་གསལ་བར་བྱས་པའོ། །གླང་པོ་ཆེའི་རབས་ཏེ་སུམ་ཅུ་པའོ།། །། ༈ སུམ་ཅུ་རྩ་གཅིག་པ། སུ་ཏ་སའི་རབས་བཤད་པ། ༆ ནོར་མེད་ན་ནི་རྒྱལ་པོའི་དཔལ་དེ་ཡང་། དགའ་བར་མ་གྱུར་ཞེས་བྱ་བ་ནི་གཞན་དག་གིས་དགའ་བར་མི་བྱེད་ཅིང་བརྙས་པར་བྱེད་དེ། སྨད་འཚོང་བུད་མེད་བཞིན་ཏེ་བུད་མེད་སྨད་འཚོང་མ་སྐྱེས་བུ་དབུལ་པོ་ལ་བརྙས་ཤིང་ཁྱད་དུ་གསོད་པ་བཞིན་ནོ། །གང་ཞིག་ཐོས་ནས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་ཆོས་ཐོས་པས་དད་པའི་བསམ་པ་རྟས་པ་དེའི་སྒོ་ནས་དགེ་བའི་ལས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པར་འགྱུར་རོ་ཞེས་བྱ་བའོ། །རང་གིས་ཤེས་ཀྱང་དེ་ནི་ཉོ་བར་རིག །ཅེས་བྱ་བ་ནི་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ 212-308b མདོ་ལས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཟླ་བ་གཅིག་གི་བར་དུ་ཤ་སྲང་གསུམ་གསུམ་བཅད་དེ་ཡོན་དུ་བྱིན་ནས་ཚིགས་སུ་བཅད་པ་གཅིག་ཙམ་ཟིན་པ་ལྟ་བུ་དང་། ཚིགས་སུ་བཅད་པ་ཕྱེད་ཀྱི་ཕྱིར་ཡང་བྲག་ལ་ལུས་བོར་བ་ལྟ་བུའོ། །གཏི་མུག་ནི་མུན་པ་ལྟ་བུ་སྟེ་ཡང་དག་པའི་དོན་རྟོགས་པའི་གེགས་སུ་གྱུར་པའི་ཕྱིར་རོ། །དེ་ནི་ཕྱི་རོལ་གྱི་སྣང་བ་དང་མི་འགལ་གྱི་ཤེས་རབ་ཀྱི་སྣང་བ་དང་འགལ་བས་སྒྲོན་མ་ལྟ་བུའོ། །ཐོས་པ་ནི་འཕགས་པའི་ནོར་བདུན་གྱི་ཁོངས་སུ་གཏོགས་པ་སྟེ། ཇི་སྐད་དུ། དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་ནི། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །དོན་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་གསུངས་ཏེ། དེ་ནི་འཇིག་རྟེན་གྱི་ནོར་ལས་ཁྱད་པར་འཕགས་པར་ཐོགས་མེད་ཀྱིས་གསུངས་སོ། །དེར་གཞན་གྱིས་དབྲལ་བར་ནུས་པ་དང་མི་ནུས་པའི་ཁྱད་པར་ཡང་གསུངས་སོ། །རྨོངས་པ་ནི་དགྲ་ཡིན་ཏེ། ཇི་སྐད་དུ། བདེ་བ་འདོད་ཀྱང་གཏི་མུག་པས། །[འཕགས་པ་ཀླུ་སྒྲུབ་ཀྱིས་བཤེས་པའི་འཕྲིན་ཡིག་ལས།] རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་[འཇིག་རྟེན་པའི་ནོར།] ཀྱང་། །[ཐོས་པའི་ནོར།] སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་བཤད་པ་ལྟ་བུ་སྟེ། ཀུན་ཏུ་རྨོངས་པ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་ལ་དེ་འཇོམས་པས་མཚོན་ཆ་ལྟ་བུའོ། །གྲོགས་པོ་བཟང་པོ་ནི་ཐབས་ཀྱི་ཁྱད་པར་བསྟན་པས་ཕན་འདོགས་པ་སྟེ། ཇི་ལྟར་དེད་དཔོན་སེང་གེ་འཛིན་གྱིས་ཚོང་པ་རྣམས་ཐར་བར་བྱས་པ་ལྟ་བུ་ཡིན་ལ་དེའི་བྱ་བ་ཡང་ཆོས་ཐོས་པ་ལས་འགྲུབ་པས་གྲོགས་ཀྱི་མཆོག་གོ། །མཛའ་བཤེས་བཟང་པོ་ནི་ཕོངས་པའི་ཚེ་མི་འདོར་བ་སྟེ། ཇི་ལྟར་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་སྙིས་ཟིན་པ་ལ་བློན་པོ་བཞིན་བཟངས་ཀྱིས་གྲོགས་བྱས་པ་ལྟ་བུ་ཡིན་ཏེ། དེ་ཡང་ཐོས་པ་ལ་ཡོད་དེ་དེ་ནི་དུས་ཀུན་ཏུ་མི་འབྲལ་ཞིང་གྲོགས་ཀྱི་བྱ་བ་བྱེད་དེ་{རྒུད་}པ་ལས་འདའ་བ་དང་འབྱོར་པ་ཐོབ་པའི་ཐབས་ཤེས་པའི་ཕྱིར་རོ། །མྱ་ངན་གྱིས་གདུང་བ་ནད་ལྟ་བུ་སེལ་བས་ 212-309a གནོད་པ་མེད་པའི་སྨན་ཏེ་གནོད་པའི་སྨན་ནི་སྨན་དཀའ་བ་ལ་སོགས་པ་ཡིན་ན་དེ་ཡང་མེད་ལ་མྱ་ངན་ཀྱང་སེལ་བར་བྱེད་པ་སྟེ། ཇི་ལྟར་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་དེ་བཞིན་གཤེགས་པ་ལ་ཆོས་ཐོས་པའི་མྱ་ངན་བྲལ་བའི་རྟོགས་པ་བརྗོད་པ་དཔེར་བྱའོ། །ཉེས་པ་ཆེན་པོའི་དཔུང་ནི་ཉེས་པ་མང་པོའི་དཔུང་སྟེ་ཉེས་པ་དང་དེས་ཀུན་ནས་བསླངས་པའི་སྡིག་པའི་ལས་ཏེ་དེ་རྣམས་འཇོམས་པས་དཔུང་ལྟ་བུ་ཡིན་ཏེ། དམག་གི་དཔུང་ནི་གང་ཟག་གཅིག་གིས་ཐུབ་པར་མི་ནུས་ཀྱི་རང་གི་དམག་ཚོགས་མང་པོ་ལ་བལྟོས་པ་ལྟ་བུ་ཡིན་པས་དེ་དང་ཆོས་མཐུན་ཏེ་མང་པོ་འཇོམས་པ་ཐོས་པ་ལ་དུ་མ་ཡོད་པས་དཔུང་ཞེས་བྱ་བའམ། ཡང་ན་ཐོས་པ་ཉིད་དུ་མ་སྟེ། མི་སྡུག་པ་ཐོས་པ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་ལ། བྱམས་པ་ཐོས་པ་ནི་ཞེ་སྡང་གི་གཉེན་པོ་ཞེས་བྱ་བ་ལ་སོགས་པས་ཐོས་པ་ཉིད་དུ་མ་ཡིན་པ་དེ་སྐད་ཅེས་བྱའོ། །གྲགས་དང་དཔལ་ནི་གཏེར་གྱི་མཆོག་ཀྱང་ཡིན། །ཞེས་བྱ་བ་ནི་རིན་པོ་ཆེ་སྣོད་གང་དུ་བཅུག་ནས་སྦས་པ་ནི་རིན་པོ་ཆེའི་གཏེར་ཏེ་འབྱུང་གནས་ཡིན་ནོ། །དེ་བཞིན་དུ་མང་དུ་ཐོས་པ་ཡང་གྲགས་པའི་འབྱུང་གནས་ཡིན་ཏེ། མང་དུ་ཐོས་པ་རྒྱ་མཚོ་ལྟ་བུ་ནི་རྣམ་པ་དུ་མར་བསྒྲགས་ཏེ་བྱང་ཆུབ་སེམས་དཔའ་ས་གསུམ་པར་ཆུད་པ་དག་ཀྱང་ཚིགས་སུ་བཅད་པ་གཅིག་གི་ཆེད་དུ་ཡང་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་བརྒལ་ནས་ཆོས་ཉན་པར་གསུངས་པའི་ཕྱིར་རོ། །དཔལ་ནི་འབྱོར་པ་ཕུན་སུམ་ཚོགས་པ་སྟེ། མང་དུ་ཐོས་པ་ཤེས་རབ་དང་ལྡན་པའི་མཁས་པའི་ཡོ་བྱད་ཀྱི་འབྱོར་པས་ཕོངས་པར་མི་འགྱུར་ཏེ། གཞན་གྱིས་བསྙེན་བཀུར་བྱེད་པའི་ཕྱིར་ཏེ། ཇི་སྐད་དུ་གོང་དུ་སྦྱིན་བདག་རྣམས་ཀྱིས་གསོལ་བ་བཏབ་པས་ནོར་ནི་རྒྱ་ཆེ་བར་འགྱུར་ཅེས་བཤད་པ་ལྟ་བུའོ། །ཡང་ན་དཔལ་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ལས། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་། །རྐུན་པོ་མེ་ཆུས་བསླུས་པས་ཟད་པར་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་གཏེར་ཆེན་ནི། །བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ། །སེམས་ཅན་དོན་ 212-309b བརྩོན་བྱང་ཆུབ་སེམས་དཔའ་ནི། །ཚུལ་བཞིན་ཉིད་ཀྱི་དབེན་སེམས་གང་ཡིན་དང་། །རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། །ཞེས་འབྱུང་བ་ལྟ་བུའོ། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་ནི་དམ་པ་རྣམས་ཐོས་པ་ལས་རྟོགས་པ་འཐོབ་པས་ཕྱིན་ཅི་མ་ལོག་པའི་ཐོས་པ་ཉིད་དོན་དུ་གཉེར་ཞིང་གཞན་ལ་ཡང་དེ་ཉིད་འཆད་ཀྱི་ནོར་ལ་སོགས་པའི་སྐྱེས་ནི་མ་ཡིན་ཏེ། ཉེར་རྒྱལ་གྱིས་བདུད་རྩི་ཐོབ་པའི་དོན་ཉིད་པང་ནས་སྐྱེས་ཀྱིས་ཞུས་ཤིང་དཔེ་བཤད་པས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ལྟ་བུའོ། །ཚོགས་ཀྱི་ནང་ན་མཁས་པ་དག་དགའ་བར་འགྱུར་བ་ནི་དཔེར་ན་དབུལ་པོ་དེས་པ་ལྟ་བུ་སྟེ། དེ་ལ་ཐོས་པ་ལ་སོགས་པའི་ནོར་ཡོད་པས་དེ་བཞིན་གཤེགས་པ་ལ་སོགས་པ་འཁོར་གྱི་ཚོགས་ཀྱིས་བསྔགས་ཏེ། སེམས་ཅན་གྱི་ཚོགས་ཐམས་ཅད་རྒྱལ་པོ་གསལ་རྒྱལ་ལྟ་བུར་གྱུར་པ་དག་གིས་ངེས་པའི་གོམ་པ་བདུན་བོར་བའི་ཆར་ཡང་མི་ཕོད་དོ་ཞེས་གསུངས་པ་ལྟ་བུའོ། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ་བ་ཞེས་བྱ་བ་ནི་འོད་གཞན་རྣམས་ཉི་མའི་འོད་ཀྱིས་ཟིལ་གྱིས་གནོན་པ་ལྟར་ཕ་རོལ་སྨྲ་བ་རྣམས་ཀྱང་མང་དུ་ཐོས་པས་ཚར་གཅོད་དོ། །ཇི་སྐད་དུ། གཡུལ་ངོའི་ཚེ་ན་དཔའ་བོ་བལྟ། །བཟའ་བཏུང་ཚེ་ན་ཉེ་དུ་བལྟ། །མི་བཟད་དུག་ལ་གསང་སྔགས་བལྟ། །དོན་རྟོགས་ཚེ་ན་མཁས་པ་བལྟ། །ཞེས་གསུངས་པ་སྟེ་དོན་གང་ལ་རྩོད་པ་ལ་ཕ་རོལ་ཟིལ་གྱིས་གནོན་པ་ནི་མང་དུ་ཐོས་པའི་ཤེས་རབ་སྟེ་སློབ་དཔོན་འཕགས་པའི་ལྷས་མུ་སྟེགས་ཀྱི་སྟོན་པ་རྟ་དབྱངས་ཚར་གཅད་པ་ལྟ་བུའོ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །ཞེས་བྱ་བ་ནི། ཇི་ལྟ་ཀུན་ཏུ་རྒྱུ་བྱང་ཆུབ་ཆེན་པོས་ཕྲག་དོག་གི་དྲི་མས་རྒྱུད་ཉམས་པ་བློན་པོ་ལྔ་ཆོས་དང་མཐུན་པར་ཚར་གཅད་པ་ལྟ་བུའོ། །མི་ཤེས་རྣམས་ཀྱང་ཕ་རོལ་མང་དུ་ཐོས་པ་ཆོས་སྨྲ་བ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་རབ་ཏུ་ཆེ་བ་རྣམ་པར་སྒྲོགས་ཤིང་སྙན་པར་སྨྲ་བར་བྱེད་པ་སྟེ། ལེགས་པར་གསུངས་པ་ངོ་མཚར་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་མདོ་དུ་མ་ལས་མཐོང་བའོ། །གཞན་དག་ལ་ཡིད་ཆེས་པ་སྐྱེད་པར་བྱེད་པའི་ཡོན་ཏན་ནི། གཏན་ཚིགས་དོན་རྣམས་རབ་ཏུ་ 212-310a གསལ་བར་སྟོན། གཙུག་ལག་ལུང་རྣམས་སྣ་ཚོགས་དོན་དང་མཐུན་ཞེས་བྱ་བ་སྟེ། གཏན་ཚིགས་ཀྱིས་ལྐོག་ཏུ་གྱུར་པ་མི་རྟག་པ་ལ་སོགས་པར་ངེས་པར་བྱེད་དོ། །ལྐོག་ཏུ་གྱུར་པ་ཁ་ཅིག་ཀྱང་གཙུག་ལག་སྟེ་ལུང་དང་ཁུང་སྟེ་བླ་མ་བརྒྱུད་པའི་ཚིག་གི་(སོ་)ནས་ངེས་པ་བསྐྱེད་པའམ་ཡང་ན་གཙུག་ལག་གི་ལུང་ཞེས་སྦྱར་ཏེ་སངས་རྒྱས་ཀྱི་བཀའ་ཞེས་བྱ་བའི་ཐ་ཚིག་གོ། །གཉེན་ཞིང་སྦྱངས་པ་ཡིད་དུ་འོང་བའི་ཕྱིར། །མེ་ཏོག་ཕྲེང་བ་མ་རྙིངས་བཀྲམ་པ་བཞིན། །ཞེས་བྱ་བ་ནི་མང་དུ་ཐོས་པས་ལུས་དང་སེམས་ལས་སུ་རུང་བ་དང་དགའ་བ་སྐྱེད་པས་མེ་ཏོག་ཕྲེང་བ་མ་རྙིངས་པ་ལྟ་བུའོ། །མང་དུ་ཐོས་པས་ཤིན་ཏུ་སྦྱངས་པ་སྐྱེ་བ་ནི། ཇི་སྐད་དུ་གཞན་ལས། ཇི་ལྟ་ཇི་ལྟར་ཆོས་ཐོས་པ་དེ་ལྟ་དེ་ལྟར་དོན་སོ་སོར་ཡང་དག་པར་རིག་པར་འགྱུར་ལ་དེ་ལས་རབ་ཏུ་དགའ་བ་དང་དེ་ལས་ཡིད་བདེ་ཞིང་ཤིན་ཏུ་སྦྱངས་པ་སྐྱེ་ཞིང་བདེ་བ་དང་ཡིད་བདེ་བས་མཉམ་པར་འཇོག་ཅིང་སེམས་རྣམ་པར་གྲོལ་བའི་བར་དུ་འགྱུར་རོ་ཞེས་གསུངས་སོ། །དེ་ནི་ཐོས་པའི་འབྲས་བུ་ཆེ་བ་ཡིན་ནོ། །དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །ཞེས་བྱ་བ་ནི་ཐོས་པ་ལས་འཕྲལ་ལ་ཤེས་རབ་ཀྱི་སྤོབས་པས་ཕ་རོལ་ལ་ཆོས་སྟོན་པའམ་ཆོས་དང་མཐུན་པར་ཚར་གཅོད་པར་བྱེད་ལ་དེ་ལྟར་ན་རྒྱགས་པ་དང་དྲེགས་པ་མི་འབྱུང་བས་དུལ་བའོ། །གྲགས་པ་ཆེན་པོ་ཆོས་བསྟན་པའམ་ཕ་རོལ་སྨྲ་བ་ཚར་གཅད་པ་ལས་ཏེ། །དེ་ཡང་མང་དུ་ཐོས་པ་ལས་འབྱུང་ངོ་། །ཤིན་ཏུ་སྦྱངས་པའི་སྟོབས་ཀྱིས་སྨྲ་ལྕེ་བདེ་འགྱུར་ཞེས་སྨོས་སོ། །ཁྱད་པར་ཅན་གྱི་རྒྱུ་ཞེས་བྱ་བ་ནི་སྨྲ་ལྕེ་བདེ་བ་ཉིད་ཁྱད་པར་ཅན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གསལ་རྟོགས་པར་འགྱུར་བ་ནི་བསམ་པ་དང་བསྒོམས་པ་ལས་བྱུང་བའི་རྒྱུར་སྟོན་ཏོ། །འགལ་བ་མེད་པ་ནི་མི་མཐུན་པ་མེད་པ་གཅིག་གི་གྲོགས་སུ་གཅིག་འགྲོ་བའོ། །འཁོར་གསུམ་ལམ་ནི་ཆོས་དང་སྲིད་དང་འབྱོར་བའོ། །དེའི་ལམ་ནི་དེའི་ཐབས་སོ། །དེ་ལ་གནས་པར་འགྱུར་རོ་ཞེས་བྱ་བའོ། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད་པ་ནི་ཇི་སྐད་དུ་ཐོས་ན་ཤེས་པར་འགྱུར་རོ། །ཤེས་ན་ནན་ཏན་བྱེད་དོ་ 212-310b ཞེས་འབྱུང་ངོ་། །ནན་ཏན་བྱས་པ་ལས་སྐྱེ་བའི་རྫིང་ལས་ཚེགས་ཆུང་ཐར་བར་འགྱུར་ཞེས་བྱ་བ་སྟེ། སྐྱེ་བའི་ཉམས་པ་ནི་གནས་མ་ཡིན་པས་རྫིང་ལྟ་བུའོ། །དེ་ལས་ཡང་དག་པར་འདའ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་སྟེ་མཐར་ཐུག་པའི་འབྲས་བུ་ཡིན་ནོ། །ཐོས་པའི་འབྲས་བུ་ཡང་། ཐོས་པས་ཆོས་རྣམས་ཤིས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་སོ། །དཀའ་ཐུབ་སྤྱོད་དང་མུ་སྟེགས་འགྲོ་བ་ཡི། །ཉོན་མོངས་མེད་པར་བསོད་ནམས་ཡོན་ཏན་འགྲུབ། །ཅེས་བྱ་བ་ལ་དཀའ་ཐུབ་ཀྱི་སྤྱོད་པ་ནི་སྨྱུང་བར་གནས་པ་ལ་སོགས་པའོ། །མུ་སྟེགས་འགྲོ་བ་ནི་འཇུག་ངོགས་སུ་ཁྲུས་བྱེད་པ་ལ་སོགས་པ་སྟེ། དེ་ལྟ་བུའི་ངལ་བ་མ་བྱས་ཀྱང་བསོད་ནམས་ཀྱི་འབྲས་བུ་དེ་དག་ལས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བའོ། །ཐར་པ་ཐོབ་པས་འཇིག་རྟེན་གསུམ་ལས་འདའ་བའི་ལམ་ཞེས་སྨོས། མཐོ་རིས་ཀྱི་གནས་སུ་འཇུག་པས་ལྷའི་གནས་སུ་འཇུག་པའི་སྒོ་ཡང་ཡིན་ཞེས་སྨོས་ཏེ། ཇི་སྐད་དུ། བདེན་པར་སྨྲ་ཞིང་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ན། །ལྷ་ཡི་གནས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འཁོར་བའི་རྫིང་ལས་ཐར་པའི་ཟམ་པ་ཡིན། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་འདའ་[མདོ་ལས།] བ་དང་དོན་གཅིག་ཆོད་ཀྱི་དཔེའི་ཆེ་བའི་ཚུལ་གྱིས་ཐ་དད་དུ་བསྟན་ཏེ། རང་གི་ཁྱིམ་གྱི་དགའ་བའི་ཁྱད་པར་མི་རིགས་པར་བསྟན་པའི་ཕྱིར་རྔ་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་གཅིག་གིས་མི་དུ་མ་ཐུབ་ན་རང་གི་སེམས་ཉིད་མི་ཐུབ་པ་ནི་མི་རིགས་སོ་ཞེས་སྟོན་པ་ནི་རྒྱལ་པོ་གཅིག་པུས་ཞེས་བྱ་བ་ལ་སོགས་པའོ། །སུ་ཏ་སའི་རབས་ཏེ་སུམ་ཅུ་རྩ་གཅིག་པའོ།། །། ༈ སུམ་ཅུ་རྩ་གཉིས་པ། ལྕགས་ཀྱི་ཁྱིམ་ནས་སྐྱེས་པའི་རབས་བཤད་པ། ༆ གང་གཱ་སྨིན་པ་དྲག་ཏུ་འབབ་པ་འདྲ། །ཞེས་བྱ་བ་ནི་ཆུའི་གང་གཱ་སྨིན་ཅིང་བྲུག་པ་ཕྱོགས་ཀུན་ཏུ་འབོ་བ་དང་འདྲའོ་ཞེས་བྱ་བའོ། །རྒྱ་མཚོ་ཆེན་པོ་རྣམས་ཀྱི་སྒྲ་ཡང་བྱུང་། །ཞེས་པ་འབྲུག་སྒྲ་ཆེན་པོ་རྣམས་ཀྱི་སྒྲ་ཡང་བྱུང་ཞེས་པ་མེ་གྷ་ས་ར་ཞེས་བྱ་བ་ནི་འབྲུག་སྒྲའོ། །ཐབས་དང་རབ་ཏུ་ལྡན་པ་ནི་མཛངས་པའི་ 212-311a ཁྱད་པར་རོ། །མཐུ་ཡོད་པ་ནི་ཤིན་ཏུ་དཔའ་བ་སྟེ་དེ་ལྟ་བུར་གྱུར་ཀྱང་ངོ་། །བདེ་དང་བསོད་ནམས་གྲགས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་བདེ་བ་དང་གྲགས་པ་ནི་ཚེ་འདི་ལ་ཕན་པའི་རྒྱུའོ། །བསོད་ནམས་ནི་གཞན་ལ་ཕན་པའི་རྒྱུའོ། །མི་རྣམས་ཆོས་ཀྱིས་བསྲུངས་ཀྱི་ཞེས་བྱ་ནི་ཆོས་དང་ལྡན་ན་ཚེ་འདི་དང་གཞན་གྱི་གནོད་པ་ལས་བསྲུང་བར་འགྱུར། །ཇི་སྐད་དུ། གང་ལ་དོན་དུ་དེ་འཕངས་པ། །དེ་ལ་དོན་དུ་བདག་ལུས་འཕངས། །ཞེས་གསུངས་པ་ལྟ་བུའོ། །ཆོས་ཀྱི་བདེ་བ་ཆེན་པོ་འཐོབ་པ་ནི་ཐར་པའི་བདེ་བའོ། །ཤིན་དགའ་བ་ནི་འགྱོད་པ་མེད་པའོ། །ལས་ཀྱི་ཁྱད་པར་དག་ཀྱང་ཇི་བཞིན་གནས་ཞེས་བྱ་བ་ནི། རང་རང་གི་འབྲས་བུ་ཇི་ལྟ་བ་བཞིན་གནས་ཏེ་དེའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བཤད་པ་ནི་ལྷག་མ་ཚིག་རྐང་གསུམ་མོ། །འཆི་བའི་འདུ་ཤེས་བསྐྱེད པའི་བསྔགས་པ་བརྗོད་པར་བྱ་བ་ལ་སོགས་པ་ལ་འཆི་བའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བ་ལ་སོགས་པའི་འདུ་ཤེས་ལ་སོགས་པ་ནི་ཤིན་ཏུ་དོན་ཆེ་བ་སྟེ། བསླབ་པ་གསུམ་གྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་མི་མཐུན་པའི་ཕྱོགས་མི་སྡུག་པའི་མཚན་མར་འཛིན་པ་ལ་སོགས་པ་བཅུའི་གཉེན་པོར་མི་སྡུག་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། སྣང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་སོ་ཞེས་དོན་ཆེ་བར་གསུངས་སོ། །ལྕགས་ཀྱི་ཁྱིམ་ནས་སྐྱེས་པའི་རབས་ཏེ་སུམ་ཅུ་རྩ་གཉིས་པའོ།། །། ༈ སུམ་ཅུ་རྩ་གསུམ་པ། ཨེ་ཧེའི་རབས་བཤད་པ། ༆ ལས་ཀྱི་དབང་གིས་དེ་ལྟར་དེ་གྱུར་ཏམ། །སྔོན་སྙིང་རྗེ་ལ་སོགས་པ་གོམས་ཀྱང་ཚུལ་ཁྲིམས་ངན་པའི་རྒྱུས་ངན་འགྲོར་སྐྱེ་བ་སྲིད་པ་ཉིད་དོ། །དེ་ཉིད་མཐུ་ཡིས་དེ་ནི་དེ་ལྟར་གྱུར་ཅེས་བྱ་བ་ལ་མི་དགེ་བའི་རྣམ་པར་སྨིན་པའི་རྒྱུའི་འཕེན་པ་དེ་དང་དེ་ལས་འབྲས་བུ་ 212-311b ངན་འགྲོའི་ལུས་དང་དེ་དང་དེ་ལྟ་བུ་སྟེ་ཚིགས་སུ་བཅད་པ་གཉིས་པོ་དེས་ནི་ལས་ཀྱི་ནུས་པའི་སྟོབས་ཤིན་ཏུ་གསལ་བར་བྱེད་དོ། །ཞེས་བྱ་བ་ནི་སྐྱེ་བ་ལ་དབང་ཐོབ་པའོ། །ལས་ཀྱི་དབང་གིས་ཡིན་པ་ཉིད་གསལ་བར་བྱེད་པ་ནི་ཇི་སྐད་དུ་ཞེས་པ་ལ་སོགས་པའོ། །ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ལ་ཡང་དགེ་བས་ངན་འགྲོར་མི་འགྲོ་བས་མི་དགེ་བ་ཉིད་ཀྱི་ལས་ཀྱིས་ནུས་པ་ཡོད་པར་སྟོན་པ་ནི་མི་ཞེས་བྱ་བའོ། །ལས་ཀྱི་བག་ཆགས་ཀྱིས་དེ་དང་དེ་བརྟེན་ཏེ་དེ་ལྟ་དེ་ལྟར་གྱུར་ཅེས་བྱ་བ་ལ་མི་དགེ་བའི་རྣམ་པར་སྨིན་པའི་རྒྱུའི་འཕེན་པ་དེ་དང་དེ་ལས་འབྲས་བུ་ངན་འགྲོའི་ལུས་དེ་དང་དེ་ལྟ་བུ་སྟེ། ཚིགས་སུ་བཅད་པ་གཉིས་པ་དེས་ནི་ལས་ཀྱི་ནུས་པའི་སྟོབས་ཤིན་ཏུ་གསལ་བར་བྱེད་དོ། །རབ་ཏུ་རྣམ་པར་འགྱུར་བར་བྱེད་ཅེས་བྱ་བ་ནི་རྣམ་པར་འཚེ་ཞིང་མཐོ་འཚམ་པར་བྱེད་པའོ། །དམན་པའི་ཚུལ་གྱི་སྤྱོད་པ་ནི་ཤིན་ཏུ་སྙིང་རྗེ་བ་ལ་སོགས་པར་སྟོན་པའི་གཡོ་བྱེད་པའོ། །ཚ་ཞིང་དྲོད་ཆེ་རྩུབ་པས་སྒྲུབ་པའི་ཞེས་བྱ་བ་ནི་དེ་ལྟ་བུའི་སྨན་གྱིས་བསམ་པ་བསྒྲུབ་པར་བྱའོ། །དེ་ནི་བསིལ་བ་དང་འཇམ་པ་དང་མངར་བ་ལ་སོགས་པའི་སྨན་གྱིས་འཕེལ་བ་ཞེས་བྱ་བའོ། །དེ་ལས་གཞན་པ་དོན་མེད་ཅི་འདྲ་ཞིག་ཅེས་བྱ་བ་ནི་ཕན་འདོགས་པ་ཆེ་བ་ལ་གནོད་པར་སེམས་པ་ནི་དྲིན་མེད་པ་ཡིན་པས་དེ་སྐད་ཅེས་བྱའོ། །ཡོན་ཏན་རྣམས་ལ་མི་དགའ་ཞིང་། །ཞེས་བྱ་བ་ནི་བཟོད་པ་ལ་མི་དགའ་བར་མ་བྱས་ན་ཡང་ནུས་པ་སུ་ཞིག་ཡོད་ཅེས་སྦྱར་རོ། །སྦྱོར་བའི་སྒོ་ནས་མི་སྲུན་པ་ནི་མ་བཏུལ་ན། །ཞེས་པ་དང་། བསམ་པའི་སྒོ་ནས་བཟོད་པ་སྡོམ་པ་མ་བཏང་ན་ཞེས་སྦྱར། གཞན་ལ་གནོད་པ་བྱས་པའི་བདེ་བའམ། །སྡུག་བསྔལ་འབྱུང་བ་དགག་པར་འདོད་པ་དེའི་ཞེས་བྱ་བ་ལ་གཞན་ལ་གནོད་པ་བྱས་པས་བདག་ལ་བདེ་བ་དང་བདག་ལ་སྡུག་བསྔལ་འབྱུང་བ་དགག་པར་འདོད་པ་ཞེས་བྱ་བ་དེ་མི་འགྲུབ་པས་མཁས་དེ་མི་བྱེད་དོ་ཞེས་བྱ་བ་ཚིག་ཕྱི་མ་གཉིས་སོ། །དེ་ལྟར་རང་གི་དོན་གྱི་བཟོད་པའི་སོགས་པ་བསྟན་ནས་གཞན་གྱི་དོན་དུ་འགྱུར་བའི་དགོས་པ་སྟོན་པ་ནི། །དེ་བས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གོ། །དེ་བས་བདག་གིས་བཟོད་པ་ལ་གནས་ནས། ཐབས་ཀྱིས་ 212-312a བསྒོ་ཡང་གལ་ཏེ་མི་གོ་ན་ཞེས་བྱ་བ་ནི། གནོད་པ་བྱེད་པ་ཉིད་ལ་ཡང་དོན་གྱིས་བཟོད་པ་བསླབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལ་མ་ཕན་ན་ཡང་གཞན་བཟོད་པ་ལ་གནས་པར་འགྱུར་བ་ནི་བཟོད་པ་ཆུང་བ་གཞན་དག་ཡོད་པས་ན། དེ་དག་འདི་ནི་ལོག་པའི་ལམ་ལས་བཟློག །ཅེས་བྱ་བ་སྟེ་དེ་ནི་གནོད་པ་བྱེད་པའི་གང་ཟག་ལ་ཕན་པའི་དབང་དུ་མ་བྱས་ཀྱི་གནོད་པ་བྱེད་པ་ལ་མི་བཟོད་པའི་སྐྱེ་བ་ལ་ཕན་པའི་དབང་དུ་བྱས་པའོ། །བདག་དང་གཞན་ལ་ཕན་པ་དེས་ན་སྐྱེ་བོ་དེ་ལྟ་བུས་བརྙས་བྱས་ན། བདག་ལྟ་བུའང་དེ་ལྟར་དེ་མི་བྱེད་ཅེས་བྱ་བ་སྟེ་བདག་ལྟ་བུ་ཕར་གནོད་པ་ནུས་ཀྱང་དེ་ལྟར་གནོད་པ་དེ་མི་བྱེད་ཅེས་བྱ་བའོ། །ཕ་རོལ་གྱིས་ཀྱང་ཉེས་དམིགས་མཐོང་ན་དེ་ལྟར་ཕྱིས་མི་བྱེད་པས་འོན་ཏང་བདག་ནི་གནོད་པ་དེ་ལས་ཐར་བར་འགྱུར་ཞེས་བྱ་བའོ། །མ་ཧེའི་རབས་ཏེ་སུམ་ཅུ་རྩ་གསུམ་པའོ།། །། ༈ སུམ་ཅུ་རྩ་བཞི་པ། བྱ་ཤིང་རྟ་མོའི་རབས་བཤད་པ། ༆ བདུད་རྩིར་གྱུར་ཞེས་བྱ་བ་ནི། མི་འཆི་བར་གྱུར་ཅིག་ཅེས་བྱ་བའོ། །ཕན་བཏགས་དྲིན་མེད་བནྡུའི་མེ་ཏོག་བཞིན། །ཞེས་བྱ་བ་ནི། ཤིང་བནྡུའི་ཞེས་བྱ་བའི་མེ་ཏོག་ལས་འབྲས་བུ་མི་འབྱུང་བ་དང་འདྲ་བར་ངན་པ་ལ་ཕན་བཏགས་ཀྱང་ཕན་པ་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོན་ཏན་གྲགས་དང་བཅས་པའི་ལུས་བཀྲུས་པས། །གླང་པོ་ཆེའི་ཚུལ་དུ་སྤྱད་པར་མི་འགྱུར་རམ། །ཞེས་བྱ་བ་ནི། སྔ་མ་ཆུད་གཟན་པའི་ཉེས་པ་སྟེ། ཕན་བཏགས་པ་ལ་གནོད་པ་བྱས་ན་ནི་ཕན་བཏགས་པའི་བསོད་ནམས་དང་ཕན་བཏགས་པའི་གྲོགས་པོ་གཉིས་ཀ་ཉམས་པར་བྱས་པའི་ཕྱིར་ཏེ། ཇི་ལྟར་གླང་པོ་ཆེ་ལུས་ཀྱི་དྲི་མ་བཀྲུ་བའི་ཕྱིར། མཚོར་ཞུགས་ལ་ཡང་སྐོམ་པའི་ཕྱིར་བྱེ་མ་ལ་འདྲེས་པས་སྔ་མ་ཆུད་གཟན་པ་ལྟ་བུའོ། །དྲིན་མེད་པའི་ཉེས་པ་སྟོན་པ་ནི་ཕ་རོལ་ཞེས་བྱ་བའི་ཚིགས་སུ་བཅད་པའོ། །ཕ་རོལ་ལ་ཉེས་པ་ཡོད་ཀྱང་བདག་དེ་ལ་ཉེས་པ་མེད་པར་བྱེད་པ་ནི། །འདི་ལ་ཞེས་བྱ་བ་ལ་སོགས་པའོ། །བྱ་ཤིང་རྟ་མོའི་རབས་ཏེ་སུམ་ཅུ་རྩ་བཞི་པའོ།། །། 212-312b སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་ཚིག་གི་ཆ་དཀའ་བ་རྣམ་པར་འགྲེལ་པ། སློབ་དཔོན་བཱིརྱ་སིང་ཧས་མཛད་པ་རྫོགས་སོ།། །།  
K
The Basket's Display le'u dang po/ 51-200a ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཀ་རཎྜ་བྱཱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་པ་ལ་ཟས་སྦྱིན་པའི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་བྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་རྣམས་དང་ཡང་ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་སྦེན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མི་གཏོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་ 51-200b བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྒྱ་མཚོ་མཆིང་རྣམ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེན་པོ་ཆོས་འཛིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྤྱན་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབུགས་ཕྱིན་པའི་ལག་པ་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་ལྟ་བུ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་རྣམས་ཀྱང་ཚོགས་སོ། །གཞན་ཡང་དབང་ཕྱུག་དང་། མཐུ་བོ་ཆེ་ལ་སོགས་པ་ལྷའི་སྡེ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་སྲས་པོ་རྣམས་ཀྱང་ཚོགས་ སོ། །གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་ཚོགས་ཏེ། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་ལ་སོགས་པ། ལྷའི་བུ་དེ་དག་ཚོགས་པ་དང་ལྷན་ཅིག་ཏུ། བརྒྱ་བྱིན་ལྷའི་དབང་པོ་དང་། ཚངས་ པ་མི་མཇེད་ཀྱི་བདག་པོ་དག་ཀྱང་ཚོགས་སོ། །འཁོར་དེ་ན་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་ཚོགས་པ་རྣམས་འདི་ལྟ་སྟེ། ཀླུའི་རྒྱལ་པོ་ཨུད་པ་ལ་དང་། ཀླུའི་རྒྱལ་པོ་ཤིང་ཨེ་ལའི་ལོ་མ་ཅན་དང་། ཀླུའི་རྒྱལ་པོ་ཉ་ཟན་དང་། ཀླུའི་རྒྱལ་པོ་བ་ལང་གི་བདག་པོ་དང་། ཀླུའི་རྒྱལ་ པོ་མགོ་བརྒྱ་པ་དང་། ཀླུའི་རྒྱལ་པོ་ཧུ་ལུ་ཏ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་གླང་མགོ་དང་། ཀླུའི་རྒྱལ་པོ་རི་དགས་མགོ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་བད་སའི་རིགས་ཀྱི་བུ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ དང་། ཀླུའི་རྒྱལ་པོ་རྒྱ་མཚོ་མཆིང་རྣམ་དང་། དེ་ལྟ་བུ་དག་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཀྱང་ཚོགས་སོ། །དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཀྱང་ཚོགས་པ་འདི་ལྟ་སྟེ། དྲི་ཟའི་རྒྱལ་པོ་རྔའི་དབྱངས་ཀྱི་རྒྱལ་པོ་དང་། དྲི་ཟའི་རྒྱལ་པོ་ཡིད་དུ་འོང་བའི་དབྱངས་དང་། 51-201a དྲི་ཟའི་རྒྱལ་པོ་ལག་པ་སྟོང་པ་དང་། དྲི་ཟའི་རྒྱལ་པོ་བློ་གྲོས་ཆེན་པོ་དང་། དྲི་ཟའི་རྒྱལ་པོ་ལུས་སིམ་པར་བྱེད་པ་དང་། དྲི་ཟའི་རྒྱལ་པོ་སིལ་སྙན་སྒྲ་བསྒྲགས་དང་། དྲི་ཟའི་རྒྱལ་པོ་རྒྱན་གྱིས་བརྒྱན་པ་དང་། དྲི་ཟའི་རྒྱལ་པོ་གཞོན་ནུར་སྣང་བ་དང་། དྲི་ཟའི་རྒྱལ་པོ་ལག་པ་བཟང་པོ་དང་ལྡན་པ་དང་། དྲི་ཟའི་རྒྱལ་པོ་ཆོས་དགའ་དང་། དེ་ལྟ་བུ་ལ་སོགས་པ་དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དག་ཚོགས་སོ། །འཁོར་དེར་མིའམ་ཅི་བརྒྱ་སྟོང་དུ་མ་ཚོགས་པ་འདི་ལྟ་སྟེ། མིའམ་ཅིའི་རྒྱལ་པོ་བཞིན་བཟངས་དང་། མིའམ་ ཅིའི་རྒྱལ་པོ་ཅོད་པན་ཅན་དང་། མིའམ་ཅིའི་རྒྱལ་པོས་རིའི་བཞིན་དང་། མིའམ་ཅིའི་རྒྱལ་པོ་རབ་ཏུ་དགའ་བྱས་དང་། མིའམ་ཅིའི་རྒྱལ་པོ་འཁོར་ལོ་བཀོད་པ་དང་། མིའམ་ཅིའི་རྒྱལ་པོ་མེ་ཏོག་གཏོར་བ་དང་། མིའམ་ཅིའི་རྒྱལ་པོ་ནོར་བུ་དང་། མིའམ་ཅིའི་ རྒྱལ་པོ་གསུས་ཤོལ་དང་། མིའམ་ཅིའི་རྒྱལ་པོ་བརྩོན་འགྲུས་བརྟན་པ་དང་། མིའམ་ཅིའི་རྒྱལ་པོ་ཤིན་ཏུ་འཐད་པ་དང་། མིའམ་ཅིའི་རྒྱལ་པོ་བཞིན་བརྒྱ་པ་དང་། མིའམ་ཅིའི་རྒྱལ་པོ་ཤིང་རློན་དང་། དེ་ལྟ་བུ་ལ་སོགས་པ་མིའམ་ཅིའི་རྒྱལ་པོ་བརྒྱ་སྟོང་དུ་ མ་དག་ཚོགས་སོ། །ལྷའི་བུ་མོ་བརྒྱ་སྟོང་ཕྲག་དུ་མ་དག་ཚོགས་པ་འདི་ལྟ་སྟེ། ལྷའི་བུ་མོ་ཏི་ལ་མཆོག་ཅེས་བྱ་བ་དང་། ལྷའི་བུ་མོ་ཤིན་ཏུ་བཀོད་པ་ཞེས་བྱ་བ་དང་། ལྷའི་བུ་མོ་གསེར་གྱི་སྐ་རགས་ཞེས་བྱ་བ་དང་། ལྷའི་བུ་མོ་རྒྱན་པ་ཞེས་བྱ་བ་དང་། ལྷའི་བུ་མོ་གདོས་ འཛིན་ཅེས་བྱ་བ་དང་། ལྷའི་བུ་མོ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་དང་། ལྷའི་བུ་མོ་ལུས་ཡོངས་སུ་མཛེས་པ་ཞེས་བྱ་བ་དང་། ལྷའི་བུ་མོ་ནོར་བུའི་འོད་ཅེས་བྱ་བ་དང་། ལྷའི་བུ་མོ་གཙུག་ཕུད་ཅན་ཞེས་བྱ་བ་དང་། ལྷའི་བུ་མོ་ལྷའི་བཞིན་སྟོན་པ་ཞེས་བྱ་བ་དང་། ལྷའི་བུ་མོ་ སིལ་སྙན་ལྔ་མངོན་པ་ཞེས་བྱ་བ་དང་། ལྷའི་བུ་མོ་དགའ་བར་བྱེད་པ་ཞེས་བྱ་བ་དང་། ལྷའི་བུ་མོ་གསེར་གྱི་ཕྲེང་བ་ཞེས་བྱ་བ་དང་། ལྷའི་བུ་མོ་མེ་ཏོག་ཨུད་པལ་སྔོན་པོ་ཞེས་བྱ་བ་དང་། ལྷའི་བུ་མོ་ཆོས་མངོན་པ་ཞེས་བྱ་བ་དང་། ལྷའི་བུ་མོ་ཤིན་ཏུ་རོལ་པ་ཞེས་ 51-201b བྱ་བ་དང་། ལྷའི་བུ་མོ་མ་ལུས་འབྱུང་གནས་ཞེས་བྱ་བ་དང་། ལྷའི་བུ་མོ་ཤིན་ཏུ་བཀོད་པའི་བློ་གྲོས་ཞེས་བྱ་བ་དང་། ལྷའི་བུ་མོ་དཔུང་རྒྱན་འཛིན་པ་ཞེས་བྱ་བ་དང་། ལྷའི་བུ་མོ་སྦྱིན་པ་སྦྱིན་བྱེད་ཅེས་བྱ་བ་དང་། ལྷའི་བུ་མོ་ཟླ་བ་ཅན་དང་། དེ་ལྟ་བུ་ལ་སོགས་པ་ལྷའི་ བུ་མོ་བརྒྱ་ཕྲག་དུ་མ་དག་ཚོགས་སོ། །ཀླུའི་བུ་མོ་བརྒྱ་ཕྲག་དུ་མ་དག་ཀྱང་ཚོགས་པ་འདི་ལྟ་སྟེ། ཀླུའི་བུ་མོ་རྒྱན་འཛིན་ཅེས་བྱ་བ་དང་། ཀླུའི་བུ་མོ་པུ་ལིན་ད་ཞེས་བྱ་བ་དང་། ཀླུའི་བུ་མོ་རལ་པ་གསུམ་པ་ཞེས་བྱ་བ་དང་། ཀླུའི་བུ་མོ་ས་རིའི་བཞིན་ཞེས་བྱ་བ་དང་། ཀླུའི་ བུ་མོ་རྒྱལ་བའི་དཔལ་ཞེས་བྱ་བ་དང་། ཀླུའི་བུ་མོ་གློག་གི་མིག་ཅེས་བྱ་བ་དང་། ཀླུའི་བུ་མོ་གློག་གི་འོད་ཅེས་བྱ་བ་དང་། ཀླུའི་བུ་མོ་ས་རི་ཞེས་བྱ་བ་དང་། ཀླུའི་བུ་མོ་གཡོག་བརྒྱ་པ་ཞེས་བྱ་བ་དང་། ཀླུའི་བུ་མོ་སྨན་ཆེན་པོ་ཞེས་བྱ་བ་དང་། ཀླུའི་བུ་མོ་ཐིགས་ པ་ཞེས་བྱ་བ་དང་། ཀླུའི་བུ་མོ་མགོ་གཅིག་མ་ཞེས་བྱ་བ་དང་། ཀླུའི་བུ་མོ་བཞོན་པ་བརྒྱ་པ་ཞེས་བྱ་བ་དང་། ཀླུའི་བུ་མོ་ཟ་བྱེད་ཅེས་བྱ་བ་དང་། ཀླུའི་བུ་མོ་མ་ལུས་འོངས་ཞེས་བྱ་བ་དང་། ཀླུའི་བུ་མོ་ཤིན་ཏུ་རྒྱན་མ་ཞེས་བྱ་བ་དང་། ཀླུའི་བུ་མོ་ཐིག་ལེ་ཞེས་བྱ་བ་ དང་། ཀླུའི་བུ་མོ་སྤྲིན་དཀར་མོ་ཞེས་བྱ་བ་དང་། ཀླུའི་བུ་མོ་དེ་བཞིན་དུ་ཆགས་པ་ཞེས་བྱ་བ་དང་། ཀླུའི་བུ་མོ་གཏོང་ལྡན་མ་ཞེས་བྱ་བ་དང་། ཀླུའི་བུ་མོ་འཁོར་མི་ཕྱེད་པ་ཞེས་བྱ་བ་དང་། ཀླུའི་བུ་མོ་པུ་ལིན་ད་ཞེས་བྱ་བ་དང་། ཀླུའི་བུ་མོ་རྒྱ་མཚོ་མཆིང་ རྣམ་མངལ་ཞེས་བྱ་བ་དང་། ཀླུའི་བུ་མོ་གདུགས་ཀྱི་བཞིན་ཞེས་བྱ་བ་དང་། ཀླུའི་བུ་མོ་ཆོས་ལ་དགའ་བ་ཞེས་བྱ་བ་དང་། ཀླུའི་བུ་མོ་བདེ་བྱེད་ཅེས་བྱ་བ་དང་། ཀླུའི་བུ་མོ་བརྩོན་འགྲུས་ཞེས་བྱ་བ་དང་། ཀླུའི་བུ་མོ་རྒྱ་མཚོ་མཆིང་རྣམ་ལྟར་ཟབ་པ་ཞེས་བྱ་བ་ དང་། ཀླུའི་བུ་མོ་རི་རབ་ལྷུན་པོའི་དཔལ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་ཏེ་ཀླུའི་བུ་མོ་བརྒྱ་སྟོང་དུ་མ་དག་ཚོགས་སོ། །དྲི་ཟའི་བུ་མོ་བརྒྱ་སྟོང་དུ་མ་དག་ཀྱང་ཚོགས་པ་འདི་ལྟ་སྟེ། དྲི་ཟའི་བུ་མོ་དགའ་བའི་བཞིན་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་དགའ་བའི་སྦྱིན་ 51-202a བྱེད་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་མི་སྟོན་པ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རྡོ་རྗེའི་དཔལ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ཕྲེང་བ་བཟང་པོ་ཅན་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ནགས་ཚལ་བདག་མོ་ཞེས་བྱ་བ་དང་། དྲི་ཟའི་ བུ་མོ་མེ་ཏོག་བརྒྱ་པ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་མེ་ཏོག་འབུས་པ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་དུས་པའི་མེ་ཏོག་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་མངལ་བཟང་མོ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རྒྱལ་པོའི་དཔལ་ཞེས་བྱ་བ་ དང་། དྲི་ཟའི་བུ་མོ་རྔ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ཕྲེང་བ་བཟང་མོ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རྒྱན་གྱིས་བརྒྱན་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་མངོན་པར་བཏུད་པ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ཆོས་འདོད་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་ཆོས་སྦྱིན་ཞེས་བྱ་བ་དང་། དྲི་ཟའི་ བུ་མོ་མེ་ཏོག་ཨུ་དུམ་བཱ་རའི་ལྟོ་བ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རྣམ་པ་བརྒྱ་པ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་མེ་ཏོག་པད་མའི་དཔལ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་མེ་ཏོག་པད་མའི་དམིགས་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ལུས་ཡོངས་སུ་མཛེས་པ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ཆ་བས་དབང་པོ་བཞིན་དུ་འགྲོ་བ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ས་སྦྱིན་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་འབྲས་བུ་སྦྱིན་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་སེང་གེའི་འགྲོས་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་མེ་ཏོག་ཀུ་མུ་ད་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ཡིད་དགའ་ཞེས་ བྱ་བ་དང་། དྲི་ཟའི་བུ་མོ་སྦྱིན་བྱེད་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་ལྷའི་ཚིག་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་བཟོད་དགའ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་མྱ་ངན་འདས་དགའ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རིན་ཆེན་མྱུ་གུ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་དབང་པོའི་དཔལ་ ཞེས་བྱ་བ་དང་། དྲི་ཟའི་བུ་མོ་སྐྱེ་དགུའི་བདག་མོའི་གནས་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རི་དགས་ཀྱི་རྒྱལ་པོ་ཅན་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་དཔལ་འདབ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་འབར་བའི་རྩེ་མོ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་འདོད་ཆགས་ལས་ཡོངས་སུ་གྲོལ་ 51-202b ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ཞེ་སྡང་ལས་ཡོངས་སུ་གྲོལ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་གཏི་མུག་ལས་ཡོངས་སུ་གྲོལ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་འཁོར་བ་སྲུངས་མ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་རིན་པོ་ཆེའི་ཁྲིའུ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་ འོང་བ་དང་འགྲོ་བ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་མེའི་འོད་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་ཟླ་བའི་གཟུགས་ཀྱི་འོད་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་ཉི་མའི་མིག་ཅེས་བྱ་བ་དང་། དྲི་ཟའི་བུ་མོ་གསེར་ལྟར་སྣང་བ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་འཁོར་གྱིས་ཡོངས་སུ་བསྐོར་བ་ཞེས་ བྱ་བ་དང་། དྲི་ཟའི་བུ་མོ་མཆོག་དགའ་ཞེས་བྱ་བ་དང་། དྲི་ཟའི་བུ་མོ་དམ་པའི་དཔལ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པ་དྲི་ཟའི་བུ་མོ་བརྒྱ་ཕྲག་དུ་མ་དག་ཚོགས་སོ། །འཁོར་དེར་མིའམ་ཅིའི་བུ་མོ་བརྒྱ་ཕྲག་དུ་མ་དག་ཚོགས་པ་འདི་ལྟ་སྟེ། མི་འམ་ཅིའི་བུ་མོ་ཡིད་ཅེས་ བྱ་བ་དང་། མི་འམ་ཅིའི་བུ་མོ་ཡིད་ལས་བྱུང་བ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རླུང་གི་ཤུགས་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ཆུའི་ཤུགས་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ནམ་མཁའི་གཟིངས་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་མགྱོགས་པའི་ཤུགས་ཞེས་བྱ་ བ་དང་། མི་འམ་ཅིའི་བུ་མོ་དཔལ་སྦྱིན་པ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་མཆེ་བ་བཟང་མོ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་མི་གཡོ་བའི་དཔལ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ཁམས་ལ་དགའ་བ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་འབར་བ་ལ་དགའ་བ་ཞེས་བྱ་ བ་དང་། མི་འམ་ཅིའི་བུ་མོ་ཤིན་ཏུ་དཔལ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་སྤྱན་རས་གཟིགས་ཀྱི་དཔལ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་སྟན་ཅན་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རྡོ་རྗེའི་ཁུ་ཚུར་ཞེས་བྱ་ བ་དང་། མི་འམ་ཅིའི་བུ་མོ་སེར་སྐྱ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རྒྱན་རབ་བརྒྱན་པ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་དཔྲལ་བ་དབྱེས་ཆེན་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ངེས་པ་ཡོངས་སུ་བསྟེན་པ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་བློ་གྲོས་ཆེན་མོ་ཞེས་བྱ་བ་ 51-203a དང་། མི་འམ་ཅིའི་བུ་མོ་ནམ་མཁའ་སྲུང་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་བཀོད་པ་རྒྱལ་པོའི་དབང་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་གཙུག་ན་ནོར་བུ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ནོར་བུ་འཛིན་ཅེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ ནོར་བུ་འབར་མ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་སྐྱེ་བོ་མཁས་པས་བསྟེན་ཅེས་བྱ་བ་དང་། མི་འམ་ཅིའི་བུ་མོ་བདོག་མ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ཚེ་སྦྱིན་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་དེ་བཞིན་གཤེགས་པའི་མཛོད་ཡོངས་སུ་སྐྱོང་མ་ཞེས་བྱ་བ་ དང་། མི་འམ་ཅིའི་བུ་མོ་ཆོས་ཀྱི་དབྱིངས་ཡོངས་སུ་སྲུང་བ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རྐང་པའི་གདུ་བུའི་རྔ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་སྐད་ཅིག་སྒྲོལ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རྟག་ཏུ་ཆོས་ལེན་པར་འདོད་ཅེས་བྱ་བ་དང་། མི་འམ་ཅིའི་བུ་ མོ་རྟག་ཏུ་དུས་དུས་སུ་སྟོན་མ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་དབུགས་འབྱིན་ཅེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རྣམ་པར་ཐར་བྱེད་ཅེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ཡོད་པ་མི་འཕྲོགས་པ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་སྐྱོ་འཛིན་ཅེས་བྱ་བ་དང་། མི་འམ་ཅིའི་བུ་ མོ་རལ་གྲི་འབར་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ས་ལ་འགྲོ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ལྷ་དབང་ཕྲེང་བ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ལྷ་མ་ཡིན་གྱི་དབང་མོ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ནོར་བུའི་དབང་མོ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ རུས་བཟོད་ཅེས་བྱ་བ་དང་། མི་འམ་ཅིའི་བུ་མོ་སྦྱིན་ལྡན་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་མང་པོའི་གནས་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ལག་ཆ་བརྒྱ་པ་ཞེས་བྱ་བ་དང་། མི་འམ་ཅིའི་བུ་མོ་རྒྱན་གྱིས་བརྒྱན་པ་ཅེས་བྱ་བ་དང་། མི་འམ་ཅིའི་བུ་མོ་ཡིད་འཕྲོག་ ཅེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པ་མི་འམ་ཅིའི་བུ་མོ་བརྒྱ་ཕྲག་དུ་མ་དག་ཚོགས་སོ། །དགེ་བསྙེན་ཕ་དང་། དགེ་བསྙེན་མ་བརྒྱ་ཕྲག་དུ་མ་དག་ཚོགས་སོ། །མུར་འདུག་སྤྱོད་པ་དང་། ཀུན་ཏུ་རྒྱུ་བ་དང་། གཅེར་བུ་པ་བརྒྱ་ཕྲག་དུ་མ་དག་ཀྱང་ཚོགས་ཏེ། 51-203b གང་གི་ཚེ་ན་འདུས་པ་ཆེར་གྱུར་པ་དེའི་ཚེ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འོད་ཟེར་བྱུང་ངོ་། །བྱུང་ནས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་སོང་བ་དང་། དེ་དག་གིས་གཙུག་ལག་ཁང་དེ་ཡོངས་སུ་མཛེས་པར་སྣང་སྟེ། ཀ་བ་ནི་ལྷའི་ནོར་བུ་རིན་པོ་ཆེས་ བརྒྱན་པར་སྣང་ངོ་། རྩིག་པ་བརྒྱ་དག་ཀྱང་གསེར་གྱིས་མཛེས་པར་བྱས་པར་སྣང་ངོ་། །གནས་ཁང་སོ་སོ་དག་ན་ནི་གསེར་དང་དངུལ་ལས་བྱས་པའི་སྒོ་དག་སྣང་ངོ་། །གནས་ཁང་སོ་སོ་ན་སྐས་གསེར་དང་། དངུལ་ལས་བྱས་པ་དག་ཀྱང་སྣང་ངོ་། །དངུལ་གྱི་ཁང་ པ་དག་ན་ནི་གསེར་གྱི་ཀ་བ་རིན་པོ་ཆེས་བརྒྱན། གསེར་གྱི་ཁང་པ་དག་ན་ནི་དངུལ་ཀྱི་ཀ་བ་རིན་པོ་ཆེས་བརྒྱན་པ་དང་། ཛེ་ཏའི་ཚལ་གྱི་ཕྱི་རོལ་ན་ཤིང་དཔག་བསམ་རྣམ་པ་སྣ་ཚོགས་དག་སྣང་སྟེ། གསེར་གྱི་སྡོང་པོ་དང་། དངུལ་གྱི་ལོ་མ་དང་། རྒྱན་རྣམ་པ་སྣ་ཚོགས་ རབ་ཏུ་འཕྱང་བ་དག་དང་། ཡུལ་ཀ་ཤི་ཀ་ནས་བྱུང་བའི་གོས་རབ་ཏུ་འཕྱང་བ་དག་དང་། རྒྱའི་གོས་བརྒྱ་སྟོང་རབ་ཏུ་འཕྱང་བ་དང་། མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རབ་ཏུ་འཕྱང་བ་དང་། ཅོད་པན་དང་། རྣ་ཆ་དང་། ཕྲེང་བའི་ལྡ་ལྡི་དང་། དཔུང་ རྒྱན་དང་། རྐང་པའི་གདུ་བུ་བརྒྱ་སྟོང་རབ་ཏུ་འཕྱང་བ་དང་། ཕྱི་རོལ་ན་རིན་པོ་ཆེའི་གདུ་བུ་སྟེང་རིན་པོ་ཆེ་ལས་བྱས་པ། དེ་ལ་འཕྱང་བའི་ཤིང་དཔག་བསམ་གྱི་ཤིང་དེ་ལྟ་བུ་བརྒྱ་དག་ཀྱང་བྱུང་ངོ་། །ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ་ཉིད་ན་སྐས་དག་ཀྱང་ རྡོ་རྗེ་ལས་བྱས་པར་སྣང་ངོ་། །སྒོ་རྒྱབ་ན་མུ་ཏིག་དང་། དར་གྱི་ཚོགས་རབ་ཏུ་དཔྱངས་སོ། །རྫིང་བུ་དུ་མ་དག་ཀྱང་བྱུང་སྟེ། །ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་། ལ་ལ་ནི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དག་འདི་ལྟ་སྟེ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། ཨུ་དུམ་བཱ་ར་དག་གིས་ཡོངས་སུ་གང་ངོ་། །གཞན་ཡང་ཤིང་གི་མེ་ཏོག་རྣམ་པ་སྣ་ཚོགས་སྐྱེ་བ་འདི་ལྟ་སྟེ། མེ་ཏོག་ཙམ་པ་ཀ་དང་། ཀ་ 51-204a ར་བཱི་ར་དང་། པ་ཊ་ལ་དང་། ཨ་ཏེ་མུག་ཏ་ཀ་དང་། དབྱར་གྱི་དྲི་དང་། གཞན་ཡང་ཤིང་གི་མེ་ཏོག་ཡིད་དགའ་བ་དག་བྱུང་སྟེ། ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ་ཡོངས་སུ་མཛེས་པར་བྱས་པ་ཉིད་དུ་སྣང་ངོ་། །དེ་ནས་འཁོར་དེ་ཉིད་ཀྱི་ནང་ནས་ བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ཐོབ་བོ། །བཅོམ་ལྡན་འདས་འོད་ཟེར་ཆེན་པོ་འདི་དག་ག་ལས་མཆིས། རྫུ་འཕྲུལ་གྱི་ཡུལ་གྱི་མཐུ་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་འདི་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། ཡོངས་སུ་སྨིན་པར་བྱས་ནས་ཡི་དགས་ཀྱི་གྲོང་ཁྱེར་དུ་འདུག་གོ། །དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མནར་མ་མཆིས་པའི་སེམས་ཅན་དམྱལ་བ་ཆེན་པོ་ན་མནར་མི་གདའ་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འཇུག་པར་བགྱིད། སེམས་ཅན་དམྱལ་བ་ཆེན་པོ་ལྕགས་ཀྱི་རྩིག་པས་བསྐོར་ལ། ལྕགས་ཀྱི་དོག་ས་ལ་ཤིན་ཏུ་འབར་བ། མེ་ལྕེ་གཅིག་ཏུ་འདུས་པ། རྣམ་པར་གཡོ་བ་དེ་ན་འབོད་གྲོགས་པ་དག་གནས་པའི་སྣོད་ ཟ་མ་ཏོག་འདྲ་བ་མཆིས་ཏེ། སྣོད་དེར་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་སྩལ་ཏོ། །ནམ་ཆུ་མང་པོ་མཆིས་པའི་སྣོད་ན་སྲན་ཆུང་ཀ་རུའམ། ན་གུ་གྱེན་དུ་མཆི་ན་ཡང་བྲེལ་བ་དང་སྨིན་པར་འགྱུར། ཐུར་དུ་མཆི་ན་ཡང་བྲེལ་བ་དང་སྨིན་པར་འགྱུར་བ་དེ་བཞིན་ 51-204b དུ་སེམས་ཅན་དེ་དག་ཀྱང་མནར་མ་མཆིས་པའི་སེམས་ཅན་དམྱལ་བ་ཆེན་པོ་དེར་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ན། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མནར་མ་མཆིས་པའི་སེམས་ཅན་དམྱལ་ བ་ཆེན་པོར་འཇུག་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷའི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་སྐྱེད་མོས་ཚལ་དུ་འཇུག་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་ཀྱི་དབང་པོ་ཡང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འཇུག་མོད་ཀྱི། དེའི་ལུས་ལ་གཞན་དུ་འགྱུར་བ་མེད་དོ། །ནམ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་ཉེ་བར་འགྲོ་བ་དེའི་ཚེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ དེ་བསིལ་བར་འགྱུར་ཏེ། དེའི་ཚེ་གཤིན་རྗེའི་མི་དེ་དག་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཅི་མི་དགེ་བའི་ལྟས་ཤིག་བྱུང་ན། ནམ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་འོངས་པ་དེའི་ཚེ། མེ་ཏོག་པད་མ་ཤིང་རྟའི་འཁོར་ ལོ་ཙམ་བྱུང་ཞིང་། སྣོད་དེ་ཡང་གསལ་མེ་དེའི་འོབས་དེ་ཉིད་དུ་ཡང་རྫིང་བུ་བྱུང་བར་གྱུར་ཅེས་སྐྱོ་བར་གྱུར་ཏོ། །དེ་ནས་གཤིན་རྗེའི་སྐྱེས་བུ་དེ་དག་རལ་གྲི་དང་། གཏུན་དང་མཚོན་ཆ་བྷིཎྜི་པཱ་ལ་དང་། ཏོ་མ་ར་དང་། འགའ་དཱ་དང་། འཁོར་ལོ་དང་། རྩེ་གསུམ་པ་ལ་སོགས་པ་ཐོགས་ནས་གཤིན་རྗེའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ཅག་གི་སུག་ལས་ཀྱི་དོག་ས་དེ་ཡོངས་སུ་བས་པར་མཁྱེན་པར་མཛོད་ཅིག །ཅིའི་ཕྱིར་ཁྱེད་ཀྱི་ལས་ཀྱིས་ཡོངས་སུ་ཟད་དམ། ལྷ་ ཅི་ལགས་མི་མཁྱེན་ཏམ། མནར་མ་མཆིས་པའི་སེམས་ཅན་དམྱལ་བ་དེར་ཐོག་མ་ཁོ་ནར་མི་དགེ་བའི་ལྟས་བྱུང་སྟེ། སྐྱེས་བུ་ཇི་ལྟར་འདོད་པའི་གཟུགས་ཅན་རལ་པའི་ཅོད་པན་ཅན་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱིན་པ་དང་བསིལ་བར་གྱུར་ཏོ། །གང་གི་ 51-205a ཚེ་དེ་ཕྱིན་པ་དེའི་ཚེ། མེ་ཏོག་པད་མ་ཤིང་རྟའི་འཁོར་ལོ་ཙམ་ཡང་བྱུང་། སྣོད་དེ་ཡང་གས། ཞུགས་ཀྱི་འོབས་དེར་ཡང་རྫིང་བུ་བྱུང་བར་གྱུར་ཏོ། །དེ་ནས་གཤིན་རྗེའི་རྒྱལ་པོ་སེམས་པར་གྱུར་ཏེ། མཐུ་འདི་ལྷ་གང་གི་ཡིན། ཡང་ན་ ལྷའི་བུ་དབང་ཕྱུག་ཆེན་པོ་དང་། མཐུ་བོ་ཆེ་ལས་དམ་པ་ཐོབ་པ་ཞིག་ས་འདིར་འོངས་སམ། ཡང་ན་སྲིན་པོ་མཐུ་བོ་ཆེ་ལྷའི་བལ་གླང་གི་སྟོབས་དང་འགྲན་པ་ཉིད་སྐྱེས་སམ་ཞེས་དེས་ལྷའི་མིག་གིས་རྣམ་པར་བལྟས་ན། ལྷའི་སྡེའི་ནང་ན་དམ་པ་དེ་ལྟ་བུ་མ་མཐོང་ ངོ་། །དེ་ནས་སླར་ཡང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་བལྟས་སོ། །དེས་བལྟས་པ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དེ་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་བཞུགས་པ་ཉིད་མཐོང་ ངོ་། །དེ་ནས་གཤིན་རྗེའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། ཞབས་ལ་མགོ་བོས་ཕྱག་འཚལ་ནས། བསྟོད་པའི་ཁྱད་པར་བྱེད་པར་བརྩོན་པ། སྤྱན་རས་གཟིགས་ཀྱི་དབང་པོ་དབང་ཕྱུག་ཆེན་པོ། ། པད་མ་ལ་དགྱེས་པ། དམ་པ་སྩོལ་བ། དབང་དུ་མཛད་པ། སའི་སྤྱན་དམ་པ་མཛད་པ། དབུགས་འབྱིན་པར་མཛད་པ། ཕྱག་བརྒྱ་སྟོང་པ། སྤྱན་བྱེ་བ་བརྒྱ་སྟོང་པ། དབུ་བཅུ་གཅིག་པ། རྒོད་མའི་བཞིན་ལྟ་བུའི་མཐར་ཕྱིན་པ། ཆོས་ལ་ དགྱེས་པ། སེམས་ཅན་ཐམས་ཅད་ཡོངས་སུ་ཐར་བར་མཛད་པ། རུ་སྦལ་དང་། ཆུ་སྲིན་དང་། ཉ་རྣམས་དབུགས་འབྱིན་པར་མཛད་པ། ཡེ་ཤེས་ཀྱི་ཕུང་པོ་དམ་པ་མཛད་པ། དགའ་བ་སྩོལ་བ། རིན་པོ་ཆེའི་དཔལ་དམ་པ། མནར་མེད་པ་ ཀུན་སྐེམས་པར་མཛད་པ། ཡེ་ཤེས་ཀྱི་དཔལ་གྱིས་བརྒྱན་པ། ཡེ་ཤེས་ལ་དགྱེས་པ། ལྷ་ཐམས་ཅད་ཀྱིས་མཆོད་པ། ཕྱག་འཚལ་བ། བཀུར་སྟི་བགྱིས་པ། མི་འཇིགས་པ་སྩོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པར་མཛད་པ། ཉི་མ་ 51-205b ལྟ་བུའི་སྤྱན་མཆོག་མཛད་པ། ཆོས་ཀྱི་སྒྲོན་མ་མཛད་པ། ཇི་ལྟར་དགྱེས་པའི་གཟུགས་ཀྱི་གཟུགས་མཆོག །དྲི་ཟའི་གཟུགས་དང་ལྡན་པ། གསེར་གྱི་རིའི་གཟུགས་དང་མཚུངས་པ། རྒྱ་མཚོ་མཆིང་རྣམ་གྱི་གློང་བཞིན་དུ་ཟབ་པ། དོན་དམ་པའི་རྣལ་ འབྱོར་རྗེས་སུ་ཐོབ་པ། བདག་གི་ཞལ་སྟོན་པར་མཛད་པ། ཏིང་ངེ་འཛིན་བརྒྱ་སྟོང་དུ་མ་དང་ལྡན་པ། མངོན་པར་དགྱེས་པར་མཛད་པ། སྐུ་བརྒྱན་པ་སྐྱེས་བུའི་ཁྱུ་མཆོག །ཁུ་སྒོ་དང་། ཁོང་སྒྲིལ་དང་། འཁྲུལ་འཁོར་གྱི་ལམ་ལས་ཡོངས་སུ་ཐར་བར་ མཛད་པ། སྲིད་པ་ཐམས་ཅད་དང་མ་འབྲེལ་བ། འཁོར་མང་པོ་འབྱུང་བར་འགྱུར་བ་ཉེ་བར་བསགས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཛད་པ། མྱ་ངན་ལས་འདས་པའི་ལམ་སྟོན་པར་མཛད་པ། ཡི་དགས་ཀྱི་གྲོང་ཁྱེར་སྐེམས་པར་མཛད་པ། སྐྱེ་བོ་ལ་ གདུགས་སུ་གྱུར་པར་མཛད་པ། ནད་ལས་ཡོངས་སུ་ཐར་བར་མཛད་པ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོའི་མཆོད་ཕྱིར་ཐོགས་པ། དོན་ཡོད་པར་འགྱུར་བའི་ཞགས་པ་སྟོན་པར་མཛད་པ། སྔགས་བརྒྱ་ཕྲག་དུ་མ་དང་ལྡན་པ། ལག་ན་རྡོ་རྗེ་སྐྲག་པར་ མཛད་པ། འཇིག་རྟེན་གསུམ་པོ་སྐྲག་པར་མཛད་པ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཕྲ་མེན་ཕ་དང་། ཕྲ་མེན་མ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། གྲུལ་བུམ་དང་། རྗེད་བྱེད་རྣམས་སྐྲག་པར་མཛད་ པ། སྤྱན་ཨུད་པ་ལ་སྔོན་པོ་ལྟ་བུ། ཟབ་ཅིང་བརྟན་པར་མཛད་པ། རིག་པའི་བདག་པོ་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་མཛད་པ། བྱང་ཆུབ་ཀྱི་ལམ་སྣ་ཚོགས་བསགས་པ། ཐར་པའི་དམ་པ་ལ་ཞུགས་པ། སྐུ་ལ་བྱང་ཆུབ་ཀྱི་ ལམ་བསགས་པ། ཡི་དགས་ཡོངས་སུ་ཐར་བར་མཛད་པ། ཏིང་ངེ་འཛིན་རྡུལ་ཕྲ་རབ་ལྟ་བུ་བརྒྱ་སྟོང་དང་ལྡན་པ་ལ་ཕྱག་འཚལ་ལོ་ཞེས་དེ་ལྟར་གཤིན་རྗེའི་རྒྱལ་པོས་ཁྱད་པར་དམ་པའི་བསྟོད་པས་བསྟོད་ནས། སླར་ཡང་གཤིན་རྗེའི་རྒྱལ་པོས་ལན་ 51-206a གསུམ་བསྐོར་ཏེ་དེ་ཉིད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ ཀྱི་དབང་པོ་མཆིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ནས་བྱུང་སྟེ། ཡི་དགས་ཀྱི་གྲོང་ཁྱེར་དུ་སོང་ནས་མགལ་ཤིང་ལྟ་བུ་དང་། ཀེང་རུས་བསྒྲེང་བ་དང་། བདག་གི་སྐྲ་དང་སྤུས་ གཡོགས་པ་དང་། ལྟོ་རི་དང་འདྲ་བ་དང་། ཁ་ཁབ་ཀྱི་མིག་ལྟ་བུའི་ཡི་དགས་བརྒྱ་སྟོང་དུ་མ་མདུན་ནས་རྒྱུག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནམ་ཡི་དགས་ཀྱི་གྲོང་ཁྱེར་དུ་སོང་བ་དེའི་ཚེ་ཡི་དགས་ཀྱི་གྲོང་ཁྱེར་དེ་ བསིལ་བར་འགྱུར། རྡོ་རྗེའི་སེར་བ་དེ་ཡང་རབ་ཏུ་ཞི་བར་འགྱུར་རོ། །སྒོ་བ་དེ་ཡང་བྱིན་པ་ཐག་ཐུག་ཅན་ལ་མིག་དམར་ཞིང་ལག་ན་ཁར་བ་ཐོགས་པ་ལས་ཀྱིས་འདི་འདྲ་བ་ནི་བདག་གི་བྱ་བ་མ་ཡིན་ནོ་ཞེས་བྱམས་པའི་སེམས་བསྐྱེད་དོ། དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཕྱག་གི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་། ཞབས་ཀྱི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་སྟེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ། ཤིན་ཏུ་ཐུགས་བརྩེ་བའི་ ཟིལ་གྱིས་ནོན་ནས། བ་སྤུའི་ཁུང་བུ་ནས་ཆུ་བོ་བྱུང་ངོ་། །གང་གི་ཚེ་ན་དེ་དག་གིས་ཆུ་མྱོང་བ་དེའི་ཚེ་དེ་དག་མགྲིན་པ་ཡངས་པར་གྱུར། ལུས་ཀྱང་ཡོངས་སུ་རྫོགས་པར་གྱུར། ལྷའི་ཟས་རོའི་ནང་ན་རོ་མཆོག་ཏུ་བྱུང་བ་དང་ལྡན་པས་ཚིམ་པར་གྱུར་ནས་ དེའི་ཚེ་འཁོར་བའི་བསམ་པ་ལ་སེམས་ཏེ། ཀྱེ་མའོ་འཛམ་བུའི་གླིང་གི་མི་འདི་དག་ནི་གྲིབ་མ་བསིལ་བ་ལ་ཡོངས་སུ་བསྟེན་ཏོ། །ཡང་འཛམ་བུའི་གླིང་གི་མི་འདི་དག་ནི་རྟག་ཏུ་ཕ་མ་ལ་ཡོངས་སུ་འཛིན་ཅིང་བསྙེན་བཀུར་བྱེད་དེ་བདེ་བ་དང་ལྡན་པའོ། །གང་རྟག་ཏུ་ 51-206b དགེ་བའི་བཤེས་གཉེན་དང་སྟེན་ཅིང་སྐྱོང་བའི་སྐྱེས་བུ་དེ་དག་ནི་བདེ་བ་དང་ལྡན་པའོ། །གང་རྟག་ཏུ་ཐེག་པ་ཆེན་པོ་རྟག་ཏུ་ཁོང་དུ་ཆུད་པར་བྱེད་པའི་སྐྱེས་བུ་དམ་པ་དེ་དག་ནི་བསམ་པ་དང་ལྡན་པའོ། །གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་བྱེད་པ་དེ་དག་ནི་ སྐྱེས་བུ་དམ་པའོ། །གང་ཆོས་ཀྱི་གཎ་ཌཱི་རྡུང་བ་དེ་དག་ནི་སྐྱེས་བུ་དམ་པའོ། །གང་གཙུག་ལག་ཁང་གས་པ་དང་གོགས་པ་རྣམས་སླར་འཆོས་པ་དེ་དག་ནི་སྐྱེས་བུ་དམ་པའོ། །གང་སྔོན་གྱི་མཆོད་རྟེན་གྱི་གཟུགས་གས་པ་དང་། གོགས་པ་རྣམས་སླར་འཆོས་པ་དེ་ དག་ནི་སྐྱེས་བུ་དམ་པའོ། །གང་ཆོས་སྨྲ་བ་དང་རྟེན་པ་དེ་དག་ནི་སྐྱེས་བུ་དམ་པའོ། །གང་དེ་བཞིན་གཤེགས་པ་འཆག་པ་མཐོང་བ་དེ་དག་ནི་སྐྱེས་བུ་དམ་པའོ། །གང་རང་སངས་རྒྱས་འཆག་པ་མཐོང་བ་དེ་དག་ནི་སྐྱེས་བུ་དམ་པའོ། །གང་བྱང་ཆུབ་སེམས་དཔའ་ འཆག་པ་མཐོང་བ་དེ་དག་ནི་སྐྱེས་བུ་དམ་པའོ་ཞེས་དེ་ལྟར་ལུས་ཀྱི་རྗེས་སུ་སེམས་པ་དང་། དེའི་ཚེ་ཐེག་པ་ཆེན་པོའི་མདོ་ཟ་མ་ཏོག་བཀོད་པ་དཀོན་མཆོག་གི་རྒྱལ་པོའི་སྒྲ་བྱུང་ངོ་། །དེའི་ཚེ་དེ་དག་གི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ ནས་དེ་དག་ཐམས་ཅད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་འདོད་པའི་བཞིན་ཞེས་བྱ་བར་སྐྱེས་ནས་གང་གི་ཚེ་དེས་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དེའི་ཚེ་སླར་ཡང་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་ རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མཆིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉི་མ་རེ་རེ་ཞིང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ དུ་མ་ཡོངས་སུ་སྨིན་པར་བྱེད་དེ། རིགས་ཀྱི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་སྤོབས་པ་དེ་འདྲ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་མེད་དོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་ 51-207a ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷག་མཐོང་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྔོན་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ང་ནི་སྤོས་ཀྱི་བཞིན་ཞེས་བྱ་བའི་ཚོང་པའི་བུར་གྱུར་ཏེ། དེའི་ཚེ་ངས་ དེ་བཞིན་གཤེགས་པ་ལྷག་མཐོང་ལས་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཇི་སྐད་དུ་གསན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ལས་ནི་ཉི་མ་དང་ཟླ་བ་བྱུང་། དཔྲལ་བ་ལས་ནི་དབང་ཕྱུག་ཆེན་པོ། ཕྲག་པ་ལས་ནི་ཚངས་པ། སྙིང་ལས་ནི་མཐུ་ བོ་ཆེ། མཆེ་བ་གཉིས་ལས་ནི་ལྷ་མོ་དབྱངས་ཅན། ཁ་ནས་ནི་རླུང་རྣམས་བྱུང་། རྐང་པ་ལས་ནི་ས། ལྟོ་བ་ལས་ནི་ཆུའི་ལྷ་བྱུང་སྟེ། གང་གི་ཚེ་སྤྱན་རས་གཟིགས་ཀྱི་དབང་པོའི་ལུས་ལས་ལྷ་དེ་དག་བྱུང་བ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ ལ་འདི་སྐད་ཅེས་གསུངས་ཏེ། དབང་ཕྱུག་ཆེན་པོ་ཁྱོད་དུས་ངན་པའི་ཚེ་སེམས་ཅན་གྱི་ཁམས་མ་རུངས་པ་དག་བྱུང་བ་ན་ཁྱོད་ཐོག་མར་བྱེད་པ་པོ་དང་། གཏོང་བ་པོའི་ལྷར་གྲགས་པར་འགྱུར་རོ། །སེམས་ཅན་དེ་དག་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤངས་པར་འགྱུར་ རོ། །སོ་སོའི་སྐྱེ་བོའི་ནང་དུ་གཏམ་བྱེད་པར་འགྱུར་ཏེ། ནམ་མཁའ་ནི་དེའི་རྟགས་སོ། །ས་ནི་དེའི་ཁྲིའོ། །སེམས་ཅན་ཐམས་ཅད་ཀྱི་ནི་གནས་སོ། ཞུ་བར་འགྱུར་བས་ན་རྟགས་སོ། །ཞེས་ཟེར་བར་འགྱུར་རོ། །ཞེས་རིགས་ཀྱི་བུ་ངས་དེ་བཞིན་གཤེགས་ 51-207b པ་ལྷག་མཐོང་ལས་དེ་སྐད་ཐོས་སོ། །དེ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ལྡན་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྔོན་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ང་ནི་བྱང་ཆུབ་སེམས་དཔའ་སྦྱིན་ལ་དཔའ་བ་ཞེས་བྱ་བར་གྱུར་ཏེ། དེ་ལས་ཀྱང་ངས་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཇི་སྐད་དུ་གསན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་ཐམས་ ཅད་འདུས་པར་གྱུར་ཏེ། གང་གི་ཚེ་ན་བཅོམ་ལྡན་འདས་ཀྱིས་འདུས་པ་ཆེན་པོ་གཟིགས་ནས་འཁོར་དེའི་ནང་དུ་ཆོས་ཀྱི་གཏམ་བྱ་བར་བརྩམས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་བ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཇ་ཧོང་དང་། ཤེལ་དང་། དངུལ་གྱི་ཁ་དོག་རྣམས་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་ནས་སླར་འོངས་ཏེ་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་སོང་ངོ་། །དེ་ནས་འཁོར་དེར། བྱང་ཆུབ་སེམས་དཔའ་ ལག་ན་རིན་པོ་ཆེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ 51-208a འདས་ཅིའི་སླད་དུ་ལྟས་འདི་ལྟ་བུ་བསྟན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནས་འོང་སྟེ། དེ་འོང་བའི་ ཚེ་ལྟས་འདི་འདྲ་བ་སྟོན་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོང་བ་དེའི་ཚེ་ཤིང་དཔག་བསམ་རྣམས་ཀྱང་འཕེལ་བར་འགྱུར། ཤིང་ཙུ་ཏ་ཀ་ཡང་འཕེལ་བར་འགྱུར། ཤིང་ཀུན་དའི་མེ་ཏོག་ཀྱང་འབྱུང་བར་འགྱུར། ཤིང་ཙམ་པ་ཀ་ཡང་འཕྱོང་བར་འགྱུར། རྫིང་བུ་མེ་ཏོག་གིས་ཤིན་ཏུ་གང་བ་ཡང་འབྱུང་བར་འགྱུར། དེ་ལས་རིན་པོ་ཆེའི་ཤིང་རྣམས་ཀྱང་འབྱུང་བར་འགྱུར། ཆར་སྣ་ཚོགས་ཀྱང་འབབ་པར་འགྱུར་ཏེ། ནོར་བུ་དང་། མུ་ཏིག་དང་། རྡོའི་སྙིང་པོ་དང་། བཻ་དཱུརྱ་ དང་། དུང་དང་། མན་ཤེལ་དང་། བྱི་རུ་རིན་པོ་ཆེའི་ཆར་ཡང་འབབ། ལྷའི་གོས་ཀྱི་ཆར་ཡང་འབབ་པར་འགྱུར་རོ། །ལྷ་གང་དེ་དང་ཉེ་བ་ཉིད་དུ་རིན་པོ་ཆེ་བདུན་ཡང་འབྱུང་བ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། བལ་གླང་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་ བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་བདུན་རྣམས་སོ། །དེ་དག་བྱུང་ནས་ས་གསེར་དུ་སྣང་ངོ་། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འཇིག་རྟེན་གྱི་ཁམས་བདེ་ བ་ཅན་ནས་བྱུང་བ་དེའི་ཚེ། ས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་འོངས་ཏེ། དེའི་ལྟས་འདི་འདྲ་བ་དག་བྱུང་ངོ་། །གང་གི་ཚེ་ན་བསྐྱོད་པ་དེའི་ཚེ། ཡིད་དགའ་བའི་མེ་ཏོག་པད་མའི་ཆར་རབ་ཏུ་བབ་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ 51-208b དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་མེ་ཏོག་པད་མ་འདབ་མ་སྟོང་པ་སྡོང་བུ་གསེར་དུ་སྣང་བ་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་མེ་ཏོག་འདི་དག་དེ་བཞིན་གཤེགས་པ་སྣང་བ་མཐའ་ ཡས་ཀྱིས་བསྐུར་ཏོ་ཞེས་པད་མ་ཕུལ་ཏེ་བསྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ཏམ། བཞེངས་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་ཀྱང་གསུང་ངོ་། །དེས་པད་མ་དེ་བླངས་ཏེ་གཡོན་ཕྱོགས་སུ་བཞག་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་ སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་རྗོད་པ་མཛད་དོ། །སྤྱན་རས་གཟིགས་ཀྱི་དབང་པོའི་ལས་ཀྱིས་ཇི་ལྟ་བུར་བསྒྲུབས་པ་ཡིན། སེམས་ཅན་ཡི་དགས་དག་དང་། བསྟིར་མེད་པར་སྐྱེས་པ་དག་དང་། ཐིག་ནག་པོ་ཅན་དག་དང་། འོ་དོད་འབོད་པ་དག་དང་། ཧ་ཧ་ ཞེས་འབོད་པ་ཐམས་ཅད་དག་དང་། གདུང་བའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སྡོང་དུམ་ལྟ་བུའི་སེམས་ཅན་དམྱལ་བ་ཆེན་པོ་དང་། མེའི་བུམ་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས་ཅན་དམྱལ་བ་ཆེན་པོ་ཤམ་བ་ལ་དང་། སེམས་ཅན་དམྱལ་བ་ཆེན་པོ་ ཆུ་གྲང་བ་དང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་སེམས་ཅན་གང་དག་སྐྱེས་པ་དག་ནི་བདག་གི་ལས་ཀྱི་ས་སྟེ། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ། །བགྱིས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱིའོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དྲིས་པའི་ལན་བཏབ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་སོང་ངོ་། །སོང་ནས་མེའི་ཕུང་པོ་འབར་བ་བཞིན་དུ་ས་དང་ནམ་མཁའ་ལ་མི་སྣང་བར་སོང་ ངོ་། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞུ་བ་ལུང་བསྟན་པ་བཤད་པ་བདག་ཞུ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ 51-209a བསོད་ནམས་ཀྱི་ཚོགས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ལྷའི་བསྐལ་པར་ན་བཟའ་དང་། བཤོས་དང་། མལ་སྟན་ དང་། ན་བའི་རྐྱེན་གྱི་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་ནས། གང་དེ་བཞིན་གཤེགས་པ་དེ་དག་ལས་བསོད་ནམས་འཕེལ་བར་གྱུར་པའི་བསོད་ནམས་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བ་སྤུ་གཅིག་གི་རྩེ་ལ་ གནས་པའི་བསོད་ནམས་ཀྱི་ཕུང་པོ་དང་མཉམ་མོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གླིང་ཆེན་པོ་བཞིར་ཟླ་བ་བཅུ་གཉིས་ཀྱི་ལོར་ཉིན་མཚན་དུ་ཆར་པ་བབ་ཀྱང་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་མཆིང་རྣམ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ། ཞེང་དུ་དཔག་ཏུ་མེད་ལ། རྟ་རྒོད་མའི་ཁ་ལྟ་བུའི་མཐར་ཐུག་པའི་ཐིགས་པ་རེ་རེ་ནས་ངས་ བགྲང་ནུས་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གླིང་ཆེན་པོ་བཞི་ན་སེང་གེ་དང་། སྟག་དང་། དྲེད་དང་། ཏ་རཀྵ དང་། རི་དགས་ལ་སོགས་པ་དང་། བ་ལང་དང་། བོང་བུ་དང་། ཕྱུགས་དང་། བལ་གླང་དང་། རྟ་དང་། མ་ཧེ་དང་། བྱི་ལ་ལ་སོགས་པ་རྐང་པ་བཞི་པ་དེ་དག་གི་སྤུ་རེ་རེ་ནས་ནི་ངས་བགྲང་ནུས་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གཟུགས་ལྷའི་གསེར་རིན་པོ་ཆེ་ལས་བྱས་ 51-209b ནས་ཉིན་གཅིག་བཞིན་དུ་རིང་བསྲེལ་བཅུག་ན། རིགས་ཀྱི་བུ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །རིགས་ཀྱི་ བུ་འདི་ལྟ་སྟེ་དཔེར་ན། ཤིང་ཤྲི་ཤ་པའི་ཚལ་གྱི་ལོ་མ་ནི་ངས་བགྲང་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། གླིང་ཆེན་པོ་ བཞི་ན་གནས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གནས་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བཀོད་ན། གང་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བ་སྤུའི་རྩེ་མོའི་བསོད་ནམས་ཀྱི་ཕུང་པོ་དང་མཉམ་མོ། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ལག་ན་རིན་ པོ་ཆེས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཕུང་པོ་ཅི་འདྲ་བ་དེ་ལྟ་བུ་དེ་བཞིན་གཤེགས་པ་རྣམས་ལ་ཡང་གང་ལ་ཡང་མ་མཐོང་མ་ཐོས་ ན་བྱང་ཆུབ་སེམས་དཔར་གྱུར་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ང་འདྲ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་གྱུར་ལ། དེ་དག་ཀྱང་གནས་གཅིག་ཏུ་གཞོག་ཅིང་ ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྐལ་པར་གཞོག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 51-210a པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཕུང་པོ་བགྲང་མི་ནུས་ན། རིགས་ཀྱི་བུ་ང་གཅིག་པུ་འཇིག་རྟེན་གྱི་ཁམས་འདི་ན་གནས་པས་ལྟ་ཅི་སྨོས། གང་འཇིག་རྟེན་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ པོའི་མིང་དྲན་པ་དེ་དག་ནི། བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒ་བ་དང་། འཆི་བ་དང་། ན་བ་དང་། སྡུག་བསྔལ་བ་ལས་ཡོངས་སུ་ཐར་བ་ཡིན་ནོ། །དེ་དག་ནི་འཁོར་བའི་ཐ་མ་གཞན་མེད་པའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་དག་ནི་གོས་ དཀར་པོ་དང་སྐྱ་བོ་བཞིན་དུ་བྱ་ངང་པའི་རྒྱལ་པོ་མགྱོགས་པ་དང་རླུང་གི་ཤུགས་འོང་བ་བཞིན་དུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་མངོན་དུ་ཉན་པའི་ཕྱིར་འགྲོའོ་ཐོས་ནས་ཀྱང་དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་ མི་འབྱུང་། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་མི་འབྱུང་རྒ་བ་དང་། ཤི་བར་མི་འགྱུར། དེ་དག་གི་ལུས་ལ་བཀྲེས་པར་མི་འགྱུར། མངལ་ན་གནས་པའི་སྡུག་བསྔལ་བ་ཤེས་པར་མི་འགྱུར་ཏེ། ཆོས་ཀྱི་རོས་བསྐྱོད་ནས་དེ་ཉིད་དུ་པད་མའི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡིད་དམ་བརྟན་པོ་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཐར་པ་ལ་གཞོག་གི་བར་དུ། འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ ལ། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་དུས་ན་ཡིད་དམ་བརྟན་པ་དེ་ཡོངས་སུ་རྫོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་མང་པོ་འཁོར་བ་ན་འཁོར་བའི་སེམས་ཅན་དེ་དག་ ཡོངས་སུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་ཅིང་། གང་དང་གང་གི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་དུལ་བར་འགྱུར་བ་དེ་དང་དེའི་གཟུགས་ཀྱིས་ཆོས་འཆད་དེ། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི་དེ་བཞིན་ 51-210b གཤེགས་པའི་གཟུགས་ཀྱིས་ཆོས་འཆད་རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི། རང་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་འཆད། དགྲ་བཅོམ་པས་འདུལ་བའི་སེམས་ཅན་རྣམས་ལ་ནི་དགྲ་བཅོམ་པའི་གཟུགས་ཀྱིས་ཆོས་འཆད། བྱང་ཆུབ་ སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་ནི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་འཆད། དབང་ཕྱུག་ཆེན་པོས་འདུལ་བའི་སེམས་ཅན་རྣམས་ལ་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་འཆད། མཐུ་བོ་ཆེས་འདུལ་བའི་སེམས་ཅན་རྣམས་ལ་ནི་མཐུ་ བོ་ཆེའི་གཟུགས་ཀྱིས་ཆོས་འཆད། ཚངས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཚངས་པའི་གཟུགས་ཀྱིས་ཆོས་འཆད། དབང་པོས་འདུལ་བའི་སེམས་ཅན་རྣམས་ལ་ནི། དབང་པོའི་གཟུགས་ཀྱིས་ཆོས་འཆད། ཉི་མས་འདུལ་བའི་སེམས་ཅན་རྣམས་ ལ་ནི་ཉི་མའི་གཟུགས་ཀྱིས་ཆོས་འཆད། ཟླ་བས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཟླ་བའི་གཟུགས་ཀྱིས་ཆོས་འཆད། མེ་ལྷས་འདུལ་བའི་སེམས་ཅན་རྣམས་ལ་ནི་མེ་ལྷའི་གཟུགས་ཀྱིས་ཆོས་འཆད། ཆུ་ལྷའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་ ཆུ་ལྷའི་གཟུགས་ཀྱིས་ཆོས་འཆད། རླུང་གི་ལྷའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་རླུང་ལྷའི་གཟུགས་ཀྱིས་ཆོས་འཆད། ཀླུས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཀླུའི་གཟུགས་ཀྱིས་ཆོས་འཆད། བགེགས་མེད་པའི་བདག་པོས་འདུལ་བའི་ སེམས་ཅན་རྣམས་ལ་ནི། བགེགས་མེད་པའི་བདག་པོའི་གཟུགས་ཀྱིས་ཆོས་འཆད། གནོད་སྦྱིན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་གནོད་སྦྱིན་གྱི་གཟུགས་ཀྱིས་ཆོས་འཆད་ངལ་བསོ་པོའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་ངལ་བསོ་པོའི་གཟུགས་ཀྱིས་ཆོས་ འཆད། རྒྱལ་པོའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་རྒྱལ་པོའི་གཟུགས་ཀྱིས་ཆོས་འཆད། མཁས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི། མཁས་པའི་གཟུགས་ཀྱིས་ཆོས་འཆད། རྒྱལ་པོའི་མིས་འདུལ་བའི་སེམས་ཅན་རྣམས་ལ་ནི། རྒྱལ་ 51-211a པོའི་མིའི་གཟུགས་ཀྱིས་ཆོས་འཆད། ཕ་དང་མས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཕ་དང་མའི་གཟུགས་ཀྱིས་ཆོས་འཆད་དེ། སེམས་ཅན་དག་ཇི་ལྟ་ཇི་ལྟར་འདུལ་བ། དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །རིགས་ཀྱི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་མྱ་ངན་ལས་འདས་པའི་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་ནི་ཤིན་ཏུ་ངོ་མཚར་ཐོབ་པར་གྱུར་ཏེ། བདག་ནི་ནམ་ཡང་འདི་འདྲ་བའི་ཡུལ་མཐོང་བའམ། ཐོས་པར་མ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡུལ་ཇི་ལྟ་བ་དེ་འདྲ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཡང་ མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཛམ་བུའི་གླིང་འདི་ཉིད་ན་རྡོ་རྗེའི་མངལ་ཞེས་བྱ་བའི་ཕུག་ཡོད་པ་དེ་ན་ལྷ་མ་ཡིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གནས་ཏེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་ དབང་པོ་ལྷ་མ་ཡིན་རྣམས་ལ་ལྷ་མ་ཡིན་གྱི་གཟུགས་ཀྱིས་ཆོས་འཆད་དེ། ཐེག་པ་ཆེན་པོའི་མདོ་རིན་པོ་ཆེའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདི་ཉིད་འཆད་དོ། །ཁྱེད་ཅག་ཉོན་ཅིག །གང་ལྷ་མ་ཡིན་གཞན་པ་དེ་དག་ཀྱང་བྱམས་པའི་སེམས་དང་ཞི་བའི་སེམས་སུ་བྱས་ཤིང་། ལག་པའི་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཉན་ཏོ། །གང་འཇིག་རྟེན་ན་མདོ་སྡེའི་རྒྱལ་པོ་འདི་ལྟ་བུ་མངོན་དུ་བྱེད་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །ཐོས་ནས་ཀྱང་མཚམས་ མེད་པ་ལྔ་དག་ཟད་པར་བྱེད་དོ། །འཆི་བའི་ཚེ་ཡང་དེ་བཞིན་གཤེགས་པ་བཅུ་གཉིས་གཤེགས་ནས་རིགས་ཀྱི་བུ་མ་འཇིགས་ཤིག །ཁྱོད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་ཐོས་སོ། །བདེ་བ་ཅན་དུ་འགྲོ་བའི་ཕྱིར་ལམ་སྣ་ཚོགས་ 51-211b ཀྱང་། སྟ་གོན་བྱས་སོ། །གདུགས་སྣ་ཚོགས་དང་། ཅོད་པན་དང་། རྣ་ཆ་དང་། སེ་མོ་དོ་རྣམས་ཀྱང་སྟ་གོན་བྱས་སོ་ཞེས་དབུགས་འབྱིན་པར་མཛད་དོ། །ལྟས་དེ་ལྟ་བུ་འབྱུང་ཞིང་འཆི་བའི་དུས་ཀྱི་ཚེ། བར་ཆད་མེད་པར་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ལག་ ན་རིན་པོ་ཆེ། དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་ནི་ལྷ་མ་ཡིན་རྣམས་ལ་མྱ་ངན་ལས་འདའ་བའི་ཆོས་སྟོན་པར་བྱེད། སྒོ་སྟོན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས། བཅོམ་ལྡན་འདས་ ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་དེ་ཉིད་ནས་སོང་ངོ་། །དེ་ཡང་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་ བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སྐྱོབ་པ་ཞེས་བྱ་བ་སྔོན་བྱུང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ང་ནི་མི་མི་རྒྱུ་བའི་སའི་ཕྱོགས་རི་ཁྲོད་ཀྱི་བར་རི་བྲགས་ཤིག་ན་གནས་ཤིང་བཟོད་ པ་སྨྲ་བར་གྱུར་ཏེ། དེའི་ཚེ་དེའི་དུས་སུ་ངས་དེ་བཞིན་གཤེགས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཐོས་ཏེ། འདི་ལྟ་སྟེ། གསེར་གྱི་ས་ལ་སོང་ནས་སེམས་ཅན་སྤྱིའུ་ཚུགས་སུ་འདུག་པ་རྣམས་ལ་ འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལམ་མྱ་ངན་ལས་འདའ་བ་སྟོན་པར་བྱེད་པ་དང་ལྡན་པའི་ཆོས་སྟོན་ཏོ། །དེ་ནས་གསེར་གྱི་ས་ལས་བྱུང་སྟེ། དངུལ་གྱི་ས་ལ་སོང་ནས། དེ་ན་སྐྱེས་བུ་གང་ཟག་རྐང་པ་བཞི་ཡོད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཁྱེད་ཅག་བསམ་པ་དམ་པ་རབ་ཀྱིས་མྱ་ངན་ལས་འདའ་བའི་རྒྱགས་ཀྱི་རྗེས་སུ་སེམས་ཤིང་མངོན་དུ་ཕྱོགས་པའི་ཆོས་ཀྱི་རྣམ་གྲངས་ཉོན་ཅིག་ཅེས་ཆོས་འཆད་དོ། །དེ་ནས་སྐྱེས་བུ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ 51-212a རས་གཟིགས་ཀྱི་དབང་པོའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་ལོང་བ་རྣམས་ལ་ནི་ལམ་སྟོན་ཅིག་མགོན་མ་མཆིས་པ་རྣམས་ལ་ནི་མགོན་དང་སྐྱབས་མཛོད་ཅིག །ཕ་དང་མ་མ་མཆིས་པ་རྣམས་ལ་ནི་ཕ་དང་མར་མཛོད་ཅིག ། ངན་སོང་གསུམ་གྱི་མུན་པ་ལ་ནི་སྒྲོན་མེ་མཛོད་ཅིག །ཚོར་བར་བགྱིད་པའི་ཐར་པའི་ལམ་སྟོན་ཅིག །སེམས་ཅན་གང་དག་རྟག་ཏུ་ཁྱོད་ཀྱི་མཚན་རྗེས་སུ་དྲན་ཞིང་ཡོངས་སུ་ལེན་པ་དེ་དག་ནི་བདེ་བར་ལྡན་པ་ལགས་སོ། །བདག་ཅག་མྱོང་བ་ལྟ་བུ་སྡུག་བསྔལ་ལས་ཀྱང་ཐར་བར་ འགྱུར་རོ། །དེ་ནས་སེམས་ཅན་དེ་དག་གི་རྣ་བའི་བུ་གར། ཐེག་པ་ཆེན་པོའི་མདོ་སྡེ་ཟ་མ་ཏོག་བཀོད་པའི་སྒྲ་བྱུང་བ་དང་། སྐྱེས་བུ་དེ་དག་གིས་དེ་ཐོས་ནས། ཕྱིར་མི་ལྡོག་པའི་ས་བསྒྲུབས་ཤིང་ཤིན་ཏུ་བདེ་བ་དང་ལྡན་པར་གྱུར་ཏོ།། །། བམ་པོ་གཉིས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བྱུང་ནས་ས་གཞན་ལྕགས་ལས་བྱས་པར་སོང་སྟེ། གང་དུ་ལྷ་མ་ཡིན་གྱི་རྒྱལ་པོ་གཏོར་མ་ཞེས་བྱ་བ་མཆིས་པ་དེར་སོང་བ་དང་། དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་གཏོར་ མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་རྒྱང་མ་ནས་འོང་བ་མཐོང་ནས་སླས་དང་། འཁོར་དང་། ལྷ་མ་ཡིན་སྒུར་པོ་དང་། ཐུང་ངུ་ལ་སོགས་པ་དུ་མ་དང་འགྲོགས་ཤིང་འཁོར་དང་བཅས་ཏེ་དོང་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །དེ་རིང་དུ་ནི་བདག་གི་ཚེའི་འབྲས་བུ་མཆིས་སོ། །དེ་རིང་དུ་ནི་བདག་གི་བསམ་པ་རྫོགས་སོ། །དེ་རིང་དུ་ནི་བདག་གི་བསམ་པ་ཡོངས་སུ་རྫོགས་ཏེ། གང་ བདག་གིས་ཁྱོད་ཡང་དག་པར་མཐོང་བས་དེའི་ཚེ་ལུས་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་རིན་པོ་ཆེའི་ཁྲི་ཕུལ་ཏེ་བཅོམ་ལྡན་འདས་སྡིག་པ་ལ་དགའ་བ། གཞན་གྱི་ཆུང་མ་ལ་ 51-212b ཆགས་པ། སྲོག་གཅོད་པ་ལ་བརྩོན་པ། ཕ་རོལ་གྱི་སྲོག་གཅོད་པ། རྒ་བ་དང་འཆི་བས་འཇིགས་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིག །འཁོར་བས་སྐྱོ་བ་རྣམས་ལ་སྐྱབས་མཛོད་ཅིག །མགོན་པོ་ཁྱོད་ནི་ཕ་དང་མར་གྱུར་པ་ལགས་ཀྱིས་བདག་ཅག་ བཅིང་བས་བཅིངས་པ་རྣམས་ལ་ལམ་སྟོན་ཅིག །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསོད་སྙོམས་འབུལ་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་འདི་བཤད་དོ། །རིགས་ཀྱི་བུ་འདི་ ལྟ་སྟེ། དཔེར་ན་ང་དང་འདྲ་བའི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཅུ་གཉིས་ཡོད་པར་གྱུར་ལ། དེ་དག་ཀྱང་གནས་གཅིག་ཏུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ལྷའི་བསྐལ་པར་གནས་སུ་བཅུག་ན་དེ་དག་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་དེ་བགྲང་བར་ མི་ནུས་ན། ང་གཅིག་པུ་ལྷ་མ་ཡིན་གྱི་གནས་ན་གནས་པས་ལྟ་ཅི་སྨོས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡུལ་ཕྲ་རབ་ཀྱི་ཚད་ནི་ངས་བགྲང་བར་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་མཆིང་རྣམ་ཆེན་པོའི་ཐིགས་པ་ནི་ངས་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གླིང་ཆེན་པོ་བཞི་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ དེ་དག་ཐམས་ཅད་རྣམས་ཀྱི་ལས་ལ་བརྩོན་པར་གྱུར་ལ། གླིང་ཆེན་པོ་བཞི་པའི་མི་དེ་དག་རྣམས་གཞན་ནི་མི་བྱེད་ཀྱི་ཡུངས་ཀར་འབའ་ཞིག་བྱེད་ལ་དུས་དུས་སུ་ཀླུའི་རྒྱལ་པོས་ཀྱང་ཆར་པའི་རྒྱུན་ཕབ་སྟེ། ཡུངས་ཀར་དེ་དག་ཀྱང་ལེགས་པར་གྲུབ་ནས་གཡུལ་གཅིག་ཏུ་ བྱས་ཏེ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་ཀྱིས་ཁུར་ཤིང་རྟ་དང་། བམ་པོ་དང་། སྐོན་པ་དང་། རྔ་མོ་དང་། བོང་བུ་དང་། བ་ལང་དང་། དེ་དག་ཐམས་ཅད་ལ་བཀལ་ཏེ་གཡུལ་ཆེན་པོ་དེར་སྤུངས་ནས་བོང་བུ་དག་དང་། བ་ལང་ 51-213a དག་གིས་བཅགས་ཏེ་ཕུང་པོ་ཆེན་པོར་བྱས་ཀྱང་། རིགས་ཀྱི་བུ་དེ་ནི་ངས་འབྲུ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རི་རབ་ལྷུན་པོ་དཔག་ཚད་ བརྒྱད་ཁྲི་བཞི་སྟོང་འོག་ཏུ་ནུབ་པ་དང་། འཕང་གི་སྲིད་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ་ནི་རིགས་ཀྱི་བུ་གྲོ་གའི་ཕུང་པོར་གྱུར་ལ། རྒྱ་མཚོ་མཆིང་རྣམ་ཆེན་པོ་ནི་སྣག་ཚས་ཡོངས་སུ་གང་བར་གྱུར། གླིང་བཞི་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་ དང་། བུ་མོ་དེ་དག་ཐམས་ཅད་ནི་ཡི་གེ་བར་གྱུར་ཏེ། རི་རབ་ལྷུན་པོ་དང་མཉམ་པ་མཐའ་ཡས་མུ་མེད་པ་དེ་ཡི་གེར་བྲིས་ཀྱང་རིགས་ཀྱི་བུ་ཡི་གེ་དེ་རེ་རེ་ནས་ངས་བགྲང་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་ནི་བགྲང་མི་ནུས་སོ། །རིགས་ ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཡི་གེ་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པར་གྱུར་ན། གང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་དེ་ཙམ་མོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་མཆིང་རྣམ་གྱི་བྱེ་མ་ནི་བྱེ་མ་རེ་རེ་ནས་ངས་བགྲང་ནུས་ཀྱི། རིགས་ཀྱི་བུ་བསོད་སྙོམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །དེ་ནས་ལྷ་མ་ཡིན་གཏོར་མ་མཆི་མ་དང་བཅས། ངོམ་ཟུང་གནག། དབུགས་ཀྱིས་བརྣངས་ཤིང་ སྐད་ར་ར་པོར་གྱུར་ལ། ཤུགས་འབྱིན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གཏོར་མ་སླས་དང་། འཁོར་དང་བཅས་པས་སྦྱིན་པ་ཇི་ལྟ་བུ་ཞིག་བགྱིས་ནས། ཚེ་འདི་ཉིད་ལ་བཅིངས་པ་ཐོབ་པར་ གྱུར་ཏེ། བདག་གིས་ཞིང་ངན་པ་ལ་སྦྱིན་པ་བྱིན་ཏེ། ལས་དེའི་འབྲས་བུ་མྱོང་བ་འདི་ལགས་པ་ལྟ། ཐམས་ཅད་མཁྱེན་པའི་ཞིང་ལ་ནི་ཐལ་བ་སྤར་བ་གང་གཏོར་ཀྱང་བདུད་རྩི་འགྲུབ་པར་འགྱུར་ན། བདག་གིས་མ་འཚལ་བས་མཆོད་སྦྱིན་མཆོད་པའི་ཚེ་མིའུ་ཐུང་གི་ 51-213b གཟུགས་ཀྱིས་སློང་བ་མཆིས་ནས་བདག་གིས་བལ་གླང་དང་། རྟའི་ཐེག་པ་ཅོད་པན་དང་རྣ་ཆ་དང་། སེ་མོ་དོ་མང་པོ་དང་ལྡན་པ་ནི་བཤམས། གཡག་རྔའི་རྡུལ་ཡབ་རིན་པོ་ཆེས་སྤྲས་པ་ནི་དཔྱངས་མུ་ཏིག་གི་སེ་མོ་དོ་དག་དང་མུ་ཏིག་ལས་བགྱིས་པའི་མཇུག་མ་དག་ནི་མུ་ཏིག་གི་ དྲ་བ་དག་གིས་གཡོགས། །གསེར་གྱི་དྲིལ་བུ་དག་ནི་དངུལ་གྱིས་བརྒྱུས་ཏེ་སྒྲ་སིལ་སིལ་མཆི་ཞིང་། གཞན་ཡང་གླང་སེར་སྐྱ་སྟོང་དག་རྨིག་པ་ནི་དངུལ་ལས་བགྱིས། རྭ་ནི་གསེར་ལས་བགྱིས་ཤིང་མུ་ཏིག་གི་དྲ་བས་གཡོགས་ཏེ་མཆི་བ་དེ་འདྲ་བའི་གླང་སེར་སྐྱ་དག་དང་། གཞན་ ཡང་བུད་མེད་གཞོན་ནུ་ཤིན་ཏུ་ཁ་དོག་བཟང་ཞིང་ཤ་རྒྱས་པ་དང་ལྡན་པ། ཤིན་ཏུ་སྡུག་པ་ལྷའི་བུ་མོ་དང་འདྲ་ཞིང་འགྲན་པ། ལྷའི་རྒྱན་གྱིས་བརྒྱན་པ། ཅོད་པན་དང་། རྣ་ཆ་དང་། སེ་མོ་དོ་མང་པོ་ཐོགས་པ། དཔུང་རྒྱན་དང་། གདུ་བུ་དང་། རྐང་པའི་གདུ་བུ་དང་། རྐེད་པའི་ སྐ་རགས་ཀྱི་རྒྱན་དང་། སོར་གདུབ་དང་། སེ་རལ་གྱི་རྒྱན་དང་། མཐེ་བོ་གཡོན་པ་སོར་གདུབ་དང་ལྡན་པ། སྒྲ་སིལ་སིལ་མཆི་བ་དང་ལྡན་པ། གོས་ཚོན་སྣ་ཚོགས་སུ་བཅོས་པ་གྱོན་པ་སྟོང་དག་དང་། གཞན་ཡང་རིན་པོ་ཆེའི་ཁྲིའུ་བརྒྱ་སྟོང་དག་དང་། གསེར་ གྱི་ཕུང་པོ་དང་། དངུལ་གྱི་ཕུང་པོ་དང་། རིན་པོ་ཆེའི་ཕུང་པོ་དུ་མ་དག་ནི་བཞག །གོས་དང་རྒྱན་གྱི་ཕུང་པོ་དུ་མ་དག་ནི་བཞག །བ་ལང་གི་རིགས་བརྒྱ་སྟོང་དུ་མ་རྫི་དང་ལྡན་པ་དག་ནི་སྟ་གོན་བགྱིས། ཟས་དང་སྐོམ་མང་པོ་དག་ནི་བཞག །ལྷའི་ཟས་རོའི་རོ་མཆོག་ དང་ལྡན་པ་དག་ནི་སྟ་གོན་བགྱིས། གསེར་དང་དངུལ་གྱི་དྲིལ་བུ་རིན་པོ་ཆེས་སྤྲས་པ་དག་ནི་རྟག་ཏུ་བཞག །གསེར་དང་དངུལ་གྱི་སེང་གེའི་ཁྲིའུ་དུ་མ་དག་ནི་རིན་པོ་ཆེས་སྤྲས། ལྷའི་གཡག་རྔའི་རྡུལ་ཡབ་ཀྱི་རྩ་བ་དང་། གདུགས་དང་། ལྷ་མ་དག་ནི་གསེར་གྱིས་བརྒྱན། གསེར་གྱི་ཅོད་པན་སྟོང་ཕྲག་དུ་མ་དག་ནི་རིན་པོ་ཆེས་བརྒྱན་ཅིང་བཞག་པ་དང་། དེའི་ཚེ་རྒྱལ་པོ་ནི་སྟོང་ཚོགས། བྲམ་ཟེ་ནི་འབུམ་ཚོགས། རྒྱལ་རིགས་ནི་འབུམ་ཕྲག་དུ་མ་ཚོགས་ཏེ། དེའི་ཚེ་བདག་གིས་སའི་གདུགས་གཅིག་ཏུ་བགྱིས་པ་བདག་ངོ་མཚར་དུ་གྱུར་ཏེ། 51-214a དེ་བས་ན་ཐོག་མའི་སྡིག་པ་མཐོལ་ལོ་བཤགས་སོ། །རྒྱལ་རིགས་ཀྱི་ཆུང་མ་རྣམས་ནི་སྙིང་གར་དྲལ་ཏེ། ཁྱེའུ་དང་བུ་མོ་གཞོན་ནུ་དག་སྲོག་བཅད། རྒྱལ་རིགས་ཆེན་པོ་དག་ཐམས་ཅད་ནི་ཁུ་སྒོ་དང་། ལྕགས་ཀྱིས་བཅིངས་ནས་ཟངས་ཀྱི་བྲག་ཕུག་ ཏུ་ཁྲིད་དེ། རྒྱལ་རིགས་འབུམ་ཕྲག་དུ་མ་ནི་ཟངས་ཀྱི་བྲག་ཕུག་དེར་སྩལ། ཁ་ཤ་དང་བན་དབ་ལ་སོགས་པའི་རྒྱལ་རིགས་དེ་དག་ནི་ལྕགས་ཐག་ལྕགས་ཀྱི་ཕུར་པ་དང་ལྡན་པས་རྐང་ལག་བཅིངས་ནས་ཕུག་དེར་བཞག་སྟེ། དེའི་ཚེ་བདག་གིས་ཆབ་སྒོ་ཐམས་ཅད་ཀྱང་བཀུམ་མོ། ། དང་པོ་ནི་ཤིང་གི་སྒོའོ། །གཉིས་པ་ནི་སེང་ལྡེང་གི་སྒོའོ། །གསུམ་པ་ནི་འཁར་བའི་སྒོའོ། །བཞི་པ་ནི་ཟངས་ཀྱི་སྒོའོ། །ལྔ་པ་ནི་ལྕགས་ཀྱི་སྒོའོ། །དྲུག་པ་ནི་དངུལ་གྱི་སྒོའོ། །བདུན་པ་ནི་གསེར་གྱི་སྒོ་སྟེ། གསེར་གྱི་སྒོ་དེར་རི་བདུན་གཅིག་གི་སྟེང་དུ་གཅིག་ བརྩེགས་ཏེ་བཞག་གོ། །དེ་ནས་བདག་གིས་ཤིང་རྟ་བཅུ་པའི་བུ་ཚོལ་ཞིང་གདུགས་ལ་ལ་ལ་ནི་སྦྲང་བུའི་གཟུགས་ཀྱིས། གདུགས་ལ་ལ་ལ་ནི་བུང་བའི་གཟུགས་ཀྱིས། གདུགས་ལ་ལ་ལ་ནི་ཕག་གི་གཟུགས་ཀྱིས། གདུགས་ལ་ལ་ལ་ནི་མིའི་གཟུགས་ཀྱིས་དེ་ལྟར་བསྒྱུར་ ཏེ། གདུགས་རེ་རེ་ཞིང་གཞན་དང་གཞན་གྱི་གཟུགས་ཀྱིས་མཆི་ཡང་མངོན་དུ་མ་མཐོང་ནས། དེའི་ཚེ་བདག་གིས་རྗེས་སུ་བསམས་ཏེ་མཆོད་སྦྱིན་བགྱི་བར་བརྩམས་པ་དང་། དེའི་ཚེ་ཤིང་རྟ་བཅུ་པའི་བུ་གླགས་ཚོལ་བ་མཆིས་ཏེ། དེས་རི་བདུན་དྲལ་ཅིང་གཤེགས་ནས་མྱུར་ དུ་ཕྱོགས་གཞན་དུ་བོར་ཏེ་རྒྱལ་རིགས་དེ་དག་ལ་སྐད་ཆེར་སྨྲས་པ་དང་། རྒྱལ་པོ་དེ་དག་གིས་སྒྲ་དེ་ཐོས་སོ། །ཐོས་ནས་དབུགས་ཕྱིན་པར་གྱུར་ཏེ་གནས་པ་དང་། ཁྱེད་ཅག་གསོན་ནམ་ཤི་ཞེས་སྨྲས་པ་དང་། དེ་དག་གིས་བཅོམ་ལྡན་འདས་བདག་ཅག་ནི་གསོན་ནོ་ ཞེས་སྨྲས་སོ། །དེ་ནས་སྐྱེས་བུ་དཔའ་བོ་ཆེན་པོ་དེས་སྒོ་དེ་དག་ཐམས་ཅད་བཅོམ་ནས་ཟངས་ཀྱི་ཕུག་དེ་དག་མཐོང་བ་དང་། རྒྱལ་པོ་བཅིངས་པ་དེ་དག་ཐམས་ཅད་ཀྱིས་མཐུ་བོ་ཆེ་མཐོང་ནས་ཡང་ན་ནི་ལྷ་མ་ཡིན་གཏོར་མ་ཤིའོ། །འཆི་བའི་དུས་བྱས་སོ། །ཡང་ན་ནི་བདག་ 51-214b ཅག་བསད་པའི་དུས་ལ་བབ་པ་ལྟ་ཞིག་ཅེས་ཕན་ཚུན་དུ་སེམས་པ་ལས། དེ་ནས་དེ་དག་གིས་བདག་ཅག་ནི་གཡུལ་གྱི་སར་ཤི་ན་ལེགས་ཀྱི་བཅིང་བས་བཅིངས་བཞིན་དུ་ཤི་ན་མ་ལེགས་ཏེ། བདག་ཅག་ནི་བཅིང་བས་བཅིངས་བཞིན་དུ་ཤི་བའི་དུས་བྱས་པར་གྱུར་ན་རྒྱལ་ རིགས་ཀྱི་ཆོས་ཀྱང་མེད་པར་འགྱུར་གྱི། གཡུལ་གྱི་སར་ཤི་བའི་དུས་བྱས་ན་ནི་བདག་ཅག་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཞེས་གཅིག་ལ་གཅིག་དེ་སྐད་སྨྲའོ། །དེ་ནས་རྒྱལ་པོ་ཆེན་པོ་དེ་དག་ཐམས་ཅད་བདག་བདག་གི་ཁབ་ཏུ་དོང་སྟེ་ཤིང་རྟ་འདྲེན་པའི་རྟ་དུ་མ་སྟ་གོན་ བགྱིས་སོ། །གང་གི་ཚེ་ན་དེ་དག་གིས་ཤིང་རྟ་དང་མཚོན་ཆ་རིན་པོ་ཆེ་ཆེན་པོ་དག་སྟ་གོན་བགྱིས་པ་དེའི་ཚེ་ཤིང་རྟ་བཅུ་པའི་བུ་མིའུ་ཐུང་གི་གཟུགས་སུ་སྤྲུལ་ནས་རི་དགས་ཀྱི་པགས་པ་སེ་རལ་དུ་ཐོགས། སྨྱིག་མའི་འཁར་བ་ཐོགས། ཁྲིའུ་འཚལ་ཏེ་བདག་གི་དྲུང་དུ་མཆིས་ ནས་ཆབ་སྒོར་ཕྱིན་པ་དང་། སྒོ་བས་བྲམ་ཟེ་མིའུ་ཐུང་མ་འགྲོ་ཤིག་ཅེས་བསྒྲགས་ནས། དེས་བདག་ནི་ཤུལ་རིང་པོ་ནས་མཆིས་སོ་ཞེས་སྨྲས་སོ། །དེ་ནས་སྒོ་བས་དེ་ལ་བྲམ་ཟེ་ས་གང་ནས་འོངས་ཞེས་དེ་སྐད་སྨྲས་པ་དང་། བདག་ནི་ཟླ་བའི་གླིང་ནས་རྒྱལ་པོ་དྲང་སྲོང་གི་དྲུང་ དུ་མཆིས་སོ། །དེ་ནས་སྐྱེས་བུ་སྒོ་བ་དེ་སོང་སྟེ། གཏོར་མ་ལ་ལྷ་ཁྱོད་ཀྱི་ཞལ་སྔར་བྲམ་ཟེ་མིའུ་ཐུང་ཞིག་མཆིས་སོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མས་ཅིའི་དངོས་པོ་ཞིག་སློང་ཞེས་དེ་སྐད་སྨྲས་པ་དང་། ལྷ་མ་འཚལ་ཏེ་ཞེས་སྨྲས་སོ། །དེ་ ནས་རྒྱལ་པོ་གཏོར་མས་ཁྱོད་སོང་ལ་བྲམ་ཟེ་དེ་ཁྲིད་དེ་ཤོག་ཤིག་ཅེས་དེ་སྐད་སྨྲས་པ་དང་། སྒོ་བ་དེས་དེ་བོས་ཏེ་བྲམ་ཟེ་ཆེན་པོ་བཞུད་ཅིག་ཅེས་སྨྲས་ནས་དེ་ནང་དུ་སོང་བ་དང་རིན་པོ་ཆེའི་ཁྲིའུ་ལ་བཞག་སྟེ། པ་བ་སངས་ཀྱང་དེའི་ཚེ་ན་དེ་ན་གནས་སོ། །དེ་ཡང་དེའི་ མཁན་པོར་གྲགས་ནས་དེས་གཏོར་མ་ལ་འདི་ནི་དུས་ཀྱི་སྐྱེས་བུ་འདྲ་བ་ཞིག་ཕྱིན་ཏེ་ཁྱོད་ལ་ངེས་པར་བར་ཆད་བྱེད་དོ་ཞེས་དེ་སྐད་སྨྲས་སོ། །བཅོམ་ལྡན་འདས་ཇི་ལྟར་མཁྱེན། ངས་ནི་ལྟས་དང་མཚན་མ་ལས་ཤེས་སོ། །བདག་ཅག་གི་ཐབས་ཇི་ལྟ་བུ་ཞིག་བགྱི། དེ་ 51-215a ནས་མཐུ་བོ་ཆེས་ངེས་པར་སྦྱིན་པ་ལ་འགྱོད་པར་འགྱུར་རོ་སྙམ་དུ་བསམས་ནས་དེས་དེའི་ཁར་ས་ར་སྭ་ཏི་བཅུག་པ་དང་། དེའི་ཚེ་དེས་སྨྲས་པ། བྲམ་ཟེ་ཚུར་ཤོག །ཁྱོད་ཇི་ལྟ་བུར་སེམས། བྲམ་ཟེ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གོམ་པ་གཉིས་ ཤིག་གསོལ་ཏོ། །བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་གོམ་པ་གཉིས་བླངས་ན་ངས་ནི་གོམ་པ་གསུམ་སྦྱིན་ནོ། །དེ་ནས་བླང་བ་བླངས་ནས་བཀྲ་ཤིས་སོ་ཞེས་སྨྲས་ཏེ། དེས་ཆུ་དང་ཏིལ་དང་གསེར་དུ་བཅས་པ་བླངས་སོ། །དེ་ནས་མིའུ་ཐུང་དེའི་གཟུགས་མི་སྣང་བར་བྱས་སོ། ། དེ་ནས་པ་བ་སངས་དེས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་དྲང་སྲོང་ཁོ་བོས་དུས་ཀྱི་སྐྱེས་བུ་འོངས་སོ་ཞེས་བྱས་ན་ཁྱོད་ཀྱིས་ངའི་ཚིག་མ་མཉན་ཏེ། ལས་དེའི་འབྲས་བུ་མྱོང་བར་གྱིས་ཤིག །དེས་བདག་གི་ལུས་ཆེན་པོར་བསྒྱུར་བ་དང་ཉི་མ་དང་ཟླ་བ་ནི་དེའི་ཕྲག་པ་ལ་གནས། ལག་ན་ ནི་རལ་གྲི་དང་། གཞུ་དང་། འཁོར་ལོ་དང་། མཚོན་ཆ་དག་ཐོགས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མ་ཁ་བུབ་ཏུ་འགྱེལ་ནས་དྲན་པ་ཉམས་ཏེ་འདར་འདར་པོར་བྱས་ནས་བདག་གིས་ཅི་བགྱིས་རང་གི་ལག་ནས་དུག་འཚལ་བ་ལྟ་ཞེས་སྨྲས་སོ། །གོམ་པ་གཉིས་ནི་ ཚང་ན་གསུམ་པ་བྱིན་ཅིག་ཅེས་སྨྲས་པ་དང་། གསུམ་པ་མ་མཆིས་སོ་ཞེས་དེས་སྨྲས་སོ། །ཁོ་བོས་བླང་བ་ཡང་བླངས་སོ། །བདག་གིས་ཐབས་ཇི་ལྟ་བུ་ཞིག་བགྱི། ངས་གར་བཞག་པ་དེར་ཁྱོད་ཀྱིས་འདུག་པར་གྱིས་ཤིག །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མས་འདི་ སྐད་ཅེས་སྨྲས་སོ། །བདག་ནི་བཀའ་ཅི་སྩལ་པ་དེ་བཞིན་དུ་བགྱིད་དོ། །མད་དོ་མེད་དོ་ཞེས་བགྱིས་དེས་སྨྲས་པ། མད་དོ་མད་པར་བགྱིད་དོ། །དེས་བདེན་པའི་ཞགས་པས་བཅིངས་ནས་མཆོད་སྦྱིན་གྱི་གནས་དེ་ཡང་བཤིག་གོ། །སྣོད་དེ་དག་ཀྱང་ལྷག་མ་ཅན་དུ་བགྱིས་ སོ། །བུ་མོ་གཞོན་ནུ་དེ་དག་ཀྱང་པན་ད་པ་དང་། ཀོའུ་ར་བ་དག་གིས་མནོལ་བར་བགྱིས་སོ། །སེང་གེའི་ཁྲི་དེ་དག་དང་། ལྷའི་གདུགས་དེ་དག་དང་། ལྷ་མ་རིན་པོ་ཆེས་བརྒྱན་པ་དེ་དག་དང་། གོས་དང་རྒྱན་དེ་དག་དང་། གསེར་གྱི་དཔུང་རྒྱན་རིན་པོ་ཆེས་སྤྲས་ 51-215b པ་དེ་དག་དང་། གླང་སེར་སྐྱ་དེ་དག་ཀྱང་པན་ད་པ་དང་ཀོའུ་ར་བ་དེ་དག་གིས་འཚལ་ཏོ། །བདག་གི་ས་གཞི་དེ་དག་ཀྱང་བཅོམ་མོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཏོར་མ་ལུས་ལ་སེམས་ཤིང་གཏོར་མ་ནི་མཆོད་སྦྱིན་རྒྱ་ཆེར་བགྱིད་ན། ཐབས་མ་འཚལ་བས་དུས་མ་ལགས་ པར་སྦྱིན་པ་བྱིན་པས་བཅིངས་པ་ཉིད་ཐོབ་པར་གྱུར་ཏེ། ལྷ་ལ་ཕྱག་འཚལ་ལོ་སྙམ་མོ། །དེ་ཁྲིད་ནས་བྱེད་པ་པོ་བཞིན་དུ་སླས་དང་འཁོར་དང་བཅས་ཏེ་སའི་འོག་ཏུ་བཞག་གོ། །བདག་གིས་སྔོན་ཞིང་ངན་པ་ལ་སྦྱིན་པ་བགྱིས་སོ་ཞེས་གསོལ་བ་ལགས་ཏེ། ཕྱག་ན་མེ་ཏོག་ པད་མ་བཟང་པོ་ཐོགས་པས་སྐྱབས་མཛོད་ཅིག །པད་མའི་དཔལ་གྱིས་བརྒྱན་པ། སྐྲའི་ཅོད་པན་ཐོགས་པ། ཐམས་ཅད་མཁྱེན་པ་དབུ་ན་བཞུགས་པ། སེམས་ཅན་མང་པོ་དབུགས་འབྱིན་པར་མཛད་པ། དམན་པ་དང་ཕོངས་པ་ལ་ཐུགས་རྗེ་བ། གདུགས་ བཞིན་དུ་སྤྱན་བཟང་བ། སའི་སྤྱན་དམ་པ། སྨན་གྱི་རྒྱལ་པོའི་མཆོག །སེམས་ཅན་ཤིན་ཏུ་དག་པ། རྣལ་འབྱོར་རབ་ཏུ་ཐོབ་པ། ཐར་པ་རབ་མཆོག་ཅན། ཐར་པ་ལ་དགྱེས་པ། ནོར་བུ་ཡིད་བཞིན་དང་འདྲ་བ་ཆོས་ཀྱི་མཛོད་ཡོངས་སུ་སྐྱོང་བར་མཛད་པ། ཕ་རོལ་ཏུ་ཕྱིན་པ་ དྲུག་སྟོན་པར་མཛད་པ། བསམ་པ་ལེགས་པར་མཛད་པ་ལ་བདག་གིས་བསྟོད་པ་འདི་བགྱིས་སོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཁྱོད་ཀྱི་མཚན་རྗེས་སུ་དྲན་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །ཐིག་ནག་ པོ་ཅན་དང་། འོ་དོད་འབོད་པ་དང་། སེམས་ཅན་དམྱལ་བར་སྐྱེས་པ་དང་། ཡི་དགས་ཀྱི་གྲོང་ཁྱེར་དུ་སྐྱེས་པ་གང་དག་ཁྱོད་ཀྱི་མཚན་རྗེས་སུ་དྲན་པ་དེ་དག་ནི་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་ཐར་བ་ལགས་སོ། །གང་ཁྱོད་ཀྱི་མཚན་རྗེས་སུ་དྲན་པའི་སེམས་ཅན་དེ་དག་ ནི་བསམ་པ་ལེགས་པ་དང་ལྡན་པ་ལགས་ཏེ། དེ་དག་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མཆིས་ནས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ལྷ་མ་ཡིན་ 51-216a གྱི་དབང་པོ་གཏོར་མ་ལ་ལུང་བསྟན་པ། ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་ བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ལྷ་མ་ཡིན་གྱི་དབང་པོའི་དཔལ་ཞེས་བྱ་བར་འགྱུར་ཏེ། ལྷ་མ་ཡིན་ཐམས་ཅད་འདུལ་བར་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ན་འདོད་ཆགས་ཀྱི་སྒྲ་མེད། ཞེ་སྡང་གི་སྒྲ་མེད། གཏི་མུག་གི་སྒྲ་མེད་པར་ འགྱུར་རོ། །ཡི་གེ་དྲུག་པའི་རིག་པ་ཆེན་པོ་འཐོབ་པ་ཐོབ་པར་འགྱུར་རོ། །དེས་དེ་ལ་ཆོས་ཀྱི་སྦྱིན་པ། མུ་ཏིག་གི་སེ་མོ་དོ་འདོམ་སྟོང་པ་རིན་བརྒྱ་སྟོང་རི་བ་དང་། ཅོད་པན་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ གཟིགས་ཀྱི་དབང་པོ་ཆོས་འཆད་པར་རྩོམ་སྟེ། རྒྱལ་པོ་ཆེན་པོ་ཉོན་ཅིག །མི་མི་རྟག་པའི་ནང་ན་གང་རྟག་ཏུ་ཡོངས་སུ་ལེན་པར་སེམས་པ་དང་། ལོངས་སྤྱོད་ཆེན་པོའི་རྗེས་སུ་སེམས་པ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། གང་ཡང་ནོར་དང་། འབྲུ་དང་། མཛོད་དང་། བང་བ་རིན་པོ་ཆེ་དག་དང་། གང་བུ་དང་། བུ་མོ་དང་། ཆུང་མ་དང་། ཕ་དང་མ་ལ་སེམས་པའི་སེམས་ཅན་དེ་དག་ནི་མི་ཤེས་པ་ཡིན་ཏེ། གང་དངོས་པོ་དེ་དག་ལ་ཆགས་པའི་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུར་སྣང་སྟེ། འཆི་བའི་དུས་ ཀྱི་ཚེ་ཡང་སྐྱབས་བྱེད་པ་སུ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་ན་སྲོག་དང་བྲལ་བ་དེའི་ཚེ་འཛམ་བུའི་གླིང་ལ་ལོག་པར་མཐོང་བར་འགྱུར་རོ། །ཆུ་བོ་ཆེན་པོ་ལ་ཡང་ཁྲག་དང་རྣག་གིས་གང་བར་མཐོང་བར་འགྱུར་རོ། །གང་ཤིང་ཆེན་པོ་དེ་དག་ཀྱང་འབར་བ། རབ་ཏུ་འབར་བ། ཡང་ དག་པར་ཤིན་ཏུ་འབར་བར་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་སྐྲག་པར་འགྱུར་ཞིང་དེ་ནས་གཞན་གྱིས་ཞགས་པས་བཅིངས་ཏེ་ཁྲིད་པར་འགྱུར་རོ། །སྤུ་གྲིའི་སོའི་ལམ་ཆེན་པོར་རྐང་པ་ཡང་འཆད་པར་འགྱུར་རོ། །རྐང་པ་བཏེག་པ་དང་རྐང་པ་གཞན་འབྱུང་བར་འགྱུར་རོ། ། 51-216b བྱ་རོག་དང་། བྱ་རྒོད་དང་། བྱ་ཀུ་ར་ར་དང་། ཁྱི་དུ་མ་དག་གིས་ཀྱང་ཟོས་ཤིང་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ནས་སྤུ་གྲིའི་སོའི་ལམ་ཆེན་པོ་ལས་བབས་ནས་རྐང་པ་རེ་རེ་ལ་ཡང་ཚེར་མ་སོར་བཅུ་དྲུག་ཙམ་ཡོད་པ་ལྔ་བརྒྱ་ལྔ་ བརྒྱ་ཟུག་པར་འགྱུར་ཏེ། བདག་ཅག་གིས་སྡིག་པའི་ལས་ཅི་ཞིག་བྱས་ཞེས་འཁོང་བར་འགྱུར་རོ། །དེ་ནས་གཤིན་རྗེའི་མི་དེ་དག་འདི་སྐད་ཅེས་ཟེར་ཏེ། གྲོགས་པོ་ཁྱེད་ཀྱིས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་མ་ཕུལ་ལོ། །ཁྱེད་ཀྱིས་གཎ་ཌི་རྡུང་བ་ཡང་མ་ཐོས་སོ། ། ཁྱོད་ཀྱིས་ས་ཕྱོགས་གང་དུ་ཡང་མཆོད་རྟེན་གྱི་གཟུགས་ལ་མ་བསྐོར་ཏོ། །དེ་དག་གིས་སྨྲས་པ། བདག་ཅག་ནི་མ་དད་པ་སྡིག་པ་ཅན་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱིས་སྤངས་པར་གྱུར་པའོ། །དེ་དག་གིས་སྨྲས་པ། ལས་དེའི་འབྲས་བུ་འདི་མྱོང་བར་གྱིས་ ཤིག་ཅེས་དེ་དག་གཤིན་རྗེའི་སྐྱོང་བས། གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་དོ། །ཁྲིད་ནས་ཕུལ་ལོ། །དེ་ནས་གཤིན་རྗེའི་རྒྱལ་པོས་སྨྲས་པ། ཁྱེད་དེང་ལ་ལས་ཀྱིས་འདི་སྟོན་ཅིག །དེ་ནས་གཤིན་རྗེ་སྐྱོང་བའི་སྐྱེས་བུ་དེ་དག་གིས་དེ་རྣམས་ཁྲིད་ནས་ཐིག་ནག་པོ་ཅན་གྱི་ སེམས་ཅན་དམྱལ་བ་ཆེན་པོར་བཅུག་གོ། །བཅུག་ནས་ལུས་ལ་མཚོན་ཤག་ཏི་བརྒྱས་བཏབ་ཀྱང་མི་འཆིའོ། །ལུས་ལ་མཚོན་ཤག་ཏི་བརྒྱ་པ་གཉིས་པས་བཏབ་ཀྱང་མི་འཆིའོ། །ལུས་ལ་མཚོན་ཤག་ཏི་བརྒྱ་པ་གསུམ་པས་བཏབ་ཀྱང་མི་འཆིའོ། །གང་གི་ཚེ་འཆི་བའི་དུས་མི་བྱེད་ པ་དེའི་ཚེ་མེའི་འོབས་སུ་འཇུག་སྟེ། འོན་ཀྱང་འཆི་བའི་དུས་མི་བྱེད་པ་དང་། དེ་དག་ཁ་ཕྱི་ནས་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་འཇུག་སྟེ། མཆུ་ཡང་ཚིག་སོ་ཡང་ལྷགས། རྐན་ཡང་གས། གྲེ་བ་དང་། ལྐོག་མ་དང་། སྙིང་དང་། གཞང་དག་ཀྱང་སྒྲ་འུར་འུར་ཟེར་ཞིང་ ལུས་ཐམས་ཅད་ཀྱང་ཚིག་པར་འགྱུར་རོ། །དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་འཇིག་རྟེན་གཞན་ན་སྐྱབས་བྱེད་པ་སུ་ཡང་མེད་ཀྱིས་རྒྱལ་པོ་ཆེན་པོ་ད་ནན་ཏན་དུ་བསོད་ནམས་གྱིས་ཤིག་ཅེས་དེ་ལྟར་འཐུན་པའི་ཆོས་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ 51-217a གཟིགས་ཀྱི་དབང་པོས་དེ་ལ་རྒྱལ་པོ་ཆེན་པོ་དེ་རིང་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་འདིར་ཕལ་ཆེར་འདུ་བར་འགྱུར་གྱིས་ང་ནི་འགྲོའོ་ཞེས་དེ་སྐད་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་འོད་ཟེར་ཁ་དོག་སྔོན་པོ་ དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤེལ་དང་། དངུལ་གྱི་ཁ་དོག་རྣམ་པ་དུ་མ་བཏང་བ་དང་། དེ་དག་སོང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་པའི་སྤྱན་སྔར་འདུག་གོ། །དེའི་ཚེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དག་ ཀྱང་འདུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་ནང་ནས། ནམ་མཁའ་མཛོད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཟེར་འདི་དག་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འདི་ལྷ་མ་ཡིན་གྱི་དབང་པོ་གཏོར་མའི་ཁང་པ་ན་ གནས་ཏེ་དེ་ལ་འོད་ཟེར་འདི་དག་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་བལྟ་བའི་ཐབས་གང་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་འདི་ཉིད་དུ་འོང་ངོ་། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལྷ་མ་ཡིན་གཏོར་མའི་གནས་ནས་བྱུང་བ་དེའི་ཚེ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ལྷའི་མེ་ཏོག་དག་ལྷགས་སོ། །ལྷའི་ཤིང་དཔག་བསམ་ཤིན་ཏུ་མཛེས་པ་རྒྱན་བརྒྱ་ སྟོང་དུ་མ་དཔྱངས་པ། མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་དུ་མ་དཔྱངས་པ། ཡུལ་ཀ་ཤི་ཀའི་གོས་དང་། རྒྱའི་གོས་དང་ཕྲེང་བའི་ཆུན་པོ་རབ་ཏུ་དཔྱངས་པ། སྡོང་པོ་ནི་དམར་པོ། ལོ་མ་ནི་གསེར་དང་དངུལ་ལས་བྱས་པ་དག་དང་། བྱི་རུའི་ཤིང་དུ་མ་དག་དང་། མེ་ཏོག་གི་ཤིང་དུ་མ་དག་དང་། རྫིང་བུ་མེ་ 51-217b ཏོག་གིས་ཡོངས་སུ་གང་བ་བརྒྱ་ཕྲག་དུ་མ་དག་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་མི་མཆིའམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་ལྷ་མ་ཡིན་གྱི་དབང་པོ་གཏོར་མའི་ཁང་པ་ནས་བྱུང་སྟེ། མི་མི་རྒྱུ་བའི་ས་ཕྱོགས་མུན་པ་མུན་ནག་ཅེས་བྱ་བའི་སར་འགྲོ་སྟེ། རིགས་ཀྱི་བུ་དེ་ན་ཉི་མ་དང་ཟླ་བ་མི་སྣང་སྟེ། ནོར་བུ་ཡིད་བཞིན་རིན་པོ་ཆེ་དམ་པ་སྦྱིན་པ་ཞེས་བྱ་བ་དེ་སྣང་བར་བྱེད་དོ། །གླིང་དེ་ན་གནོད་ སྦྱིན་དང་། སྲིན་པོ་བརྒྱ་སྟོང་དུ་མ་དག་གནས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་སོང་བ་དེའི་ཚེ་དེ་དག་དགའ་མགུ་ཞིང་སྙིང་རབ་ཏུ་དགའ་བར་གྱུར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མདུན་དུ་རྒྱུག་གོ། །བརྒྱུགས་ནས་ཀྱང་རྐང་པ་ལ་ཕྱག་འཚལ་ཏེ། ཁྱོད་ནི་མཉེལ་ཏོ། །དུབ་བོ། ཁྱོད་ནི་ཡུན་རིང་པོ་ཞིག་ནས་མུན་པ་མུན་ནག་གིས་འདིར་གཤེགས་སོ། །ཞེས་དེ་སྐད་སྨྲའོ། །དེས་ཀྱང་ངས་སེམས་ཅན་དུ་མ་ཡོངས་སུ་སྨིན་པར་བྱས་སོ་ཞེས་སྨྲས་ནས་གནོད་སྦྱིན་དང་སྲིན་པོ་ དེ་དག་གིས་དེ་ཁྲིད་ནས་ལྷའི་གསེར་དང་། རིན་པོ་ཆེའི་སེང་གེའི་ཁྲི་ལ་བཞག་སྟེ། ངལ་བསོས་ནས་གནོད་སྦྱིན་དང་། སྲིན་པོ་དེ་དག་ལ་ཆོས་འཆད་པ་ཁྱེད་ཅག་ཉོན་ཅིག །གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་འཕགས་པ་ཟ་མ་ཏོག་བཀོད་པ་འདིའི་རྩ་བ་བཞི་པའི་ཚིགས་སུ་ བཅད་པ་གཅིག་ཉན་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་ལ་སྐུལ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡུལ་ཕྲ་རབ་ཀྱི་ཚད་ནི་ངས་གཟུང་ནུས་ཀྱི། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་ རྒྱལ་པོ་ཟ་མ་ཏོག་བཀོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་མཆིང་རྣམ་ཆེན་པོ་ནི་ངས་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་རྩ་བ་བཞི་པའི་ཚིགས་སུ་ 51-218a བཅད་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་ཕྲག་བརྒྱ་བཅུ་གཉིས་སྙེད་གནས་གཅིག་ཏུ་བསྐལ་པ་བཅུ་གཉིས་ སུ་ན་བཟའ་དང་། བཤོས་དང་མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་དང་། ཡོ་བྱད་ཀྱིས་བཀུར་སྟི་བྱས་པ་དེ་དག་གིས་ཀྱང་དེ་ལྟར་མི་ནུས་ན་ང་གཅིག་པུ་མུན་པ་མུན་ནག་གི་ནང་དུ་འདུག་པས་ལྟ་ཅི་སྨོས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གླིང་ཆེན་པོ་བཞིར་ཁྱིམ་རེ་རེ་ཞིང་ཡང་ལྷའི་ གསེར་དང་རིན་པོ་ཆེའི་གཙུག་ལག་ཁང་བརྩིགས་ལ། གཙུག་ལག་ཁང་དེར་མཆོད་རྟེན་སྟོང་བྱས་ལ་ཉིན་གཅིག་བཞིན་དུ་དེ་དག་གི་ནང་དུ་རིང་བསྲེལ་བཅུག་ན། གང་དེ་དག་ཏུ་རིང་བསྲེལ་བཅུག་པའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདིའི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཆུ་བོ་ཆེན་པོ་ལྔ་རྒྱ་མཚོ་མཆིང་རྣམ་ཆེན་པོར་འབབ་པ་དེ་བཞིན་དུ། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་དང་འདྲ་བར་འགྱུར་ རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་གནོད་སྦྱིན་དང་། སྲིན་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་གང་དག་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདི་འདྲ་བ་དེ་དག་གི་བསོད་ནམས་ཀྱི་ཕུང་ པོ་ཇི་ལྟ་བུ་ལགས། རིགས་ཀྱི་བུ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་དཔག་ཏུ་མེད་པར་འགྱུར་རོ། །གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདྲིར་འཇུག་པ་དེ་དག་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་འཇུག་པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་ རྒྱལ་པོ་གླིང་བཞི་ལ་དབང་བ། བུ་དཔའ་བ། མཐུ་ཆེ་བ། གཟུགས་ཀྱི་ཡན་ལག་མཆོག་དང་ལྡན་པ། ཕ་རོལ་གྱི་སྡེ་འཇོམས་པར་བྱེད་པ་སྟོང་དང་ལྡན་པར་འགྱུར་རོ། །གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་རྟག་ཏུ་འཛིན་ཅིང་མིང་གི་རྗེས་སུ་དྲན་པར་བྱེད་པ་དེ་དག་ནི་ 51-218b འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་འགྱུར་རོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་ལ་ལར་སྐྱེ་བ་དེ་དང་དེ་དག་ཏུ་ཚེ་རབས་ དྲན་པར་འགྱུར་རོ། །དེ་དག་གི་ལུས་ལ་བ་ལང་གི་སྤོས་ཀྱི་ཙན་དན་སྣོམ་པར་འགྱུར་རོ། །ཁ་ནས་མེ་ཏོག་ཨུད་པ་ལ་སྔོན་པོའི་དྲི་འབྱུང་བར་འགྱུར་རོ། །ལུས་ཡོངས་སུ་རྫོགས་པར་འགྱུར་རོ། །སྟོབས་པོ་ཆེའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ་ཞེས་དེ་ལྟར་དེ་དག་ལ་འཐུན་པའི་ཆོས་བསྟན་ པ་དང་། གནོད་སྦྱིན་དང་། སྲིན་པོ་དེ་དག་ལས་ཁ་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ། ཁ་ཅིག་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་ནས། དེ་དག་གིས་སྨྲས་པ། གཙུག་ལག་ཁང་འདི་ཉིད་ན་བཞུགས་ཤིག །གནས་གཞན་གང་དུ་ཡང་མ་བཞུད་ཅིག །མུན་པ་མུན་ནག་གི་ ས་འདི་ཉིད་དུ་བདག་ཅག་གིས་ལྷའི་གསེར་གྱི་མཆོད་རྟེན་བགྱིའོ། །ལྷའི་གསེར་གྱི་འཆག་ས་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ངས་སེམས་ཅན་དུ་མ་དག་བྱང་ཆུབ་ཀྱི་ལམ་ལ་དགོད་དགོས་ སོ། །དེ་ནས་གནོད་སྦྱིན་དང་སྲིན་པོ་དེ་དག་ལག་པ་ལ་འགྲམ་པ་བརྟེན་ཏེ་སེམས་ཤིང་འཁོད་ནས་གཅིག་ལ་གཅིག་འདི་སྐད་སྨྲའོ། །བདག་ཅག་གི་སྤྱན་རས་གཟིགས་ཀྱི་དབང་པོ་གཤེགས་པར་འགྱུར་བས་ཆོས་ཀྱི་གཏམ་སྤོང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་ཀྱི་དབང་པོ་སོང་བ་དང་། གནོད་སྦྱིན་དང་། སྲིན་པོ་དེ་དག་ཀྱང་ཕྱི་བཞིན་དུ་འབྲང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཤིན་ཏུ་རིང་དུ་འོངས་ཀྱིས་སླར་ལོག་ཤིག །དེ་ནས་གནོད་སྦྱིན་དང་སྲིན་པོ་དེ་ དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་ལ་ཕྱག་འཚལ་ཏེ་དེ་ཉིད་ནས་སླར་ལོག་གོ། །དེ་ནས་སྤྱན་རས་གཟིགས་ཀྱི་དབང་པོ་མེའི་ཕུང་པོ་འབར་བ་བཞིན་དུ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། །དེ་ནས་བྲམ་ཟེའི་གཟུགས་སུ་སྤྲུལ་ཏེ་གནས་གཙང་ 51-219a མའི་རིས་ཀྱི་ལྷའི་བུ་དག་གི་དྲུང་དུ་སོང་སྟེ་ཕྱིན་ནས། ལྷའི་རིས་དེ་ན་ལྷའི་བུ་རྣ་ཆའི་མཆོག་ཅེས་བྱ་བ་དབུལ་པོ་སྡུག་བསྔལ་བ་ཞིག་འདུག་གོ། །དེ་ནས་སྤྱན་རས་གཟིགས་ཀྱི་དབང་པོ་བྲམ་ཟེ་དེའི་གཟུགས་ཀྱིས་ལྷའི་བུ་དེའི་དྲུང་དུ་སོང་སྟེ། ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི་ བཀྲེས་སོ། །སྐོམ་མོ། །དེ་ནས་ལྷའི་བུ་དེས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་བདག་ལ་ནི་ཅུང་ཟད་ཀྱང་མ་མཆིས་སོ། །བདག་ལ་ཆུང་ཟད་ཅིག་ནི་ངེས་པར་སྩལ་འཚལ་ལོ། །དེ་ནས་ལྷའི་བུ་གཞལ་མེད་ཁང་དུ་སོང་སྟེ་སྣོད་དག་བལྟས་པ་དང་། སྣོད་རྣམས་ལྷའི་ནོར་བུ་རིན་ པོ་ཆེ་རིན་ཐང་མེད་པས་ཡོངས་སུ་གང་བ་དང་། སྣོད་གཞན་དག་ཀྱང་རོའི་རོ་མཆོག་གི་ཟས་དག་གིས་ཡོངས་སུ་གང་བ་དང་། གཡོན་ཕྱོགས་ཀྱི་གཞལ་མེད་ཁང་ན་ཡང་གོས་དང་རྒྱན་གྱིས་ཡོངས་སུ་གང་བ་མཐོང་ངོ་། །དེ་ནས་ལྷའི་བུ་དེ་སེམས་པར་གྱུར་ནས་འདི་འདྲ་བའི་དཔལ་ཐོབ་པ་ལས་ ན་བདག་གི་སྒོ་ན་ངེས་པར་སྣོད་བཟང་པོ་ཞིག་འདུག་གོ་སྙམ་མོ། །དེ་ནས་དེས་བྲམ་ཟེ་དེ་བོས་ཏེ་གཞལ་མེད་ཁང་གི་ནང་དུ་སོང་ནས་ལྷའི་རིན་པོ་ཆེས་ཀྱང་བསྟབས། ལྷའི་རོའི་རོ་མཆོག་གི་ཟས་ཀྱང་བྱིན་ཏེ་ཟོས་ནས་བཀྲ་ཤིས་པ་བྱས་སོ། །དེ་ནས་ལྷའི་བུ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ ཟེ་ཆེན་པོ་ཁྱོད་ས་ག་ལས་འོངས། བདག་ནི་ཛེ་ཏའི་ཚལ་ཞེས་བགྱི་བའི་གཙུགས་ལག་ཁང་ནས་མཆིས་སོ། །དེ་ནས་ལྷའི་བུ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ས་དེ་ཇི་ལྟ་བུ་ཞིག །དེ་ནས་བྲམ་ཟེ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ས་དེ་ནི་དགའ་བར་བྱེད་པ། ལྷའི་ནོར་བུ་རིན་པོ་ཆེས་ ཡོངས་སུ་བརྒྱན་པ། ལྷའི་ཤིང་དཔག་བསམ་གྱིས་ཡོངས་སུ་མཛེས་པར་བྱས་པ། མེ་ཏོག་ཡིད་དུ་འོང་བ་དག་འབྱུང་བ། རྫིང་བུ་རྣམ་པ་དུ་མ་གདའ་བ། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་སྣ་ཚོགས་དག་གདའ་བ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་ཆོ་འཕྲུལ་ དག་གདའ་བ་སྟེ། ལྷའི་བུ་ས་དེ་ནི་དེ་ལྟར་དགའ་བར་བགྱིད་པའོ། །དེ་ནས་ལྷའི་བུ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་ཀྱིས་ངེས་པར་བདེན་པར་སྨྲོས་ཤིག །ཅི་ཁྱོད་ལྷ་ཡིན་ནམ་འོན་ཏེ་མི། མི་ལ་ནི་ཇི་ལྟར་ཁྱོད་ལ་ལྟས་སྣང་བ་དེ་འདྲ་བའི་ལྟས་མེད་དོ། །དེ་ནས་དེས་དེ་ལ་འདི་སྐད་ཅེས་ 51-219b སྨྲས་སོ། །ང་ནི་ལྷ་ཡང་མ་ཡིན། མི་ཡང་མ་ཡིན་ཏེ། ཕོངས་པ་དང་། བྲེལ་བ་ལ་ཐུགས་རྗེ་བར་བྱེད་པ་བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའོ། །དེ་ནས་ལྷའི་བུས་ཅོད་པན་དང་རྣ་ཆ་ཕུལ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མའོ་ཡོན་ཏན་དག་གི་ཞིང་། ། ཉེས་པ་ཐམས་ཅད་རྣམ་སྤངས་པ། །དེ་རིང་ཉིད་དུ་ས་བོན་བཏབ། །དེ་རིང་ཉིད་དུ་འབྲས་བུ་གྲུབ། །དེ་ནས་ལྷའི་བུ་དེས་ཚིགས་སུ་བཅད་པ་དེ་སྨྲས་ནས་དེ་ཉིད་དུ་སོང་ངོ་། །དེ་ནས་བྲམ་ཟེ་ཆེན་པོ་དེ་ལྷའི་རིས་དེ་ནས་བབས་ཏེ་སིང་གྷ་ལའི་གླིང་དུ་སོང་ངོ་། །སོང་ནས་འདོད་པའི་གཟུགས་སུ་སྤྲུལ་ཏེ་ སྲིན་མོ་རྣམས་ཀྱི་མདུན་དུ་འདུག་པ་དང་། གཟུགས་བཟང་པོ་མཐོང་ནས་དེའི་ཚེ་འདོད་པའི་སེམས་སྐྱེས་སོ། །གང་གི་ཚེ་ན་འདོད་པའི་སེམས་སྐྱེས་པ་དེའི་ཚེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་བདག་ཅག་དང་སྟེན་ཅིག །བདག་ཅག་ནི་བུད་མེད་གཞོན་ནུའོ། །བདག་ཅག་ལ་ནི་ཁྱིམ་ཐབ་མ་མཆིས་ སོ། །བདག་པོ་མ་མཆིས་པའི་ནི་བདག་པོར་གྱུར་ཅིག །མགོན་མ་མཆིས་པའི་ནི་མགོན་དུ་གྱུར་ཅིག །རྟེན་མ་མཆིས་པའི་ནི་རྟེན་དུ་གྱུར་ཅིག །འདི་ནི་ཁྱོད་ཀྱིས་ཟས་ཀྱི་ཁབ་བོ། །ན་བཟའི་ཁབ་བོ། །སྐྱེད་མོས་ཚལ་དགའ་བར་བགྱིད་པ་དག་ལགས་སོ། །རྫིང་བུ་དགའ་བར་ བགྱིད་པ་དག་ལགས་སོ། །དེས་སྨྲས་པ། གལ་ཏེ་བདག་གིས་བསྒོ་བ་བཞིན་དུ་བྱེད་ནའོ། །བདག་ཅག་བགྱིད་དོ། །དེས་དེ་དག་ལ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ལམ་ཡང་བསྟན། ཞལ་ནས་གསུངས་པ་བཞི་ཡང་ཁ་ཏོན་བྱེད་དུ་བཅུག་ནས་ལན་ཅིག་ཕྱིར་འོང་བའི་འབྲས་ བུ་ཡང་ཐོབ། ཕྱིར་མི་འོང་བའི་འབྲས་བུ་ཡང་ཐོབ་ནས་སྲིན་མོ་དེ་དག་ལ་འདོད་ཆགས་ཀྱི་སྡུག་བསྔལ་མི་ལྡང་སེམས་ཞེ་སྡང་བར་ཡང་མི་བྱེད། སུ་ལ་ཡང་སྲོག་གི་བར་ཆད་བྱེད་པར་མི་འདོད། ཆོས་ལ་མངོན་པར་དགའ་ཞིང་གནས་ལ་སྡོམ་པ་བླངས་ཏེ་སླན་ཆད་བདག་ཅག་སྲོག་གཅོད་པར་མི་ བགྱིད་དོ། །འཛམ་བུའི་གླིང་གི་མི་དག་ཇི་ལྟར་ཟས་དང་སྐོམ་གྱིས་འཚོ་བ་བདག་ཅག་ཀྱང་དེ་བཞིན་དུ་འཚོའོ། །སླན་ཆད་སྲིན་མོའི་ཚུལ་དུ་མི་བགྱིད་དོ་ཞེས་དེ་འདྲ་བའི་བསླབ་ཚིག་གི་སྡོམ་པ་བླངས་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་སིང་ 51-220a གྷ་ལའི་གླིང་ནས་བྱུང་ནས་ཡུལ་ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོ་ན་བཤང་བ་དང་། གཅི་བའི་གནས་དེ་ན་སྲིན་བུའི་རིགས་བརྒྱ་སྟོང་དུ་མ་གནས་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བུང་བའི་གཟུགས་སུ་སྤྲུལ་ནས་སྒྲ་བུང་བུང་དུ་ཕྱུང་ སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱས་པ་དང་། དེ་དག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་རྗེས་སུ་དྲན་ནས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཁ་ན་སྤོས་ཀྱི་དྲི་ཞེས་བྱ་བར་གྱུར་ཏེ་འཇིག་རྟེན་ གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ། །དེའི་ཚེ་སེམས་ཅན་ཡོངས་སུ་སྨིན་པར་བྱས་ཏེ། ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོ་ནས་སོང་ནས་ཡུལ་མ་ག་དྷཱར་མངོན་དུ་ཕྱོགས་ཏེ་སོང་བ་དང་། ཡུལ་མ་ག་དྷཱར་ཕྱིན་ནས་ལོ་ཉི་ཤུར་དགོན་པ་ན་གནས་པའི་སེམས་ཅན་གཅིག་ལ་གཅིག་ཤ་ཟ་བ་དག་མཐོང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བདག་གིས་ཐབས་གང་གིས་སེམས་ཅན་འདི་དག་ཚིམ་པར་བྱ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ལྷའི་ཆར་པ་དབབ་པར་བརྩམས་ཏེ། ཐོག་མར་ནི་ཆུའི་ཆར་པའོ་གང་གི་ཚེ་ན་ཆུས་ངོམས་པར་གྱུར་པ་དེའི་འོག་ཏུ་ལྷའི་ཞལ་ཟས་རོ་མཆོག་དང་ལྡན་པས་སྐོན་པ་ཡོངས་སུ་གང་བ་དག་བབ་བོ། །གང་གི་ཚེ་ན་ཟས་ཀྱིས་ཡོངས་སུ་ཚིམ་པར་གྱུར་པ་དེའི་ཚེ་འབྲས་ཀྱི་ཆར་བབ་བོ། །གཞན་ཡང་ཏིལ་དང་། འབྲས་རྨེའུ་དང་། ཀུ་ལད་ཏའི་འབྲུ་དང་། འབྲས་སོ་བ་དག་བབ་བོ། །གང་དང་གང་གི་ཚེ་ན་སེམས་ཅན་དེ་དག་གི་དགོས་པ་སེམས་པར་གྱུར་པ་དེའི་ཚེ་དེ་དག་གི་བསམ་པ་གྲུབ་པར་གྱུར་ཏོ། །དེ་ནས་ཡུལ་མ་ག་དྷཱའི་སེམས་ཅན་དེ་དག་ངོ་མཚར་དུ་གྱུར་ནས་དེ་ཐམས་ཅད་གནས་གཅིག་ཏུ་ངལ་བསོས་སོ། །ངལ་བསོས་ནས་གཅིག་ལ་གཅིག་འདི་ལྷ་གང་གི་མཐུ་ཞིག་ཅེས་སྨྲས་པ་དང་། དེ་ནས་སྐྱེས་བུ་དེ་དག་གི་ནང་ན་རྙིས་པ། རྒན་པ། རྒས་པ། སྒུར་བ། བ་ལང་གི་སྣ་ལྟར་གུག་པ། ལོ་བརྒྱ་སྟོང་དུ་མ་ལོན་པ་ཞིག་ཡོད་པ་དེས་དེ་དག་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མ་གཏོགས་ 51-220b པར་ལྷ་གཞན་གང་གི་ཡང་མཐུ་འདི་འདྲ་བར་མི་འགྱུར་རོ། །དེ་ནས་འཁོར་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་མ་ཇི་ལྟ་བུ་ཞེས་དྲིས་སོ། །དེ་ནས་སྐྱེས་བུ་དེས་ཡོན་ཏན་བཤད་པར་བརྩམས་པ་མུན་པར་གྱུར་པ་རྣམས་ཀྱི་ནི་སྒྲོན་མར་ གྱུར་པའོ། །ཉི་མས་གདུངས་ཤིང་ཚིག་པ་རྣམས་ཀྱི་ནི་གདུགས་སུ་གྱུར་པའོ། །སྐོམ་གྱིས་གདུངས་པ་རྣམས་ཀྱི་ནི་ཆུ་བོར་གྱུར་པའོ། །འཇིགས་ཤིང་སྐྲག་པར་གྱུར་པ་རྣམས་ལ་ནི་མི་འཇིགས་པ་སྦྱིན་པར་བྱེད་པའོ། །ནད་ཀྱིས་བཏབ་པ་རྣམས་ལ་ནི་སྨན་པར་གྱུར་པའོ། ། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་ནི་ཕ་དང་མར་གྱུར་པའོ། །སེམས་ཅན་བསྟིར་མེད་པར་སྐྱེས་པ་རྣམས་ལ་ནི་མྱ་ངན་ལས་འདས་པ་སྟོན་པར་བྱེད་པ་སྟེ། དེའི་ཡོན་ཏན་གྱི་ཁྱད་པར་ནི་འདི་ལྟ་བུའོ། །གང་དེའི་མཚན་གྱི་རྗེས་སུ་དྲན་པ་དེ་དག་ནི་འཇིག་རྟེན་ན་བདེ་བ་དང་ལྡན་པ་ཡིན་ ནོ། །དེ་དག་ནི་འཁོར་བའི་སྡུག་བསྔལ་གྱི་ཐ་མ་ཡོངས་སུ་སྤོང་བའོ། །གང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་རྟག་ཏུ་མེ་ཏོག་དང་། པོག་བསྡུས་ཤིང་འབུལ་བའི་སྐྱེས་བུ་གང་ཟག་དེ་དག་ནི་སེམས་དཔའ་བ་དང་ལྡན་པ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྤྱན་རས་གཟིགས་ཀྱི་མདུན་དུ་དཀྱིལ་འཁོར་གྲུ་བཞི་བྱེད་པ་དེ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བལ་གླང་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་ བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ཏེ། རིན་པོ་ཆེ་དེ་བདུན་དང་ལྡན་པར་འགྱུར་རོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་མེ་ཏོག་འབུལ་བ་དེ་དག་ནི་ལུས་དྲི་ཞིམ་ཞིང་། གང་ལ་ལར་སྐྱེས་པར་ལུས་ཡོངས་སུ་རྫོགས་པར་འགྱུར་ རོ། །ཞེས་སྐྱེས་བུ་དེས་དེ་ལྟར་ཡོན་ཏན་གྱི་ཁྱད་པར་བཤད་ནས་འཁོར་དེ་དག་བདག་བདག་གི་ཁང་པར་དོང་ངོ་། །དེ་ནས་སྐྱེས་བུ་རྙིས་པ་དེས་འཐུན་པའི་ཆོས་བཤད་ནས་དེ་ཡང་བདག་གི་ཁང་པར་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་ 51-221a དབང་པོ་དེ་ཉིད་དུ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། །དེ་ནས་དེ་ནམ་མཁའ་ལ་གནས་བཞིན་དུ་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་མ་མཐོང་ནས་ཡུན་རིང་ངོ་སྙམ་དུ་བསམས་ནས་དེ་མཐར་གྱིས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ཕྱིན་པ་དང་། འོང་བ་བཅོམ་ ལྡན་འདས་ཀྱིས་གཟིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ཕྱིན་ནས་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་ མ་ཡིན་པ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་དག་ཚོགས་པ་ཡང་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་གང་ཞིག་མཆི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་འོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་ནས་གཡོན་ཕྱོགས་སུ་ངལ་བསོས་ སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱོད་ངལ་ལམ། འཆད་དམ། རིགས་ཀྱི་བུ་ཁྱོད་ཀྱིས་ལས་ཀྱིས་ཇི་ལྟ་བུ་ཞིག་བསྒྲུབས། དེས་སྔོན་ཇི་ལྟར་གྱུར་པ་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །བདག་གིས་བྱང་ཆུབ་སེམས་དཔའི་ ཡུལ་འདི་ལྟ་བུ་མ་མཐོང་ངོ་། །དེ་བཞིན་གཤེགས་པ་དག་ལ་ཡང་ཡུལ་འདི་ལྟ་བུ་མ་མཆིས་ན་བྱང་ཆུབ་སེམས་དཔར་གྱུར་པ་ལ་ལྟ་ཅི་སྨོས་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་ དུ་སོང་སྟེ། མདུན་དུ་འདུག་གོ། །འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ངལ་ལམ། འཆད་དམ། བདག་ནི་མི་ངལ་ལོ་ཉོན་མ་མོངས་སོ་ཞེས་ཕན་ཚུན་དུ་གཏམ་བྱས་ནས་ཁ་རོག་སྟེ་འཁོད་དོ། ། 51-221b དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པར་བརྩམས་པས་རིགས་ཀྱི་བུ་དག་ཉོན་ཅིག །བྱང་ཆུབ་སེམས་དཔར་གྱུར་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་ཆོས་དེ་བཤད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་འཁོར་དེ་དག་བདག་བདག་གི་གནས་སུ་དོང་ངོ་། །བྱང་ཆུབ་ སེམས་དཔའ་དེ་དག་ཀྱང་བདག་བདག་གི་སངས་རྒྱས་ཀྱི་ཞིང་དུ་དོང་ངོ་། །འདི་ནི་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་ལེའུ་དང་པོ་སྟེ་རྫོགས་སོ།། །། le'u gnyis pa/ དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་སྔོན་ཏིང་ངེ་འཛིན་གང་དག་ལ་མཉམ་པར་བཞག་པར་གྱུར་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། རྣམ་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་གྱེན་དུ་འཕགས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་རྒྱལ་མཚན་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱོགས་བཅུར་རྣམ་པར་ལྟ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྤྱན་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤིན་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྦྱིན་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་ལུས་པར་འོངས་ 51-222a ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་འདུད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་བོར་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་ལྟར་སྤྱན་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཡོག་སྐྱེ་བོ་མང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྷའི་སྤྱན་ཞེས་བྱ་བའི་ཏིང་ངེ་འཛིན་ དང་། བསྐལ་པའི་གླིང་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོ་འཕྲུལ་སྟོན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། པད་མོའི་བླ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་དབང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསྟིར་མེད་པ་སྐེམས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འབར་ཞེས་བྱ་བའི་ཏིང་ངེ་འཛིན་ དང་། ལྷའི་རྣ་ཆ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་རྩི་ཐིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོར་འཇུག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཞལ་མེད་ཁང་གི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་ཀ་ལ་པིང་ཀའི་སྒྲ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཨུད་པ་ལ་སྔོན་པོའི་དྲི་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞོན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་གོ་ཆ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བལ་གླང་དགའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རོལ་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བླ་ན་མེད་ ཅེས་བྱ་བའི་ཏིང་ངེ་འཛིན་དང་། འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་བླ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་བརྒྱ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསྐུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ དང་། རྣམ་པ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྷ་མ་ཡིན་ལ་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱ་ངན་ལས་འདའ་བར་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གླིང་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོར་བ་རྣམ་པར་གྲོལ་ཞེས་ བྱ་བའི་ཏིང་ངེ་འཛིན་དང་། རྣལ་འབྱོར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དོན་དམ་པ་སྟོན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གློག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཀླུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་གླལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ས་རི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ 51-222b དང་། འོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲན་པའི་དབང་པོ་འཕེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་བའི་ཐེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལམ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་ཏིང་ངེ་འཛིན་དེ་དག་དང་ལྡན་ཏེ། དེའི་བ་སྤུའི་ཁུང་བུ་རེ་རེ་ན་ཡང་ཏིང་ངེ་འཛིན་བརྒྱ་སྟོང་དག་གནས་སོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ དཔག་ཏུ་མེད་དོ། །བསོད་ནམས་ཀྱི་ཚོགས་དེ་འདྲ་བ་དག་ནི་དེ་བཞིན་གཤེགས་པ་དག་ལ་ཡང་མེད་ན་བྱང་ཆུབ་སེམས་དཔའ་དག་ལ་ལྟ་ཅི་སྨོས།། །།བམ་པོ་གསུམ་པ། རིགས་ཀྱི་བུ་སྔོན་བྱུང་བ་ང་བྱང་ཆུབ་སེམས་དཔར་གྱུར་པ་དེའི་ཚེ། ང་ཚོང་པ་ལྔ་བརྒྱ་དང་འགྲོགས་ནས་སིང་གྷ་ལའི་གླིང་དུ་སོང་སྟེ། ཤིང་རྟ་དང་། ཁུར་དང་། བམ་པོ་དང་། སྐོན་པ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་ལ་སོགས་པས་ཟོང་མང་དུ་བསྐྱས་ཏེ་སིང་གྷ་ལའི་གླིང་དུ་སོང་བ་ལས། གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། གྲོང་ཡེའུ་དང་། ཚོང་དུས་དག་ཏུ་སོང་བ་ལས་སིང་གྷ་ལའི་གླིང་དུ་མ་ཕྱིན་པར་གྲུ་བོ་ཆེ་བཟང་པོ་ཞིག་རྙེད་ནས། ངས་གདོས་འཛིན་པ་ལ་གླིང་གང་ལོགས་སུ་རླུང་ལངས། ཅི་རིན་པོ་ཆེའི་གླིང་དུ་རླུང་ལངས་སམ། ཡང་ན་ནི་ནས་ཀྱི་གླིང་དུ་རླུང་ལངས་སམ། འོན་ཏེ་སྲིན་མོའི་གླིང་དུ་རླུང་ལངས་ཞེས་སྨྲས་པ་དང་། གདོས་འཛིན་པ་འདི་སྐད་ཅེས་ཟེར་ཏེ། བསེར་མ་ནི་སིང་གྷ་ལའི་གླིང་དུ་ལངས་ཀྱིས་ལྷ་མཁྱེན་པར་མཛོད་ཅིག །དེ་ནས་གྲུ་བོ་ཆེ་བཏང་སྟེ་སིང་གྷ་ལའི་གླིང་དུ་སོང་བ་ལས་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་དག་གིས་དུས་མ་ཡིན་པའི་རླུང་བཏང་བ་དང་གྲུ་བོ་ཆེ་དེ་དུམ་བུ་དུམ་བུར་ལྷགས་ནས་ཚོང་པ་དེ་དག་ཆུའི་ནང་དུ་ལྷུང་བ་དང་། བརྐྱལ་ནས་ཆུའི་འགྲམ་དུ་ཉེ་བར་ཕྱིན་ཏོ། །དེ་ནས་སྲིན་མོ་ལྔ་བརྒྱ་གཞོན་ནུའི་གཟུགས་སུ་བསྒྱུར་ཏེ་སྒྲ་ཅ་ཅོ་ཟེར་ཞིང་བྱུང་ནས་ཆུ་འགྲམ་དེ་དང་ཉེ་བ་ཞིག་ཏུ་འོངས་ཏེ་བླ་གོས་ཀྱི་རས་བྱིན་ནས་བསླང་བ་དང་། དེ་དག་བདག་བདག་གི་གོས་འཚིར་ 51-223a རོ། །བཙིར་ནས་དེ་དག་གནས་དེ་ནས་གནས་གཞན་དུ་ཤིང་ཙམ་པ་ཀ་ཆེན་པོ་ཡོད་པ་དེའི་དྲུང་དུ་ངལ་བསོས་སོ། །ངལ་བསོས་ནས་བདག་ཅག་ལ་ཐབས་ཅི་ཡོད་ཅེས་གཏམ་བྱས་པ་དང་། དེ་དག་གིས་བདག་ཅག་ལ་ཐབས་མ་མཆིས་སོ་ཞེས་དེ་སྐད་སྨྲས་ནས་ཁ་རོག་ སྟེ་འཁོད་དོ། །དེ་ནས་སྲིན་མོ་དེ་དག་དེ་རྣམས་ཀྱི་མདུན་དུ་འདུག་ནས་ཁྱོ་མ་མཆིས་པའི་ནི་ཁྱོ་མཛོད་ཅིག །གནས་མ་མཆིས་པའི་ནི་གནས་མཛོད་ཅིག །རྟེན་མ་མཆིས་པའི་ནི་རྟེན་མཛོད་ཅིག །འདི་དག་ནི་ཁྱོད་ཀྱི་ཟས་ཀྱི་ཁྱིམ་མོ། །སྐོམ་གྱི་ཁྱིམ་མོ། །སྐྱེད་མོས་ཚལ་དགའ་བར་བགྱིད་ པའོ། །རྫིང་བུ་དགའ་བར་བགྱིད་པའོ། །ཞེས་དེ་སྐད་སྨྲས་ནས་སྲིན་མོ་དེ་དག་གིས་སྐྱེས་པ་རེ་རེ་ཁྲིད་དེ་བདག་བདག་གི་ཁྱིམ་དུ་སོང་ངོ་། །གང་སྲིན་མོ་དེ་དག་གི་ནང་ན་ཤིན་ཏུ་རྒན་པ་དེས་བདག་གི་ཁྱིམ་དུ་ང་ཁྲིད་ནས་ལྷའི་རོའི་རོ་མཆོག་དང་ལྡན་པས་ཚིམ་པར་བྱས་སོ། །ཚིམ་ པར་བྱས་ནས་རྩེ་བར་རྩོམ་སྟེ། དེ་ལ་དེས་མིའི་བདེ་བས་ཚིམ་པར་བྱས་ནས་དེ་བཞིན་དུ་ཉི་མ་གཉིས་གསུམ་ནས་བདུན་འདས་སོ། །རེ་ཞིག་ན་མོ་ཉལ་ཏེ་གཉིད་ཀྱིས་ལོག་པ་དང་གད་མོ་སྙན་པར་དགོད་པ་ངས་མཐོང་ནས་ང་ངོ་མཚར་དུ་གྱུར་ཏེ། གཉིད་ལོག་བཞིན་དུ་གད་མོ་སྙན་ པར་དགོད་པ་ངས་ནམ་ཡང་མ་མཐོང་། མ་ཐོས་སོ། །སྙམ་ནས་དེའི་ཚེ་ངས་དེ་ལ་ཁྱོད་ཅིའི་ཕྱིར། དགོད་ཅེས་སྨྲས་པ་དང་། མོ་ན་རེ་འདི་དག་ནི་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་ལགས་ཏེ། ཁྱེད་ཀྱི་སྲོག་བཅད་ད་རེ་ཞེས་ཟེར་ནས་དེའི་ཚེ་ངས་དེ་ལ་འདི་དག་སྲིན་མོ་ཡིན་པར་ཁོ་ བོས་ཇི་ལྟར་ཤེས་པར་བྱ་ཞེས་དྲིས་པ་དང་། དེ་སྟེ་ཡིད་མི་ཆེས་ན་གཡས་ཕྱོགས་ཀྱི་ལམ་སྲང་ཟུང་སྟེ་བཞུད་ཅིག་དང་། དེ་ན་ལྕགས་ཀྱི་གྲོང་ཁྱེར་མཐོ་བ་སྐར་ཁུང་དང་རྟ་བབས་མེད་པ་ཞིག་མཆིས་ཏེ། དེ་ན་ཚོང་པ་བརྒྱ་ཕྲག་དུ་མ་འཚལ་ཅིང་བོར་ནས་ལ་ལ་ནི་གསོན། ལ་ལ་ནི་གུམ་སྟེ། ཁྱོད་དེ་ལྟར་ཐུགས་མི་ཆེས་ན་ལམ་དེར་བཞུད་ཅིག །ལམ་དེར་བཞུད་ནས་རྟོགས་ཤིག་དང་། དེའི་ཚེ་ང་ལ་ཡིད་ཆེས་པར་འགྱུར་རོ་ཞེས་ཟེར་ནས། དེའི་ཚེ་དེས་གླེན་པའི་དྲ་བ་ཞེས་བྱ་བའི་གཉིད་ཀྱིས་ནོན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ནུབ་མོའི་དུས་ཀྱི་ཚེ་སོང་ནས་རལ་གྲི་ཟླ་བ་ 51-223b ལྟར་སྣང་བ་བདག་འཚོ་བར་བྱེད་པ་ཞེས་བྱ། ཐོགས་ནས་གཡས་ཕྱོགས་ཀྱི་ལམ་སྲང་བཟུང་སྟེ། སོང་བ་ལས་རིམ་གྱིས་ལྕགས་ཀྱི་གྲོང་ཁྱེར་དུ་ཕྱིན་ནས་ཁོ་ར་ཁོར་ཡུག་ཏུ་བསྐོར་ཀྱང་དེས་སྒོ་མ་མཐོང་ངོ་། །དེ་ནས་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་ཤིང་ཙམ་པ་ཀ་ཞིག་འདུག་པ་དེ་ ལ་འཛེགས་ཏེ། དེ་ནས་ངས་ལུད་པའི་སྒྲ་བྱས་པ་དང་། སྐྱེས་བུ་ཚོང་པ་དེ་དག་ན་རེ་ཚོང་དཔོན་ཆེན་པོ་མཁྱེན་པར་མཛོད་ཅིག །བདག་ཅག་ནི་ལྕགས་ཀྱི་གྲོང་ཁྱེར་དུ་སྩལ་ཏོ། །ཞེས་སྨྲས་ནས་དེའི་ཚེ་ཉི་མ་རེ་རེ་ཞིང་ཡང་མི་བརྒྱ་བརྒྱ་ཁྲིད་དེ་ཟའོ། །ཟོས་ནས་རུས་པ་རྣམས་ལྕགས་ཀྱི་ གྲོང་ཁྱེར་དེ་ཉིད་དུ་འདོར་བ་ཡང་དེ་དག་གིས་ང་ལ་སྔོན་བྱུང་བ་བཞིན་དུ་སྨྲས་ནས་ངས་དེའི་ཚེ་ཤིང་ཙམ་པ་ཀ་ལས་བབས་ཏེ་གཡས་ཕྱོགས་ཀྱི་ལམ་སྲང་དེ་བཟུང་ནས་མྱུར་དུ་མྱུར་བར་སོང་བ་སྟེ། དེ་ནས་སླར་ཕྱིན་ཏོ། །དེ་ནས་སྙན་པར་བྱེད་པ་དེ་ན་རེ་དེད་དཔོན་ཆེན་པོ་ཁྱོད་ཀྱིས་ གཟིགས་སམ་ཞེས་ཟེར་ནས་ངས་མཐོང་ངོ་། །ཞེས་སྨྲས་སོ། །ཁྱོད་ལ་བདག་གིས་གཏམ་བགྱིས་པ་ཁྱོད་ཀྱིས་རྟགས་ལ་བབ་བམ། དེའི་ཚེ་ངས་དེ་ལ་ཐབས་ཅི་ཡོད་ཅེས་དྲིས་ན། དེ་ནས་སྙན་པར་བྱེད་པ་དེས་འདི་སྐད་ཅེས་སྨྲས་ཏེ། ལྷ་ཐབས་གང་གིས་བདེ་བ་དང་། ཉོན་མོངས་ པ་མེད་པར་སིང་གྷ་ལའི་གླིང་ནས་འབྱུང་ཞིང་སླར་འཛམ་བུའི་གླིང་མཐོང་བར་འགྱུར་བའི་ཐབས་མཆིས་སོ། །ངས་དེ་ལ་ལམ་གང་གིས་སིང་གྷ་ལའི་གླིང་ནས་འབྱུང་བར་འགྱུར་བའི་ལམ་དེ་སྟོན་ཅིག་ཅེས་བྱས་པ་དང་། སྙན་པར་བྱེད་པ་དེས་འདི་སྐད་ཅེས་སྨྲས་སོ། །ལྷ་རྟའི་རྒྱལ་ པོ་བ་ལ་ཧ་ཞེས་བགྱི་བ་དམན་པ་དང་ཕོངས་པ་ལ་སྨན་པ་ཞིག་མཆིས་ཏེ། རྟའི་རྒྱལ་པོ་བ་ལ་ཧ་དེ་སྨན་སྦེད་ཐམས་ཅད་ཅེས་བགྱི་བ་འཚལ་ཏེ། གསེར་གྱི་བྱེ་མའི་ཐང་བུ་ལ་ཕར་འགྲེ་ཚུར་འགྲེ་བར་བགྱིད་དོ། །ཕར་འགྲེས་ཚུར་འགྲེས་ནས་ལུས་སྤྲུག་གོ། །སྤྲུགས་ནས་ཕ་རོལ་དུ་སུ་འགྲོ། ཕ་རོལ་དུ་སུ་འགྲོ་ཞེས་སྨྲའོ། །ཁྱོད་ཀྱིས་ལྷ་བདག་ཕ་རོལ་དུ་མཆིའོ་ཞེས་བགྱིས་ཤིག་ཅེས་དེ་སྐད་བསྒོ་བ་ཐོས་ནས་དེ་སྲིན་མོའི་དྲུང་དུ་ཉེ་བར་སོང་ནས་ལྷན་ཅིག་ཏུ་ཉལ་བ་དང་། དེ་སད་ནས་འཕགས་པའི་སྲས་ལུས་རེ་གྲང་བ་ཞིག་ཅེས་ཟེར་ནས་ངས་དེ་ལ་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཤང་གཅི་བྱེད་དུ་སོང་ 51-224a བས། དེའི་ཕྱིར་ལུས་གྲང་མོ་གྲང་བར་གྱུར་ཏོ། །ཞེས་སྨྲས་སོ། །མོས་ཀྱང་སྨྲས་ནས་སླར་དེ་གཉིད་ཀྱིས་ལོག་སྟེ་ཉི་མ་ཤར་བའི་ཚེ་ལངས་སོ། །དེ་ནས་སྐྱེས་བུ་ཚོང་པ་རྣམས་ལ་ཁྱེད་ཚུར་ཤོག་ཤིག །གྲོང་ཁྱེར་གྱི་ཕྱི་རོལ་དུ་འདོང་ངོ་ཞེས་བསྒོ་བ་དང་། དེ་ དག་ཐམས་ཅད་གྲོང་ཁྱེར་གྱི་ཕྱི་རོལ་དུ་འདོང་ངོ་། །དེ་དག་གྲོང་ཁྱེར་གྱི་ཕྱི་རོལ་དུ་དོང་ནས་ངལ་བསོས་སོ། །ངལ་བསོས་ནས་སུའི་ཆུང་མ་དག་ཇི་ལྟ་བུས་མཛའ་བར་གྱུར་ཅེས་དྲིས་པ་དང་། ཁ་ཅིག་གིས་ནི་བདག་ལ་ཤིན་ཏུ་མཛའ་བར་བྱེད་དོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་ལ་ལྷའི་ རོའི་རོ་མཆོག་དང་ལྡན་པའི་ཟས་ཀྱིས་འཛིན་པར་བགྱིད་དོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་གོས་རྣམ་པ་སྣ་ཚོགས་ཀྱིས་འཛིན་ཏོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་ལ་ཅོད་པན་དང་། རྣ་ཆ་དང་སེ་མོ་དོའི་ཆུན་པོས་འཛིན་ཏོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་གི་ལུས་ལ་བྲེལ་ བ་མ་མཆིས་སོ་ཞེས་སྨྲས་སོ། །ཁ་ཅིག་གིས་ནི་བདག་ལ་ཙན་དན་དང་། གླ་རྩི་དང་། ག་པུར་གྱིས་འཛིན་ཏོ་ཞེས་སྨྲས་ཏེ། དེ་ལྟར་དེ་དག་གིས་གཏམ་བྱས་ནས་ངས་དེའི་ཚེ་སྐྱེས་བུ་ཚོང་པ་དེ་དག་ལ་གང་བདག་ཅག་སྲིན་མོ་ལ་ཆགས་པར་བྱ་བའི་ནི་མི་རིགས་སོ་ཞེས་སྨྲས་པ་དང་། དེ་ དག་མྱོས་ནས་ཚོང་དཔོན་ཆེན་པོ་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་ལགས་མད་མད་ཅེས་ཟེར་ནས། དེའི་ཚེ་ངས་དེ་དག་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་བདེན་ནོ་བདེན་ནོ། །འདི་ནི་མི་མ་ཡིན་ཏེ་སྲིན་མོའོ་ཞེས་སྨྲས་སོ། །དེ་ནས་སྐྱེས་བུ་ཚོང་པ་དེ་དག་གིས་བདག་ཅག་ ལ་སྐྱབས་ཅི་ཡོད། རྟེན་ཅི་ཡོད་ཅེས་སྨྲས་པ་དང་། ངས་དེ་དག་ལ་སིང་གྷ་ལའི་གླིང་ན་རྟའི་རྒྱལ་པོ་བ་ལ་ཧ་ཞེས་བྱ་བ་དམན་པ་དང་ཕོངས་པ་ལ་སྙིང་རྗེ་བར་བྱེད་པ་ཞིག་ཡོད་དེ། སྨན་སྦེད་ཐམས་ཅད་ཅེས་བྱ་བ་ཟོས་ནས་གསེར་གྱི་བྱེ་མའི་ཐང་བུ་ལ་ཕར་འགྲེ་ཚུར་འགྲེ་བྱས་ཏེ་ལུས་སྤྲུག་གོ། ། ལུས་སྤྲུགས་ནས་དེའི་ཚེ་སུ་ཕ་རོལ་དུ་འགྲོ། སུ་ཕ་རོལ་དུ་འགྲོ་ཞེས་ཚིག་ལན་གསུམ་སྨྲས་པ་དང་། བདག་ཅག་དེར་འདོང་ངོ་ཞེས་སྨྲས་སོ། །དེ་ནས་སྐྱེས་བུ་ཚོང་པ་དེ་དག་ང་ལ་བདག་ཅག་ནམ་བཞུད་ཅེས་ཟེར་ནས། ངས་དེ་དག་ལ་ཉི་མ་གསུམ་ན་ངེས་པར་འདོང་གིས་སྐྱེས་བུ་སོ་སོ་ནས་ 51-224b རྒྱགས་དང་ཆོས་ཤིག་ཅེས་དེ་དག་དང་དམ་བཅས་ནས་སླར་གྲོང་ཁྱེར་དུ་དོང་སྟེ་བདག་བདག་གི་ཁྱིམ་དུ་ཕྱིན་པ་དང་། དེ་དག་ལ་སྲིན་མོ་རྣམས་ཀྱིས་ངལ་ལམ། ཆད་དམ། ཁྱེད་ཀྱིས་སྐྱེད་མོས་ཚལ་དགའ་བར་བྱེད་པ་མཐོང་ངམ་ཞེས་སྨྲས་པ་དང་། དེ་དག་གིས་ངེད་ཀྱིས་ཆུང་ཟད་ཀྱང་མ་ མཐོང་ངོ་ཞེས་སྨྲས་སོ། །དེ་ནས་སྲིན་མོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་པའི་སྲས་སིང་གྷ་ལའི་གླིང་འདི་ན་སྐྱེད་མོས་ཚལ་དགའ་བར་བྱེད་པ་མེ་ཏོག་གིས་ཡོངས་སུ་གང་བ་རྣམ་པ་སྣ་ཚོགས་དང་། རྫིང་བུ་བརྒྱ་ཕྲག་དུ་མ་མཆིས་སོ་ཞེས་སྨྲས་ནས། དེས་ཉི་མ་གསུམ་ན་ སྐྱེད་མོས་ཚལ་གྱིས་དེ་དག་དང་རྫིང་བུ་མེ་ཏོག་གིས་ཡོངས་སུ་གང་བ་རྣམ་པ་སྣ་ཚོགས་དེ་དག་ལྟར་འགྲོའོ། །དེའི་ཚེ་མེ་ཏོག་བཟང་པོ་དག་ཀྱང་ཁྱེར་ཏེ་འོང་གིས་རྒྱགས་བཟང་དུ་གྱིས་ཤིག་ཅེས་སྨྲས་པ་དང་། དེས་འཕགས་པའི་སྲས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་སོ། །དེ་ནས་དེས་ ལུས་ལ་བསམས་ཏེ། སྲིན་མོ་འདི་དག་གིས་རྒྱུས་ཤེས་པར་གྱུར་ན་ནི་བདག་ཅག་གི་སྲོག་གཅོད་དོ་སྙམ་དུ་དེ་ལྟར་ལུས་ཀྱི་རྗེས་སུ་བསམས་ནས་ཁ་རོག་སྟེ་འདུག་པ་དང་། མོས་ཟས་བཟང་པོ་བྱིན་ནས་ཟོས་ཏེ་ཤུགས་ཕྱུང་ནས། སྲིན་མོ་དེས་འཕགས་པའི་སྲས་ཅིའི་སླད་དུ་ ཤུགས་འབྱིན་ཅེས་སྨྲས་སོ། །དེ་ནས་ངས་མོ་ལ་འཛམ་བུའི་གླིང་གི་མི་དག་ནི་བདག་གི་ཡུལ་ལ་དགའ་འོ་ཞེས་སྨྲས་པ་དང་། འཕགས་པའི་སྲས་བདག་གི་ཡུལ་གྱིས་ཅི་ཞིག་བགྱི། སིང་གྷ་ལའི་གླིང་འདི་ཉིད་ན་ཁྱོད་ཀྱི་ཟས་ཀྱི་ཁང་པ་དང་། སྐོམ་གྱི་ཁང་པ་དང་། གོས་ཀྱི་ ཁང་པ་སྣ་ཚོགས་དང་། ཁྱེད་ཀྱི་སྐྱེད་མོས་ཚལ་དགའ་བར་བགྱིད་པ་སྣ་ཚོགས་མཆིས་ཀྱིས་ལྷའི་བདེ་བ་མྱོང་བར་མཛོད་ཅིག །འཛམ་བུའི་གླིང་ལ་མྱ་ངན་བགྱིར་ཅི་མཆིས་ཞེས་ཟེར་ནས་དེའི་ཚེ་ང་ཁ་རོག་སྟེ་འདུག་གོ། །དེའི་ཉིན་མོ་འདས་ནས་ཕྱི་དེ་ཉིན་ཟས་བཟང་པོ་རྒྱགས་དང་ ལྡན་པ། དེ་དག་ཐམས་ཅད་སྟ་གོན་བྱས་ནས་ཉི་མ་གསུམ་པ་ལ་ནང་པར་སྔར་དེ་དག་ཐམས་ཅད་དོང་ནས་གྲོང་ཁྱེར་གྱི་སྒོར་བྱུང་ངོ་། །བྱུང་ནས་སླར་སུས་ཀྱང་སིང་གྷ་ལའི་གླིང་དུ་མི་བལྟ་བར་དམ་བཅས་སོ། །དེ་འདྲ་བའི་དམ་བཅས་ནས་མྱུར་བ་མྱུར་བར་སྐྱེན་པ་སྐྱེན་པར་དོང་བ་དང་། རིམ་ 51-225a གྱིས་རྟའི་རྒྱལ་པོ་བ་ལ་ཧ་ག་ལ་བ་དེར་ཕྱིན་ནས། རྟའི་རྒྱལ་པོ་བ་ལ་ཧ་སྨན་སྦེད་ཐམས་ཅད་ཅེས་བྱ་བ་ལ་མྱངས་སོ། །སྨན་མྱངས་ནས་གསེར་གྱི་བྱེ་མའི་ཐང་བུ་ལ་ཕར་འགྲེ་ཚུར་འགྲེ་བར་བྱེད་དོ། །བྱས་ནས་ལུས་སྤྲུག་གོ། །གང་གི་ཚེ་ན་ལུས་སྤྲུགས་པ་དེའི་ཚེ་ སིང་གྷ་ལའི་གླིང་ཡང་འགུལ་ལོ། །(དས་,དེས་)ཕ་རོལ་དུ་སུ་འགྲོ། ཕ་རོལ་དུ་སུ་འགྲོ་ཞེས་ཚིག་ལན་གསུམ་སྨྲས་པ་དང་། དེ་ནས་སྐྱེས་བུ་ཚོང་པ་དེ་དག་གིས་བདག་ཅག་ཕ་རོལ་ཏུ་མཆིའོ་ཞེས་སྨྲས་སོ། །དེ་ནས་རྟའི་རྒྱལ་པོ་བ་ལ་ཧ་དེས་ཁྱོད་ལས་སུས་ཀྱང་སིང་གྷ་ལའི་གླིང་ལ་མི་ བལྟ་བར་བྱའོ། །སུས་ཀྱང་མིག་གིས་མི་བལྟ་བར་བྱའོ། །ཞེས་དེ་སྐད་སྨྲས་ཏེ་དེ་འདྲ་བའི་དམ་བཅས་ནས་དེའི་ཚེ་ཐོག་མ་ཁོ་ནར་བཞོན་ནོ། །དེའི་འོག་ཏུ་ཚོང་པ་ལྔ་བརྒྱ་ཞོན་ནོ། །གང་གི་ཚེ་དེ་དག་ཞོན་པ་དེའི་ཚེ་སིང་གྷ་ལའི་གླིང་ན་གནས་པའི་སྲིན་མོ་དག་སྒྲ་ཅ་ཅོ་ཟེར་ ཞིང་ཕྱི་བཞིན་དུ་སྙེག་གོ། །ངུ་ཞིང་སྙིང་རྗེ་རྗེ་ལྟར་སྨྲ་བ་དང་། དེ་ནས་དེ་དག་གིས་ངོ་སླར་ལོག་སྟེ་བལྟས་སོ། །གང་གི་ཚེ་དེ་དག་གིས་བལྟས་པ་དེའི་ཚེ་དེ་དག་ཁ་བུབ་ཏུ་ལྷུང་ངོ་། །གང་གི་ཚེ་ན་དེ་དག་ཆུའི་ནང་དུ་ལྷུང་བ་དེའི་ཚེ་སྲིན་མོ་དག་གིས་དྲངས་ཤིང་དྲངས་ཤིང་ཟོས་སོ། ། དེའི་ཚེ་ང་གཅིག་པུས་འཛམ་བུ་གླིང་དུ་ཕྱིན་ཏེ། དེའི་ཚེ་འགྲམ་དུ་ཉེ་བ་དང་རྟའི་རྒྱལ་པོ་བ་ལ་ཧས་ང་ལ་ལན་གསུམ་བསྐོར་ཏེ། ཕྱག་བྱས་ནས་དེ་ཉིད་དུ་སོང་ངོ་། །དེ་ནས་ང་ཡང་སོང་ནས་རིམ་གྱིས་བདག་གི་ཁྱིམ་དུ་ཕྱིན་ཏེ། དེའི་ཚེ་ཕ་དང་མས་ངའི་མགུལ་ནས་འཇུས་ནས་ངུས་པ་དང་། རླངས་པས་དེ་གཉིས་ཀྱི་མིག་རུ་གས་ནས་མཐོང་བར་གྱུར་ཏོ། །དེ་ནས་ཕ་མ་དང་ལྷན་ཅིག་ཏུ་ངལ་བསོས་ནས་དེས་དེ་དག་ལ་སྔོན་ཇི་ལྟར་བྱུང་བ་ཐམས་ཅད་བཟླས་པ་དང་། ཕ་མས་དེ་ལ་སྨྲས་པ། བུ་ཁྱོད་གསོན་བཞིན་དུ་རྙེད་དེ། ངེད་ལ་ནོར་ནི་མི་དགོས་སོ། །རྒས་པའི་ཚེ་ཁར་བར་ གྱུར་པའོ། །རྒས་པའི་ཚེ་ལམ་སྟོན་པའོ། །འཆི་བའི་ཚེ་ཟས་སྦྱིན་པར་བྱེད་པའོ། །ཤི་ནས་མགོན་ཡོད་པར་བྱེད་པའོ། །བུ་ནི་རླུང་བསིལ་བར་བྱེད་པའོ། །ཞེས་ཕ་དང་མས་སྨྲས་ཏེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ང་དེད་དཔོན་དུ་གྱུར་པའི་ཚེ་འདི་ལྟ་བུའི་སྡུག་བསྔལ་ 51-225b བ་མྱོང་ངོ་། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་རྟ་བ་ལ་ཧར་གྱུར་པས་ང་འཆི་བའི་འཇིགས་པ་དེ་འདྲ་བ་ལས་ཡོངས་སུ་ཐར་བར་བྱས་སོ། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་མི་ནུས་ཏེ། བ་སྤུའི་ཁུང་བུ་རེ་རེའི་གཏམ་ཆུང་ཟད་ཅིག་བཤད་དོ། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་དྲི་ཟ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་དག་གནས་ཏེ། དེ་དག་འཁོར་བའི་སྡུག་བསྔལ་བར་མི་འགྱུར་ཞིང་བདེ་བ་དམ་པ་དང་ལྡན་པ་ཡིན་ཏེ། ལྷའི་དངོས་པོ་དག་འབྱུང་བར་འགྱུར་གྱི། འདོད་ཆགས་ཅན་དུ་མི་འགྱུར། ཞེ་སྡང་ཅན་དུ་མི་འགྱུར། ཁོང་ཁྲོ་བའི་སེམས་མི་སྐྱེད། དེ་དག་ལས་གང་ལ་ཡང་གནོད་ པའི་སེམས་མི་སྐྱེད་དེ། དེ་དག་དུས་ཐམས་ཅད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་གནས་པ་ཡིན་ཏེ། དུས་ཐམས་ཅད་དུ་ཆོས་འདོད་པ་ཡིན་ནོ། །འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་སྣང་བ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་ རིན་པོ་ཆེ་ཡོད་དེ། གང་དང་གང་གི་ཚེ་དྲི་ཟ་དེ་དག་བསམ་པ་སེམས་པ་དེའི་ཚེ་དེ་དག་གི་བསམ་པ་འགྲུབ་པར་འགྱུར་རོ། །དེའི་ཚེ་གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་ལས་འདས་ནས་ནག་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་དྲང་སྲོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཡོད་དེ། ལ་ལ་ནི་ མངོན་པར་ཤེས་པ་གཅིག་པ། ལ་ལ་ནི་མངོན་པར་ཤེས་པ་གཉིས་པ། ལ་ལ་ནི་མངོན་པར་ཤེས་པ་གསུམ་པ། ལ་ལ་ནི་མངོན་པར་ཤེས་པ་བཞི་པ། ལ་ལ་ནི་མངོན་པར་ཤེས་པ་ལྔ་པ། ལ་ལ་ནི་མངོན་པར་ཤེས་པ་དྲུག་པའོ། །བ་སྤུའི་ཁུང་བུ་དེ་ན་དངུལ་གྱིས་གཞི་ལ་གསེར་ གྱི་རི་དངུལ་གྱི་རྩེ་མོ་པད་མོ་དམར་པོས་བརྒྱན་པ་དེ་འདྲ་བའི་རི་བདུན་ཅུ་རྩ་བདུན་ཡོད་དེ། རི་རེ་རེ་ཞིང་ཡང་དྲང་སྲོང་བརྒྱད་ཁྲི་གནས་སོ། །དྲང་སྲོང་དེ་དག་གི་ཤིང་དཔག་བསམ་ནི་འདི་འདྲ་སྟེ། སྡོང་པོ་ནི་དམར་པོ། འདབ་མ་ནི་གསེར་དང་། དངུལ་ལས་བྱས་པ་རིན་པོ་ཆེར་སྣང་ 51-226a བའོ། །ཤིང་དཔག་བསམ་རེ་རེ་དང་། ཉེ་བ་ན་ནི་རྫིང་བུ་བཞི་ཡོད་དེ། ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ། ལ་ལ་ནི་ལྷའི་མེ་ཏོག་གིས་ཡོངས་སུ་གང་བའོ། །ཕྱོགས་དེ་དང་ཉེ་བ་ན་ལྷའི་བྱི་རུའི་ཤིང་གིས་ཡོངས་སུ་མཛེས་པར་བྱས་པའི་ དཔག་བསམ་གྱི་ཤིང་དག་སྣང་སྟེ། ལྷའི་རྒྱན་དག་ནི་འཕྱང་ཅོད་པན་དང་། རྣ་ཆ་དག་ཀྱང་རབ་ཏུ་འཕྱང་། སེ་མོ་དོ་དང་། སེ་མོ་དོའི་ཕྱེད་པ་དག་ཀྱང་རབ་ཏུ་འཕྱང་། གདུ་བུ་དག་ཀྱང་རབ་ཏུ་འཕྱང་སྟེ། ལོ་མ་ནི་རིན་པོ་ཆེ་དང་། གསེར་ལས་བྱས་པའོ། །དེ་ན་ཤིང་དཔག་བསམ་ རེ་རེ་ཞིང་ཡང་དྲི་ཟ་བརྒྱ་བརྒྱ་གནས་ཏེ། གང་གི་ཚེ་དེ་དག་གིས་སིལ་སྙན་དཀྲོལ་བ་དེའི་ཚེ་རི་དགས་དང་། བྱ་དག་ཀྱང་སེམས་ཅན་འདི་དག་ནི་སྡུག་བསྔལ་ཏེ། འཛམ་བུའི་གླིང་ན་ཇི་ལྟ་བུའི་སྡུག་བསྔལ་དག་མྱོང་བར་གྱུར། སྐྱེ་བ་དང་། རྒ་བ་དང་། འཆི་བ་དག་ཀྱང་མཐོང་ངོ་། ། སྡུག་ཅིང་མཛའ་བ་དང་། མི་མཛའ་བ་ལས་འདུ་བ་དང་བྲལ་བར་ཡང་མཐོང་ངོ་། །མི་དག་ཀྱང་སྡུག་བསྔལ་མང་དུ་མྱོང་ངོ་ཞེས་སྐྱོ་བར་བྱེད་དོ། །དེ་ལྟར་རི་དགས་དང་། བྱ་དག་སྟོང་པའི་རྗེས་སུ་བསམས་པ་དང་། དེའི་ཚེ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་ བཀོད་པ་འདི་རྗེས་སུ་དྲན་ནས་དེ་དག་ལ་ལྷའི་རོའི་རོ་མཆོག་གི་ཟས་དག་ཀྱང་འབྱུང་བར་འགྱུར། ལྷའི་རྫས་དྲི་ཞིམ་པོ་དག་ཀྱང་འབྱུང་བར་འགྱུར། ལྷའི་གོས་དག་ཀྱང་འབྱུང་བར་འགྱུར་རོ། །གང་གི་ཚེ་ན་དེ་དག་བསམ་པ་སེམས་པ་དེའི་ཚེ་བསམ་པ་གྲུབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཅིའི་ཕྱིར་ངོ་མཚར་བར་གྱུར། དེ་ནས་བཅོམ་ལྡན་འདས་ ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་མིང་གི་རྗེས་སུ་དྲན་ན། དེའི་མིང་ཙམ་གྱིས་ཀྱང་འདི་འདྲ་བའི་རྫས་དག་འབྱུང་བར་ 51-226b འགྱུར་ན་གང་ཐེག་པ་ཆེན་པོའི་མདོ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པ་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །གང་ཐེག་པ་ཆེན་པོའི་མདོ་ཟ་མ་ ཏོག་བཀོད་པ་ལས་ཡི་གེ་གཅིག་ཀྱང་འདྲིར་འཇུག་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ལགས་ཏེ། དེ་དག་ནི་འཁོར་བའི་སྡུག་བསྔལ་འདི་དག་མཐོང་བར་མི་འགྱུར་རོ། །དེ་དག་ནི་ཕྱག་དར་པ་དང་། སྨེ་ཤ་ཅན་གྱི་རིགས་སུ་མི་སྐྱེ། དབང་པོ་ཉམས་པར་མི་འགྱུར། ཐེང་པོ་ དང་། སྒུར་པོ་དང་། གུག་པ་དང་། པུས་མོའི་ནང་འཐབ་པ་དང་། ལུས་པོ་ཆེ་དང་། མཛེ་ཅན་དུ་མི་འགྱུར། དེ་དག་གི་ལུས་ལ་ནད་དག་གིས་བཏབ་པར་མི་འགྱུར་ཏེ། ནད་མེད་པ་དང་། མཐུ་ཆེ་བ་དང་། དབང་པོ་གསལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་ སོ་ཞེས་བྱ་བ་བྱིན་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཁྱོད་འདི་འདྲ་བའི་སྤོབས་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་། དགེ་བསྙེན་དང་། དགེ་ བསྙེན་མ་འདུས་པ་ལ་ཁྱོད་ཀྱིས་འདི་འདྲ་བའི་ཆོས་ཀྱི་གཏམ་རྒྱ་ཆེན་པོ་བྱས་པ་ལེགས་སོ་ལེགས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ན་བདག་གི་ཞུ་བ་འདི་ བསྟན་པ་དེའི་ཚེ་ལྷའི་བུ་རྣམས་མི་ཕྱེད་པའི་དད་པ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཕྱི་ཕྱིར་ཞིང་གསོལ་བ་ལེགས་སོ་ལེགས་སོ་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བ་སྤུའི་ཁུང་བུ་ནག་པོ་འདས་ ནས་བ་སྤུའི་ཁུང་བུ་རིན་པོ་ཆེའི་རྣ་ཆ་ཞེས་བྱ་བ་དེ་ན་དྲི་ཟའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་གནས་ཏེ། དྲི་ཟའི་བུ་མོ་དེ་དག་ཀྱང་བྱད་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་ཤིན་ཏུ་བཟང་ཞིང་རྒྱས་པ་དང་ལྡན་པ། ལུས་ལྷའི་རྒྱན་གྱིས་བརྒྱན་པ། ལྷའི་བུ་མོ་ 51-227a འགྲན་པར་བྱེད་པ་དང་འདྲ་བ་དེ་ལྟ་བུར་ཤིན་ཏུ་བཟང་ཡང་འདོད་ཆགས་ཀྱི་སྡུག་བསྔལ་གྱིས་གཟིར་བར་མི་འགྱུར། ཞེ་སྡང་གི་སྡུག་བསྔལ་གྱིས་གཟིར་བར་མི་འགྱུར། གཏི་མུག་གི་སྡུག་བསྔལ་གྱིས་གཟིར་བར་མི་འགྱུར། དེ་དག་གི་ལུས་ལ་མིའི་སྡུག་ བསྔལ་ཡང་མེད་དེ་དྲི་ཟའི་བུ་མོ་དེ་དག་དུས་གསུམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་གྱི་རྗེས་སུ་དྲན་པར་བྱེད་དེ། དེའི་ཚེ་རྫས་དེ་དག་ཐམས་ཅད་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བ་སྤུའི་ཁུང་བུ་དེ་བལྟ་བར་འཚལ་གྱིས་བདག་དེར་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ནི་གཟུང་དུ་མི་རུང་སྟེ། ཇི་ལྟར་ནམ་མཁའི་ཁམས་གཟུང་དུ་མི་རུང་། རེག་པར་མི་རུང་ བ་དེ་བཞིན་དུ་རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ཡང་གཟུང་དུ་མི་རུང་། རེག་པར་མི་རུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་བ་སྤུའི་ཁུང་བུ་དེར་ལོ་བཅུ་གཉིས་སུ་ཀུན་དུ་སོང་ཡང་བ་སྤུའི་ཁུང་བུ་དེ་མ་མཐོང་སྟེ། གང་བ་སྤུའི་ཁུང་བུ་རེ་རེ་ན་གནས་པ་དེས་ཀྱང་ མ་མཐོང་ན་བྱང་ཆུབ་སེམས་དཔར་གྱུར་པ་གཞན་དག་གིས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ཀྱང་མ་མཐོང་ན་ཅི་བདག་མཆི་བར་བགྱི་ འམ། རིགས་ཀྱི་བུ་ང་ནི་གཡོ་མེད་པ། སྒྱུ་མེད་པ། ཕྲ་བ་ཉིད་དུ་སྣང་སྟེ། བལྟར་མེད་པ། གཟུགས་མེད་པ། གཟུགས་ཆེ་བ། ལག་པ་བརྒྱ་སྟོང་པ། མིག་བྱེ་བ་བརྒྱ་སྟོང་པ། མགོ་བཅུ་གཅིག་པ། རྣལ་འབྱོར་ཆེན་པོ། རྣལ་འབྱོར་དམ་པ། མྱ་ངན་ལས་འདས་པའི་ས་ལ་ གནས་པ། སེམས་པ་མེད་པ། ཤེས་རབ་ཆེ་བ། སྲིད་པ་ལས་སྒྲོལ་བར་བྱེད་པ། རིགས་ཀྱི་དབང་པོ། བལྟར་མི་སྣང་བ་སྟོན་པ་ལ་ཤེས་རབ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་གྲིབ་མར་གྱུར་པའོ། །དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ 51-227b གཟིགས་ཀྱི་དབང་པོ་ཡང་སུས་ཀྱང་མི་མཐོང་སྟེ། དེའི་རང་བཞིན་གྱི་ལུས་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་མི་གཟིགས་ན་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་གྱིས་ལྟ་ཅི་སྨོས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཆོ་འཕྲུལ་བསམ་ གྱིས་མི་ཁྱབ་པ་དག་སྟོན་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་དག་ཡོངས་སུ་སྨིན་པར་བྱེད་དོ། །དེ་དག་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འཇོག་གོ། །བཞག་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་པ་ལ་ཆོས་ ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐབས་གང་གིས་ན་བདག་གིས་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་ བཀུར་བའི་ཕྱིར་མི་མཇེད་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་འོང་ནའོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་མཆི་བར་གནང་ བར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཚེ་ན་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དེའི་ཚེ་ཐོག་མ་ཁོ་ནར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བདག་སྡིག་པ་དང་ལྡན་ཞིང་ཡུན་རིང་དུ་གསོན་ལ། སྤྱན་རས་གཟིགས་ཀྱི་དབང་པོ་མཐོང་བ་དང་འབྲལ་ཞིང་ལོང་བར་གྱུར། ལམ་གསུམ་དུ་འགྲོ་བར་གྱུར་པ་ལྟ་ཅི་རུང་སྙམ་དུ་སེམས་ཤིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཡང་བྱང་ཆུབ་ སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་གང་གི་ཚེ་ན་མཆི། དེ་ནས་བཅོམ་ལྡན་འདས་བཞད་ནས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ 51-228a ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འོང་བའི་དུས་མ་ཡིན་ནོ། །འདི་ལྟ་སྟེ། རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ནས་བབས་ནས་བདུད་རྩི་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གནས་ཏེ། ཁ་ཅིག་ནི་ས་གཅིག་པ། ཁ་ཅིག་ནི་ས་གཉིས་ པ། ཁ་ཅིག་ནི་ས་གསུམ་པ། ཁ་ཅིག་ནི་ས་བཞི་པ། ཁ་ཅིག་ནི་ས་ལྔ་པ། ཁ་ཅིག་ནི་ས་དྲུག་པ། ཁ་ཅིག་ནི་ས་བདུན་པ། ཁ་ཅིག་ནི་ས་བརྒྱད་པ། ཁ་ཅིག་ནི་ས་དགུ་པ། ཁ་ཅིག་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་ནོ། །འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་ སེལ་བ་བདུད་རྩིའི་ཐིགས་པའི་བ་སྤུའི་ཁུང་བུ་དེ་ན་གསེར་དང་དངུལ་གྱི་རི་དྲུག་ཅུ་ཡོད་དེ། རི་རེ་རེ་ཞིང་ཡང་འཕང་དུ་དཔག་ཚད་དྲུག་ཁྲི་ཡོད་དོ། །རི་རེ་རེ་ཞིང་ཡང་རྩེ་མོ་གསེར་གྱིས་བརྒྱན་པ་དགུ་ཁྲི་ཡོད་དོ། །ངོས་ངོས་དག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དག་ གནས་སོ། །རིའི་རྒྱལ་པོ་དེ་དག་ལ་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གནས་ཏེ། དེ་དག་བ་སྤུའི་ཁུང་བུ་དེ་ན་རྟག་ཏུ་རྒྱུན་མི་འཆད་པར་སིལ་སྙན་གྱི་སྒྲ་གྲག་པར་འཛིན་ཏོ། །འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བདུད་རྩིའི་ཐིགས་པའི་བ་སྤུའི་ཁུང་བུ་དེ་ ན་གཞལ་མེད་ཁང་བརྒྱ་སྟོང་ཕྲག་དུ་མ་ལྷའི་ནོར་བུ་དང་མུ་ཏིག་གིས་ཡོངས་སུ་བརྒྱན་པ། ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ་རྣམ་པ་སྣ་ཚོགས་པ། མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་གིས་བརྒྱན་པ་དག་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་གཞལ་མེད་ཁང་དེར་ངལ་བསོས་ནས་ ཆོས་ཀྱི་གཏམ་བྱེད་དོ། །དེ་ནས་གཞལ་མེད་ཁང་ནས་བྱུང་ནས་བདག་བདག་གི་འཆག་སར་འགྲོ་སྟེ། འཆག་ས་རེ་རེ་ཞིང་ཡང་རྫིང་བུ་བདུན་ཅུ་བདུན་ཅུ་ཡོད་པ། ལ་ལ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་ངོ་། །ལ་ལ་ནི་མེ་ཏོག་གིས་ཡོངས་སུ་གང་སྟེ། མེ་ཏོག་ཨུད་ པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀ་དང་། དྲི་ཞིམ་པ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་ཡོངས་སུ་གང་ངོ་། །འཆག་ས་དེ་དེ་དག་ན་ཤིང་དཔག་བསམ་ཡིད་དུ་འོང་བ་སྡོང་པོ་ནི་དམར་པོ། ལོ་མ་ནི་གསེར་དང་དངུལ་ལས་བྱས་པ་ལྷའི་རྒྱན་གྱིས་བརྒྱན་ 51-228b པ། ཅོད་པན་དང་རྣ་ཆ་དང་། ཕྲེང་བའི་ཆུན་པོ་རབ་ཏུ་འཕྱང་བ། སེ་མོ་དོ་དང་། སེ་མོ་དོ་ཕྱེད་པ་རབ་ཏུ་འཕྱང་བ། དཔུང་རྒྱན་རབ་ཏུ་འཕྱང་བ། གཞན་ཡང་རྒྱན་སྣ་ཚོགས་དག་རབ་ཏུ་འཕྱང་བ་ཡོད་དོ། །འཆག་ས་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ནུབ་མོ་འཆག་ཅིང་ཐེག་པ་ཆེན་པོ་རྣམ་ པ་སྣ་ཚོགས་ཀྱི་རྗེས་སུ་དྲན་པར་བྱེད། མྱ་ངན་ལས་འདའ་བའི་སའི་རྗེས་སུ་དྲན་པར་བྱེད། འཁོར་བའི་སྡུག་བསྔལ་ཀུན་ལ་སེམས་པར་བྱེད་དོ། །བསམས་ནས་བྱམས་པ་ལ་སྒོམ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་ལྟར་བ་སྤུའི་ཁུང་བུ་དེ་ན་དེ་འདྲ་བའི་བྱང་ཆུབ་སེམས་དཔའ་ དག་ཡོད་དོ། །དེ་ལས་བབས་ནས་རྡོ་རྗེའི་སྒོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་མིའམ་ཅི་བརྒྱ་སྟོང་ཕྲག་དུ་མ་གནས་པ། མགུལ་རྒྱན་དང་། རྣ་ཆ་དང་། ཕྲེང་བ་དང་། རྒྱན་སྣ་ཚོགས་དང་། བྱུག་པ་ཤིན་ཏུ་བཟང་བ་དག་སྣང་ངོ་། །དེ་དག་རྟག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད། ཆོས་ལ་སེམས་རྩེ་གཅིག་པར་བྱེད་པ། བྱམས་པ་ལ་གནས་པར་བྱེད་པ། བཟོད་པ་སྒོམ་པར་བྱེད་པ། མྱ་ངན་ལས་འདའ་བ་སེམས་པར་བྱེད་ལ། མི་དག་གིས་སྐྱོ་བར་བྱེད་པ་སྟེ། རིགས་ཀྱི་བུ་དེ་འདྲ་བའི་མིའམ་ཅི་མངོན་པར་དགའ་བ་དག་ གནས་སོ། །བ་སྤུའི་ཁུང་བུ་དེ་ཉིད་ན་རི་བརྒྱ་ཕྲག་དུ་མ་ཡོད་དེ་ཁ་ཅིག་ནི་རྡོ་རྗེའིའོ། །ཁ་ཅིག་ནི་དངུལ་གྱིའོ། །ཁ་ཅིག་ནི་གསེར་གྱིའོ། །ཁ་ཅིག་ནི་ཤེལ་གྱིའོ། །ཁ་ཅིག་ནི་མེ་ཏོག་པད་མ་དམར་པོའིའོ། །ཁ་ཅིག་ནི་རིན་པོ་ཆེ་ཨིན་དྲ་ནཱི་ལའིའོ། །ཁ་ཅིག་རིན་པོ་ཆེ་སྣ་བདུན་གྱི་ སྟེ། རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ན་མཚན་མ་དེ་འདྲ་བ་དག་སྣང་ངོ་། །རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ན་ཤིང་དཔག་བསམ་དུ་མ་དང་། བྱི་རུའི་ཤིང་དང་། ཙན་དན་གྱི་ཤིང་དང་། སྤོས་ཀྱི་ཤིང་དུ་མ་དག་དང་། རྫིང་བུ་བརྒྱ་སྟོང་ཕྲག་དུ་མ་དག་དང་། ལྷའི་གཞལ་མེད་ཁང་ཤེལ་ དང་དངུལ་དང་ལྡན་པ། ཤིན་ཏུ་བཟང་བ་ཡིད་དུ་འོང་བ་མཛེས་པ། དེ་འདྲ་བའི་གཞལ་མེད་ཁང་དག་ཀྱང་བྱུང་སྟེ། གཞལ་མེད་ཁང་དེ་དག་ཏུ་མི་འམ་ཅི་རྣམས་ངལ་བསོའོ། །ངལ་བསོས་ནས་ཆོས་ཀྱི་གཏམ་བྱེད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཏམ་བྱེད། ཚུལ་ 51-229a ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གཏམ་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་བྱེད་དེ། དེ་ལྟར་ཕ་རོལ་ཏུ་ཕྱིན་ པ་དྲུག་གི་གཏམ་བྱས་ནས། བདག་བདག་གི་འཆག་སར་འཆག་སྟེ། འཆག་ས་ཁ་ཅིག་ནི་གསེར་གྱི་རིའོ། །འཆག་ས་ཁ་ཅིག་ནི་དངུལ་གྱི་རིའོ། །འཆག་ས་དེ་དག་གི་ཁོ་ར་ཁོར་ཡུག་ན་དཔག་བསམ་གྱི་ཤིང་སྡོང་པོ་ནི་དམར་པོ། ལོ་མ་ནི་གསེར་དང་དངུལ་ལས་བྱས་པ། ལྷའི་ རྒྱན་རབ་ཏུ་འཕྱང་བ། ཅོད་པན་དང་། རྣ་ཆ་དང་། ཕྲེང་བའི་ཆུན་པོ་རབ་ཏུ་འཕྱང་བ། དཔུང་རྒྱན་རབ་ཏུ་འཕྱང་བ། རྐང་པའི་གདུ་བུ་རབ་ཏུ་འཕྱང་བ། སེ་མོ་དོ་དང་སེ་མོ་དོ་ཕྱེད་པ་རབ་ཏུ་འཕྱང་བ། རིན་པོ་ཆེའི་སེ་མོ་དོ་རབ་ཏུ་འཕྱང་བ་དག་ཡོད་དེ་འཆག་ས་དེ་ན་ཤིང་དཔག་བསམ་དེ་ དག་ཁང་པ་བརྩེག་མ་ལྟ་བུར་འདུག་སྟེ། འཆག་ས་དེ་ན་མིའམ་ཅི་དག་འཆག་གོ། །འཆག་པའི་ཚེ་འཁོར་བ་ལ་སྐྱོ་བ་ལ་རྗེས་སུ་སེམས་ཏེ། ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་སྡུག་བསྔལ་ལོ། །འཆི་བ་སྡུག་བསྔལ་ལོ། །ཀྱེ་མའོ་སྡུག་བསྔལ་ལོ། །དབུལ་བ་དེ་ཡང་སྡུག་ བསྔལ་ལོ། །ཀྱེ་མའོ་སྡུག་བསྔལ་ལོ། །འདོད་ཅིང་མཛའ་བ་དང་བྲལ་བ་དང་། མི་འདོད་ཅིང་མི་མཛའ་བ་དང་ཕྲད་པ་དེ་ཤིན་ཏུ་མི་བཟད་པར་སྡུག་བསྔལ་ལོ། །ཐིག་ནག་པོ་གདབ་པར་སྐྱེས་པ་དང་། འོ་དོད་འབོད་པར་སྐྱེས་པ་དང་། ཧ་ཧ་ཞེས་ཟེར་བའི་སེམས་ཅན་དམྱལ་བ་ ཆེན་པོར་སྐྱེས་པ་དང་། མེའི་རྫ་མར་སྐྱེས་པ་དང་། རྡོ་རྗེའི་རི་ལ་སྐྱེས་པ་དང་། ཡི་དགས་ཀྱི་གྲོང་ཁྱེར་དུ་སྐྱེས་པའི་སེམས་ཅན་དེ་དག་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་དེ་ལྟར་མིའམ་ཅི་དེ་དག་ལུས་ལ་སེམས་སོ། །བསམས་ནས་མྱ་ངན་ལས་འདའ་བའི་དབྱིངས་ལ་སེམས་ཏེ། རིགས་ཀྱི་ བུ་དེ་ལྟར་མིའམ་ཅི་ཆོས་ལ་མངོན་པར་དགའ་བ་དག་རྟག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་མིང་གི་རྗེས་སུ་དྲན་པར་བྱེད་དེ། དེའི་ཚེ་དེ་དག་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ 51-229b དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་དཀོན་པའོ། །སེམས་ཅན་རྣམས་ཀྱི་ཕ་དང་མར་གྱུར་པའོ། །སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་ལམ་སྟོན་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་ གྱུར་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་དེ་ལྟ་བུའོ། །དེའི་མིང་འཛིན་པ་ཡང་དཀོན་ཏེ། དེ་དག་དེའི་ཡི་གེ་དྲུག་པའི་རིག་སྔགས་ཀྱི་མིང་གི་རྗེས་སུ་དྲན་ན་དེའི་ཚེ་བ་སྤུའི་ཁུང་བུ་དེ་དག་ཏུ་སྐྱེའོ། །སླར་འཁོར་བར་མི་ འཁོར་རོ། །བ་སྤུའི་ཁུང་བུ་ནས་བ་སྤུའི་ཁུང་བུར་འགྲོའོ། །བ་སྤུའི་ཁུང་བུ་དེ་དག་ན་ཡང་མྱ་ངན་ལས་འདའ་བའི་ས་ཚོལ་བའི་བར་དུ་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡི་ གེ་དྲུག་པའི་རིག་སྔགས་ག་ལས་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ནི་དེ་བཞིན་གཤེགས་པས་ཡང་མི་མཁྱེན་ན་བྱང་ཆུབ་སེམས་དཔས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གིས་ཀྱང་མི་མཁྱེན་ཏམ། བཀའ་སྩལ་པ། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྤྱན་རས་གཟིགས་ཀྱི་སྙིང་པོ་དམ་པའོ། །གང་དག་སྙིང་པོ་དམ་པ་ཤེས་པ་དེ་དག་ནི་ཐར་པ་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་འགའ་ལ་ཡང་ཡི་གེ་དྲུག་པའི་རིག་སྔགས་ འཚལ་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ནི་སུས་ཀྱང་མི་ཤེས་ཏེ། འདི་ནི་རྣལ་འབྱོར་དཔག་ཏུ་མེད་པའི་ཕྱིར་བསྒྲུབ་དཀའ་བའོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་མི་མཁྱེན་ན་བྱང་ཆུབ་ 51-230a སེམས་དཔར་གྱུར་པས་ལྟ་ཅི་སྨོས། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་འདིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བསྐལ་པ་བཅུ་དྲུག་ཏུ་ཀུན་དུ་གཤེགས་ན་བྱང་ཆུབ་སེམས་དཔར་གྱུར་པས་ལྟ་ཅི་སྨོས་ཏེ་ག་ལ་ཞིག་ཤེས། འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་སྙིང་པོ་དམ་པའོ། །འགྲོ་བའི་དཀྱིལ་འཁོར་ན་ཡོངས་སུ་འཁྱམ་ཡང་སུས་ཀྱང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་སུས་ཀྱང་མི་ཤེས་སོ། །གང་ཡང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་རྟག་ཏུ་འཛིན་ཅིང་ཟློས་ པ་ལ་བརྩོན་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་ཟློས་པར་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྲག་དགུ་བཅུ་རྩ་དགུ་འདུ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་དང་མཉམ་པ་དག་འདུ་བར་འགྱུར་རོ། །ཕ་ རོལ་ཏུ་ཕྱིན་པ་དྲུག་སྒོ་ན་གནས་པར་འགྱུར་རོ། །གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་བུ་དག་འདུ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་ཀྱང་ཕྱོགས་བཞི་སྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་རྒྱ་མཚོ་མཆིང་རྣམ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ འཇོག་པོ་ལ་སོགས་ཏེ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་སྲུང་བར་བྱེད་དོ། །གཞན་ཡང་ས་བླའི་གནོད་སྦྱིན་དག་ནི་བླ་གབ་མེད་པར་སྲུང་བར་བྱེད་དོ། །རིགས་ཀྱི་བུ་དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་བྱེ་བ་དག་བཞུགས་སོ། །བཞུགས་ནས་ རིགས་ཀྱི་བུ་ཁྱོད་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པར་བྱ་བ་ཐོབ་པར་གྱུར་ཅིང་ཁྱོད་ཀྱིས་རུས་ཀྱི་རིགས་བདུན་བརྒྱུད་དུ་ཐོབ་པར་བྱས་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ལྟོ་ན་སྲོག་ཆགས་གནས་པ་དེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་ ཏེ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་དོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ལ་ལ་ཞིག་གི་ལུས་ལ་འཆང་ན་རིགས་ཀྱི་བུ་དེའི་ལུས་ནི་རྡོ་རྗེའི་ལུས་སུ་རིག་པར་བྱའོ། །རིང་བསྲེལ་གྱི་མཆོད་རྟེན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་བྱེ་བར་རིག་པར་བྱའོ། ། 51-230b རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ཟློས་པར་བྱེད་ན་དེ་ནི་སྤོབས་པ་མི་ཟད་པར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ཉི་མ་རེ་རེ་ཞིང་ཡང་ཕ་ རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་རིག་འཛིན་གྱི་འཁོར་ལོས་སྒྱུར་བའི་དབང་ཐོབ་པར་འགྱུར་རོ། །ལ་ལ་ཞིག་ལ་དབུགས་ཕྱིར་འབྱུང་བ་དང་ནང་དུ་རྔུབ་པར་བྱེད་ན་བྱམས་པས་ཀྱང་རུང་ཞེ་སྡང་བས་ཀྱང་རུང་སྟེ། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ལ་ལ་ཞིག་ལག་གིས་རེག་པས་ཀྱང་རེག་པར་བྱེད་ན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་འགྱུར་རོ། །བུད་ མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་གིས་མཐོང་བ་ཙམ་དང་། རི་དགས་དང་། བྱ་དང་། བ་ལང་དང་། བོང་བུ་ལ་སོགས་པས་ཀྱང་མཐོང་ན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་འགྱུར་རོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མཛའ་བ་དང་བྲལ་བའི་སྡུག་བསྔལ་མེད་པར་འགྱུར་རོ། །རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །དེ་ལྟར་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ཟློས་པར་བྱེད་ན་སྐུལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་དང་བསམ་གཏན་དཔག་ཏུ་མ་མཆིས་པ་ཟིལ་གྱིས་གནོན་པར་བགྱིད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱ་ངན་ལས་འདའ་བ་སྟོན་པར་ བགྱིད་པ་ཐར་བར་འཇུག་པར་བགྱིད་པ། ཆོས་ཀྱི་མཛོད་ཡོངས་སུ་གང་བར་བགྱིད་པ། འཁོར་བ་རྩ་བ་ནས་འབྱིན་པར་བགྱིད་པ། འགྲོ་བ་ལྔ་སྐེམས་པར་བགྱིད་པ་སེམས་ཅན་དམྱལ་བ་དང་ཉོན་མོངས་པ་རྣམས་འཇོམས་པར་བགྱིད་པ་དང་། བྱོལ་སོང་གི་སྐྱེ་གནས་སུ་ 51-231a གཏོགས་པ་རྣམས་སྒྲོལ་བར་བགྱིད་པ། ཆོས་ཀྱི་རོ་མྱོང་བར་བགྱིད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བཤད་པ་བས་མ་འཚལ་བ་བདག་གིས་ཇི་ལྟར་ཐོབ་པར་བགྱི། བཅོམ་ལྡན་འདས་གང་བདག་ལ་ཡི་གེ་དྲུག་པའི་རིག་སྔགས་སྩོལ་བ་དེ་ལ་འཛམ་བུའི་ གླིང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དབུལ་བར་འཚལ་ལོ། །བཅོམ་ལྡན་འདས་གལ་ཏེ་བྲིར་གྲོ་ག་དང་སྨྱུག་གུ་མ་མཆིས་ན། བདག་གི་ཁྲག་ལས་སྣག་ཚར་བགྱིས། པགས་པ་བཤུས་ཏེ་གྲོ་གར་བགྱིས། རུས་པ་བཅོམ་སྟེ་སྨྱུག་གུར་བགྱིས་ཀྱང་། བཅོམ་ལྡན་འདས་བདག་གི་ལུས་ལ་སྐྱོ་བ་མ་མཆིས་ཏེ་དེ་ནི་ཕ་མ་དང་། བླ་མའི་ཡང་བླ་མར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་འདིའི་ཕྱིར་འཇིག་ རྟེན་གྱི་ཁམས་རྡུལ་ཕྲ་རབ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་སུ་སོང་བར་ང་དྲན་ཏེ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་བསྙེན་བཀུར་བྱས་པས་ཀྱང་ངས་དེ་བཞིན་གཤེགས་པ་དེ་དག་ལས་མ་ཐོབ་མ་ཐོས་ནས། དེའི་ཚེ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དམར་པོའི་མཆོག་ཅེས་བྱ་བ་དེའི་སྤྱན་སྔར་ངས་ མཆི་མ་ཕྱུང་བ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིགས་ཀྱི་བུ་དེ་ལྟར་སྙིང་རྗེ་རྗེ་ལྟར་མཆི་མ་མ་འབྱིན་པར་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་ཞེས་བྱ་བ་ བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་མཁྱེན་གྱིས་སོང་ཞིག་ཅེས་བཀའ་སྩལ་ནས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་པད་མ་དམ་པའི་དྲུང་དུ་སོང་ངོ་། །དེ་བཞིན་གཤེགས་པ་པད་མ་དམ་པའི་སངས་རྒྱས་ཀྱི་ཞིང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ 51-231b ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྤྱན་སྔར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་དེའི་མིང་གི་རྗེས་སུ་དྲན་པ་ཙམ་གྱིས་སྡིག་པ་ཐམས་ཅད་འབྱང་བར་འགྱུར་བ། བྱང་ཆུབ་སེམས་དཔའ་རྙེད་པར་དཀའ་བ་ཐོབ་པར་འགྱུར་བ་ཐོབ་པར་འཚལ་ལོ། ། དེའི་སླད་དུ་བདག་འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཅན་དུ་མར་ཕྱིན་ཏེ་འདིར་མཆིས་ཀྱང་དོན་མ་མཆིས་པའི་ཚེགས་སུ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་པད་མའི་མཆོག་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདིའི་ཡོན་ཏན་བསྔགས་པ་གསུང་བ་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ ན་ངས་རྡུལ་ཕྲ་རབ་ཀྱི་ཚད་ནི་གཟུང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་མི་ནུས་སོ། །རིགས་ཀྱི་བུ་རྒྱ་མཚོ་མཆིང་རྣམ་གྱི་བྱེ་མ་ནི་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་ མོ་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་ཁྱིམ་དཔག་ཚད་བརྒྱ་ཐམ་པར་བྱས་ཏེ། འཕང་དུ་དཔག་ཚད་ལྔ་བརྒྱར་བྱས་ལ། དེ་ཏིལ་གྱི་འབྲས་བུས་ཡོངས་སུ་གང་བར་བྱེད་དེ་དེ་ན་ཁབ་ཙམ་གྱི་བུ་ག་ཡང་མེད་ ལ། དེའི་སྒོར་སྐྱེས་བུ་མི་རྒ་མི་འཆི་བ་ཞིག་བཞག་སྟེ། དེས་བསྐལ་པ་བརྒྱ་འདས་ཤིང་ཏིལ་གྱི་འབྲས་བུ་གཅིག་ཕྱིར་འདོར་ཏེ། རྣམ་གྲངས་དེས་ཁྱིམ་གྱི་རྨང་དང་གཞི་ཡན་ཆད་ཟད་ཅིང་མེད་པར་འགྱུར་གྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་ཟློས་པའི་ བསོད་ནམས་ཀྱི་ཕུང་པོ་ནི་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གླིང་བཞིར་མི་རྣམས་ཀྱི་ལས་ནས་དང་། གྲོ་དང་འབྲས་དང་། རྒྱ་སྲན་དང་བལ་སྲན་ལ་སོགས་པ་དང་། རྒྱ་ཤུག་དང་། སྲན་ཆུང་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བྱས་ཏེ། ཀླུའི་རྒྱལ་པོས་ཀྱང་དེར་དུས་ དུས་སུ་ཆར་པའི་རྒྱུན་ཕབ་ནས་འབྲུ་དེ་དག་གྲུབ་པ་དང་སྨིན་ཅིང་སྨིན་ཅིང་བརྔས་ནས་འཛམ་བུའི་གླིང་དུ་གཡུལ་གཅིག་བྱས་ལ། ཤིང་རྟ་དང་ཁུར་དང་བམ་པོ་དང་སྐོན་པས་བསྐྱས་ཏེ་གཡུལ་དེའི་ནང་དུ་བཅུག་ནས་བ་ལང་དང་བོང་བུ་དག་གིས་བཅགས་ཏེ་ཕུང་པོ་ཆེན་པོར་བྱས་ཀྱང་། རིགས་ 51-232a ཀྱི་བུ་ངས་འབྲུ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཆུ་བོ་ཆེན་པོ་འཛམ་བུའི་གླིང་དུ་ཉིན་མཚན་དུ་འབབ་པ་འདི་ལྟ་སྟེ། སི་ ཏ་དང་གང་གཱ་དང་། ཡ་མུ་ན་དང་། སིན་དྷུ་དང་། པ་ཀྵུ་དང་། ཤ་ཏ་དྲུ་དང་ཙན་དྲ་བྷ་ག་དང་། ཨཻ་ར་བ་ཏི་དང་། སུ་མ་ག་ད་དང་། ཧི་མ་ཀ་ལ་དང་། ཀོ་ད་པ་རི་རྣམས་ཆུ་བོ་རེ་རེ་ཞིང་འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་པ་ཉིན་མཚན་དུ་རྒྱ་མཚོ་མཆིང་རྣམ་དུ་འབབ་བོ། །རིགས་ཀྱི་བུ་ཡི་གེ་དྲུག་ པའི་རིག་སྔགས་ཆེན་མོ་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་བཞིན་དུ་འཕེལ་ལོ། །དེ་བས་ན་ཆུ་བོ་ཆེན་པོ་དེ་དག་ནི་ངས་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་བར་ མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྐང་པ་བཞི་པའི་རིགས་བ་ལང་དང་། བོང་བུ་དང་། མ་ཧེ་དང་། རྟ་དང་། བལ་གླང་དང་། ཁྱི་དང་། ཝ་དང་། ར་དང་། ཕྱུགས་དེ་དག་དང་། དེ་བཞིན་དུ་སེང་གེ་དང་། སྟག་དང་། ཏ་རཀྵ་དང་། རི་དགས་དང་། སྤྲེའུ་དང་། རི་བོང་ དང་ཕག་ལ་སོགས་པ་དང་། བྱི་བ་དང་། བྱི་ལ་ལ་སོགས་པ་དེ་དག་གི་སྤུ་ནི་ངས་རེ་རེ་ནས་བགྲང་ནུས་ཀྱི། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེའི་ལྕགས་ཀྱུ་ཞེས་བྱ་བའི་ རིའི་རྒྱལ་པོ་འཕང་དུ་དཔག་ཚད་དགུ་ཁྲི་དགུ་སྟོང་། འོག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དེ། རིའི་རྒྱལ་པོ་རྡོ་རྗེའི་ལྕགས་ཀྱུ་དེའི་ངོས་རེ་རེ་ཞིང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རིའི་རྒྱལ་པོ་དེའི་ངོས་ལ་སྐྱེས་བུ་མི་རྒ་མི་འཆི་བ་ཞིག་ཡོད་ནས་དེས་བསྐལ་པ་གཅིག་འདས་ ཤིང་ཡུལ་ཀ་ཤི་ཀ་ནས་བྱུང་བའི་གོས་ཀྱིས་ལན་ཅིག་ཕྱིས་ཏེ། དེ་ལྟར་བྱས་ཀྱང་དེ་ཟད་ཅིང་དེངས་པར་འགྱུར་གྱི། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་ཟློས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་མཆིང་རྣམ་ཆེན་ 51-232b པོ་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཞེང་དུ་རྟ་རྒོད་མའི་གདོང་གི་མཐའི་བར་དུ་དཔག་ཏུ་མེད་པ་ངས་སྐྲའི་རྩེ་མོའི་བརྒྱའི་ཆས་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངས་བགྲང་མི་ནུས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཤིང་ཤིར་ཥའི་ཚལ་གྱི་ལོ་མ་ནི་རེ་རེ་ནས་ངས་བགྲང་ནུས་ཀྱི་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་བསོད་ནམས་ཀྱི་ཕུང་པོ་ངས་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གླིང་ཆེན་པོ་བཞི་ན་གནས་པའི་སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་བུ་མོ་ དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པར་གྱུར་ན། གང་བྱང་ཆུབ་སེམས་དཔའ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ཤིན་ཏུ་ཆེའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཟླ་བ་བཅུ་གཉིས་པའི་ལོའམ། ཟླ་བ་ལྷག་པ་དང་བགྲངས་པས་ཟླ་བ་བཅུ་གསུམ་གྱིས་ལོ་ཚང་བར་གྱུར་པར་ཉིན་མཚན་དུ་ཆར་པ་བབ་ན་རིགས་ཀྱི་བུ་ངས་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་ཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ ནི་ངས་བགྲང་མི་ནུས་སོ། །འདི་ལྟ་སྟེ་རིགས་ཀྱི་བུ་མང་དུ་བརྗོད་མི་དགོས་ཀྱི་ང་དང་འདྲ་བའི་དེ་བཞིན་གཤེགས་པ་བྱེ་བ་གནས་གཅིག་ཏུ་ལྷའི་བསྐལ་པར་ན་བཟའ་དང་། བཤོས་དང་མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་ཀྱིས་གནས་པར་བྱས་ཏེ། བསྙེན་བཀུར་ ཐམས་ཅད་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་བསོད་ནམས་ཀྱི་ཕུང་པོ་བགྲང་མི་ནུས་ན། ང་གཅིག་པུ་འཇིག་རྟེན་གྱི་ཁམས་འདི་ན་གནས་པས་ལྟ་ཅི་སྨོས། བསམ་གཏན་གྱི་གནས་སུ་ལྡང་བ་ནི་བསམ་གྱིས་མི་ཁྱབ་སྟེ། རིགས་ཀྱི་བུ་ང་ནི་སྒོམ་པའི་བརྩོན་པ་ལ་བརྩོན་པར་གྱུར་པ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཆོས་དེ་ཡང་(བྲ,ཕྲ་)་བ། མི་གསལ་བའི་ཆོས་མ་འོངས་པ། ཤིན་ཏུ་སྙིང་པོར་གྱུར་པའི་ཆོས་ཏེ་དེ་དགེ་བ་ལ་གནས་པ་དེ་བཞིན་དུ་རིགས་ཀྱི་བུ་ 51-233a ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ཡང་ཐབས་མཁས་པའོ། །རིགས་ཀྱི་བུ་ངས་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་འཁྱམ་ཞིང་སོང་ནས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ བྱུང་བ་དེའི་ཚེ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་པས་ད་ལྟར་དང་མ་འོངས་པ་མཁྱེན་ཏེ། དེས་ཀྱང་རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རིག་པའི་རྒྱལ་མོ་བསྒོམ་པའི་བརྩོན་འགྲུས་བྱ་བར་འདོད་དམ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་བདག་འཚལ་ལོ། ། བདེ་བར་གཤེགས་པ་བདག་འཚལ་ཏེ། ཇི་ལྟར་སྐོམ་གྱིས་གདུངས་ནས་ཆབ་ཚོལ་བ་དེ་བཞིན་དུ་བཅོམ་ལྡན་འདས་བདག་ཀྱང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ཚོལ་དུ་འཇིག་རྟེན་གྱི་ཁམས་སུ་མཆིས་ཏེ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་ལ་བསྙེན་བཀུར་ བགྱིས་ཀྱང་གང་ལས་ཀྱང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་མ་ཐོབ་ཀྱིས། བཅོམ་ལྡན་འདས་ཁྱོད་ནི་མགོན་ནོ། །ཁྱོད་ནི་སྐྱབས་སོ། །རྟེན་ནོ། །དབང་པོ་ཉམས་པའི་ནི་མིག་ཏུ་གྱུར་ཅིག །ལམ་སྟོར་བའི་ནི་ལམ་དུ་གྱུར་ཅིག །ཉི་མ་ཚ་བས་ཚིག་པ་རྣམས་ཀྱི་ནི་གདུགས་ སུ་གྱུར་ཅིག །ཤུལ་གྱི་བཞི་མདོ་ཆེན་པོར་ནི་ཤིང་སཱ་ལ་ཆེན་པོ་བཞིན་དུ་གྱུར་ཅིག །ཆོས་ཀྱིས་ཡོངས་སུ་སྐོམ་པ་ལ་ནི་མཐའ་ཡས་པ་སྟོན་པར་གྱུར་ཅིག །སེམས་ཤིན་ཏུ་བརྟན་པའི་ནི་གོ་ཆར་གྱུར་ཅིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་བྱ་ཀ་ལ་པིང་ཀའི་དབྱངས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལྟོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་ཡི་ གེ་དྲུག་པའི་རིག་སྔགས་ཆེན་མོའི་ཕྱིར་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མར་གཤེགས་ཀྱིས་རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་གསོལ་ཅིག །དེ་བཞིན་གཤེགས་པར་གྱུར་བཞིན་དུ་ཀུན་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་ 51-233b སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་བརྒྱད་ཀྱིས་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས་ཇི་ལྟར་ན་མེ་ཏོག་པད་མ་ལྟ་བུའི་ཕྱག་རྒྱ་འཛིན། ཇི་ལྟར་ན་ནོར་བུ་འཛིན་པའི་ཕྱག་རྒྱ་རྟོགས་པར་འགྱུར། ཇི་ལྟར་ན་རྒྱལ་པོའི་དབང་ པོ་ཐམས་ཅད་ཀྱི་ཕྱག་རྒྱ་རྟོགས་པར་འགྱུར། ཇི་ལྟར་ན་དཀྱིལ་འཁོར་ཡོངས་སུ་དག་པ་རྟོགས་པར་འགྱུར་ཞེ་ན། དཀྱིལ་འཁོར་གྱི་མཚན་མ་ནི་འདི་ལགས་ཏེ། གྲུ་བཞི་ལ་ཁྲུ་ལྔ་ཁོར་ཡུག་ཙམ་དུ་བགྱིས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ནི་སྣང་བ་མཐའ་ཡས་བྲིའོ། །དེ་ བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྐུ་ལ་ནོར་བུ་རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཕྱེ་མ་དང་། མར་གད་ཀྱི་ཕྱེ་མ་དང་། པད་མ་རཱ་གའི་ཕྱེ་མ་དང་། ཤེལ་གྱི་ཕྱེ་མ་དང་། གསེར་དང་དངུལ་གྱི་ཕྱེ་མ་གཏོར་བར་བགྱིའོ། །གཡས་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ནོར་བུ་ རིན་པོ་ཆེ་འཛིན་པར་བགྱིའོ། །གཡོན་ཕྱོགས་སུ་ནི་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་བགྱི་སྟེ། ཕྱག་བཞི་པ་ཁ་དོག་འདམ་བུའི་མདའ་རྒྱུ་བཞིན་དུ་དཀར་བ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཕྱག་གཡོན་པར་པད་མ་བགྱིའོ། །པད་མའི་སྟེང་དུ་ནོར་བུ་བགྱིའོ། ། ཕྱག་གཡས་པར་སྔགས་ཀྱི་ནོར་བུ་བགྱིའོ། །ཕྱག་གཉིས་ཐལ་མོ་སྦྱར་བ་རྒྱལ་པོའི་དབང་པོ་ཐམས་ཅད་ཅེས་བྱ་བའི་ཕྱག་རྒྱ་བགྱིའོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་དེའི་ཞབས་ཀྱི་འོག་ཏུ་རིག་འཛིན་བགྱི་སྟེ། ལག་པ་གཡས་པ་ན་པོག་ཕོར་ཐོགས་ཤིང་བདུག་ པར་བགྱིའོ། །ལག་པ་གཡོན་པ་ན་རྒྱན་རྣམ་པ་སྣ་ཚོགས་ཀྱིས་གང་བའི་སྐོན་བུ་ཐོགས་པར་བགྱིའོ། །དཀྱིལ་འཁོར་དེའི་གྲྭ་བཞིར་རྒྱལ་པོ་ཆེན་པོ་བཞི་སྟེ། ལག་ཆ་སྣ་ཚོགས་ཐོགས་པར་བགྱིའོ། །དཀྱིལ་འཁོར་དེའི་གྲྭ་བཞིར་བུམ་པ་གང་བ་ནོར་བུ་རིན་པོ་ཆེ་སྣ་ཚོགས་སྩལ་བ་ གཞག་གོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དཀྱིལ་འཁོར་དུ་འཇུག་པར་འཚལ་ན་དེས་རུས་ཆགས་ཀྱི་རྒྱུད་ཐམས་ཅད་ཀྱི་མིང་བྲིས་ལ་ཐོག་མ་ཁོ་ནར་དཀྱིལ་འཁོར་དེར་མིང་དེ་དག་སྩལ་བར་བགྱི་སྟེ། དེ་དག་ཐམས་ཅད་མིའི་སྡུག་བསྔལ་ཐམས་ཅད་སྤངས་ཤིང་ 51-234a སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལ་སློབ་དཔོན་གྱིས་གནས་མ་ལགས་པ་ལ་སྩལ་བར་མི་བགྱི་སྟེ། ཡང་ན་ནི་དད་པས་མོས་ པ་ལ་སྩལ་བར་བགྱིའོ། །ཡང་ན་ནི་ཐེག་པ་ཆེན་པོ་ལ་དད་པས་མོས་པ་དག་ལ་སྩལ་བར་བགྱིའོ། །མུ་སྟེགས་ཅན་ལ་སྩལ་བར་མི་བགྱིའོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གལ་ཏེ་ནོར་བུ་རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཕྱེ་མ་དང་། མ་ར་ཀ་ཏ་དང་། གསེར་དང་དངུལ་གྱི་ཕྱེ་མ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དབུལ་པོ་ལ་མེད་དོ། །བཅོམ་ ལྡན་འདས་ཕྱེ་མ་དེ་དག་ཚོན་སྣ་ཚོགས་ལས་སྦྱར་ཞིང་། མེ་ཏོག་སྣ་ཚོགས་དང་། བདུག་པ་སྣ་ཚོགས་སུ་བགྱིའོ། །རིགས་ཀྱི་བུ་གལ་ཏེ་ཡུལ་གཞན་དུ་སོང་ངམ། གནས་དང་ཐབས་ལས་བབས་པ་དག་ལ་མེད་དོ། །དེའི་ཚེ་སློབ་དཔོན་གྱིས་ཡིད་ལ་དཀྱིལ་འཁོར་བགྱི་སྟེ། སློབ་དཔོན་གྱིས་ཕྱག་རྒྱའི་མཚན་མ་བསྟན་པར་བགྱིའོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་ང་ལ་བྱིན་ཅིག །ངས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་དག་དེས་འཁོར་བ་ལས་ཡོངས་སུ་ཐར་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །(ད,དེ་)ནས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ཡི་གེ་དྲུག་པའི་རིག་སྔགས་འདི་བྱིན་ནོ། །ཨོཾ་མ་ཎི་པད་མེ་ཧཱུཾ།། །། བམ་པོ་བཞི་པ་སྟེ་ཐ་མ། 51-234b གང་གི་ཚེ་ན་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་བྱིན་པ་དེའི་ཚེ་གླིང་བཞི་དང་ལྷའི་གནས་དང་བཅས་ཏེ། ཤིང་ཆུ་སྐྱེས་ཀྱི་འདབ་མ་བཞིན་དུ་འགུལ་ལོ། །རྒྱ་མཚོ་མཆིང་རྣམ་བཞི་ཡང་འཁྲུགས་སོ། །བགེགས་དང་བར་ཆད་བྱེད་པ་ཐམས་ཅད་ཀྱང་སྐྲག་གོ། །གནོད་སྦྱིན་དང་། སྲིན་པོ་དང་། ནག་པོ་ཆེན་པོ་བུད་མེད་མང་པོ་དང་བཅས་པ་ཡང་བྲོས་སོ། །དེ་ནས་དེ་བཞིན་གཤེགས་པ་པད་མའི་མཆོག་གིས་བལ་གླང་གི་སྣ་དང་འདྲ་བའི་དཔུང་པ་ཕྱུང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་མུ་ཏིག་གི་སེ་མོ་དོ་རིན་བརྒྱ་ སྟོང་རི་བ་ཕུལ་ལོ། །དེས་ཀྱང་བླངས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕུལ་ལོ། །དེས་ཀྱང་བླངས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་ལ་ཕུལ་ ལོ། །དེ་ནས་(ད,དེ་)བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་གིས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་བླངས་ནས་འཇིག་རྟེན་གྱི་ཁམས་པད་མ་ག་ལ་བ་དེར་གཤེགས་སོ། །རིགས་ཀྱི་བུ་དེ་ལྟར་ངས་སྔོན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་མཆོག་ལས་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་རྣལ་འབྱོར་སྤྱོད་པ་བདག་གིས་ ཇི་ལྟར་ཐོབ་པར་བགྱི། བཅོམ་ལྡན་འདས་དཔེར་ན་བདུད་རྩི་ཐོབ་ན་རོ་མྱོང་བས་ཆོག་མ་འཚལ་བ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཀྱང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ཐོས་པ་ཙམ་གྱིས་ཆོག་མ་འཚལ་ཏོ། །སེམས་ཅན་གང་དག་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ འདི་འཛབ་ཏུ་བགྱིད་པ་དང་། ཉན་པ་དང་། སེམས་པ་དང་། བསམ་པ་ལྷག་པས་འཛིན་པ་དེ་དག་ནི་བསོད་ནམས་དང་ལྡན་པ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་འདྲིར་འཇུག་པ་དེས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་ 51-235a སྟོང་འདྲིར་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་ཕྲ་རབ་དང་མཉམ་པ་ལྷའི་གསེར་རིན་པོ་ཆེ་ལས་བྱེད་ཅིང་བྱས་ནས་ཉིན་གཅིག་བཞིན་དུ་རིང་བསྲེལ་འཇུག་པ་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡི་ གེ་དྲུག་པའི་རིག་སྔགས་ཆེན་མོའི་ཡི་གེ་འབྲུ་གཅིག་གི་འབྲས་བུ་རྣམ་པར་སྨིན་པ་ཙམ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཐར་པར་ཤིན་ཏུ་གནས་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་ཟློས་པར་བྱེད་པ་དེ་ནི་ཏིང་ངེ་འཛིན་འདི་དག་ ཐོབ་པར་འགྱུར་རོ། །འདི་ལྟ་སྟེ། ནོར་བུ་རིན་པོ་ཆེ་འཛིན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་དམྱལ་བ་དང་བྱོལ་སོང་སྐེམས་(ཞས,ཞེས་)བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་གོ་ཆ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྐང་པ་ཤིན་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐབས་མཁས་ པ་ཐམས་ཅད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བསམ་གཏན་གྱི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་ཤིང་རྟ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འདོད་ཆགས་དང་ ཞེ་སྡང་ལས་ཡོངས་སུ་ཐར་བར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། མཐའ་ཡས་བེའུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་འཆང་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རི་རབ་ཆེན་པོ་འཛིན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་སྲིད་པ་ལས་སྒྲོལ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ཤིན་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་ཏེ། རིགས་ཀྱི་བུ་གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་ མོ་འཛིན་པ་ནི་དེ་ལྟ་བུ་ལ་སོགས་ཏེ་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གང་དུ་མཆི་བར་བགྱི། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་གང་དུ་ 51-235b འཐོབ་པར་འགྱུར། རིགས་ཀྱི་བུ་ཡུལ་ཁོར་མོར་འཇིག་པའི་གྲོང་ཁྱེར་ཆེན་པོ་ན་གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འཛིན་པར་བྱེད། ཀློག་པར་བྱེད། ཚུལ་བཞིན་ཡིད་ལ་བྱེད་པའི་ཆོས་སྨྲ་བ་ཡོད་དོ། །བཅོམ་ལྡན་འདས་ཡུལ་ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོར་ ཆོས་སྨྲ་བ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་བདག་མཆིའོ། །ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་དེ་ལྟར་གྱིས་ཤིག །གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་འཛིན་པའི་ཆོས་སྨྲ་བ་དེ་དག་ནི་དཀོན་པའོ། །ཆོས་སྨྲ་བ་ དེ་དག་ནི་དེ་བཞིན་གཤེགས་པ་དང་མཉམ་པར་བལྟ་བར་བྱའོ། །འགྲོ་བའི་བསོད་ནམས་ཀྱི་འགྲམ་དང་འདྲ་བར་བལྟ་བར་བྱའོ། །ཕུང་པོ་བཞིན་དུ་བལྟ་བར་བྱའོ། །ཕྱིན་ཅི་མ་ལོག་པར་གསུང་བ་བཞིན་དུ་བལྟ་བར་བྱའོ། །རིན་པོ་ཆེའི་ཕུང་པོ་བཞིན་དུ་བལྟ་བར་ བྱའོ། །དམ་པ་སྦྱིན་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་བལྟ་བར་བྱའོ། །ཆོས་ཀྱི་མཛོད་བཞིན་དུ་བལྟ་བར་བྱའོ། །འགྲོ་བ་སྒྲོལ་བར་བྱེད་པ་བཞིན་དུ་བལྟ་བར་བྱའོ། །རིགས་ཀྱི་བུ་ཆོས་སྨྲ་བ་དེའི་བྱེད་པ་མཐོང་ནས་ཐེ་ཙོམ་མི་སྐྱེ་བར་བྱའོ། །རིགས་ཀྱི་བུ་ཁྱོད་ བྱང་ཆུབ་སེམས་དཔའི་ས་ནས་འཕོས་ཤིང་ངན་སོང་དུ་སྐྱེས་ས་རེ། ཆོས་སྨྲ་བ་དེ་ནི་ཚུལ་ཁྲིམས་ཉམས་པ། སྤྱོད་པ་ཉམས་པ། ཆུང་མ་དང་། བུ་དང་། བུ་མོས་ཡོངས་སུ་བསྐོར་བ། ངུར་སྨྲིག་ཀྱང་བཤང་བ་དང་གཅི་བས་ཡོངས་སུ་གང་བ། སྤྱོད་ལམ་མ་བསྡམས་པ་ ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་། བུ་མོ་བརྒྱ་ཕྲག་སྟོང་དུ་མས་ཡོངས་སུ་བསྐོར་ཏེ་སོང་ནས་ཆོས་སྨྲ་བ་དེ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷའི་གདུགས་དང་། ལྷའི་ལྷམ་དང་། ཅོད་པན་དང་། རྣ་ཆ་དང་། ཕྲེང་བའི་ཆུན་པོ་དང་། དཔུང་ 51-236a རྒྱན་དང་། སེ་མོ་དོ་དང་། སེ་མོ་དོ་ཕྱེད་པ་ཕྲག་པ་ནས་འཕྱང་བ་དང་། སྙན་གྱི་གོང་རྒྱན་དང་། སོར་གདུབ་ཀྱི་རྣམ་པ་དང་། གཞན་ཡང་གོས་རྣམ་པ་སྣ་ཚོགས་པ་རྒྱའི་ཡུལ་ནས་བྱུང་བ་དང་། རིག་འཛིན་གྱིས་བསྐུལ་བ་དང་། ཡུལ་ཀ་ཤི་ཀ་ནས་བྱུང་བའི་ གོས་དང་། མས་བགྲུ་བའི་གོས་དང་། གཞན་ཡང་མེ་ཏོག་སྣ་ཚོགས་པ་འདི་ལྟ་སྟེ། མེ་ཏོག་ཨུད་པལ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མན་ཛུ་ཥ་ཀ་དང་། མན་ཛུ་ཥ་ཀ་ཆེན་པོ་དང་། ཨུ་དུམ་བ་ར་དང་། གཞན་ ཡང་ཤིང་གི་མེ་ཏོག་རྣམ་པ་སྣ་ཚོགས་པ་ཙམ་པ་ཀ་དང་། ཀ་ར་བཱི་ར་དང་། བད་ཏ་ལ་དང་། ཨ་ཏི་མུཀྟ་དང་། བཱ་ར་ཤི་ཀཱ་དང་། ཀུན་ད་དྷྱ་ཥི་ཏ་དང་། སུ་མ་ན་དང་། བི་མཱ་ན་ཀ་ལ་སོགས་པ་དང་། འདབ་མ་བརྒྱ་པ་ངུར་པས་མཛེས་པར་བྱས་པ། བྱ་ཤ་རི་ཀ་དག་མོས་པར་བྱས་ པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤེལ་གྱི་ཁ་དོག་དང་། གཞན་ཡང་འབྲས་བུ་དང་། མེ་ཏོག་གི་རྣམ་པ་སྣ་ཚོགས་དག་ཁྱེར་ནས་ཡུལ་ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ། མཐར་གྱིས་ཁོར་མོར་འཇིག་གི་གྲོང་ ཁྱེར་ཆེན་པོར་ཕྱིན་པ་དང་། ཆོས་སྨྲ་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། དེས་དེ་ཚུལ་ཁྲིམས་ཉམས་པ། སྤྱོད་པ་ཉམས་པ། སྤྱོད་ལམ་མ་བསྡམས་པ་མཐོང་ནས་གདུགས་དང་། ལྷམ་དེ་དག་དང་། གོས་དང་། རྒྱན་དང་། དྲི་དང་། བྱུག་པ་དག་གིས་མཆོད་པ་ཆེན་པོ་བྱས་ནས་ཆོས་སྨྲ་བ་དེའི་མདུན་དུ་ཐལ་མོ་སྦྱར་ཏེ། ཀྱེ་མའོ་ཆོས་ཀྱི་གཏེར་མྱོང་བར་མཛད་པ། བདུད་རྩིའི་གཏེར་བསགས་པ་ལྟ་བུ་རྒྱ་མཚོ་དང་མཉམ་པ་ཁྱོད་ལ་དཔག་མི་ནུས་སོ། །མིར་གྱུར་པ་ཐམས་ཅད་ཀྱི་སྣོད་དུ་གྱུར་པའོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དག་ཁྱོད་ལས་ཆོས་ཉན་ཏེ། ཁྱོད་ལ་ཆོས་ཉན་པའི་ཚེ་ཐམས་ཅད་འདུ་བར་བགྱིད་དོ། །ཁྱོད་ནི་རྡོ་རྗེ་ཆེན་པོ་དང་མཉམ་པའི་ 51-236b ཆོས་ཀྱི་རྣམ་གྲངས་འཆད་པར་མཛད་དོ། །སེམས་ཅན་འཁོར་བའི་བཅིང་བས་བཅིངས་པ་མང་པོ་དག་ཡོངས་སུ་ཐར་བར་མཛད་དོ། །སེམས་ཅན་གང་ཁོར་མོར་འཇིག་གི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་རྟག་ཏུ་ཡོངས་སུ་སྡུད་པར་མཐོང་བ་དེ་དག་ནི་བསོད་ནམས་དང་ལྡན་ པ་ལགས་སོ། །དེ་མཐོང་མ་ཐག་ཏུ་སྡིག་པ་ཐམས་ཅད་འཕྲོག་པར་མཛད་པ། དཔེར་ན་མེས་ནགས་ཀྱི་འདབ་མ་མྱུར་དུ་འཚིག་པར་བགྱིད་པ་དེ་བཞིན་དུ་ཁྱོད་མཐོང་མ་ཐག་ཏུ་སྡིག་པ་ཐམས་ཅད་འཕྲོག་པར་མཛད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མཁྱེན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། ཚངས་པ་དང་། འཇུག་སྲེད་དང་། དབང་ཕྱུག་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་ཀྱང་ཁྱོད་ལ་མཆོད་པའི་ལས་བྱ་བའི་ཕྱིར་མཆིའོ། །དེ་ནས་ཆོས་སྨྲ་བ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འགྱོད་པ་མ་སྐྱེད་ཅིག །གྲོགས་པོ་ཉོན་མོངས་པ་ནི་ཆགས་པའོ། །སྤྱད་པའོ། །འཁོར་ བའི་མཚན་མའོ། །སྐྱེ་དགུའི་འཁོར་ལོ་སྐྱེད་པར་བྱེད་པའོ། །གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ཤེས་པ་དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་གོས་ཏེ། དཔེར་ན་འཇམ་བུའི་ཆུ་བོའི་གསེར་དྲི་མས་མི་གོས་པ་དེ་བཞིན་དུ་རིགས་ཀྱི་བུ་གང་གི་ལུས་ ལ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ཐོགས་པ་དེའི་ལུས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་གོས་སོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་རྐང་པ་ལ་དམ་དུ་བཟུང་སྟེ་འདི་སྐད་ཅེས་གསོལ་ཏོ། །དབང་པོ་ཉམས་པའི་མིག་ཏུ་ གྱུར་ཅིག །ལམ་སྟོར་བ་ལ་ལམ་སྟོན་པར་མཛོད་ཅིག །བདག་ཆོས་ཀྱིས་སྐོམ་པ་ལ་ཆོས་ཀྱི་རོས་ངོམས་པར་མཛོད་ཅིག །བདག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་སྩོལ་ཅིག །ཆོས་ཀྱི་སྐབས་དང་། ཤིན་ཏུ་གནས་པའི་ཚུལ་གྱི་གནས་ 51-237a ཡོངས་སུ་དག་པ་སྩོལ་ཅིག །མི་ཕྱེད་པའི་དགེ་བ་ཐོབ་པའི་ཞེས་འགྲོ་བ་ཐམས་ཅད་མཆིའོ། །ཚིག་སྙན་པ་བླ་མས་བདག་ལ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་སྩོལ་ཅིག །དེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་ མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་བར་བགྱིའོ། །སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བགྱིའོ། །སྔོན་མ་ཐོས་པའི་ཆོས་ཐོས་པར་བགྱིའོ། །ཡི་གེ་དྲུག་པའི་རིག་ སྔགས་ཆེན་མོའི་རྒྱལ་མོ་འཐོབ་པ་ཐོབ་པར་བགྱིའོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་བདག་ལ་སྩོལ་ཅིག །མགོན་དང་། སྐྱབས་དང་། རྟེན་དུ་གྱུར་ཅིག །གནས་མ་མཆིས་པ་རྣམས་ཀྱི་གནས་སུ་གྱུར་ཅིག །དེ་ནས་ཆོས་སྨྲ་བ་དེས་དེ་ལ་འདི་ སྐད་ཅེས་སྨྲས་སོ། །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་ནི་དཀོན་པའི་ཚིག་སྟེ། འདི་ནི་རྡོ་རྗེའི་ཚིག་གོ། །འདི་ནི་རྡོ་རྗེ་མི་ཕྱེད་པའི་ཚིག་གོ། །བླ་ན་མེད་པའི་ཡེ་ཤེས་ཀྱི་ཚིག་གོ། །མི་ཟད་པའི་ཡེ་ཤེས་ཀྱི་ཚིག་གོ། །ལྟག་ན་མེད་པའི་ཚིག་གོ། །ཐར་པར་ འཇུག་པར་བྱེད་པའི་ཚིག་གོ། །དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པའི་ཚིག་གོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཁོར་བའི་སྡུག་བསྔལ་ཡོངས་སུ་སྤོང་བའི་ཚིག་གོ། །ཐབས་མཁས་པ་ཐམས་ཅད་ཀྱི་ཚིག་གོ། །བསམ་གཏན་ དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་གཞོག་པའི་ཚིག་གོ། །ཆོས་ཐམས་ཅད་ལ་འཇུག་པར་བྱེད་པའི་ཚིག་གོ། །རྟག་ཏུ་ལྷ་རྣམས་འདོད་པར་བྱེད་པའི་ཚིག་གོ། །རིགས་ཀྱི་བུ་གང་ཐར་བར་འདོད་པ་གནས་སྣ་ཚོགས་སུ་རབ་ཏུ་བྱུང་བ། བགོ་བ་སྣ་ཚོགས་ སུ་རབ་ཏུ་འབྱུང་བ་འདི་ལྟ་སྟེ། དབང་པོའི་བགོ་བ་དང་། དཀར་པོའི་བགོ་བ་དང་། བསྟེན་པའི་བགོ་བ་སྟེ། ཉི་མ་བརྟགས་ནས་དབང་ཕྱུག་ཆེན་པོ་ལ་རབ་ཏུ་འབྱུང་ངོ་། །འཇུག་སྲེད་དང་། ནམ་མཁའ་ལྡིང་དང་། གཅེར་བུ་པ་དང་། རི་མི་དང་། གནས་དེ་དག་ཏུ་རབ་ཏུ་འབྱུང་སྟེ་ 51-237b དེ་དག་ལ་ཡང་ཐར་པ་མེད་དོ། །མགོན་ཡང་མ་ཡིན། །བརྟུལ་ཞུགས་ཅན་ཡང་མ་ཡིན་ནོ། །ལྷ་མང་པོ་དང་། ཚངས་པ་དང་། འཇུག་སྲེད་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། ཉི་མ་དང་། ཟླ་བ་དང་། རླུང་གི་ལྷ་དང་། ཆུའི་ལྷ་དང་། མེའི་ ལྷ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་རྟག་ཏུ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སློང་ངོ་། །དེ་དག་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ཇི་ལྟར་བསླང་བར་བགྱི། བཅོམ་ལྡན་འདས་ཇི་ལྟར་ན་ཡི་གེ་དྲུག་པའི་རིག་སྔགས་ ཀྱི་རྒྱལ་མོ་ཆེན་མོ་བདག་ཅག་གིས་ཐོབ་པར་འགྱུར། ཐར་པ་ལ་གཞོལ་བར་འགྱུར། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ལྟ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་གྲགས་པ་སྟེ། དེ་ཡང་ཐལ་མོ་སྦྱར་ནས་ཡི་གེ་དྲུག་པའི་ རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ལ་ཕྱག་འཚལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་མང་པོ་དང་བཅས་པ་ལྟ་ཅི་སྨོས། རིགས་ཀྱི་བུ་འདི་ནི་འབྲས་ལྟ་བུར་སྙིང་པོར་གྱུར་པ་ཡིན་ཏེ། རིགས་ཀྱི་བུ་འདི་ལ་ཆུང་ཟད་ བཟླས་པས་ཀྱང་ཐེག་པ་ཆེན་པོའི་རྣམ་པ་མང་པོ་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། འདི་ལྟ་བུ་འདས་པ་དང་སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་ དང་། ཆོས་རྨད་དུ་བྱུང་བ་དང་། གཏན་ལ་ཕབ་བ་བསྟན་པ་དང་། ཞི་བ་དང་། ཐར་པ་ཡང་ཐོབ་པར་འགྱུར་རོ། །མང་དུ་བཤད་ཅི་དགོས་ཏེ་གཞན་མ་བྱེད་ཅིག །སའི་ནང་དུ་གཏོགས་པ་ལ་སྙིང་པོར་འཛིན་པ་ཅི་ཡིན་ཞེ་ན། དེ་ལྟར་འབྲས་ནི་སྙིང་པོར་འཛིན་ཏེ། ཁྱེར་ ནས་བདག་གི་ཁྱིམ་དུ་སྣོད་རྣམས་ཡོངས་སུ་བཀང་སྟེ་འཇོག་གོ། །བཞག་ནས་ཉི་མའི་ཚུལ་བཞིན་དུ་ཉི་མ་ཚ་བ་ལ་སྐེམས་སོ། །བསྐམས་ནས་གཏུན་ལ་བརྡུངས་ཤིང་ཕུབ་མ་རྣམས་སེལ་ཏོ། །དེའི་སྙིང་པོ་ནི་འབྲས་རྨེའུ་ཡིན་ནོ་ཞེས་དེ་ལྟར་འཇོག་སྟེ། དེ་བཞིན་ 51-238a དུ་རྣལ་འབྱོར་གཞན་དག་ཕུབ་མ་དང་འདྲའོ། །རྣལ་འབྱོར་ཐམས་ཅད་ཀྱི་ནང་ན་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་ནི་འབྲས་རྨེའུར་གྱུར་པའོ། །རིགས་ཀྱི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཚོགས་འབྱིན་ཏོ། །རིགས་ཀྱི་བུ་བཟླས་པ་གཅིག་བྱས་པས་ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ལ་ལ་ཞིག་གིས་ལག་པས་རེག་པས་རེག་ན་དེ་དག་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་ཡང་དེ་ལྟ་བུ་སྟེ། དེའི་མིང་འཛིན་པ་ཡང་དཀོན་ནོ། ། མིང་ལན་ཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་དང་། ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས་པར་འགྱུར་རོ། །དེ་ནས་ཆོས་སྨྲ་བ་དེ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སལ་བས་འདི་ སྐད་ཅེས་སྨྲས་སོ། །ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བདག་ལ་སྩོལ་ཅིག །དེ་ནས་ཆོས་ཀྱི་མཁན་པོ་དེ་སེམས་ཤིང་འདུག་པ་ལས་དེ་ལ་ནམ་མཁའ་ལས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བྱིན་ཅིག་ཅེས་སྒྲ་བྱུང་ངོ་། །དེ་ནས་ཆོས་སྨྲ་བ་དེ་སྒྲ་ག་ལས་ བྱུང་ཞེས་བསམས་པ་དང་། དེ་ནས་ཡང་ནམ་མཁའ་ལས་བྱང་ཆུབ་སེམས་དཔའ་འདིས་དཀའ་བ་སྤྱོད་པ་དུ་མ་ལ་བརྩོན་པར་བྱས་ཀྱིས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བྱིན་ཅིག་ཅེས་སྒྲ་བྱུང་ངོ་། །དེ་ནས་ཆོས་སྨྲ་བ་དེས་ནམ་མཁའ་ལ་བལྟས་པ་དང་། འདམ་ བུའི་མདའ་བཞིན་དུ་ཁ་དོག་དཀར་བ། རལ་བའི་ཅོད་པན་འཆང་བ། ཐམས་ཅད་མཁྱེན་པ་མགོ་ལ་བཞག་པ། ལག་པ་ན་མེ་ཏོག་པད་མ་བཟང་པོ་ཐོགས་པ། པད་མའི་དཔལ་གྱིས་བརྒྱན་པ་དེ་འདྲ་བའི་གཟུགས་མཐོང་ནས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་ 51-238b རྣམ་པར་སེལ་བ་ལ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ཁྱོད་ལ་སྦྱིན་པར་གནང་ངོ་ཞེས་སྨྲས་པ་དང་། གུས་ཤིང་ཐལ་མོ་སྦྱར་ཏེ་ལེན་པར་རྩོམ་མོ། །ཨོཾ་མ་ཎི་པད་མེ་ཧཱུཾ། འདི་བྱིན་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་སོ། །ཏིང་ངེ་འཛིན་འདི་དག་ཀྱང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཐོབ་སྟེ། མི་ཟད་པའི་ཆོས་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣལ་འབྱོར་སྤྱོད་ ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཐར་པ་ལ་འཇུག་པར་འཇོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་སྣང་བར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་དེ་ དག་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བླངས་མ་ཐག་ཏུ་མཁན་པོ་ལ་ཡོན་དུ་གླིང་བཞི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བ་འབུལ་བར་རྩོམ་པ་དང་། དེ་ནས་ཆོས་ཀྱི་མཁན་པོ་དེས་དེ་ལ་འདི་ སྐད་ཅེས་སྨྲས་སོ། །ཡི་གེ་གཅིག་གི་ཡོན་དུ་ཡང་མེད་ན་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་ལྟ་ཅི་སྨོས། རིགས་ཀྱི་བུ་ང་ནི་ཁྱོད་ལས་ལེན་པ་ཡང་མེད་དོ། །ཁྱོད་ཀྱང་བྱང་ཆུབ་སེམས་དཔར་གྱུར་པ་སྟེ། ཁྱོད་ནི་འཕགས་པ་ཡིན་གྱི་མ་འཕགས་པ་མ་ཡིན། རིགས་ ཀྱི་བུ་ཁྱོད་ནི་ངས་འདུལ་བ་ཡིན་ནོ། །དེས་དེ་ལ་མུ་ཏིག་གི་ཕྲེང་བ་རིན་བརྒྱ་སྟོང་རི་བ་ཕུལ་བ་དང་། དེས་སྨྲས་པ། རིགས་ཀྱི་བུ་ངའི་ཚིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕུལ་ཅིག །དེ་ནས་སྒྲིབ་ པ་ཐམས་ཅད་རྣམ་པར་སེལ་བས་ཆོས་སྨྲ་བ་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །རྙེད་པར་བྱ་བ་རྙེད་ཅིང་བསམ་པ་ཡོངས་སུ་རྫོགས་ནས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་ལ་ 51-239a ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་རྙེད་པ་རྙེད་དམ། བཅོམ་ ལྡན་འདས་དེ་བཞིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མཁྱེན་པ་བཞིན་ནོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་ཚོགས་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་གཟུངས་སྔགས་འདི་གསུངས་སོ། །ན་མཿ་སབ་ཏཱ་ནཱཾ། སཾ་མྱག་སཾ་ བུད་དྷ་ཀོ་ཊཱཾ་ནཱཾ། ཏད་ཡ་ཐཱ། ཨོ་ཙ་ལེ་ཙུ་ལེ་ཙུ་ན་དེ་སྭཱཧཱ། གཟུངས་སྔགས་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་གསུངས་སོ། །བ་སྤུའི་ཁུང་བུ་དེ་འདས་ནས་ཉི་མའི་འོད་ཅེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་བྱང་ཆུབ་སེམས་དཔའ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་དུ་མ་གནས་ཏེ། ཉི་མའི་འོད་ཅེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་གསེར་གྱི་རི་ཁྲི་ཡོད་དེ། རི་རེ་རེ་ཞིང་ཡང་རྩེ་མོ་ཉི་ཁྲི་ཉིས་སྟོང་ཡོད་ལ། རི་དེ་རེ་རེའི་ངོས་ནི་རིན་པོ་ཆེ་པད་མ་རཱ་གས་བརྒྱན། ངོས་རེ་རེ་ཞིང་ཡང་ལྷའི་ནོར་བུ་རིན་པོ་ཆེའི་སྐྱེད་མོས་ཚལ་ཤིན་ ཏུ་མཛེས་པ། ཤིན་ཏུ་དགའ་བར་བྱེད་པ་རྣམ་པ་སྣ་ཚོགས་དང་ལྷའི་རྫིང་བུས་བརྒྱན་པ། ཁང་པ་བརྩེགས་མ་བརྒྱ་ཕྲག་སྟོང་དུ་མ་ནི་ལྷའི་གསེར་དང་རིན་པོ་ཆེ་ལས་བྱས་ཤིང་མུ་ཏིག་དང་དར་གྱི་ལྡ་ལྡི་ནི་བྲེས། མུ་ཏིག་གི་སེ་མོ་དོ་བརྒྱ་དག་ནི་འཕྱང་ངོ་། །ཁང་པ་ བརྩེགས་མ་དེའི་ནང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཤ་རི་ད་ཀ་ཡོད་པས་ནི་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཁང་པ་བརྩེགས་མ་དེར་འགྲོའོ། །དེར་སོང་ནས་ཀྱང་ཡི་གེ་དྲུག་པའི་ རིག་སྔགས་ཀྱང་རྗེས་སུ་དྲན་ནོ། །གང་གི་ཚེ་ན་རྗེས་སུ་དྲན་པ་དེའི་ཚེ་མྱ་ངན་ལས་འདའ་བ་རྟོགས་པར་འགྱུར་རོ། །མྱ་ངན་ལས་འདའ་བའི་ས་དེ་ལ་དེ་བཞིན་གཤེགས་པ་བདུན་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་ 51-239b ཡང་མཐོང་ངོ་། །མཐོང་ནས་ཀྱང་སེམས་དད་པ་སྐྱེད་དོ། །བསྐྱེད་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཁང་པ་བརྩེགས་མ་དེ་ནས་འབྱུང་ངོ་། །བྱུང་ནས་ཁ་ཅིག་ནི་འཆག་སར་འགྲོའོ། །ཁ་ཅིག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐྱེད་མོས་ཚལ་དུ་འགྲོའོ། ། ཁ་ཅིག་ནི་རྫིང་བུ་དག་ཏུ་འགྲོའོ། །ཁ་ཅིག་ནི་ནོར་བུ་རིན་པོ་ཆེ་པད་མ་རཱ་གའི་རིའི་ངོས་ལ་འགྲོའོ། །དོང་ནས་སྐྱིལ་མོ་ཀྲུང་བཅས། ལུས་དྲང་པོར་བསྲང་སྟེ་དྲན་པ་མངོན་པར་བཞག་ནས་འཁོད་དོ། །རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ན་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ དག་གནས་སོ། །རིགས་ཀྱི་བུ་དེ་འདས་ནས་དབང་པོའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་བརྒྱ་ཕྲག་སྟོང་དུ་མ་གནས་ཏེ། དབང་པོའི་རྒྱལ་པོའི་བ་སྤུའི་ཁུང་བུ་དེ་ན་ལྷའི་གསེར་གྱི་རི་བརྒྱད་ཁྲི་ཡོད་དོ། །རི་དེ་དག་གི་དབུས་ན་ནོར་ བུ་རིན་པོ་ཆེ་མེ་ཏོག་པད་མ་ལྟར་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་སེམས་པར་གྱུར་པ་དེའི་ཚེ་དེ་དག་གི་བསམ་པ་གྲུབ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་རིའི་རྒྱལ་པོ་དེ་ལ་གནས་ཤིང་ཟས་དང་སྐོམ་གྱི་དྲན་པ་མི་སྒོམ་ མོ། །དེ་དག་འཁོར་བའི་སྡུག་བསྔལ་གྱིས་གཟིར་བར་ཡང་མི་འགྱུར་རོ། །དེ་དག་འཁོར་བའི་སྡུག་བསྔལ་གྱིས་གོས་པར་ཡང་མི་འགྱུར་རོ། །དུས་ཐམས་ཅད་དུ་མྱ་ངན་ལས་འདས་པ་ལ་སེམས་ཤིང་གནས་ཀྱི། དེ་དག་གི་ལུས་ལ་གཞན་སེམས་པ་མེད་ དོ། །རིགས་ཀྱི་བུ་དེ་འདས་ནས་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་བྱང་ཆུབ་སེམས་དཔའ་སེམས་ཐོག་མ་བསྐྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་གནས་སོ། །རིགས་ཀྱི་བུ་བ་སྤུའི་ཁུང་བུ་དེ་ན་རི་དགུ་ཁྲི་ཡོད་དེ། ལ་ལ་ནི་རྡོ་རྗེའི་རི། ལ་ལ་ནི་དངུལ་གྱིའོ། ། ལ་ལ་ནི་གསེར་གྱིའོ། །ལ་ལ་ནི་ནོར་བུ་རིན་པོ་ཆེ་ཨིན་དྲ་ནཱི་ལའིའོ། །ལ་ལ་ནི་པད་མ་རཱ་གའིའོ། །ལ་ལ་ནི་མ་ར་ཀ་ཏའིའོ། །ལ་ལ་ནི་ཤེལ་གྱིའོ། །རིའི་རྒྱལ་པོ་དེ་ལྟ་བུ་དག་ཡོད་དོ། །རི་རེ་རེ་ཞིང་ཡང་རྩེ་མོ་བརྒྱད་ཁྲི་ཡོད་དེ། རིན་པོ་ཆེ་སྣ་ 51-240a ཚོགས་ཀྱིས་བརྒྱན་པ། ཤིན་ཏུ་མཛེས་པར་བྱས་པ་རྣམ་པ་སྣ་ཚོགས་པ་ཡིད་དུ་འོང་བ་དག་གོ། །རྩེ་མོ་དེ་དག་ལ་དྲི་ཟ་དག་གནས་ཏེ། དེ་དག་དུས་ཐམས་ཅད་དུ་བ་སྤུའི་ཁུང་བུ་ནས་སིལ་སྙན་འབྱུང་བ་འཛིན་ཏོ། །གང་སེམས་ཐོག་མ་བསྐྱེད་ པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སེམས་ཏེ། ཀྱེ་མའོ་སྡུག་བསྔལ་ལོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་སྡུག་བསྔལ་ལོ། །སྡུག་ཅིང་མཛའ་བ་དང་བྲལ་ཞིང་མི་སྡུག་ཅིང་མི་མཛའ་བ་དང་ཕྲད་པ་ནི་སྡུག་བསྔལ་ ལོ། །བསྟིར་མེད་པར་སྐྱེས་པ་ནི་སྡུག་བསྔལ་ལོ། །ཐིག་ནག་པོ་འདེབས་པར་སྐྱེས་པ་ནི་སྡུག་བསྔལ་ལོ། །སེམས་ཅན་ཡི་དགས་ཀྱི་གྲོང་ཁྱེར་དུ་སྐྱེས་པ་རྣམས་ནི་སྡུག་བསྔལ་ལོ་ཞེས་དེ་ལྟ་བུའི་ལུས་ལ་སྐྱོ་བ་དག་བསམས་ནས་དེའི་ཚེ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་པར་བཞག་སྟེ་རི་དེ་དག་ལ་གནས་སོ། །རིགས་ཀྱི་བུ་དེ་འདས་ནས་སྣ་ཚོགས་ཀྱི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་གནས་ཏེ་དེ་དག་ནི་འབར་བ་དང་། གདུང་བ་དང་། ཆར་ འབེབས་པ་དང་། གློག་གཏོང་བའི་ཆོ་འཕྲུལ་དག་བྱེད་དེ། བ་སྤུའི་ཁུང་བུ་དེ་ན་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ཡོད་དོ། །རིའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པའོ། །རིའི་རྒྱལ་པོ་དེ་དག་ལ་ཤིང་དཔག་བསམ་རྣམ་པ་སྣ་ ཚོགས་པར་ཡོད་དེ། སྡོང་པོ་ནི་མུ་ཏིག་དམར་པོ་དང་། ལོ་མ་ནི་གསེར་དང་། དངུལ་ལས་བྱས་པའོ། །རིན་པོ་ཆེ་རྣམ་པ་དུ་མ་དང་རྒྱན་རྣམ་པ་སྣ་ཚོགས་པ་དག་ནི་འཕྱང་ངོ་། །ཅོད་པན་དང་། རྣ་ཆ་དང་། ཕྲེང་བའི་ཆུན་པོ་དང་། དཔུང་རྒྱན་དང་། སེ་ མོ་དོ་དང་། སེ་མོ་དོ་ཕྱེད་པ་དག་ཀྱང་རབ་ཏུ་འཕྱང་ངོ་། །ཡུལ་ཀ་ཤི་ཀ་ནས་བྱུང་བའི་གོས་དག་ཀྱང་རབ་ཏུ་འཕྱང་ངོ་། །གསེར་དང་དངུལ་གྱི་དྲིལ་བུ་དག་ཀྱང་སྒྲ་སིལ་སིལ་གྲག་སྟེ། དེ་འདྲ་བའི་རིའི་རྒྱལ་པོ་དེ་དག་ལ་རང་སངས་རྒྱས་དེ་དག་གནས་ཏེ། 51-240b མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། ཆོས་གཏན་ལ་དབབ་པ་བསྟན་པའི་གཏམ་རྣམ་པ་དུ་མ་དག་ཕན་ཚུན་དུ་སྨྲ་སྟེ། དེའི་ཚེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བ་སྤུའི་ཁུང་བུ་དེ་འདས་ནས་ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ཞེས་བྱ་བ་ཞིག་ཡོད་དེ། བ་སྤུའི་ཁུང་བུ་དེ་ན་ཡང་དཔག་ ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །བ་སྤུའི་ཁུང་བུ་དེ་ན་རི་བརྒྱད་ཁྲི་བཞི་སྟོང་ཡོད་དེ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་པའོ། །རིའི་རྒྱལ་པོ་དེ་ལ་ཤིང་དཔག་བསམ་བརྒྱ་ཕྲག་སྟོང་དུ་མ་ཡོད་དོ། །ཙན་དན་གྱི་ཤིང་བརྒྱ་ཕྲག་སྟོང་དུ་ མ་ཡོད་དོ། །བྱི་རུའི་ཤིང་བརྒྱ་ཕྲག་སྟོང་དུ་མ་དག་ཡོད་དོ། །བ་སྤུའི་ཁུང་བུ་དེ་ནས་ནི་རྡོ་རྗེ་ལས་བྱས་པའོ། །བ་སྤུའི་ཁུང་བུ་དེ་ན་གསེར་དང་རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་མ་དགུ་ཁྲི་དགུ་སྟོང་ཡོད་དེ། མུ་ཏིག་དང་དར་གྱི་ལྡ་ལྡི་ནི་བྲེས། མུ་ཏིག་ གི་སེ་མོ་དོ་ནི་དཔྱངས། དྲིལ་བུའི་ཕྲེང་བ་ནི་དཔྱངས། ཟླ་བ་བཞིན་དུ་བཟང་བའི་རིན་པོ་ཆེ་ས་ནི་སྣང་བར་བྱས་ཏེ། ཁང་པ་བརྩེགས་མ་དེ་ན་གསེར་གྱི་སྐས་རིན་པོ་ཆེ་ས་ཡོངས་སུ་སྤྲས་པ་རྣམ་པ་སྣ་ཚོགས་པ་དགའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཁང་པ་བརྩེགས་ མ་དེ་དག་ན་དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ་ཡང་བཞུགས་ཏེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པ་སྟོན་པར་མཛད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟོན་པར་མཛད། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟོན་པར་མཛད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟོན་པར་མཛད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟོན་པར་མཛད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟོན་པར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ 51-241a པ་སྟོན་པར་མཛད་དེ། དེ་ལྟར་དེ་དག་འཛམ་བུའི་གླིང་ན་གནས་པའི་མི་རྣམས་ལ་ཆོས་རྣམ་པ་སྣ་ཚོགས་དག་དུས་དུས་སུ་འཆད་དོ། །དེ་ལྟར་རིགས་ཀྱི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བ་ སྤུའི་ཁུང་བུ་དེ་དག་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ཕྱིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། མི་དང་། མི་མ་ཡིན་པ་དང་། དབང་ཕྱུག་ཆེན་པོ་དང་། མཐུ་བོ་ཆེ་ལ་སོགས་ཏེ་ལྷའི་བུ་ ཚོགས་པ་དག་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་དག་གིས་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བ་སྤུའི་ཁུང་བུ་གཞན་དག་མཆིས་སམ་མ་ མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་འདས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཡས་པའི་མཐེ་བོ་དེ་ལས་མཚོ་ཆེན་པོ་བཞི་འབྱུང་སྟེ་གཏིང་དཔོག་མི་ནུས་སོ། །གང་གི་ཚེ་ན་རྐང་པ་ གཡས་པའི་མཐེ་བོ་ལས་ཆུ་བྱུང་བ་དེའི་ཚེ་རྟ་རྒོད་མའི་གདོང་ལྟ་བུར་འབབ་སྟེ། དེའི་ཚེ་ཐལ་བའི་ཕུང་པོར་འགྲོའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བྱིན་གྱིས་བརླབས་ནི་དེ་འདྲའོ། །དེ་ནས་བཅོམ་ ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བ་སྤུའི་ཁུང་བུ་དེ་ཡང་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཡང་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་མཆིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ 51-241b ཀྱི་དབང་པོ་ནི་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་འདི་ཉིད་དུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། དབང་ཕྱུག་ཆེན་པོ་རྒྱུ་དང་བཅས་ཏེ་ལུང་བསྟན་པའི་ཕྱིར་འོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་ཀྱི་དབང་པོས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤེལ་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་བཏང་ནས་ཁ་དོག་དེ་དག་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་སོང་ངོ་། །སོང་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ ཏེ། བསྟིར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སོང་ངོ་། །སོང་ནས་བསྟིར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་བསིལ་བར་གྱུར་ཏོ། །དེའི་ཚེ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་ལྟས་བཟང་པོ་བྱུང་བར་གྱུར་པ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ་ལྷའི་གསེར་ རིན་པོ་ཆེར་སྣང་བར་གྱུར་ཏེ། ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དེ་ལྟར་སྣང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ནས་བྱུང་སྟེ། ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་ག་ལ་བ་དེ་ལོགས་ སུ་སོང་ནས་རིམ་གྱིས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་ག་ལ་བ་དེར་ཕྱིན་ཏོ། །དེ་ནས་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་དུ་སོང་བ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱ་ཀ་ལ་པིང་ཀའི་དབྱངས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ངལ་ལམ། ཁྱོད་ཉོན་མོངས་སམ། ཁྱོད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་སམ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་ཏེ། བདག་ གིས་དེ་ལྟ་བུའི་ལས་ཀྱིས་བསྒྲུབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་གང་ཁྱོད་ཀྱིས་དེ་འདྲ་བའི་ལས་ཀྱིས་བསྒྲུབས་པ་ལེགས་སོ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་ 51-242a བཅོམ་ལྡན་འདས་ལ་མེ་ཏོག་པད་མ་ཕུལ་ནས། བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་པས་མེ་ཏོག་པད་མ་འདི་དག་གསོལ་ཏེ་བསྙུང་བ་མ་མཆིས་སམ། འོ་བརྒྱལ་བ་མ་མཆིས་སམ། བཞེངས་པ་ཡང་ངམ། བདེ་བ་ ལ་རེག་པར་གནས་སམ་ཞེས་ཀྱང་གསུང་ངོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཀྱིས་བཞེས་ཏེ་གཡོན་ཕྱོགས་སུ་བཞག་གོ། །དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ལུང་སྟོན་པའི་བཤད་པ་ཐོབ་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ཤིག་དང་ཁྱོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ པོས་ལུང་སྟོན་པར་འགྱུར་རོ། །དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོ་སོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་ལ་ཕྱག་འཚལ་ནས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཆེན་པོ་ཆོས་འཛིན་པ། པད་མའི་ཞལ། པད་ མ་ལ་དགྱེས་པ། ཕྱག་ན་མེ་ཏོག་པད་མ་བཟང་པོ་མངའ་བ། པད་མའི་དཔལ་དང་ལྡན་པ། ཡོངས་སུ་བསྐོར་བ་འགྲོ་བ་དབུགས་འབྱིན་པར་མཛད་པ། སའི་སྤྱན་མཆོག་མཛད་པ། སིམ་པར་མཛད་པ་ལ་ཕྱག་འཚལ་ལོ་ཞེས་ལྷའི་བུ་དབང་ཕྱུག་ཆེན་པོས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་དེ་ལྟར་བསྟོད་ནས་ཁ་རོག་སྟེ་འདུག་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དབང་ཕྱུག་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་ བུ་ཁྱོད་ཅིའི་ཕྱིར་ཁ་རོག་སྟེ་འདུག །དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྩལ་དུ་གསོལ། །དེ་ནས་སྤྱན་རས་གཟིགས་ཀྱིས་གསུངས་པ། རིགས་ཀྱི་བུ་ཁྱོད་འཇིག་རྟེན་ 51-242b གྱི་ཁམས་ཕྱེ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་ རྒྱས་བཅོམ་ལྡན་འདས་དབང་ཕྱུག་ཅེས་བྱ་བར་འགྱུར་རོ། །དེ་ནས་ལྷ་མོ་ཨུ་མ་སོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ ཀྱི་དབང་པོ་ལ་བསྟོད་པར་རྩོམ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཆེན་པོ་སྲོག་སྦྱིན་པར་མཛད་པ། སའི་སྤྱན་མཆོག་མཛད་པ། པད་མ་བཟང་པོ་ཕྱག་ན་མངའ་བ། པད་མའི་དཔལ་དང་ལྡན་པ། ཡོངས་སུ་བསྐོར་བ། མྱ་ ངན་ལས་འདའ་བའི་ས་སྟོན་པ། ལེགས་པར་དགོངས་པར་མཛད་པ། ཆོས་འཛིན་པ་ལ་ཕྱག་འཚལ་ལོ་ཞེས་དེ་ལྟར་ལྷ་མོ་ཨུ་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་བསྟོད་དེ་གསོལ་པ། བུད་མེད་ཀྱི་ལུས་སྨད་པ་ལས་བདག་ ཡོངས་སུ་ཐར་བར་མཛད་དུ་གསོལ། མངལ་ན་གནས་ཤིང་ཤ་མ་གང་བའི་སྡུག་བསྔལ་བ་དང་རྟག་ཏུ་འཛིན་པ་ལས་བདག་ཡོངས་སུ་ཐར་བར་མཛད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་ལ་འདི་སྐད་ཅེས་ སྨྲས་སོ། །སྲིང་མོ་ཁྱོད་འཇིག་རྟེན་གྱི་ཁམས་གངས་ཀྱི་རིའི་གཡས་ཕྱོགས་ཀྱི་ངོས་སུ་ཨུ་མའི་དབང་ཕྱུག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་ལྷ་མོ་ཨུ་མས་ལུང་བསྟན་པ་ཐོབ་བོ། །ལྟོས་ཤིག་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ 51-243a ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། དབང་ཕྱུག་ཆེན་པོའི་ལེའུ་འདི་ཡང་བཤད་དོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་ པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོ་མཆིས་ཏེ། ལོང་བ་དག་གིས་ནི་མིག་ཐོབ་བོ། །དེ་རིང་བདག་ནི་ཚེའི་འབྲས་བུ་མཆིས་པར་གྱུར་ཏོ། །བདག་དེ་རིང་ནི་བསམ་པ་བཞིན་དུ་གྲུབ་བོ། ། བདག་དེ་རིང་ནི་བསམ་པ་ཡོངས་སུ་རྫོགས་སོ། །བདག་དེ་རིང་ནི་བྱང་ཆུབ་ཀྱི་ལམ་ལ་བར་ཆད་མ་མཆིས་པར་གྱུར་ཏོ། །ལེགས་པར་དགོངས་པ་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཡང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་རིང་བདག་ལ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་གྱི་བྱེ་བྲག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ ཡུག་ཆེན་པོ་དང་། རིའི་རྒྱལ་པོ་མུ་ཙི་ལིན་ད་དང་། རིའི་རྒྱལ་པོ་ནག་པོ་དང་། ནག་པོ་ཆེན་པོ་དང་། རིའི་རྒྱལ་པོ་གསུས་ཤོལ་དང་། རིའི་རྒྱལ་པོ་མི་སྟོན་པ་དང་། རིའི་རྒྱལ་པོ་ཐམས་ཅད་དུ་གཏོགས་པ་དང་། རིའི་རྒྱལ་པོ་འབར་བའི་ཁ་དང་། རིའི་རྒྱལ་པོ་རྩེ་མོ་ བརྒྱ་པ་དང་། རིའི་རྒྱལ་པོ་ཁང་པ་དང་། རིའི་རྒྱལ་པོ་ནོར་བུ་རིན་པོ་ཆེ་ཆེན་པོ་དང་། རིའི་རྒྱལ་པོ་སྟོན་པ་དང་། རིའི་རྒྱལ་པོ་དུས་མ་ཡིན་པར་སྟོན་པ་དང་། རིའི་རྒྱལ་པོ་དེ་དག་སྲང་གཅིག་ལ་བཏབ་ན། རིགས་ཀྱི་བུ་ངས་རིའི་རྒྱལ་པོ་དེ་དག་སྲང་འདི་སྙེད་ཅིག་གོ་ཞེས་ སམ། སྲང་བརྒྱའོ་ཞེས་སམ། སྲང་སྟོང་ངོ་ཞེས་སམ། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ཞེས་སམ། གྲངས་སུ་ཡང་། ཆར་ཡང་། བགྲང་བར་ཡང་ནུས་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་ 51-243b བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡུལ་ཕྲ་རབ་ཀྱི་ཚད་ནི་ངས་བགྲང་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ ན་རྒྱ་མཚོ་མཆིང་རྣམ་ཆེན་པོ་ནི་ངས་ཐིགས་པ་རེ་རེ་ནས་བགྲང་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤིང་ཤིར་ཥའི་ཚལ་ནི་ངས་འདབ་ མ་རེ་རེ་ནས་བགྲང་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་བགྲང་མི་ནུས་སོ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ལྟ་སྟེ། དཔེར་ན་རི་རབ་རིའི་རྒྱལ་པོ་ནི་གྲོ་གའི་ཕུང་པོར་གྱུར། རྒྱ་ མཚོ་མཆིང་རྣམ་ཆེན་པོ་ནི་སྣག་ཚར་གྱུར། གླིང་ཆེན་པོ་བཞི་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་ནི་ཡི་གེ་པར་གྱུར་ཏེ། རིའི་རྒྱལ་པོ་མཐའ་ཡས་མུ་མེད་པ་ཡི་གེར་བྲིས་ཀྱང་ཡི་གེ་འབྲུམ་བུ་རེ་རེ་ནས་བགྲང་ནུས་ཀྱི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་བགྲང་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་ཕྲག་བཅུ་ གཉིས་དང་མཉམ་པའི་ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་བཀུར་བྱས་ན། དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ནི་ རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐྲའི་ཉག་མ་གཅིག་གི་རྩེ་མོ་ལ་གནས་པའི་བསོད་ནམས་དང་མཉམ་མོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ 51-244a རས་གཟིགས་ཀྱི་དབང་པོ་ནི་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་དང་ལྡན་ཏེ། འདི་ལྟ་སྟེ། རབ་ཏུ་འཇོམས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱན་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱན་པར་མི་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་སྤྱན་ཞེས་བྱ་ བའི་ཏིང་ངེ་འཛིན་དང་། བཟོད་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་ཅན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམ་པ་སྦྱིན་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། མཐུ་བརྒྱ་པ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། བཀོད་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོབས་པའི་ཕུང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་དབང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ དང་། རྟག་ཏུ་དམ་པ་སྦྱིན་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོ་ཡོངས་སུ་ཐར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཞེ་སྡང་ཡོངས་སུ་ཐར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོ་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཉིན་བྱེད་དམ་པའི་མིག་ཅེས་ བྱ་བའི་ཏིང་ངེ་འཛིན་དང་། ཆོས་ལ་མངོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་མངལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤིན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱ་ངན་འདའ་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་མཐའ་ཡས་སྒྲུབ་ཅེས་བྱ་བའི་ཏིང་ངེ་ འཛིན་དང་། རྣལ་འབྱོར་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཛམ་བུའི་གླིང་གི་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཞིང་གི་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱས་པ་ལ་མངོན་པ་ཞེས་བྱ་ བའི་ཏིང་ངེ་འཛིན་དང་། སྐྱེ་དགུའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་ཟད་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། བསྟིར་མེད་སྐེམས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོ་ལྟར་ཟབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཁོར་བརྒྱ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིགས་ 51-244b ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་ཏིང་ངེ་འཛིན་དེ་དག་དང་ལྡན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ལྟ་སྟེ། ལོག་པར་དད་སེལ་ཅེས་བྱ་བའི་དེ་བཞིན་གཤེགས་པ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་ པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་དེའི་དུས་ན་ང་བྱང་ཆུབ་སེམས་དཔར་གྱུར་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་དེ་ལྟ་བུ་ངས་ཐོས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དང་འདི་འདྲ་བར་ཏིང་ངེ་འཛིན་གྱིས་འགྱེས་པ་ཡང་ངས་མཐོང་ངོ་། །གང་གི་ཚེ་ན་ཀུན་དུ་བཟང་པོ་རྡོ་རྗེ་གྱེན་དུ་འཕགས་ པའི་ཏིང་ངེ་འཛིན་ལ་ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཟླ་བ་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་ འཛིན་ལ་ཞུགས་པ་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཉི་མ་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་བྱུགས་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ལ་ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནམ་མཁའ་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དབང་པོ་རྣམ་པར་བྱེད་ཅེས་བྱ་བའི་ཏིང་ ངེ་འཛིན་ལ་ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་རྡོ་རྗེའི་ལྕགས་ཀྱུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དབང་པོའི་འགྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ 51-245a ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་རྒྱ་མཚོ་ལྟར་ཟབ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སེང་གེ་གླལ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་སེང་གེ་རྣམ་པར་རོལ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དམ་པ་སྦྱིན་པར་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་བསྟིར་མེད་པ་སྐེམས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་བ་སྤུའི་ཁུང་བུ་ཐམས་ཅད་འབྱེད་པར་བྱེད་པ་དེའི་ཚེ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཡང་བ་སྤུའི་ཁུང་བུ་ཐམས་ཅད་འབྱེད་པར་བྱེད་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སྤྱན་ རས་གཟིགས་ཀྱི་དབང་པོ་ཁྱོད་ཀྱི་སྤོབས་པ་དེ་འདྲ་བ་ལེགས་སོ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་སྤོབས་པ་ཆུང་ཟད་ཅིག་མཐོང་དུ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་སྤོབས་པ་ཅི་འདྲ་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་དག་ལ་ཡང་མི་མངའོ། །ཞེས་ངས་ ལོག་པར་དད་སེལ་ལས་དེ་སྐད་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་བཤད་དུ་གསོལ། །དེའི་སླད་དུ་བདག་ཅག་ཆོས་ཀྱི་རོས་ངོམས་ཤིང་དགའ་ 51-245b བར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་དག་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་མིང་ཐོས་པ་དེ་དག་ལ་སྔོན་གྱི་ལས་ཀྱི་སྒྲིབ་པ་མེད་དོ། །གང་དག་ཕ་རོལ་གྱི་བུད་མེད་ལ་ཆགས་ཤིང་ཞན་པའི་ལས་ལ་བརྩོན་པ་དང་། གང་ཕ་ དང་མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། མཆོད་རྟེན་འཇོམས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དེ་ལྟ་བུའི་སྡིག་པ་ལ་དགའ་བ་དག་ལ་ཡང་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཟ་མ་ཏོག་བཀོད་པས་སྡིག་པ་ལས་ཐར་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཇི་ལྟར་ཐེག་པ་ཆེན་པོའི་མདོ་ཟ་མ་ཏོག་བཀོད་པ་སྡིག་པ་ཐམས་ཅད་ལས་ཐར་བར་བགྱིད་པ་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རིགས་ཀྱི་བུ་རི་རབ་རིའི་རྒྱལ་པོའི་གཡས་ཕྱོགས་ཀྱི་ངོས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་དྲི་མ་དང་དྲི་མ་མེད་པའི་མཐར་བརྟགས་པ་ཡོད་དེ། ད་ལྟར་ངས་ཀྱང་བརྟགས་སོ། །གང་གོས་དཀར་པོ་སྔོན་པོར་འགྱུར་བ་དང་། གང་གོས་སྔོན་པོ་དཀར་ པོར་འགྱུར་བ་ནི། གང་གོས་དཀར་པོ་དེ་སྔོན་པོར་འགྱུར་བ་དེ་ནི་སྡིག་པའི་ཕུང་པོར་བལྟའོ། །གང་གོས་སྔོན་པོ་དེ་དཀར་པོར་འགྱུར་བ་དེ་ནི་ཆོས་ཀྱི་ཕུང་པོར་བལྟའོ། །རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་དེ་ནི་སྡིག་པ་ཐམས་ཅད་སྲེག་ཅིང་ དཀར་པོར་བྱེད་དོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་ཀྱི་ཚེ་རྩྭ་དང་ནགས་ཚལ་དག་ཤིན་ཏུ་སྔོ་བར་འགྱུར་ཏེ། དེ་ནས་ཀླུའི་རྒྱལ་པོ་ཁ་བརྒྱ་པ་ཞེས་བྱ་བ་གནས་ནས་ལངས་ཏེ་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་དག་སྲེག་པར་བྱེད་ དོ། །རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདི་ནི་སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །གང་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཐོས་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུ་དེ་དག་ནི་སོ་སོའི་སྐྱེ་བོ་མ་ཡིན་པར་རིག་པར་བྱའོ། ། 51-246a བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་འདྲ་བར་བལྟའོ། །དེ་དག་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་བཅུ་གཉིས་གཤེགས་ཏེ། རིགས་ཀྱི་བུ་མ་འཇིགས་ཤིག་མ་འཇིགས་ཤིག །ཁྱོད་ཀྱིས་ཐེག་པ་ཆེན་པོའི་མདོའི་རྒྱལ་པོ་ཐོས་སོ། །ཁྱོད་སླར་འཁོར་ བར་མི་འཁོར་བར་འགྱུར་རོ། །སླར་སྐྱེ་བ་དང་རྒ་བ་དང་འཆི་བ་མི་མཐོང་བར་འགྱུར་རོ། །འགའ་ཞིག་འདོད་པ་དང་ཕྲད་ལ་མི་དགའ་ཞིང་མི་འདོད་པ་དང་ཕྲད་པར་མི་འགྱུར་རོ། །རིགས་ཀྱི་བུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་ཞིང་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ པ་ལས་དམ་པའི་ཆོས་ཐོས་པར་འགྱུར་རོ་ཞེས་དབུགས་འབྱིན་པར་མཛད་དེ། རིགས་ཀྱི་བུ་དེ་ལྟར་སེམས་ཅན་དེ་དག་བདེ་བར་མཆི་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་སོང་ངོ་། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཅང་མི་ཟེར་བར་འདུག་གོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱང་དོང་ ངོ་། །གང་གི་ཚེ་ན་དེ་དག་དོང་བ་དེའི་ཚེ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་བསླབ་པའི་སྡོམ་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གང་དག་བསྙེན་པར་ རྫོགས་པར་བྱེད་འདོད་པ་དེས་ཐོག་མ་ཁོ་ནར་སོང་སྟེ་སྣ་ཚོགས་པ་དག་གི་གནས་བརྟག་པར་བྱའོ། །བརྟགས་ནས་དགེ་སློང་དག་ལ་བཙུན་པ་སྣ་ཚོགས་ཀྱི་གནས་ནི་དག་སྟེ། སྣ་ཚོགས་ཀྱི་གནས་དེ་ན་རུས་པ་ཡང་མ་མཆིས་སོ། །བཤང་གཅི་ཡང་མ་མཆིས་ཏེ། སྣ་ཚོགས་ ཀྱི་གནས་དེ་ནི་ཡོངས་སུ་དག་གོ། །དགེ་སློང་དག་ཀྱང་བསྙེན་པར་རྫོགས་པར་བགྱིར་རུང་ངོ་ཞེས་སྦྲན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་དང་མི་ལྡན་པས་ནི་བསྙེན་པར་རྫོགས་པར་མི་བྱའོ། །གསོལ་པ་དང་བཞི་པ་ཡང་སྦྱིན་པར་མི་བྱའོ། །བར་གྱི་གསོལ་ 51-246b བ་ཡང་མི་བྱའོ། །མང་དུ་བཤད་ཅི་དགོས་ཏེ། དགེ་སློང་དག་ཚུལ་ཁྲིམས་དང་མི་ལྡན་པའི་དགེ་སློང་གིས་ནི་སྣ་ཚོགས་ཀྱི་གནས་སུ་ཡང་འགྲོ་བར་མི་བྱ་ན་གསོལ་བ་དང་བཞི་བ་བྱ་བ་ལྟ་ཅི་སྨོས་ཏེ། དེ་དག་ནི་སྟོན་པའི་བསྟན་པ་འཇིག་པར་བྱེད་པའོ། །ཚུལ་ཁྲིམས་དང་མི་ལྡན་པ་ དེ་དག་ནི་སྦྱིན་གནས་དག་གི་ནང་དུ་གནས་སྦྱིན་པར་མི་བྱའོ། །དེ་དག་ནི་གཙུག་ལག་ཁང་གི་ཕྱི་རོལ་དུ་གནས་སུ་གཞུག་སྟེ། དེ་དག་ལ་དགེ་འདུན་གྱི་ཟས་ཀྱང་མི་སྦྱིན་ནོ། །དེ་དག་ལ་དགེ་འདུན་གྱིས་ཡང་འོས་པ་མ་ཡིན་ནོ། །དེ་དག་ལ་ནི་དགེ་སློང་གི་དངོས་པོ་ཆུང་ཟད་ཀྱང་ མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ན་དེ་འདྲ་བའི་སྦྱིན་གནས་དག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ན་དེ་འདྲ་བའི་སྦྱིན་གནས་ དག་འབྱུང་སྟེ། གང་གཙུག་ལག་ཁང་ལ་ཁྱིམ་དུ་འདུ་ཤེས་པར་འཛིན་པ་དེ་དག་ནི་བུ་ཕོ་དང་བུ་མོ་དག་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །དེ་དག་ནི་དགེ་འདུན་གྱི་ཁྲི་དང་། ཁྲིའུ་དང་ཚང་ཐུར་དང་སྔས་དང་། མལ་སྟན་དག་ལ་སྤྱོད་པར་མ་འོས་པ་ལ་སྤྱོད་པར་བྱེད་དོ། །དགེ་ འདུན་དག་གི་ཉེ་བར་སྤྱོད་པ་ལ་བཤང་བ་དང་གཅི་བར་བྱེད་དོ། །མཆིལ་མ་དག་ཀྱང་འདོར་ཞིང་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་སོ། །གང་དགེ་འདུན་གྱི་ཉེ་བར་སྤྱོད་པ་ལ་མཆིལ་མ་འདོར་བ་དེ་དག་ནི་ལོ་བཅུ་གཉིས་སུ་ཤིང་སཱ་ལའི་ཚལ་དུ་ཁ་ཁབ་ཀྱི་མིག་ཙམ་གྱི་སྲོག་ཆགས་སུ་སྐྱེའོ། ། གང་དགེ་འདུན་གྱི་སོ་ཤིང་ལ་སྤྱོད་དུ་མ་འོས་པ་ལ་སྤྱོད་པ་དེ་དག་ནི་རུ་སྦལ་དང་། ཆུ་སྲིན་དང་ཉའི་ནང་དུ་སྐྱེའོ། །གང་དགེ་འདུན་གྱི་ཏིལ་དང་འབྲས་དང་རྒྱ་ཤུག་དང་། ཀུ་ལན་ཐ་ལ་སོགས་པ་གང་སྤྱོད་པར་མ་འོས་པ་ལ་སྤྱོད་པ་དེ་དག་ནི་ཡི་དགས་ཀྱི་གྲོང་ཁྱེར་དུ་སྐྱེ་སྟེ། མགལ་བ་འདྲ་ ཞིང་ཀེང་རུས་བསྒྲེང་བ་ལྟ་བུ་བདག་གི་སྐྲ་དང་ཁ་སྤུས་ཁེབས་པ། ཁ་ཁབ་ཀྱི་མིག་ཙམ་དུ་གྱུར་པའི་སྡུག་བསྔལ་དེ་དག་ལུས་ལ་མྱོང་བར་འགྱུར་རོ། །གང་དགེ་འདུན་གྱི་ཟས་ཀྱིས་ཁྱི་གསོ་བར་བྱེད་པ་དེ་དག་ནི་རིགས་དམའ་བར་སྐྱེ་བར་འགྱུར་རོ། །དབང་པོ་ཉམས་པར་འགྱུར་རོ། །སྒུར་ 51-247a པོ་དང་ཁྱོར་པོར་སྐྱེའོ། །གཞན་གྱི་བཞིན་ལ་ལྟ་ཞིང་སློང་མོ་བྱེད་པར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་ནད་བུ་ཅན་དུ་འགྱུར་རོ། །ལུས་ལས་རྣག་དང་ཁྲག་འཛག་པར་འགྱུར་རོ། །ཆུ་བ་རྣམས་འཁུམས་པར་འགྱུར་རོ། །གང་གི་ཚེ་ན་ལངས་པ་དེ་ན་ཤ་ རྣམས་ས་ལ་ལྷགས་ཤིང་རུས་པ་རྣམས་སྣང་བར་འགྱུར་ཏེ། དེ་ལྟར་དེ་དག་ལོ་མང་པོར། ལོ་བརྒྱ་སྟོང་མང་པོར་ལུས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །གང་དགེ་འདུན་གྱི་ས་ལ་མི་འོས་པར་སྤྱོད་པ་དེ་དག་ནི་བསྐལ་པ་བཅུ་གཉིས་སུ་འོ་དོད་འབོད་པའི་སེམས་ཅན་དམྱལ་བ་ཆེན་པོར་ སྐྱེ་སྟེ། ལྕགས་ཀྱི་ཐུ་ལུམ་བསྲེགས་པ་ཁར་བཅུག་ནས་མཆུ་དང་སོ་དག་ཀྱང་ལྷགས། རྐན་ཡང་གས་མགུལ་པ་ཡང་ཚིག །སྙིང་དང་རྒྱུ་མ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ཚིག་ནས་རུས་པའི་ལྷག་མ་ལུས་པར་འགྱུར་ཏེ། དགེ་སློང་དག་དེའི་ཚེ་ལས་ཀྱི་རླུང་ལངས་ནས་ཤི་ནས་ཀྱང་སླར་ འཚོའོ། །དེ་ནས་སླར་ཡང་གཤིན་རྗེ་སྐྱོང་བའི་སྐྱེས་བུས་བཟུང་ངོ་། །དེ་ནས་དེ་དག་གི་ལས་བདག་གིས་བྱ་བའི་ལས་ཀྱི་དབང་གིས་ལྕེ་ཆེན་པོ་འབྱུང་བར་འགྱུར་ཞིང་ལྕེ་དེའི་སྟེང་དུ་གཤོལ་བརྒྱ་སྟོང་གིས་རྨོ་བར་འགྱུར་ཏེ། དེ་ལྟར་ལོ་བརྒྱ་ཕྲག་སྟོང་དུ་སེམས་ཅན་དམྱལ་བའི་སྡུག་ བསྔལ་མྱོང་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་མེའི་རྫ་མའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེ་ནས་གཤིན་རྗེ་སྐྱོང་བའི་སྐྱེས་བུ་དག་གིས་བཟུང་ནས་ལྕེ་དེ་ཉིད་ལ་ཁབ་བརྒྱ་སྟོང་གིས་འབིགས་པར་བྱེད་དོ། །དེ་ནས་ཀྱང་ལས་ཀྱི་དབང་གིས་སོས་ནས་མེའི་འོབས་སུ་འདོར་ རོ། །མེའི་འོབས་དེ་ནས་ཀྱང་ཕྱུང་ནས་ཆུ་བོ་བེའི་ཏ་ར་ནི་ཆེན་པོར་འདོར་རོ། །དེ་ནས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་གཞན་དག་ཏུ་སྐྱེས་ཏེ། དེ་ལྟར་འཁྱམ་པ་ལས་བསྐལ་པ་གསུམ་ཟད་ནས་ཤི་འཕོས་ཏེ་འཛམ་བུ་གླིང་དུ་དབུལ་པོ་དང་། དམུས་ལོང་གི་ནང་དུ་སྐྱེ་བར་ འགྱུར་རོ། །དགའ་བོ་དེ་ལྟ་བས་ན་དགེ་འདུན་དག་གི་རྫས་ནི་བསྲུང་བར་བྱའོ། །དགེ་སློང་དག་གང་བསླབ་པ་སྡོམ་པས་ཆོས་གོས་གསུམ་བཅང་བར་བྱ་སྟེ། ཆོས་གོས་གཅིག་ནི་དགེ་འདུན་ལ་ཡིད་བརྟན་ཅིང་དགེ་འདུན་གྱིས་སྤྱད་པའི་ཕྱིར་རོ། །ཆོས་གོས་གཉིས་པ་ནི་རྒྱལ་པོའི་ 51-247b ཕོ་བྲང་དུ་འགྲོ་བའི་ཕྱིར་རོ། །ཆོས་གོས་གསུམ་པ་ནི་གྲོང་དང་། གྲོང་ཁྱེར་དང་གྲོང་འདབ་དང་། ཡེ་འུར་འཁོད་པ་དང་ཚོང་འདུས་དག་གི་ཕྱིར་ཏེ། དགེ་སློང་དག་གིས་ཆོས་གོས་དེ་གསུམ་བཅང་བར་བྱའོ། །གང་ཚུལ་ཁྲིམས་དང་ལྡན་པ་དང་ཡོན་ཏན་དང་ལྡན་པའི་དགེ་སློང་ དག་གིས་ནི་ངས་བསླབ་ཚིགས་བཅས་པ་འདི་གཟུང་བར་བྱའོ། །དགེ་སློང་དག་དགེ་འདུན་གྱི་རྫས་ལ་སྤྱོད་པར་མི་འོས་པ་དག་གིས་ནི་ཡོངས་སུ་སྤྱད་པར་མི་བྱའོ། །དགེ་འདུན་གྱི་ནི་མེའི་འོབས་ལྟ་བུའོ། །དགེ་འདུན་གྱི་ནི་དུག་ལྟ་བུའོ། །དགེ་འདུན་གྱི་ནི་རྡོ་རྗེ་ལྟ་བུའོ། །དགེ་ འདུན་གྱི་ནི་ཁུར་ལྟ་བུའོ། །དུག་ལ་ནི་གཉེན་པོ་བྱ་ནུས་ཀྱི་དགེ་འདུན་གྱི་ལ་ནི་གཉེན་པོ་བྱ་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བསླབ་ཚིགས་ལ་དགེ་སློང་གང་དག་ འཛིན་པར་བགྱིད་པ་ནི་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ལགས་སོ། །འདུལ་བ་ལ་མངོན་པ་ལགས་སོ། །བཅོམ་ལྡན་འདས་ཀྱི་བསླབ་ཚིགས་ཀྱི་རྗེས་སུ་བསྲུངས་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ བོས་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་བདག་བདག་གི་སངས་རྒྱས་ཀྱི་ཞིང་དུ་དོང་ངོ་། །ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཀྱང་དོང་ ངོ་། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །འཕགས་པ་ཟ་མ་ཏོག་ བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།  
116-194a Karmāvaraṇaviśodhanavidhibhāṣya-nāma ༄། །གཞུང་དོན་མདོར་བསྟན་པ། ༄༅༅། །རྒྱ་གར་སྐད་དུ། ཀརྨ་ཨཱ་བ་ར་ཎི་བི་ཤོ་དྷ་ན་བི་དྷི་བྷཱཥྱཾ་ནཱ་མ། བོད་སྐད་དུ། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་བཤད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་པ་དྲི་མས་མ་གོས་ཤིང་། །ཡེ་ཤེས་དཀྱིལ་འཁོར་རབ་གསལ་བ། །གསུང་གི་ཟེར་གྱིས་འགྲོ་ཀུན་གྱི། །སྒྲིབ་པ་མེད་སྲེད་ཉི་མ་རྒྱལ། །དཔའ་བོ་གང་དག་འགྲོ་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡང་བར་བྱིང་བ་རྣམས་ཀྱི་སེམས་ཕྲོགས་ཤིང་དེ་དག་གདོན་པར་འདོད་པའི་ཡིད་ཅན་དག་གིས་བྱང་ཆུབ་ལ་བློ་གཞོལ་བར་བྱ་སྟེ། དེ་ཐོབ་པའི་ལམ་དམ་པར་ཞུགས་ལ་མི་ཉམས་པར་བྱ་ཞིང་ཇི་ལྟར་བྱ་བ་དེ་འཕེལ་བར་འགྱུར་བའི་ཐབས་ལ་བརྩོན་པར་བྱ་སྟེ། གལ་ཏེ་རྐྱེན་འགའ་ཞིག་གིས་ཉམས་པར་གྱུར་ན་ཡང་དེ་མ་ཐག་ཏུ་ཕྱིར་ལྡང་བའི་ཐབས་ལ་འབད་པར་བྱ་སྟེ། ཕམ་པའི་གནས་ལྟ་བུའི་ཆོས་སྤྱད་པས་སྡོམ་པ་སླར་བླང་བ་དང་། ཟག་པ་འབྲིང་ལས་གྱུར་པ་རྣམས་གསུམ་ལ་བཤགས་པ་དང་། ཆུང་ངུ་ལས་གྱུར་པ་རྣམས་གཅིག་ལ་བཤགས་པ་དང་། དེ་དག་ལས་ལྷག་མ་རྣམས་རང་གི་སེམས་ཀྱིས་བསྡོམ་པར་བྱ་བ་རྣམས་ཇི་ལྟར་སྤྱད་པ་བཞིན་ཆོས་དང་མཐུན་པར་སོར་ཆུད་པར་བྱའོ། །དེ་དག་གིས་ལས་ཀྱི་སྒྲིབ་པ་ལྷག་མར་གྱུར་པ་དག་དང་། གཞན་ཡང་ཐོག་མ་མེད་པའི་དུས་ནས་ཀུན་ནས་བསགས་པའི་སྒྲིབ་པ་སྟུག་པོ་ཇི་སྙེད་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོ་ལ་གེགས་སུ་མི་འགྱུར་བར་བྱ་བའི་ཕྱིར་ཐུབ་པས་གནང་བའི་བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ 116-194b ཆོ་ག་འདིས་ཉིན་མཚན་དུས་དྲུག་ཏུ་བཤགས་པ་ལ་འབད་པར་བྱའོ། ། ༄། །རྒྱས་པར་བཤད་པ། ༈ སྐྱབས་སུ་འགྲོ་བ། ༆ དེ་ལ་ཡང་གང་ལ་བདག་གི་སྒྲིབ་པ་རྣམས་བཤགས་པར་བྱ་བ་དེ་དག་ལ་དཔུང་གཉེན་དུ་གཟུང་སྟེ། གུས་པས་ཕྱག་འཚལ་ལ་གསོལ་བ་གདབ་པར་བྱ་བ་ཡིན་པས་ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཆོས་དང་། དེའི་རྗེས་སུ་སྒྲུབ་པའི་དགེ་འདུན་ནི་རིམ་པ་བཞིན་འཁོར་བ་ལས་རྒལ་བའི་ལམ་སྟོན་པ་དང་། ལམ་དང་། དེ་སྒྲུབ་པའི་གྲོགས་ཡིན་པའི་ཕྱིར་རོ། །གཞན་དབྱིག་གི་སྙིང་པོ་དང་། འཕྲོག་བྱེད་དང་། སེང་གེ་དང་། མཐུ་བོ་ཆེ་ལ་སོགས་པ་དང་། སེར་སྐྱ་དང་། གཟེགས་ཟན་ལ་སོགས་པ་ནི་མ་ཡིན་ཏེ། རང་ཉིད་སྲིད་པའི་བཙོན་ར་མི་བཟད་པར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་དམ་པོས་བཅིངས་པ་ལ་སོགས་པའི་སྲིན་པོ་འཇིགས་སུ་རུང་བ་བདག་གིས་ཀུན་བཅོམ་པའི་ཕྱིར་རོ། །དེ་བས་ན་འདི་དག་ཀྱང་སྲིད་པའི་བཙོན་ར་ནས་ཐར་པ་སངས་རྒྱས་ཁོ་ན་ལ་རག་ལས་པའི་ཕྱིར། སེམས་དང་ལྡན་པ་སུ་ཞིག་སངས་རྒྱས་ལ་སོགས་པ་བོར་ཏེ་གཞན་ལ་སྐྱབས་སུ་འགྲོ་བར་བྱེད། ། ༈ ཕྱག་འཚལ་བ། ༆ ཕྱག་འཚལ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། གང་ཞིག་བདག་ཅག་གི་མཚན་འཛིན་ཅིང་ཕྱག་འཚལ་བ་དེ་དག་ཀྱང་ལས་ཀྱི་སྒྲིབ་པ་ཟད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །སྨོན་ལམ་གྱི་སྟོབས་ཅན་ཡིན་པའི་ཕྱིར། འདི་རྣམས་ཕྱག་འཚལ་བའི་གནས་སུ་བཀོད་དེ། གཞན་རྣམས་ལ་ཕྱག་འཚལ་བར་བྱ་བ་མ་ཡིན་ནོ་ཞེས་པ་ནི་མི་བརྗོད་དོ། །དེ་ལ་དེ་བཞིན་ཉིད་རྟོག་པའམ་དེར་ངེས་པའོ། །དགྲ་བཅོམ་པ་ནི་ཨར་ནི་དགྲའམ་རྩ་བས་ཏེ། དེ་བཅོམ་ཞིང་བཅག་པ་དང་ཧད་དོ། །ཉོན་མོངས་པ་བག་ཆགས་དང་བཅས་ཤིང་ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྩིབས་བཅག་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་སྟེ་ཨར་ཧད་དོ། །ཡང་ན་འོས་པ་སྟེ། ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པ་ 116-195a ལ་སོགས་པའི་ཕྱིར་རོ། །ཡང་དག་པར་རམ། མཉམ་པར་ཀུན་དུ་མ་ལུས་པའི་ཕྱིར་སངས་རྒྱས་པས་ཡང་དག་པར་རྫོགས་པར་སངས་རྒྱས་པ་འདི་དག་གིས་སྤངས་པ་དང་ཡོན་ཏན་གྱི་ཆེ་བ་གཉིས་བརྗོད་དོ། །གཞན་གྱི་ཡོན་ཏན་དུ་ཡང་བལྟའོ། །ཤཱཀྱ་ཐུབ་པ་ནི་ཤཱཀྱའི་རིགས་སུ་ཐུབ་པ་བྱུང་བས་དེ་སྐད་ཅེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་མི་ཕྱེད་པས་རྡོ་རྗེ་སྟེ། དེའི་སྙིང་པོས་འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པས་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཡོན་ཏན་གྱི་མཚན་ཉིད་རྗེས་སུ་འབྲངས་ནས་ཇི་ལྟར་རིགས་པར་མཚན་གྱི་དོན་བཤད་པར་བྱ་སྟེ། ཡོན་ཏན་མཐའ་ཡས་པས་རེ་རེ་ལ་ཐམས་ཅད་ཀྱི་མཚན་བརྗོད་ཀྱང་དེའི་རྒྱུ་མཚན་གནས་པའི་ཕྱིར་རང་དགའི་ཉེས་པར་འགྱུར་དུ་དོགས་པས་མི་བྱའོ། །གསོལ་བ་གདབ་པ་ནི་དེ་དག་ལ་སོགས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ནི་ཉེས་པ་རྣམས་བཅོམ་པའམ། དཔལ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཇི་སྙེད་ནི་མ་ལུས་པའོ། །བཞུགས་པ་དང་འཚོ་བ་དང་གཞེས་པ་ནི་རིམ་པ་བཞིན་དུ་ཆོས་ཀྱི་སྐུ་ལ་སོགས་པ་གསུམ་གྱིས་སོ། །བདག་ལ་དགོངས་པ་ནི་ཐུགས་གཏད་པར་གསོལ་བའོ། །བདག་གིས་གསོལ་བ་ཚུལ་དང་མཐུན་པ་ཡིན་གྱི། སངས་རྒྱས་རྣམས་བསྙེལ་བ་མི་མངའ་བའི་ཆོས་ཉིད་བརྙེས་པ་ནམ་དུ་ཡང་སེམས་ཅན་གཅིག་ལ་ཡང་མི་དགོངས་པ་མི་སྲིད་དོ། །དེ་ལྟར་ན་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ཡང་བ་འདི་དག་ལས་ཅིའི་ཕྱིར་གྲོལ་བར་མི་མཛད་ཅེ་ན། སེམས་ཅན་རྣམས་རང་རང་གི་ཉེས་པ་སྟེ། ཇི་ལྟར་ཉི་མིའི་དཀྱིལ་འཁོར་གཟི་བརྗིད་དང་ལྡན་པའི་འོད་ཀྱིས་ཕྱོགས་ཐམས་ཅད་རྒྱས་པར་བྱེད་པ་ཉིད་ཀྱང་དམུས་ལོང་དག་གིས་མི་མཐོང་བ་བཞིན་ནོ། །དེས་ན་དཀོན་མཆོག་ཏ་ལ་ལས་ཀྱང་། དམུས་ལོང་གིས་ནི་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ཏུ་འཆར། །མིག་དང་ལྡན་པས་ཤར་བར་ཤེས་གྱུར་ནས། །ཀུན་ཀྱང་སོ་སོ་རང་གི་ལས་ལ་འཇུག །ཅེས་བྱ་བ་ལ་སོགས་པ་དོན་འདི་རྒྱས་པར་བསྟན་ཏོ། ། ༈ སྡིག་པ་བཤགས་པ། ༆ ཡུལ་དེ་དག་གང་ལ་བཤགས་པར་བྱ་བ་སྒྲིབ་པའི་དངོས་པོ་ནི་བདག་གིས་བྱས་པ་ལ་སོགས་པ་སྟེ། བདག་གིས་ནི་བྱེད་པ་པོའོ། །སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནི་བྱས་པའི་དུས་སོ། །འཁོར་བ་ན་འཁོར་ 116-195b བའི་ཚེ་སྐྱེ་གནས་གཞན་དག་ནི་བྱས་པའི་གནས་སོ། །བྱས་པའི་སྡིག་པའི་རང་བཞིན་སྤྱིར་བརྗོད་པ་ནི་སྡིག་པའི་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཅི་ཡང་རུང་སྟེ། སྡུག་བསྔལ་གྱི་རྩ་བར་འགྱུར་བའི་ལས་རང་གིས་བྱས་ཤིང་གཞན་དེ་ལྟར་མ་ཡིན་ཡང་བྱས་པ་ལ་དགའ་བས་རྗེས་སུ་ཡི་རང་བ་དང་། བྱེ་བྲག་ཏུ་རྣམ་པར་སྨིན་པ་ལྕི་བ་ནི་མཆོད་རྟེན་གྱི་དཀོར་རམ་ཞེས་བྱ་བ་ལ་སོགས་པ་སྟེ། མ་བྱིན་པར་ལེན་པ་རྣམས་ཀྱི་ནང་ན་ལྕི་བ་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་གནས་ཆེན་པོ་བརྒྱད་ལ་སོགས་པའི་མཆོད་རྟེན་གྱི་ཆེད་དུ་ཕུལ་བའི་ཡོ་བྱད་དམ། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་དབང་བ་དང་གང་ཟག་སོ་སོའི་བདག་གིར་མ་བྱས་པ་ཕྲོགས་པ་ལ་སོགས་པའོ། །དེ་དག་གིས་ངན་སོང་ངན་འགྲོ་རྣམ་པ་གསུམ་གྱི་བར་དུ་ཡང་། སྡུག་བསྔལ་མི་བཟད་པ་མྱོང་བར་བྱེད་ཅིང་སྦྱང་དཀའ་བས་རྣམ་པར་སྨིན་པ་ལྕི་བའོ། །ཤིན་ཏུ་སྡུག་བསྔལ་བའི་ཉེས་པའི་རྒྱུ་ནི་མཚམས་མེད་པའི་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ཕ་བསད་པ་ལ་སོགས་པ་འདི་དག་གང་གིས་བྱས་པ་ལ་སོགས་པ་ནི་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་ཉམས་སུ་འབབ་པའི་མནར་མེད་པའི་སེམས་ཅན་དམྱལ་བ་གཞན་ལས་སྡུག་བསྔལ་ཁྱད་པར་ཅན་དུ་འགྱུར་བར་སྐྱེ་བ་ལ་གང་གིས་ཀྱང་བར་མ་ཆོད་པས་མཚམས་མེད་པ་སྟེ། དེས་ན་འདི་དག་ཤིན་ཏུ་སྡུག་བསྔལ་བའི་ཉེས་པའི་རྒྱུ་ཞེས་ཀྱང་བྱའོ། །གཞི་ཐམས་ཅད་ཀྱིས་བསྡུས་པའི་མི་དགེ་བ་ནི་མི་དགེ་བ་བཅུ་ཞེས་བྱ་བ་ལ་སོགས་པ་སྟེ། ངན་འགྲོ་གསུམ་ཅི་རིགས་པར་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ལུས་ལ་སོགས་པ་གཞི་ཐམས་ཅད་ཀྱི་ལས་ཏེ། ལུས་ལ་བརྟེན་པ་སྲོག་གཅོད་པ་ལ་སོགས་པ་གསུམ་དང་། ངག་ལ་བརྟེན་པ་བརྫུན་དུ་སྨྲ་བ་ལ་སོགས་པ་བཞི་དང་། ཡིད་ལ་བརྟེན་པ་གནོད་སེམས་ལ་སོགས་པའོ། །དེ་གསུམ་གྱིས་ནི་གཞི་ཐམས་ཅད་བསྡུས་པ་མི་དགེ་བའི་ལས་ཀྱི་ལམ་འདུས་པ་ཞེས་བྱའོ། །དེ་ལས་གཞན་པའི་སྒྲིབ་པ་དེ་དང་རྗེས་སུ་མཐུན་པ་རྣམས་ནི་ལས་ཀྱི་སྒྲིབ་པ་གང་གིས་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་གང་བྱས་ན་རང་དང་གཞན་གྱི་དོན་སྒྲུབ་པ་ལ་ནུས་པ་མེད་ཅིང་བར་དུ་ཆོད་པའི་སྐྱེ་བ་འཛིན་པ། སེམས་དམྱལ་ཡི་དགས་དུད་འགྲོ་དང་། །ཀླ་ཀློ་འདུ་ཤེས་མེད་ལྷ་དང་། །ལོག་ལྟ་སངས་རྒྱས་ལ་མི་འདུན། །ལྐུགས་པ་མི་ཁོམ་གནས་བརྒྱད་དོ། །ཞེས་གསུངས་པ་དེ་དག་ཏུ་སྐྱེ་བར་འགྱུར་བའི་གནས་ཏེ། ཆོས་ཟབ་མོ་ 116-196a སྤོང་བ་དང་། ལྟུང་བ་ཕྲ་མོ་དག་ལ་མི་འཛེམ་པ་དང་། སེར་སྣས་ཡོ་བྱད་ལ་སོགས་པ་ལ་ཞེན་ཏེ་ཅུང་ཟད་ཀྱང་མི་གཏོང་བར་སོགས་པ་དང་། སངས་རྒྱས་ལ་སོགས་པ་ལ་མི་གུས་པ་དང་། ཐབས་མི་མཁས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡིད་ལ་བྱེད་པ་དང་། གཞན་གྱི་མིག་གི་དབང་པོ་ལ་སོགས་པ་དང་བྲལ་བར་བྱེད་པ་དང་། ལོག་པར་ལྟ་བའི་རྗེས་སུ་ཕྱོགས་པ་དང་། སྨོན་ལམ་མ་སྦྱངས་པ་སྟེ། ཇི་ལྟར་རིགས་པར་གཞན་ཡང་བགྲང་བ་ལས་འདས་པ་ཤིན་ཏུ་ཕྲ་བར་འགྱུར་བ་དེ་དག་ཐམས་ཅད་དོ། །དངོས་པོ་དེ་དག་ཇི་ལྟར་བཤགས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྣམས་མངོན་དུ་བྱས་ཏེ་མཐོལ་བ་ལ་སོགས་པ་བྱས་ཏེ་ཕྱིས་སྡོམ་པའོ། །དེ་ལ་ཡེ་ཤེས་སུ་གྱུར་པ་ནི་ཇི་ལྟ་བའི་རྣམ་པ་དོན་དམ་པ་དང་། ཇི་སྙེད་པའི་རང་བཞིན་ཀུན་རྫོབ་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ནོ། །སྤྱན་དུ་གྱུར་པ་ནི་སྤྱན་ལྔ་རྣམ་པར་དག་པས་མཁྱེན་པའོ། །དཔང་དུ་གྱུར་པ་ནི་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །ཚད་མར་གྱུར་པ་ནི་དཔང་དུ་གྱུར་པ་དེ་ཉིད་ཀྱི་ཕྱིར་རོ། །མཁྱེན་པ་ནི་ཡེ་ཤེས་ཀྱིས་སོ། །གཟིགས་པ་ནི་སྤྱན་གྱིས་ཏེ་དེ་དག་གི་སྤྱན་སྔར་རོ། །ཡང་ན་མངོན་པར་ཤེས་པ་དྲུག་དང་སྦྱར་རོ་ཞེས་ཁ་ཅིག་འཆད་དོ་ཞེས་གྲག་གོ། །མཐོལ་བ་ནི་རང་གི་ངོ་བོས་འདི་བྱས་སོ་ཞེས་ངག་ཏུ་བརྗོད་པའོ། །དེ་དག་ལ་ཉེས་པ་རྣམ་པ་དུ་མར་ལྟ་ཞིང་སེམས་ཀྱིས་མི་མཐུན་པར་བཟུང་ནས་ཉེས་པ་ཅན་དུ་སྟོན་པ་ནི་བཤགས་པའོ། །མི་འཆབ་པ་ནི་བདག་གིས་བགྱིས་པའི་སྡིག་པ་རྣམས་གཞན་གྱིས་ཚོར་ཏེ་འོང་ངོ་སྙམ་ནས་དེའི་ཐབས་ཡིད་ལ་མི་བྱེད་པའོ། ། ༈ ཕྱིས་སྡོམ་པ་མི་ཉམས་པར་བྱ་བའི་དམ་བཅའ་བ། ༆ སླན་ཆད་ཀྱང་སྡོམ་པ་ནི་གཉེན་པོས་ཀུན་ནས་བཟུང་སྟེ། སྔ་མའི་རྗེས་སུ་མི་འཇུག་པར་རྒྱུན་ཀུན་ནས་གཅོད་པའོ། །དེ་དག་གིས་ནི་བདག་གིས་བྱས་ཤིང་བསགས་པའི་སྡིག་པའི་ལས་ཟད་པར་འགྱུར་བའི་སྟོབས་བཞི་ཡང་བསྟན་ཏེ། རྟེན་གྱི་སྟོབས་དང་། རྣམ་པར་སུན་འབྱིན་པའི་སྟོབས་དང་། གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་དང་། སོར་ཆུད་པའི་སྟོབས་སོ། །དེ་ལ་གང་ལ་སྒྲིབ་པ་རྣམས་བཤགས་པར་བྱ་བའི་རྟེན་དཀོན་མཆོག་གསུམ་དང་། དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་འགྲོ་བ་དང་། ཕྱག་འཚལ་བ་ནི་རྟེན་གྱི་སྟོབས་སོ། །བྱས་པའི་རྣམས་གྲངས་ཉེ་བར་རྟོག་ཅིང་ཉེས་པ་དུ་མའི་འབྱུང་ 116-196b གནས་སུ་བཟུང་ནས་ཡིད་ལ་གཅགས་པས་བདག་ཉེས་པ་ཅན་དུ་བརྗོད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་སོ། །གཉེན་པོ་དེ་དང་དེ་དག་ཡིད་ལ་བྱས་པས་ཡང་མི་འབྱུང་བར་བྱེད་པ་ནི་གཉེན་པོ་ཀུན་དུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་སོ། །སྟོབས་བཞི་པོ་དེ་ཡིད་ལ་བྱས་ཤིང་སེམས་ཐག་པ་ནས་ཁ་ཏོན་དུ་བྱས་ན་ལས་ཀྱི་སྒྲིབ་པ་རྣམས་ཀུན་ནས་བསྲབས་པར་འགྱུར་ཏེ། ཇི་སྐད་དུ། བྱམས་པ་ཆོས་བཞི་པོ་འདི་དག་ནི་སྡིག་པ་བྱས་ཤིང་བསགས་པ་རྣམས་ཀུན་ནས་བསྲབས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། རྟེན་གྱི་སྟོབས་དང་། རྣམ་པར་སུན་འབྱིན་པའི་སྟོབས་དང་། གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་དང་། སོར་ཆུད་པའི་སྟོབས་སོ། །དེས་ནི་བྱང་ཆུབ་སེམས་དཔའ་གང་དག་སྡིག་པའི་ལས་ཟད་པར་འདོད་པ་དག་གིས་མདོ་འདི་མང་དུ་ཡིད་ལ་བྱའོ། །ཁ་ཏོན་དུ་བྱའོ་ཞེས་གསུངས་པ་བཞིན་ནོ། ། ༈ བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། ༆ དེ་ལྟར་ལས་ཀྱི་སྒྲིབ་པ་རྣམས་བཤགས་ནས། ད་ནི་བདག་གིས་བྱས་པའི་དགེ་བའི་རྩ་བ་རྣམས་ཡང་དག་པའི་བསྔོ་བས་མ་ཟིན་པས་འབྲས་བུ་མེད་པའམ། ཡོད་ཀྱང་དམན་པར་འགྱུར་བས་སྲིད་པའི་རྒྱ་མཚོ་ལས་རྒལ་བའི་ཕྱིར་དགེ་བ་རྣམས་བསྔོ་བར་བྱ་སྟེ། དེས་ནི་འབྱུང་ཁུངས་ནས་འདུས་བྱས་པའི་གསེར་གྱི་ཕུང་པོ་མགར་བ་མཁས་པས་རྒྱན་དུ་བྱས་ན་རང་དང་གཞན་དང་ཉེ་བར་མཁོ་བའི་ཡན་ལག་ཏུ་འགྱུར་བ་བཞིན་དུ་ཇི་ལྟར་འདོད་པའི་འབྲས་བུར་འགྱུར་རོ། །དེ་ལ་གང་གི་མདུན་དུ་བསྔོ་བར་བྱ་བ་དག་ལ་གསོལ་བ་གདབ་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །གང་བསྔོ་བར་བྱ་བའི་དགེ་བ་ནི་བདག་གི་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དགེ་བའི་རང་བཞིན་ནི་རྣམ་པ་གསུམ་སྟེ། སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྦྱིན་པ་ལས་བྱུང་བ་ནི། སྦྱིན་པ་ཐ་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཆེན་པོར་འགྱུར་བའི་སྦྱིན་པ་སྣོད་དུ་གྱུར་པ་ལ་ཆོས་ཀྱི་སྦྱིན་པ་དང་། འཇིགས་པ་ལ་མི་འཇིགས་པའི་སྦྱིན་པ་དང་། བྱམས་པའི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དངོས་པོ་མིག་ལ་སོགས་པ་ནས་ཡོངས་སུ་བཏང་བ་དང་། ཁྱད་པར་དུ་འཕགས་པ་དག་ལ་ཕྱི་རོལ་དུ་གྱུར་པའི་སེམས་ཅན་གྱིས་བསྡུས་པའི་བུ་ལ་སོགས་པ་བཏང་བ་དང་། དེ་ལས་གཞན་པ་གླིང་བཞི་ལ་སོགས་པ་བཏང་བ་དང་། རྒྱལ་སྲིད་དང་། དེའི་ཕྱེད་དང་། ཡུལ་འཁོར་དང་། ལྗོངས་དང་། གྲོང་ལ་སོགས་པ་ 116-197a དང་། ཟས་དང་སྐོམ་ལ་སོགས་པ་བཏང་བ་དང་། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཁམ་གཅིག་ཙམ་བྱིན་པ་ཡན་ཆད་དེ། ཡུལ་དང་དངོས་པོ་ཤིན་ཏུ་དམན་པར་གྱུར་པའོ། །ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཐམས་ཅད་ལ་སོ་སོར་ཐར་པའི་སྡོམ་པས་བསྡུས་པ། བསྙེན་པར་རྫོགས་པ་ནས་དགེ་བསྙེན་གྱི་བར་གྱི་ཐུན་མོང་གི་ཚུལ་ཁྲིམས་བསྲུང་བའོ། །རབ་ཏུ་བྱུང་བར་གཏོགས་པ་ཁོ་ན་ནི་ཚངས་པར་སྤྱོད་པ་ཁོ་ན་ལ་གནས་པའོ། །བྱང་ཆུབ་སེམས་དཔའ་ཁོ་ནའི་དབང་དུ་བྱས་པ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་སྟེ། སྦྱོར་བས་སེམས་ཅན་སྨིན་པར་བྱེད་པ་དང་། བསམ་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ཁོ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དགེ་བའི་ལས་ཀྱི་ལམ་བཅུ་ལ་བསྐལ་པ་བྱེ་བ་ཙམ་དུ་མི་དགེ་བའི་སྐབས་མ་ཕྱེ་ཡང་ཚུལ་ཁྲིམས་དག་པ་ཞེས་མི་བྱ་ལ། བསམ་པ་དང་སྦྱོར་བ་དེ་ལྟ་བུས་བརྩོན་ན་འདོད་པའི་ཡོན་ཏན་ལྔ་དང་འདྲེ་བར་སྤྱོད་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བརྗོད་དེ། དེ་སྐད་དུ་ཡང་བཅོམ་ལྡན་འདས་མ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་དུ་འདོད་སྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །འདི་ཡང་གཞན་གྱི་དོན་གཙོ་བོར་གྱུར་པ་ཡིན་གྱི། རང་གི་དོན་འགོག་པ་ནི་མ་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་ཞེས་བྱ་བ་སྟེ། བླ་ན་མེད་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ཀུན་རྫོབ་ཀྱིས་བསྡུས་པ་ཇི་སྙེད་ཡོད་པ་དང་། དོན་དམ་པས་བསྡུས་པ་ཇི་ལྟ་བར་གནས་པ་ཐམས་ཅད་མཁྱེན་པ་ཉན་ཐོས་ལ་སོགས་པ་ལས་ཕུལ་དུ་བྱུང་བའོ། །དེ་ནི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་བསྒོམས་པ་ལས་བྱུང་བ་སྟེ། དེ་དག་གོམས་པ་ཕུལ་དུ་ཕྱིན་པ་ན་སྤྲོས་པ་ཐམས་ཅད་དེ། རང་བཞིན་མེད་པ་གསལ་བ་རབ་ 116-197b ཏུ་གྱུར་ནས་ཅི་ཡང་མཐོང་བ་མེད་པའི་ཚུལ་གྱིས་ཆོས་རྣམས་རང་བཞིན་སྟོང་པ་ཉིད་ཇི་ལྟ་བ་ཡུལ་དུ་བྱེད་ཅིང་སྒྱུ་མ་ལྟ་བུའི་དོན་ནམ་མཁའ་དང་མཉམ་པ་རྒྱུ་དང་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་གཞག་པ་བཞིན་དུ་སྒྲིབ་པའི་དྲི་མ་སྤངས་པ་ལས་མངོན་སུམ་དུ་འགྱུར་རོ། །དེས་ན་སློབ་དཔོན་ཞི་བའི་ལྷས་ཀྱང་། ཉོན་མོངས་ཤེས་བྱའི་སྒྲིབ་པ་ནི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །ཅི་ཕྱིར་དེ་ནི་སྒོམ་མི་བྱེད། །ཅེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་སྟོང་པ་ཉིད་བསྒོམ་པ་གསུངས་ཏེ། དེ་ལྟར་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བ་དེ་ཐམས་ཅད་བསྔོ་བར་བྱའོ། །ཇི་ལྟར་བསྔོ་ཞེ་ན། བསྔོ་བའི་རྣམ་པ་ནི་གཅིག་ཏུ་བསྡུས་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བྱས་ཏེ། གཞན་ལས་ཕུལ་དུ་བྱུང་བ་རྣམས་སོ། །དེ་ལ་གཅིག་ཏུ་བསྡུས་པ་ནི་རང་གི་ངོ་བོའི་སྒོ་ནས་སོ། །བཟླུམས་པ་ནི་བྱ་བའི་སྒོ་ནས་སོ། །བསྡོམས་པ་ནི་ནུས་པའི་སྒོ་ནས་སོ། །བླ་ན་མ་མཆིས་པ་ལ་སོགས་པ་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟར་བསྔོ་བའོ། །གང་དུ་བསྔོ་བ་ནི་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ་གནས་སྐབས་དེར་རོ། །ཐབས་གང་གིས་བསྔོ་བ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འདས་པ་ལ་སོགས་པའི་བསྔོ་བ་ཇི་ལྟ་བས་སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་རྣམས་ཡང་དག་པར་མེད་པ་ཤེས་བཞིན་དུ་མདུན་དུ་བྱས་ནས་དགེ་བའི་རྩ་བ་དེ་དག་དང་། སྔོ་བར་བྱེད་པའི་སེམས་དང་། གང་དུ་བསྔོ་བར་བྱ་བའི་བླ་ན་མེད་པའི་བྱང་ཆུབ་ཀྱང་དོན་དམ་པའི་མཚན་མ་ཅུང་ཟད་དུ་ཡང་མི་འཛིན་པར་སེམས་ཅན་གྱི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བའམ། དེ་ལྟ་བུའི་ཐབས་བདག་གིས་མངོན་དུ་བྱ་བར་མ་ནུས་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གི་དགེ་བའི་རྩ་བ་འདི་ཡང་བསྔོའོ་ཞེས་ཚུལ་དེ་ལྟར་བསྔོ་བར་བྱ་བ་ནི་སངས་རྒྱས་ཀྱིས་ཡོངས་སུ་གནང་བ་ཐབས་དང་བཅས་པའི་བསྔོ་བ་ཡིན་ནོ། །དེ་ལྟར་སྡིག་པ་བཤགས་པ་དང་། དགེ་བ་བསྔོ་བ་གསུངས་ནས། བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་བསྡུས་ཏེ་བརྗོད་པ་ནི་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ་ཞེས་བྱ་བ་ 116-198a ལ་སོགས་པ་སྟེ། སྲིད་པའི་བཙོན་རར་འཁྱམས་ཤིང་བྱང་ཆུབ་ཆེན་པོ་མི་འཐོབ་པའི་རྒྱུ་ནི་རང་གིས་སྡིག་པའི་ལས་བསགས་པ་དང་། གཞན་གྱི་དགེ་བ་ལ་ཞེ་སྡང་བ་དང་། སངས་རྒྱས་ཀྱི་བསྟན་པ་མེད་ཅིང་དེ་འཇིག་རྟེན་ན་མི་བཞུགས་པ་དང་། སྨོན་ལམ་ཕྱིན་ཅི་ལོག་བཏབ་པ་དང་། སངས་རྒྱས་ལ་མ་གུས་པ་དང་། དེའི་སྐྱབས་དང་བྲལ་བ་ལས་ཡིན་ལ། ཉེས་པ་དེ་དག་རིམ་པ་བཞིན་སྡིག་པ་བཤགས་པ་ལ་སོགས་པས་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ། །དེས་ན་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། བྱང་ཆུབ་ཆེན་པོ་འཐོབ་པའི་རྒྱུ་ནི། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ། །བདག་གི་ཡེ་ཤེས་བླ་ན་མེད་པའི་མཆོག་ཏུ་གྱུར་ཅིག་ཅེས་བྱའོ་ཞེས་གསུངས་ཏེ། སྔར་བཤད་པ་བཞིན་སྟོབས་བཞིའི་སྒོ་ནས་རང་གིས་བྱས་ཤིང་བསགས་པའི་སྡིག་པ་བཤགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བ་རྣམས་བྱེད་པའི་བསམ་པས་ཕུལ་དུ་བྱུང་བའི་དགའ་བ་ཐོབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་བཞེད་ཅིང་ཐུགས་ལས་ཆུད་པ་ལ་གཞོལ་བར་མཛད་པ་དང་། མྱ་ངན་ལས་འདས་པ་ཀུན་དུ་སྟོན་པ་རྣམས་ལ་འགྲོ་བ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་མི་འདའ་བར་བསྐལ་པ་གྲངས་མེད་པར་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་བ་གང་དང་གང་བྱས་པ་རྣམས་ཀྱིས་བདག་ཡེ་ཤེས་ཀྱི་མཆོག་རྣམ་པ་ཐམས་ཅད་མཁྱེན་པར་སྨོན་ལམ་འདེབས་སོ། །སངས་རྒྱས་རྣམས་པ་ཐལ་མོ་སྦྱར་བ་ནི་ཕྱག་འཚལ་བ་ཡིན་ལ། སྐྱབས་སུ་ཉེ་བར་མཆི་བ་ནི། འཇིགས་པ་ཐམས་ཅད་ཀྱི་དཔུང་གཉེན་དུ་གཟུང་བ་སྟེ། དེས་ནི་སངས་རྒྱས་རྣམས་ལ་གུས་ཤིང་སྐྱབས་ཀྱི་གནས་སུ་གཟུང་བའོ། །དེ་དག་གིས་ནི་མདོ་སྡེ་གཞན་ནས་ཕུང་པོ་གསུམ་ཞེས་གང་བསྟན་པ་དེ་ཡང་བསྡུས་ཏེ། སྡིག་པ་བཤགས་པ་ནི་བཤགས་པའི་ཕུང་པོའོ། །དགེ་བའི་རྩ་བ་བསྔོ་བ་ནི་བསྔོ་བའི་ཕུང་པོའོ། །བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་ཀྱིས་སྡིག་པ་ནི་བཤགས་པས་སོ། །རྗེས་སུ་ཡི་རང་བ་ནི་བསྔོ་བའི་ཡན་ལག་སྟེ། རྗེས་སུ་ཡི་རང་བའི་དགེ་བ་བསྔོ་བས་སོ། །གསོལ་བ་འདེབས་པ་ནི་གསོལ་བ་འདེབས་པའི་ཕུང་པོའོ། །སྨོན་ལམ་འདེབས་པ་ནི་བསྔོ་བའི་རང་བཞིན་ཡིན་ནོ། ། 116-198b ཕྱག་འཚལ་བ་དང་སྐྱབས་སུ་གཟུང་བ་ནི་རྟེན་གྱི་སྟོབས་ཏེ། སྡིག་པ་བཤགས་པའི་ཕུང་པོར་འདུས་སོ། །དེ་དག་སེམས་ཐག་པ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྒྱུན་མི་འཆད་པར་བྱས་ན། བྱང་ཆུབ་སེམས་དཔའ་དེའི་ལས་ཀྱི་ལམ་གྱི་སྒྲིབ་པ་རྣམས་ཟད་ནས་འདོད་པའི་འབྲས་བུ་མངོན་དུ་འགྱུར་བས་འདི་ལ་བརྩོན་པར་བྱའོ། །སློབ་དཔོན་ཞི་བའི་ལྷས་ཀྱང་། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་སོ། །ཇི་ལྟར་བྱང་ཆུབ་སེམས་དཔའི་ལས་ཀྱི་སྒྲིབ་པ་རྣམས་འདིས་སྦྱང་བར་བྱ་བ་བཞིན་དུ་གཞན་ཐམས་ཅད་ཀྱང་ལྟུང་བ་རྣམས་ཆོས་དང་མཐུན་པར་སོར་ཆུད་པར་བྱས་ནས་ལས་ཀྱི་སྒྲིབ་པ་ལྷག་མ་རྣམས་འདིས་སྦྱང་བར་བྱ་བ་ཁོ་ནའོ། །གཞན་དག་ལས་ཀྱི་སྒྲིབ་པ་ཟད་པར་འདོད་པ་སུ་ཡང་རུང་བ་དག་གིས་ཀྱང་འདི་ལ་བརྩོན་པར་བྱའོ། །དེ་ལྟར་ན་ལས་ཀྱི་སྒྲིབ་པ་རྣམས་ཟད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཉེས་པ་མ་ལུས་པ་དྲུངས་ནས་ཕྱུང་ཞིང་མ་ནོར་བར་རྟོགས་པའི་ཡེ་ཤེས་ཅན་བརྩེ་བ་ཆེན་པོ་གཞན་སྡུག་བསྔལ་དང་བྲལ་བར་བཞེད་པའི་བདག་ཉིད་ཆེན་པོ་ཡིན་པས་འདི་ལ་ཡིད་གཉིས་ཅུང་ཟད་ཀྱང་མེད་དེ། བརྫུན་གསུང་བ་མི་སྲིད་པའི་ཕྱིར་རོ། །སྤྱོད་ཡུལ་མ་ཡིན་འདོད་ཆེན་ལ། །རང་དང་གཞན་གྱི་དོན་གྱི་ངོར། །བདག་གིས་འབད་བགྱིས་ནོངས་པ་ལ། །སྐྱེ་བོ་མཁས་རྣམས་བཟོད་པར་མཛོད། །འདི་བྱས་པ་ལས་བསོད་ནམས་ནི། །དམ་ཚིག་རྡོ་རྗེས་ཐོབ་གང་ཡིན། །དེས་ནི་འཁོར་བ་མ་ལུས་པའི། །མ་རིག་འཐིབས་པོར་བྱིང་འབྱིན་ཤོག །ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་བཤད་པ་ཞེས་བྱ་བ་སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །  
44-119b The Discourse for Kāśyapa བམ་པོ་དང་པོ། །རྒྱ་གར་སྐད་དུ། ཨཱརྱ་ཀཱཤྱ་བ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ། བོད་སྐད་ དུ། འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནི་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་ འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས། འདུས་པ་ཁྲི་དྲུག་སྟོང་ཐམས་ཅད་ཀྱང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་དང་ཆོས་སྨྲ་ བ་ལ་མི་གུས་པ་ཡིན། ཆོས་ལ་སེར་སྣ་བྱེད་ཅིང་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་ཡིན། ཆོས་འདོད་པའི་གང་ཟག་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་ཅིང་འདུན་པ་ཟློག་པར་བྱེད། རྣམ་པར་འཁྲུག་པར་བྱེད་དེ། མི་སྟོན་ཅིང་རབ་ཏུ་འཆབ་པ་ཡིན། མངོན་པའི་ང་རྒྱལ་གྱིས་བདག་ ལ་བསྟོད་ཅིང་གཞན་ལ་སྨོད་པ་ཡིན་ཏེ། འོད་སྲུང་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་སྨྲ་བ་ལ་གུས་པ་མེད་པ་ཡིན། །ཆོས་ལ་སེར་སྣ་བྱེད་པར་གྱུར་པ་དང་། །ཆོས་ལ་སློབ་དཔོན་དཔེ་མཁྱུད་ བྱེད་པ་ཡིན། །ཆོས་འདོད་རྣམས་ལ་བགེགས་ནི་བྱེད་གྱུར་ཅིང་། །འདུན་པ་ཟློག་ལ་དེ་བཞིན་རྣམ་འཁྲུག་བྱེད། །རྒྱལ་བས་བསྔགས་པའི་ཆོས་ནི་ཡོང་མི་སྟོན། །ལེ་ལོ་ཅན་དེ་བདག་བསྟོད་རྟག་ཏུ་བརྩོན། །གཞན་ལ་སྨོད་པར་བྱེད་ལ་མངོན་པར་དགའ། །ཆོས་བཞི་འདི་དག་རྒྱལ་ 44-120a བའི་སྲས་རྣམས་ཀྱི། །ཤེས་རབ་ཉམས་པར་འགྱུར་བར་རྒྱལ་བས་གསུངས། །ཆོས་བཞི་འདི་དག་རབ་ཏུ་སྤང་བྱས་ལ། །རྒྱལ་བས་གསུངས་པའི་ཆོས་བཞི་གཞན་བསྒོམ་མོ། །འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་ པོར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་ཡིན། ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་རེ་བར་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་ པར་རབ་ཏུ་སྟོན་པར་བྱེད་པ་ཡིན། མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་རིག་ནས་མགོའམ་གོས་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་ཞིང་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན་པར་བྱེད་པ་ཡིན། ནན་ཏན་སྙིང་པོར་བྱེད་ཀྱི་སྨྲ་བ་དང་བརྗོད་པའི་ཚིག་ལྷུར་ལེན་པ་མ་ཡིན་པ་སྟེ། འོད་ སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོར་འགྱུར་བའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་སྨྲ་བ་ལ་གུས་དང་བཅས་པ་ཡིན། །ཟང་ཟིང་མེད་ཅིང་རྙེད་དང་བཀུར་སྟི་ལ། །རེ་བ་མེད་ཅིང་ཚིགས་བཅད་མི་སེམས་པར། །ཇི་ལྟར་ཐོས་པའི་ཆོས་རྣམས་ གཞན་ལ་སྟོན། །ཐོས་ལས་ཤེས་རབ་འབྱུང་བར་དེས་རིག་ནས། །མགོ་ལ་འབར་བཞིན་རྟག་ཏུ་ཐོས་པ་ཚོལ། །དེ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན། །ཆོས་བཟུང་ནས་ནི་ནན་ཏན་བྱ་ཕྱིར་གནས། །མཁས་དེ་ནན་ཏན་སྙིང་པོར་བྱེད་པ་ཡིན། །ཚིག་ལྷུར་མི་ལེན་སྨྲ་བ་ ལྷུར་མི་ལེན། །མཁས་པས་ཆོས་བཞི་འདི་དག་བསྟེན་བྱས་ན། །རྒྱལ་བས་བསྔགས་པའི་ཤེས་རབ་ཐོབ་པར་འགྱུར། །འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང་། བླ་མ་ དང་། སྦྱིན་གནས་ལ་སླུ་བ་དང་། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང་ 44-120b སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྦྱིན་གནས་བླ་མས་བསྒོ་བཞིན་མི་བྱེད་དང་། །གཞན་དག་ལ་ཡང་ ཐེ་ཚོམ་ཉེར་སྒྲུབ་དང་། །སེམས་ཅན་གང་དག་བྱང་ཆུབ་རབ་ཞུགས་པ། །དེ་ལ་བསྔགས་མིན་མི་སྙན་སྨྲ་བ་དང་། །སྒྱུ་དང་གཡོ་དང་རྒྱན་ལ་དོར་བྱེད་པས། །གཞན་ལ་སྟེན་གྱི་བསམ་པས་མ་ཡིན་པ། །ཆོས་བཞི་འདི་དག་ཀུན་ཏུ་བསྟེན་བྱས་ན། །སངས་རྒྱས་བྱང་ ཆུབ་སེམས་མཆོག་ཉམས་པར་འགྱུར། །དེ་ལྟ་བས་ན་ཆོས་འདི་སྟེན་བྱེད་ན། །བྱང་ཆུབ་མཆོག་ལས་དེ་ནི་རིང་བར་འགྱུར། །དེ་ལས་བཟློག་པ་སྟེན་པར་བྱེད་ན་ནི། །བྱང་ཆུབ་མཆོག་རབ་བསྔགས་པ་རེག་པར་འགྱུར། །འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ་སྲོག་གི་ཕྱིར་རམ། ཐ་ན་བཞད་གད་ཀྱི་ཕྱིར་ཡང་བརྫུན་གྱི་ཚིག་མི་སྨྲ་བ་དང་། སྒྱུ་དང་ གཡོ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་རྗོད་པ་དང་། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་རྣམས་ ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྲོག་གི་ཕྱིར་ཡང་བརྫུན་ཚིག་མི་སྨྲ་ཞིང་། །རྟག་ཏུ་དོན་དང་ལྡན་པའི་ཚིག་རྣམས་སྨྲ། །སྒྱུ་དང་གཡོ་ནི་རྟག་ཏུ་རྣམ་སྤངས་ཏེ། །ལྷག་པའི་བསམ་པས་རྟག་ཏུ་སེམས་ཅན་ལྟ། ། 44-121a སེམས་ཅན་དག་པ་བྱང་ཆུབ་གང་ཞུགས་པ། །བྱང་ཆུབ་སེམས་དཔའ་དེ་ལ་སྟོན་པར་སེམས། །སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་ཀྱང་། །དེ་དག་བསྔགས་པ་ཕྱོགས་བཞིར་རྗོད་པར་བྱེད། །སེམས་ཅན་གང་དག་ཡོངས་སུ་སྨིན་བྱེད་པ། །བླ་མེད་ཡེ་ཤེས་ ཡང་དག་འཛིན་དུ་འཇུག །ཆོས་དེ་དག་ལ་རབ་ཏུ་གནས་པ་རྣམས། །བྱང་ཆུབ་སེམས་ནི་ནམས་ཀྱང་བརྗེད་མི་འགྱུར། །འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་ཏེ། དགེ་བའི་ཆོས་དེ་དག་གིས་ རྒྱས་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱང་པན་པའི་གསང་ཚིག་ཚོལ་བ་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་བ་དང་། བྱང་ཆུབ་སེམས་དཔའ་ལ་རྣམ་པར་སྡང་ཞིང་སྐུར་པ་འདེབས་པ་དང་། མ་ཐོས་པ་དང་། མ་ཟིན་པའི་མདོ་སྡེ་རྣམས་སྤོང་བ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་ཏེ། དགེ་བའི་ཆོས་དེ་དག་གི་རྒྱས་པར་མི་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ང་རྒྱལ་གྱིས་ནི་འཇིག་རྟེན་ རྒྱང་པན་ཚོལ། །རྙེད་ཀྱི་ཕྱིར་ན་ཁྱིམ་ལ་སྦྱོར་བར་བྱེད། །བྱང་ཆུབ་སེམས་དཔའ་སངས་རྒྱས་སྲས་ལ་སྡང་། །དེ་དག་བསྔགས་མིན་ཀུན་ཏུ་སྨྲ་བར་བྱེད། །དེ་ནི་མ་ཐོས་པ་དང་མ་ཟིན་མདོ། །བདེ་བར་གཤེགས་པས་གསུངས་པ་སྤོང་བར་བྱེད། །ཆོས་འདི་དག་དང་ལྡན་པར་གྱུར་ པ་ནི། །དགེ་བའི་ཆོས་ཀྱིས་རྒྱས་པར་མི་འགྱུར་རོ། །དེ་ལྟས་བྱང་ཆུབ་སེམས་དཔའ་མཁས་པ་ཡིས། །ཆོས་བཞི་འདི་དག་རྒྱང་སྲིང་རྣམ་པར་སྤོང་། །འདི་དག་བསྟེན་ན་བྱང་ཆུབ་རབ་རིང་སྟེ། །གནམ་ས་རིང་བས་ཤིན་ཏུ་རིང་བར་འགྱུར། །འོད་སྲུང་བྱང་ཆུབ་སེམས་དཔའ་ ཆོས་བཞི་དང་ལྡན་ན་ཁྱད་པར་དུ་འགྲོ་བས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་བ་ལ་བརྩམས་ནས་ལེགས་པར་ཐོས་པ་ཚོལ་གྱི་ཉེས་པ་མི་ཚོལ་ཏེ། སེམས་ཅན་ཐམས་ 44-121b ཅད་ལ་ང་རྒྱལ་མེད་པའི་ཕྱིར་སེམས་ཁྱི་དང་འདྲ་བ་ཡིན། ཆོས་ཀྱི་རྙེད་པས་ཆོག་པར་འཛིན་ཏེ། ལོག་པས་འཚོ་བ་ཐམས་ཅད་ཡོངས་སུ་སྤངས་ཤིང་འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་ཡིན། གཞན་དག་གི་ལྟུང་བ་བྱུང་བ་དང་མ་བྱུང་བ་མི་གླེང་ཞིང་གཞན་དག་གི་ འཁྲུལ་པ་གཞན་དང་གཞན་མི་ཚོལ་བ་ཡིན། སངས་རྒྱས་ཀྱི་ཆོས་ཟབ་མོ་གང་དག་དེའི་བློས་མི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཤིང་སེམས་ཅན་མོས་པ་ཐ་དད་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་འཇུག་སྟེ། དེ་བཞིན་གཤེགས་ པ་ཉིད་ཀྱིས་མཁྱེན་ཀྱི་བདག་གིས་ནི་མི་ཤེས་ཏེ། དེ་བཞིན་གཤེགས་པས་མངོན་སུམ་མོ་ཞེས་བྱས་ནས་མི་སྤོང་བ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཁྱད་པར་དུ་འགྲོ་བས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་རྟག་ཏུ་ཕ་རོལ་ཕྱིན་རྣམས་དང་། །ཐབས་ལ་མཁས་དང་བྱང་ཆུབ་སྡེ་སྣོད་བརྩོན། །ང་རྒྱལ་མེད་པས་ཁྱི་འདྲའི་སེམས་ཀྱིས་སུ། །སེམས་ཅན་ཀུན་ལ་ང་རྒྱལ་བཅག་པ་ཡིན། །ཆོས་དང་འཐུན་པའི་རྙེད་པས་ཆོག་སེམས་ཤིང་། །འཚོ་བ་ཡོངས་དག་འཕགས་པའི་ རིགས་ལ་གནས། །གཞན་གྱི་འཁྲུལ་པ་ཚོལ་བར་མི་བྱེད་ཅིང་། །གཞན་གྱི་ལྟུང་བ་གླེང་བར་མི་བྱེད་དོ། །གང་ལ་དེ་ཡི་བློས་ནི་མི་རྟོགས་པ། །དེ་ལ་དེ་བཞིན་གཤེགས་པ་མངོན་སུམ་སྟེ། །བདེ་གཤེགས་བཤད་པའི་བྱང་ཆུབ་མཐའ་ཡས་པས། །རྒྱལ་བས་མཁྱེན་གྱི་བདག་གིས་ མི་ཤེས་སོ། །ཆོས་བཞི་འདི་དག་རིག་པར་གྱུར་པ་ནི། །ཡེ་ཤེས་ཁྱད་པར་འཕགས་མཆོག་ཉམས་མི་འགྱུར། །ཆོས་འདི་དག་ལ་རབ་ཏུ་གནས་པ་ནི། །རྒྱལ་བས་བསྔགས་པའི་བྱང་ཆུབ་རྙེད་མི་དཀའ། །འོད་སྲུང་ཆོས་བཞི་པོ་འདི་དག་ནི་གྱ་གྱུ་ཅན་གྱི་སེམས་བསྐྱེད་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་དང་ཡིད་གཉིས་དང་ཐེ་ཚོམ་ཟ་བ་དང་། སེམས་ཅན་རྣམས་ལ་ང་རྒྱལ་དང་། རྒྱགས་པ་དང་། འཆབ་པ་དང་། ཁྲོ་བ་དང་། གནོད་པར་ 44-122a སེམས་པ་དང་། གཞན་གྱི་རྙེད་པ་རྣམས་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲས་ཚིགས་སུ་བཅད་པ་འབྱིན་པ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་གྱ་གྱུ་ཅན་ གྱི་སེམས་བསྐྱེད་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་ལ་ནི་སོམ་ཉི་ཡིད་གཉིས་བྱེད། །སེམས་ཅན་རྣམས་ལ་ང་རྒྱལ་རྒྱགས་ཁྲོ་སྟེན། །གཞན་གྱི་རྙེད་ལ་སེར་སྣ་ཕྲག་དོག་བྱེད། །རྒྱལ་བ་ལ་ནི་ནམས་ཀྱང་ དད་མི་བྱེད། །མི་མཁས་རྟག་ཏུ་བྱང་ཆུབ་སེམས་དཔའ་ལ། །བསྔགས་པ་མིན་དང་བརྗོད་མིན་མི་སྙན་བརྗོད། །གྱ་གྱུ་ཅན་གྱི་སེམས་བཞི་རྣམ་པར་སྤང་། །བྱང་ཆུབ་སེམས་དཔས་རྟག་ཏུ་སེམས་ཅན་བསྟེན། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དྲང་པོའི་དྲང་བའི་ མཚན་ཉིད་ཡིན་ཏེ་བཞི་གང་ཞེ་ན། འདི་ལྟ་སྟེ། ལྟུང་བ་བྱུང་བ་རྣམས་མི་འཆབ་ཅིང་རྗོད་དེ་རྣམ་པར་འབྱེད་པ་དང་། འཆགས་པས་ཀུན་ནས་ལྡང་བ་མེད་པ་ཡིན། དེའི་བདེན་པའི་ཚིག་གང་གིས་རྒྱལ་སྲིད་སྟོར་བ་འམ། ནོར་ཡལ་བ་འམ། སྲོག་གི་བར་ཆད་དུ་འགྱུར་ཡང་བདེན་པའི་ཚིག་ མི་མཁྱུད་ཅིང་གཞན་ནས་གཞན་དུ་སྒྱུར་བའི་ཚིག་མི་སྨྲ་བ་ཡིན། གཞན་གྱིས་གནོད་པར་བྱ་བ་སྐུར་པ་དང་། མཚང་འདྲུ་བ་དང་། སྨོད་པ་དང་། བཤུང་བ་དང་། སྡིགས་པ་དང་། རྡེག་པ་དང་། གསོད་པ་དང་། འཆིང་བར་བྱེད་པའི་ཉེས་པ་ཐམས་ཅད་ལ་བདག་གིས་ཉེས་པར་ སེམས་ཤིང་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་གཞན་དག་ལ་མི་འཁྲུག་ཅིང་འཁོན་དུ་འཛིན་པ་མེད་པ་ཡིན། དེ་དད་པ་ལ་རབ་ཏུ་གནས་པ་ཡིན་ཏེ། བསམ་པ་ཡོངས་སུ་དག་པའི་ཕྱིར་ཐམས་ཅད་དད་པར་མི་འགྱུར་བའི་སངས་རྒྱས་ཀྱི་ཆོས་ལ་མངོན་པར་དད་པ་སྟེ། འོད་སྲུང་བཞི་ པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་དྲང་པོའི་དྲང་བའི་མཚན་ཉིད་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྟུང་བ་བྱུང་བ་འཆབ་པར་མི་བྱེད་ཀྱི། །རྗོད་ཅིང་རྣམ་པར་འབྱེད་དེ་ཉེས་པར་འདོད། །ནོར་དང་རྒྱལ་སྲིད་ཕྱིར་དང་སྲོག་ཕྱིར་ཡང་། །འདུ་ཤེས་བསྒྱུར་ཏེ་བརྫུན་པའི་ཚིག་མི་སྨྲ། ། 44-122b སྐུར་དང་སྨོད་དང་བཤུང་དང་གསོད་པ་དང་། །འཆིང་བར་བྱེད་དང་གོ་རར་བཅུག་པ་ལ། །བདག་གིས་ཉེས་སེམས་གཞན་ལ་འཁྲུག་མི་བྱེད། །ལས་ནི་བདག་གིར་བྱ་བས་འཁོན་མི་འཛིན། །དེ་ནི་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་དང་། །དད་ལ་གནས་ཤིང་བསམ་པ་དག་ ལྡན་པ། །འདི་དག་དྲང་བའི་མཚན་དུ་སངས་རྒྱས་གསུངས། །སེམས་ཅན་མཆོག་གིས་རྟག་ཏུ་བསྟེན་པར་བྱ། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དམུ་རྒོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་ལ་གཅེས་པ་འདོར་བའི་ཆོས་སུ་གནས་ཤིང་ཆོས་ཀྱི་རྗེས་སུ་འཐུན་ པའི་ཆོས་སྒྲུབ་པ་ལ་ནན་ཏན་དུ་མི་བྱེད་པ་ཡིན། རྗེས་སུ་བསྟན་པ་ལ་གཅེས་པ་འདོར་བའི་ཆོས་སུ་གནས་ཤིང་སློབ་དཔོན་དང་མཁན་པོ་ལ་སྲི་ཞུ་མི་བྱེད་པ་ཡིན། དམ་བཅས་པ་ལས་ཉམས་ཀྱང་དད་པས་བྱིན་པ་ལ་ཀུན་དུ་སྤྱོད་དེ། དད་པས་བྱིན་པ་ལོག་པར་ལྟུང་བར་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་རྣམས་མཐོང་ན་མི་གུས་ཤིང་ང་རྒྱལ་འཛིན་པ་ཡིན་ཏེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་དམུ་རྒོད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐོས་པས་རྒོད་པར་གནས་པར་བྱེད་པ་ཡིན། །རྗེས་སུ་བསྟན་པའི་ཆོས་ཉིད་རྟོགས་མི་འགྱུར། ། དེ་ནི་ཆོས་ཀུན་གཅེས་པ་འདོར་བ་སྟེན། །འཕགས་པ་རྣམས་ལ་ནམ་ཡང་སྲི་ཞུ་མེད། །དམ་བཅས་ཉམས་ཀྱང་དད་པས་བྱིན་པ་ཡི། །ཁ་ཟས་རྣམས་ལ་དེ་ནི་རྟག་ཏུ་ཟ། །བྱང་ཆུབ་སེམས་དཔའ་ཅང་ཤེས་ཐོབ་པ་དག །མཐོང་བར་གྱུར་ན་གུས་པར་མི་བྱེད་ཅིང་། །དམུ་རྒོད་ དེ་ནི་ང་རྒྱལ་འཕེལ་བར་བྱེད། །བྱང་ཆུབ་སེམས་དཔའ་ང་རྒྱལ་བཅག་མི་སྟེན། །འདི་དག་དམུ་རྒོད་བདེ་བར་གཤེགས་པས་གསུངས། །དེ་དག་རྒྱལ་སྲས་རྣམས་ཀྱིས་ཡོངས་སུ་སྤང་། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཅང་ཤེས་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལེགས་པར་ཐོས་པ་ཉན་ཅིང་དེ་ལ་ནན་ཏན་དུ་བྱེད་དེ་དོན་ལ་རྟོན་ཀྱི། ཚིག་འབྲུ་ལ་མི་རྟོན་པ་ཡིན། གདམས་ངག་དང་རྗེས་སུ་བསྟན་པ་ལ་འཐུན་པར་འཛིན་ཅིང་བཀའ་བློ་བདེ་ལ་ལེགས་པར་བྱེད་པའི་ལས་བྱེད་ཅིང་བླ་མ་ལ་སྲི་ཞུ་བྱ་བ་ཚར་ཕྱིན་པ་ཡིན། ཚུལ་ཁྲིམས་དང་ཏིང་ 44-123a ངེ་འཛིན་ལས་མ་ཉམས་ཏེ་ཅང་ཤེས་པས་ཟས་ཟ་བ་ཡིན། བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་རྣམས་མཐོང་ན་གུས་པ་དང་བཅས་ཤིང་རྗེ་ས་དང་བཅས་པར་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་ཅིང་དེའི་ཡོན་ཏན་འདོད་པ་ཡིན་ཏེ། འོད་སྲུང་བཞི་པོ་དེ་ དག་ནི་བྱང་ཆུབ་སེམས་དཔའ་ཅང་ཤེས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་མཉན་དེ་ནི་ལེགས་པར་ཐོས་པར་བྱེད། །ཆོས་དོན་སྙིང་པོར་བྱེད་ཅིང་ནན་ཏན་གནས། །རྗེས་སུ་བསྟན་པ་འཐུན་པར་འཛིན་བྱེད་ཅིང་། །ཆོས་འདོད་བཀའ་བློ་བདེ་བར་བླ་མ་སྟེན། །ཚུལ་ ཁྲིམས་ཏིང་ངེ་འཛིན་ལ་རྟག་གནས་ཤིང་། །ཚུལ་ཁྲིམས་བསྡམས་ནས་དེ་ནི་བཟའ་བ་ཟ། །གུས་དང་བཅས་ཤིང་རྗེ་སར་བཅས་པ་ཡིན། །དེ་ལ་གཞོལ་ཞིང་དེར་འབབ་ཡོན་ཏན་འདོད། །རྒྱལ་སྲས་གང་དག་ཅང་ཤེས་ཐོབ་གྱུར་པ། །དེ་དག་ལ་ནི་རྟག་ཏུ་དགའ་བས་ལྟ། ། བདེ་བར་གཤེགས་པས་བསྟན་པ་འདི་བཞི་ནི། །བདེ་གཤེགས་སྲས་པོ་ཅང་ཤེས་ཐོབ་པ་ཡིན། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་བྱང་ཆུབ་ སེམས་དཔའི་འཁྲུལ་པ་དང་། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། རྒྱུ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ། བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ ཅན་ཡང་དག་པ་ལ་རབ་ཏུ་གནས་པ་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ལ་བརྙས་ཤིང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ཀུན་དུ་སྡུད་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་སྟེ། འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པའོ། །དེ་ལ་འདི་ སྐད་ཅེས་བྱ་སྟེ། ཡོངས་སྨིན་མ་བྱས་རྣམས་ལ་ཡིད་མི་བརྟན། །སྣོད་མིན་རྣམས་ལ་རྒྱ་ཆེན་ཆོས་མི་བཤད། །རྒྱ་ཆེན་སེམས་ཅན་རྣམས་ལ་ཐེག་པ་དམན། །བྱང་ཆུབ་སེམས་དཔའ་མཆོག་གིས་བཤད་མི་བྱ། །ཡང་དག་གནས་ཤིང་ཚུལ་ཁྲིམས་ཡོན་ཏན་ལྡན། ། 44-123b དགེ་བའི་ཆོས་ཅན་རྣམས་ལ་བརྙས་མི་བྱ། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་མི་བསྡུ། །སྡིག་པའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ། །འཁྲུལ་བའི་ཆོས་བཞི་འདི་དག་ཤེས་གྱུར་ནས། །བྱང་ཆུབ་སེམས་དཔས་རྒྱང་བསྲིང་རྣམ་པར་སྤོང་། །འདི་དག་བསྟན་ན་ བྱང་ཆུབ་འཚང་མི་རྒྱ། །དེ་ལྟ་བས་ན་མཁས་པས་ཆོས་འདི་སྤོང་། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཆོས་སྟོན་པ་དང་ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བ་སྟེ། འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་མོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་རྣམས་ལ་རྟག་ཏུ་སེམས་སྙོམས་ བྱ། །སངས་རྒྱས་ཐེག་མཆོག་ཡང་དག་འཛིན་དུ་འཇུག །རྒྱལ་བས་བསྔགས་པའི་ཆོས་ནི་བསྟན་པར་བྱ། །སེམས་ཅན་ཀུན་ལ་དང་བའི་སེམས་སུ་བྱ། །ཡང་དག་སྦྱོར་ཞིང་ནན་ཏན་བྱེད་པར་གནས། །སེམས་ཅན་ཀུན་ལ་མཚུངས་པར་སྤྱད་པར་བྱ། །ཆོས་བཞི་འདི་ དག་རྒྱལ་བས་རབ་བསྔགས་ཏེ། །རྒྱལ་སྲས་རྣམས་ཀྱིས་དེ་དག་རྟག་ཏུ་བསྟེན། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བཤེས་གཉེན་ངན་པ་གྲོགས་པོ་ངན་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་ ཐོས་ཀྱི་ཐེག་པ་པ་དག་ལ་ཕན་པའི་ཕྱིར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དོན་ཉུང་ཞིང་བྱ་བ་ཉུང་བ་དང་། འཇིག་རྟེན་རྒྱང་པན་པ་གསང་ཚིག་སྣ་ཚོགས་ཀྱི་སྤོབས་པ་ཅན་དང་། གང་ལ་བརྟེན་པས་འཇིག་རྟེན་གྱི་ཟང་ཟིང་ཀུན་སྡུད་པར་འགྱུར་གྱི། ཆོས་ཀུན་མི་སྡུད་པ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་བཤེས་གཉེན་ངན་པ་གྲོགས་པོ་ངན་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཉན་ཐོས་གང་དག་བདག་ཕན་བརྩོན་པ་དང་། །གང་དག་རབ་ཏུ་བྱུང་ནས་རྣལ་འབྱོར་སྤྱོད། ། 44-124a རང་སངས་རྒྱས་པ་གང་དག་བྱེད་ཉུང་ཞིང་། །བདག་གི་དོན་དུ་འདུ་འཛི་རྣམ་པར་སྤོང་། །བྱིས་པ་གང་དག་འཇིག་རྟེན་རྒྱང་པན་ཀློག །ཇི་ལྟར་བསྟན་བཞིན་གང་དག་འདིར་རྩོད་བྱེད། །གང་ལ་བརྟེན་ན་ཟང་ཟིང་ཀུན་སྡུད་ཀྱི། །ཆོས་ནི་ནམ་ཡང་སྡུད་པར་མི་བྱེད་ པ། དེ་བཞི་བྱང་ཆུབ་སེམས་དཔས་རབ་སྤངས་ནས། །དགེ་བའི་བཤེས་གཉེན་བཞི་ལ་བསྟེན་པར་བྱ། །འདི་དག་བཤེས་གཉེན་ངན་དང་གྲོགས་ངན་དུ། །རྒྱལ་བས་གསུངས་ཏེ་ཐག་བསྲིང་ཡོངས་སུ་སྤོང་། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ བཤེས་གཉེན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ལམ་རྟོན་པའི་ཕྱིར་སློང་བ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་། ཐོས་པའི་ཤེས་རབ་རྟོན་པའི་ཕྱིར་ཆོས་སྨྲ་བ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་། དགེ་བའི་རྩ་བ་ཐམས་ཅད་རྟོན་པའི་ཕྱིར་ རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་འཇུག་པ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཏེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ དགེ་བའི་བཤེས་གཉེན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་ཡོངས་སུ་རྟོན་ཕྱིར་ལེན་པ་པོ། །སྦྱིན་བྱེད་རྣམས་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཆོས་དོན་སྨྲ་བ་ཐོས་དང་ཤེས་རབ་བྱེད། །དགེ་བའི་བཤེས་གཉེན་ཡིན་པར་བདེ་གཤེགས་གསུངས། །གང་དག་རབ་ འབྱུང་ཡང་དག་འཛིན་འཇུག་པ། །དེ་དག་དགེ་རྩ་ཡིན་པས་བཤེས་གཉེན་གསུངས། །རྫོགས་སངས་རྒྱས་ཀྱི་ལམ་ནི་རྟོན་པའི་ཕྱིར། །སངས་རྒྱས་རྣམས་ནི་བདེ་གཤེགས་སྲས་ཀྱི་བཤེས། །རྒྱལ་བས་བསྔགས་པ་བཞི་པོ་འདི་དག་ནི། །བདེ་གཤེགས་སྲས་ཀྱི་དགེ་ བའི་བཤེས་གཉེན་ཏེ། །འདི་དག་བསྟེན་ཅིང་རྟག་ཏུ་བག་ཡོད་ན། །བདེ་གཤེགས་བསྟན་པའི་བྱང་ཆུབ་འཐོབ་པར་འགྱུར། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྙེད་པ་དང་། བཀུར་སྟི་དོན་དུ་གཉེར་གྱི་ 44-124b ཆོས་དོན་དུ་གཉེར་བ་མ་ཡིན་པ་དང་། བརྗོད་པའི་སྒྲ་ཚིགས་སུ་བཅད་པ་དོན་དུ་གཉེར་གྱི་ཡོན་ཏན་དོན་དུ་གཉེར་བ་མ་ཡིན་པ་དང་། བདག་བདེ་བ་དོན་དུ་གཉེར་གྱི་སེམས་ཅན་གྱི་སྡུག་བསྔལ་བསལ་བ་དོན་དུ་གཉེར་བ་མ་ཡིན་པ་དང་། འཁོར་གྱི་ཚོགས་དོན་དུ་གཉེར་གྱི་དབེན་པ་ དོན་དུ་གཉེར་བ་མ་ཡིན་པ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྙེད་པ་དོན་དུ་གཉེར་གྱི་ཆོས་འདོད་མིན། །བརྗོད་པ་དོན་གཉེར་ཡོན་ཏན་དོན་གཉེར་མིན། །བདག་བདེ་རྟག་ཏུ་དོན་དུ་གཉེར་བྱེད་ཅིང་། །སེམས་ ཅན་སྡུག་བསྔལ་བསལ་བ་དོན་མི་གཉེར། །འཁོར་ཚོགས་དོན་དུ་གཉེར་གྱི་དབེན་མི་འདོད། །བདེ་ལ་ཆགས་ཀྱི་ཡོན་ཏན་མ་ཆགས་པ། །བཞི་པོ་དེ་དག་བཅོས་པར་གསུངས་པ་སྟེ། །དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་ཡང་མོས་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་ཆེས་པ་དང་། དེ་བདག་མེད་པར་ཡང་བཟོད་ལ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེ་བ་དང་དེའི་བསམ་པ་མྱ་ངན་ ལས་འདས་པ་ལ་ཡང་གནས་ལ་སྦྱོར་བ་འཁོར་བ་ན་ཡང་གནས་པ་དང་། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པ་ཡང་གཏོང་ལ་རྣམ་པར་སྨིན་པ་ལ་ཡང་མི་རེ་བ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ ཏན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་སྟོང་པ་ཉིད་དུ་རྟག་མོས་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་འང་ཡིད་ཆེས་སོ། །བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད། །དེ་བསམ་རྟག་ཏུ་མྱ་ངན་འདས་ལ་གནས། ། དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡིན། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་གཏེར་ཆེན་པོ་རྙེད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་འབྱུང་བ་མཉེས་པར་བྱེད་ 44-125a པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ཉན་པ་དང་། ཆོས་སྨྲ་བ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ལྟ་བ་དང་། བག་ཡོད་པར་དགོན་པ་ལ་གནས་པར་མངོན་པར་དགའ་བ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་གཏེར་ཆེན་པོ་རྙེད་པའོ། །དེ་ལ་འདི་སྐད་ ཅེས་བྱ་སྟེ། ཚེ་རབས་ཀུན་ཏུ་སངས་རྒྱས་མཉེས་པར་བྱེད། །ཕ་རོལ་ཕྱིན་པ་དྲུག་པོ་རྣམས་ཀྱང་ཉན། །ཆོས་སྨྲ་བ་ལ་སེམས་ནི་རབ་ཏུ་དང་། །མཐོང་ན་རྟག་ཏུ་གུས་པ་སྐྱེད་པར་བྱེད། །རྟག་ཏུ་བག་ཡོད་གྱུར་ནས་དགོན་པར་གནས། །དེ་ནི་དེ་ཉིད་ལ་ཡང་རྟག་ཏུ་དགའ། ། བཞི་པོ་འདི་དག་རྒྱལ་བའི་སྲས་རྣམས་ཀྱི། །གཏེར་ཆེན་ཡིན་པར་བདེ་བར་གཤེགས་པས་གསུངས། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བའི་ཆོས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། ལྟ་བར་གྱུར་པ་ཐམས་ཅད་རྟོག་པ་དང་། སེམས་ཅན་ཐམས་ཅད་ལ་མི་བརྙས་པ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བའི་ཆོས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་ནི་ཡོངས་སུ་གཏོང་མི་བྱེད། །སེམས་ཅན་རྣམས་ལ་ཁོང་ཁྲོ་རྟག་ཏུ་སྤོང་། །ལྟ་བར་གྱུར་པ་ཐམས་ཅད་འདོར་བར་བྱེད། །སེམས་ཅན་ཚོགས་ལ་བརྙས་པར་ཡོང་མི་བྱེད། །བདེ་བར་གཤེགས་པས་བཞི་པོ་འདི་དག་ནི། །བདུད་ལས་འདའ་བར་འགྱུར་བའི་ ཆོས་སུ་གསུངས། །འདི་དག་བསྟེན་ན་རྒྱལ་བ་རྣམ་འདྲེན་པ། །གསེར་འདྲའི་སྐུ་མངའ་མཚུངས་པ་མེད་པར་འགྱུར། །འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་འཆོས་ པ་མེད་པར་དགོན་པ་ན་གནས་པ་དང་། ལན་དུ་ཕན་འདོགས་པར་རེ་བ་མེད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་དང་། སེམས་ཅན་ཐམས་ཅད་ལ་ལུས་དང་སྲོག་གཏོང་ཞིང་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང་། ཐོས་པ་དང་དོན་གྱིས་ངོམས་མི་མྱོང་ཞིང་དགེ་བའི་རྩ་བ་ཐམས་ 44-125b ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་ཏེ། འོད་སྲུང་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགོན་པར་གནས་ཤིང་ཚུལ་འཆོས་རྣམ་པར་སྤོང་། །རྒྱལ་གསུངས་བསྡུ་བ་སེམས་ཅན་རྣམས་ ལ་བྱེད། །དམ་ཆོས་ཡོངས་སུ་བཙལ་བ་བརྩམ་བྱས་ནས། །ལུས་དང་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད། །དགེ་བའི་རྩ་བ་ཤིན་ཏུ་མི་ཉུང་བ། །ཡང་དག་བསྒྲུབ་ཕྱིར་རྟག་ཏུ་ངོམས་མི་མྱོང་། །དགེ་བའི་ཆོས་རྣམས་ཡང་དག་བསྡུ་བའི་ཕྱིར། །ཆོས་བཞི་འདི་དག་བདེ་བར་ གཤེགས་པས་གསུངས། །འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆེར་སྙིང་རྗེ་བ་དང་། སེམས་ཅན་ ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྟོན་པ་དང་། ཉམ་ཆུང་བ་རྣམས་ལ་བཟོད་པ་སྟེན་པ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་ སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཚུལ་ཁྲིམས་མི་ལྡན་པ་ལ་སྙིང་རྗེ་ཆེ། །གཞན་དག་བྱང་ཆུབ་ཕྱིར་ནི་སེམས་སྐྱེད་འཇུག །ཉམ་ཆུང་རྣམས་ལ་བཟོད་པས་དང་དུ་ལེན། །འདི་ནི་དགེ་ཆོས་སྡུད་པར་གསུངས་པ་སྟེ། །འདི་དག་བསྟེན་ན་རྒྱལ་བར་འགྱུར་བས་ན། །བྱང་ ཆུབ་སེམས་དཔས་དེ་དག་རྟག་ཏུ་བསྟེན། །འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མ་རིག་པའི་བག་ཆགས་ཀྱི་སའི་ཉོན་མོངས་པ་འཇོམས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་དང་། དམ་པའི་ཆོས་ཡོངས་ སུ་འཛིན་པ་དང་། སྒྲོན་མ་སྦྱིན་པ་དང་། ཐ་ན་འདྲིས་པ་རྣམས་ལ་ཡང་སྦྱིན་པ་སྟེ། འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མ་རིག་པའི་བག་ཆགས་ཀྱི་སའི་ཉོན་མོངས་པ་འཇོམས་པར་བྱེད་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཚུལ་ཁྲིམས་སྡོམ་པ་ཡང་དག་འཛིན་བྱེད་ 44-126a དང་། །དམ་ཆོས་འཛིན་དང་སྒྲོན་མ་སྦྱིན་པ་དང་། །དེ་བཞིན་ཐ་ན་འདྲིས་ལ་སྦྱིན་བྱེད་ཅིང་། །མཁས་པ་མ་རིག་ས་ལས་རྣམ་པར་འབྱེད། །འོད་སྲུང་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་སྟེ། བཞི་ གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་སྦྱིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཕྲག་དོག་མེད་པ་དང་། གཞན་དག་ལ་མི་བརྙས་པ་སྟེ། འོད་སྲུང་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེ་ལ་འདི་ སྐད་ཅེས་བྱ་སྟེ། གང་དག་བྱང་ཆུབ་ལ་ནི་སྒྲིབ་བྱེད་པ། །སྡིག་པ་བཞི་པ་བཅུ་པོ་རྣམ་སྤངས་ནས། །མཁས་པས་དེ་བཞིན་བཅུ་གཉིས་གཞན་བསྟེན་ན། །འཆི་མེད་རེག་ནས་བྱང་ཆུབ་ཐོབ་པར་འགྱུར། །སེམས་ཅན་དམ་པ་གང་དག་ཆོས་ཚུལ་འདི། །འཛིན་ཏམ་ཀློག་གམ་ རབ་ཏུ་སྟེན་བྱེད་པ། །དེ་དག་བསོད་ནམས་མཐའ་ཡས་རྒྱལ་བས་གསུངས། །དེ་ཡི་ཚད་ནི་རྒྱལ་བ་རྣམ་བརྗོད་དོ། །གང་གིས་ཞིང་ནི་གང་གཱའི་བྱེ་མ་སྙེད། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །གང་གིས་འདི་ལ་ཚིག་བཞིའི་ཚིགས་བཅད་ཀློག །བསོད་ནམས་འདི་ཡི་གྲངས་ སུའང་མི་ཕོད་དོ། །འོད་སྲུང་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཞེས་མི་བྱའི་འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པ་དང་། སྙོམས་པར་སྤྱོད་པ་དང་། དགེ་བ་སྤྱོད་པ་དང་། ཆོས་ལ་གནས་པ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་སུམ་ཅུ་རྩ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ ཤེས་ལ་འཛུད་པ་དང་། བདག་ཅི་རེ་ཞེས་ཡོངས་སུ་འཇལ་ཞིང་གཞན་གྱི་ཤེས་པ་ལ་མི་སྨོད་པ་དང་། ང་རྒྱལ་མེད་པ་དང་། ལྷག་པའི་བསམ་པ་བརྟན་པ་དང་། བཅོས་མ་མ་ཡིན་པའི་བྱམས་པ་དང་། མཛའ་བ་དང་མི་མཛའ་བ་ལ་སེམས་སྙོམས་པ་དང་། མྱ་ངན་ 44-126b ལས་འདས་པའི་མཐའི་བར་དུ་གཏན་དུ་མཛའ་བ་དང་། ཚིག་རན་ཅིང་འཛུམ་པའི་བཞིན་གྱིས་གསོང་པོར་སྨྲ་བ་དང་། ཁུར་བླངས་པ་རྣམས་ལ་སྒྱིད་ལུག་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཅད་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་ཐོས་པ་དང་། དོན་གྱིས་ངོམས་མི་མྱོང་བ་དང་། བདག་གི་འཁྲུལ་པ་རྣམས་ལ་སྐྱོན་དུ་ལྟ་ཞིང་གཞན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་བ་དང་། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་དང་། རྣམ་པར་སྨིན་པ་ ལ་མི་རེ་བའི་གཏོང་བ་དང་། སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས་དང་། གཟུགས་མེད་པའི་ཁམས་རྣམ་པར་ གསལ་བའི་བསམ་གཏན་དང་། ཐབས་མཁས་པས་བསྡུ་བའི་དངོས་པོ་བཞི་དང་རབ་ཏུ་ལྡན་པའི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་དང་། གུས་པར་བྱས་ཏེ་ཆོས་ཉན་པ་དང་། གུས་ པར་བྱས་ཏེ་དགོན་པ་ལ་གནས་པར་མངོན་པར་དགའ་བ་དང་། འཇིག་རྟེན་གྱི་སྣ་ཚོགས་རྣམས་ལ་མི་དགའ་ཞིང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་མངོན་པར་དགའ་བ་དང་། ཐེག་པ་དམན་པ་ལ་མི་འདོད་ཅིང་ཐེག་པ་ཆེན་པོ་ལ་ཕན་ཡོན་དུ་ལྟ་བ་དང་། སྡིག་པའི་གྲོགས་ པོ་ཡོངས་སུ་སྤོང་ཞིང་དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། ཚངས་པའི་གནས་བཞི་སྒྲུབ་པ་དང་། མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པ་དང་། ཡེ་ཤེས་ལ་རྟོན་པ་དང་། སྒྲུབ་པ་དང་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་མི་གཏོང་བ་དང་། གཅིག་ཏུ་ ཆད་པར་སྨྲ་བ་དང་། བདེན་པ་གཅེས་སུ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དང་བདེ་བྱ་ 44-127a བའི། །ལྷག་པའི་བསམ་ལ་མོས་པར་བྱེད་པ་ཡིན། །ཀུན་མཁྱེན་ཡེ་ཤེས་ལ་ནི་སེམས་གྲོལ་ཞིང་། །རི་འམ་མི་རི་སྙམ་དུ་བདག་ལ་དཔོག །སྨོད་པ་མེད་ཅིང་ལྷག་པའི་ང་རྒྱལ་མེད། །བསམ་པ་བརྟན་ཞིང་བཅོས་པ་མེད་པར་བྱམས། །མཛའ་ དང་མི་མཛའ་རྣམས་ལ་སེམས་ཀྱང་སྙོམས། །མྱ་ངན་འདས་པའི་མཐའ་ལ་ཐུག་བར་དུ། །སེམས་ཅན་རྣམས་ལ་གཏན་དུ་རབ་ཏུ་མཛའ། །འཛུམ་པའི་བཞིན་གྱིས་འཇམ་པོར་སྨྲ་བར་བྱེད། །ཁུར་བླངས་པ་ལ་སྒྱིད་ལུག་ཞུམ་པ་མེད། །སེམས་ཅན་དག་ལ་སྙིང་རྗེ་ཡོངས་ མ་བཅད། །དམ་ཆོས་ཡོངས་སུ་ཚོལ་ལ་སྐྱོ་བ་མེད། །ཐོས་པས་མི་ངོམས་བདག་གི་འཁྲུལ་སྐྱོན་ལྟ། །གཞན་ལ་གཤེ་བས་གདུང་བར་བྱེད་པ་མེད། །སྤྱོད་ལམ་རྣམས་སུ་སེམས་ནི་རབ་ཏུ་སྦྱོང་། །གཏོང་བ་རྣམ་པར་སྨིན་ལ་རེ་བ་མེད། །ཚུལ་ཁྲིམས་སྲིད་པའི་འགྲོ་ བར་གནས་མ་ཡིན། །སེམས་ཅན་རྣམས་ལ་བཟོད་ཅིང་ཁོང་ཁྲོ་མེད། །དགེ་བ་ཡང་དག་སྒྲུབ་པའི་བརྩོན་འགྲུས་དང་། །གཟུགས་མེད་ཁམས་སྤངས་པ་ཡི་བསམ་གཏན་དང་། །ཐབས་ཀྱིས་ཡང་དག་ཟིན་པའི་ཤེས་རབ་དང་། །བསྡུ་བ་རྣམ་བཞིས་ཡང་དག་ཟིན་ཐབས་ དང་། །ཁྲིམས་ལྡན་ཁྲིམས་མེད་གཉིས་མེད་བྱམས་པ་དང་། །གུས་པར་བྱས་ཏེ་དུས་སུ་ཆོས་ཉན་དང་། །གུས་པར་བྱས་ཏེ་དགོན་ཞི་གནས་པ་དང་། །འཇིག་རྟེན་སྣ་ཚོགས་དགའ་བར་མི་བྱེད་དང་། །ཐེག་པ་དམན་ལ་དགའ་བར་མི་བྱེད་ཅིང་། །ཐེག་པ་ཆེ་ལ་འདོད་པ་སྐྱེད་ པ་དང་། །སྡིག་པའི་གྲོགས་པོ་རྣམ་པར་སྤོང་བྱེད་ཅིང་། །དགེ་བའི་བཤེས་གཉེན་རྟག་ཏུ་སྟེན་པ་དང་། །ཚངས་པའི་གནས་པ་བཞི་ལ་སྒོམ་པ་དང་། །མངོན་ཤེས་རྣམ་ལྔས་རྟག་ཏུ་རྩེན་པ་དང་། །ཡེ་ཤེས་རྗེས་སུ་རྟག་ཏུ་འབྲང་བ་དང་། །སྒྲུབ་དང་ལྡན་པ་གཏོང་བར་ མི་བྱེད་དང་། །སྒྲུབ་དང་མི་ལྡན་གཞན་ཡང་མི་གཏོང་དང་། །གཅིག་ཏུ་ཆད་པར་རྟག་ཏུ་སྨྲ་བ་དང་། །བདེན་ལ་རྟག་ཏུ་གུས་དང་བཅས་པ་དང་། །བྱང་ཆུབ་སེམས་ནི་སྔོན་དུ་བཏང་ནས་སུ། །རྒྱལ་བས་བསྔགས་པའི་ཆོས་ནི་སྒོམ་པར་བྱེད། །བདེ་གཤེགས་གསུངས་ 44-127b པའི་སུམ་ཅུ་རྩ་གཉིས་ཆོས། །འདི་དག་བདེ་གཤེགས་སྲས་ཀྱིས་བསྟེན་པར་བྱ། །བྱང་ཆུབ་སེམས་དཔའ་གང་ཡིན་དེ་དག་ནི། །ཆོས་འདི་ལྡན་ཞེས་བདེ་བར་གཤེགས་པས་གསུངས། །འོད་སྲུང་དཔེ་ཉེ་བར་འགོད་པ་བསྟན་པ་གང་དག་གིས་བྱང་ཆུབ་སེམས་དཔའི་ཡོན་ཏན་རབ་ ཏུ་ཤེས་པར་བྱེད་པའི་དཔེ་ཉེ་བར་དགོད་པ་ཁྱོད་ལ་བསྟན་པར་བྱའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་ བསྐྱེད་པ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པར་རེ་བ་མེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ས་འདི་སྐྱེ་བོ་ཀུན་གྱི་འཚོ། །ལན་ལ་མི་རེ་འགྱུར་བ་མེད་པ་བཞིན། །བྱང་ཆུབ་སེམས་ དཔའ་ཐོག་མར་སེམས་གནས་པ། །རྒྱལ་མཆོག་བླ་ན་མེད་པའི་སངས་རྒྱས་སུ། །མ་གྱུར་བར་དུ་སྐྱེ་བོ་ཀུན་གྱི་འཚོ། །ལན་ལ་རེ་བ་མེད་ཅིང་འགྱུར་བ་མེད། །བུ་དང་དགྲ་ལ་ཡིད་ཀྱིས་མཚུངས་པར་སེམས། །བྱང་ཆུབ་མཆོག་རབ་རྟག་པར་ཡོངས་སུ་ཚོལ། །འོད་སྲུང་ འདི་ལྟ་སྟེ་དཔེར་ན་ཆུའི་ཁམས་ནི་རྩ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་སྐྱེད་པར་བྱེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱས་ཏེ་གནས་པ་ཡང་སེམས་ཅན་ཐམས་ཅད་ ལ་དཀར་པོའི་ཆོས་ཐམས་ཅད་སྐྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཆུ་ནི་རྩྭ་དང་གེལ་པ་དང་། །ནགས་ཚལ་སྨན་དང་འབྲུ་ཡི་རྣམ་པ་སྐྱེད། །དེ་བཞིན་བྱང་ཆུབ་སེམས་དཔའ་བསམ་དག་པ། །སེམས་ཅན་མཐའ་ཡས་བྱམས་པས་ཁྱབ་པར་བྱེད། །སྣ་ཚོགས་ཆོས་ ལ་ཁྱབ་བྱས་རིམ་གྱིས་སུ། །དཀར་པོའི་ཆོས་ཀྱིས་རྣམ་པར་རྒྱས་འགྱུར་ཞིང་། །དཔུང་བཅས་སྡེ་དང་བཅས་པའི་བདུད་བཅོམ་ནས། །རིམ་གྱིས་རྒྱལ་བའི་བྱང་ཆུབ་ཐོབ་པར་འགྱུར། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མེའི་ཁམས་ནི་ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་ 44-128a དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱང་སེམས་ཅན་ཐམས་ཅད་ཀྱི་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མེ་ནི་རྩྭ་དང་སྨན་རྣམས་དང་། །ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་ པར་བྱེད། །དེ་བཞིན་བདེ་གཤེགས་སྲས་ཀྱི་ཤེས་རབ་ཀྱང་། །སྐྱེ་བོ་རྣམས་ཀྱི་དགེ་བའི་ཆོས་སྨིན་བྱེད། །འོད་སྲུང་འདི་ལྟ་སྟེ། དཔེར་ན་རླུང་གི་ཁམས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་སྒྲུབ་བོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡང་ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རླུང་ནི་སངས་རྒྱས་དགོངས་པ་བཞིན། །རྣམ་པ་སྣ་ཚོགས་ཞིང་རྣམས་རྣམ་པར་སྒྲུབ། །དེ་བཞིན་རྒྱལ་སྲས་རྣམས་ཀྱི་ཐབས་མཁས་ཀྱང་། །བདེ་གཤེགས་ གསུངས་པའི་ཆོས་མཆོག་རྣམ་པར་སྒྲུབ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་བདུད་སྡིག་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་པ་ནི་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་ཀྱི་ཟིལ་གྱིས་གནོན་པ་འམ། ཡོངས་སུ་ཟད་པར་བྱ་བར་མི་ནུས་སོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ བསམ་པ་དག་པ་ཡང་བདུད་ཐམས་ཅད་ཀྱི་ཟིལ་གྱིས་གནོན་པ་འམ། ཡོངས་སུ་ཟད་པར་བྱ་བར་མི་ནུས་སོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར་སྐྱེ་ཞིང་གང་བར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ཡང་ དཀར་པོའི་ཆོས་ཐམས་ཅད་ཀྱིས་རྫོགས་ཤིང་རྒྱས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཡར་ངོ་ལ། །སྐྱེ་ཞིང་ཡོངས་སུ་གང་འགྱུར་འབྲི་མི་འགྱུར། །དེ་བཞིན་བསམ་དག་བྱང་ཆུབ་སེམས་དཔའ་ཡང་། །དཀར་པོའི་ཆོས་ཀྱིས་རྟག་ཏུ་རྒྱས་ པར་འགྱུར། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལས་ལས་ལན་ཅིག་བྱུང་བའི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལན་ཅིག་བྱུང་བའི་ཤེས་རབ་ཀྱི་འོད་ཟེར་རྣམས་ཀྱིས་ཀྱང་སེམས་ཅན་ 44-128b ཐམས་ཅད་ལ་ཤེས་པའི་སྣང་བ་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཉི་ལས་ལན་ཅིག་བྱུང་བ་ཡི། །འོད་ཟེར་རྣམས་ཀྱིས་སེམས་ཅན་སྣང་བར་བྱེད། །དེ་བཞིན་རྒྱལ་སྲས་ཡེ་ཤེས་འོད་ཟེར་གྱིས། །སེམས་ཅན་རྣམས་ལ་ཤེས་རབ་སྣང་བར་བྱེད། །འོད་སྲུང་འདི་ ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་ག་ལས་གར་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པ་ཉིད་དུ་འགྲོའོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་དང་། ཏིང་ ངེ་འཛིན་དང་། ཡེ་ཤེས་ལ་གནས་པ་ཡང་ག་ལས་གར་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པ་ཉིད་དུ་འགྲོའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རི་དགས་རྒྱལ་པོ་སེང་གེ་རལ་པ་ཅན། །འཇིགས་པ་མེད་པར་གང་དུ་འདོད་པར་འགྲོ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཚུལ་ ཁྲིམས་དང་། །ཐོས་དང་ཡེ་ཤེས་གནས་པ་དགའ་མགུར་འགྲོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་བལ་གླང་གླང་པོ་ཆེ་ཤིན་དུ་དུལ་བ་ནི་ཁལ་ཐམས་ཅད་ཁྱེར་བས་ཡོངས་སུ་སྐྱོ་བ་མེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཤིན་དུ་དུལ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་ དོན་གྱི་ཕྱིར་ཕུང་པོ་ལྔའི་ཁུར་ཁྱེར་བས་ཡོངས་སུ་སྐྱོ་བ་མེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རབ་དུལ་སྟོབས་ལྡན་གླང་པོ་ཆེ། །ཁལ་རྣམས་ཁྱེར་ཡང་ཡོངས་སུ་སྐྱོ་བ་མེད། །དེ་བཞིན་བྱང་ཆུབ་སེམས་དཔའ་སེམས་རབ་དུལ། །སེམས་ཅན་ཁུར་གྱིས་སྐྱོ་བར་འགྱུར་བ་མེད། ། འོད་སྲུང་འདི་ལྟ་སྟེ། དཔེར་ན་པད་མ་ནི་ཆུ་ལས་སྐྱེས་ཀྱང་ཆུས་མི་གོས་སོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་པད་མ་ཆུ་ལས་སྐྱེས་གྱུར་ཀྱང་། །ཆུ་འམ་རྫབ་ཀྱིས་ དེ་ལ་གོས་པ་མེད། །དེ་བཞིན་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྐྱེས། །འཇིག་རྟེན་ཆོས་ཀྱིས་ནམ་ཡང་གོས་པ་མེད། འོད་སྲུང་འདི་ལྟ་སྟེ་དཔེར་ན་ཤིང་ལྗོན་པ་ཡལ་ག་བཅད་པ་ནི་རྩ་བ་མ་སྣད་ན་སླར་ཡང་ས་ལས་སྐྱེའོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ 44-129a པ་ཉོན་མོངས་པའི་ཡལ་ག་བཅད་པ་ཡང་སྙིང་རྗེ་ཆེན་པོ་དགེ་བའི་རྩ་བ་ལ་ཀུན་ཏུ་སྦྱོར་བ་མ་ཉམས་ན་སླར་ཡང་ཁམས་གསུམ་དུ་སྐྱེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཤིང་ལྗོན་ཡལ་ག་བཅད་པ་ནི། །རྩ་བ་བརྟན་པ་མ་སྣད་སླར་ཡང་སྐྱེ། །དེ་བཞིན་རྩ་བ་ཀུན་ སྦྱོར་མ་སྤངས་ན། །ཐབས་ཀྱིས་བསལ་ཀྱང་སླར་ཡང་སྐྱེ་བར་འགྱུར། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ཕྱོགས་དང་ཕྱོགས་མཚམས་ཐ་དད་པ་ནས་ཀླུང་ཆེན་པོའི་ཆུའི་ཕུང་པོ་རྒྱ་མཚོ་ཆེན་པོར་བབ་པ་ནི་འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་ དཔའི་དགེ་བའི་རྩ་བ་སྒོ་ཐ་དད་པ་ནས་བསགས་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཐམས་ཅད་ཀྱང་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རོར་རོ་གཅིག་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཐ་དད་ཕྱོགས་ཀྱི་ཆུ་ཀླུང་རྣམས། །རྒྱ་མཚོ་ཆེར་བབ་རོ་གཅིག་འགྱུར་བ་བཞིན། ། ཐ་དད་སྒོ་ནས་དགེ་བ་བསགས་བྱས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། །འོད་སྲུང་འདི་ལྟ་སྟེ་དཔེར་ན་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་རི་རབ་ལ་གནས་སོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ ཉིད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་ལ་གནས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱལ་ཆེན་བཞིའི་རིས་རྣམས་དང་། །སུམ་ཅུ་རྩ་གསུམ་ལྷ་ཚོགས་རི་རབ་གནས། །དེ་བཞིན་བྱང་ཆུབ་སེམས་དཔའ་དགེར་གནས་ཏེ། །ཐམས་ཅད་མཁྱེན་ཉིད་ཐོབ་ནས་ ཆོས་ཀྱང་སྟོན། །འོད་སྲུང་འདི་ལྟ་སྟེ། དཔེར་ན་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་རྣམས་ནི་རྒྱལ་པོའི་བྱ་བ་ཐམས་ཅད་བྱེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། །དེ་ལ་ འདི་སྐད་ཅེས་བྱ་སྟེ། དཔེར་ན་བློན་པོར་ལྡན་པའི་རྒྱལ་པོ་རྣམས། །བྱ་བ་ཐམས་ཅད་རྟག་ཏུ་བྱེད་པ་ལྟར། །ཐབས་ལྡན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱང་། །སངས་རྒྱས་དོན་རྣམས་རྟག་ཏུ་བྱེད་པ་ཡིན། །འོད་སྲུང་འདི་ལྟ་སྟེ་དཔེར་ན་སྤྲིན་མེད་ཅིང་ནམ་ཐང་པའི་ནམ་མཁའ་ལ་ནི་ 44-129b ཆར་འབབ་པའི་རྒྱུ་མེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་ཉུང་བ་ལ་ཡང་དམ་པའི་ཆོས་ཀྱི་ཆར་འབབ་པའི་རྒྱུ་མེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྤྲིན་མེད་ནམ་ཐང་ནམ་མཁའ་ལ། །ཆར་འབབ་རྒྱུ་ནི་ནམས་ཀྱང་མི་དམིགས་སོ། །དེ་བཞིན་ བྱང་ཆུབ་སེམས་དཔའ་ཐོས་ཉུང་ལ། །ཆོས་སྟོན་ནམ་ཡང་དམིགས་པར་མི་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་སྤྲིན་ཆེན་པོ་ལས་བྱུང་བའི་ཆར་གྱི་རྒྱུན་ནི་ལོ་ཏོག་ཐམས་ཅད་ལ་མངོན་པར་འབབ་བོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་མང་དུ་ཐོས་པའི་ ཆོས་ཀྱི་སྤྲིན་ལས་བྱུང་བའི་དམ་པའི་ཆོས་ཀྱི་ཆར་ཡང་སེམས་ཅན་ཐམས་ཅད་ལ་མངོན་པར་འབབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྤྲིན་ཆེན་གློག་དང་བཅས་པ་ལས། །ཆར་པ་འབབ་པས་ལོ་ཏོག་ངོམས་པར་བྱེད། །དེ་བཞིན་བྱང་ཆུབ་སེམས་དཔའ་དམ་ཆོས་ཀྱི། །སྤྲིན་བྱུང་ཆོས་ རྒྱུན་སེམས་ཅན་ཚིམ་པར་བྱེད། །འོད་སྲུང་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་དེར་རིན་པོ་ཆེ་སྣ་བདུན་ཡང་འབྱུང་ངོ་། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དུ་བྱུང་བ་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ཀྱང་འབྱུང་ངོ་། །དེ་ལ་འདི་ སྐད་ཅེས་བྱ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གར་བྱུང་བ། །དེར་ནི་དེ་ཡི་རིན་ཆེན་སྣ་བདུན་འབྱུང་། །བྱང་ཆུབ་སེམས་དཔའ་གང་དུ་བྱུང་གྱུར་པ། །དེར་དེའི་བྱང་ཆུབ་ཡན་ལག་བདུན་པོ་འབྱུང་། །འོད་སྲུང་འདི་ལྟ་སྟེ་དཔེར་ན་གང་ན་ནོར་བུ་རིན་པོ་ཆེ་བཻདཱུརྱ་འབྱུང་བའི་སྒོ་ཡོད་པ་ དེ་ན་ཀཱར་ཥ་པཱ་ཎ་བརྒྱ་སྟོང་མང་པོ་འབྱུང་པའི་སྒོ་ཡོད་དོ། །འོད་སྲུང་དེ་བཞིན་དུ་གང་ན་བྱང་ཆུབ་སེམས་དཔའ་འབྱུང་བའི་སྒོ་ཡོད་པ་དེ་ན་ཉན་ཐོས་དང་། རང་སངས་རྒྱས་འབུམ་ཕྲག་མང་པོ་འབྱུང་བའི་སྒོ་ཡོད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་གང་དུ་ནོར་བུ་རིན་ཆེན་འབྱུང་། །དེར་ ནི་ཀཱར་ཥ་པཱ་ཎ་མང་འབྱུང་ལྟར། །གང་དུ་རྫོགས་པའི་བྱང་ཆུབ་སེམས་འབྱུང་བ། །དེར་ནི་ཉན་ཐོས་མང་པོ་འབྱུང་བར་འགྱུར། །འོད་སྲུང་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་འདྲེས་པའི་ཚལ་དུ་ཞུགས་པ་རྣམས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་རྣམས་ནི་མཚུངས་པར་ 44-130a གནས་སོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པའི་སྦྱོར་བ་ཡང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལ་མཚུངས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འདྲེས་པའི་ཚལ་གནས་ལྷ་རྣམས་ཀྱི། །ལོངས་སྤྱོད་རྣམས་ ནི་མཚུངས་པར་གནས་པ་ཡིན། །དེ་བཞིན་བསམ་དག་བྱང་ཆུབ་སེམས་དཔའ་ཡང་། །སེམས་ཅན་རྣམས་ལ་རྟག་ཏུ་ལེགས་པར་སྦྱོར། །འོད་སྲུང་འདི་ལྟ་སྟེ་དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །འོད་སྲུང་དེ་བཞིན་དུ་ཡེ་ཤེས་ དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྔགས་ཀྱིས་ཡོངས་སུ་ཟིན་པའི་དུག །སྐྱེ་བོ་རྣམས་ལ་ཉེས་པ་བྱེད་མི་ནུས། །དེ་བཞིན་བྱང་ཆུབ་སེམས་ དཔའི་ཡེ་ཤེས་ཅན། །ཉོན་མོངས་རྣམས་ཀྱིས་ལོག་ལྟུང་བྱེད་མི་ནུས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་གྲོང་ཁྱེར་ཆེན་པོ་རྣམས་ཀྱི་ལུད་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། རྒུན་གྱི་ཞིང་དག་ལ་ཕན་པར་གྱུར་པ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་ མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་གྱུར་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་ བའི་ཆོས་ལ་ཕན་པར་བྱེད། །འོད་སྲུང་འདི་ལྟ་སྟེ། དཔེར་ན་འཕང་རྩལ་མ་བསླབས་པ་ལས་མཚོན་ཐབས་སློབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་ཉུང་བ་ལས་དམ་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། དཔྱོད་པ་དང་། དོན་འཛིན་པའི་ཤེས་པར་བལྟའོ། །འོད་ སྲུང་འདི་ལྟ་སྟེ། དཔེར་ན་སོ་མ་བཏང་བའི་སྣོད་རྣམས་ལ་ནི་རྫ་མཁན་གྱིས་མེ་ཆེན་པོ་བཏང་དགོས་སོ། །འོད་སྲུང་དེ་བཞིན་དུ་ཤེས་རབ་མ་སྨིན་པའི་སེམས་ཅན་རྣམས་ལ་ཡང་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཀྱི་མེ་ཆེན་པོ་བཏང་དགོས་པར་བལྟའོ། །འོད་སྲུང་ 44-130b དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འདོད་པས་ཚུལ་བཞིན་དུ་ཆོས་ལ་རབ་ཏུ་སྦྱར་བར་བྱའོ། །འོད་སྲུང་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་ཆོས་ལ་རབ་ཏུ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ་དབུ་མའི་ ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ། །འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་གང་ཞེ་ན། འོད་སྲུང་གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་ བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པར་སོ་སོར་རྟོག་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་ རྟོག་པ་ནི་གང་གཟུགས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། འོད་སྲུང་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གང་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སའི་ཁམས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། དེ་བཞིན་ དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་ པ་ཞེས་བྱའོ། །འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོགས་པ་ནི་གང་མིག་གི་སྐྱེ་མཆེད་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་ 44-131a རྣམས་ལ་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། ། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་བདག་ཅེས་ བྱ་བ་དེ་ནི་མཐའ་གཅིག་གོ། བདག་མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་སེམས་ཡང་དག་པ་ཞེས་བྱ་བ་འདི་ནི་མཐའ་གཅིག་གོ། སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ། །འོད་སྲུང་གང་ན་སེམས་མེད་པ་དང་། སེམས་པ་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ ཤེས་པ་མེད་པ་འདི་ནི་འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །དགེ་བ་དང་། མི་དགེ་བ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །འོད་སྲུང་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ། རྣམ་པར་བྱང་བ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ ཁས་མི་ལེན་ཅིང་མི་རྗོད་མི་སྨྲ་བ་གང་ཡིན་པ་དེ་ནི་འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་ཡོད་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ། མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་ 44-131b དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་འཁོར་བ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ། མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་ མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། ། འོད་སྲུང་གང་ཡང་ངས་ཁྱེད་རྣམས་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་ གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་ སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་ འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ། །ཞེས་བསྟན་པ་དེ་ལ་འོད་སྲུང་རིག་པ་དང་མ་རིག་པ་དེ་དག་ 44-132a གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་སྲུང་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །དེ་བཞིན་དུ་འདུ་བྱེད་རྣམས་དང་། འདུས་མ་བྱས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ ཤེས་པ་འགག་པ་དང་། མིང་དང་། གཟུགས་དང་། མིང་དང་གཟུགས་འགག་པ་དང་། སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་འགག་པ་དང་། རེག་པ་དང་། རེག་པ་འགག་པ་དང་། ཚོར་བ་དང་། ཚོར་བ་འགག་པ་དང་། སྲེད་པ་དང་། སྲེད་པ་འགག་པ་དང་། ལེན་ པ་དང་། ལེན་པ་འགག་པ་དང་། སྲིད་པ་དང་། སྲིད་པ་འགག་པ་དང་། སྐྱེ་བ་དང་། སྐྱེ་བ་འགག་པ་དང་། རྒ་ཤི་དང་། རྒ་ཤི་འགག་པ་དེ་དག་གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་སྲུང་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་ སོ་སོར་རྟོགས་པ་ཞེས་བྱའོ། །འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མཚན་ མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་སྨོན་པ་མེད་པ་དང་། གང་མངོན་པར་འདུ་བྱེད་པ་མེད་པས་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མངོན་པར་འདུ་མི་བྱེད་པ་དང་། གང་མ་སྐྱེས་པས་ཆོས་ རྣམས་མ་སྐྱེས་པར་མི་བྱེད་དེ། ཆོས་རྣམས་ཉིད་མ་སྐྱེས་པ་དང་། གང་མ་བྱུང་བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མ་བྱུང་བ་དང་། གང་ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ངོ་བོ་ཉིད་མེད་པར་གང་དག་དེ་ལྟར་སོ་ སོར་རྟོག་པ་དེ་ནི་འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཡང་འོད་སྲུང་གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་སྟོང་པའོ། །འོད་སྲུང་སྔོན་གྱི་མཐའ་སྟོང་པ་ཕྱི་མའི་མཐའ་སྟོང་པ། ད་ལྟར་བྱུང་བ་སྟོང་པ་སྟེ། སྟོང་ 44-132b པ་ཉིད་ལ་རྟོན་པར་བྱའི་གང་ཟག་ལ་མ་ཡིན་ནོ། །འོད་སྲུང་གང་ཟག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོན་པ་དེ་དག་ནི་ངས་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླའི། མངོན་པའི་ང་རྒྱལ་ཅན་ སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ནད་པ་ཞིག་ཡོད་ན་སྨན་ པས་ད་ལ་སྨན་བཏང་ནས་སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་ སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན་མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན་འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་ དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྨན་པས་ནད་ནི་བསལ་བའི་ཕྱིར། །མི་ཞིག་ལ་ནི་བཀྲུ་སྨན་བཏང་བ་ལས། །ནད་རྣམས་བསྐྱོད་ནས་འཁྲུས་པར་མ་གྱུར་ན། །དེ་ཡི་གཞི་ལས་ནད་ནི་སོས་མི་འགྱུར། །དེ་བཞིན་ལྟ་བ་ཐིབས་པོར་གནས་པ་ལས། །འབྱུང་བའི་མཆོག་ ནི་སྟོང་པ་ཉིད་ཡིན་ན། །གང་ཞིག་སྟོང་པ་ཁོ་ནར་ལྟ་གྱུར་པ། །དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་ནམ་མཁས་འཇིགས་སྐྲག་ནས་བྲང་རྡུང་ཞིང་ངུ་སྟེ། ནམ་མཁའ་འདི་སོལ། ནམ་མཁའ་འདི་སོལ་ཞེས་དེ་སྐད་ཅེས་ཟེར་ན་འོད་ སྲུང་འདི་ཇི་སྙམ་དུ་སེམས། ནམ་མཁའ་དེ་བསལ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་གང་དག་སྟོང་པ་ཉིད་ཀྱིས་སྐྲག །རབ་ཏུ་སྐྲག་ན་དེ་ 44-133a དེ་དག་ནི་སེམས་འཁྲུགས་པ་ཆེན་པོར་འགྱུར་རོ། །ཞེས་ངས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་དེ་དག་ནི་སྟོང་པ་ཉིད་ལ་སྤྱོད་ལ་དེ་ཉིད་ཀྱིས་སྐྲག་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ནམ་མཁས་འཇིགས་པས་ཉེན་པའི་ མི། །བླུན་པོ་ནམ་མཁའ་འདི་ནི་སོལ་ཞེས་ཟེར། །ནམ་མཁའ་བསལ་བར་ནུས་པ་མ་ཡིན་ཡང་། །རྨོངས་པས་བྱིས་པ་དག་ནི་དེ་སྐད་སྨྲ། །དེ་བཞིན་དགེ་སྦྱོང་བྲམ་ཟེ་གང་དག་ཅིག །སྟོང་པ་ཉིད་ཀྱིས་སྐྲག་ཅིང་སེམས་འཁྲུགས་པ། །བྱིས་པ་དེ་དག་སྟོང་པ་ཉིད་ སྤྱོད་པ། །སྟོང་པ་ཉིད་ནི་གང་དུ་འང་གཞིག་མི་ནུས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་རི་མོ་མཁན་ཞིག་གིས་བདག་ཉིད་ཀྱི་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས་དེ་འཇིགས་སྐྲག་སྟེ་ཁས་བུབ་དུ་འགྱེལ་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ་འོད་སྲུང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ བདག་ཉིད་ཀྱིས་བྱས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་འཁོར་བ་ན་འཁོར་ཡང་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རི་མོ་མཁན་ཞིག་གིས། །གནོད་སྦྱིན་འཇིགས་པའི་ གཟུགས་བྱས་ནས། །དེ་ཡིས་འཇིགས་ཏེ་ཁས་བུབ་ཏུ། །འགྱེལ་ནས་བརྒྱལ་བར་གྱུར་པ་ལྟར། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །བདག་ཉིད་ཀྱིས་ནི་བྱས་པ་ཡི། །གཟུགས་སྒྲ་ལ་སོགས་རྨོངས་གྱུར་པས། །འགྲོ་བ་དྲུག་ཏུ་འཁྱམ་པར་གྱུར། །འོད་སྲུང་འདི་ལྟ་ སྟེ། དཔེར་ན་མི་སྒྱུ་མ་མཁན་ཞིག་གིས་སྒྱུ་མ་སྤྲུལ་པ་སྤྲུལ་ནས་སྤྲུལ་པ་དེས་སྒྱུ་མ་མཁན་དེ་ཉིད་ཟོས་པ་དེ་བཞིན་དུ་འོད་སྲུང་དགེ་སློང་རྣལ་འབྱོར་སྤྱོད་པ་ཡང་གང་དང་གང་ཡིད་ལ་བྱེད་པ་དེ་ཐམས་ཅད་དེ་ལ་གསོག་ཏུ་སྣང་ངོ་། །གསོབ་དང་། སྟོང་པ་དང་། སྙིང་པོ་མེད་པ་ཉིད་དུ་སྣང་ངོ་། །དེ་ ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་མངོན་སྤྲུལ་པ། །སྒྱུ་མ་བྱས་པ་དེ་ཡིས་དེ་ཟོས་ལྟར། །རྣལ་འབྱོར་པས་ནི་ཡིད་ལ་གང་བྱེད་པ། །དེ་ནི་དེ་ལ་གསོག་དང་གསོབ་ཏུ་སྣང་། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ། དེ་ལས་མེ་བྱུང་ 44-133b (སྟ,སྟེ)། བྱུང་ནས་ཤིང་དེ་གཉིས་སྲེག་པ་དེ་བཞིན་དུ་འོད་སྲུང་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པ་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་ ལས། །མེ་བྱུང་ནས་ནི་དེ་ཉིད་སྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད། །འོད་སྲུང་འདི་ལྟ་སྟེ་དཔེར་ན། མར་མེ་བུས་ན་མུན་པ་མུན་གནག་ཐམས་ཅད་མེད་པར་འགྱུར་ཡང་མུན་པ་མུན་གནག་དེ་གང་ནས་ཀྱང་འོང་བ་འམ་ འགྲོ་བ་མེད་དེ་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་འགྲོ་བ་འམ་འོང་བ་མེད་དོ། །ཡང་འོད་སྲུང་མར་མེ་དེ་འདི་སྙམ་དུ་བདག་གིས་མུན་པ་མུན་གནག་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི་འོན་ཀྱང་མར་མེ་ལ་བརྟེན་ནས་མུན་པ་མུན་གནག་མེད་པར་འགྱུར་རོ། ། འོད་སྲུང་དེ་ལ་མར་མེ་གང་ཡིན་པ་དང་། མུན་པ་མུན་གནག་གང་ཡིན་པ་དེ་གཉི་ག་སྟོང་པ་སྟེ། གཟུང་དུ་མེད་ཅིང་བྱེད་པ་མེད་དོ། །འོད་སྲུང་དེ་བཞིན་དུ་ཡེ་ཤེས་སྐྱེས་ན་མི་ཤེས་པ་མེད་པར་འགྱུར་ཡང་མི་ཤེས་པ་དེ་གང་ནས་ཀྱང་འོང་བ་འམ་འགྲོ་བ་མེད་དེ། ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་འགྲོ་བའམ་འོང་བ་མེད་དོ། །ཡང་འོད་སྲུང་ཡེ་ཤེས་ཀྱང་འདི་སྙམ་དུ་བདག་གིས་མི་ཤེས་པ་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི་འོན་ཀྱང་ཡེ་ཤེས་ལ་བརྟེན་ནས་མི་ཤེས་པ་མེད་པར་འགྱུར་རོ། །འོད་སྲུང་དེ་ལ་ཡེ་ཤེས་གང་ཡིན་པ་དང་ མི་ཤེས་པ་གང་ཡིན་པ་དེ་གཉི་ག་སྟོང་པ་སྟེ་གཟུང་དུ་མེད་ཅིང་བྱེད་པ་མེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྒྲོན་མས་མུན་པ་མུན་གནག་ཀུན། །མེད་པར་གྱུར་ཀྱང་འོང་བ་འམ་འགྲོ་བ་མེད། །དེ་བཞིན་ཤེས་བྱུང་མི་ཤེས་མེད་འགྱུར་ཡང་། །དེ་ནི་གང་ནས་འོང་བ་ འམ་འགྲོ་བ་མེད། །སྒྲོན་མས་མུན་པ་བསལ་སྙམ་མི་སེམས་ཀྱང་། །སྣང་བ་བྱུང་ནས་མུན་པ་མེད་པར་འགྱུར། །སྟོང་པ་གཟུང་མེད་ནམ་མཁའི་མེ་ཏོག་འདྲ། །དེ་བཞིན་ཡེ་ཤེས་མི་ཤེས་གཉི་ག་སྟོང་། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཁྱིམ་དང་། ཁང་པ་དང་། ཁང་ཕྲན་ 44-134a ལོ་འབུམ་འདས་པར་སུས་ཀྱང་ལན་འགའ་ཡང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་མེ་བུས་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། མུན་པ་མུན་གནག་དེ་འདི་སྙམ་དུ་བདག་ནི་ལོ་འབུམ་དུ་བསགས་པ་ཡིན་ཏེ། བདག་འདི་ནས་མི་འགྲོའོ་སྙམ་དུ་སེམས་ སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་སེམས་ལགས་ཏེ། མར་མེ་བུས་ན་མུན་པ་མུན་གནག་ལ་མི་འཆི་བའི་མཐུ་མ་མཆིས་ཀྱི་གདོན་མི་འཚལ་བར་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ལས་དང་ཉོན་མོངས་པ་བསྐལ་ པ་འབུམ་དུ་བསགས་པ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །འོད་སྲུང་མར་མེ་ཞེས་བྱ་བ་དེ་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དགས་སོ། །འོད་སྲུང་མུན་པ་མུན་གནག་ཅེས་བྱ་བ་དེ་ནི་འཕགས་པ་མ་ཡིན་པའི་ལས་དང་ཉོན་ མོངས་པའི་ཚིག་བླ་དགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཁྱིམ་དུ་མི་འགའ་ལ་ལ་ཡིས། །རིང་ཞིག་ལོན་ནས་མར་མེ་བུས་བྱས་ན། །དེ་ལ་མུན་པ་བདག་གནས་རིང་ལོན་གྱིས། །འདི་ནས་མི་འགྲོ་སྙམ་དུ་སེམས་པ་མེད། །མར་མེ་ཕྱུང་ན་མུན་པ་མུན་གནག་ལ། ། མེད་པར་མི་འགྱུར་བ་ཡི་ནུས་མེད་དེ། །མར་མེ་བརྟེན་ནས་མུན་པ་མེད་པར་འགྱུར། །གཉི་ག་སྟོང་བརློམ་སེམས་ཅི་ཡང་མེད། །དེ་བཞིན་ཟག་མེད་འཕགས་པའི་ཡེ་ཤེས་བརྟེན། །མི་ཤེས་ཉོན་མོངས་བསགས་པ་མེད་པར་འགྱུར། །ཡེ་ཤེས་དང་ནི་ཉོན་མོངས་རྟག་ པར་ཡང་། །དེ་དག་ལན་འགའ་ཙམ་ཡང་འགྲོགས་པ་མེད། །ཡེ་ཤེས་མི་ཤེས་མེད་བྱ་མི་སེམས་ཀྱང་། །ཡེ་ཤེས་བརྟེན་ནས་མི་ཤེས་མེད་པར་འགྱུར། །གཉི་ག་གཟུང་མེད་ནམ་མཁའི་མེ་ཏོག་བཞིན། །དེ་བཞིན་ཡེ་ཤེས་མི་ཤེས་གཉི་ག་སྟོང་། །འོད་སྲུང་འདི་ལྟ་ སྟེ། དཔེར་ན་ནམ་མཁའ་ལ་ནི་ས་བོན་རྣམས་མི་སྐྱེའོ། །འོད་སྲུང་དེ་བཞིན་དུ་གང་འདུས་མ་བྱས་ལས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ནི་མ་བྱུང་མི་འབྱུང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མཁའ་ལས་ས་བོན་སྐྱེ་བ་ནི། །འདས་དང་ 44-134b མ་འོངས་པ་དང་ད་ལྟར་མེད། །དེ་བཞིན་འདུས་མ་བྱས་ལས་སངས་རྒྱས་ཆོས། །སྐྱེ་བ་གང་དུའང་མ་བྱུང་འབྱུང་མི་འགྱུར། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ལུད་ཀྱིས་གང་བའི་ས་ལ་ནི་ས་བོན་ཐམས་ཅད་སྐྱེའོ། །འོད་སྲུང་དེ་བཞིན་དུ་ཉོན་མོངས་པའི་ལུད་ཀྱིས་གང་བའི་འཇིག་ རྟེན་གནས་པ་ལས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལུད་བཅས་རླན་དང་བཅས་པ་ལ། །ས་བོན་སྐྱེ་ཡི་དགོན་དུང་རྣམས་ལ་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ ཆོས་རྣམས་སྐྱེ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་འབྲོག་དགོན་པ་དགོན་དུང་རྣམས་ན་ནི་པད་མ་མི་སྐྱེའོ། །འོད་སྲུང་དེ་བཞིན་དུ་གང་འདུས་མ་བྱས་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ནི་མ་བྱུང་མི་འབྱུང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་པད་ མ་ཆུ་རྫིང་རྣམས་ན་སྐྱེ། །དགོན་དུང་དག་ན་ནམས་ཀྱང་སྐྱེ་མི་འགྱུར། །དེ་བཞིན་འདུས་མ་བྱས་ལ་སངས་རྒྱས་ཆོས། །སྐྱེ་བ་གང་དུའང་མ་བྱུང་འབྱུང་མི་འགྱུར། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ལུད་ཡོད་པའི་འདམ་རྫབ་ནས་པད་མ་སྐྱེའོ། །འོད་སྲུང་དེ་བཞིན་དུ་ཉོན་མོངས་ པའི་ལུད་ཡོད་པའི་འདམ་རྫབ་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལུད་བཅས་འདམ་རྫབ་ཆུ་ལས་ནི། །པད་མ་སྐྱེ་ཡི་ཐང་ལས་ནམ་ཡང་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་ སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ཆོས་རྣམས་སྐྱེ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་བཞི་མར་སར་གྱིས་ཡོངས་སུ་གང་བར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་བལྟ་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ རྒྱ་མཚོ་བཞི་པོ་མར་སར་གྱིས། །ཡོངས་གང་གཙང་ཞིང་ཀུན་ནས་ཡིད་དུ་འོང་། །དེ་བཞིན་བྱང་ཆུབ་སེམས་དཔའ་བདེ་གཤེགས་སྲས། །དགེ་བའི་རླུང་གིས་རྟག་ཏུ་གང་བར་བལྟ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་སྐྲ་ཚལ་པ་བརྒྱར་གཤགས་པའི་རྩེ་མོས་ 44-135a རྒྱ་མཚོ་ཆེན་པོ་བཞི་ལས། ཆུ་ཐིགས་པ་གཅིག་བླངས་པ་དེ་བཞིན་དུ་འོད་སྲུང་ཉན་ཐོས་ཀྱི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་བལྟ་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཆུ་ཡི་ཕུང་པོ་དེ་ལས་ནི། །སྐྲ་ཚལ་བརྒྱ་ཡི་རྩེ་མོས་ཐིགས་བླངས་ པ། །དེ་བཞིན་ཉན་ཐོས་རྣམས་ཀྱིས་དགེ་བྱས་པའི། །དགེ་བ་དག་དང་ལྡན་པར་བལྟ་བར་བྱ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཡུངས་འབྲུ་སྲིན་བུས་ཟོས་པའི་ནང་གི་ནམ་མཁའ་བཞིན་དུ་ཉན་ཐོས་ཀྱི་འདུས་མ་བྱས་ཤེས་པ་བལྟ་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ ན་ཡུངས་འབྲུ་སྲིན་བུས་ཟོས་པ་ཡི། །ནང་གི་ནམ་མཁའ་དེ་ནི་ཆུང་བ་ཡིན། །ཉན་ཐོས་འདུས་མ་བྱས་པ་ཤེས་པ་ཡང་། །དེ་བཞིན་ཆུང་ཞིང་ཤིན་ཏུ་ཆུང་བར་བལྟ། འོད་སྲུང་འདི་ལྟ་སྟེ། དཔེར་ན་ཕྱོགས་བཅུའི་ནམ་མཁའི་ཁམས་བཞིན་དུ་བྱང་ཆུབ་སེམས་དཔའི་འདུས་ མ་བྱས་ཤེས་པ་བལྟ་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །ནམ་མཁའི་ཁམས་ནི་སྒྲིབ་པ་མེད་པར་འདུག །བྱང་ཆུབ་སེམས་དཔའི་འདུས་མ་བྱས་ཤེས་པ། །འགྲོ་བ་ཀུན་གྱི་མཆོག་ཀྱང་དེ་ལྟར་བལྟའོ། །འོད་སྲུང་འདི་ ལྟ་སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བཙུན་མོ་དམ་པ་སྐྱེས་པ། དབུལ་པོ་དང་ཉལ་ནས་ཕྱིས་དེ་ལ་བུ་བྱུང་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། དེ་རྒྱལ་པོའི་བུ་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ངའི་ཉན་ཐོས་རྣམས་ཆོས་ཀྱི་དབྱིངས་ལས་སྐྱེས་མོད་ཀྱི། དེ་དག་དེ་བཞིན་གཤེགས་པའི་སྲས་དབང་བསྐུར་བའི་འོས་ཞེས་མི་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱལ་པོའི་བཙུན་མོ་ཡིད་འོང་བ། །སྐྱེས་པ་དབུལ་པོ་དང་ ནི་ཉལ་གྱུར་ཏེ། །དེ་ཕྱིར་དེ་ལ་བུ་བྱུང་གང་ཡིན་པ། །དེ་ནི་རྒྱལ་པོའི་བུ་མིན་དབང་བསྐུར་མིན། །དེ་བཞིན་ཉན་ཐོས་འདོད་ཆགས་བྲལ་གྱུར་པ། །དེ་དག་ང་བུ་དབང་བསྐུར་འོས་མ་ཡིན། །དེ་ལྟར་དེ་དག་བདག་ལ་ཕན་ཕྱིར་བརྩོན། །བདག་གཞན་གཉི་གའི་དོན་བྱེད་ 44-135b སངས་རྒྱས་སྲས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་བྲན་མོ་ངན་པ་དང་ཉལ་བ་དེ་ལས་དེའི་བུ་བྱུང་ན། འོད་སྲུང་དེ་བྲན་མོ་ངན་པ་ལས་བྱུང་དུ་ཟིན་ཀྱང་དེ་ལ་རྒྱལ་པོའི་སྲས་ཞེས་བྱའོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དང་པོ་བསྐྱེད་པ་འཁོར་བ་ན་འཁོར་ཞིང་སེམས་ཅན་རྣམས་འདུལ་བའི་མཐུ་མ་ཐོབ་ཏུ་ཟིན་ཀྱང་དེ་ནི་དེ་བཞིན་གཤེགས་པའི་སྲས་ཞེས་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འཁོར་ལོས་སྒྱུར་བ་བྲན་མོ་དང་། །ཉལ་བར་གྱུར་པ་དེ་ལས་བུ་བྱུང་བ། །བྲན་མོ་ལས་ནི་བྱུང་བར་ གྱུར་ཀྱང་དེ། །རྒྱལ་པོའི་སྲས་ཞེས་འཇིག་རྟེན་ཟེར་བ་ལྟར། །བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ། །སྲིད་པ་གསུམ་ན་འཁོར་ཞིང་མཐུ་ཆུང་སྟེ། །སྦྱིན་དང་ཐབས་ཀྱིས་སེམས་ཅན་མི་འདུལ་ཡང་། །སེམས་ཅན་དག་པ་རྒྱལ་བའི་སྲས་ཞེས་བྱ། ། བམ་པོ་གཉིས་པ་སྟེ་ཐ་མ། འོད་སྲུང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བུ་གཞོན་ནུ་སྟོབས་ཆེ་ཞིང་མགྱོགས་པའི་ཤུགས་དང་ལྡན་པ་མཐུ་རྙེད་པ་སྟོང་ཡོད་པར་གྱུར་ལ། དེ་དག་གང་ཡང་འཁོར་ལོས་སྒྱུར་བའི་མཚན་དང་མི་ལྡན་ན་ དེ་དག་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་སུ་འདུ་ཤེས་མི་སྐྱེད་པ་དེ་བཞིན་དུ། འོད་སྲུང་དེ་བཞིན་གཤེགས་པའི་ཞབས་འབྲིང་བ་ཉན་ཐོས་བྱེ་བ་བརྒྱ་སྟོང་དེ་དག་གང་ཡང་བྱང་ཆུབ་སེམས་དཔར་མ་གྱུར་ན་དེ་དག་ལ་དེ་བཞིན་གཤེགས་པའི་སྲས་སུ་འདུ་ཤེས་མི་སྐྱེད་དོ། །དེ་ལ་ འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་དབང་རྒྱལ་པོའི་སྲས་སྟོང་པོ། །འགའ་ཡང་བུ་ཡི་མཚན་དང་མི་ལྡན་ན། །དེ་ཕྱིར་དེ་དག་གཅེས་བྱེད་མི་ནུས་པས། །དེ་ལ་མི་མཆོག་བུ་ཡི་འདུ་ཤེས་མེད། །དེ་བཞིན་སངས་རྒྱས་ཞབས་འབྲིང་བྱེ་བ་མང་། །འགའ་ཡང་བྱང་ཆུབ་ སེམས་དཔའ་མ་ཡིན་ན། །དེ་ན་བྱང་ཆུབ་སེམས་དཔའ་འགའ་མེད་ཕྱིར། །དེ་ལ་བདེ་གཤེགས་སྲས་སུ་དགོངས་མི་མཛད། །འོད་སྲུང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཆགས་ 44-136a ནས་ཞག་བདུན་ལོན་ཏེ་འབྱུང་བ་ཆེན་པོ་མེར་མེར་པོར་འདུག་ཀྱང་ཤིན་ཏུ་སྟོབས་དང་ལྡན་པས་དེ་ལ་ལྷ་རྣམས་རེ་བ་སྐྱེད་ཀྱི། གཞོན་ནུ་སྟོབས་ཆེ་ལ་མགྱོགས་པའི་ཤུགས་དང་ལྡན་ཞིང་མཐུ་རྙེད་པ་དེ་དག་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཁོར་ལོས་སྒྱུར་བའི་ རིགས་མི་འཆད་པར་གནས་པའི་ཕྱིར་རོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དབང་པོ་ཡོངས་སུ་མ་སྨིན་པ། ཉོན་མོངས་པའི་འབྱུང་བ་ཆེན་པོ་མེར་མེར་པོར་གྱུར་པ་འཁོར་བ་ན་འཁོར་ཞིང་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པ་ཡང་ ཤིན་ཏུ་སྟོབས་དང་ལྡན་པས་དེ་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་རེ་བ་སྐྱེད་ཀྱི། དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དེ་དག་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་ཀྱི་གདུང་མི་འཆད་པར་གནས་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་བྱ་ སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་བཙུན་མོ་མཆོག །དེ་མངལ་བསོད་ནམས་མཚན་ལྡན་སེམས་ཅན་ཆགས། །སྟོབས་དང་ལྡན་པས་ལྷ་རྣམས་རེ་བ་སྐྱེད། །གཞོན་ནུ་མཐུ་ཐོབ་རྣམས་ལ་མ་ཡིན་ལྟར། །བྱང་ཆུབ་སེམས་དཔའ་རྩེ་གཅིག་སེམས་གནས་ཤིང་། ། འཁོར་བར་གནས་ཏེ་བྱང་ཆུབ་ཚོལ་བྱེད་པ། །དེ་ལ་ལྷ་དང་ཀླུ་རྣམས་རེ་བ་སྐྱེད། །རྣམ་ཐར་བརྒྱད་པོས་བསམ་གཏན་བྱེད་ལ་མིན། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་བཻདཱུརྱ་གཅིག་གིས་མཆིང་བུའི་ནོར་བུའི་ཕུང་པོ་རི་རབ་ཙམ་ཟིལ་གྱིས་གནོན་ཏོ། །འོད་སྲུང་དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འོད་གསལ་རིན་ཆེན་བཻདཱུརྱས། །མཆིང་བུའི་ནོར་བུ་མང་པོ་ཟིལ་གྱིས་གནོན། །བྱང་ཆུབ་སེམས་དཔའ་ཐོག་ མར་སེམས་བསྐྱེད་པས། །ཉན་ཐོས་སྟོང་ཡང་དེ་ལྟར་ཟིལ་གྱིས་གནོན། །འོད་སྲུང་འདི་ལྟ་སྟེ། དཔེར་ན་བྱ་ཀ་ལ་པིང་ཀའི་ཕྲུག་གུ་སྒོ་ངའི་སྦུབས་ན་འདུག་པ་མིག་མ་བྱེ་བ་ཡང་འདི་ལྟ་སྟེ། ཟབ་ཅིང་སྙན་པའི་སྒྲ་སྐད་ཀྱིས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་ 44-136b སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་མ་རིག་པའི་སྒོ་ངའི་སྦུབས་ན་འདུག་པ་ལས་དང་ཉོན་མོངས་པའི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་གིས་མིག་ཁེབས་པ་ཡང་འདི་ལྟ་སྟེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སྦྱོར་བའི་སྒྲ་སྐད་ཀྱིས་ཉན་ཐོས་དང་རང་ སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པ་ལས་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་བཙས་མ་ཐག་ཏུ་ཚོང་དཔོན་དང་གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་ཐམས་ཅད་དང་། རྒྱལ་ཕྲན་ཐམས་ ཅད་ཕྱག་འཚལ་བར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་སྐྱེད་པ་ལ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ལོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ས་བདག་ཆེན་པོ་རྒྱལ་པོ་ལ། །མཚན་གྱིས་ལུས་སྤྲས་བུ་ཞིག་ཡོད་གྱུར་ན། ། གཞོན་ནུ་དེ་ནི་བཙས་པར་མཐོང་མ་ཐག །གྲོང་ཁྱེར་མི་དང་རྒྱལ་ཕྲན་ཐམས་ཅད་འདུད། །དེ་བཞིན་བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མཚན་ལྡན་རྒྱལ་བའི་སྲས་པོ་དེ་ལ་ནི། །ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ཞིང་། །དང་བའི་སེམས་ཀྱི་ཤིན་ཏུ་གཅེས་ པར་འཛིན། །འོད་སྲུང་འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་གངས་རི་ལ་སྨན་གང་དག་སྐྱེས་པ་དེ་དག་ཐམས་ཅད་ནི་ང་ཡིར་བྱ་བ་མེད། རིས་སུ་བཅད་པ་མེད། རྣམ་པར་རྟོག་པ་མེད་དེ། ནད་གང་ལ་བཏང་ཡང་ནད་དེ་རབ་ཏུ་ཞི་བར་བྱེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་ཡེ་ཤེས་ཀྱི་སྨན་གང་ཡང་དག་པར་སྒྲུབ་པ་དེ་ཐམས་ཅད་རྣམ་པར་མི་རྟོག་པར་སྒྲུབ་ཅིང་། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་གསོ་བར་རབ་ཏུ་སྦྱོར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རི་རྒྱལ་གངས་ཀྱི་རི་བོ་ལ། །སྨན་སྐྱེས་དེ་ དག་མི་རྟོག་ངར་འཛིན་མེད། །གང་ལ་བཏང་བ་དེ་ཀུན་ཞི་བར་བྱེད། །ཁ་ཅིག་ནད་དང་རྒ་བ་འང་སེལ་བར་བྱེད། །དེ་བཞིན་རྒྱལ་བའི་སྲས་པོ་ཡེ་ཤེས་སྨན། །ཡང་དག་སྒྲུབ་པ་འང་རྣམ་པར་རྟོག་སྤངས་ནས། །སེམས་ཅན་ཕན་ཕྱིར་ཐམས་ཅད་ཡང་དག་སྒྲུབ། ། 44-137a སྙོམས་པའི་སེམས་ཀྱིས་སེམས་ཅན་གསོ་བར་བྱེད། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི་དེ་བཞིན་ གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཟླ་བ་ཚེས་ལ་ཐམས་ ཅད་ཕྱག་འཚལ་གྱི། །ཟླ་བ་ཉ་ལ་དེ་ལྟར་ཕྱག་མི་འཚལ། །དེ་བཞིན་གང་དག་ང་དད་དེ་དག་གིས། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཕྱག་འཚོལ་ཅིག །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཡི་གེའི་ཕྱི་མོ་རྣམས་ནི་བསྟན་བཅོས་ཐམས་ཅད་འཛིན་པ་ཤེས་པའི་སྔོན་དུ་འགྲོའོ། ། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཡང་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་དང་། བྱིན་གྱི་རླབས་ཐམས་ཅད་འཛིན་པའི་ཡེ་ཤེས་བླ་ན་མེད་པའི་སྔོན་དུ་འགྲོའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་བཏང་སྟེ་སུས་ཀྱང་སྐར་མའི་གཟུགས་ ལ་ནམ་ཡང་སྔོན་ཕྱག་མ་བྱས་སོ། །འོད་སྲུང་དེ་བཞིན་དུ་མཁས་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་བདག་ལ་ཕན་པ་དང་གཞན་ལ་ཕན་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་ངའི་བསླབ་པ་ལ་ཞུགས་པ་བཏང་སྟེ། ཉན་ཐོས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །དེ་ལ་འདི་ སྐད་ཅེས་བྱ་སྟེ། སུས་ཀྱང་ཟླ་བ་རྣམ་པར་སྤངས་ནས་སུ། །སྐར་མའི་ཚོགས་ལ་ནམ་ཡང་ཕྱག་མ་བྱས། །དེ་བཞིན་བསླབ་ལ་ཞུགས་པ་ནམ་དུ་ཡང་། །ང་སྲས་བཏང་སྟེ་ཉན་ཐོས་ཕྱག་མི་འཚལ། འོད་སྲུང་འདི་ལྟ་སྟེ་དཔེར་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ མཆིང་བུའི་ནོར་བུ་བྱི་དོར་བྱས་ཀྱང་མཆིང་བུའི་ནོར་བུ་ནམ་ཡང་ནོར་བུ་རིན་པོ་ཆེ་བཻདཱུརྱ་མི་འགྱུར་རོ། །འོད་སྲུང་དེ་བཞིན་དུ་ཉན་ཐོས་ཚུལ་ཁྲིམས་དང་། བསླབས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་ལྡན་ཡང་ 44-137b བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནམ་ཡང་མི་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས། །མཆིང་བུའི་ནོར་བུ་བྱི་དོར་བྱས་ཀྱང་ནི། །མཆིང་བུ་དག་སྟེ་ བཻདཱུརྱ་མི་འགྱུར། །འདི་འདྲ་དེ་ཉིད་དེའི་རང་བཞིན་ཡིན། །དེ་བཞིན་ཉན་ཐོས་ཁྲིམས་དང་ཐོས་པ་དང་། །བསམ་གཏན་ལྡན་ཞིང་སྦྱངས་པ་ཀུན་ལྡན་ཡང་། །བྱང་ཆུབ་སྙིང་པོར་འདུག་སྟེ་བདུད་བཏུལ་ནས། །བྱང་ཆུབ་རེག་སྟེ་བདེ་གཤེགས་འགྱུར་བ་མེད། ། འོད་སྲུང་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བཻདཱུ་རྱ་བྱི་དོར་བྱས་ན་དེ་ཀཱར་ཥ་པཱ་ཎ་བརྒྱ་སྟོང་མང་པོ་འབྱུང་བའི་སྒོར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་བྱི་དོར་བྱས་ན་དེ་ཉན་ཐོས་དང་རང་སངས་རྒྱས་བརྒྱ་སྟོང་མང་པོ་འབྱུང་བའི་སྒོར་འགྱུར་རོ། །དེ་ལ་ འདི་སྐད་ཅེས་བྱ་སྟེ། རིན་ཆེན་བཻདཱུརྱ་སྦྱང་བྱས་ན། ཀཱར་ཥ་པཱ་ཎ་མང་པོ་འབྱུང་བར་འགྱུར། །དེ་བཞིན་སངས་རྒྱས་སྲས་ཀྱིས་སྦྱང་བྱས་ན། །ཉན་ཐོས་མང་པོ་འབྱུང་བའི་སྒོར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་ སྩལ་པ། འོད་སྲུང་ཡུལ་གང་དུ་སྲིན་བུ་རྔ་མོ་དུད་ཀ་ཞེས་བྱ་བ་མགོ་ནག་གན་རྐྱལ་དུ་ཉལ་བ་བྱུང་ན་ཡུལ་དེ་འཇིགས་པ་དང་བཅས། འཚེ་བ་དང་བཅས། ཉེ་བའི་ཉོན་མོངས་པ་དང་བཅས། འཁྲུག་པ་དང་བཅས་པར་འགྱུར་རོ། །འོད་སྲུང་གལ་ཏེ་ཡུལ་དེར་བྱང་ཆུབ་ སེམས་དཔའི་བྱུང་ན་ཡུལ་དེ་འཇིགས་པ་མེད་པ་དང་། འཚེ་བ་མེད་པ་དང་། ཉེ་བའི་ཉོན་མོངས་པ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ། །འོད་སྲུང་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པར་བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་ ཡང་དག་པར་བསྒྲུབ་པར་བྱའོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ་གཏང་བར་བྱའོ། །ཡེ་ཤེས་ཀྱི་སྨན་གང་ཚོལ་བ་དེས་ཕྱོགས་བཞིར་སོང་སྟེ་སེམས་ཅན་རྣམས་ལ་ཡང་དག་པའི་གསོ་བ་བྱའོ། །ཡང་དག་པའི་གསོ་བས་ 44-138a སེམས་ཅན་རྣམས་གསོ་བར་བྱའོ། །འོད་སྲུང་དེ་ལ་ཡང་དག་པའི་གསོ་བ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ལ་མི་སྡུག་པ་དང་། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ལྟ་བར་གྱུར་པ་ཐམས་ཅད་ལ་སྟོང་ པ་ཉིད་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། མཚན་མའི་དམིགས་པ་ཡིད་ལ་བྱེད་པ་ཐམས་ཅད་ལ་མཚན་མ་མེད་པ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་ལ་གནས་པ་སྤངས་པའི་ཕྱིར་སྨོན་པ་མེད་ པ་དང་། ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར་ཕྱིན་ཅི་མ་ལོག་པ་བཞི་སྟེ། བཞི་གང་ཞེ་ན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་ལ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། བདག་མེད་པ་ལ་བདག་ཏུ་ འདུ་ཤེས་པ་ལ་ཆོས་ཐམས་ཅད་བདག་མེད་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་ལ་མྱ་ངན་ལས་འདས་པ་ཞི་བས་གསོ་བ་དང་། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་གནས་པ་རྣམས་ལ་དྲན་པ་ཉེ་བར་གཞག་པ་བཞི་སྟེ། དེ་ལ་ལུས་ལ་ལུས་ ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་ལུས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བ་དང་། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་ཚོར་བའི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བ་དང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་སེམས་ ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་ཆོས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བས་གསོ་བ་དང་། ཡང་དག་པར་སྤོང་བ་བཞིས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་ སུ་རྫོགས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་ནི་ལུས་དང་སེམས་ལ་རིལ་པོར་འཛིན་པ་འདོར་བར་འགྱུར་བ་དང་། དབང་པོ་ལྔ་དང་། སྟོབས་ལྔས་ནི་མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མེད་པ་རྣམས་ 44-138b གསོ་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ནི་ཆོས་ལ་ཤིན་ཏུ་རྨོངས་ཤིང་མི་ཤེས་པ་གསོ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ནི་འཆལ་པའི་ཤེས་རབ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། ལམ་ངན་པར་ཞུགས་པ་རྣམས་གསོ་བ་སྟེ། འོད་ སྲུང་འདི་ནི་ཡང་དག་པའི་གསོ་བ་ཞེས་བྱའོ། །འོད་སྲུང་བྱང་ཆུབ་སེམས་དཔའ་གསོ་བ་འདི་ལ་བསླབ་པར་བརྩོན་པར་བྱའོ། །འོད་སྲུང་འཛམ་བུའི་གླིང་ན་སྨན་པ་དང་། སྨན་པའི་སློབ་མ་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་འཚོ་བྱེད་ནི་མཆོག་ཅེས་བྱའོ། །འོད་སྲུང་གལ་ཏེ་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྨན་པའི་རྒྱལ་པོ་འཚོ་བྱེད་དང་འདྲ་བར་གྱུར་ཀྱང་དེ་དག་ལ་ལ་ཞིག་གིས་ལྟ་བ་དང་འགྱོད་པ་ལ་གནས་པ་གསོ་བའི་སྨན་གང་ཡིན་ཞེས་དྲིས་ན། དེ་དག་གིས་ཤེས་པ་འམ། བསྟན་པ་ འམ། བསྒོ་བར་མི་ནུས་སོ། །འོད་སྲུང་དེ་ལ་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བདག་ནི་འཇིག་རྟེན་གྱི་སྨན་ཙམ་གྱི་ཆོག་པར་མི་བྱའི། བདག་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་ཡོངས་སུ་བཙལ་བར་བྱའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་ལེགས་པར་ ཡང་དག་པར་བསྒྲུབ་པར་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ལྟར་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་གང་ཚོལ་བ་དེས་ཕྱོགས་བཞིར་སོང་ལ་སེམས་ཅན་རྣམས་ལ་ཡང་དག་པའི་གསོ་བ་བྱ་སྟེ། ཡང་དག་པའི་གསོ་བས་སེམས་ཅན་རྣམས་གསོ་བར་ བྱའོ། །འོད་སྲུང་དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་གང་ཞེ་ན། འདི་ལྟ་སྟེ། རྒྱུ་རྐྱེན་ལ་འཇུག་པ་ཤེས་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་རྣམས་ ལ་མོས་པའི་ཤེས་པ་དང་། སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཆོས་རྣམས་ལ་མི་སྡང་བ་དང་། སེམས་ཅན་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ། །དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ། འདོད་ཆགས་པར་འགྱུར་བ་འམ། ཞེ་སྡང་བར་འགྱུར་བ་འམ། གཏི་མུག་པར་ 44-139a འགྱུར་བའི་སེམས་དེ་གང་ཡིན། ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་ སྙམ་མོ། །འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པ་ལ་ཡང་མི་དམིགས་སོ། །འོད་སྲུང་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། ། འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་བལྟ་ཞེ་ན། འོད་སྲུང་སེམས་ནི་སྒྱུ་མ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ། །འོད་སྲུང་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ། མི་གནས་པ་སྐྱེས་ ནས་འཇིག་ཅིང་འཇུག་པའོ། །འོད་སྲུང་སེམས་ནི་རླུང་དང་མཚུངས་ཏེ། རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རྒྱུ་བའོ། །འོད་སྲུང་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ། རྒྱུ་དང་རྐྱེན་ལས་འབྱུང་བའོ། །འོད་སྲུང་སེམས་ནི་ནམ་མཁའ་དང་མཚུངས་ཏེ། ཉེ་བའི་ཉོན་ མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ། །འོད་སྲུང་སེམས་ནི་གློག་དང་མཚུངས་ཏེ། སྐད་ཅིག་ཏུ་འཇིག་ཅིང་མི་གནས་པའོ། །འོད་སྲུང་སེམས་ནི་སྤྲེའུ་དང་མཚུངས་ཏེ། ཡུལ་ཐམས་ཅད་འདོད་པའོ། །འོད་སྲུང་སེམས་ནི་ལས་རྣམ་པ་སྣ་ཚོགས་ མངོན་པར་འདུ་བྱེད་པའི་ཕྱིར་རི་མོ་མཁན་དང་མཚུངས་སོ། །འོད་སྲུང་སེམས་ནི་ཉོན་མོངས་པ་ཐ་དད་པ་འབྱུང་བའི་ཕྱིར་མི་གནས་པའོ། །འོད་སྲུང་སེམས་ནི་གཉིས་པ་མཚམས་སྦྱོར་བ་མེད་པའི་ཕྱིར་གཅིག་པུ་རྒྱུ་སྟེ་གཉིས་སུ་མེད་པའོ། །འོད་སྲུང་སེམས་ནི་ཆོས་ཐམས་ 44-139b ཅད་ལ་དབང་བྱེད་པའི་ཕྱིར་རྒྱལ་པོ་དང་མཚུངས་སོ། །འོད་སྲུང་སེམས་ནི་སྡུག་བསྔལ་ཐམས་ཅད་སྐྱེད་པའི་ཕྱིར་མི་མཛའ་བ་དང་མཚུངས་སོ། །འོད་སྲུང་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་བྱེ་མའི་ཁང་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་མི་རྟག་པ་ལ་ རྟག་པར་འདུ་ཤེས་པའི་ཕྱིར་ཟིལ་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ། །འོད་སྲུང་སེམས་ནི་མི་གཙང་བ་ ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲང་མ་སྔོན་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་གནོད་པ་རྣམ་པ་མང་པོ་བྱེད་པས་ཕྱིར་རྒོལ་བ་དང་མཚུངས་སོ། །འོད་སྲུང་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས་འཕྲོག་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་ རྟག་ཏུ་གླགས་ལྟ་བས་དགྲ་དང་མཚུངས་སོ། །འོད་སྲུང་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པས་རྟག་པར་མཐོ་དམའ་ཅན་ནོ། །འོད་སྲུང་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས་ཆོམ་རྐུན་དང་མཚུངས་སོ། །འོད་སྲུང་སེམས་ནི་གཟུགས་ལ་དགའ་བས་ཕྱི་བྱི་ཞྭ་ ལའི་མིག་དང་མཚུངས་སོ། །འོད་སྲུང་སེམས་ནི་སྒྲ་ལ་དགའ་བས་གཡུལ་གྱི་རྔ་དང་མཚུངས་སོ། །འོད་སྲུང་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྲི་ལ་དགའོ། །འོད་སྲུང་སེམས་ནི་རོ་ལ་དགའ་བས་ཟས་ཀྱི་ལྷག་མ་ཟ་བའི་བྲན་མོ་དང་མཚུངས་སོ། ། འོད་སྲུང་སེམས་ནི་རེག་པ་ལ་དགའ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་ བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ། ། 44-140a གང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ལ་ངོ་བོ་ཉིད་མེད་དོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་དོ། །གང་འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ། །གང་འགག་པ་མེད་པ་དེ་ལ་འབྲལ་བ་མེད་ དོ། །གང་འབྲལ་བ་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད། འཆི་འཕོ་ཡང་མེད། སྐྱེ་བ་ཡང་མེད་དོ། །གང་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད། འཆི་འཕོ་ཡང་མེད། སྐྱེ་བ་ཡང་མེད་པ་དེ་ལ་འདུ་བྱེད་གང་ཡང་མེད་དོ། །གང་ལ་འདུ་བྱེད་ གང་ཡང་མེད་པ་དེ་ནི་འདུས་མ་བྱས་པའོ། །གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་དོ། །གང་ལ་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ ཡང་མེད་མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད། གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ། །གང་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་ རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་དོ། །གང་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་ རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་པའི་རིགས་དེ་ལ་ནི་ལུས་ཀྱིས་ལས་བྱེད་པ་མེད་དོ། །ངག་གིས་མ་ཡིན། ཡིད་ཀྱིས་མ་ཡིན་ནོ། །རིགས་དེ་ལ་ ཐ་མ་དང་འབྲིང་དང་མཆོག་ཏུ་རྣམ་པར་གཞག་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་མཉམ་པའོ། །རིགས་དེ་ནི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་ཁྱད་པར་མེད་པའོ། །རིགས་དེ་ནི་ལུས་དང་སེམས་དབེན་པའི་ཕྱིར་དབེན་པའོ་ 44-140b རིགས་དེ་ནི་མྱ་ངན་ལས་འདས་པ་དང་འཐུན་པའོ། །རིགས་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །རིགས་དེ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པས་ངའི་བ་མེད་པའོ། །རིགས་དེ་ནི་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་མཉམ་ པ་ལས་བྱུང་བ་སྟེ། མི་མཉམ་པ་མེད་པའོ། །རིགས་དེ་ནི་དོན་དམ་པའི་བདེན་པ་ཡིན་པས་བདེན་པའོ། །རིགས་དེ་ནི་གཏན་དུ་མི་སྐྱེ་བའི་ཕྱིར་མི་ཟད་པའོ། །རིགས་དེ་ནི་རྟག་ཏུ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཕྱིར་རྟག་པའོ། །རིགས་དེ་ནི་མྱ་ངན་ལས་འདས་པ་ མཆོག་གི་ཕྱིར་བདེ་བའོ། །རིགས་དེ་ནི་རྣམ་པ་ཐམས་ཅད་དུ་དྲི་མ་མེད་པའི་ཕྱིར་དགེ་བའོ། །རིགས་དེ་ནི་བདག་ཡོངས་སུ་བཙལ་ཏེ་མ་རྙེད་པའི་ཕྱིར་བདག་མེད་དོ། །རིགས་དེ་ནི་རབ་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པའོ། །འོད་སྲུང་ནང་དུ་ཡོངས་སུ་ཚོལ་ལ་ཕྱི་རོལ་ དུ་མ་རྒྱུག་ཤིག །འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་དག་འབྱུང་ངོ་། །འོད་སྲུང་ཇི་ལྟར་ན་དགེ་སློང་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་ཡིན་ཞེ་ན། འོད་སྲུང་འདི་ལྟ་སྟེ་དཔེར་ན་ཁྱི་ནི་རྡོས་འཇིགས་ལ་རྡོ་དེ་ཉིད་ཀྱི་ཕྱིར་སྙེགས་ཀྱི་རྡོ་དེ་སུས་འཕངས་ པ་དེ་ལ་ནི་མི་སྙེགས་སོ། །འོད་སྲུང་དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་འཇིགས་ཤིང་སྐྲག་ནས་དགོན་པའི་གནས་རྣམས་ན་གནས་ཤིང་དེ་དག་དེ་ན་གཅིག་པུ་གཉིས་སུ་མེད་པར་ལུས་རབ་ཏུ་དབེན་པར་འདུག་ སྟེ། ཆགས་པར་འགྱུར་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སྣང་བར་གྱུར་ན་དེ་དག་དེ་ལ་བཏང་སྙོམས་སུ་འཇོག་ཅིང་བསོད་ཉམས་སུ་སྦྱོར་བ་དང་ལྡན་པར་གནས་ཀྱི་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་མི་བརྩོན་ཏེ། དེ་དག་གཟུགས་ དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལས་ཅིས་འབྱུང་བ་མི་ཤེས་ཤིང་ཁོང་དུ་མི་ཆུད་དོ། །དེ་དག་གིས་དེ་མ་ཤེས་ཤིང་ཁོང་དུ་མ་ཆུད་པས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ 44-141a དག་ཏུ་སོང་ན་ཡང་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་གནོད་པར་འགྱུར་རོ། །གལ་ཏེ་དེ་དག་དགོན་པ་ན་གནས་པ་ལས་འཆི་བའི་དུས་བྱས་པར་གྱུར་ན་འཇིག་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་ སྐྱེ་བར་འགྱུར་ཏེ། དེར་ཡང་དེ་དག་ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་གནོད་པར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་བཞི་ལས་ཡོངས་སུ་མ་གྲོལ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་ནོ། །འོད་སྲུང་དེ་ལྟར་ན་དགེ་སློང་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་དག་ཡིན་ནོ། །འོད་སྲུང་ཇི་ལྟར་ན་ཁྱི་རྡོ་ལ་སྙེགས་པ་དང་མི་འདྲ་བ་ཡིན་ཞེ་ན། འོད་སྲུང་གང་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ ཁྲོ། མཚང་བྲུས་ཀྱང་སླར་མཚང་མི་འདྲུ། བརྡེགས་ཀྱང་སླར་མི་རྡེག །བསྡིགས་ཀྱང་སླར་མི་སྡིགས། སྨད་ཀྱང་སླར་མི་སྨོད་ཅིང་ནང་དུ་སེམས་ལ་སོ་སོར་རྟོག་སྟེ། འདི་ལ་གཤེ་བ་འམ། ཁྲོས་པའམ། བརྡེགས་པའམ། བསྡིགས་པའམ། སྨད་པ་ འམ། མཚང་བྲུས་པ་དེ་དག་གང་ཡིན་སྙམ་དུ་སོ་སོར་རྟོག་པའོ། །འོད་སྲུང་དེ་ལྟར་ན་དགེ་སློང་ཁྱི་རྡོ་ལ་སྙེགས་པ་དང་མི་འདྲ་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཁྱི་ནི་རྡོ་བས་སྐྲག་གྱུར་ཀྱང་། །སུས་འཕངས་མི་སྙེགས་རྡོ་ལ་སྙེགས་པར་བྱེད། །དེ་ བཞིན་དགེ་སྦྱོང་བྲམ་ཟེ་ལ་ལ་དག །གཟུགས་ལ་སོགས་པས་སྐྲག་ནས་དགོན་པར་གནས། །དེ་དག་དགོན་པ་དེ་ལ་གནས་གྱུར་ཀྱང་། །གཟུགས་ལ་སོགས་པ་སྡུག་པ་མཐོང་གྱུར་ན། །བཏང་སྙོམས་འཇོག་ཅིང་ནང་གི་ཚུལ་མི་ཤེས། །དེ་ཡི་ཉེས་ལས་བྱུང་བ་ གང་ཡིན་པ། །མི་ཤེས་པས་ན་སླར་ཡང་གྲོང་དུ་གནས། །གཟུགས་ལ་སོགས་པས་དེར་ཡང་གནོད་པར་འགྱུར། །འདིར་ཡང་ལྷ་ཡི་ལོངས་སྤྱོད་སྤྱད་གྱུར་ཏེ། །ལྷ་དང་མི་ལས་ཁ་ཅིག་ཤི་འཕོས་ནས། །དེ་དག་ངན་སོང་སར་ནི་ལྟུང་བར་འགྱུར། །བླུན་པོ་དེ་ 44-141b དག་ཤི་འཕོས་སྡུག་བསྔལ་འགྱུར། །དེ་ལྟར་སྡུག་བསྔལ་བརྒྱ་ལྡན་དེ་དག་ནི། །ཁྱི་རྡོ་སྙེགས་པ་འདྲ་ཞེས་བདེ་གཤེགས་གསུངས། །སྤྱོས་ཀྱང་མི་གཤེ་བརྡེགས་ཀྱང་མི་རྡེག་དང་། །སུ་ཞིག་སྨད་ཀྱང་སྨོད་པར་མི་བྱེད་དང་། །དེ་བཞིན་མཚང་བྲུས་མཚང་ འདྲུ་མི་བྱེད་དང་། །ཁྲོས་ཀྱང་དེས་པ་ཁྲོ་བར་མི་བྱེད་ཅིང་། །ནང་གི་སེམས་ཀྱི་གཉེན་པོར་གྱུར་པ་དག །ཚོལ་ཞིང་ཡིད་ཞི་དྲན་དང་ལྡན་གྱུར་པ། །དེ་འདྲའི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན་པ་ནི། །རྡོ་སྙེགས་ཁྱི་མི་འདྲ་ཞེས་རྒྱལ་བས་གསུངས། །འོད་ སྲུང་འདི་ལྟ་སྟེ་དཔེར་ན་རྟའི་འདུལ་སྦྱོང་ལ་མཁས་པས་རྟ་དེ་གང་དང་གང་དུ་གཡོ་བྱེད་ཅིང་མ་བྱང་བ་དེ་དང་དེ་རབ་ཏུ་སྦྱོང་ངོ་། །འོད་སྲུང་དེ་བཞིན་དུ་དགེ་སློང་རྣལ་འབྱོར་སྤྱོད་པ་ཡང་གང་དང་གང་དུ་སེམས་འགྱུར་བར་མཐོང་བ་དེ་དང་དེར་རབ་ཏུ་སྦྱོང་བ་ལ་འཇུག་སྟེ། དེ་ཅི་ནས་ཕྱིས་ འཁྲུག་པར་མི་འགྱུར་བ་དེ་ལྟར་སེམས་རབ་ཏུ་འཆོས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྟ་ཡི་འདུལ་སྦྱོང་མཁས་པ་ཞིག །བྱང་ཞིང་གཡོ་མེད་ཚུལ་དུ་རབ་ཏུ་འདུལ། །རྣལ་འབྱོར་པ་ཡང་སེམས་ནི་འགྱུར་མཐོང་ནས། །ཇི་ལྟར་ཕྱིས་འཁྲུག་མི་འགྱུར་དེ་ ལྟར་འཆོས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ལྐོག་ནད་ལྷ་འོར་གྱིས་ནི་སྲོག་གི་དབང་པོ་འགག་པར་བྱེད་དོ། །འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ཀྱི་ནང་ན་བདག་ཏུ་འཛིན་པ་ནི་ཆོས་ཀྱི་སྲོག་གི་དབང་པོ་འགག་པར་བྱེད་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལྷ་འོར་སྲོག་གི་ དབང་པོ་ལ། །གནོད་ཅིང་དེ་ལ་བདེ་བ་སྦྱིན་པ་མིན། །དེ་བཞིན་ལྟ་གྱུར་ནང་ན་བདག་ལྟ་བ། །དེ་ནི་ཆོས་སྲོག་རྣམ་པར་འཇིག་པར་བྱེད། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ནི་གང་དང་གང་དུ་བཅིངས་པ་དེ་དང་དེ་ཉིད་ལས་དགྲོལ་བར་བྱ་བ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་རྣལ་འབྱོར་སྤྱོད་པའི་ སེམས་གང་དང་གང་ལ་ཆགས་པ་དེ་དང་དེ་ལས་དགྲོལ་བར་བྱ་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་ནི་གང་དུ་བཅིངས་གྱུར་པ། །དེ་དང་དེ་ལས་དགྲོལ་བར་བྱ་བ་ཡིན། །དེ་བཞིན་སེམས་རྨོངས་གང་དང་གང་ཆགས་པ། །རྣལ་འབྱོར་པས་ནི་དེ་དང་དེ་ལས་ 44-142a དགྲོལ། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་ནམ་མཁའ་ལ་ཡོངས་སུ་ཆགས་པ་སྟེ། གཉིས་གང་ཞེ་ན། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང་། ལྷུང་བཟེད་དང་ཆོས་གོས་ལྷག་པར་འཆང་བ་སྟེ། འདི་གཉིས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འཇིག་རྟེན་རྒྱང་ཕན་གོམས་བྱེད་བརྩོན་པ་དང་། །ལྷུང་བཟེད་ཆོས་གོས་ལྷག་པར་འཆང་བྱེད་པ། །འདི་གཉིས་ནམ་མཁའ་ལ་ནི་ཆགས་པ་སྟེ། །དེ་དག་བྱང་ཆུབ་སེམས་དཔས་སྤང་བར་བྱ། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་འཆིང་བ་དམ་ པོ་སྟེ། གཉིས་གང་ཞེ་ན། ལྟ་བར་གྱུར་པའི་འཆིང་བ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་འཆིང་བ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྟ་གྱུར་འཆིང་དང་རྙེད་དང་བཀུར་སྟི་དང་། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བ་ཡི། །འཆིང་ བ་དམ་ཞེས་འཕགས་པ་རྣམས་ཀྱིས་གསུངས། །དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང་། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་བར་དུ་གཅོད་པའི་ཆོས་ཏེ། གཉིས་གང་ཞེ་ན། ཁྱིམ་པའི་ཕྱོགས་ལ་སྟེན་པ་དང་། འཕགས་པའི་ཕྱོགས་ལ་སྨོད་པར་སེམས་པ་སྟེ་འདི་གཉིས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་སྟེན་པར་བྱེད་པ་དང་། །འཕགས་པའི་ཕྱོགས་ལ་རྣམ་པར་སྨོད་བྱེད་པ། །འདི་གཉིས་རབ་བྱུང་བར་ཆད་བགེགས་བྱེད་ཡིན། །བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤང་། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་དྲི་མ་ སྟེ། གཉིས་གང་ཞེ་ན། ཉོན་མོངས་པ་ལ་མི་མཇེད་པ་དང་། མཛའ་བོའི་ཁྱིམ་དང་ཟས་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་སྟེ་འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་ཏུ་བྱུང་བ་ཉོན་མོངས་མི་མཇེད་དང་། །མཛའ་བོའི་ཁྱིམ་དང་ཟས་སྟེར་ཁྱིམ་སྟེན་པ། ། དེ་གཉིས་དྲི་མར་རྒྱལ་བའི་དབང་པོས་གསུངས། །བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤང་། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་སེར་བ་འབབ་པ་སྟེ། གཉིས་གང་ཞེ་ན། དམ་པའི་ཆོས་སྤོང་བ་དང་། ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་སྦྱིན་པ་ཡོངས་སུ་ 44-142b སྤྱོད་པ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དམ་པའི་ཆོས་ནི་སྤོང་བ་དང་། །ཚུལ་ཁྲིམས་ཉམས་ཀྱང་སྤྱོད་པ་སྟེ། །སེར་བ་འབབ་པ་འདི་གཉིས་ནི། །རྒྱལ་སྲས་རྣམས་ཀྱིས་སྤང་བར་བྱ། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་རྨ་ཡིན་ཏེ། གཉིས་ གང་ཞེ་ན། ཕ་རོལ་གྱི་ཉེས་པ་ལ་སོ་སོར་རྟོག་པ་དང་། བདག་གི་ཉེས་པ་འཆབ་པ་སྟེ་འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་གི་སྐྱོན་ནི་འཆབ་བྱེད་དང་། །ཕ་རོལ་ཉེས་ལ་རྟོག་བྱེད་པ། །འདི་གཉིས་དུག་གི་མེ་དང་འདྲ། །རྟོག་པ་རྣམས་ཀྱི་རྨ་ འདི་སྤང་། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་ཡོངས་སུ་གདུང་བ་སྟེ། གཉིས་གང་ཞེ་ན། རྙོག་པ་དང་བཅས་པའི་སེམས་ཀྱིས་ངུར་སྨྲིག་འཆང་བ་དང་། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ལས་བསྙེན་བཀུར་དང་རིམ་གྲོར་བྱ་བ་བདག་གིར་བྱེད་ པ་སྟེ་འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྙོག་དང་བཅས་པའི་སེམས་ཀྱིས་ངུར་སྨྲིག་འཆང་བ་དང་། །བསྙེན་བཀུར་རིམ་གྲོ་བྱེད་དང་གུས་པར་སྨྲ་བ་དག །ཚུལ་ཁྲིམས་ལྡན་པ་རྣམས་ལ་སྟེན་པར་བྱེད་པ་སྟེ། །ཆོས་གཉིས་འདི་དག་ཡོངས་སུ་སྤང་ བར་བྱ་བ་ཡིན། །འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་ཟུག་རྔུ་སྟེ། གཉིས་གང་ཞེ་ན། བསླབ་པའི་གཞི་ལས་འགལ་བ་དང་། སྙིང་པོ་མ་བླངས་པར་འཆི་བའི་དུས་བྱེད་པ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བསླབ་པའི་གཞི་ལས་འགལ་བར་ གྱུར་པ་དང་། །སྙིང་པོ་མ་བླངས་པར་ནི་དུས་བྱེད་པ། །འདི་གཉིས་རབ་ཏུ་བྱུང་བའི་ཟུག་རྔུ་ཞེས། །ལྷ་མིའི་སྟོན་པ་ཐམས་ཅད་མཁྱེན་པས་གསུངས། ། འོད་སྲུང་འདི་གཉིས་ནི་རབ་ཏུ་བྱུང་བའི་ནད་གསོར་མི་རུང་བ་སྟེ། གཉིས་གང་ཞེ་ན། མངོན་པའི་ང་རྒྱལ་གྱིས་སེམས་ ངེས་པར་སེམས་པ་དང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་རྣམས་ཀྱི་འདུན་པ་ཟློག་པ་སྟེ་འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མངོན་པའི་ང་རྒྱལ་སེམས་ལ་ངེས་སེམས་དང་། །སངས་རྒྱས་ཐེག་པ་ལས་ནི་འདུན་པ་ཟློག །འདི་གཉིས་རབ་ཏུ་བྱུང་བའི་ 44-143a ནད་ཡིན་ཞེས། །གང་ཟག་མཚུངས་པ་མེད་པའི་རྒྱལ་བས་གསུངས། །འོད་སྲུང་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་ཇི་ཙམ་གྱིས་ན་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་ཞེ་ན། འོད་སྲུང་བཞི་པོ་འདི་དག་ནི་དགེ་སྦྱོང་སྟེ། བཞི་གང་ཞེ་ན། ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སྦྱོང་དང་ ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་དང་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་དང་། ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ངོ་། །འོད་སྲུང་དེ་ལ་ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སྦྱོང་གང་ཞེ་ན། འོད་སྲུང་འདི་ལ་དགེ་སྦྱོང་ཁ་ཅིག་ཁ་དོག་དང་རྟགས་དང་དབྱིབས་དང་ལྡན་པར་གྱུར་ཏེ། ཆོས་གོས་སྣམ་སྦྱར་གྱོན་ཅིང་མགོ་བྲེགས་ཏེ། ལག་ན་ལྷུང་བཟེད་ཐོགས་མོད་ཀྱི་དེ་ལུས་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད། ངག་གི་ལས་ཡོངས་སུ་མ་དག་པར་སྤྱོད། ཡིད་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད་ཅིང་མ་དུལ་བ་མ་ཞི་བ། མ་བསྲུངས་པ། མ་བྱང་བ། འཚོ་བ་ཡོངས་སུ་མ་ དག་པ། བརྐམ་པ། ལེ་ལོ་ཅན། ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཅན་ཡིན་ཏེ། འོད་སྲུང་དེ་ནི་ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སྦྱོང་ཞེས་བྱའོ། །འོད་སྲུང་དེ་ལ་ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུང་འདི་ལ་དགེ་སྦྱོང་ཁ་ཅིག་ཆོ་ག་དང་། སྤྱོད་ཡུལ་ དང་། སྤྱོད་པ་ཕུན་སུམ་ཚོགས་ཤིང་སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ལ། ཟས་དང་སྐོམ་ངན་པ་ཟ་འཐུང་། འཕགས་པའི་རིགས་བཞི་པོ་དག་གིས་ཆོག་པར་འཛིན། བས་མཐའི་གནས་མལ་ལ་མངོན་པར་དགའ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེལ་ཚིག་ཉུང་ཞིང་སྨྲ་བ་ ཉུང་མོད་ཀྱི་དེའི་སྤྱོད་ལམ་དེ་དག་ཀྱང་ཚུལ་འཆོས་པ་དང་། ཁ་གསག་གིས་ཡོངས་སུ་བརྟགས་པ་ཡིན་ཏེ། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་མ་ཡིན། དུལ་བར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན་གྱི། དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ ང་ཡིར་འཛིན་པ་ལ་གནས་ཤིང་སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཆོས་རྣམས་ལ་གཡང་སར་འདུ་ཤེས་པ་ཡིན། སྟོང་པ་ཉིད་སྨྲ་བའི་དགེ་སློང་རྣམས་ལ་ཡང་དགྲར་འདུ་ཤེས་པ་ཡིན་ཏེ། འོད་སྲུང་དེ་ནི་ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུང་དེ་ལ་བརྗོད་པའི་སྒྲ་ 44-143b ཚིགས་སུ་བཅད་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུང་འདི་ལ་དགེ་སྦྱོང་ཁ་ཅིག་ཇི་ལྟར་བདག་ཚུལ་ཁྲིམས་དང་ལྡན་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཚུལ་ཁྲིམས་སྲུང་། ཇི་ལྟར་མང་དུ་ཐོས་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ ནས་ཐོས་པ་འཛིན། ཇི་ལྟར་བདག་དགོན་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་དགོན་པ་ལ་གནས་ཤིང་སོ་སོར་བརྟགས་ནས་འདོད་པ་ཉུང་ལ་ཆོག་ཤེས་པ་དང་། རབ་ཏུ་དབེན་པར་གྱུར་ཏེ། འདི་ལྟར་གཞན་ལ་བསྟན་པའི་ཕྱིར་ཡིན་གྱི་སྐྱོ་བར་བྱ་ བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་མ་ཡིན། འགོག་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ ཕྱིར་མ་ཡིན་ཏེ། འོད་སྲུང་དེ་ནི་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུང་དེ་ལ་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུང་གང་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ན་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ལྟ་ཅི་སྨོས། སྟོང་ པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ཐོས་ནས་དགའ་ཞིང་དེ་བཞིན་ཉིད་དུ་ཞུགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་མེད་པར་སྤྱད་པ་སྤྱོད་ན་ཁམས་གསུམ་པ་ལ་མངོན་པར་དགའ་བ་ལྟ་ཅི་སྨོས། སྟོང་པ་ཉིད་དུ་ལྟ་བ་ཡང་མི་ འདོད་པ་ཡིན་ན། བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་ཏུ་ལྟ་བ་ལྟ་ཅི་སྨོས། དོན་ལ་རྟོན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན། ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚོལ་གྱི་ཕྱི་རོལ་དུ་རྒྱུག་པ་མ་ཡིན། ཆོས་ཐམས་ཅད་ ཤིན་ཏུ་ཡོངས་སུ་དག་ཅིང་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ཉིད་སྐྱབས་ཡིན་གྱི། གཞན་སྐྱབས་མ་ཡིན། དེ་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་ཡང་མི་ལྟ་ན་གཟུགས་ཀྱི་སྐུར་ལྟ་ཅི་སྨོས། ཆོས་ལ་འདོད་ཆགས་དང་བྲལ་བར་ཡང་མི་ལྟ་ན་སྨྲ་ 44-144a བའི་ཚིག་གི་ལམ་ནས་བརྗོད་པར་ལྟ་ཅི་སྨོས། འཕགས་པ་འདུས་མ་བྱས་པའི་དགེ་འདུན་ལ་ཡང་རྣམ་པར་མི་རྟོག་ན་མང་པོ་འདུས་པར་ལྟ་ཅི་སྨོས། ཆོས་གང་སྤང་བར་བྱ་བའི་ཕྱིར་བརྩོན་པ་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་མ་ཡིན། མངོན་སུམ་དུ་ བྱ་བའི་ཕྱིར་མ་ཡིན། འཁོར་བར་ཡང་མི་སྐྱེ། མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མ་ཡིན། ཐར་པ་ཡང་མི་དམིགས་སོ། །བཅིང་བ་ཡང་མ་ཡིན་ལ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས་ཀུན་ཏུ་མི་འཁོར། ཡོངས་ སུ་མྱ་ངན་ལས་མི་འདའ་བ་ཡིན་ཏེ། འོད་སྲུང་དེ་ནི་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུང་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་དུ་འགྱུར་བར་བརྩོན་པར་བྱའི་མིང་གིས་གནོད་པར་ནི་མི་བྱ་སྟེ། འོད་སྲུང་དགེ་སྦྱོང་ནི་བཞི་པོ་དེ་དག་གོ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ ཞིག་ལུས་དང་ངག་དང་སེམས་མ་དག །མ་དུལ་མ་བསྲུངས་མ་བྱང་འདོད་ཆེན་ཅན། །མགོ་བྲེགས་ཆོས་གོས་ལྷུང་བཟེད་ལག་ན་ཐོགས། །དེ་ནི་དབྱིབས་རྟགས་དགེ་སྦྱོང་ཡིན་ཞེས་བསྟན། །ཆོ་ག་སྤྱོད་པ་ལ་སོགས་ལྡན་གྱུར་ཅིང་། །ཁ་ཟས་ངན་ཟ་ཚུལ་ འཆོས་ལ་སོགས་སྟེན། །འདུ་འཛི་རྒྱང་རིང་ཡོངས་སུ་སྤོང་བྱེད་ཅིང་། །སྤྱོད་ལམ་འཕགས་པའི་རིགས་དང་ལྡན་གྱུར་ཀྱང་། །དེ་ཡི་དེ་ཀུན་དུལ་བར་བྱ་ཕྱིར་མིན། །ཞི་ཕྱིར་མ་ཡིན་སྐྱོ་བར་བྱ་ཕྱིར་མིན། །སྟོང་པ་མཚན་མེད་གཡང་སར་འདུ་ཤེས་པ། །ཆོ་ག་སྲུང་ ཞིང་ཚུལ་འཆོས་གཉིས་པ་ཡིན། །ཚུལ་ཁྲིམས་ཏིང་འཛིན་སྦྱངས་པའི་ཡོན་ཏན་ཐོས། །གཞན་དག་ངོ་མཚར་འཛིན་དུ་གཞུག་ཕྱིར་བྱེད། །ཞི་ཕྱིར་མ་ཡིན་སྐྱོ་བར་བྱ་ཕྱིར་མིན། །བརྗོད་དང་གྲགས་འདོད་དགེ་སྦྱོང་གསུམ་པ་ཡིན། །གང་ཞིག་ལུས་སྲོག་དོན་དུ་མི་གཉེར་ ཞིང་། །རྙེད་དང་བཀུར་སྟི་ལ་ནི་རྒྱབ་ཀྱིས་ཕྱོགས། །རྣམ་པར་ཐར་པ་བསྐྱེད་པའི་སྒོ་ཐོས་ནས། །སྲིད་པའི་འགྲོ་བ་ཐམས་ཅད་དོན་མི་གཉེར། ཆོས་རྣམས་ཤིན་ཏུ་སྟོང་པར་ཡོངས་བརྟགས་ནས། །མྱ་ངན་འདས་དང་མ་འདས་མཐོང་མི་འགྱུར། །ཆོས་ལ་ 44-144b འདོད་ཆགས་བྲལ་བར་རྟག་ཏུ་རྟོག །མ་བྱས་ཆོས་རྟོགས་མྱ་ངན་འདས་པར་འགྱུར། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་དབུལ་པོ་ཞིག་ལ་མཛོད་འབྱོར་པ་ཞེས་མིང་བཏགས་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དབུལ་པོ་དེ་དང་མིང་དེ་འཐུན་པ་ཡིན་ནམ། གསོལ་ པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་གང་དགེ་སྦྱོང་དང་། བྲམ་ཟེ་གང་དག་དགེ་སྦྱོང་དང་། བྲམ་ཟེའི་ཡོན་ཏན་དང་མི་ལྡན་པ་དེ་དག་ནི་གསུང་རབ་འདི་ལ་མི་དབུལ་པོ་ཞེས་ངས་བཤད་དོ། །དེ་ ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་དབུལ་པོར་གྱུར་པའི་མི་ཞིག་ལ། །མཛོད་ལྡན་མིང་བཏགས་དེ་ལ་མཛེས་མ་ཡིན། །དགེ་སྦྱོང་ཉམས་ལ་དགེ་སྦྱོང་མིང་མི་མཛེས། །དབུལ་ལ་ཕྱུག་ཅེས་བཏགས་པའི་དཔེ་དང་མཚུངས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་རྒྱ་ མཚོའི་ཆུ་ཆེན་པོས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུང་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ་ཀུན་ཆུབ་པར་བྱས་ཀྱང་འདོད་ཆགས་ལ་སྲེད་པ་མི་སེལ། ཞེ་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག་ ཆོས་ཀྱི་རྒྱ་མཚོས་ཁྱེར་ལ། ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ། །དེ་ནི་སྐོམ་བཞིན་འཆི་བའི་དུས་བྱེད་གྱུར། །དེ་བཞིན་ཆོས་མང་སྲེད་ པས་བག་མེད་པ། །ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་སོང་འགྲོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་སྨན་པ་སྨན་སྒྲོ་ཐོགས་ཏེ། ཕྱོགས་དང་ཕྱོགས་མཚམས་སུ་རྒྱུ་བ་དེ་ནད་ཅིག་གིས་བཏབ་ནས་ནད་དེ་གསོ་མི་ནུས་ན་དེའི་སྨན་དེ་ནི་དོན་མེད་པ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་མང་དུ་ཐོས་ པའི་ཉོན་མོངས་པའི་ནད་དུ་བལྟ་སྟེ། གང་མང་དུ་ཐོས་པ་དེས་བདག་ཉོན་མོངས་པའི་ནད་ལས་གསོ་མི་ནུས་ན་དེའི་མང་དུ་ཐོས་པ་དེ་ནི་དོན་མེད་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྨན་པའི་སྨན་སྒྲོར་བཅུག་པའི་སྨན། །འཇིག་རྟེན་ཀུན་ཏུ་ཡོངས་སུ་ 44-145a རྒྱུ་བྱེད་ཀྱང་། །ནད་ཀྱིས་བཏབ་པ་བཟློག་པར་མི་ནུས་ན། །དེ་ཡི་སྨན་དེ་དོན་མེད་གྱུར་པ་ཡིན། །དེ་བཞིན་དགེ་སློང་ཚུལ་ཁྲིམས་ཡོན་ཏན་ལྡན། །ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི། །ཉོན་མོངས་བྱུང་བའི་ནད་དེ་མི་སེལ་ན། །དེ་ཡི་ ཐོས་ལ་བརྩོན་པ་དོན་མེད་ཡིན། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ནད་པ་ཞིག་ལ་རྒྱལ་པོ་ལ་འོས་པའི་སྨན་བཏང་ལ་ཆོ་ག་བཞིན་མ་བྱས་པས་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུང་གང་མི་སྡོམ་པ་དེས་འཆི་བའི་དུས་བྱེད་པ་དེ་ཡང་མང་དུ་ཐོས་པའི་ཉོན་མོངས་པའི་ནད་དུ་བལྟའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱལ་པོ་འོས་པའི་སྨན་བཏང་ནས། །ཆོ་ག་མ་བྱས་མི་དེ་ཤི་བར་གྱུར། །དེ་བཞིན་གང་མི་སྡོམ་པས་འདིར་ཤི་བ། །དེ་ནི་མང་དུ་ཐོས་པའི་ཉོན་མོངས་ནད། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བའི་ནང་དུ་ ལྷུང་ན་སྨད་པར་འགྱུར་ཞིང་མཁོ་བར་མི་འགྱུར་རོ། །འོད་སྲུང་དེ་བཞིན་དུ་མང་དུ་ཐོས་པ་རྙེད་པ་དང་བཀུར་སྟིའི་མི་གཙང་བའི་ནང་དུ་ལྷུང་བར་བལྟ་སྟེ། ཅི་ཡང་མེད་པ་ལ་ནི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རིན་ཆེན་མི་གཙང་ ལྷུང་བ་སྨད། །ཇི་ལྟར་སྔོན་བཞིན་དུ་ནི་ཕྱིས་མ་ཡིན། །དགེ་སློང་མང་དུ་ཐོས་པར་གྱུར་པ་ཡང་། །བཀུར་སྟིའི་མི་གཙང་ལྷུང་བ་དེ་འདྲར་བཤད། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་རོའི་མགོ་ལ་གསེར་གྱི་ཕྲེང་བ་བཏགས་པ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་པ་ ངུར་སྨྲིག་གྱོན་པར་བལྟའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་རོ་མགོ་ལ་གསེར་ཕྲེང་ངམ། །ཡང་ན་མེ་ཏོག་ཕྲེང་བ་བཏགས་བྱས་པ། །དེ་བཞིན་ཁྲིམས་མེད་ངུར་སྨྲིག་གྱོན་པ་ཡང་། །མཐོང་ནས་དེ་ལ་ཡིད་ནི་དད་མི་འགྱུར། །འོད་སྲུང་འདི་ལྟ་སྟེ་ དཔེར་ན་ཚོང་དཔོན་གྱི་བུ་ཞིག་ལེགས་པར་ཁྲུས་བྱས་ཏེ། ལེགས་པར་རྣམ་པར་བྱུགས་ལ། སྐྲ་དང་སེན་མོ་བྲེགས་ནས་གོས་དཀར་པོ་བགོས་ཏེ་ཙན་དན་མཆོག་གིས་བསྐུས་པའི་མགོ་ལ་ཙམ་པ་ཀའི་མེ་ཏོག་གི་ཕྲེང་བ་ཐོགས་པ་དེ་བཞིན་དུ་འོད་སྲུང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་ 44-145b པ་ངུར་སྨྲིག་གྱོན་པར་བལྟའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལེགས་བཀྲུས་ལེགས་པར་བྱུགས་པ་ཡི། །ཚོང་དཔོན་བུ་ཡི་མགོ་བོ་ལ། །ཙམ་པ་ཀ་ཡི་མེ་ཏོག་ཕྲེང་། །དྲི་ཞིམ་ཡིད་འོང་བཏགས་པར་མཛེས། །དེ་བཞིན་ཚུལ་ཁྲིམས་ལྡན་གྱུར་ཅིང་། །མང་ཐོས་ ཚུལ་ཁྲིམས་ཕུན་སུམ་ཚོགས། །རྒྱལ་བའི་སྲས་པོ་ཡོན་ཏན་ལྡན། །དེ་ལ་ངུར་སྨྲིག་དེ་བཞིན་མཛེས། །འོད་སྲུང་བཞི་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་ཡིན་ཏེ། བཞི་གང་ཞེ་ན། འོད་སྲུང་འདི་ལ་དགེ་སློང་ཁ་ཅིག་ཚུལ་ ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལ་ཡང་འཇིགས་པར་ལྟ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅིང་ལུས་ཀྱི་ལས་དང་། ངག་ གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གནས་པས་འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུང་དེ་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ། །འོད་སྲུང་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་འདུལ་བ་འཛིན་ ཅིང་འདུལ་བ་ལ་ཞུགས་ཏེ། འདུལ་བའི་ཚུལ་ལ་གནས་པ་ཡིན་ཡང་འཇིག་ཚོགས་ལ་ལྟ་བ་ལས་མ་བསྐྱོད་པ་ཡིན་ཏེ། འོད་སྲུང་དེ་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་གཉིས་པའོ། །འོད་སྲུང་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་བྱམས་པ་ ལ་གནས་པ་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་ལྡན་པ་ཡིན་ཡང་འདུ་བྱེད་ཐམས་ཅད་ལ་སྐྱེ་བ་མེད་པ་ཐོས་ནས་སྐྲག་སྟེ། ཀུན་ཏུ་དངང་བར་འགྱུར་ཞིང་ཀུན་ཏུ་རབ་ཏུ་དངང་བར་འགྱུར་བ་དེ་ནི་འོད་སྲུང་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་ པ་གསུམ་པའོ། །འོད་སྲུང་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ་དེ་ནི་འོད་སྲུང་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ 44-146a ལྟར་བཅོས་པ་བཞི་པ་སྟེ་འོད་སྲུང་བཞི་པོ་དེ་དག་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་ཡིན་ནོ། །འོད་སྲུང་ཚུལ་ཁྲིམས་ཚུལ་ཁྲིམས་ཞེས་བྱ་བ་ནི་གང་ལ་བདག་མེད་པ་དང་། བདག་གི་བ་མེད་པ་དང་། བྱ་བ་མེད་པ་དང་། མི་བྱ་བ་ཡང་མེད་པ་དང་། བྱེད་པ་མེད་པ་དང་། བྱེད་པ་མེད་ པ་ཡང་མ་ཡིན་པ་དང་རྒྱུ་བ་མ་ཡིན་པ་དང་། མི་རྒྱུ་བ་ཡང་མ་ཡིན་པ་དང་། རབ་ཏུ་སྤྱོད་པ་མེད་པ་དང་། རབ་ཏུ་སྤྱོད་པ་མེད་པ་ཡང་མ་ཡིན་པ་དང་། མིང་མེད་པ་དང་། གཟུགས་མེད་པ་དང་། མཚན་མ་མེད་པ་དང་། མཚན་མ་མེད་པ་ཡང་མ་ཡིན་པ་དང་རབ་ཏུ་ཞི་བ་མ་ཡིན་པ་དང་། རབ་ཏུ་ཞི་བ་མ་ཡིན་པ་ཡང་མ་ཡིན་པ་ དང་། འཛིན་པ་མེད་པ་དང་། འདོར་བ་མེད་པ་དང་། གཟུང་བ་མེད་པ་དང་། གཟུང་བ་མེད་པ་ཡང་མ་ཡིན་པ་དང་། སེམས་ཅན་མེད་པ་དང་། སེམས་ཅན་དུ་འདོགས་པ་མེད་པ་དང་། ཚིག་མེད་པ་དང་། ཚིག་ཏུ་འདོགས་པ་མེད་པ་དང་། སེམས་མེད་པ་དང་། སེམས་སུ་འདོགས་པ་མེད་པ་དང་། འཇིག་རྟེན་མེད་པ་ དང་། འཇིག་རྟེན་མེད་པ་ཡང་མ་ཡིན་པ་དང་། རྟེན་མེད་པ་དང་། རྟེན་མེད་པ་ཡང་མ་ཡིན་པ་དང་། བདག་གི་ཚུལ་ཁྲིམས་ལ་མི་སྟོད་པ་དང་། གཞན་གྱི་ཚུལ་ཁྲིམས་ལ་མི་སྨོད་པ་དང་། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད་པ་དང་། ཚུལ་ཁྲིམས་ལ་མི་རྟོག་པ་ཡིན་ཏེ། དེ་ནི་འཕགས་པ་རྣམས་ཀྱི་ཚུལ་ ཁྲིམས་ཟག་པ་མེད་པ། གཏོགས་པ་མ་ཡིན་པ། ཁམས་གསུམ་པ་དང་བྲལ་བ། རྟེན་ཐམས་ཅད་མེད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཚུལ་ཁྲིམས་ལྡན་ལ་དྲི་མ་མེད་ཅིང་ཅི་ཡང་མེད། །ཚུལ་ཁྲིམས་ལྡན་ལ་རྒྱགས་པ་མེད་དེ་རྟེན་པ་མེད། །ཚུལ་ ཁྲིམས་ལྡན་ལ་མུན་པ་མེད་ཅིང་འཆིང་བ་མེད། །ཚུལ་ཁྲིམས་ལྡན་ལ་རྡུལ་རྣམས་མེད་དེ་ཉེས་པ་མེད། །ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའི་ཡིད། །རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཉོན་མོངས་མེད། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ། །དེ་ནི་འོད་སྲུང་སངས་རྒྱས་བསྟན་ལ་ཚུལ་ ཁྲིམས་ལྡན། །ལུས་ལ་མི་ལྟ་སྲོག་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད། །ཡང་དག་ཞུགས་ཤིང་དེ་ཉིད་ཚུལ་ལ་རབ་གནས་པ། །དེ་ནི་འོད་སྲུང་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །འཇིག་རྟེན་མ་གོས་འཇིག་རྟེན་དག་ལ་གནས་པ་མེད། །སྣང་བ་ 44-146b ཐོབ་ཅིང་བདག་གི་མེད་དེ་ཅི་ཡང་མེད། །བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། །འདུ་ཤེས་ཡོངས་སུ་ཤེས་པས་ཚུལ་ཁྲིམས་རྣམ་པར་དག །གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད། །ཕ་རོལ་ཚུ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང་། །བཅིངས་དང་ཆགས་མེད་ཚུལ་ འཆོས་མེད་ཅིང་ཟག་པ་མེད། །དེ་ནི་འོད་སྲུང་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །མིང་དང་གཟུགས་རྣམས་ལ་ཡང་ཆགས་པ་མེད་པའི་ཡིད། །དེ་ནི་མཉམ་པར་བཞག་ཅིང་ཤིན་ཏུ་དུལ་བའི་སེམས། །གང་ལ་བདག་མེད་བདག་གིར་འཛིན་པ་མེད་པ་ནི། །དེ་ཙམ་གྱིས་ན་ཚུལ་ཁྲིམས་ གནས་ཤེས་བརྗོད་པ་ཡིན། །སོ་སོར་ཐར་པའི་སློབ་པས་རློམ་སེམས་བྱེད་པ་མེད། །དེས་ནི་འདི་ན་དེ་ལ་ཆགས་པར་མི་འགྱུར་ཏེ། །དེ་ཡི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ། །ཚུལ་ཁྲིམས་གཙོ་བོར་མ་ཡིན་ཏིང་འཛིན་དེར་ཆགས་མེད། །དེ་ ཡི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ། །དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། །ཚུལ་ཁྲིམས་དེ་ནི་བདེ་བར་གཤེགས་པས་རབ་ཏུ་བསྔགས། །འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད། །སངས་རྒྱས་སྤྱོད་ ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས། །དེ་ཡི་ཚུལ་ཁྲིམས་དེ་ནི་མཉམ་པ་མེད་པའོ། །ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་སྒོམ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ ཕུན་སུམ་ཚོགས། །ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདི་དག་གསུངས་པའི་ཚེ་དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། དགེ་སློང་ བསམ་གཏན་ཐོབ་པ་ལྔ་བརྒྱ་ནི་ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་པས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་བསམ་གཏན་ཐོབ་པ་ལྔ་བརྒྱ་པོ་འདི་དག་ཆོས་ 44-147a བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་པས་སྟན་ལས་ལངས་ཏེ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདི་ལྟར་དགེ་སློང་མངོན་པའི་ང་རྒྱལ་ཅན་འདི་དག་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཟག་པ་མེད་པ་འདི་ལ་མི་འཇུག་སྟེ། མ་རྟོགས་མི་ མོས་ཤིང་སྐྲག་སྟེ་ཀུན་དུ་དངངས། ཀུན་ཏུ་རབ་ཏུ་དངངས་སོ། །འོད་སྲུང་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་ཟབ་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཟབ་སྟེ། དེ་ལ་དགེ་བའི་རྩ་བ་མ་བསྐྱེད་པ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། མོས་པ་མི་མང་བ་དག་གིས་མོས་ པར་མི་ནུས་སོ། །འོད་སྲུང་དགེ་སློང་ལྔ་བརྒྱ་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལ་མུ་སྟེགས་ཅན་གྱི་ཉན་ཐོས་སུ་གྱུར་ཏེ་དེ་དག་དེ་བཞིན་གཤེགས་པ་འོད་སྲུང་ལས་རྒལ་བའི་བསམ་པས་ཆོས་བསྟན་པ་གཅིག་ཐོས་སོ། །ཐོས་ནས་དད་པའི་སེམས་གཅིག་རྙེད་དེ། ཇི་ ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཇམ་ཞིང་སྙན་པར་གསུང་བ་ངོ་མཚར་ཏོ་སྙམ་མོ། །དེ་དག་འཆི་བའི་དུས་བྱས་ནས་དད་པའི་སེམས་གཅིག་རྙེད་པ་དེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་དག་དེ་ནས་ཤི་འཕོས་ ནས་འདིར་སྐྱེས་ཏེ། རྒྱུ་དེ་ཉིད་ཀྱིས་ངའི་བསྟན་པ་འདི་ལ་རབ་ཏུ་བྱུང་སྟེ། འོད་སྲུང་དགེ་སློང་ལྔ་བརྒྱ་པོ་ལྟ་བར་བྱིང་བ་འདི་དག་ནི་ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མི་རྟོགས་མི་མོས་ཤིང་སྐྲག་སྟེ། ཀུན་ཏུ་དངངས། ཀུན་ཏུ་རབ་ཏུ་དངངས་སོ། །ཡང་འདི་དག་ནི་ཆོས་བསྟན་པ་འདིས་ ཡོངས་སུ་སྦྱང་བ་བྱས་ཏེ་ཕྱིས་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་ཞིང་ཕུང་པོ་འདི་དག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་སོང་ལ་དགེ་སློང་དེ་དག་ཀུན་ཤེས་པར་བྱོས་ཤིག །རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས་ཉིད་ཀྱིས་འདི་དག་ལ་བཤད་ན་ཡང་འཐུན་པར་མི་བགྱིད་ན་བདག་ལ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལམ་གང་ནས་འདོང་བའི་ལམ་དེར་དགེ་སློང་གཉིས་ཤིག་སྤྲུལ་པ་སྤྲུལ་ཏོ། །དེ་ནས་དགེ་སློང་ལྔ་ 44-147b བརྒྱ་པོ་དེ་དག་སྤྲུལ་པའི་དགེ་སློང་དེ་གཉིས་ལམ་གང་ནས་འདོང་བའི་ལམ་དེར་དོང་སྟེ་ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་འདོང་། དེ་གཉིས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པར་བྱ་བར་ འདོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡིན་པའི་ཆོས་བསྟན་པ་དེ་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ཤིང་སྐྲག་སྟེ་ཀུན་ཏུ་དངངས། ཀུན་ཏུ་རབ་ཏུ་དངངས་པར་གྱུར་ནས་ཁོ་བོ་ཅག་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་ བ་ལ་རེག་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ། །དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཁོ་བོ་ཅག་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ཤིང་སྐྲག་སྟེ་ཀུན་ཏུ་དངངས། ཀུན་ཏུ་རབ་ཏུ་དངངས་པར་གྱུར་ ཏོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ། །སྤྲུལ་པ་དག་གིས་སྨྲས་པ་ཚེ་དང་ལྡན་པ་དག་དེའི་ཕྱིར་བདག་ཅག་ཡང་དག་པར་འགྲོ་བར་བྱའོ། །རྩོད་པར་མི་བྱའོ། །རྩོད་པ་མེད་པ་ལྷུར་ལེན་པ་ནི་དགེ་ སྦྱོང་གི་ཆོས་སོ། །ཚེ་དང་ལྡན་པ་དག་གང་འདི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་དེ་གང་། ལུས་འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་ སམ། ཤེད་བུ་འམ། གང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། གང་ཟད་པས་ཡོངས་སུ་མྱ་ངན་ལས་འདའ། དེ་དག་གིས་སྨྲས་པ། འདོད་ཆགས་ཟད་ཞེ་སྡང་ཟད། གཏི་མུག་ཟད་པས་ཡོངས་སུ་མྱ་ངན་ལས་འདའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོད་པ་ཡིན་ནམ་ཅི་ནམ་དེ་ཟད་པར་བྱ། དེ་དག་གིས་སྨྲས་པ། དེ་དག་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པ་ལ་ཡང་མི་དམིགས་ཏེ། དེ་དག་ནི་ཡོངས་སུ་མ་བརྟགས་པ་ལས་ཀྱང་མི་སྐྱེའོ། །སྤྲུལ་པ་གཉིས་ཀྱིས་ 44-148a སྨྲས་པ། ཚེ་དང་ལྡན་པ་དག་དེ་ལྟ་བས་ན་མ་རྟོག་རྣམ་པར་མ་རྟོག་ཤིག །ཚེ་དང་ལྡན་པ་དག་ནམ་མི་རྟོག་རྣམ་པར་མི་རྟོག་པ་དེ་ནི་ཆགས་པར་ཡང་མི་འགྱུར་ཆགས་པ་དང་བྲལ་བར་ཡང་མི་འགྱུར་རོ། །ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མེད་པ་གང་ ཡིན་པ་དེ་ནི་ཞི་བ་ཞེས་བྱའོ། །ཚེ་དང་ལྡན་པ་དག་ཚུལ་ཁྲིམས་ནི་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། །ཚེ་དང་ལྡན་པ་དག་ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། ། ཚེ་དང་ལྡན་པ་དག་ཆོས་དེ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་ན་ཆོས་དེ་དག་ཀྱང་སྟོང་པ་དབེན་པ་གཟུང་དུ་མེད་པའོ། །ཚེ་དང་ལྡན་པ་དག་འདི་ལྟ་སྟེ་མྱ་ངན་ལས་འདས་པའི་འདུ་ཤེས་སྤོངས་ཤིག །འདུ་ཤེས་ལ་ཡང་འདུ་ཤེས་སུ་མ་བྱེད་ཅིག །འདུ་ཤེས་ལ་འདུ་ ཤེས་ཀྱིས་ཡོངས་སུ་ཤེས་པར་མ་བྱེད་ཅིག །གང་འདུ་ཤེས་ལ་འདུ་ཤེས་ཀྱིས་ཡོངས་སུ་ཤེས་པ་དེ་ནི་དེའི་འདུ་ཤེས་ཀྱིས་བཅིངས་པ་ཡིན་ནོ། །ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཤིག །ཚེ་དང་ལྡན་པ་དག་འདུ་ ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལས་གང་ན་བྱ་བ་མེད་དོ་ཞེས་སྨྲའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་དགེ་སློང་ལྔ་བརྒྱ་པོ་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་དག་སེམས་རྣམ་པར་གྲོལ་ནས་ བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོང་དོང་། གང་ནས་ལྷགས་དེ་དག་ གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད་པ་དང་། གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ། །སྨྲས་པ། ཚེ་དང་ལྡན་པ་དག་ཁྱོད་ཀྱི་སྟོན་པ་གང་ཡིན། སྨྲས་པ། གང་མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་བའོ། ། 44-148b སྨྲས་པ། ཁྱེད་ཀྱིས་ཇི་ལྟར་ཆོས་ཐོས། སྨྲས་པ། བཅིངས་པའི་ཕྱིར་ཡང་མ་ཡིན་ཐར་བའི་ཕྱིར་ཡང་མ་ཡིན་ནོ། །སྨྲས་པ། ཁྱོད་སུས་བཏུལ། སྨྲས་པ། སུ་ལ་ལུས་མེད་ཅིང་སེམས་མེད་པས་སོ། །སྨྲས་པ། ཁྱེད་ཇི་ལྟར་བརྩོན། སྨྲས་པ། མ་རིག་པ་སྤང་བའི་ཕྱིར་ ཡང་མ་ཡིན་རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་ནོ། །སྨྲས་པ། ཁྱེད་ཇི་ལྟར་རྣམ་པར་གྲོལ། སྨྲས་པ། སྦྱོར་བའི་ཕྱིར་ཡང་མ་ཡིན་སྤང་བའི་ཕྱིར་ཡང་མ་ཡིན་ནོ། །སྨྲས་པ། ཁྱེད་སུའི་ཉན་ཐོས། སྨྲས་པ། གང་གིས་ཐོབ་པ་མེད་ཅིང་མངོན་པར་རྫོགས་པར་ སངས་རྒྱས་པ་མེད་པའི་འོ། །སྨྲས་པ། ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་གང་། སྨྲས་པ། གང་དག་ཁམས་གསུམ་ནི་མི་རྒྱུ་བ་རྣམས་སོ། །སྨྲས་པ། ཚེ་དང་ལྡན་པ་དག །ཁྱེད་ཇི་སྲིད་ཅིག་ན་ཡོངས་སུ་མྱ་ངན་ལས་འདའ། སྨྲས་པ། དེ་བཞིན་ གཤེགས་པའི་སྤྲུལ་པ་ནམ་ཡོངས་སུ་མྱ་ངན་ལས་འདའ་བ་ནའོ། །སྨྲས་པ། ཁྱེད་ཀྱིས་བྱ་བ་བྱས་སམ། སྨྲས་པ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པས་སོ། །སྨྲས་པ། ཁྱེད་ཀྱི་ཉོན་མོངས་པ་ཟད་དམ། སྨྲས་པ། ཆོས་ཐམས་ཅད་གཏན་དུ་ ཟད་པའི་ཕྱིར་རོ། །སྨྲས་པ། ཁྱེད་ཀྱིས་བདུད་བཏུལ་ལམ། སྨྲས་པ། ཕུང་པོའི་བདུད་མི་དམིགས་པའི་ཕྱིར་རོ། །སྨྲས་པ། ཁྱེད་ཀྱིས་སྟོན་པ་ལ་བསྙེན་བཀུར་བྱས་སམ། སྨྲས་པ། ལུས་ཀྱིས་ཀྱང་མ་བྱས་ངག་གིས་ཀྱང་མ་བྱས། སེམས་ཀྱིས་ཀྱང་མ་བྱས་སོ། ། སྨྲས་པ། ཁྱེད་ཀྱིས་སྦྱིན་པའི་གནས་ཀྱིས་སྦྱངས་སམ། སྨྲས་པ། འཛིན་པ་མེད་ཅིང་སྡུད་པ་མེད་པས་སོ། །སྨྲས་པ། ཁྱེད་འཁོར་བ་ལས་རྒལ་ཏམ། སྨྲས་པ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ། །སྨྲས་པ། ཁྱེད་སྦྱིན་པའི་གནས་ཀྱི་སར་ཞུགས་སམ། ། སྨྲས་པ། འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་གར་འགྲོ། སྨྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པ་གང་དུ་བཞུད་པར་རོ། །དེ་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡོངས་སུ་དྲིས་ཏེ་དགེ་སློང་དེ་དག་གིས་ལན་བཏབ་ནས་ 44-149a འཁོར་དེའི་དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀུན་ཏུ་སྣང་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཚར་གཅད་ཅིང་ཚར་བཅད་ ནས་ཆོས་ཀྱི་རྣམ་གྲངས་འདིར་བསླབ་པ་བསྟན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ནི་སྐྱེས་བུ་དམ་པ་ནན་ཏན་སྙིང་པོར་བྱེད་པ་རྣམས་ཀྱི་དོན་ཆེན་པོར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་ཁམ་པའི་གྲུར་ཞུགས་ཏེ། གང་གཱའི་ཀླུང་ཆེན་པོ་རྒལ་བར་འདོད་པར་གྱུར་ ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། མི་དེས་ཅི་འདྲ་བའི་བརྩོན་འགྲུས་ཀྱིས་གྲུ་དེ་བཙལ་བར་བྱ། གསོལ་པ། བཅོམ་ལྡན་འདས་སྟོབས་དང་ལྡན་པའི་བརྩོན་འགྲུས་ཀྱིས་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཆུ་བོ་ཆེན་པོའི་ནང་དུ་ཞུགས་ཀྱི་བདག་འགྲམ་དུ་མ་ཕྱིན་པར་ བར་མ་དོར་གྲུ་ཞིག་ཏུ་འོང་ངོ་སྙམ་དུ་སེམས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་སྣང་བ་དེ་ལྟར་བྱང་ཆུབ་སེམས་དཔས་དེ་བས་ཆེས་སྟོབས་དང་ལྡན་པའི་བརྩོན་འགྲུས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབ་པར་བྱ་སྟེ། སྟོབས་ཆེན་པོ་དང་ལྡན་པའི་ བརྩོན་འགྲུས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པར་བྱའོ། །ཀྱེ་མའོ་ལུས་འདི་ནི་མི་རྟག་པ་སྟེ་བདག་གིས་སྙིང་པོ་མ་བླངས་པར་བར་མ་དོར་འཆི་བའི་དུས་བྱས་སུ་འོང་ངོ་ཞེས་ཡིད་ལ་བྱེད་པ་དེ་ལྟ་བུས་བདག་ནི་ཆུ་བོ་ཆེན་པོར་ཞུགས་ཀྱིས་ཆུ་བོ་བཞིར་ཞུགས་པའི་སེམས་ 44-149b ཅན་རྣམས་ཆུ་བོ་ཆེན་པོར་ཞུགས་པ་ལས་བསྒྲལ་བའི་ཕྱིར་དམ་པའི་ཆོས་ཀྱི་གྲུ་གང་གིས་སེམས་ཅན་འཁོར་བའི་རྒྱ་མཚོས་ཁྱེར་བ་ཐམས་ཅད་བསྒྲལ་བར་བྱ་བའི་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་སྦྱར་བར་བྱའོ། །ཀུན་ཏུ་སྣང་བ་དེ་ལ་བྱང་ཆུབ་སེམས་དཔས་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་སྦྱར་བར་བྱ་བ་དེ་ཅི་ འདྲ་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དེ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་པ། ཚུལ་ཁྲིམས་ཀྱི་སྣམ་གྱིས་སྦྱར་བ་སྦྱིན་པའི་འཁོར་གྱི་རྒྱན་གྱིས་བརྒྱན་པ་བསམ་པ་དང་ལྷག་པའི་བསམ་པའི་བཅིང་བ་སྲ་བས་དམ་པོར་སྦྲེལ་བ། བཟོད་པ་དང་དེས་པ་ དང་དྲན་པའི་སྦྱོར་ཀས་ལེགས་པར་སྦྱར་བ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཚོགས་ཅན། བརྩོན་འགྲུས་བརྟན་པ་དང་དགེ་བའི་ཆོས་ཀྱི་ཤིང་གིས་ཡང་དག་པར་སྦྱར་བ་བསམ་གཏན་གྱི་སེམས་ཀྱིས་ལས་སུ་རུང་བར་བྱས་པ། དུལ་བ་དང་ཞི་བ་དང་ཅང་ཤེས་ཀྱི་དགེ་བའི་བཟོས་ལེགས་པར་ཟིན་ པར་བྱས་པ། ཤིན་ཏུ་མི་འཁྲུགས་པའི་ཆོས་ཅན་སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པ། བསྡུ་བའི་དངོས་པོ་དང་དཔའ་བར་འགྲོ་བས་བསྟར་བ། ཤེས་རབ་དང་ཡེ་ཤེས་ཀྱིས་ཕྱིར་རྒོལ་བ་ལེགས་པར་བསྲུངས་པ། ཐབས་མཁས་པས་རྣམ་པར་བསགས་པ་ལེགས་པར་བྱས་པ། ཚངས་པའི་ གནས་པ་བཞིས་ལེགས་པར་ཡོངས་སུ་སྦྱངས་པ། དྲན་པ་ཉེ་བར་གཞག་པ་བཞིས་ལེགས་པར་རྣམ་པར་བསམས་པའི་ལུས་ཀྱིས་བསྟན་པ་ཡང་དག་པའི་སྤོང་བས་འགྲོ་བ། རྫུ་འཕྲུལ་གྱི་རྐང་པའི་མགྱོགས་པའི་ཤུགས་དང་ལྡན་པ་དབང་པོས་ལེགས་པར་བརྟགས་པས་ལྟ་བ་ངན་པའི་ཤིང་ཡོན་པོ་མེད་པ། སྟོབས་ཀྱི་ ཤུགས་ཡང་དག་པར་འབྱུང་བས་བར་ཤག་ཤིག་མེད་པ། བྱང་ཆུབ་ཀྱི་ཡན་ལག་གིས་འགྲོ་བ་རྣམ་པར་དག་པ། གཅུགས་ཅན་དགྲ་ཉོན་མོངས་པའི་བདུད་ཀྱི་ལམ་འདོར་བར་བྱེད་པ། ལམ་དུ་འཇུག་པར་བྱེད་པ། ཕ་རོལ་གྱི་ངོགས་སུ་ཕྱིན་པར་བྱེད་པ། མུ་སྟེགས་ཅན་ངན་པའི་མུ་སྟེགས་འདོར་བར་བྱེད་པ། ཞི་གནས་ ཀྱི་ངེས་པར་སེམས་པ་བརྟན་པ། ལྷག་མཐོང་གིས་སྦྱོར་བ་མཐའ་གཉིས་ལ་མ་ཆགས་པར་འཇུག་པ། རྒྱུའི་ཆོས་དང་ཡང་དག་པར་ལྡན་པ། སྒྲ་གྲགས་པ་ཡངས་ཤིང་རྒྱ་ཆེ་ལ་མི་ཟད་ཅིང་ཚད་མེད་པ་ཚུར་ཤོག །དམ་པའི་ཆོས་ཀྱི་གྲུ་ཆེན་པོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་བདེ་བར་འགྲོ་བ། 44-150a འཇིགས་པ་མེད་པར་འགྲོ་བ་ལམ་དུ་འགྲོ་བ། འཇིག་ཚོགས་ལ་ལྟ་བ་འདོར་བར་ཞུགས་ལ་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ལྟ་བ་ཐམས་ཅད་སེལ་བ། གཙེ་བ་མེད་པའི་མྱ་ངན་ལས་འདས་པར་མྱུར་དུ་སོང་ཤིག་ཅེས་ཕྱོགས་བཅུར་སྒྲས་གོ་བར་བྱེད་པ་སྟེ། རིགས་ཀྱི་བུ་སེམས་ ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཡིད་ཡོངས་སུ་མི་སྐྱོ་བར་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་འདི་འདྲ་བ་དེ་སྦྱར་བར་བྱའོ། །དམ་པའི་ཆོས་ཀྱི་གྲུ་འདིས་ཆུ་བོ་བཞིས་ཁྱེར་བའི་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ། །ཀུན་ཏུ་སྣང་བ་དེ་ལ་ འདིར་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མྱུར་བ་གང་ཞེ་ན། གང་འདི་སེམས་ཅན་ཐམས་ཅད་ལ་བཅོས་མ་མ་ཡིན་པའི་སྦྱོར་བ་སྟེ་བསམ་པ་དག་པས་རབ་ཏུ་འདུན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་བརྩོན་འགྲུས་འབར་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་དགེ་བ་ ལ་འདུན་པ་དང་ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཐོས་པས་མི་ངོམས་པ་དང་། ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་ང་རྒྱལ་མེད་པ་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། ལུས་དང་སེམས་དབེན་པར་དགོན་པ་ན་གནས་པ་དང་། སྐྱེ་བོ་མི་སྲུན་ པ་རྣམ་པར་སྤངས་པས་འདུ་འཛི་མེད་པ་དང་། དོན་དམ་པ་ལ་རྟོན་པས་ཆོས་དོན་དུ་གཉེར་བ་དང་ཤིན་ཏུ་མི་འཁྲུགས་པས་ཡེ་ཤེས་ཀྱི་དོན་དང་། ཡེ་ཤེས་ཀྱི་དོན་ཡིན་པས་ཆོས་ཀྱི་དོན་དང་མི་འཁྲུགས་པས་བདེན་པའི་དོན་དང་། ཡང་དག་པར་སྦྱོར་བར་བྱ་བས་སྟོང་པ་ཉིད་ཀྱི་དོན་དང་། ཤིན་ཏུ་ཉེ་བར་ཞི་བའི་དོན་ཡིན་པས་ དབེན་པའི་དོན་ཡིན་ཏེ་རིགས་ཀྱི་བུ་འདི་ནི་འདིར་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མྱུར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ལ་ཕན་འདོགས་པར་གྱུར་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་བསྟན་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ 44-150b བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་སྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ ཏུ་གང་བར་བྱས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་དང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་གཙུག་ལག་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ བརྩིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ ངན་ལས་འདས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གཞན་ཞིག་གིས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་ལུང་མནོས་ཏེ། ལུང་མནོས་ནས་ཀྱང་མི་སྤོང་ན་དེ་ནི་ དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །བུད་མེད་གང་ཞིག་ལུང་འབོག་ན་དེ་ནམ་ཡང་ལོག་པར་ལྟུང་བར་མི་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་འམ་བསྟན་པ་འམ། ཡི་གེར་འདྲི་བ་འམ་ཡི་གེར་བྲིས་ནས་གླེགས་བམ་དུ་བྱས་ཏེ་ བཞག་པའི་ས་ཕྱོགས་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དང་འདྲ་བར་འགྱུར་རོ། །སུ་ཞིག་ཆོས་སྨྲ་བ་ལས་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་འམ། འཛིན་པ་འམ་ཡི་གེར་འདྲི་བ་དེ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཇི་ལྟར་བྱ་བ་དེ་བཞིན་དུ་གུས་པར་བྱའོ། །འོད་སྲུང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པའི་ཆོས་སྨྲ་བ་ལ་བཀུར་སྟིར་བྱེད་པ་དང་། བཙུན་པར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་ལ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །དེ་བཞིན་ 44-151a གཤེགས་པ་མཐོང་ནས་ཀྱང་ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚོར་བས་སེམས་ཀུན་ཏུ་མ་ཟིན་པར་འཆི་བའི་དུས་བྱེད་པ་དང་། དེ་མིག་འཁྲུལ་པར་མི་འགྱུར་བ་དང་། ལག་པ་གཡོབ་པར་མི་བྱེད་པ་དང་། རྐང་པ་འཕྲ་བར་མི་བྱེད་པ་དང་། གཅིན་མི་གཏོར་བ་དང་། ཕྱི་ས་མི་འབྱུང་བ་དང་། དེའི་སྙིང་ཁར་རྡུལ་མི་འབྱུང་བ་དང་། ཁུ་ཚུར་མི་འཆང་བ་དང་། ནམ་མཁའ་ལ་མི་སྙེགས་པ་དང་། ཇི་ལྟར་འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར་བ་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །ངག་གི་ལས་ཡོངས་ སུ་དག་པ་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གདངས་སྙན་པའི་ཚིག་དང་། མཉེན་པའི་ཚིག་དང་། འཇམ་པའི་ཚིག་དང་། དགའ་བའི་ཚིག་དང་། སྣུམ་པའི་ཚིག་དང་། སླར་བཟློག་པ་མ་ཡིན་པའི་ཚིག་དང་། གཟུང་བར་འོས་པའི་ཚིག་དང་། བཙུན་པའི་ཚིག་དང་། ལྷ་དང་མིས་ཡོངས་ སུ་གཟུང་བའི་ཚིག་དང་། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བའི་ཚིག་སྟེ་ངག་གི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །ཡིད་ཀྱི་ལས་ཡོངས་སུ་དག་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བར་མི་འགྱུར་བ་དང་། འཁོན་དུ་འཛིན་པ་མེད་པ་དང་། འཆབ་ པར་མི་འགྱུར་བ་དང་། འཚིག་པར་མི་འགྱུར་བ་དང་། ཉེས་པ་ལ་མི་དགའ་བ་དང་། འཁོན་གཅུགས་ལ་མི་དགའ་བ་དང་། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དང་། སྤོང་བ་ལ་བག་ཡོད་པར་འགྱུར་བ་དང་། མ་ཞུམ་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་པ་དང་། ང་རྒྱལ་ དང་ཆེ་བའི་ང་རྒྱལ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་སྟེ། ཡིད་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཚོར་བས་ཉེན་ཅིང་འཆི་བའི་དུས་མི་བྱེད། །དེ་ཡི་མིག་ལ་འཁྲུལ་པར་འགྱུར་བ་མེད། ། ལག་པ་མི་གཡོ་བ་རྐང་པ་འཕྲ་མི་འགྱུར། །དེ་ནི་བཤང་གཅི་གཏོར་བར་ཡོད་མི་འགྱུར། །དེ་ཡི་སྙིང་ཁར་རྡུལ་ཡང་འབྱུང་མི་འགྱུར། །ཁུ་ཚུར་མི་འཆང་ནམ་མཁར་སྙེགས་མི་འགྱུར། །འདུག་བཞིན་བདེ་བར་འཆི་བའི་དུས་བྱེད་དེ། །ལུས་ལས་ཡོངས་སུ་དག་པ་འདི་བཅུ་འཐོབ། །གདངས་ 44-151b སྙན་ཕུན་སུམ་ཚོགས་ཤིང་འཇམ་མཉེན་ཚིག །སྣུམ་ཞིང་ཡིད་འོང་དེ་བཞིན་དགའ་བར་འགྱུར། །གཞན་གྱིས་སླར་མི་བཟློག་ཅིང་གཟུང་འོས་ཚིག །སྐྱེ་བོས་བཙུན་པར་བྱ་བའི་ཚིག་ཏུ་འགྱུར། །དེ་ཡི་ཚིག་ནི་ལྷ་དང་ཀླུ་དག་དང་། །མི་འམ་ཅི་དང་དེ་བཞིན་རྒྱལ་བས་བསྔགས། །དེས་བཤད་པ་ཡི་དོན་ཀྱང་འཛིན་བྱེད་དེ། །དེས་ནི་ངག་ལས་དག་པ་དེ་དག་འཐོབ། །ཁྲོ་བ་མེད་ཅིང་འཁོན་དུ་འཛིན་པ་མེད། །བརྟན་པ་འཆབ་པ་མེད་ཅིང་འཚིག་པ་མེད། །ཉེས་ལ་མི་དགའ་འཁོན་གཅུགས་དགའ་བ་མེད། །དེ་ཡི་འདུ་ཤེས་ཕྱིན་ཅི་ལོག་མི་འགྱུར། །བསླབ་པ་ཡང་དག་བླངས་ལ་སེམས་མི་ཞུམ། །སྤོང་བ་ལ་ནི་བག་མེད་མི་འགྱུར་ཏེ། །ཞུམ་པ་མེད་པའི་སེམས་ཀྱིས་ཞིང་སྦྱོང་བྱེད། །ང་རྒྱལ་ལས་ཀྱང་ང་རྒྱལ་ཡོངས་སྤངས་ནས། །ཏིང་འཛིན་འབྱོར་པ་ཐམས་ཅད་མངོན་བསྒྲུབས་ཤིང་། །ཡིད་ཀྱི་མངོན་པར་བསྒྲུབས་པའི་ཆོས་རྣམས་འཐོབ། །ཆོས་རྣམས་འདི་དག་ལྡན་པར་གྱུར་པ་ལ། །སངས་རྒྱས་དངོས་པོ་དཀོན་པར་མི་འགྱུར་རོ། །འོད་སྲུང་གང་ལ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ང་ལ་བཀུར་སྟི་བྱེད་པར་འདོད་པ་དང་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འདོད་པ་དེས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། ཡི་གེར་བྲི་བར་བྱ། བཀླག་པར་བྱ། བཅང་བར་བྱའོ། །འོད་སྲུང་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བླ་ན་མེད་པ་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འོད་སྲུང་གི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།  
L
bzhi bcu rtsa bzhi pa/ 'jig rten las 'das pa'i le'u ༆ སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ། བམ་པོ་ཉི་ཤུ་གཅིག་པ། 37-238a ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཡོངས་སུ་བཟུང་བ་ཐམས་ཅད་ལས་འབྱུང་བའི་ཕྱིར་རྟག་ཏུ་རྒྱུན་མྱི་འཆད་པར་རབ་ཏུ་འབྱུང་བས་མངོན་པར་འབྱུང་བའི་ སེམས་ཀྱི་བསམ་གཏན་ཡོངས་སུ་དག་པ་དང་། ལམ་བསྟན་པའི་ཕྱིར་དགེ་བའི་བཤེས་གཉེན་ཚུལ་དང་འདྲ་བ་རྙེད་པའི་བསམ་གཏན་ཡོངས་སུ་དག་པ་དང་། བདག་གི་མྱེད་ཅིང་ཡོངས་སུ་འཛིན་པ་མྱེད་པའི་ཕྱིར་བས་མཐའ་དགོན་པའི་གནས་དང་། ནགས་ ཚལ་ན་གནས་པའི་བསམ་གཏན་ཡོངས་སུ་དག་པ་དང་། དབེན་པ་ལ་མོས་པས་དགའ་བའི་ཕྱིར་འདུ་འཛི་སྤོང་ཞིང་སེམས་ཅན་མི་གཏོང་བའི་བསམ་གཏན་ཡོངས་སུ་དག་པ་དང་། དབང་པོའི་སྒོ་བསྡམ་པའི་ཕྱིར། སེམས་དུལ་ཞིང་ལས་སུ་རུང་བའི་བསམ་ གཏན་ཡོངས་སུ་དག་པ་དང་། སྒྲའི་ཚེར་མ་ཐམས་ཅད་ཀྱིས་བསམ་གཏན་ལ་བསྒྲིབས་པ་མེད་པའི་ཕྱིར་རང་གི་ཡེ་ཤེས་ཉེ་བར་ཞི་བའི་བསམ་གཏན་ཡོངས་སུ་དག་པ་དང་། རབ་ཏུ་དབྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་པས་ལམ་དང་། བྱང་ཆུབ་ཀྱི་ཡན་ལག་ ལ་སྦྱོར་བའི་བསམ་གཏན་ཡོངས་སུ་དག་པ་དང་། ད་དུང་འདོད་པའི་ཁམས་སུ་དམྱིགས་པའི་ཕྱིར་བསམ་གཏན་གྱི་རོ་མི་མྱོང་བའི་ཐབས་ལས་རྣམ་པར་མི་ལྡོག་པའི་བསམ་གཏན་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྗེས་སུ་རྟོགས་པར་བྱ་བའི་ ཕྱིར་མངོན་པར་ཤེས་པ་དང་། རིག་པ་བསྐྱེད་པའི་བསམ་གཏན་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་བདག་གིར་བྱ་བ་མེད་པ་དང་ལྡན་པའི་ཕྱིར་མངོན་པར་འདུ་མི་བྱེད་པ་ལ་མངོན་པར་ཕྱོགས་ཤིང་རྣམ་པར་རྩེ་བའི་བསམ་གཏན་ཡོངས་སུ་དག་པའོ། ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསམ་གཏན་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ ། 37-238b ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་འབྲས་བུ་ཆུད་མི་ཟ་བའི་ཚུལ་གྱིས་རྒྱུ་རབ་ཏུ་ཤེས་པའི་ཤེས་རབ་ཡོངས་སུ་དག་པ་དང་། ཚོགས་པ་དང་མི་འགལ་བའི་ཕྱིར་རྐྱེན་ ཐམས་ཅད་ལ་འཇུག་པའི་ཤེས་རབ་ཡོངས་སུ་དག་པ་དང་། རྟེན་ཅིང་འབྲེལ་པ་ལ་འཇུག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རྟག་པ་དང་། ཆད་པ་མེད་པའི་ཤེས་རབ་ཡོངས་སུ་དག་པ་དང་། སེམས་ཅན་དུ་འཛིན་པ་སྤང་བའི་ཕྱིར་ལྟ་བ་ཐམས་ཅད་སེལ་བའི་ཤེས་ རབ་ཡོངས་སུ་དག་པ་དང་། སྒྱུ་མའི་རང་བཞིན་དུ་ཡོངས་སུ་བརྟག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་རྣམ་པར་ལྟ་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཚིག་གི་བྱེ་བྲག་ཐམས་ཅད་བསྟན་པ་ཐོགས་པ་མེད་པར་ལུང་བསྟན་ པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་འཇུག་པའི་ཤེས་རབ་ཡོངས་སུ་དག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ་དང་། མཁས་པའི་རྗེས་སུ་ཞུགས་པའི་ཕྱིར་བདུད་དང་ཕས་ཀྱི་རྒོལ་བ་དང་། ཉན་ཐོས་དང་། རང་ སངས་རྒྱས་ཐམས་ཅད་ཀྱི་གཏིང་དཔག་དཀའ་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཐམས་ཅད་དུ་ཆགས་པ་མེད་པའི་མཚན་ཉིད་ཀྱི་རྗེས་སུ་སོང་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྐུ་མཐོང་བ་དང་། སེམས་ཅན་ཐམས་ཅད་ཐོག་མ་ནས་རྣམ་ པར་དག་པར་མཐོང་བ་དང་། ཆོས་ཐམས་ཅད་དབེན་པར་མཐོང་བ་དང་། ཞིང་ཐམས་ཅད་ནམ་མཁའི་རང་བཞིན་དུ་མཐོང་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཐམས་ཅད་ལ་ཁྱད་པར་ཅན་གྱི་ཡེ་ཤེས་རྗེས་སུ་ཐོབ་པའི་ཕྱིར་གཟུངས་དང་སྤོབས་པ་ལ་ བརྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། ཐབས་ཀྱི་ལག་པ་རྐྱོང་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་ཀྱི་སྤྱི་བོར་གྱུར་པའི་ཡེ་ཤེས་རབ་ཏུ་ཐོབ་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ 37-239a པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་མི་འཁྲུགས་ཤིང་དབྱེར་མེད་པའི་མཚན་ཉིད་ཀྱི་ཤེས་རབ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བ་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་སེམས་ཅན་ལ་ བྱེ་བྲག་དབྱེ་བ་མེད་པའི་ཕྱིར་སེམས་མཉམ་པའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་བརྩོན་པར་བྱ་བའི་ཕྱིར་ཕན་པའི་དངོས་པོའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་རྒ་ཤིའི་ཉམ་ང་བ་ལས་ བསྒྲལ་བའི་ཕྱིར་རང་གིས་བསྐྱབ་པའི་བྱམས་པ་ཡོངས་སུ་དག་པ་དང་། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ལྷག་པར་དམྱིགས་པའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་ཞིང་ཕོངས་པར་སེམས་པ་དང་ལྡན་པའི་བྱམས་པ་ཡོངས་སུ་དག་པ་དང་། འགྲོ་བ་ ཐམས་ཅད་ཀྱི་ཉོན་མོངས་པ་ཡང་དག་པར་གཅད་པའི་ཕྱིར་རྣམ་པར་དབྲལ་བའི་བྱམས་པ་ཡོངས་སུ་དག་པ་དང་། འགྲོ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་མོས་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་རྣམ་པ་མངོན་པར་བསྒྲུབ་པའི་བྱམས་པ་ཡོངས་སུ་དག་ པ་དང་། ཐམས་ཅད་དུ་འོད་ཟེར་མཉམ་པར་རབ་ཏུ་དགྱེ་བའི་ཕྱིར་འགྲོ་བ་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ནམ་མཁའ་རྒྱས་པར་འགེངས་པའི་བྱམས་པ་ཡོངས་སུ་དག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བའི་ཕྱིར་ཆོས་ལ་དམིགས་པའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་སྐྱོན་མེད་པར་གཟུད་པའི་ཕྱིར་སྒྲིབ་པ་མེད་པའི་བྱམས་པ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ 37-239b བྱམས་པ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བྱམས་པ་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་ པ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཁོང་ནས་སྙིང་རྗེ་བའི་ཕྱིར་གྲོགས་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལེན་པ་ལ་ཞུམ་པ་མེད་པའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། ཆེད་དུ་བསམས་ ཏེ། སྐྱེ་བ་ལེན་ཅིང་མངོན་པར་འདྲེན་པའི་ཕྱིར་ངན་སོང་དང་མི་ཁོམ་པར་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། མི་རྟག་པའི་དོན་ཡོངས་སུ་བསྟན་པའི་ཕྱིར་ལྷ་དང་མིར་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། བསྐལ་པ་དཔག་ཏུ་མེད་པར་གོ་ཅ་མི་འདོར་བའི་ཕྱིར་ལོག་པར་ངེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་བསྟབས་པའི་ཕྱིར་བདག་གི་བདེ་བ་ལ་ཆགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། རང་གི་ སེམས་ཡོངས་སུ་སྦྱང་བའི་ཕྱིར་ལེགས་པར་བྱས་པ་ཐམས་ཅད་ལ་ལ་ན་མི་རེ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པའི་ཕྱིར་ཕྱིན་ཅི་ལོག་དང་མི་ཤེས་པ་ལ་གནས་པའི་འཇིག་རྟེན་གྱི་རྒྱུད་རྣམ་པར་ཟློག་པའི་སྙིང་རྗེ་ཆེན་པོ་ ཡོངས་སུ་དག་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་དང་ཞིང་གསལ་བ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ནས་འཁྲུགས་པ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང་། ཀུན་ནས་ཉོན་མོངས་པས། ཀུན་ནས་ ཉོན་མོངས་པར་གྱུར་ཏོ། །ཞེས་བྱ་བར་ཤེས་ནས། སེམས་ཅན་ཐམས་ཅད་ལ་ཐོག་མ་ནས་དག་ཅིང་རྣམ་པར་དག་པ་དང་། དྲི་མ་མེད་ཅིང་ཡོངས་སུ་དག་པ་དང་། རང་བཞིན་གྱིས་འོད་དང་ཞིང་གསལ་བའི་ཆོས་བསྟན་པའི་ཕྱིར་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་ 37-240a རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ནམ་མཁའི་བྱ་ལམ་ལྟ་བུ་ཡིན་ཡང་རང་གི་སྒྲིབ་པས་བསྒྲིབས་པས་ཤེས་པར་མ་གྱུར་ཏོ། །ཞེས་བྱ་བར་ཤེས་ནས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ལམ་ཐེག་པ་ཆེན་པོའི་ འབྱུང་བ་ཡོངས་སུ་བསྟན་པའི་ཕྱིར་སྙིང་རྗེ་ཆེན་པོ་འབྱུང་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཐུགས་རྗེ་ ཆེན་པོ་བླ་ན་མེད་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་རབ་ཏུ་དགའ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། དགའ་ བ་ཡོངས་སུ་དག་པའོ། །གནོད་པ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་དགའ་བ་ཡོངས་སུ་དག་པའོ། །སེམས་ཞུམ་པ་མེད་པས་སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །སེམས་ཅན་ཐམས་ ཅད་ཀྱི་ཉེས་བྱས་བཟོད་པར་བྱ་བའི་ཕྱིར་དམ་བཅས་པ་མཐར་ཕྱིན་པར་བྱེད་པ་ནི། དགའ་བ་ཡོངས་སུ་དག་པའོ། །ཆོས་དོན་དུ་གཉེར་བའི་ཕྱིར་ལུས་དང་སྲོག་གཏང་བ་ལ་འགྱོད་པ་མེད་པ་ནི། དགའ་བ་ཡོངས་སུ་དག་པའོ། །ཆོས་ལ་མོས་ཤིང་དགའ་བ་ནི་དགའ་བ་ ཡོངས་སུ་དག་པའོ། །འདོད་པའི་དགའ་བ་ཐམས་ཅད་སྤྱོད་པ་ནི། །དགའ་བ་ཡོངས་སུ་དག་པའོ། །སངས་རྒྱས་བལྟ་བ་དང་། བསྙེན་བཀུར་བས་མི་ངོམས་ཤིང་ཆོས་ཀྱི་དབྱིངས་ཐ་དད་དུ་མི་འབྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །བསམ་གཏན་དང་རྣམ་པར་ ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་འབྱུང་བ་ཐམས་ཅད་ལ་སེམས་ཅན་གཞན་མོས་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཞི་བ་དང་ཐུབ་ཅིང་མི་འཁྲུག་པ་ལ་བསམ་གཏན་འཆའ་བ་ཤེས་རབ་ཀྱི་ཤས་ཆེ་བས་ལྟ་བ་གསལ་བ་དང་། བརྟུལ་ 37-240b ཞུགས་དང་དཀའ་ཐུབ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡོངས་སུ་དག་པ་སྟེ། དེ་དག་ལ་ གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་དགྱེས་པ་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཀྱང་དགའ་བ་མེད་ལ་སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་མ་བྱས་ཀྱང་ཁོང་ཁྲོ་བར་མི་འགྱུར་བའི་བཏང་སྙོམས་ཡོངས་སུ་དག་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་འདས་པར་སྤྱོད་པས་བཏང་ སྙོམས་ཡོངས་སུ་དག་པ་དང་། སྣོད་མ་ཡིན་པ་རྣམས་ཀྱང་བཀོལ་ཏེ་མི་འདོར་ལ། སྣོད་དུ་གྱུར་པ་རྣམས་ཀྱི་དུས་དང་ཡང་སྦྱོར་བའི་བཏང་སྙོམས་ཡོངས་སུ་དག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་སློབ་དཔོན་པ་དང་མི་སློབ་པ་རྣམ་པར་དག་པའི་ ཆོས་ཐོབ་པར་གྱུར་པ་རྣམས་ལ་རྩོལ་བ་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ་དང་། འདོད་པའི་དགའ་བ་དང་རྩེད་མོ་དང་ལོངས་སྤྱོད་དང་། ཀུན་ནས་ཉོན་མོངས་པའི་བག་ཏུ་འགྱུར་བའི་ཆོས་ཐམས་ཅད་ལ་སེམས་འབྲེལ་བར་མི་གཏོང་བའི་བཏང་སྙོམས་ཡོངས་སུ་ དག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་འཁོར་བ་ལས་སྐྱོ་བའི་རྣལ་འབྱོར་ལ་སྤྱོད་པ་རྣམས་དང་སྙེན་པར་མི་བྱེད་པའི་བཏང་སྙོམས་ཡོངས་སུ་དག་པ་དང་། འཇིག་རྟེན་རྒྱང་ཕེན་པའི་གཏམ་ཐམས་ཅད་དང་། མྱ་ངན་ལས་མི་འདའ་བ་དང་། འདོད་ ཆགས་དང་མི་དབྲལ་བའི་གཏམ་དང་། མི་རིགས་ཤིང་འདུ་འཛིར་གྱུར་པའི་གཏམ་དང་། གཞན་ལ་ཐོ་འཚམ་པའི་གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་དང་མདོར་ན་བྱང་ཆུབ་སེམས་དཔའི་ལམ་ལས་གོལ་བའི་གཏམ་ཐམས་ཅད་དང་འདུ་བ་ 37-241a མེད་པའི་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་དང་། བློའི་སྟོབས་དང་། ཤུགས་ཇི་ལྟ་བ་བཞིན་དུ་གང་ལ་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་དེ་དག་གིས་དེ་ལ་གོང་མའི་ཆོས་ཤེས་པར་མི་ནུས་ནའང་དེ་དག་གི་དུས་བསྡད་པས་ བཏང་སྙོམས་ཡོངས་སུ་དག་པ་དང་། བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྨིན་པར་བྱས་པ་གང་། དེ་བཞིན་གཤེགས་པའི་སས་འདུལ་བར་གྱུར་པ་དེ་དག་ལ་བསྡད་པའི་ཕྱིར་བཏང་སྙོམས་ཡོངས་སུ་དག་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བཏང་སྙོམས་གཉིས་དང་བྲལ་ཞིང་མཐོན་དམན་མེད་ལ་བླང་དོར་མེད་ཅིང་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། བྲལ་བས་རྟག་ཏུ་མཉམ་པར་གཞག་ཅིང་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ པར་གནས་པའི་བཟོད་པ་ཐོབ་པའི་བཏང་སྙོམས་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ བཏང་སྙོམས་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ནན་ཏན་ལྷུར་ལེན་པའི་ཕྱིར་ཐོས་པའི་དོན་དང་། རབ་ཏུ་དབྱེ་བ་ལ་ མཁས་པའི་ཕྱིར་ཆོས་ཀྱི་དོན་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་དོན་དང་། སེམས་ཅན་གྱི་འདུ་འཛིས་དབེན་པའི་ཕྱིར་དབེན་པའི་དོན་དང་། སེམས་ཅན་གྱི་སྒྲ་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་བརྗོད་དུ་མེད་པའི་དོན་དང་། དུས་གསུམ་ མཉམ་པ་ཉིད་ཀྱི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་དང་། རོ་མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལ་འཇུག་པའི་དོན་དང་། དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བའི་ཕྱིར་དེ་བཞིན་ཉིད་ཀྱི་དོན་དང་། ཡང་དག་པའི་མཐའ་རྟོགས་པའི་ཕྱིར་ཡང་དག་པའི་མཐའི་དོན་དང་། 37-241b སྡུག་བསྔལ་གྱི་ཕུང་པོ་ཡང་དག་པར་གཅད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་བསྐྱེད་པའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོའི་དོན་ཏོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་ དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱ་བའི་ཕྱིར་བདེན་པའི་ཆོས་དང་། ལེན་ ཅིང་འཛིན་པ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ཡོངས་སུ་འཛིན་པ་མེད་པའི་ཆོས་དང་། ཉོན་མོངས་པའི་འབར་བ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་རྩོད་པ་མེད་པའི་ཆོས་དང་། ཡོངས་སུ་གདུང་བ་དང་བྲལ་བའི་ཕྱིར་ཞི་བའི་ཆོས་དང་། འདོད་ཆགས་ཀྱི་དྲི་མ་དང་། ཉོན་ མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་ཆོས་དང་། དམིགས་པ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཡོངས་སུ་རྟོག་པ་མེད་པའི་ཆོས་དང་། ནམ་མཁའ་དང་འདྲ་ཞིང་མཚུངས་པའི་ཕྱིར་མི་སྐྱེ་བའི་ཆོས་དང་། སྐྱེ་བ་དང་འཇིག་པ་དང་ གནས་མེད་པའི་ཕྱིར་འདུས་མ་བྱས་ཀྱི་ཆོས་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རང་བཞིན་གྱི་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་ཅིང་ཡོངས་སུ་གཟུང་བའི་ཕྱིར་ཕུང་པོ་ཐམས་ཅད་སྤངས་ཏེ། མྱ་ངན་ལས་འདས་ པར་འགྲོ་བའི་ཆོས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཉིད་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་ པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཏེ། བཅུ་གང་ཞེ་ན་འདི་ལྟར་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར། ཕ་རོལ་བྱང་ཆུབ་ཀྱི་སེམས་ལ་ཡིད་དམ་འཆར་གཞུག་པའི་བསོད་ནམས་ཀྱི་ཚོགས་དང་། མི་དགེ་བའི་ 37-242a ཆོས་ཐམས་ཅད་སྤང་ཞིང་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བའི་རྣམ་པ་བཅུའི་རྗེས་སུ་འབྲང་བའི་བསོད་ནམས་ཀྱི་ཚོགས་དང་། འཇིག་རྟེན་གསུམ་གྱི་བསོད་ནམས་ཟིལ་གྱིས་གནན་པའི་ཕྱིར་ཤེས་རབ་ དང་ཡེ་ཤེས་བསྟན་པའི་བསོད་ནམས་ཀྱི་ཚོགས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཕ་རོལ་གྱི་མཐར་བསྒྲལ་བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའི་བསོད་ནམས་ཀྱི་ཚོགས་དང་། ཡོངས་སུ་གཟུང་བ་ཐམས་ཅད་གཏང་བའི་ཕྱིར་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ ཡོངས་སུ་གཏོང་བའི་བསོད་ནམས་ཀྱི་ཚོགས་དང་། བརྩོན་འགྲུས་ཆེན་པོ་བརྩམ་པས་སེམས་ཀྱི་སྒོ་གཏན་འབྱེད་ཅིང་མཆོད་སྦྱིན་རབ་ཏུ་བྱ་བའི་ཕྱིར་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་བསོད་ནམས་ཀྱི་ཚོགས་དང་། ཐབས་དང་ཚུལ་ དང་འཐད་པས་ཡོངས་སུ་གཟུང་བའི་ཕྱིར་དགེ་བའི་རྩ་བ་རབ་འབྲིང་དང་ཐ་མས་རློམ་སེམས་མེད་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཚོགས་དང་། སྐྱེས་བུ་དམ་པའི་རྣམ་པར་གནོན་པ་ཡོངས་སུ་བསྟན་པའི་ཕྱིར་ཡང་དག་པ་དང་། ལོག་པར་ངེས་པ་དང་ ཉམས་དམའ་ཞིང་དགེ་བའི་རྩ་བ་མ་བསགས་པ་རྣམས་ལ་བརྙས་པ་མེད་ཅིང་སྙིང་རྗེ་ཆེན་པོ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དང་། ལྷག་པའི་བསམ་པ་བརྟན་པས་ཡོངས་སུ་སྐྱོང་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བ་དང་། བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་སྟོན་པ་ལྟར་དབེན་པར་སེམས་པ་དང་། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་བྱེད་པ་ལ་བརྩོན་པའི་བསོད་ནམས་ཀྱི་ཚོགས་དང་། ཀྱེ་རྒྱལ་བའི་སྲས་དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པར་བསགས་ཤིང་ཡོངས་སུ་བསྡུས་ ཏེ། ལག་པའི་མཐིལ་དུ་ཕྱིན་ཅིང་བདག་ལ་དབང་ཡོད་པར་གྱུར་པའི་བྱང་ཆུབ་ཀྱང་། སེམས་ཅན་ལ་ལ་ཞིག་ལ་ཡོངས་སུ་བཏང་སྟེ། བྱིན་ན་མི་དགའ་བ་མེད་ལ་འགྱོད་པ་མེད་ཅིང་དེ་བཞིན་དུ་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཡང་རང་ལ་དབང་ཡོད་པར་ཡོངས་སུ་ 37-242b བསྡུས་ཏེ། ལག་པའི་མཐིལ་དུ་ཕྱིན་པའི་བྱང་ཆུབ་ཡོངས་སུ་བཏང་སྟེ། བྱིན་ཡང་མི་དགའ་བ་མེད་ལ། ཕྱིས་འགྱོད་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནམ་མཁའི་དབྱིངས་རྒྱ་ཆེན་པོའི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། ཡེ་ཤེས་ཆེན་པོ་ཡངས་པ་ཁོང་དུ་ཆུད་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཚོགས་ ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཏེ། བཅུ་གང་ཞེ་ན། འདི་ལྟར་བསམ་པ་སྒྱུ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་དགེ་བའི་བཤེས་གཉེན་ མང་དུ་ཐོས་པ་རྣམས་ལ་བསྟེན་པ་དང་། བཀུར་བ་དང་། བསྙེན་བཀུར་བྱ་བ་དང་། རིམ་གྲོ་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བཀའ་བློ་བདེ་ཞིང་འཐུན་པར་ལེན་པའི་ཡེ་ཤེས་ཀྱི་ཚོགས་དང་། བདག་སྣོད་དུ་བྱ་བའི་ ཕྱིར་ང་རྒྱལ་མེད་ཅིང་འདུད་པ་དང་། ཕྱག་འཚལ་བ་དང་། རབ་ཏུ་གུས་པ་དང་། ལུས་དང་སེམས་ལས་སུ་རུང་བ་དང་། ཁོང་བདེ་བ་དང་། མི་སླུ་བ་དང་། མི་རྩུབ་པ་དང་། དེས་ཤིང་འཇམ་ལ་མཉེན་པ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་དང་། འདོར་ཏེ་གསོང་པོར་སྨྲ་བ་དང་། རབ་ཏུ་དགའ་བ་དང་། མི་འཆོས་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་། ཡེ་ཤེས་རྣམ་པ་བཅུ་ལ་རབ་ཏུ་སྦྱར་བའི་ཕྱིར་དྲན་པ་ཤེས་བཞིན་དང་། རྟོགས་པ་ཁོང་དུ་ཆུད་པ་དང་། བློ་གྲོས་མི་གཡེང་ བ་དང་། ངོ་ཚ་ཤེས་པ་དང་། མོས་པ་ལ་རབ་ཏུ་གནས་པ་དང་། རྗེས་སུ་དྲན་པར་བྱ་བ་དྲུག་དྲན་པ་དང་། གུས་པ་དྲུག་ཡོངས་སུ་བསྟེན་པ་དང་། སྙིང་པོར་བྱ་བའི་ཆོས་དྲུག་གི་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་པ་དང་ཡིད་ལ་བྱ་བ་གཞན་མེད་པར་བྱ་བའི་ 37-243a ཕྱིར་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ལ་མོས་ཤིང་དགའ་བ་དང་། ཆོས་བཙལ་བ་དང་། ཐོས་པས་མི་ངོམས་པ་དང་། འཇིག་རྟེན་རྒྱང་ཕེན་པ་དང་། མ་འདྲེས་པ་དང་། འཇིག་རྟེན་པའི་གཏམ་ཐམས་ཅད་སྤོང་བ་དང་། འཇིག་ རྟེན་ལས་འདས་པའི་གཏམ་ལྷུར་ལེན་པ་དང་། ཐེག་པ་དམའ་བ་སྤོང་ཞིང་བློ་གྲོས་ཡངས་པའི་ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱི་ཚོགས་དང་། ནན་ཏན་ལྷུར་བླང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བཙལ་བ་ལ་འཐུན་པར་བརྩོན་པ་དང་། ཚངས་པའི་ གནས་བཞི་རབ་ཏུ་བསྒྲུབ་པ་དང་། རིག་པ་དང་མཐུན་པའི་ཆོས་དང་སྟེན་པ་དང་། མཁས་པའི་སྐྱེ་བོ་ལ་ཡོངས་སུ་འདྲི་བ་དང་། ལམ་ཉམ་ང་བ་དང་བྲལ་ཞིང་ཡང་དག་པའི་ལམ་ལ་མ་ནོར་བར་གཞོལ་བ་དང་། བསྐུལ་བ་དང་དྲན་པར་བྱ་བ་དང་། མོས་པར་བྱ་བས་ རང་གི་སེམས་འདུལ་བ་དང་། ཕ་རོལ་གྱི་སེམས་རྗེས་སུ་སྲུང་བའི་ཡེ་ཤེས་ཀྱི་ཚོགས་དང་། བདག་དང་གཞན་གྱི་སེམས་རྣམ་པར་སྦྱང་བའི་ཕྱིར་རྟག་ཏུ་རྒྱུན་མི་ཆད་པར་འབྱུང་བའི་སེམས་དང་། ཁམས་གསུམ་ལས་དབེན་པར་དགའ་ཞིང་། རང་གི་སེམས་ རྟོགས་པར་བྱེད་པ་དང་། མི་དགེ་བའི་སེམས་ཀྱི་སྐབས་མི་འབྱེད་ཅིང་རྣམ་པར་རྟོག་པ་གསུམ་བསྩལ་བས། ལུས་དང་ངག་དང་སེམས་ལས་སུ་རུང་བ་དང་། སེམས་ཀྱི་རང་བཞིན་གཅིག་ཏུ་ངེས་པ་རབ་ཏུ་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང་། ཀྱེ་རྒྱལ་བའི་སྲས་ གཞན་ཡང་ཕུང་པོ་རྣམས་ལ་སྒྱུ་མ་ལྟ་བུར་རྟོག་པ་དང་། ཁམས་རྣམས་ལ་སྤྲུལ་པ་ལྟ་བུའི་འདུ་ཤེས་སུ་རྟོག་པ་དང་། ཆོས་ཐམས་ཅད་སྒྱུ་མ་དང་། སྨྱིག་རྒྱུ་དང་། ཆུའི་ཟླ་བ་དང་། རྨི་ལམ་དང་། མིག་ཡོར་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། མིག་ཡོར་དང་འདྲ་ ཞིང་ནམ་མཁའ་རི་མོ་དང་མཉམ་པ་དང་། མགལ་མེ་བསྐོར་བ་ལྟ་བུ་སྟེ། འཇའི་ཚོན་དང་འདྲ་བ་ཉི་མ་དང་ཟླ་བའི་འོད་ལྟ་བུ་སྟེ། ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་མཚན་མ་མེད་པ། རྟག་པ་མེད་པ་ཆད་པ་མེད་པ་སོང་བ་མེད་པ་དང་། འོང་བ་མེད་པ་སྟེ། ཆོས་ 37-243b ཐམས་ཅད་མི་གནས་པར་རབ་ཏུ་རྟོག་ཅིང་འཇུག་པ་དང་། མོས་པ་དང་ཡིད་ཆེས་པ་འདི་ནི་སྐྱེ་བ་དང་། འཇིག་པ་ལ་མི་གནས་པ་ཞེས་བྱ་བ་ཡེ་ཤེས་ཀྱི་ཚོགས་བདུན་པ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པ་དག་པའི་རྒྱུར་འགྱུར་བའོ། །ཆོས་ཐམས་ཅད་བདག་མེད་ པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། སེམས་མེད་པ་དང་། དོན་མེད་པ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་དང་། ལུས་མེད་པ་ དང་། རྫས་མེད་པ་དང་། ལྟ་བ་མེད་པ་དང་། དྲི་མ་མེད་པ་དང་། རྗེ་བ་མེད་པ་དང་། གོས་པ་མེད་པ་དང་། རྒྱུ་བ་མེད་པ་དང་། ཟང་ཟིང་མེད་པ་དང་། མྱ་ངན་ལས་འདས་པའི་རྒྱུད་དུ་ཡང་དག་པར་གཞོལ་བ་ཐོས་ན་མོས་ཤིང་ཡིད་ཆེས་ལ་ ཡིད་གཉིས་མེད་ཅིང་ཐེ་ཙོམ་མི་ཟ་བ་འདི་ནི་ཡེ་ཤེས་ཀྱི་ཚོགས་བརྒྱད་པ་སྟེ། མོས་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་གཞན་གྱི་སྦྱོར་བས་ཡང་དག་པར་བྲལ་བར་བྱས་པས་དབང་པོ་བསྡམས་པ་ལྷག་ མཐོང་དང་ཞི་གནས་ཀྱིས་ཞི་བ་དང་། ཉེ་བར་ཞི་བ་དང་། རབ་ཏུ་ཞི་བར་གྱུར་པ། ཡིད་ལ་བྱ་བ་ཐམས་ཅད་ཀྱིས་མ་བྱས་མ་བསྐྱེད། མངོན་པར་མ་བྱས་པའི་ངང་ཚུལ་ཅན་བདག་མེད་པ་དང་། སེམས་ཅན་མེད་པ་དང་། བདག་གི་འདུ་ཤེས་རྣམ་པར་ རྒྱུ་བས་ནན་ཏན་དུ་བྱེད་པ་མེད་པའི་བློ་དང་ལྡན་པ། ཟད་པ་མེད་ཅིང་ཚད་མེད་ལ་མི་དམིགས་པའི་བཟོད་པ་ཅན། ལུས་དང་ངག་དང་སེམས་བླང་བ་མེད་པ་དང་དོར་བ་མེད་པས། སྔོན་དུ་འདོར་བའི་བརྩོན་འགྲུས་དང་ལྡན་པ། སེམས་ཅན་ཐམས་ཅད་དང་ ཆོས་ཐམས་ཅད་ལ་མི་གནས་པར་བསམ་གཏན་འཆའ་བ། ཚུ་རོལ་མེད་པ་ཕ་རོལ་མེད་པ། ཚུ་རོལ་དང་ཕ་རོལ་དང་བྲལ་བ་རྒྱུ་བ་མེད་པ་རྒྱུ་བ་དང་བྲལ་བའི་ཤེས་རབ་ཀྱིས་དེ་ལྟར་ངེས་པར་རྟོག་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་དགུ་པ་སྟེ། མཚན་མ་དང་ཡོངས་སུ་རྟོག་པ་ 37-244a ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ནི་ཆོས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། །ཆོས་མཐོང་བས་ནི་ཞིང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཞིང་མཐོང་བས་ནི་ནམ་མཁའ་མཐོང་བ་ ཤིན་ཏུ་རྣམ་པར་དག་པར་འགྱུར། ནམ་མཁའ་མཐོང་བས་ནི་ཆོས་ཀྱི་དབྱིངས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཆོས་ཀྱི་དབྱིངས་མཐོང་བས་ནི་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་འདི་ནི་ཡེ་ཤེས་ཀྱི་ཚོགས་བཅུ་པ་སྟེ། ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་མ་ཆགས་མ་བསྒྲུབས་ པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་སྐྱེ་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཆོས་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་ནི་རིག་པ་སྐྱེ་བའོ། །ཆོས་རྣམས་ ལ་ཆགས་པ་མེད་པའི་རྣལ་འབྱོར་ནི་རིག་པ་སྐྱེ་བའོ། །ལྟ་བ་མ་ལོག་པ་ནི་རིག་པ་སྐྱེ་བའོ། དབང་པོ་རྣམས་ལ་ཤེས་རབ་སྣང་བ་ནི་རིག་པ་སྐྱེ་བའོ། །རིག་པ་བརྩམ་པ་ལ་ཡང་དག་པར་སྦྱོར་བ་ནི་རིག་པ་སྐྱེ་བའོ། །ཡེ་ཤེས་མངོན་པར་ རྟོགས་པར་བྱ་བའི་ཕྱིར་བདེན་པ་ལ་འཇུག་པ་ནི་རིག་པ་སྐྱེ་བའོ། །ལས་དང་ཉོན་མོངས་པ་ཟད་ཅིང་མི་སྐྱེ་བར་ཤེས་པ་ནི་རིག་པ་སྐྱེ་བའོ། །ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་འབྱེད་པའི་ལྷའི་མིག་ནི་རིག་པ་སྐྱེ་བའོ། །སྔོན་གྱི་མཐའ་ནས་རྣམ་པར་སྦྱངས་པའི་ སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རིག་པ་སྐྱེ་བའོ། །མངོན་པར་ཤེས་པ་ཡོངས་སུ་སྦྱངས་པས་སེམས་ཅན་ལ་ལྟ་བའི་ཟག་པ་ཟད་པའི་ཡེ་ཤེས་ནི་རིག་པ་སྐྱེ་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་སྐྱེ་བ་སྟེ། དེ་ 37-244b དག་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཆོས་ཀྱི་རིག་པ་སྣང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་སྟེ། །བཅུ་གང་ཞེ་ ན་འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་ཚོལ་བ་དང་། བརྩོན་འགྲུས་ལྷོད་པ་མེད་པར་སྲན་འཛུགས་པས་བརྩོན་འགྲུས་ཀྱིས་ཆོས་ཡོངས་སུ་ཚོལ་བ་དང་། ལུས་དང་སྲོག་ལ་མི་ལྟ་བར་ཆོས་ཡོངས་སུ་ཚོལ་བ་དང་། རྙེད་སྟོབས་ དང་བཀུར་སྟི་དང་། གྲགས་པའི་ཕྱིར་མ་ཡིན་གྱི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། བདག་འབའ་ཤིག་ལ་ཕན་པའི་ཕྱིར་མ་ཡིན་གྱི་བདག་དང་གཞན་དང་འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ཀྱི་མདངས་ཀྱིས་ར་ཆོད་བྱ་བའི་ཕྱིར་མ་ཡིན་གྱི་ཤེས་རབ་ལ་འཇུག་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། ཀོ་བ་ལོབ་ལ་དགའ་བའི་ཕྱིར་མ་ཡིན་གྱི་རབ་ཏུ་རྟེན་པར་བྱ་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། བྱང་ཆུབ་སེམས་ཀྱི་སེམས་མ་བཏང་བས། སེམས་ ཅན་ལ་སྙིང་རྗེ་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། ཡིད་གཉིས་དང་བྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། རློམ་སེམས་མེད་ཅིང་འདོད་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་ བར་ཆོས་ཡོངས་སུ་ཚོལ་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་སྟེ། ཆོས་ཡོངས་སུ་ཚོལ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་ འཇོག་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རབ་ཏུ་བརྗོད་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཀུན་རྫོབ་ལ་འཇུག་པའི་དགེ་བའི་རྩ་བ་ 37-245a བསྐྱེད་པ་དང་། དད་པའི་རྗེས་སུ་འབྲང་བ་རྣམས་ལ་དད་པ་མི་ཕྱེད་པ་དང་། ཆགས་པའི་གནས་ལས་བཟླ་ཞིང་ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་ཆོས་ལ་གནས་པ་དང་། ཆོས་ ཀྱི་རྗེས་སུ་བརྩོན་པ་དང་། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད་པ་དང་། བརྒྱད་པ་རྣམས་ལ་ལོག་པ་བརྒྱད་ལས་བཟླ་ཞིང་ཡང་དག་པ་བརྒྱད་ལ་འཇུག་པ་དང་། རྒྱུན་ཏུ་ཞུགས་པ་རྣམས་ལ་ཀུན་ཏུ་སྦྱོར་བ་ཡོངས་སུ་སྤང་བ་དང་། འཁོར་བའི་རྒྱུན་གཅད་པ་དང་། དོན་དམ་པའི་བདེན་པ་མཐོང་བ་དང་། ལན་ཅིག་ཕྱིར་འོང་བ་རྣམས་ལ་རོ་མྱོང་བའི་ཁ་ན་མ་ཐོ་བ་ཡོངས་སུ་བརྟག་པ་དང་། གང་དུ་ཡང་མ་འོང་ལ་མི་འགྲོ་བའི་ཆོས་རབ་ཏུ་བརྗོད་པ་དང་། ཕྱིར་མི་འོང་བ་རྣམས་ལ་ཁམས་གསུམ་དུ་མངོན་པར་དགའ་བ་མེད་པས་སྐད་ཅིག་འགའ་ ཙམ་དུ་ཡང་སྐྱེ་བར་མི་སྨོན་པའི་ཕྱིར་ཟག་པ་ཟད་པ་རབ་ཏུ་བརྗོད་པ་དང་། དགྲ་བཅོམ་པ་རྣམས་ལ་མངོན་པར་ཤེས་པ་དྲུག་གིས་རྣམ་པར་འཕྲུལ་པ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་རྣམ་པར་རྩེ་བ་དང་། མཐར་གྱིས་སྤྱོད་ཅིང་སྙོམས་པར་འཇུག་པ་དགུའི་ ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་བརྗོད་པ་དང་། རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པའི་རོ་གཅིག་པ་དང་། གཅིག་ཏུ་དགའ་བ་དང་། དབེན་པ་ལ་དགའ་བ་དང་། སྨྲ་བ་ཉུང་བ་ དང་། བྱ་བ་ཉུང་བ་དང་། རང་འབྱུང་གིས་ཡོངས་སུ་གནན་པ་དང་། མ་ཐོས་པར་རང་གི་ཡེ་ཤེས་ཀྱིས་མངོན་པར་རྟོགས་པར་བྱ་བ་རབ་ཏུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བློ་གྲོས་རྒྱ་ཆེན་པོ་དང་དབང་པོ་རྣོ་བ་དང་། རྟག་ཏུ་རྒྱུན་མི་ཆད་པར་ སེམས་ཅན་རབ་ཏུ་ཐར་བར་བྱེད་པའི་སེམས་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་རབ་ཏུ་བརྗོད་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་ 37-245b བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རབ་ཏུ་བསྟན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཤེས་རབ་དང་ཡེ་ཤེས་ཆེན་པོ་རབ་ཏུ་བརྗོད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཆོས་ཀྱི་ནན་ཏན་ཏེ། བཅུ་གང་ཞེ་ན་འདི་ལྟར་དགེ་བའི་བཤེས་གཉེན་ལ་གུས་པར་བྱེད་པས་ཆོས་ལ་ནན་ཏན་བྱེད་པ་དང་། ལྷས་ཡང་དག་པར་བསྐུལ་ཞིང་ཆོས་ལ་ནན་ཏན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ངོ་ཚ་དང་ཁྲེལ་གྱིས་འཛེམ་ ཞིང་ཆོས་ལ་ནན་ཏན་བྱེད་པ་དང་། སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་འཁོར་བའི་རྒྱུན་མི་གཅོད་པས་ཆོས་ལ་ནན་ཏན་བྱེད་པ་དང་། ཤིན་ཏུ་མཐར་ཕྱིན་པར་ལེགས་པར་བྱས་པས་ཕྱིར་འཁྲུག་པ་མེད་པར་ཆོས་ལ་ནན་ཏན་བྱེད་པ་དང་། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་ པོ་ཐེག་པ་ཆེན་པོ་ལ་ཞུགས་པ་གཞན་གྱི་རྗེས་སུ་བསླབ་པར་བྱའོ། །ཞེས་ཆོས་ལ་ནན་ཏན་བྱེད་པ་དང་། ཚུལ་བཞིན་གྱི་སྦྱོར་བས་ལོག་པ་སྤང་བའི་ཕྱིར་ཆོས་ལ་ནན་ཏན་བྱེད་པ་དང་། བདུད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཆོས་ལ་ནན་ཏན་བྱེད་པ་དང་། སངས་ རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། འབྲིང་དང་ཐ་མ་ཤེས་པས་ཆོས་བསྟན་པར་བྱའོ། །ཞེས་ཆོས་ལ་ནན་ཏན་བྱེད་པ་དང་། སེམས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་ལ་ཡངས་ཤིང་རྒྱ་ཆེ་བས་ཡོངས་སུ་སྦྱང་བའི་ཕྱིར་ཆོས་ལ་ནན་ཏན་བྱེད་ པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ནན་ཏན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ནན་ཏན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་ཆགས་པའི་ཕྱིར་ཕུང་པོའི་བདུད་དང་། གླགས་སུ་འགྱུར་བའི་ཕྱིར་ཉོན་མོངས་པའི་བདུད་དང་། སྒྲིབ་པའི་ཕྱིར་ལས་ཀྱི་བདུད་དང་། སློང་བའི་ཕྱིར་སེམས་ཀྱི་བདུད་དང་། 37-246a སྐྱེས་པ་དང་བྲལ་བར་བྱེད་པས་ཚམ་གྱི་བདུད་དང་། གཡོ་བ་དང་རློམ་པ་དང་འགྱུར་བ་དང་། བག་མེད་པར་སྤྱོད་པས་ལྷའི་བུའི་བདུད་དང་། དེ་ལ་ཞེན་པའི་ཕྱིར་དགེ་བའི་རྩ་བའི་བདུད་དང་། རོ་མྱོང་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་གྱི་བདུད་དང་། གཟུགས་བརྙན་གྱི་ཕྱིར་དགེ་བའི་བཤེས་གཉེན་གྱི་བདུད་དང་། སྨོན་ལམ་མངོན་པར་མི་བསྒྲུབ་པས་ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པའི་བདུད་དོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དེ། དེ་དག་ཡོངས་སུ་སྤང་བའི་ཕྱིར་ བྱང་ཆུབ་སེམས་དཔས་བརྩོན་པར་བྱ་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པའི་དགེ་བའི་རྩ་བ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །སེམས་ མི་ཉམས་པའི་སྦྱིན་པ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་ལ་འཁྲུག་པ་དང་། ངན་སེམས་དང་ལྡན་པ་ཡོངས་སུ་སྤོང་བ་དང་། ལེ་ལོ་ཅན་ཡོངས་སུ་གཏོང་བ་དང་། སེམས་འཁྲུགས་པ་ལ་བརྙས་པ་དང་། ཤེས་རབ་འཆལ་བ་ཅན་ལ་སྨོད་པ་ནི་བདུད་ཀྱི་ ལས་སོ། །ཆོས་ལ་སློབ་དཔོན་གྱིས་བཅབས་པ་དང་། ཆོས་ཀྱི་སྣོད་ལ་ཁྱད་དུ་གསོད་པ་དང་། ཟང་ཟིང་ལ་འབྲེལ་པར་ཆོས་སྟོན་པ་ནི་བདུད་ཀྱི་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་རྒྱ་ཆེན་པོ་སྟོན་པ་ནི་བདུད་ཀྱི་ལས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཐོས་པ་ དང་། ཐོས་ན་ལོག་པར་འཇུག་པ་དང་། ལོག་པར་ཞུགས་ནས་ལེ་ལོ་བྱེད་པ་དང་། ལེ་ལོ་བྱས་ནས་སེམས་ཞུམ་པར་བྱེད་པ་དང་། སེམས་ཞུམ་པར་གྱུར་ནས་བྱང་ཆུབ་ཀྱི་ལམ་ཡངས་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་མི་འབྱུང་བ་ནི་བདུད་ ཀྱི་ལས་སོ། །སྡིག་པའི་གྲོགས་པོ་ལ་བསྟེན་པ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང་། སྐྱེ་བའི་སྐྱེ་མཆེད་ལ་མངོན་པར་མི་དགའ་བ་དང་། མྱ་ངན་ལས་འདའ་བ་དང་། འདོད་ཆགས་ 37-246b དང་བྲལ་བ་དང་། སེམས་ཉེ་བར་ཞི་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བའི་བསམ་པ་དང་། མི་སྙན་པར་བརྗོད་པ་དང་། འཐོབ་པའི་བགེགས་བྱེད་པ་དང་། འཁྲུལ་པའི་སྐྱོན་ཚོལ་བ་དང་། མི་བདེ་བའི་མིག་གིས་ལྟ་བ་ནི་བདུད་ཀྱི་ལས་ སོ། །དམ་པའི་ཆོས་ལ་སྤོང་བ་དང་། མ་ཐོས་པའི་མདོ་སྡེ་ཐོས་ན་སྨོད་པ་དང་། ཆོས་སྨྲ་བ་གཞན་གྱིས་བཤད་པ་ཉན་པར་མི་དགའ་ཞིང་བརྙས་ཏེ། ཁྱད་དུ་གསོད་པ་དང་། བདག་སྟོད་པ་དང་། གཞན་སྨོད་པ་ནི་བདུད་ཀྱི་ལས་སོ། །འཇིག་རྟེན་རྒྱང་ཕེན་ པ་ཚོལ་ཞིང་ཡི་གེ་སྣ་ཚོགས་དང་། འབྲུ་སྣ་ཚོགས་སུ་རང་བཟོར་བྱས་པའི་རང་བཟོ་ལ་དགའ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་རྗེས་སུ་དྲན་པ་དང་། ཟབ་མོའི་གཏམ་འཆད་ཅིང་སྦེད་པ་དང་། གཏམ་སྣ་ཚོགས་རྣམ་པར་བརྗོད་པ་དང་། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་དང་། བྱང་ཆུབ་ཀྱི་ལམ་མི་ཚོལ་བ་དང་། ལམ་ངན་པའི་རྒྱུད་ལ་གནས་པ་ནི་བདུད་ཀྱི་ལས་སོ། །གྲོལ་བ་དང་རྒལ་བ་དང་། དབུགས་ཕྱིན་པ་ལ་ནི་བསྟེན་ཅིང་བསྙེན་པ་དང་། བཀུར་བ་དང་རིམ་གྲོ་བྱེད་ཀྱི་མ་གྲོལ་བ་དང་། མ་རྒལ་བ་དང་། དབུགས་མ་ཕྱིན་པ་ལ་མི་སྟེན་མི་བསྙེན་བཀུར་བ་མི་བྱེད། རིམ་གྲོ་མི་བྱེད་ཡོངས་སུ་སྨིན་པར་མི་བྱེད་པ་དང་། མངོན་པའི་ང་རྒྱལ་དུ་ལྷུང་སྟེ། སུ་ལ་འང་མི་འདུད་ཅིང་ང་རྒྱལ་ཡོངས་སུ་འཕེལ་བར་བྱེད་པ་དང་། སེམས་ཅན་ལ་ཁོང་ཁྲོ་བ་དང་། ཆོས་ ཀྱི་ཡེ་ཤེས་མི་ཚོལ་བ་དང་། ཡེ་ཤེས་ཀྱི་གཏེར་མི་བསྲུང་བ་དང་། སེམས་རྟག་ཏུ་བརླང་བ་དང་། མགུ་དཀའ་ཞིང་གསོལ་བ་གདབ་པར་དཀའ་བ་ནི་བདུད་ཀྱི་ལས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཚོལ་བར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་དགེ་བའི་ 37-247a བཤེས་གཉེན་བཀུར་བའི་ཕྱིར་ང་རྒྱལ་ཐམས་ཅད་ཡོངས་སུ་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །བདག་ལ་མི་བསྟོད་མི་བསྔགས་པ་ནི་བདུད་ཀྱི་ལས་བཟློག་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་མོས་ཤིང་མི་སྤོང་བ་ནི་བདུད་ལས་བཟློག་པའོ། ། ཐམས་ཅད་མཁྱེན་པའི་སེམས་ཡོངས་སུ་ཉམས་པར་མི་བྱེད་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཆོས་ཟབ་མོའི་ཚུལ་ལ་བརྩོན་ཞིང་བག་ཡོད་པར་གནས་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་ཤིང་ཆོས་ཐམས་ཅད་ཡོངས་སུ་ ཚོལ་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཡང་དང་ཡང་མཉན་ཅིང་ཡང་དག་པའི་གཏམ་གྱིས་ཡོངས་སུ་མི་སྐྱོ་བ་ནི་བདུད་ཀྱི་ལས་བཟློག་པའོ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐྱབས་དང་དཔུང་གཉེན་ཚོལ་བའི་འདུ་ ཤེས་ནི་བདུད་ཀྱི་ལས་བཟློག་པའོ། །བསྒྲུབ་པ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་རྗེས་སུ་དྲན་ཞིང་མོས་པས་ཡང་དག་པར་ལེན་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་གྲོགས་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་། མི་གཉིས་པར་ མངོན་པར་བསྒྲུབ་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་ཐམས་ཅད་ལས་འདའ་བར་འགྱུར་བ་དག་གོ ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་མཐོང་བར་བྱ་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་འཇིག་རྟེན་ན་བཞུགས་པར་མངོན་པར་ཆགས་པ་མེད་པར་མཐོང་བར་བྱ་བ་དང་། སྨོན་ ལམ་གྱི་སངས་རྒྱས་མངོན་པར་བསྒྲུབ་པ་དང་། ལས་རྣམ་པར་སྨིན་པའི་སངས་རྒྱས་ལ་ཡིད་ཆེས་པར་བྱ་བ་དང་། བྱིན་གྱི་རླབས་ཀྱི་སངས་རྒྱས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། མྱ་ངན་ལས་འདས་པའི་སངས་རྒྱས་ཁོང་དུ་ཆུད་པར་བྱ་བ་ 37-247b དང་། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་ལ་ཐམས་ཅད་དུ་གཞོལ་བར་བྱ་བ་དང་། སེམས་ཀྱི་སངས་རྒྱས་གནས་པར་བྱ་བ་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་ལ་ཚད་དུ་གནས་པར་མི་བྱ་བ་དང་། རང་བཞིན་འོད་གསལ་བའི་སངས་རྒྱས་རབ་ཏུ་ རྟོགས་པར་བྱ་བ་དང་། བསམ་པ་ཇི་བཞིན་གྱི་སངས་རྒྱས་རྒྱ་ཆེན་པོས་བླང་བར་བྱ་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་མཐོང་བར་བྱ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པ་མཐོང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡང་དག་པའི་ནན་ཏན་ལ་མོས་པར་བྱ་བའི་ཕྱིར་དུས་སུ་བསྐུལ་བ་ནི་ སངས་རྒྱས་ཀྱི་འཕྲིན་ལས་སོ། །སྔོན་གྱི་དགེ་བའི་རྩ་བ་ཡང་དག་པར་བསྐུལ་བའི་ཕྱིར་རྨི་ལམ་དུ་སངས་རྒྱས་སྟོན་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །ཐེ་ཙོམ་མེད་པའི་ཡེ་ཤེས་ཀྱི་ཕྱིར་མ་ཐོས་པའི་མདོ་སྡེ་སྟོན་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །ཐེ་ ཙོམ་མེད་པའི་སེམས་ཀྱི་ཕྱིར་འགྱོད་པ་ཀུན་ནས་འཁོར་བས་ཡོངས་སུ་གནོན་པ་ལ་འབྱུང་བའི་ལས་ཉེ་བར་བསྒྲུབ་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །འཇུངས་པའི་སེམས་དང་ཤེས་རབ་འཆལ་པའི་བར་གྱི་སེམས་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ དང་། ཐེ་ཙོམ་དང་ནེམ་ནུར་གྱི་སེམས་དང་། དེ་ལ་ཞེན་པའི་སེམས་དང་། ང་རྒྱལ་གྱི་སེམས་ཤིག་བྱུང་ན་སྔོན་དགེ་བའི་རྩ་བ་མངོན་པར་བསྒྲུབ་པའི་ཕྱིར་མཚན་གྱིས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་མདུན་དུ་གནས་ཏེ་བཟློག་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་ སོ། །ཆོས་མཉན་པའི་མུ་གེ་བྱུང་བའི་ཚེ། ཆོས་མཉན་པ་གང་ཐོས་པས་གཟུངས་ཀྱི་ཡེ་ཤེས་འཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས་མཉན་པ་ཐོས་པར་བྱེད་ཅིང་མངོན་པར་ཤེས་པའི་ཡེ་ཤེས་ཉེ་བར་བསྟན་ཏེ། མོས་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སེམས་ཅན་གྱི་དོན་ 37-248a ཚད་མེད་པ་ལ་བརྩོན་པར་སྦྱར་བ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་དྲུག་པའོ། །བདུད་ཀྱི་ལས་ཤིག་བྱུང་བར་གྱུར་ན་ནམ་མཁའི་དབྱིངས་ལས་སྒྲ་བསྒྲགས་པའི་ཚུལ་ལམ། འོན་ཏམ་ཡན་ལག་ནས་བརྒྱུད་པའི་ཚུལ་ལམ། ཐབས་སྣ་ཚོགས་ ཀྱིས་བདུད་ཀྱི་ལས་དེ་དག་ཤེས་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། གསལ་བར་འདོད་པར་བྱེད་ཅིང་དེ་ཐོས་ནས་ལྷག་པའི་བསམ་པ་ཆེ་བ་ཉིད་ཀྱིས་ཟིལ་གྱིས་མནན་ཏེ། སྤྱོད་པར་འགྱུར་བ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་བདུན་པའོ། །སྔོན་སྨོན་ལམ་ཤིན་ཏུ་ བསྒྲུབས་པས་མཚམས་མེད་པའི་སེམས་ལས་ཡོངས་སུ་བསྲུང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པར་འཇུག་པ་ལས་བསྲུང་བ་དང་། དབང་པོ་མ་སྨིན་པར་རྣམ་པར་གྲོལ་བར་དམིགས་པ་ལས་བཟློག་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། འཁོར་རྒྱུད་དུ་འབྲེལ་བར་བྱེད་པའི་ཟག་པ་རྣམས་ཡོངས་སུ་གཅོད་པ་དང་། གཅོད་པ་ཡོངས་སུ་འབྲེལ་བར་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་ཡང་དག་པར་བསྒྲུབ་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པ་དང་། སྤྱོད་པ་ཡོངས་སུ་བསྒྲུབ་པར་མོས་ ཀྱང་སྦྱོར་བ་མྱ་ངན་ལས་འདས་པ་དེ་ནི་སངས་རྒྱས་ཀྱི་འཕྲིན་ལས་དགུ་པ་སྟེ། སྤྱོད་པ་རྒྱུན་མི་འཆད་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་ཁྱོད་ཚུར་ཤོག་བདག་དང་སེམས་ཅན་ཀུན་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་པར་གྱིས་ལ། སེམས་ ཅན་མ་རྒལ་བས་མ་འཇིགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཙལ་བས་མི་ངོམས་པ་ལ་སེམས་ཞོག་ཤིག །མངོན་པར་འདུ་བྱེད་པའི་རང་བཞིན་གྱི་མཚན་ཉིད་ཀྱང་མ་བཏང་ཤིག །སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མདོར་ཅིག །འདོད་ཆགས་དང་ བྲལ་བ་ཡང་ཐོབ་པར་གྱིས་ཤིག །ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བཙལ་བར་གྱིས་ཤིག །ཆོས་ཐམས་ཅད་ལ་གཞན་གྱི་དྲིང་འཇོག་པ་མེད་པར་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤྱད་པར་གྱིས་ཤིག །ཞིང་གི་ 37-248b མཚན་ཉིད་ནམ་མཁའ་ལྟ་བུར་ཡང་ཤེས་པར་གྱིས་ཤིག །སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་ཀྱང་མ་སྐྱོ་ཤིག །བདག་མེད་པའི་མཚན་ཉིད་ཀྱང་མ་སྤོང་ཤིག །མངོན་པར་ཤེས་པའི་ཡེ་ཤེས་ལའང་རྣམ་པར་འཕྲུལ་བར་གྱིས་ཤིག །ཆོས་ཀྱི་དབྱིངས་ ལས་ཀྱང་མ་གཡོ་ཤིག །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་མ་བཏང་ཤིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལའང་འབྱུང་བར་གྱིས་ཤིག །ཆོས་ཀྱི་འཁོར་ལོ་བསྐོར་བས་ཀྱང་སེམས་ཅན་ཐམས་ཅད་ཚིམ་པར་གྱིས་ཤིག །ཆོས་ཉིད་བརྗོད་དུ་མེད་པ་ལས་ ཀྱང་འདའ་བར་མ་བྱེད་ཅིག །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། བྱིན་གྱི་རླབས་ཀྱང་ཡོངས་སུ་སྟོན་ཅིག །བྱང་ཆུབ་སེམས་དཔའི་ལུས་ཀྱང་མ་དོར་ཅིག །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་ཡོངས་སུ་སྟོན་ཅིག །སྐྱེ་བའི་སྐྱེ་མཆེད་ ཐམས་ཅད་དུ་ཡང་སྣང་བར་གྱིས་ཤིག་ཅེས། ཀྱེ་རྒྱལ་བའི་སྲས་རྣམ་པ་དེ་ལྟ་བུའི་ཆོས་ཟུང་དང་སྣྲེལ་ཞིར་བསྒྲུབ་པ་མངོན་པར་བསྒྲུབ་པ་རྣམས་ཉེ་བར་བསྒྲུབ་པ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་ཡང་དག་ཕུལ་གྱི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་རང་འབྱུང་གི་འཕྲིན་ལས་གཞན་གྱི་དྲིང་མི་འཇོག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་ཏེ། བཅུ་གང་ཞེ་ན་འདི་ལྟར་བླ་མ་དང་། སྦྱིན་པའི་གནས་དང་། ཕ་དང་མ་དང་དགེ་སྦྱོང་དང་། བྲམ་ཟེ་དང་། ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་ལ་རིམ་གྲོ་མེད་པ་ནི་ང་རྒྱལ་གྱི་ལས་སོ། ། ཆོས་སྨྲ་བ་དང་ཁྱད་པར་གྱི་ཆོས་ཁོང་དུ་ཆུད་པ་དང་། ཆོས་རྒྱ་ཆེན་པོ་སྟོན་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་དང་། འབྱུང་བའི་ལམ་གྱི་ཚུལ་ཤེས་པ་དང་། གཟུངས་དང་མདོ་སྡེ་ལ་ཤིན་ཏུ་བྱང་བ་རྣམས་ལ་མི་འདུད་དེ། ཁེངས་ཤིང་འགྱིངས་ 37-249a ལ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་མི་སྐྱེད་པ་དང་། གུས་པར་མི་ཉན་པ་དང་། ཞེ་ས་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་མ་ཉན་པ་དང་ཡང་དག་པའི་གཏམ་བྱ་བར་འདུག་པ་ལས་ཆོས་ཀྱི་ཤུགས་ཆེན་པོ་སྐྱེས་ཀྱང་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་མི་སྟེར་ ཅིང་ལ་ལ་ཞིག་འདི་ལ་དད་པར་གྱུར་དུ་འོང་ངོ་། །སྙམ་པ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་བསྐྱེད་དེ་བདག་གི་གཟེངས་བསྟོད་ཅིང་གཞན་གྱི་ཉམས་སྨོད་པ་དང་། རང་གི་དྲོད་མི་འཛིན་ཅིང་སེམས་ངེས་པར་རྟོགས་པ་མི་བསྐྱེད་པ་ནི་ང་རྒྱལ་གྱི་ལས་སོ། །མཐོ་བའི་ ང་རྒྱལ་བསྐྱེད་དེ་ཤེས་བཞིན་ཁོང་དུ་ཆུད་བཞིན་དུ་བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་ལེགས་པ་འཆབ་པ་དང་། མི་སྙན་པར་རྗོད་ཅིང་གཞན་གྱི་ཡོན་ཏན་བསྔགས་པས་དགའ་བར་མི་འགྱུར་བ་འདི་ནི་ང་རྒྱལ་གྱི་ལས་སོ། །འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། ། འདི་ནི་ཡང་དག་པར་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བྱ་བར་ཡང་ཤེས་ལ། གང་ཟག་ལ་ཞེ་སྡང་ཞིང་ཆོས་ལ་ཞེ་སྡང་བ་དང་། ཆོས་སྤོང་བ་དང་། གཞན་ཡང་དཔར་བས་ལྡོག་པར་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །སྟན་མཐོན་པོ་འདོད་ཅིང་གཅེས་པར་བྱ་བའི་ཆོས་ཚོལ་བ་དང་། གཞན་གྱི་རིམ་གྲོ་བྱ་བར་སྡོད་ཅིང་མངོན་པར་དགའ་བ་དང་། གནས་བརྟན་རྒན་པ་ཚངས་པའི་སྤྱོད་པ་ཡུན་རིང་དུ་སྤྱོད་སྤྱོད་པ་རྣམས་ལ་མི་ལྡང་ཞིང་མི་བསྡུ་བ་དང་། བསྙེན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །བཞིན་ཁྲོ་གཉེར་ཅན་དུ་བྱས་ཤིང་མི་འཛུམ་པ་དང་། ཚིག་འཇམ་ཞིང་མཉེན་པ་མེད་ལ་རྟག་ཏུ་ཁེངས་པའི་སེམས་ཀྱིས་ཀླན་ཀ་ཚོལ་ཞིང་གླགས་ལྟ་བ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་དུ་ལྷུང་ཞིང་མཁས་པའི་དྲུང་དུ་མི་འགྲོ་མི་སྟེན་མི་སྙེན་རིམ་གྲོ་མི་བྱེད་ཅིང་དགེ་བ་ནི་གང་། མི་དགེ་བ་ནི་གང་། བྱ་བ་ནི་ ཅི་མི་བྱ་བ་ནི་ཅི་ཞིག་བྱས་ན་ཡུན་རིང་པོར་དོན་དང་བདེ་བ་དང་ཕན་པར་འགྱུར་ཞེས་མི་འདྲི་མི་དཔྱོད་དེ། དེ་རྨོངས་པ་ལས་ཀྱང་ཆེས་རྨོངས་པར་གྱུར་ནས་གཏི་མུག་གིས་བློང་ཞིང་ང་རྒྱལ་གྱིས་རྒྱལ་ཏེ། འབྱུང་བ་མི་མཐོང་བ་ནི་ང་རྒྱལ་གྱི་ལས་སོ། །དེ་མངོན་པའི་ང་རྒྱལ་གྱིས་ 37-249b ཟིལ་གྱིས་ནོན་པས་སངས་རྒྱས་སྐྱེ་བ་མཉེས་པར་མི་བྱེད་པ་དང་། སྔོན་གྱི་དགེ་བའི་རྩ་བ་ཟད་པར་བྱེད་ཅིང་གསར་དུ་མི་བསྒྲུབ་ལ་མི་བཤད་པ་འཆད་པ་དང་། འཐབ་མོ་བྱེད་ཅིང་རྩོད་པ་མང་བར་གྱུར་ཏེ། དེ་དེ་ལྟ་བུའི་ཆོས་ལ་མང་དུ་སྤྱོད་པས་འདོད་རྒྱལ་ཆེན་པོར་ལྷུང་བའི་གནས་ སུ་གྱུར་ཀྱང་བྱང་ཆུབ་སེམས་དཔའི་སྟོབས་དང་ཤུགས་ཀྱིས་དེ་ད་དུང་དབང་ཕྱུག་ཐོབ་པར་འགྱུར་ཡང་བསྐལ་པ་བརྒྱ་སྟོང་དུ་མར་ཡང་སངས་རྒྱས་སྐྱེ་བ་མཐོང་བར་ཡང་མི་འགྱུར་ན་ཆོས་མཉན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་ང་རྒྱལ་གྱི་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་ བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཀྱི་ལས་བཅུ་འཐོབ་པར་འགྱུར་བ་དག་གོ། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་ པོའི་མདོ། ། བམ་པོ་ཉི་ཤུ་གཉིས་པ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ནི་ཡེ་ཤེས་ཀྱི་ལས་སོ། །བྱང་ཆུབ་ ཀྱི་སེམས་མི་གཏོང་བས་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་ཡིད་ལ་བྱེད་པ་ནི་ཡེ་ཤེས་ཀྱི་ལས་སོ། །དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བསྟེན་པ་དང་། རིམ་གྲོ་བྱེད་ཅིང་དེ་ལ་ལྡང་བ་དང་། བསྙེན་བཀུར་བ་དང་། བླ་མར་བྱ་བ་དང་། ཉན་པར་དགའ་བ་ནི་ཡེ་ཤེས་ ཀྱི་ལས་སོ། །ཆོས་ལ་དོན་དུ་གཉེར་ཅིང་ཆོས་འདོད་པ་དང་། ཆོས་ཚོལ་བ་དང་། ཐོས་པ་བཙལ་བས་མི་ངོམས་པ་དང་། ཚུལ་བཞིན་ཡིད་ལ་བྱ་བས་སྦྱོར་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ནི་ཡེ་ཤེས་ཀྱི་ལས་སོ། །སེམས་ ཅན་རྣམས་ལ་ང་རྒྱལ་མེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ཙམ་དུ་གཅེས་པར་སེམས་པ་དང་། ཆོས་རྣམས་ལ་བདག་ཙམ་དུ་གཅེས་པར་སེམས་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་སྲོག་ཙམ་དུ་གཅེས་པར་སེམས་པ་དང་། ནན་ཏན་ 37-250a ཉམས་སུ་བླང་བ་ལ་སངས་རྒྱས་ཙམ་དུ་གཅེས་པར་སེམས་པ་ནི་ཡེ་ཤེས་ཀྱི་ལས་སོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། འཚོ་བའི་དབང་པོ་སྨད་དུ་མི་རུང་བ་དང་། འཚོ་བ་མཁས་པས་བསྔགས་པ་དང་། བྱང་ཆུབ་ཀྱི་ལས་ཀྱི་རྗེས་སུ་རྩོམ་པའི་རྩོལ་བ་ནི་ཡེ་ཤེས་ཀྱི་ལས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མི་འགལ་བ་དང་ལྟ་བའི་ཐིབས་པོ་དང་བྲལ་བ་དང་། གཏི་མུག་གི་མུན་པ་དང་། རབ་རིབ་སེལ་བ་དང་། མ་རིག་པའི་མུན་ནག་མེད་པར་བྱེད་པ་དང་། ཆོས་ ཐམས་ཅད་ལ་ཤེས་རབ་ཀྱི་སྣང་བ་རབ་ཏུ་འཐོབ་པར་བྱེད་པ་ནི་ཡེ་ཤེས་ཀྱི་ལས་སོ། །ཡོངས་སུ་བསྔོ་བ་བཅུའི་རྗེས་སུ་འབྲང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མར་འདུ་ཤེས་པ་དང་། ཐབས་མཁས་པ་ལ་ཕར་འདུ་ཤེས་པ་དང་། བསམ་པ་བྱང་ཆུབ་ ཀྱི་རྣམ་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ལས་སོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ལྷག་མཐོང་དང་ཞི་གནས་ཡོངས་སུ་ཚོལ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་སྐྱོ་བ་ནི་ཡེ་ཤེས་ཀྱི་ལས་སོ། ། ལས་གང་སངས་རྒྱས་ཀྱིས་བསྔགས་པ་བདུད་ཀྱི་དཀྲུགས་མ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་བསྒྲིབས་པ་དང་། གཅོད་པ་དང་། ཀུན་ནས་འཁོར་བ་ཐམས་ཅད་ཡོངས་སུ་ཆད་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་ པར་གདུལ་བའི་ཡེ་ཤེས་དང་མཐུན་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་མངོན་པར་ཤེས་པ་དང་། རིག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་ཅིང་དེ་ལྟ་བུའི་ལས་བྱེད་པ་འདི་ནི་ཡེ་ཤེས་ཀྱི་ལས་ཡང་དག་ ཕུལ་གྱི་ཆོས་དང་ལྡན་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་སྔོན་དུ་འགྲོ་བས་མངོན་པར་བསྒྲུབ་ 37-250b པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན་འདི་ལྟར་སེམས་ཞུམ་པར་གྱུར་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །བསམ་པ་ འཁྲུགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །རྒྱ་ཆུང་དུས་མགུ་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །གཅིག་ལས་མི་བཟོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྨོན་ལམ་ལ་ལྷག་པར་མི་དམིགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཉོན་མོངས་པ་རྣམ་པར་ བཟློག་པ་དང་། ཞི་བ་འདོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །འཁོར་བའི་རྒྱུན་མི་གཅོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྤྱོད་པ་ལས་ཕྱིར་མི་ལྡོག་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་ནི་བདུད་ཀྱི་བྱིན་གྱི་ རླབས་སོ། །ཆོས་ལ་ཐེ་ཙོམ་ཟ་ཞིང་དམ་པའི་ཆོས་སྤོང་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བདུད་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་བྱིན་གྱི་རླབས་ བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཐོག་མར་བྱང་ཆུབ་ཏུ་སེམས་སྐྱེ་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཚེ་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་ མི་སྟོར་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །བདུད་ཀྱི་ལས་ཁོང་དུ་ཆུད་ཅིང་དེ་རྣམ་པར་བཟློག་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཕ་རོལ་ཏུ་ཕྱིན་པ་གྲག་ཅིང་ཐོས་པར་འགྱུར་བ་དང་། ཐོས་ནས་ཀྱང་ནན་ཏན་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། ། འཁོར་བའི་སྡུག་བསྔལ་རབ་ཏུ་ཤེས་ཤིང་ཡོངས་སུ་སྐྱོ་བར་མི་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཆོས་ཟབ་མོ་རྟོགས་པར་བྱ་བས་འབྲས་བུ་ཐོབ་པར་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་ 37-251a པར་གྲོལ་བས་ཆོས་སྟོན་ཀྱང་དེའི་རྣམ་པར་གྲོལ་བ་ལ་མོས་པ་མེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །འདུས་བྱས་ཀྱི་རང་བཞིན་ལ་རྟོག་ཅིང་འདུས་མ་བྱས་ལ་མི་གནས་ལ། འདུས་བྱས་དང་འདུས་མ་བྱས་ལ་མི་གཉིས་པར་འདུ་ཤེས་པ་ནི་སངས་རྒྱས་ཀྱི་བྱིན་ གྱི་རླབས་སོ། །ཉིང་གི་མཚམས་སྦྱོར་བ་ལ་གནས་ཀྱང་ཉིང་གི་མཚམས་སྦྱོར་བ་སེལ་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབས་པའི་རིགས་རྒྱུན་མི་གཅད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་ རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྟོབས་བཅུའི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་ དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན་འདི་ལྟར་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །འདུས་བྱས་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །འདུ་བྱེད་ཐམས་ ཅད་བདག་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །མྱ་ངན་ལས་འདས་པ་བཞི་བའོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཆོས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རྐྱེན་རྣམས་མེད་པར་མི་འབྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཚུལ་བཞིན་མ་ཡིན་པ་ཀུན་ནས་ བྱུང་བས་མ་རིག་པ་ཀུན་ནས་འབྱུང་ངོ་། །མ་རིག་པ་ཀུན་ནས་བྱུང་བས་རྒ་ཤིའི་བར་དུ་ཀུན་ནས་འབྱུང་ངོ་། །ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་པ་འགག་གོ། མ་རིག་པ་འགགས་པས་རྒ་ཤིའི་བར་དུ་འགག་པར་འགྱུར་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཉན་ ཐོས་ཀྱི་ཐེག་པ་རྣམ་པར་ཐར་བའི་སྒོ་གསུམ་གྱིས་བྱུང་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཉོན་མོངས་པ་མེད་པའི་ཆོས་ཁོང་དུ་ཆུད་པས་བྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞིས་བྱུང་བ་ནི་ཆོས་ཀྱི་ 37-251b བྱིན་གྱི་རླབས་སོ། །སངས་རྒྱས་ཀྱི་ཡུལ་ཞིང་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་དུས་ཐམས་ཅད་རབ་ཏུ་མཁྱེན་པའི་ཡེ་ཤེས་མངའ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །མྱ་ངན་ལས་འདས་པ་ཡིད་ལ་བྱ་བ་ཐམས་ཅད་ཡོངས་སུ་ཆད་པ་དང་། འཛིན་ པ་ཐམས་ཅད་རྣམ་པར་སྤངས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་རང་བཞིན་གྱི་རྗེས་སུ་སོང་བར་ཤེས་པ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་ དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་ན་གནས་པའི་ལས་ཏེ། བཅུ་གང་ཞེ་ན་འདི་ལྟར་འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ལ་ འདོད་པའི་དབེན་པ་བསྟན་པ་དང་། དབང་ཕྱུག་མི་རྟག་པ་བསྟན་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་རྒུད་པར་འགྱུར་བ་བསྟན་པ་དང་དེ་དག་བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་དང་པོའོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་ རྣམས་ལ་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། རྣམ་པར་ལྡང་བ་སྟོན་ཅིང་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་ལ་མངོན་པར་ཞེན་པ་དང་། སྲེད་པས་བྱུང་བའི་འཇིག་ཚོགས་སུ་ལྟ་བ་དང་། གཏི་མུག་གི་ ཤས་ཆེ་བའི་ཉོན་མོངས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་དང་། གཟུགས་དང་གཟུགས་མེད་པའི་ཕྱིན་ཅི་ལོག་ལ་ཞུགས་པ་ཐམས་ཅད་ལ་སྡུག་པར་ཡིད་ལ་བྱེད་པ་ཐམས་ཅད་མི་སྡུག་ཅིང་མི་རྟག་པར་ཡོངས་སུ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ ལྡན་ན་གནས་པའི་ལས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱན་བཟང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། ལུས་ལས་འོད་བཀྱེ་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ 37-252a རྒྱས་པར་བཀང་ནས་སེམས་ཅན་རྣམས་ལ་དད་པ་ཇི་བཞིན་དུ་ཆོས་སྣ་ཚོགས་ཀྱི་སྒྲ་སྐད་རབ་ཏུ་བརྗོད་དེ་ཆོས་ཀྱི་སྒྲ་སྐད་དེ་དག་ཐོས་ནས་སེམས་དང་བར་གྱུར་ཏེ། དགའ་ལྡན་གྱི་ལྷ་དང་བརྟུལ་ཞུགས་མཐུན་པར་སྐྱེ་བར་འགྱུར་ཞིང་། དེ་ལྟར་ སྐྱེས་ནས་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་མིག་བསྒྲིབས་པ་མེད་པས། ཕྱོགས་བཅུའི་དགའ་ལྡན་གྱི་གནས་ རབ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེ་མཐོང་ངོ་། །མཐོང་ནས་ཀྱང་ཆོས་ཡང་དག་པར་བགྲོ་བ་ཆེན་པོ་དང་། ཡང་དག་པའི་ཆོས་ཀྱི་གཏམ་ཆེན་པོ་བྱེད་དོ། །ཡུམ་གྱི་སྐུར་གཤེགས་ པ་དང་། སྐྱེ་བ་དང་འབྱུང་བ་དང་། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་དགོད་པ་དང་། ཡང་དག་པར་བགྲོ་བའོ། །སྔོན་གྱི་སྤྱོད་པ་གང་གིས་ཡེ་ཤེས་ཆེ་བ་ཉིད་དེ་ཐོབ་པར་གྱུར་པའི་སྔོན་གྱི་སྤྱོད་པ་དག་ཀྱང་རབ་ཏུ་བརྗོད་དོ། །གནས་ནས་མི་གཡོ་ཡང་བྱ་བ་འདི་ལྟ་བུ་དག་སྟོན་པ་འདི་ནི་ དགའ་ལྡན་ན་གནས་པའི་ལས་བཞི་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་ལ་བལྟ་བ་དང་ཕྱག་བྱ་བ་དང་། བསྙེན་བཀུར་བའི་ཕྱིར་ཕྱོགས་བཅུ་ནས་དགའ་ལྡན་གྱི་གནས་རབ་ན་འཁོད་ པའི་བྱང་ཆུབ་སེམས་དཔའ་རྣམས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་དང་བསམ་པ་ཡོངས་སུ་ཚིམ་པར་བྱ་བ་དང་། སྨོན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཡང་དག་པར་བགྲོ་བའི་སྒོ་ཆེན་པོ་ཡང་དག་པར་སྟོན་ཏེ། སོ་སོའི་ས་ལ་གནས་པའི་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བྱ་བ་དང་། གང་སྤང་བ་དང་གང་བསྒོམ་པ་དང་གང་མངོན་དུ་བྱ་བ་དེ་དག་ཀྱང་ཡང་དག་པར་སྟོན་ཏོ། །ཡང་དག་པར་བགྲོ་བའི་ཆོས་དེ་དག་ཐོས་ནས་ཀྱང་རབ་ཏུ་དགའ་ཞིང་མགུ་བ་དང་། རངས་པས་ལེགས་པར་རྗོད་ཅིང་། 37-252b རང་རང་གི་ཞིང་དང་། རང་རང་གི་གནས་སུ་འདོད་པར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ན་གནས་པའི་གན་དུ་ནམ་བདུད་སྡིག་ཅན་འདོད་པའི་ཁམས་ཀྱི་དབང་པོ་འཁོར་མང་པོས་ཡོངས་སུ་བསྐོར་བ་ཞིག་གླགས་བཙལ་བའི་ ཕྱིར་འོངས་པར་གྱུར་ན་འང་དེའི་ཚེ་བྱང་ཆུབ་སེམས་དཔའ་བདུད་ཐམས་ཅད་ཚར་གཅོད་པ་ཞེས་བྱ་བའི་རྡོ་རྗེའི་ཚིག་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡང་དག་པར་གཟུང་བའི་ཡེ་ཤེས་ཀྱི་སྒོས་མཉམ་ཞིང་མཉན་པའི་མཐའ་གཉིས་བཟུང་ ནས་ཅི་ནས་ཀྱང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་བྱིན་གྱིས་རློབ་བོ། །དེ་ལྟ་དེ་ལྟར་ཆོས་ཀྱང་སྟོན་ཏེ་བདུད་ཀྱི་འཁོར་ཆེན་པོ་དེས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དེ་ལྟ་བུ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་བསྐྱེད་པར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པ་ནི་གང་གི་ཚེའི་ད་ལྟར་འདོད་པའི་ཁམས་ཀྱི་ལྷའི་བུ་འདི་རྣམས་ཆོས་མཉན་པ་དང་། ཡང་དག་པར་ འགྲོ་བས་སྐྱོ་བར་གྱུར་ཏོ། །ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ། འདོད་པའི་ཁམས་ཀྱི་གནས་ཐམས་ཅད་དུ་སྒྲ་སྒྲོག་ཅིང་དབྱངས་འབྱིན་ཏེ། གྲོགས་པོ་དག་དེ་རིང་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་ཆེན་པོ་སྟོན་པ་མཛད་ཀྱིས་བལྟ་བར་སུ་འདོད་པ་དེ་ དག་མྱུར་དུ་ཤིག་ཤིག་ཅེས་ནས། དེར་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཀུན་ནས་འདུ་བར་འགྱུར་ཏེ། དེ་དག་དང་བྱང་ཆུབ་སེམས་དཔའ་རྣམས་ཀུན་ནས་འདུས་པར་གྱུར་ནས་ཀྱང་། ལྷའི་བུ་དེ་དག་གིས་སྔོན་ཅད་མ་མཐོང་མ་ཐོས་པའི་བཙུན་མོའི་འཁོར་ དེ་ལྟ་བུ་བསྟན་ནས། དེ་དག་ནམ་དགའ་བས་མོས་པར་གྱུར་པ་དེའི་ཚེ། དེ་དག་གིས་རོལ་མོ་བརྡུང་བ་དང་། དཀྲོལ་བ་དེ་དག་ལས་ཀྱེ་གྲོགས་པོ་རྣམས་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་ 37-253a མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་སྒྲ་འབྱུང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་སྒྲ་འབྱུང་བ་ཐོས་པར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་པ་ དང་། སྐྱོ་བ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་གཞོལ་བར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་བདུན་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་འདུག་པ་ནི་དགའ་ལྡན་གྱི་གནས་ནས་ཀྱང་ལུས་མི་སྣང་བར་མ་ གྱུར་ལ། ཕྱོགས་བཅུར་ཡང་དེ་བཞིན་གཤེགས་པ་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འགྲོ་སྟེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའི་ས་མངོན་པར་དབང་བསྐུར་བ་ཐོབ་པའི་ མཆོག་ཏུ་ཕྱིན་པས་ཐམས་ཅད་མངོན་པར་ཤེས་པ་ཞེས་བྱ་བ་ཡང་ཡང་དག་པར་བསྟན་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡན་ལག་དང་ཉེ་བའི་ཡན་ལག་ཐམས་ཅད་དང་ལྡན་ཞིང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ལ་འཇུག་པ་སེམས་ཀྱི་སྐད་ ཅིག་གཅིག་གིས་སྦྱོར་བ་ཡང་དག་པར་བསྟན་པར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ར་བ་ན་གནས་པའི་མཐུས་ཁྱད་པར་འདོད་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཆོད་ པ་དང་། རིམ་གྲོ་རྣམ་པ་ཚད་མེད་པས་རྣམ་པར་དག་པ་མཐའ་ཡས་པའི་རྣམ་པ་ཡོངས་སུ་སྟོན་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པའི་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་དོན་དུ་ འབྱུང་སྟེ། མཆོད་པ་དེ་མཐོང་ནས་སེམས་ཅན་གྲངས་མེད་ཚད་མེད་པའི་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་ནི་དགའ་ལྡན་ན་གནས་པའི་ལས་དགུ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པ་མཐའ་ 37-253b དང་དབུས་མེད་པའི་ཆོས་སྒྱུ་མ་ལ་ཞུགས་པ་ནི་མིག་ཡོར་ལྟ་བུས་ཤིན་ཏུ་བསྒྲུབས་པའི་ཡེ་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་གཟུགས་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་དབྱིབས་སྣ་ཚོགས་དང་། སྤྱོད་ལམ་སྣ་ཚོགས་དང་བྱ་བ་སྣ་ཚོགས་དང་། སྦྱོར་བ་སྣ་ཚོགས་དང་། བསྟན་པ་མངོན་པར་བསྒྲུབ་པ་སྣ་ཚོགས་དང་། དགོང་བ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་སེམས་དང་བསམ་པ་མགུ་བར་བྱ་བའི་ཕྱིར་ཆོས་སྟོན་ཅིང་གཟུགས་ཡོངས་སུ་སྟོན་ཏེ། འདི་ནི་དགའ་ལྡན་ན་གནས་པའི་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་ དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་ན་གནས་པའི་ལས་ཏེ། དེ་དག་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཕྱིས་མིའི་འཇིག་རྟེན་དུ་འོང་བར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་ པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ལྷའི་རིས་དགའ་ལྡན་ནས་ཤི་འཕོ་བའི་ཚེ། རྐང་པའི་མཐིལ་གྱི་འོག་ནས་བདེ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ སྣང་བ་ཆེན་པོས་རྒྱས་པར་བཀང་ཞིང་ངན་སོང་དང་མི་ཁོམ་པའི་རྒྱུད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ལུས་ལ་འབབ་བོ། །དེ་ལྟར་འོད་དེས་ལུས་ལ་བབ་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། སེམས་ཅན་དེ་དག་བདེ་བ་ཐམས་ཅད་ཀྱིས་ཚིམ་ཞིང་སྡུག་བསྔལ་གྱི་ཚོར་བ་རྩེ་ཟིལ་བར་ འགྱུར་རོ། བདེ་བའི་ཉམས་ནི་ཉམས་སུ་ཚོར་མ་ཐག་ཏུ་དེ་དག་གིས་འདི་ལྟར་གྲོགས་པོ་དག་སེམས་ཅན་གཞན་ཞིག་ནི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་སོ་ཞེས་བྱ་བར་ཤེས་ཏེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་ བྱང་ཆུབ་སེམས་དཔའ་དེའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་བཀང་ཞིང་སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ 37-254a ལུས་ལ་འབབ་བོ། །འོད་ཟེར་དེས་དེ་ལྟར་ལུས་ལ་བབ་མ་ཐག་ཏུ། དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤི་འཕོ་བར་ཁོང་དུ་ཆུད་དེ་དེ་དག་ཐམས་ཅད་འདུས་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ ལས་མངོན་པར་བསྒྲུབ་པ་འདི་ནི་དགའ་ལྡན་གྱི་གནས་ཤི་འཕོ་སྟོན་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་ལག་པ་གཡས་པའི་མཐིལ་ནས་ཡོངས་སུ་དག་པའི་ཡུལ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱོང་ཞིང་དེ་ན་ཟག་པ་མེད་པའི་རང་སངས་རྒྱས་འཁོད་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་སེལ་ཏོ། །མ་ཡིན་ན་ཡང་གང་གིས་ཤེས་པར་གྱུར་པ་དེ་དག་ཚེའི་འདུ་བྱེད་འདོར་རོ། །གཞན་ཡང་འདུལ་བའི་དབང་དུ་དེ་ བཞིན་གཤེགས་པའི་བྱིན་གྱིས་བྱིན་དུ་བརླབས་པའི་སེམས་ཅན་མ་གཏོགས་པར་བདུད་དང་མུ་སྟེགས་ཅན་གཞན་དང་ཕས་ཀྱི་རྒོལ་བ་དང་ཀུན་ཏུ་རྒྱུ་བ་དང་། དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་སེལ་ཏེ། འདི་ནི་དགའ་ལྡན་གྱི་ གནས་ནས་ཤི་འཕོ་སྟོན་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་པུས་མོ་གཉིས་ཀྱི་ལྷ་ང་གཉིས་ནས་དྲི་མ་མེད་ཅིང་བཟང་ལ་འོད་གསལ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་ལྷའི་གནས་ཐ་མ་ཉེ་བར་བཟུང་བ་ཡན་ཅད་ འོག་མིན་གྱི་ལྷའི་གནས་མན་ཆད་དུ་སྣང་བར་བྱེད་དེ། དེས་ལྷའི་བུ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ཀྱི་གནས་ནས་ཤི་འཕོ་བར་ཤེས་ནས། དེ་དག་ཀུན་ཀྱང་སྐྱོ་བ་སྐྱོ་བའི་ཡིད་ཀྱིས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་ཐོགས་ཏེ། རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་རབ་ཏུ་བྱུང་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་མཆོད་པའི་ལས་ཀྱི་ཕྱིར་འདོང་སྟེ། ཤི་འཕོ་ཉེ་བར་བཟུང་བ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་བསྙེན་ 37-254b བཀུར་བྱེད་དོ། །ཕྱི་བཞིན་འབྲང་ངོ་། །འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་བ་སྟོན་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེ་དཔལ་གྱི་བེའུའི་རྒྱན་དང་ལྡན་པ། རྡོ་རྗེའི་ཁམས་ལྟར་སྲ་ཞིང་བརྟན་པའི་སྙིང་པོ་ཅན་གྱི་སྙིང་ཀ་ནས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བའི་ འོད་ཟེར་གཏོང་སྟེ། དེ་བཏང་ནས་ཀྱང་ལག་ན་རྡོ་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྣང་བར་བྱེད་དོ། །དེ་ནས་ལག་ན་རྡོ་རྗེ་ཁྲག་ཁྲིག་ཕྲག་བརྒྱ་འོངས་ཏེ། ཤི་འཕོ་སྟོན་པ་ཉེ་བར་བཟུང་བ་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་བྱང་ཆུབ་སེམས་དཔའི་ཕྱི་བཞིན་འབྲང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་བ་སྤུའི་བུ་ག་ཐམས་ཅད་ནས་འགྲོ་བ་ཐམས་ཅད་དུ་རྣམ་པར་ཕྱེ་བ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ སྣང་བར་བྱས་ནས་བྱང་ཆུབ་སེམས་དཔའི་ལུས་ལ་འབབ་པོ། །བྱང་ཆུབ་སེམས་དཔའི་ལུས་ལ་བབ་ནས་ལྷ་དང་མིའི་གནས་སུ་འཆར་རོ། །དེས་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བདག་ཅག་གིས་འདིར་གནས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་ པར་བྱ་བར་འགྱུར་རོ། །སྙམ་དུ་ཁོང་དུ་ཆུད་པ་འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་ཁང་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་ནས། རྣམ་པར་བསྩགས་པ་ཤིན་ཏུ་གནས་པ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ ཀྱང་ཁྱིམ་གང་དུ་བྱང་ཆུབ་སེམས་དཔའ་སྐྱེ་བར་འགྱུར་བའི་ཁྱིམ་དེར་འཆར་རོ། །འོད་ཟེར་དེ་དེ་ལྟར་ཤར་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་ཁྱིམ་མམ་གྲོང་ཁྱེར་རམ་གྲོང་རྡལ་ལམ། འཛམ་བུའི་གླིང་དུ་སེམས་ཅན་འདུལ་བ་ཉེ་བར་བཟུང་ཞིང་སྐྱེ་བ་རབ་ཏུ་འཛིན་ཏེ། འདི་ནི་དགའ་ ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་ཁང་པ་བརྩེགས་པ་ལྷ་ཐམས་ཅད་ཀྱི་གནས་ཀྱི་རྒྱན་ཅེས་བྱ་བ་ལས་གནས་ཐམས་ཅད་རྣམ་པར་དག་པའི་རྒྱན་ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་དག་བྱུང་མ་ཐག་ཏུ་ཡུམ་གང་གི་དགུ་ 37-255a གཡས་པར་སྐྱེ་བར་འགྱུར་བ་དེའི་ལུས་ལ་འབབ་པོ། །དེ་ལྟར་བབ་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའི་ཡུམ་བདེ་བ་ཐམས་ཅད་འཐོབ་པར་འགྱུར་ཏེ། ཡོན་ཏན་དང་སྡོམ་པ་ཐམས་ཅད་ལ་འང་གནས་པར་འགྱུར་རོ། །ཡུམ་གྱི་སྐུ་དེར་ཡང་ཕོ་བྲང་བརྩེགས་པ་ཆེན་པོ་ རིན་པོ་ཆེའི་དམ་པས་བརྒྱན་པ་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་དོན་དུ་འབྱུང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་རྐང་པའི་མཐིལ་གྱི་འོག་ནས་གནས་པ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་མ་ཐག་ཏུ་ལྷའི་ བུ་འམ། ཚངས་པ་གང་ལ་ལ་བྱང་ཆུབ་སེམས་དཔའི་མཆོད་པའི་ལས་ཀྱི་དོན་དུ་ཤི་འཕོ་བར་འདོད་པར་གྱུར་ལ་བྱང་ཆུབ་སེམས་དཔས་ཀྱང་ལྷའི་བུ་དེ་དག་ན་འཁོད་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས། མངོན་པར་སྒྲུབ་པར་ནུས་པར་ཤེས་པ་དེ་དག་གི་ལུས་ལ་འབབ་པོ། །དེ་ལྟར་ འོད་ཟེར་དེས་བབ་པར་གྱུར་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་ལྷའི་བུ་དེ་དག་ཤི་འཕོའི་ལས་དེ་ལས་རྣམ་པར་ལྡང་སྟེ། དེ་དག་དེ་ན་འཁོད་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཤི་འཕོ་ཉེ་བར་བཟུང་བ་ནས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་གྱི་བར་དུ་མཆོད་པའི་ལས་བྱེད་དེ། འདི་ནི་དགའ་ལྡན་གྱི་ གནས་ནས་ཤི་འཕོ་སྟོན་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་དཔེ་བྱད་བཟང་པོ་རྣམས་ལས་ཉི་མ་སྣ་ཚོགས་ཀྱི་ཚུལ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་བྱང་ཆུབ་སེམས་དཔའི་ལས་སྣ་ཚོགས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ལྷ་དང་མི་ལ་ལས་ནི་བྱང་ཆུབ་ སེམས་དཔའ་དགའ་ལྡན་གྱི་གནས་རབ་ཉིད་ན་འདུག་པ་མཐོང་ངོ་། །ལ་ལས་ནི་ཡུམ་གྱི་སྐུར་བཞུད་པ་མཐོང་ངོ་། །ལ་ལས་ནི་སྐྱེ་བར་མཐོང་ངོ་། །ལ་ལས་ནི་འབྱུང་བར་མཐོང་ངོ་། །ལ་ལས་ནི་རྣམ་པར་འཚང་རྒྱ་བར་མཐོང་ངོ་། །ལ་ལས་ནི་ཆོས་གྱི་འཁོར་ལོ་བསྐོར་བར་མཐོང་ངོ་། །ལ་ལས་ ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་མཐོང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་འོད་ཟེར་བཅུ་པོ་དེ་དག་ལས་སོགས་པ། འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་བྱང་ཆུབ་སེམས་དཔའི་ལུས་ལས་འབྱུང་ 37-255b སྟེ། དེ་བཞིན་དུ་སྟན་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་དག་ནས་ཀྱང་འབྱུང་སྟེ། དེ་དག་བྱུང་ནས་ཀྱང་བྱང་ཆུབ་སེམས་དཔའི་ལས་སྣ་ཚོགས་ཡོངས་སུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ལས་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་རབ་ཏུ་གྲུབ་པའི་ཕྱིར་ལྷའི་ གནས་དགའ་ལྡན་ནས་ཤི་འཕོ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངལ་ན་གནས་པར་སྟོན་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་སེམས་རྒྱ་ཆུང་བ་དང་། དམའ་བ་ལ་མོས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་དངོས་པོའི་བསོད་ནམས་ཀྱི་རྩ་བ་ལ་ ཡིད་མི་ཆེས་པར་གྱུར་དུ་འོང་ཞེས་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་པ་འདི་ནི་མངལ་ན་གནས་པར་སྟོན་པ་དང་པོའོ། །ཕ་དང་མ་དང་གཉེན་བཤེས་ཀྱི་ཚོགས་དང་། སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་གང་གི་དགེ་བའི་རྩ་བ་མངལ་ན་གནས་ པས་ཡོངས་སུ་སྨིན་པར་བྱ་བ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ་འདི་ནི་མངལ་ན་གནས་པར་སྟོན་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་རྨོངས་པ་མེད་ཅིང་དྲན་ལ་ཤེས་བཞིན་དུ་མའི་ལྟོར་འགྲོ་སྟེ། མའི་ལྟོ་ན་འདུག་པའི་ཚེ་འང་དྲན་པ་ ཉམས་པ་མེད་དོ། །འདི་ནི་མངལ་ན་གནས་པར་སྟོན་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་མའི་མངལ་ན་འདུག་ཀྱང་འདི་ལྟ་སྟེ་ཕྱོགས་དང་། འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དང་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ རྣམས་དང་ལྷན་ཅིག་འགྲོགས་ཤིང་ཆོས་བསྒྲག་པ་དང་། ཡང་དག་པའི་གཏམ་བྱ་བ་རྒྱུན་མི་གཅོད་ཅིང་བྱང་ཆུབ་སེམས་དཔའི་སྟོབས་ཚད་མེད་པ་ཡང་ཡོངས་སུ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས་དེ་དག་མངལ་ན་གནས་ཀྱང་དེ་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་བདོག་པས་བྱང་ཆུབ་སེམས་ དཔའ་དེ་དག་ནི་ཡེ་ཤེས་མུ་མེད་པ་དང་ལྡན་པ་སྟེ། འདི་ནི་མངལ་ན་གནས་པར་སྟོན་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་མའི་མངལ་ན་གནས་པའི་ཚེ། དེ་ནི་འཁོར་གྱི་དཀྱིལ་འཁོར་ཀུན་ནས་གནས་པར་འགྱུར་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་གྱིས་དེ་ 37-256a དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་ལྔ་བའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་མིའི་འཇིག་རྟེན་དུ་བྱུང་ནས་ཀྱང་མིར་སྐྱེས་པ་རྣམ་པའི་མཆོག་ཐམས་ ཅད་དང་ལྡན་པ་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་མའི་ལུས་ན་འདུག་བཞིན་དུ་འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་བཞིན་གྱི་དཀྱིལ་འཁོར་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་སུ་སྣང་སྟེ། དེ་ལ་མོས་པ་ཆེན་པོ་དང་ལྡན་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་གིས་ཤེས་པར་གྱུར་ནས་དེ་དག་ཉེ་བར་འོངས་ཤིང་མཆོད་པ་དང་། རིམ་གྲོ་བྱེད་དེ་འདི་ ནི་མངལ་ན་གནས་པར་སྟོན་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་མངལ་ན་གནས་པས་འཇིག་རྟེན་གྱི་ཁམས་གཞན་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་གྱུར་པ་རྣམས་དང་ཚོགས་ཏེ། ཆོས་ཀྱི་བརྡའི་སྒོ་ཆེན་པོ་ཡེ་ཤེས་ཆེན་པོའི་སྙིང་པོ་ཞེས་བྱ་ བ་ཡང་དག་པར་འགྲོ་བར་བྱ་བ་ཡོད་དོ། །དེ་དག་དང་འདུ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ། འདི་ནི་མངལ་ན་གནས་པ་སྟོན་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་དྲི་མ་མེད་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཤིང་མའི་མངལ་དུ་འགྲོ་སྟེ། ཏིང་ངེ་འཛིན་དེའི་མཐུས་མལ་ཡང་གནོད་པར་མི་འགྱུར་བར་དགའ་ལྡན་གྱི་གནས་རབ་བས་ཀྱང་ལྷག་པའི་རྒྱན་མའི་ཁོང་དུ་ཀུན་ནས་གནས་པར་འགྱུར་ཏེ། འདི་ནི་མངལ་ན་གནས་པ་སྟོན་པ་དགུ་བའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་ དཔའ་མའི་མངལ་ན་འདུག་པའི་མཐུས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་ཕྱིར་བསོད་ནམས་ཆེན་པོའི་མེ་ཏོག་ཀུན་ནས་རྒྱས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཆོད་པའི་རིམ་གྲོ་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་ 37-256b འདས་དེ་དག་ཀྱང་དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་མཐའ་དང་དབུས་མེད་པ་ཡང་དག་པར་སྟོན་ཏེ། ཤེས་པར་བྱ་བ་དེ་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ཕྲ་བའི་འགྲོ་བ་བཅུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་སྟེ། བཅུ་གང་ཞེ་ན་ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་མའི་མངལ་ན་ཡང་གནས་ལ་ཐོག་མ་སེམས་བསྐྱེད་པ་ཉེ་བར་བཟུང་བ་ནས་དབང་བསྐུར་བའི་བར་དུ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་ཡང་གནས་ལ་དགའ་ ལྡན་ན་གནས་པ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ནའང་གནས་ལ་སྐྱེ་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ནའང་གནས་ལ་གཞོན་ནུའི་ས་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ནའང་གནས་ལ་བཙུན་མོའི་འཁོར་གྱི་ནང་དུ་འདུག་པར་ཡང་ཡོངས་སུ་སྟོན་ པ་དང་། མའི་མངལ་ནའང་གནས་ལ་མངོན་པར་འབྱུང་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ནའང་གནས་ལ་དཀའ་བ་སྤྱོད་པའི་སྦྱོར་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་ནས་རྣམ་པར་འཚང་རྒྱ་བའི་བར་དུ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་ཡང་གནས་ལ་ ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ནའང་གནས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ནའང་གནས་ལ་ཤིན་ཏུ་ཕྲ་ལ་རྒྱ་ཆེ་བར་འཇུག་པའི་ཚུལ་གྱིས་མངལ་གྱི་གནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ ཅད་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བའི་བྱིན་གྱི་རླབས་ཀྱི་རྣམ་པ་དང་། སྒོ་ཡང་ཡོངས་སུ་སྟོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་ རྣམས་ཡེ་ཤེས་ཆེན་པོ་ཤིན་ཏུ་ཕྲ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེར་སྐྱེ་བ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་དྲན་ཞིང་ཤེས་བཞིན་དུ་སྐྱེ་བ་དང་། འོད་ཟེར་གྱི་དྲ་ 37-257a བ་སྣང་བ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་བཀང་སྟེ། ལུས་སྣང་བ་དང་ལྡན་པར་སྐྱེ་བ་དང་ཕྱིར་མི་ལྡོག་ཅིང་སྲིད་པའི་ཐ་མ་པར་གྱུར་པར་སྐྱེ་བ་དང་མ་སྐྱེས་ཤིང་འབྱུང་བ་མེད་པར་སྐྱེ་བ་དང་ཁམས་གསུམ་པ་སྒྱུ་མའི་རྣམ་པ་ལྟ་བུར་ཁོང་དུ་ཆུད་དེ་སྐྱེ་བ་དང་། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་གསུམ་ལུས་ཡོངས་སུ་སྟོན་ཅིང་སྐྱེ་བ་དང་། ལུས་དེ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བར་སྐྱེ་བ་དང་། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་འོད་ཟེར་བཀྱེ་བས་ཡང་དག་པར་བསྐུལ་བའི་ལུས་སུ་སྐྱེ་བ་དང་། ཡེ་ཤེས་ཆེན་པོས་རྣམ་པར་འབྱེད་པའི་ཏིང་ངེ་ འཛིན་ལ་སྙོམས་པར་འཇུག་པའི་ལུས་སུ་སྐྱེ་བ་དང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སྐྱེས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་རབ་ཏུ་གཡོ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་འགྲོལ་བར་འགྱུར། ངན་སོང་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར། བདུད་ཐམས་ཅད་ཀྱང་རབ་ཏུ་སྤ་ འགོང་བར་འགྱུར། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཡང་འོང་བར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེར་སྐྱེ་བ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དོན་དུ་ཡོངས་སུ་སྟོན་པ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་ དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གད་མོ་ཆེར་དགོད་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཀྱེ་མའོ། །འཇིག་རྟེན་གནས་པ་འདི་ནི་འདོད་པའི་འདམ་དུ་བྱིང་བ་སྟེ། འདི་ལ་ངེད་མ་གཏོགས་པར་གཞན་འབྱིན་པར་བྱེད་པ་སུའང་མེད་དོ་སྙམ་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི་ཉོན་མོངས་པས་མདོངས་པར་བྱས་པའོ། །བདག་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་ཤིན་ཏུ་བརྒྱན་པའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ལུས་ཀྱི་གཞི་འདི་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བླ་ན་མེད་པ་ཆེན་པོ་དུས་ གསུམ་རྒྱས་པར་འགེངས་པ་འཐོབ་པར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་མིག་བསྒྲིབས་པ་མེད་པས་ཕྱོགས་བཅུར་ཚངས་པའི་ལྷའི་གནས་ཉེ་བར་བཟུང་བ་ནས་དབང་ཕྱུག་ 37-257b ཆེན་པོའི་གནས་ཀྱི་བར་དུ་རྣམ་པར་ལྟ་ཞིང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ལུས་སུ་འཕེལ་བའོ། །བདག་ནི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའོ་ཞེས་བྱ་བར་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། སྔོན་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་རྣམས་ད་དུང་ ཕྱིར་མི་ལྡོག་པར་མཐོང་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་ས་བོན་ཆུང་ངུ་ལས་འབྲས་བུ་ཆེར་འགྱུར་བ་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་དོན་ཡོད་པར་མཐོང་ནས། བྱང་ཆུབ་ སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། སྔོན་ཐེག་པ་ལ་ལྷན་ཅིག་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཆགས་པའི་གནས་གཞན་དང་གཞན་ལ་ཆགས་པས་སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་ཉིད་མ་ཐོབ་པ་མཐོང་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། རྒྱལ་ བའི་སྲས་གཞན་ཡང་སྔོན་འགྲོགས་པར་གྱུར་པའི་ལྷ་དང་མི་རྣམས་ཆུང་ངུ་ན་བྱིས་པའི་ས་ལས་ཀྱང་མ་འདས་ཤིང་ཡོངས་སུ་སྐྱོ་བའི་དབང་པོ་དང་ལྡན་པར་འགྱུར་བ་མཐོང་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་འོད་ ཟེར་དབུགས་ཕྱིན་པ་ཆེན་པོ་རྣམ་པར་འཕེལ་བར་བྱེད་པས་རེག་པར་གྱུར་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གད་མོ་ཆེར་དགོད་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་ བའི་དབང་གི་ཕྱིར་དགོད་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་གོམ་པས་རྣམ་པར་གནོན་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་བྱང་ཆུབ་སེམས་དཔའི་མཐུ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། ནོར་ བདུན་ཡོངས་སུ་གཏོང་བར་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང་། སའི་ལྷའི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང་། ཁམས་གསུམ་ལས་འདས་པའི་རྣམ་པར་གནོན་པ་དང་། འགྲོས་ཡོངས་སུ་བསྟན་པའི་ཕྱིར་གོམ་པས་རྣམ་པར་ 37-258a གནོན་པ་དང་། གླང་པོའི་འགྲོས་དང་། ཁྱུ་མཆོག་གི་འགྲོས་དང་། སེང་གེའི་འགྲོས་དང་། འགྲོས་ཐམས་ཅད་ལས་འདས་ཤིང་བྱང་ཆུབ་སེམས་དཔའི་འགྲོས་ཁྱད་པར་དུ་འཕགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོས་ཀྱིས་ རྣམ་པར་གནོན་པ་དང་། ཀྱེ་རྒྱལ་བའི་སྲས་ས་ཆེན་པོ་ཡང་རྡོ་རྗེའི་དབྱིངས་ཀྱིས་ཀུན་ནས་བཟུང་བར་འགྱུར་ཏེ། སའི་ཕྱོགས་གཞན་གྱིས་བྱང་ཆུབ་སེམས་དཔའི་ལུས་བཟུང་བར་མི་ནུས་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། སེམས་ ཅན་གཞན་སྤྲོ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་གྱི་ནན་ཏན་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། ཆོས་ཉིད་རབ་ཏུ་ཐོབ་པས་ གཞན་གྱི་དྲིང་མི་འཇོག་པ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། བདག་ནི་འཇིག་རྟེན་ན་གཙོ་བོ་ཡིན། བདག་ནི་འཇིག་རྟེན་ན་ཕུལ་དུ་ཕྱིན་པ་ཡིན་ནོ། །ཞེས་ཚིག་བརྗོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་ པར་གནོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོམ་པས་རྣམ་པར་གནོན་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དོན་དུ་སྟོན་པ་དག་གོ ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞོན་ནུའི་ ས་ཀུན་ཏུ་སྟོན་པའི་ལས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཡི་གེ་དང་གྲངས་དང་བརྡ་དང་རྩིས་ཀྱི་སྦྱོར་བ་ཐམས་ཅད་ལས་རབ་ཏུ་འདས་པའི་བྱ་བ་ཀུན་ཏུ་སྟོན་པའི་ལས་དང་། རྟ་དང་གླང་པོ་དང་། ཤིང་རྟ་རྒྱུག་པ་ཐམས་ཅད་འཕོང་ཀུན་ལས་འཕགས་པ་ཀུན་ཏུ་སྟོན་པའི་ལས་དང་། ཆོ་ལོ་དང་ བརྡ་ཐབས་དང་། གར་དང་། རྒྱན་པོ་དང་རྩེད་མོ་དང་། འཇིག་རྟེན་གྱི་དགའ་བ་ལ་ཕལ་ལས་འཕགས་པའི་བྱ་བ་ཀུན་ཏུ་སྟོན་པའི་ལས་དང་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྟོན་པའི་ལས་དང་། མྱ་ངན་ལས་འདས་པའི་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས། འཇིག་ 37-258b རྟེན་གྱི་ཁམས་ཚད་མེད་པ་རྒྱས་པར་དགང་བ་ཀུན་ཏུ་སྟོན་པའི་ལས་དང་། མི་ཐམས་ཅད་དང་། ལྷ་ཐམས་ཅད་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་ མགོན་པོ་ཐམས་ཅད་ལས་ཤིན་ཏུ་འདས་པར་བྱང་ཆུབ་སེམས་དཔའི་མཐུ་ཀུན་ཏུ་སྟོན་པའི་ལས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོའི་གཟུགས་དང་ཁ་དོག་དང་གཟི་བརྗིད་ལས་ཤིན་ཏུ་འདས་པར་བྱང་ཆུབ་སེམས་དཔའི་གཟུགས་དང་། ཁ་དོག་དང་། གཟི་བརྗིད་ཀུན་ཏུ་སྟོན་པའི་ལས་དང་། འདོད་པ་དང་། དགའ་བ་དང་། རྩེ་བས་མྱོས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་དགའ་བས་རབ་ཏུ་དགའ་བ་ཡང་དག་པར་བསྐྱེད་པ་ཀུན་ཏུ་སྟོན་པའི་ལས་དང་། ཆོས་ཀྱི་རིམ་གྲོ་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་ རིམ་གྲོ་བྱ་བས་འདོད་པའི་ཁམས་ཐམས་ཅད་རྒྱས་པར་འགེངས་པ་ཀུན་ཏུ་སྟོན་པའི་ལས་དང་། ཆོས་ལ་དགའ་བའི་སྣང་བས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡང་དག་པར་བླང་བ་ཀུན་ཏུ་སྟོན་པའི་ལས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ གཞོན་ནུའི་ས་ཀུན་ཏུ་སྟོན་པའི་ལས་ཏེ་དེ་དག་ཡོངས་སུ་བསྟན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམས་བཙུན་མོའི་འཁོར་གྱི་ནང་དུ་འདོང་བར་འགྱུར་བའོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཙུན་མོའི་འཁོར་ཉེ་བར་སྟོན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་དོན་ཏུ་བྱང་ཆུབ་སེམས་དཔའ་རྣམས་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་བརྗོད་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ལོངས་ སྤྱོད་དང་སྐྱིད་པ་ལ་ཆགས་པའི་ལྷ་དང་མི་རྣམས་ལ་ལོངས་སྤྱོད་དང་སྐྱིད་པའི་ཆེ་བ་ཉིད་ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། རྙོག་པ་ལྔའི་ཞིང་དུ་སེམས་ཅན་རྣམས་ཀྱི་བསམ་པའི་རྗེས་སུ་འབྲང་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་ཏིང་ངེ་ 37-259a འཛིན་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་མཐུ་དང་ཆེ་བ་ཉིད་ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། སྔོན་གྱི་སྨོན་ལམ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཙུན་ མོའི་འཁོར་ཉེ་བར་སྟོན་པ་དང་། ཕ་དང་མ་དང་གཉེན་པའི་ཚོགས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ཆོས་ཀྱི་དབྱིངས་ཆེན་པོ་དང་ལྡན་པའི་རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲས་དེ་བཞིན་གཤེགས་པ་ ཐམས་ཅད་མཆོད་ཅིང་བསྙེན་བཀུར་བ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། བཙུན་མོའི་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཤིང་ཤིན་ཏུ་ཕྲ་བའི་མངོན་པར་རྫོགས་པར་འཚང་རྒྱ་བ་ནས་ཡོངས་སུ་ མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་བསྟན་པའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ཆོས་ཀྱི་སྐྱབས་དང་ལྡན་པ་ཡང་དག་པར་བསྟན་པའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བཙུན་མོའི་འཁོར་ཉེ་བར་སྟོན་པ་སྟེ། དེ་དག་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་བསྟན་ནས་དེའི་འོག་ཏུ་མངོན་པར་འབྱུང་བར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཁྱིམ་གྱི་གནས་སྨད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། གནས་ལ་དགའ་བའི་སེམས་ཅན་གྱེན་དུ་བསྐྱོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། འཕགས་པ་དང་མཐུན་པའི་ ལམ་གྱི་ལེགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། རབ་ཏུ་བྱུང་བའི་ཡོན་ཏན་དང་། ལེགས་པ་ཡང་དག་པར་བསྔགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། 37-259b མཐའ་གཉིས་ཀྱི་ལྟ་བ་དང་བྲལ་བ་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་བདག་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ མངོན་པར་འབྱུང་བ་དང་། ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་སྔོན་གྱི་ལྟས་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། རང་ལ་རག་ལས་པར་སྤྱོད་ཅིང་གཞན་གྱི་དྲིང་མི་འཇོག་པ་ལ་བསྟེན་པའི་ ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་བསྙེངས་པ་ཐོབ་པ་དང་། མཐུན་པར་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། ཀྱེ་ རྒྱལ་བའི་སྲས་ཆོས་ཉིད་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མ་བ་ནི་གདོན་མི་ཟ་བར་མངོན་པར་འབྱུང་སྟེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དབང་གི་ཕྱིར་མངོན་པར་འབྱུང་བ་ཡོངས་སུ་སྟོན་པ་ དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་སྤྱོད་པའི་སྦྱོར་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་དམའ་བ་ལ་མོས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ དཀའ་བ་སྤྱོད་པ་སྟོན་པ་དང་། ལྟ་བའི་རྣམ་པ་ལ་གནས་པའི་སེམས་ཅན་རྣམས་གྱེན་དུ་བསྐྱོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། ལས་དང་བྱ་བས་འཁྱམས་པར་གྱུར་པའི་སེམས་ཅན་རྣམས་ལ་ལས་ཀྱི་རྣམ་པར་ སྨིན་པ་མངོན་སུམ་དུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པར་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ 37-260a དཀའ་བ་སྤྱོད་པ་སྟོན་པ་དང་། བདག་གི་དུབ་པ་ཉེ་བར་ཞི་ཞིང་མཐུ་དང་ལྡན་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། མ་ཡིན་ན་ཆོས་ལ་ཆགས་པ་རྣམས་ ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་རང་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་རྣམས་སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམས་པའི་ཁྱད་པར་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། སྐྱེ་བོ་ཕྱི་མ་རྣམས་བརྩོན་འགྲུས་རྩོམ་པ་ལ་ཡང་དག་པར་སྦྱར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། མ་ཡིན་ན་དབང་པོ་ཡོངས་སུ་མ་སྨིན་པའི་ལྷ་དང་། མི་རྣམས་ཡོངས་སུ་སྨིན་པར་བྱ་བའི་དུས་བསྡད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་ པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དབང་གི་ཕྱིར་དཀའ་བ་སྤྱོད་པའི་སྦྱོར་བ་ཡོངས་སུ་སྟོན་པ་དག་གོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བསྐྱོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདག་གི་ལུས་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། སྔོན་ལྷན་ཅིག་ཏུ་སྤྱོད་པ་སྤྱོད་པའི་གྲོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བའི་ཕྱིར། 37-260b བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། སེམས་ཅན་ཇི་ལྟར་མོས་པ་རྣམས་ལ་ལུས་དང་སྤྱོད་ལམ་དང་། བྱང་ ཆུབ་ཀྱི་ཤིང་གི་རྒྱན་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་བལྟ་བའི་ཕྱིར། བྱང་ཆུབ་ སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། གོམ་པ་དོར་བ་དང་། འདེག་པ་ཐམས་ཅད་དུ་ཏིང་ངེ་འཛིན་གྱི་སྒོ་ལ་སྙོམས་པར་འཇུག་ཅིང་། སྐད་ཅིག་སྐད་ཅིག་དུ་རྣམ་པར་འཚང་རྒྱ་བ་ལས་མི་འདའ་བའི་ཕྱིར། བྱང་ཆུབ་སེམས་ དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱི་མཆོད་པ་ བླང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང་། ཆགས་པ་མེད་པའི་ཡེ་ཤེས་ཆེན་པོས་རྣམ་པར་ཕྱེ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་བལྟ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ ཡིད་ལ་བྱེད་ཅིང་། ཕྱོགས་ཐམས་ཅད་དུ་རྣམ་པར་ཕྱེ་བའི་མངོན་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་སེམས་ཅན་འདུལ་བའི་དབང་གི་ཕྱིར་ཡོངས་སུ་བསྟན་པ་དག་གོ། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ། བམ་པོ་ཉི་ཤུ་གསུམ་པ། ། 37-261a ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ལ་འདུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བསྐྱོད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །འཇིག་རྟེན་ གྱི་ཁམས་ཐམས་ཅད་སྣང་བར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །ངན་སོང་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །དེ་བཞིན་གཤེགས་པའི་གདན་སེང་གེའི་ཁྲི་ལ་རྣམ་པར་ལྟ་ཞིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །ཡིད་ནམ་མཁའ་དང་མཉམ་པ་ལ་རྣམ་པར་མི་རྟོག་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་ བྱང་ཆུབ་ལ་འཁོད་དོ། །ཇི་ལྟར་མཐུན་པའི་ལུས་དང་སྤྱོད་ལམ་ཡོངས་སུ་སྟོན་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །རྡོ་རྗེའི་སྙིང་པོའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་རྣམ་པར་དག་པའི་གནས་ཡང་དག་པར་ལེན་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །བདག་གི་དགེ་བའི་རྩ་བའི་མཐུས་འགྲོ་བ་ཐམས་ཅད་བྱིན་གྱིས་རློབ་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ ཆུབ་ལ་འཁོད་དོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འདུག་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཀྱི་མཆོག་ལ་འཁོད་ནས་ཀྱང་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ་འབྱུང་སྟེ། བཅུ་གང་ཞེ་ ན། ཀྱེ་རྒྱལ་བའི་སྲས་དེ་ལ་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་མངོན་པར་བསྟན་ཏེ། ཕྱག་གཡས་པ་བརྐྱང་ 37-261b ཞིང་། ཀྱེ་དེད་དཔོན་ཆེན་པོ་རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་དེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་པོའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དགོངས་པ་ དང་། བྱིན་གྱིས་རློབ་པ་ཡང་དག་པར་མཛད་དེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྔོན་ལྷན་ཅིག་དུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་འོངས་ཏེ། བྱང་ཆུབ་སེམས་ དཔའ་དེ་དག་ལ་ཀུན་ནས་བསྐོར་ཅིང་མཆོད་པའི་ལས་རྣམ་པར་ཕྱེ་བ་རྣམ་པ་སྣ་ཚོགས་མངོན་པར་བསྒྲུབ་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྩྭ་ དང་གེལ་བ་དང་། སྡོང་པོ་དང་། ནགས་ཚལ་ཐམས་ཅད་ཀྱང་བསམ་པ་ཡོད་གོ་ལྟ་སྟེ། སྙིང་པོ་བྱང་ཆུབ་གང་ན་བདེར་འདུད་ཅིང་ཕྱག་འཚལ་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཚེ་ཡང་ ཆོས་ཀྱི་དབྱིངས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་བའོ། །ཀྱེ་རྒྱལ་བའི་སྲས་རྒྱ་མཚོ་མཆོག་གི་དམ་པ་དྲི་ མ་མེད་ཅིང་ཀུན་ནས་སྣང་ལ་འོད་གསལ་བའི་སའི་སྙིང་པོ་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཆེན་པོས་ཀུན་ནས་ཡོག་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་ ཀྱི་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོར་བྱ་བ་ཤིན་ཏུ་རྒྱ་ཆེན་པོ་རྣམས་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་ཕྱིར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་འབྱུང་སྟེ། འདི་ནི་ངོ་མཚར་ 37-262a རྨད་དུ་བྱུང་བའི་ཆོས་བདུན་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡེ་ཤེས་མཆོག་གི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་དང་སྤྱོད་པ་མངོན་དུ་འགྱུར་ཏེ། འདི་ནི་ངོ་མཚར་རྨད་ དུ་བྱུང་བའི་ཆོས་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བློ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་ནམ་མཁའི་དབྱིངས་ཚད་མེད་པ་དང་། དུས་གསུམ་རྒྱས་པར་ འགེངས་པའི་ལུས་ཀུན་ནས་གནས་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དགུ་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་དུས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་ཡེ་ཤེས་ཆེན་པོ་ཆགས་ པ་མེད་པ་རྡུལ་དང་བྲལ་བའི་སྣང་བ་དང་ལྡན་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་ཏེ། བྱང་ཆུབ་སེམས་དཔའ་སྙིང་པོ་བྱང་ཆུབ་མཆོག་ལ་གནས་ པ་རྣམས་ལ་འབྱུང་བར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས་དོན་རྣམ་པ་བཅུ་པོ་འདི་དག་གི་དབང་ཡང་དག་པར་མཐོང་ནས་སྙིང་པོ་བྱང་ཆུབ་མཆོག་ལ་འདུག་པའི་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། བཅུ་གང་ཞེ་ན་འདི་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ ཀླས་པ་ན་ཐབ་མོ་དང་། གཡུལ་ལ་མོས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཡིད་གཉིས་དང་ཐེ་ཙོམ་དུ་གྱུར་པའི་མི་དང་ལྷ་རྣམས་ཀྱི་ཡིད་གཉིས་དང་ཐེ་ཙོམ་གཅད་པའི་ ཕྱིར་བདུད་འདུལ་བ་སྟོན་ཏོ། །བདུད་ཀྱི་སྡེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཐབ་མོ་དང་གཡུལ་ལ་མོས་པའི་ལྷ་དང་མི་རྣམས་ཀུན་ནས་བསྡུ་བ་དང་། ཀུན་ནས་འདུས་པའི་ལྷ་དང་མི་རྣམས་འདུལ་བའི་དབང་གིས་ཕྱིར་བདུད་འདུལ་བ་སྟོན་ཏོ། །བྱང་ཆུབ་ 37-262b སེམས་དཔའི་མཐུ་ལ་ཐུབ་པ་མེད་པ་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སེམས་ཅན་གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སྙིང་པོ་བྱང་ཆུབ་ཀྱི་བར་གྱི་བདུད་ཀྱི་ལས་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ཐམས་ཅད་ལས་འདས་པ་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཉོན་མོངས་པའི་སྟོབས་ཀྱིས་ཉམས་སྨད་ཅིང་སྟོབས་མེད་པར་བྱས་པ་ཡོངས་སུ་བསྟན་པ་དང་། དགེ་བའི་རྩ་བ་བརྗོད་པ་དང་། བྱམས་པའི་སྟོབས་ཡང་དག་པར་བསྟན་པའི་ཕྱིར་ བདུད་འདུལ་བ་སྟོན་ཏོ། །ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དག་ཏུ་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས། དོན་བཅུ་པོ་དེ་དག་གི་དབང་མཐོང་བས་ན། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་ སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་བདུད་དང་ལས་དང་ཉོན་མོངས་པ་ཐམས་ཅད་ལས་འདས་ཤིང་བྱང་ཆུབ་ སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་རྣམ་པར་རྩེ་བ་ཡིན། བྱང་ཆུབ་སེམས་དཔའི་བསམ་གཏན་འབྱམ་ཀླས་པ་ཐམས་ཅད་དང་ལྡན་པ་ཡིན། ཆོས་དཀར་པོའི་ཚོགས་ཐམས་ཅད་ཡང་དག་པར་བསྩགས་པ་ཡིན། ཆོས་སྣང་བ་རྣམ་པར་དཔྱད་པར་བྱ་བ་ཐམས་ཅད་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ལུས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་དང་དབྱངས་སུ་ལྡན་པ་ཡིན། བྱིན་གྱི་རླབས་ཐམས་ཅད་ཀྱིས་རབ་ཏུ་ཆོག་པོར་བྱིན་གྱིས་བརླབས་པ་ ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམ་པར་མི་རྟོག་པ་ཐོབ་པ་ཡིན། སྐད་ཅིག་གཅིག་གིས་དུས་གསུམ་རྣམ་པར་འཚང་རྒྱ་བ་ཡིན། ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་རབ་ཏུ་ཐོབ་པ་ཡིན། 37-263a དེ་བཞིན་གཤེགས་པའི་སྟོབས་དང་ལྡན་པ་ཡིན་ཏེ། འདི་ལྟར་གནས་དང་གནས་མ་ཡིན་པའི་སྟོབས་དང་ལྡན་པ་ཡིན། ཟག་པ་ཟད་པ་ཤེས་པའི་བར་གྱི་སྟོབས་དང་ལྡན་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་ པའི་སྟོབས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། སྟོབས་བཅུ་པོ་དེ་དག་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་མངོན་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ནི་ཆོས་ཀྱི་འཁོར་ལོ་ཆེན་པོ་རྣམ་པ་བཅུ་བསྐོར་ཏེ། རྣམ་པ་བཅུ་གང་ཞེ་ན་འདི་ལྟར་མྱི་འཇིགས་པས་ཤིན་ཏུ་སྦྱངས་པའི་ཡེ་ཤེས་དང་ལྡན་པ་དང་། སོ་སོར་ཡང་དག་པར་རིག་པ་བཞིའི་སྒྲ་རྗེས་སུ་བསྒྲགས་པ་དང་། བདེན་པ་བཞིའི་ཚུལ་གྱིས་ཤིན་ཏུ་བརྟགས་པ་དང་། སངས་རྒྱས་ཀྱི་ རྣམ་པར་ཐར་བ་བསྒྲིབས་པ་མྱེད་པའི་རྗེས་སུ་སོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དགའ་བར་འགྱུར་བ་དང་། ཐོགས་པ་མྱེད་ཅིང་བལྟ་བར་དཀའ་ལ་གཡོ་བ་མྱེད་ཅིང་སྡུག་བསྔལ་གྱི་གསལ་ཤིང་འབྱིན་པ་དང་། སྔོན་གྱི་སྙིང་རྗེ་ཆེན་པོའི་བྱིན་གྱིས་བརླབས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་གྲག་པ་དང་། བསྐལ་པ་གྲངས་མྱེད་པར་ཆོས་སྟོན་པར་རྒྱུན་མི་འཆད་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། ལེགས་པར་སྤྱད་པས་བསྐོར་བའོ། །ཀྱེ་རྒྱལ་བའི་སྲས་ སྒོ་རྣམ་པ་བཅུ་པོ་དེ་དག་ལ་སྩོགས་པ་རྣམ་པ་ཚད་མྱེད་པར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་སྐོར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་དེ་ནི་སེམས་ཅན་གཞན་གྱི་རྒྱུད་ལ་ཆོས་དཀར་པོའི་རྣམ་པ་བཅུས་ ཐོགས་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་པར་འབྱུང་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟར་སྨོན་ལམ་ཐམས་ཅད་ཀྱི་སྟོབས་ཀྱི་ཤུགས་དང་། སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་མི་གཏོང་བ་དང་། ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ 37-263b བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། དུས་ལ་བབ་པར་ཐོབ་པར་བྱེད་པ་དང་། རིགས་པའི་ཚུལ་བཞིན་དུ་མྱི་འཁྲུལ་པ་དང་། དུས་གསུམ་ཤེས་པར་བྱ་བ་རབ་ཏུ་རྟོགས་པ་དང་། ལུས་ཀྱི་དབང་ཟིལ་གྱིས་མི་ནོན་པ་དང་། ཚིག་གི་དབང་དམྱིགས་པར་དཀའ་བ་དང་། ཡེ་ཤེས་ ཀྱི་དབང་ཚིགས་བཞིན་དུ་ཁོང་དུ་ཚུད་པར་བྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་དཀར་པོའི་རྣམ་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་སེམས་ཅན་གཞན་གྱི་སེམས་ཀྱི་རྒྱུད་ལ་ཐོགས་པ་མྱེད་པ་དང་། མངོན་པར་མྱེད་པར་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་མཛད་ཟིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དོན་བཅུའི་དབང་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་སྟོན་ཏེ། བཅུ་གང་ཞེ་ན་ འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་མྱི་རྟག་པ་ཡོངས་སུ་བསྟན་པ་དང་། འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བར་བསྟན་པ་དང་། མྱ་ངན་ལས་འདའ་བའི་ཕྱོགས་བདེ་བར་འགྲོ་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་དང་བྲལ་བ་ཡང་དག་པར་བསྟན་པ་དང་། གཟུགས་ ཀྱི་ལུས་ལ་ཞེན་པའི་ལྷ་དང་མྱི་རྣམས་ལ་གཟུགས་ཀྱི་ལུས་མྱི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ་དང་། ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང་། རྣམ་པར་འགྱུར་བའི་མཐུས་ཕྱིར་མྱི་ཟློག་པར་ཡོངས་སུ་བསྟན་པ་དང་། འདུ་བྱེད་ཐམས་ཅད་འདོད་དགུར་མྱི་རུང་ཞིང་དབང་བསྒྱུར་དུ་མྱེད་པ་ཡོངས་སུ་ བསྟན་པ་དང་། ས་གསུམ་གྱི་འཁོར་བ་ཐམས་ཅད་སྒྱུ་མའི་རྣམ་པ་ལྟ་བུར་ཡོངས་སུ་བསྟན་པ་དང་། མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མྱི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ་དང་། ཀུན་འབྱུང་ཞིང་འཇིག་པས་འབྲལ་བར་འགྱུར་བ་ཡོངས་སུ་བསྟན་པ་དང་། ཀྱེ་རྒྱལ་ བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པར་མཛད་དེ། དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། འདུལ་བ་ཐམས་ཅད་ཤིན་ཏུ་དུལ་ནས་བྱང་ཆུབ་སེམས་དཔའ་ 37-264a ཐམས་ཅད་ཤིན་ཏུ་ལུང་བསྟན་པར་འགྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་ཡང་དག་པར་གཟིགས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མཉམ་པ་མྱེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོས་གསུངས་པའོ། ། དོན་ཚང་མྱེད་པ་ཁོང་དུ་ཆུད་པར་འགྱུར་བའོ། །མཁས་པའི་སྐྱེ་བོ་དགའ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་དང་། སྨོན་ལམ་ཆེན་པོ་རྒྱུན་མྱི་འཆད་པར་བྱེད་པའོ། །སེམས་ཅན་གང་གིས་འདི་ཐོས་པར་གྱུར་ཏེ། ཐོས་ནས་ཀྱང་མོས་པར་བྱེད་པ་དང་། མོས་པར་ གྱུར་ནས་ཀྱང་ནན་ཏན་གྱིས་ཡང་དག་པར་བསྒྲུབས་པ་དེ་དག་ཐམས་ཅད་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་ནན་ཏན་ལྷུར་བྱེད་པ་རྣམས་ཀྱིས་འགྲུབ་ཀྱི་ནན་ཏན་ དང་མྱི་ལྡན་པ་རྣམས་ཀྱིས་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནན་ཏན་ལ་གནས་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྒོའི་ལེའུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་གྱི་འབྱུང་གནས་དོན་རྣམ་པར་གདོན་མྱི་ཟ་བའི་མེ་ཏོག་ཆོས་ཀྱི་སྒོ་ཐམས་ ཅད་ལ་ཡང་དག་པར་གཞོལ་བ། ཡེ་ཤེས་ཀྱི་སྒོ་ལ་འཇུག་པ་འཇིག་རྟེན་གྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ལམ་དང་བྲལ་བ། འགྲོ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པ། ཆོས་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པར་འགྲོ་བ་ཐམས་ཅད་ཀྱི་འཇིག་ རྟེན་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་འདི་རིམ་གྲོར་བྱས་ཏེ། མཉན་པར་བྱའོ། །བླང་བར་བྱའོ། །ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་བཟུང་ནས་ཀྱང་ངེས་པར་རྟོགས་པའི་སྒོས་ཡོངས་སུ་སྦྱང་བ་དང་། སྨོན་ལམ་མངོན་པར་བསྒྲུབ་པ་ལ་ 37-264b བརྩོན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀོན་པ་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྒོའི་ལེའུ་ཆོས་ཐམས་ཅད་ཀྱི་སྒོར་ཡང་དག་པར་གཞོལ་བའི་ཆོས་ཀྱི་རྣམ་གྲངས་འདི་ བསྟན་པའི་ཚེ་སངས་རྒྱས་ཀྱི་མཐུ་དང་ཆོས་ཀྱི་རྣམ་གྲངས་འདིའི་ཆོས་ཉིད་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་རྣམས་རབ་ཏུ་གཡོས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་གཡོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་སྣང་བ་ཆེན་པོས་རྒྱས་ཤིང་གསལ་ བར་གྱུར་ཏོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཀྱང་དགྱེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཞལ་བསྟན་ནས་གསུང་བརྗོད་པ། ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྒོའི་ལེའུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་གྱི་འབྱུང་གནས་དོན་རྣམ་པར་གདོན་མི་ཟ་བའི་མེ་ཏོག་ཆོས་ཀྱི་སྒོ་ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཡེ་ཤེས་ཀྱི་སྒོ་ལ་འཇུག་པ་འཇིག་རྟེན་གྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་ པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ལམ་དང་བྲལ་བ་འགྲོ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཆོས་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ། འགྲོ་བ་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་འདི་བསྟན་པ་ནི་རྒྱལ་ བའི་བུ་ཁྱོད་ཆོས་འདི་དག་ལ་ལེགས་པར་བསླབས་པས་ཤིན་ཏུ་བྱང་བ་སྟེ། རྒྱལ་བའི་བུ་ཁྱོད་ཀྱིས་ཆོས་ཀྱི་བྱིན་གྱི་རླབས་དང་མཐུས། མོས་པའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་དེ་ངེད་ཀྱིས་ཀྱང་མངོན་པར་བསྔགས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་ཀྱང་མངོན་པར་བསྔགས་སོ། །ཀྱེ་རྒྱལ་བའི་བུ་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ད་ལྟ་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ཐོས་པའི་ཆོས་ཐོས་པར་བྱ་བའི་ཕྱིར་ངེད་ཀྱིས་བྱིན་གྱིས་བརླབ་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ 37-265a བཟང་པོས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ནས། ཆོས་ཀྱི་དབྱིངས་ཐམས་ཅད་ལ་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅུད་པ་འདི་དག་སྨྲས་སོ། །གང་རྣམས་དེ་དག་བསྐལ་པ་བྱེ་བ་ཁྲག་ ཁྲིག་སྟོང་དུ་བརྟུལ་ཞུགས་དཀའ་སྤྱད་པ། །གང་རྣམས་དེ་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ལས་བྱུང་བའི་ཆོས་ཀྱི་སྲས། །གང་རྣམས་དེ་དག་སེམས་ཅན་བྱེ་བ་ཁྲག་ཁྲིག་སྟོང་རྣམས་བྱང་ཆུབ་རབ་འགོད་པ། །དཔེ་ཟླ་མྱེད་པ་དེ་དགེ་རྣམས་ཀྱི་སྤྱོད་པ་བཤད་ཀྱིས་རྩེ་གཅིག་མཉན་པར་ བྱོས། །གང་དག་སངས་རྒྱས་ཁྲག་ཁྲིག་མཐའ་ཡས་མཆོད་ཀྱང་བདག་ནི་སངས་རྒྱས་མྱི་གནས་པ། །གང་དག་ཉོན་མོངས་བཅིངས་པའི་འགྲོ་བ་ཐར་བྱེད་སེམས་ཅན་འདུ་ཤེས་མི་གནས་དང་། །གང་རྣམས་དེ་དག་སངས་རྒྱས་ཡོན་ཏན་རྟག་ཏུ་ཚོལ་ཡང་ཡོན་ཏན་མྱི་གནས་པ། །དེ་ དག་འཇིག་རྟེན་རབ་ཏུ་དགའ་བར་བྱེད་པའི་སྤྱོད་མཆོག་མཛེས་པ་བརྗོད་པར་བྱ། །གང་རྣམས་དེ་དག་སྲིད་པ་གསུམ་ན་ལས་དང་ཉོན་མོངས་བདུད་ཀྱི་དབང་སོང་སྣང་། །གང་རྣམས་དེ་དགའ་འཕགས་པའི་ཡོན་ཏན་ལྡན་ཞིང་ཁྱུ་མཆོག་སྤྱོད་པ་སྟོན་པ་པོ། །གང་རྣམས་དེ་དག་གཏི་མུག་ཉོན་མོངས་ ཉེས་བྲལ་བསམ་པ་ཞི་ཞིང་རབ་ཞི་བ། །འགྲོ་བ་རྣམས་ལ་སྤྱོད་པའི་རིམ་པ་སྟོན་པ་དེ་དག་ཡོན་ཏན་བརྗོད་པར་བྱ། །གང་རྣམས་དེ་དག་བདུད་གཡོ་འགྲོ་བ་ཀུན་ལས་རྒལ་ཏེ་ཐམས་ཅད་དབང་བྱེད་པ། །འགྲོ་བ་ཐམས་ཅད་བདག་ལ་སྤྲུལ་པ་སྣ་ཚོགས་ཐ་དད་མཐའ་ཡས་རབ་ཏུ་སྟོན། །སེམས་ བསྐྱེད་གྱུར་མ་ཐག་ཏུ་གནས་དང་འཇིག་པའི་བྱ་བ་ཐམས་ཅད་སྟོན་བྱེད་པ། །དེ་དག་ཡོན་ཏན་སྣ་ཚོགས་མཛེས་པ་སེམས་ཅན་དགའ་བར་བྱེད་པ་བརྗོད་པར་བྱ། །སྲིད་པའི་རྒྱུད་ན་སེམས་ཅན་སྡུག་བསྔལ་ཉེན་ཅིང་སྐྱེ་དང་རྒ་བས་གཟིར་བ་དང་། །འཆི་དང་མྱ་ངན་དག་གིས་གཙེས་ཤིང་ གནོད་བྱས་ཉོན་མོངས་ཀུན་ཏུ་གཟིར་མཐོང་ནས། །དེ་དག་ཐར་བར་བྱ་ཕྱིར་སྙིང་རྗེ་རྒྱ་ཆེར་བསྐྱེད་ནས་ཡེ་ཤེས་མཆོག་དགོད་པ། །དེ་དག་ཡོན་ཏན་ཤིན་ཏུ་དགེ་བ་ཕྱོགས་ཙམ་བཤད་ཀྱིས་རྩེ་གཅིག་མཉན་པར་བྱོས། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དགའ་བར་བསམ་ 37-265b གཏན་ལ་ཡང་རྣམ་པར་རྩེན། །ཤེས་རབ་ཐབས་ཀྱི་ཕ་རོལ་ཕྱིན་ཅིང་བྱམས་དང་སྙིང་རྗེ་ལྷག་པའི་བསམ་པ་དང་། །དགའ་བའི་ཆོས་ལ་བརྩོན་ཞིང་བཏང་སྙོམས་དགའ་བས་བསྐལ་པ་བརྒྱར་ཡང་སྤྱོད་སྤྱད་པ། །དེ་དག་སྤྱོད་ལྡན་ཡོན་ཏན་ལྡན་པ་རྣམས་ཀྱི་ཡོན་ཏན་བསྟན་གྱིས་དེ་དག་ ཉོན། །གང་རྣམས་དེ་དག་བྱང་ཆུབ་གཉེར་ཕྱིར་བྱེ་བ་ཁྲག་ཁྲིག་སྟོང་གི་ལུས་སྐོམས་པ། །གང་རྣམས་བྱང་ཆུབ་ཞི་བ་ཚོལ་ཕྱིར་སྲོག་ལ་ལྟ་བ་མྱེད་པར་གྱུར་པ་དང་། །གང་རྣམས་དེ་དག་སེམས་ཅན་ཕན་ཕྱིར་རྟག་བརྩོན་བདག་གི་བདེ་བ་མྱི་ཚོལ་བ། །བྱམས་དང་སྙིང་རྗེའི་སེམས་ལྡན་ ཐུབ་པ་དེ་དག་ཀུན་གྱི་སྤྱོད་མཆོག་བརྗོད་པར་བྱ། །རྒྱ་མཚོའི་ཆུ་ཐིགས་བགྲངས་པ་རེ་རེས་ཐམས་ཅད་ཟད་པར་བྱ་བར་རུང་སྲིད་ཀྱི། །དེ་དག་ཡོན་ཏན་བསྐལ་བ་བྱེ་བ་ཁྲག་ཁྲིག་དུ་མ་སྟོང་དུ་བརྗོད་བྱས་ཀྱང་། །དཔེ་ཙམ་བྱ་བར་མི་ནུས་ལེགས་པར་བརྗོད་ཅིང་བསྟན་པར་མྱི་ནུས་འོན་ ཀྱང་གོ། །སེམས་ཅན་ཕན་པའི་དོན་དུ་སངས་རྒྱས་ཡུལ་རྣམས་བསྟན་པར་བྱ་བ་མཉན་པར་བྱོས། །གང་དག་འགྲོ་བ་རྣམས་ཀྱི་དོན་ཕྱིར་དགེ་བ་ཀུན་འཛིན་དཀར་པོ་འཕེལ་བྱེད་ཀྱང་། །མཐོ་བར་མྱི་སེམས་དམའ་བར་སེམས་མྱེད་མྱི་དམན་ཆོས་ཚོལ་ངོམས་པར་ཡོངས་ མི་འགྱུར། །འགྲོ་བ་ཀུན་ནས་དོན་གཉེར་ཆུ་ཀླུང་ཡེ་ཤེས་མཚོ་ཆེན་ཤེས་རབ་ཤིང་སྡོང་སྟེ། །སྟོན་པའི་མཁས་པ་དེ་དག་རྣམས་ནི་ས་ལྟར་འགྲོ་བ་ཐམས་ཅད་འཚོ་བ་ཡིན། །བྱམས་པ་རླན་ཡིན་སྙིང་རྗེ་རྩ་བ་དགའ་བ་སྡོང་པོ་བརྟན་པ་སྡོམ་པ་སྟེ། །ཟེ་བ་ཡེ་ཤེས་དྲི་ནི་ ཚུལ་ཁྲིམས་བཟང་པོ་ལོ་མ་མེ་ཏོག་ཡོན་ཏན་ཅན། །སངས་རྒྱས་འོད་ཀྱིས་རབ་ཏུ་རྒྱས་བྱས་བློ་གྲོས་ལྡན་པ་སེམས་ཅན་དགར་བྱེད་པ། །དེ་དང་དེ་དག་པདྨོ་ལྟ་བུར་འདུས་བྱས་མ་གོས་འགྲོ་བ་རྣམས་ལ་སྣང་། །ས་བོན་མོས་པ་ས་གཞི་བསམ་པ་བྱམས་དང་སྙིང་རྗེ་དག་ནི་རྩ་བ་ སྟེ། །སྡོང་པོ་ཤེས་རབ་ཐབས་ནི་ཡལ་ག་ལྕུག་མ་དག་ནི་ཕ་རོལ་ཕྱིན་རབ་ལྔ། །བསམ་གཏན་ཤེས་རབ་མངོན་ཤེས་མེ་ཏོག་རྒྱས་པ་ཀུན་མཁྱེན་ཡེ་ཤེས་འབྲས་བུ་སྟེ། །ཆོས་ཀྱི་ཤིང་མཆོག་རྫུ་འཕྲུལ་བྱ་འཁོད་དེ་དང་དེས་ནི་འཇིག་རྟེན་གསུམ་པོ་ཁེབས། །རིམ་གྱིས་དཀར་ 37-266a ཡངས་ཡོངས་སུ་སྤེལ་བ་ལུས་ཡིན་བདེན་པ་རྣམས་ནི་རྐང་པ་སྟེ། །དྲན་པ་མགྲིན་པ་སྤྱོད་མཆོག་ཤེས་རབ་མགོ་ཡིན་རལ་པ་རྣམ་པར་གྲོལ་བ་དགེ། །སྟོང་པ་དོན་དམ་སུལ་དང་ཕུག་ཡིན་བྱམས་དང་སྙིང་རྗེ་དག་ནི་མྱིག་གཉིས་ཏེ། །དེ་དག་སེང་གེ་ལྟ་བུར་ བདག་མྱེད་སྒྲ་འབྱིན་བདུད་སྡེ་རབ་ཏུ་སྐྲག་པར་བྱེད། །འགྲོ་བ་མ་ལུས་རྣམས་ནི་འཁོར་བའི་འབྲོག་དགོན་ཉོན་མོངས་མི་ཟད་འཁྱམས་འགྱུར་ཏེ། །བདུད་ཀྱི་བྱ་མ་རྟ་དང་རྐུན་པོར་བཅས་པས་ཟིན་གྱིས་གཏི་མུག་མདོངས་གྱུར་པ། ལམ་ནི་རབ་སྟོན་མྱི་མཁས་སེམས་ཅན་མཐོང་ནས་ དེད་དཔོན་མཁས་པ་དེ་དག་ནི། །ལམ་གྱི་མཐར་ཁྲིད་འཇིགས་པ་མྱེད་པའི་གྲོང་ཁྱེར་དམ་པ་མཆོག་ལ་རབ་ཏུ་འགོད། །འགྲོ་བ་དག་ནི་འདོད་ཆགས་ཞེ་སྡང་མུན་པ་ཉོན་མོངས་སྣ་ཚོགས་ནད་བཏབ་ཅིང་། །ཡུན་རིང་ནས་ནི་འདུས་བྱས་སྡུག་བསྔལ་དག་ལ་གཞོལ་ཞིང་སྡུག་བསྔལ་ རབ་འབར་བ། །སེམས་ཅན་མཐོང་ནས་སྙིང་རྗེ་བསྐྱེད་དེ་ཉོན་མོངས་པ་ཡི་ནད་པ་ཀུན་གསོ་ཞིང་། །ནད་རྣམས་ཞི་བར་བྱེད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དམ་པ་དག་ཀྱང་སྟོན། །རྒྱལ་པོ་ལྟ་བུ་དེ་དང་དེ་དག་འཁོར་རྣམས་དགའ་བྱེད་འགྲོ་ལ་ཆོས་སྟོན་པ། །སྡིག་པ་སྤོངས་ ལ་དགེ་ལ་སྙེན་ཅིང་སངས་རྒྱས་ཡོན་ཏན་རྣམས་ཀྱང་ཚོལ་ཅིག་ཅེས། །རྐང་གཉིས་དབང་པོའི་ཆོས་ཀྱི་ཡུལ་ལ་ཀུན་མཁྱེན་ཡེ་ཤེས་དབང་པོར་དབང་བསྐུར་བ། །རྒྱ་ཆེན་བྱང་ཆུབ་ཡན་ལག་རིན་ཆེན་འབྱུང་གནས་དེ་དག་འགྲོ་བའི་འཕགས་པའི་ནོར། །ཚུལ་ཁྲིམས་ལྟེ་བ་ ཏིང་འཛིན་མུ་ཁྱུད་བརྒྱན་པའི་ཡེ་ཤེས་འོད་དང་ཤེས་རབ་མཚོན། །ཡེ་ཤེས་རྣོ་བའི་གཞུང་ཅན་ཉོན་མོངས་འཇོམས་ཞིང་བདུད་ཀྱི་སྡེ་རྣམས་དཀྲུག་བྱེད་པ། །ཆོས་ཀྱི་སྒྲོན་མ་ཆེ་འབྱིན་མཆོག་རྣམས་དེ་དང་དེ་དག་སངས་རྒྱས་བསྐོར་བ་ཡི། །འཁོར་ལོ་མཆོག་རྣམས་བསྐོར་ ཞིང་ཕ་རོལ་རྒོལ་བ་དག་དང་མུ་སྟེགས་ཐམས་ཅད་འཇོམས། །ཡེ་ཤེས་ཆུ་ནི་ཟབ་ཅིང་མྱི་ཟད་ཤིན་ཏུ་རྒྱ་ཆེན་ཆོས་ཀྱི་རོ་དང་ལྡན། །བྱང་ཆུབ་ཡན་ལག་དེ་བཞིན་བསམ་གཏན་རིན་ཆེན་གང་བ་འགྲོ་ཀུན་ཤེས་པར་དཀའ། །ཐམས་ཅད་མཁྱེན་པའི་གནས་ཀྱི་མཐའ་རླབས་མཐའ་ 37-266b ཡས་ཡུལ་རྣམས་དག་ཅིང་ལྷག་བསམ་དགེ། དེ་དང་དེ་དག་ཡེ་ཤེས་རྒྱ་མཚོ་མཚུངས་མྱེད་བསྟན་པ་ཟད་པར་མྱི་འགྱུར་རོ། །འཇིག་རྟེན་རབ་འཕགས་རྟག་ཏུ་ཡུལ་གྱིས་མྱི་གོས་འགྲོ་བ་རྣམས་ཀྱི་གནས་གྱུར་པ། །བསམ་གཏན་མངོན་ཤེས་རབ་འཕེལ་ཡེ་ ཤེས་རྩེ་མོ་ལྷག་པའི་བསམ་པ་མྱི་སྒུལ་བ། །གང་དག་དེ་དང་ཉེར་ཕྲད་ཤེས་རབ་ཡེ་ཤེས་མཆོག་གིས་རབ་ཏུ་འདྲ་བར་འགྱུར། །དེ་དང་དེ་དག་ཡོན་ཏན་རི་རབ་ཤེས་རབ་རབ་བརྟན་འགྲོ་བ་ཀུན་གྱིས་བལྟས། །ལྷག་པའི་བསམ་པ་མཆོག་གི་རྡོ་རྗེ་མཚུངས་ ཤིང་འདྲ་སྟེ་བརྟུལ་ཞུགས་ཐམས་ཅད་བརྟན། །སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་མཁྱེན་པའི་སྤྱོད་ཡས་བསམ་པ་མི་ཕྱེད་དེ། །བདུད་དང་སེམས་ཅན་ཉོན་མོངས་འཇིག་རྟེན་རླུང་དག་གིས་ནི་མྱི་བསྐྱོད་རབ་བརྟན་པ། །དེ་དང་དེ་དག་འཇིག་རྟེན་དམ་པ་ཉོན་མོངས་ འབར་བ་དག་ལས་བཟློག་པར་བྱེད། །བྱམས་པའི་སྤྲིན་རྣམས་ཀུན་འདུས་སྙིང་རྗེ་སྟུག་པོ་རིག་པའི་གློག་ཆེན་རྒྱུ་ལྡོག་པ། །ཐུབ་པ་རྣམས་ནི་རྫུ་འཕྲུལ་གནས་བཞི་དབྱངས་ཀྱི་འབྲུག་སྒྲ་འབྱིན་ཅིང་རབ་ཏུ་སྒྲོག །སོ་སོ་ཡང་དག་རིག་དང་ཚུལ་ཁྲིམས་ཡན་ལག་བརྒྱད་ ལྡན་ཆུའི་ཆར་འབེབས་པ། །དེ་དང་དེ་དག་སྤྲིན་ཆེན་ཉོན་མོངས་ཞི་བྱེད་སེམས་ཅན་དོན་ཕྱིར་མངོན་པར་འཕགས། །ཤེས་རབ་དགའ་དང་ཁྲེལ་བ་དག་ནི་འོབས་ཏེ་ཆོས་ཀྱི་རྒྱལ་མཚན་བསྒྲེང་། །ཡེ་ཤེས་ཤིང་ཐགས་ཡིན་ཏེ་ཐར་པའི་སྒོ་ཕྱེ་དྲན་པ་དེ་དག་སྒོ་བ་ ཡིན། །བདེན་པ་རྣམས་ནི་ལམ་ཆེན་བཞི་སྟེ་ཤིན་ཏུ་དགེ་བའི་རྫུ་འཕྲུལ་རབ་བརྒྱན་པ། །སྲིད་པ་གསུམ་ན་བདུད་སྡེ་དག་གིས་མྱི་ཐུལ་གྲོང་ཁྱེར་ཆོས་ཉིད་དག་ཏུ་སྟོན། །ཐམས་ཅད་མཁྱེན་གྱི་སེམས་མཆོག་ཤིང་ལ་རབ་འདུག་རྫུ་འཕྲུལ་རྐང་པའི་རྐང་པ་བརྟན། །གཤོག་ པ་ཐབས་ཀྱི་སྟོབས་ཏེ་ཕ་རོལ་གནོན་མཐུ་བྱམས་དང་སྙིང་རྗེ་མྱིག་གཉིས་ཡིན། །སྟོན་པ་དེ་དག་འགྲོ་བ་ཀུན་ན་ཐུབ་མྱེད་མཁའ་ལྡིང་དབང་པོའི་དྲག་ཤུལ་འདྲ། །སྲིད་པའི་མཚོ་ནས་འདོན་ཅིང་ལྷ་མྱི་རྣམས་ཀྱང་མྱ་ངན་འདའ་བའི་མཆོག་ལ་འགོད། །ཚུལ་ཁྲིམས་དཀྱིལ་འཁོར་ 37-267a རྫུ་འཕྲུལ་རྐང་པའི་ཤུགས་ལྡན་ཡེ་ཤེས་འོད་ཟེར་ཕྲེང་བ་མཛེས། །འོད་སྣང་ཀུན་འཆར་ཉོན་མོངས་འཇོམས་ཞིང་སྲིད་པའི་རྒྱ་མཚོ་རབ་ཏུ་སྐེམ་པར་བྱེད། །སྟོབས་དང་དབང་པོ་དགེ་བའི་སྨན་འཕེལ་སེམས་ཅན་པད་མོ་ཡོངས་སུ་རྒྱས་བྱེད་པ། །དེ་དང་དེ་དག་ སྣང་བྱེད་ཆོས་ཀྱི་ཉི་མའི་ཁྱུ་མཆོག་འགྲོ་བ་ཀུན་ཏུ་འབྱུང་། །ཆོས་དབྱིངས་རྣམ་པར་དག་པ་དཀྱིལ་འཁོར་འགྲོ་བ་ཀུན་གྱིས་བལྟ་ན་མཛེས་པ་སྟེ། །ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚོགས་མང་སྐར་མ་འདྲ་བ་དག་ནི་ཟིལ་གྱིས་མནན། །སེམས་ཀྱི་རྒྱུད་རྣམས་མཐོང་ནས་སྲིད་པ་གསུམ་ དུ་འཕེལ་དང་འགྲིབ་པ་རྣམ་པར་སྟོན། །དེ་དང་དེ་དག་ཡེ་ཤེས་ཟླ་བ་འགྲོ་ལ་འཆར་ཞིང་མཁས་པ་ནམ་མཁའི་མཐའ། །ཆོས་ཀྱི་དབང་པོ་འགྲོ་བ་ཀུན་ལ་དབང་བྱེད་གཟུགས་དང་ཡོན་ཏན་དག་གིས་བརྒྱན། །ཡེ་ཤེས་རྡོ་རྗེ་མངའ་བ་ཐབས་ནི་མྱིག་སྟེ་ཆོས་ལ་དབང་ཆེན་བསྒྱུར་ གནས་པ། །ལུས་དང་མཚན་དང་དཔེ་བྱད་བཟང་པོ་སྣ་ཚོགས་ཀུན་གྱི་བལྟ་བའི་དབང་པོ་སྟེ། །ཆོས་ཀྱི་འགྲོ་བ་ཀུན་ལས་རྒྱལ་བ་དེ་དང་དེ་དག་ཆོས་ཀྱི་དབང་པོ་ཡིན། །སྲིད་པ་གསུམ་ན་འདོད་པའི་འདམ་དང་ཉོན་མོངས་ལས་ལས་རབ་འདས་ཀུན་དབང་པོ། །བྱམས་པ་ སྣང་དང་ཐུགས་རྗེ་བསམ་གཏན་དགའ་དང་བཏང་སྙོམས་རྣམས་ལ་མོས། །སྲིད་པ་གསུམ་པོ་ཀུན་ཏུ་ཐ་དད་ལུས་སྟོན་ཆོས་ཀྱི་སྒྲས་ཀྱང་གོ་བྱེད་པ། །དེ་དང་དེ་དག་ཚངས་པ་ལྟ་བུར་རྣམ་དག་མོས་ཤིང་ལྟ་བའི་རྣམ་པ་སེལ། །འཁོར་ལས་རབ་ཏུ་འདས་ཤིང་རྣམ་དག་ ཡུལ་དང་ལྡན་པ་བདག་པོ་ཆོས་ཀྱི་དབང་། །ཕྱིར་ལྡོག་མྱི་འགྱུར་བློ་གྲོས་ཆེ་འཆང་གང་རྣམས་ཐེག་པ་དམའ་དང་ཐ་དད་ལ། །ཆོས་ཀྱི་དབང་པོར་དབང་བསྐུར་འཇིག་རྟེན་དམ་པ་ཡེ་ཤེས་ཕྱིར་ལྡོག་མྱི་འགྱུར་བ། །ཐམས་ཅད་མཁྱེན་པའི་ཡོན་ཏན་དབང་ཕྱུག་གྲགས་ཆེན་ དེ་དང་དེ་དག་འཇིག་རྟེན་དབང་། །ནམ་མཁའི་མཁའ་དབྱིངས་ལྟ་བུར་དངོས་དང་རྣམ་བྲལ་དམྱིགས་པ་ཐམས་ཅད་རྣམ་བསྩལ་བ། །འགྲོ་བ་ཀུན་ཏུ་བྱ་བ་ཉམས་ལེན་ཁྱུ་མཆོག་ཅི་ལ་འང་གནས་པ་མྱེད་པ་སྟེ། །འགྲོ་བ་ཀུན་ཏུ་སྤྱོད་པ་དཀར་ཞུགས་མཁས་པ་དེ་དག་རབ་ 37-267b ཏུ་མྱི་གནས་པ། །དེ་དང་དེ་དག་ཡེ་ཤེས་དགེ་ཞིང་དག་པས་ཤེས་རབ་ནམ་མཁའི་དབྱིངས་དང་འདྲ། །དེ་དང་དེ་དག་ཤིན་ཏུ་རྒྱ་ཆེན་ཐབས་ལྡན་ས་ལྟར་འགྲོ་བ་ཀུན་གྱི་གསོས། །ཆུ་འདྲ་དེ་དང་དེ་དག་བྱམས་དང་སྙིང་རྗེས་ཉོན་མོངས་རྣམས་ནི་རབ་ཏུ་སེལ། །དེ་ དང་དེ་དག་ཡེ་ཤེས་མྱེས་ནི་ཉོན་མོངས་སྲེག་ཅིང་བག་ཆགས་བཅས་པ་བསྩལ། །སྟོན་པ་དེ་དག་མྱི་གནས་རླུང་དང་འདྲ་བར་སྲིད་པ་གསུམ་ན་རབ་ཏུ་རྒྱུ། །དེ་དང་དེ་དག་རིན་ཆེན་འདྲ་སྟེ་ཤིན་ཏུ་དཀོན་ཞིང་འགྲོ་བ་དབུལ་ཡང་སེལ། །དེ་དང་དེ་དག་རྡོ་རྗེ་ལྟ་བུར་སྲིད་ པ་གསུམ་ན་ལྟ་བ་ཀུན་ཏུ་འཇོམས། །དེ་དང་དེ་དག་ཡོན་ཏན་ཀུན་གྱི་འཕྲིང་བ་སྣ་ཚོགས་འཇིག་རྟེན་གསུམ་མཛེས་བྱེད། །སྟོན་པ་དེ་དག་ནོར་བུ་རིན་ཆེན་མཚུངས་འདྲ་སྤྱོད་པ་ཀུན་གྱི་གཙུག་ཏུ་ཕྱིན། །དེ་དང་དེ་དག་མེ་ཏོག་ལྟ་བུར་ཡོན་ཏན་རབ་རྒྱས་བྱང་ཆུབ་ ཡན་ལག་རྩེ། །ཕྲེང་བ་ལྟ་བུར་དེ་དང་དེ་དག་སྨོན་ལམ་བཅིངས་ཤིང་འཇིག་རྟེན་མགོན་ལ་གནས། །དེ་དང་དེ་དག་ཚུལ་ཁྲིམས་མ་ཉམས་སྐྱོན་མེད་རྣམ་དག་དྲི་ནི་དྲི་རབ་ཞིམ། །དེ་དང་དེ་དག་འཇིག་རྟེན་གསུམ་ན་ཆོས་དང་ཡེ་ཤེས་ཀྱི་ནི་བག་ཆགས་དག །གདུགས་འདྲ་དེ་དང་ དེ་དག་སྟོབས་ཀྱི་བླ་རེས་ཉོན་མོངས་རྡུལ་ལས་སྐྱོབ་པར་བྱེད། །ཡེ་ཤེས་རྒྱལ་མཚན་བསྒྲེང་བའི་ཐུགས་མངའ་དེ་དང་དེ་དག་ང་རྒྱལ་རྒྱལ་མཚན་སྙོལ། །དེ་དང་དེ་དག་སྤྱོད་པའི་བ་དན་སྣ་ཚོགས་ཡིད་འོང་ཡེ་ཤེས་ཀུན་ཏུ་འཕགས། །གོས་འདྲ་དེ་དང་དེ་དག་རྫུ་འཕྲུལ་ ཡོན་ཏན་འགྲོ་བ་ཀུན་ལ་ཁེབས་པར་བྱེད། །ཐེག་པ་འདྲ་བ་ཁྱུ་མཆོག་མཐའ་ཡས་དེ་དང་དེ་དག་འཇིག་རྟེན་གསུམ་ལས་འབྱིན། །དེ་དང་དེ་དག་རབ་དུལ་གླང་པོ་ལྟ་བུར་ཡིད་ཀྱིས་རྟག་ཏུ་དུལ་ལ་གནས། །དེ་དང་དེ་དག་རྫུ་འཕྲུལ་རྟས་ནི་ཁལ་ཆེན་ཁྱེར་ཞིང་འཇིག་ རྟེན་གསུམ་ལས་འདའ། །ཀླུ་ཡི་དབང་པོ་ལྟ་བུ་དེ་དང་དེ་དག་སེམས་ཀྱི་ཡུལ་དུ་ཆོས་ཆར་འབེབས། །དེ་དང་དེ་དག་འགྲོ་བ་ཀུན་ལ་མེ་ཏོག་ཨུ་དུམ་བ་ར་མཚུངས་འདྲ་ཤིན་ཏུ་དཀོན། །དཔའ་བོ་ལྟ་བུ་དེ་དང་དེ་དག་ཉོན་མོངས་འཇོམས་ཞིང་བདུད་ཀྱི་སྡེ་རྣམས་འཁྲུག ། 37-268a མྱི་ལྡོག་འཁོར་ལོ་ལྟ་བུ་དེ་དང་དེ་དག་འདྲེན་པ་རྣམས་ཀྱིས་རབ་ཏུ་བཙུད། །དེ་དང་དེ་དག་སྒྲོན་མ་ལྟ་བུར་མུན་པ་སེལ་ཅིང་སེམས་ཅན་ལམ་ཡང་སྟོན། །དེ་དང་དེ་དག་ཆུ་ཀླུང་ལྟ་བུར་ཡོན་ཏན་དེད་ཅིང་ལམ་རྒྱུད་རྗེས་སུ་འགྲོ། །དེ་དང་དེ་དག་ ཟམ་པ་ལྟ་བུར་ངལ་བ་མྱེད་པར་རྟག་ཏུ་འགྲོ་བ་སྒྲོལ། །གྲུ་དང་གྲུ་ཆེན་ལྟ་བུར་སྨོན་ལམ་རབ་བཏབ་ཡེ་ཤེས་གངས་ཆེན་མཚོ་ཐོབ་བྱེད། །དེ་དང་དེ་དག་མཉན་པ་ལྟ་བུར་འགྲོ་བ་ཡེ་ཤེས་ཐང་ཆེན་མཆོག་ལ་འགོད། །དེ་དག་སྐྱེད་མོས་ཚལ་གྱི་དགའ་ལ་རྩེ་ཞིང་ འགྲོ་ལ་ཡང་དག་སྤྱོད་པ་སྟོན། །དེ་དག་ཆོས་ཀྱི་རྣམ་ཐར་མངོན་ཤེས་མེ་ཏོག་ཡེ་ཤེས་གཞལ་མྱེད་ཁང་དག་པ། །མཁས་པ་དེ་དང་དེ་དག་སྨན་ལྟར་ནད་ཞི་བྱེད་ཅིང་ཉོན་མོངས་རབ་ཏུ་སེལ། །སྨན་གྱིས་རྒྱས་པའི་གངས་རི་ལྟ་བུར་དེ་དང་དེ་དག་ཡེ་ཤེས་འབྱུང་གནས་སོ། །དེ་དག་ སངས་རྒྱས་ལྟ་བུར་ཡེ་ཤེས་ཀྱིས་ནི་འགྲོ་བ་གཉིད་ལོག་མུན་པ་སེལ། །ཡང་དག་སངས་རྒྱས་ལྟ་བུར་གཞན་མྱིན་ཡིད་ཀྱིས་འགྲོ་བ་ཡང་དག་རྟོགས་པར་བྱེད། །དེ་དང་དེ་དག་རྒྱལ་བ་ཅི་འདྲ་དེ་ལྟར་འོངས་ཏེ་མཁས་པ་དེ་ཉིད་གནས། །དེ་དག་ཐམས་ཅད་མཁྱེན་པ་ལྟ་བུར་ཡེ་ཤེས་ འབྱུང་གནས་ཀུན་ནས་སྒོར་ཡང་ཞུགས། །ཞི་བ་སྐྱེད་པ་དེ་དང་དེ་དག་སྟོན་པས་རབ་བསྔགས་འགྲོ་བ་ཀུན་ལ་སྟོན། །དེ་དང་དེ་དག་རང་གི་ཡེ་ཤེས་ཡུལ་དང་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཤེས། །དེ་དང་དེ་དག་ཚད་མྱེད་དཔུང་དང་འདྲ་བར་འགྲོ་བ་ཀུན་ན་ཐུབ་པ་མྱེད། །དེ་ དག་ཡེ་ཤེས་མྱི་འཇིགས་བློ་གྲོས་འཆང་བ་ཐམས་ཅད་མཁྱེན་པའི་ཆོས་ཀྱང་ཤེས། །གང་ན་གང་དག་འགྲོ་བ་ཀུན་གྱི་གཟུགས་དང་མྱི་རྣམས་ཇི་སྙེད་སྣང་ཡོད་པ། །ཀུན་ཏུ་གཟུགས་སྙོམས་གཟུགས་ཀྱི་རྗེས་སུ་སོང་ཞིང་མྱིང་དབྱངས་རྗེས་སུ་སོང་བ་ཡིན། །གཟུགས་ རྣམས་ཀུན་ལས་འདས་ཤིང་མྱིང་དང་རྣམ་པར་བྲལ་ཡང་བྱ་བ་ཐམས་ཅད་སྟོན། །དེ་དག་མཐུ་ནི་འགྲོ་བ་རྣམས་ཀྱིས་རྣམ་པ་ཀུན་ཏུ་བརྗོད་པར་མི་ནུས་སོ། །གང་དག་འདི་འདྲའི་ཡོན་ཏན་ཐོབ་ཅིང་དངོས་བྲལ་དངོས་པོ་མྱེད་པའི་ཆོས་གནས་ཤིང་། །ཡོད་དང་མྱེད་པའི་མདུད་ 37-268b པ་ཐམས་ཅད་བྲལ་བ་མཁས་པ་ཡེ་ཤེས་མངོན་སུམ་ཅན། །ཐམས་ཅད་ཤེས་ཀྱང་ཡེ་ཤེས་རྟེན་པ་མ་ཡིན་ཡེ་ཤེས་དེ་ལ་གནས་པ་མིན། །དེ་དག་སྤྱོད་ལ་འཇུག་པ་ཡིད་འོང་འཇིག་རྟེན་དགའ་བར་བྱེད་པ་བཤད་པར་བྱ། །ཆོས་ཀྱི་ཚུལ་ནི་སྒྱུ་མའི་རང་བཞིན་དངོས་པོ་དབེན་ པ་ལྟ་བུར་རབ་རྟོགས་ནས། །མཁས་པ་སངས་རྒྱས་བྱིན་གྱི་རླབས་ཀྱིས་སྨོན་ལམ་ཐབས་དང་སྙིང་རྗེ་དག་ཀྱང་བྱེད། །སྤྲུལ་པའི་ཡེ་ཤེས་སྒོ་དང་ལྡན་པས་ཁྱུ་མཆོག་བྱ་བ་སྣ་ཚོགས་རབ་སྟོན་པའི། །བྱང་ཆུབ་སེམས་དཔའ་མ་ནོར་ཡིད་ཅན་རྩེ་གཅིག་མཉམ་ པ་མྱེད་པ་ལེགས་པར་གྲག །ལུས་གཅིག་ལ་ནི་མཐའ་ཡས་ལུས་དང་རྒྱ་ཆེན་ལུས་རྣམས་ཐ་དང་རབ་ཏུ་སྟོན། །སེམས་མྱེད་ཡིད་མྱེད་སེམས་ཀྱི་ཡུལ་མྱེད་འོན་ཀྱང་འགྲོ་བ་ཀུན་ཏུ་དེ་དག་སྟོན། །ཁྱུ་མཆོག་བརྗོད་པའི་ཕ་རོལ་ཕྱིན་པ་དེ་དག་དབྱངས་གཅིག་རྣམ་པར་ རྗོད་བྱེད་ཀྱང་། །འགྲོ་བ་དག་གི་སྒྲ་སྐད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་བརྗོད། །ཉོན་མོངས་རྒྱུད་བྱུང་ལུས་དང་བྲལ་ཡང་སེམས་ཅན་རྣམས་ཀྱི་ལུས་ལ་དབང་བསྒྱུར་ཏེ། །བརྗོད་དུ་མྱེད་པའི་ཚུལ་གྱིས་ཞི་བ་རྟོགས་ཤིང་སྒྲ་རྣམས་ཐམས་ཅད་རབ་ཏུ་སྟོན། ། དེ་དག་སེམས་ཀྱི་རང་བཞིན་ཞི་ཞིང་འོད་གསལ་ནམ་མཁའ་མཚུངས་པར་ཡང་དག་ཤེས། །འགྲོ་བ་ཀུན་ལ་བྱ་བ་རྣམ་པ་སྣ་ཚོགས་སྒོ་ནས་འཇིག་རྟེན་སྣ་ཚོགས་སྟོན། །དེ་དག་ལུས་རྣམས་གང་ལའང་གནས་པ་མྱེད་དེ་ལུས་ཀྱང་དེ་དག་སྟོན་པ་བྱེད། །འགྲོ་བ་ ཐམས་ཅད་ཀྱི་ནི་སྐྱེ་བ་དག་དང་རྒྱུ་མཐུན་གནས་པ་ཇི་སྙེད་པ། །ཐམས་ཅད་ཀུན་ཏུ་སྐྱེ་བའི་ལུས་དང་ལྡན་ཡང་སྐྱེ་བ་དག་ལ་གནས་པ་མྱེད། །རང་གི་ལུས་ལ་མཁའ་འདྲ་དངོས་བྲལ་སེམས་ཅན་སེམས་ལ་སྣ་ཚོགས་རྣམ་པ་སྟེ། །མཁས་པ་ཀུན་ལ་དབང་བསྒྱུར་དེ་ དག་ལུས་ནི་མཐའ་ཡས་ཀུན་ཏུ་སྟོན་བྱེད་ཅིང་། །མེ་ཏོག་དྲི་དང་བྱུག་པ་ཕྱེ་མ་སིལ་སྙན་གདུགས་དང་བ་དན་རྒྱལ་མཚན་རྣམས། །ཐམས་ཅད་མཁྱེན་ལ་མཆོད་པས་རྐང་གཉིས་གཙོ་བོ་འཇིག་རྟེན་མཆོག་ལ་མཆོད་བྱེད་ཅིང་། །མཁས་པ་བསམ་པ་ཐག་ 37-269a པས་ལུས་ཀྱིས་འདུ་བྱེད་མཆོད་པ་དམ་པ་ཀུན་ཏུ་སྟོན། །མཁས་པ་དེ་དག་རྒྱལ་བ་ཞབས་ཀྱི་དྲུང་འཁོད་རྒྱལ་བ་ཐམས་ཅད་ཀྱི། །འཁོར་རྣམས་ཀུན་ན་སྣང་ཞིང་མཚུངས་མྱེད་དེ་དག་ཞུ་བ་ཀུན་ཀྱང་ཞུ་བ་བྱེད། །ཆོས་ཀྱི་དམ་པ་ཐོས་ནས་ཏིང་འཛིན་རེ་རེ་མཐའ་ ཡས་སྒོ་ལྡན་ཐོབ་གྱུར་ཅིང་། །བློ་གྲོས་ལྡན་པ་དེ་སྙེད་རྣམ་པར་ལྡན་པ་སྟོན་པ་བྱེད་ཀྱང་ཟད་པ་མྱེད། །འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་ནས་ཤེས་རབ་ཡེ་ཤེས་ཐབས་ཀྱི་ཕ་རོལ་ཕྱིན། །སྒྱུ་མ་ལྟ་བུའི་ཆོས་དང་གཟུགས་སྤོབས་མཐའ་ཡས་དང་བ་འགྲོ་བ་ཀུན་ལ་སྟོན། ། སྣ་ཚོགས་གཟུགས་དང་སྒྲ་རྣམས་མཐའ་ཡས་ཤིན་ཏུ་རྒྱ་ཆེ་སེམས་ཀྱང་རབ་ཏུ་སྟོན། །འགྲོ་བ་ཐམས་ཅད་ལ་ནི་འདུ་ཤེས་དྲ་བ་འཇུག་པ་སྟོན་ཀྱང་གནས་པ་མྱེད། །འགྲོ་དོན་རྗེས་འགྲོ་དེ་དག་ལ་ལ་དག་ཏུ་ཐོག་མའི་སེམས་སུ་འགྲོ་ལ་སྟོན། །ལ་ལར་འགྲོ་བ་ཀུན་ལ་ བྱང་ཆུབ་སྤྱོད་པ་མཐའ་ཡས་རྒྱ་ཆེན་དག་ཀྱང་སྟོན། །ལ་ལར་སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བརྟན་དང་ཤེས་རབ་རྣམས། །ལ་ལར་ཚངས་པའི་ལམ་སྡུད་ཁ་ཅིག་ཏུ་ནི་སྤྱོད་པ་མཆོག་ཀྱང་རབ་ཏུ་སྟོན། །མཁས་པ་རྟོག་མྱེད་དེ་དག་ལ་ལར་སྤྱོད་པ་ རྫོགས་ཤིང་བཟོད་པ་ཐོབ་པ་སྟོན། །ལ་ལར་སྐྱེ་བ་གཅིག་གིས་ཐོགས་པར་ངེས་ཤིང་ལ་ལར་རྒྱལ་བས་དབང་བསྐུར་བ། །ལ་ལར་ཉན་ཐོས་གཟུགས་སུ་གྱུར་ཅིང་ལ་ལ་དག་དུ་རང་རྒྱལ་གཟུགས་སུ་འགྱུར། །བྱེ་བ་ཁྲག་ཁྲིག་མང་པོའི་ཞིང་དུ་མྱ་ངན་འདའ་ཡང་སྤྱོད་ལས་ ལྡོག་པ་མྱེད། །དེ་དག་ལ་ལར་ལྷ་དབང་བརྒྱ་བྱིན་ལྷ་དང་བཅས་པ་ལ་ལར་ཚངས་པར་འགྱུར། །དེ་དག་ལ་ལར་ལྷའི་བུ་མོ་བརྒྱས་བསྐོར་ལ་ལར་གཅིག་པུ་སྤྱོད་པར་སྟོན། །ལ་ལར་དགེ་སློང་རབ་ཏུ་ཞི་ཞིང་ཡིད་ཞི་ལ་ལར་རྒྱལ་པོ་དབང་ཕྱུག་འགྱུར། །ལ་ལར་ཆོས་ཀྱི་དྲ་ བར་འཇུག་པའི་ཡེ་ཤེས་ཁྱུ་མཆོག་གཟུགས་ཀྱང་རབ་ཏུ་སྟོན། །ལ་ལར་བུད་མྱེད་སྒྱུ་རྩལ་ཕ་རོལ་རབ་ཕྱིན་ལ་ལར་དཀའ་ཐུབ་ཅན་དུ་འགྱུར། །ལ་ལར་འདོད་པའི་ལོངས་སྤྱོད་རྒྱ་ཆེན་སྟོན་ཅིང་ལ་ལར་བསམ་གཏན་ཐུབ་པ་བྱེད། །ལ་ལར་མྱ་ངན་འདའ་དང་ཚེའི་ས་དང་ལ་ལར་ 37-269b རྒན་དང་བྱིས་པར་སྟོན། །དེ་དག་སྤྱོད་པ་བསམ་ན་སྐྱེ་བོ་མོས་པར་འགྱུར་ཏེ་ཡིད་གཉིས་རྙེད་པར་འགྱུར། །ལ་ལར་ལྷ་དང་འགྲོགས་ཤིང་ལ་ལར་ཤི་འཕོ་ལ་ལར་མངལ་འགྲོ་གནས་པར་སྟོན། །ལ་ལར་མངལ་ཞུགས་ལ་ལར་རྣམ་པར་སངས་རྒྱས་ལ་ལར་ འཁོར་ལོ་རབ་ཏུ་བསྐོར། །ལ་ལར་སྐྱེ་བ་ལ་ལར་མྱ་ངན་ལས་འདས་པ་ལ་ལར་བཟོ་ཡང་རབ་ཏུ་སློབ། །ལ་ལར་བུད་མྱེད་ཚོགས་ཀྱི་དབུས་གནས་ལ་ལར་ཏིང་འཛིན་ལ་ལར་མངོན་པར་འབྱུང་། །ལ་ལར་ཁྱུ་མཆོག་བྱང་ཆུབ་དམ་པར་སངས་རྒྱས་བྱང་ཆུབ་ཤིང་གི་དྲུང་ ན་བཞུགས། །ལ་ལར་འཁོར་ལོ་རབ་ཏུ་བསྐོར་ཞིང་ལ་ལར་སྣ་ཚོགས་ཆོས་རྣམས་ཡོངས་སུ་ཚོལ། །ལ་ལར་སངས་རྒྱས་གྱུར་ཅིང་ཞིང་རྣམས་བྱེ་བ་བརྒྱར་ཁྱབ་འགྲོ་བར་སྟོན་བྱེད་ཀྱང་། །བྱང་ཆུབ་དོན་དུ་སྤྱོད་པ་དག་གི་ཚོགས་རྣམས་ལས་ཀྱང་ཕྱིར་ལྡོག་མ་ ཡིན་ནོ། །བསྐལ་པའི་གྲངས་ལ་འཇུག་པའི་ཕ་རོལ་ཕྱིན་པས་བསྐལ་པ་བྱེ་བ་ཕྲག་བརྒྱ་དག །ཁྱུ་མཆོག་སེམས་གཅིག་ནང་སྟོན་སེམས་གཅིག་བསྐལ་པ་བརྒྱར་ཡང་དེ་བཞིན་སྟོན་པ་བྱེད། །འགྲོ་བ་ཐམས་ཅད་ལའང་རྟོག་དང་མྱི་རྟོག་པ་ཡི་ཡུལ་རྣམས་ཐམས་ ཅད་སྟོན། །སྩོགས་པ་མྱེད་ཅིང་ཕྱོགས་ལ་གནས་མྱེད་སྤྱོད་པ་དེ་དག་ཀུན་ཀྱང་རབ་ཏུ་སྟོན། །གང་ཕྱིར་རྒྱལ་བ་ཉེ་རྒྱལ་དེ་དག་ཉི་ཙེའི་ཕྱོགས་མྱེད་ཀུན་ན་བཞུགས་པས་ན། །འགྲོ་བ་ཀུན་གྱི་རྒྱལ་བ་ཇི་སྙེད་པ་དག་ཐམས་ཅད་རྡུལ་གཅིག་སྟེང་དུ་མཐོང་། ། སངས་རྒྱས་ཞིང་རྣམས་བསྒྲུབ་དང་སེམས་ཅན་ཡུལ་དང་ཆོས་ཀྱི་རྒྱུ་ཚུལ་རྣམས་ཀྱང་མཐོང་། །དེ་ལྟར་བརྩོན་པས་བསྐལ་པ་ཁྲག་ཁྲིག་བརྩོན་བྱེད་འོན་ཀྱང་ཆ་ཤས་ཟད་མི་འགྱུར། །དེ་ལྟར་འགྲོ་བ་ཀུན་གྱི་སེམས་ཅན་ཚུལ་རྣམས་མཐའ་ཡས་རྒྱ་ཆེ་རབ་ཏུ་ཤེས། ། སེམས་ཅན་གཅིག་ལ་མཐའ་ཡས་ལུས་དང་རྒྱུ་དང་བྱེ་བ་ཁྲག་ཁྲིག་ཡོད་པ་རྣམས། །དེ་དག་འགྲོ་བ་གཅིག་དང་མ་ལུས་ཐམས་ཅད་དག་ལ་རྣམ་པ་ཀུན་ཏུ་སྟོན་པ་བྱེད། །བསླབ་པ་འདི་ཡི་ཕྱོགས་ལ་ཕ་རོལ་ཕྱིན་ཏེ་མ་བསླབས་རྣམས་ནི་སྟོན་པ་བྱེད། །དབང་པོ་རྣོན་ 37-270a པོ་དང་ནི་འབྲིང་དང་གང་དག་དབང་པོ་རྟུལ་བའང་རབ་ཤེས་ནས། །འགྲོ་བར་སྐལ་བ་ཡོད་དང་སྐལ་བ་མེད་པའི་དབང་པོའི་འཁོར་ལོ་སྐོར་བ་བྱེད། །དབང་པོ་རེ་རེ་ལ་ཡང་དབང་པོ་ཐམས་ཅད་རྣམ་པ་ཕན་ཚུན་གནས་པ་དང་། །དབང་པོའི་དངོས་པོ་ཕྲ་བའི་ ཚུལ་དང་གང་དག་དབང་པོ་བརྟན་པ་འང་རབ་ཏུ་ཤེས། །དེ་ལྟར་ཁམས་དང་མོས་དང་བསམ་པ་སྤྱོད་དང་ཉོན་མོངས་བག་ཆགས་རྣམས་ཀྱང་ཤེས། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡི་སེམས་སྤྱོད་ད་ལྟར་བྱུང་བའང་དེ་བཞིན་ཏེ། །སེམས་ཅན་ཀུན་གྱི་སྤྱོད་པའི་ཕ་རོལ་ཕྱིན་ ཀྱང་འོད་དང་འགྲོ་བ་ཡོད་མ་ཡིན། །མ་ནོར་སྤྱོད་པ་ཤེས་ནས་འགྲོ་བ་ཀུན་ལ་ཆོས་ཀྱི་དམ་པ་སྟོན་པ་བྱེད། །དེ་ལྟར་སེམས་ཀྱི་སེམས་སྤྱོད་སྣ་ཚོགས་ཀུན་ནས་ཉོན་མོངས་ཉོན་མོངས་མྱེད་པ་དག །སེམས་གཅིག་ལ་ནི་ཁོང་དུ་ཆུད་ནས་བྱང་ཆུབ་མཆོག་ཏུ་ཀུན་མཁྱེན་རྣམས་སངས་རྒྱས། ། སེམས་ཀྱི་སྐད་ཅིག་གཅིག་གིས་འགྲོ་བ་རྣམས་ཕྱེ་རང་གི་ཤེས་པས་རྟོགས་གྱུར་ནས། །སེམས་ཀྱི་ཚུལ་ཤེས་སེམས་མྱེད་རབ་ཏུ་གཞོལ་བས་ཡེ་ཤེས་མཆོག་ལ་ཀུན་ཀྱང་འགོད། །རྫུ་འཕྲུལ་མཆོག་ཐོབ་ཡེ་ཤེས་ཁྱུ་མཆོག་མངོན་པར་ཤེས་པ་ཀུན་གྱིས་རབ་ཏུ་འཕགས། ། སེམས་བསྐྱེད་གཅིག་གིས་ཁྲག་ཁྲིག་མཐའ་ཡས་ཞིང་དང་ཕྱོགས་རྣམས་ཐམས་ཅད་དུ་ཡང་འགྲོ། །དེ་ལྟར་ཡེ་ཤེས་དབང་བསྒྱུར་འགྲོ་ཞིང་བསྐལ་པ་བྱེ་བ་ཁྲག་ཁྲིག་ཟད་བྱེད་ཀྱང་། །སྒྲ་རྒྱུད་ཤིན་ཏུ་ཕྲ་བ་གཅིག་ལ་ཞུགས་པར་གནས་ལས་གར་ཡང་འཕོ་བ་མྱེད། །འཚོ་བའི་ དོན་དུ་སྒྱུ་མཁན་གཟུགས་རྣམས་སྣ་ཚོགས་འགྲོ་བ་ཀུན་ལ་སྟོན་བྱེད་ཀྱང་། །སྒྱུ་མ་ཀུན་བཙལ་གཟུགས་སུ་མྱི་དམྱིགས་གཟུགས་ཡོད་མ་ཡིན་པར་ཡང་དམྱིགས་པ་མྱེད། །དེ་ལྟར་མཁས་པ་ཡེ་ཤེས་ཐབས་དང་ཤེས་རབ་རྒྱ་ཆེན་སྒྱུ་མར་ཞུགས་པ་རྣམས། །སྤྲུལ་པ་ ཕུན་སུམ་ཚོགས་པས་འཇིག་རྟེན་ཕལ་ཆེན་ཁྱབ་པར་བྱས་ཤེས་རབ་ཏུ་སྟོན། །ཉི་མ་ཟླ་བ་མཁའ་ལ་རྒྱུ་ཞིང་མཛེས་ལ་ཤིན་ཏུ་འཕགས་པ་རྣམས། །མ་རྙོགས་ཆུ་རྣམས་ཇི་སྙེད་དག་ཏུ་སྣང་ཡང་དེ་ནི་ཆུ་དང་འདྲེས་མ་ཡིན། །དེ་ལྟར་ཆོས་ཉིད་དག་པའི་དཀྱིལ་འཁོར་མཆོག་ལ་ཤེས་ 37-270b པས་ཤིན་ཏུ་འཕགས་པ་རྣམས། །འགྲོ་བ་དག་པའི་སེམས་ཀྱི་ཡུལ་ལ་སྣང་ཡང་འགྲོ་བ་དག་དང་མཛེས་མ་ཡིན། །ལ་ལ་གཉིད་ལོག་རྨྱི་ལམ་དག་ན་བྱ་བ་རྣམ་པ་སྣ་ཚོགས་ཐ་དད་བྱེད། །ལོ་ནི་བྱེ་བ་ཁྲག་ཁྲིག་མང་པོ་ཟད་པར་རྨིས་ཀྱང་མཚན་མོ་དེ་མ་ཟད། །དེ་ལྟར་ཆོས་ཉིད་རང་བཞིན་ མཚུངས་པར་རྗེས་རྟོགས་བྱ་བ་སྣ་ཚོགས་ཀུན་སྟོན་ཏེ། །སྐད་ཅིག་གཅིག་ལ་བསྐལ་པ་བྱེ་བ་ཟད་བྱེད་དེ་དག་ཡེ་ཤེས་ཟད་མྱི་འགྱུར། །རི་ཡི་དབང་པོའི་རི་སུལ་གནས་པ་འཇིག་རྟེན་དག་དང་མཉམ་དུ་ཐོས་པའི་སྒྲ། །ཀུན་ནས་སྒྲའི་སྒྲ་བརྙན་དེ་དང་འདྲ་བར་བརྗོད་ཀྱང་རྟོག་ཅིང་ གཡོ་བ་མྱེད། །དེ་བཞིན་ཆོས་ཀྱི་རང་བཞིན་ཤེས་པའི་ཁྱུ་མཆོག་བྱང་ཆུབ་སེམས་དཔའ་མཁས་པ་དག །རྟོག་པ་མྱེད་པར་སེམས་ཅན་སྒྲ་རྣམས་ཇི་སྙེད་པར་ནི་ཆོས་དང་སྤྱོད་པ་སྟོན། །དཔྱིད་ཟླ་དག་གི་སྨྱིག་རྒྱུ་གཡོས་ལ་ཇི་ལྟར་སེམས་ཅན་ཆུར་ནི་འདུ་ཤེས་ནས། ། དེ་ནས་ཆུ་རྙེད་མྱི་འགྱུར་རབ་ཏུང་དུ་མྱེད་ཅིང་ཇེ་བས་ཇེ་སྐོམ་རྣམ་འཕེལ་བ། །དེ་ལྟར་མཁས་པ་ཐར་ལ་ཞུགས་པ་སེམས་ཅན་དག་གི་ཉོན་མོངས་གཡོ་བ་རྣམས། །ཤེས་པས་རྟོགས་ནས་སེམས་ཅན་འདུ་ཤེས་བྱ་མྱེད་ཕྱིར་ཞིང་བྱ་བ་རྣམ་པར་འཕེལ། །གཟུགས་ནི་དབུ་བ་ ལྟ་བུར་ཁྱུ་མཆོག་སྟོན་ཏེ་ཚོར་བ་ཆུའི་ཆུ་བུར་འདྲ། །འདུ་ཤེས་ཐམས་ཅད་སྨྱིག་རྒྱུ་ལྟ་བུར་རག་ལས་འདུ་བྱེད་ཆུ་སྐྱེས་ཤིང་དང་འདྲ། །སེམས་ནི་སྒྱུ་འདྲ་བསྒྲུབ་བྱ་སྐྱེད་བྱེད་དེ་བཞིན་བྱ་བ་སྣ་ཚོགས་རབ་ཏུ་སྟོན། །དེ་ལྟར་ཕུང་པོ་དགོད་པ་སྟོན་ཀྱང་དབང་བསྒྱུར་དག་ནི་དེ་ལ་གནས་ པ་མྱེད། །སྐྱེ་མཆེད་སྟོང་བའི་རང་བཞིན་དབང་མྱེད་འཁྲུལ་འཁོར་བྱ་བ་ཀུན་ཏུ་འབྱིན་བྱེད་དང་། །ཁམས་ནི་ཆོས་ཀྱི་དབྱིངས་མཚུངས་དངོས་པོ་དག་དང་བྲལ་བར་འགྲོ་བ་རྣམས་ལ་སྟོན། །དམ་པའི་དོན་ཚུལ་ཞི་བ་ལས་ནི་བདེན་པ་སྣ་ཚོགས་རྣམས་ཀྱང་རབ་ཏུ་སྟོན། །དེ་ལྟར་དེ་ དག་ཆོས་ཚུལ་རྣམ་པར་དགོད་པ་སྟོན་པ་བྱེད་ཀྱང་གནས་པ་མྱེད། །འོང་བ་མྱེད་ཅིང་ཕྱོགས་སུ་འགྲོ་བ་མྱེད་ལ་རྒྱུད་དུ་གནས་མྱེད་པའི། །ཉོན་མོངས་རྒྱུ་ལས་བྱུང་བའི་ལས་དང་ལས་ལས་སྡུག་བསྔལ་དེ་ལྟར་ལམ་གསུམ་དུ། །རྐྱེན་ལ་རག་ལས་འབྱུང་བ་རྣམས་དང་ཡོད་དང་ 37-271a མྱེད་ལས་རབ་ཏུ་འདས་པ་ཡི། །ཡང་དག་དོན་དམ་དབུ་མའི་ལམ་ནི་དངོས་པོ་མྱེད་ལ་གནས་པ་རབ་ཏུ་སྟོན། །སྐད་ཅིག་གཅིག་ལ་དུས་གསུམ་ཁོང་དུ་ཆུད་ཀྱང་སྐད་ཅིག་སྣ་ཚོགས་རྣམས་ཀྱང་བསྟན། །འདོད་དང་གཟུགས་མྱེད་ཁམས་ཀྱི་ཡུལ་ དང་བྱ་བ་སྣ་ཚོགས་སྟོན་པར་བྱེད། །སྡོམ་པ་གསུམ་གྱི་སྤྱོད་དང་རབ་ཏུ་ལྡན་ཞིང་ཐར་པ་གསུམ་ཡང་རབ་ཏུ་སྟོན། །ཐམས་ཅད་མཁྱེན་པ་ཉིད་དུ་གཅིག་ལ་ཐེག་པ་གསུམ་དུ་རྣམ་པར་དགོད་པ་དེ་བཞིན་སྟོན། །གནས་དང་གནས་མ་ཡིན་པ་རབ་ཏུ་དབྱེ་བའི་ཆོས་དང་དབང་པོ་ཕ་རོལ་ ཕྱིན། །ཁམས་དང་མོས་པ་དག་དང་ཉོན་མོངས་རྣམ་འབྱེད་ཀུན་ཏུ་འགྲོ་བ་ཐོབ་གྱུར་པ། །མྱིག་གི་ཡུལ་གྱུར་སྔོན་གྱི་གནས་པ་དྲན་ཞིང་ཉོན་མོངས་ཞི་བར་མཁས་པ་དག །སངས་རྒྱས་སྟོབས་བཅུ་དག་གིས་ཡེ་ཤེས་ཤིན་ཏུ་ཡངས་ཀྱང་སྟོབས་ལ་དམྱིགས་པ་མྱེད། །སངས་ རྒྱས་ཐམས་ཅད་རྗེས་སུ་དཔོག་སྟོང་འགྲོ་བ་ཀུན་ཏུ་མངོན་སུམ་ཆོས་བཞེད་དེ། །ཉོན་མོངས་ཟག་པ་ལྷན་ཅིག་སྐྱེས་པ་མྱི་མངའ་བྱང་བའང་བརྙེས་པར་འགྱུར་བ་མྱེད། །འབྱུང་བས་ཐུགས་སུ་ཆུད་པའི་ཡེ་ཤེས་རྒྱ་ཆེན་དེས་ནི་འགྲོ་བ་འདོན་པ་མཛད། །འདི་ཡི་གནས་ལ་རྒྱལ་ སྲས་འཇིགས་པ་མྱེད་ཅིང་འོན་ཀྱང་ཞི་བར་སྤྱོད་པ་མྱེད། །འཁྲུལ་བ་མྱི་མངའ་ལམ་ལས་གཡོ་བའང་མྱི་མངའ་དགོངས་པ་ཉམས་པ་འང་མི་མངའ་སྟེ། །མོས་དང་བརྩོན་འགྲུས་ཏིང་འཛིན་ཤེས་རབ་རྣམ་པར་འབྱེད་པ་ཡེ་ཤེས་གང་དུ་འང་ཉམས་པ་མྱེད། །ཐམས་ཅད་མཁྱེན་ མཛད་སྡོམ་པ་གསུམ་མཛད་དུས་གསུམ་ཀུན་ལ་མངོན་སུམ་མཁྱེན་མངའ་བ། །འགྲོ་བ་ཀུན་གྱིས་མ་ཐོབ་བྱམས་པའི་ཆོས་ཉིད་མྱི་འཕྲོགས་ཆགས་པ་མྱེད་བརྙེས་པ། །ཆོས་སྒོ་གང་དག་གིས་ནི་སྤྱོད་པ་འདི་དག་རབ་ཏུ་ཐོབ་པ་སྨྲ་བའི་མཆོག །དེ་དག་ཡོན་ ཏན་མང་པོ་དོན་གྱིས་བརྒྱན་པའི་ཕྱོགས་ཙམ་བདག་གིས་བརྗོད་པར་བྱ། །དེ་དག་སྤྱོད་པ་བསྐལ་པ་ཁྲག་ཁྲིག་དག་ཏུ་བརྗོད་ཀྱང་ཟད་པར་མྱི་ནུས་ཏེ། །འོན་ཀྱང་ཇི་ལྟར་ས་ལས་རྡུལ་འདྲ་ཡེ་ཤེས་སྤྱོད་པ་ཕྱོགས་ཙམ་བརྗོད་པར་བྱ། །སངས་རྒྱས་ཡེ་ཤེས་རྟེན་ལྡན་ 37-271b བསམ་པ་ཐོབ་པས་ངོ་མཚར་འདུ་ཤེས་གནས་པ་རྣམས། །སྤྱོད་པ་མཆོག་དང་ལྡན་ཞིང་བྱམས་པའི་རྗེས་སོང་བརྩོན་འགྲུས་བརྟན་པས་རྣམ་གནོན་ཅིང་། །ཚུལ་ཁྲིམས་མྱི་གཡོ་དབུགས་ཕྱིན་དེ་དག་འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད། །ལུང་བསྟན་རབ་ཏུ་ཐོབ་ ནས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཚུལ་བཞིན་ཐོབ་པར་བྱེད། །སངས་རྒྱས་ཡོན་ཏན་དག་ལ་ཞུགས་ཀྱང་སེམས་ཅན་སེམས་དང་ཞིང་ལ་སེམས་པ་བྱེད། །བསྐལ་པའི་དུས་ལ་འཇུག་པའི་ཡེ་ཤེས་ལྡན་ཞིང་མཁས་པ་སྐྱོ་བའི་འདུ་ཤེས་མྱེད། །གཟུངས་ཀྱི་ཚུལ་ དང་ཡང་དག་ཐ་དད་སྟོབས་རྣམས་ཐོབ་ཅིང་ཡང་དག་དོན་གྱིས་རྒལ། །བསྟན་པ་མཚུངས་མྱེད་སེམས་ཀྱིས་མཁས་པ་བྱང་ཆུབ་ཞི་བ་རྣམ་པར་འཚང་ཡང་རྒྱ། །སེམས་ཀྱི་སྤྱོད་པ་ཐམས་ཅད་བཟང་པོའི་ཡོན་ཏན་སྤྱོད་པའི་མཆོག་ཏུ་སྨོན་པར་བྱེད། །སྙིང་རྗེའི་རྐྱེན་དང་ བྱམས་པ་མཆོག་སྟེན་བྱང་ཆུབ་དམ་པ་སྤྱོད་པར་བྱེད་དང་ལྡན། །བརྩོན་པས་ཕ་རོལ་ཕྱིན་རྟོགས་རབ་ཏུ་མཁས་ཤིང་སྐྱོ་བའི་ཕ་རོལ་ཕྱིན་གྱུར་པས། །ཁྱུ་མཆོག་མོས་དང་རབ་ཏུ་རྟོགས་པའི་སྟོབས་ཐོབ་བྱང་ཆུབ་དམ་པ་མངོན་འཚང་རྒྱ། །མཉམ་པ་ཉིད་ཀྱིས་མཉམ་པ་ཐོབ་ ཅིང་ཡེ་ཤེས་ཚུལ་གྱིས་ཆོས་མཆོག་སྟོན་བྱེད་པ། །ཡོན་ཏན་ཐོབ་བྱེད་སྤོབས་དང་ལྡན་པ་དེ་དག་ཆོས་ཀྱི་དབང་ཕྱུག་མཆོག་ཏུ་འགྱུར། །དབང་ལ་གནས་ཀྱང་གནས་པ་མྱེད་པས་མཉམ་པ་མྱེད་པའི་སེམས་ཀྱི་འབྲུག་སྒྲ་སྒྲོག །ཡེ་ཤེས་མཆོག་དང་དེ་བཞིན་སྤྲུལ་ པ་སྒྲུབ་ཅིང་བྱང་ཆུབ་ཉེ་བར་འགྲོ། །མཁས་པ་དེ་དག་བསྐལ་པ་འབྱམ་ཀླས་བྱིན་རླབས་ཤེས་པས་དབུགས་ཕྱིན་རབ་ཏུ་འཐོབ། །ཟབ་ལ་གནས་པས་བརྟན་པར་འགྲོ་ན་གནས་ཤིང་ནེམ་ནུར་བསྩལ་བས་མཁས་པ་རྣམས། ཡེ་ཤེས་བསམ་གྱིས་མི་ ཁྱབ་ཆོས་ཀྱི་དགོངས་པ་མཁས་ཤིང་རྣམ་ཕྱེ་ཕ་རོལ་ཕྱིན། །སྙོམས་པར་འཇུག་པའི་ཡེ་ཤེས་ཡུལ་ལ་ཞུགས་ནས་ཐམས་ཅད་མཁྱེན་པར་འཚང་ཡང་རྒྱ། །ཡེ་ཤེས་རྣམ་ཐར་ཀུན་གྱི་ཕ་རོལ་ཕྱིན་ཅིང་མངོན་པར་ཤེས་པས་རྣམས་པར་རྩེན། །རིག་པའི་སྣང་ 37-272a ལྡན་རྣམ་གྲོལ་ཉོན་མོངས་བྲལ་བས་འགྲོ་ལ་སྐྱེད་མོས་ཚལ་དང་འདྲ། །གང་ལ་དཀར་བའི་སྤྱོད་པའི་གཞལ་མྱེད་ཁང་མཛེས་སྣ་ཚོགས་སྤྱོད་པ་སྟོན་པ་པོ། །འགྲོ་བ་ཀུན་ལ་རྒྱན་རྣམས་དུ་མ་རབ་ཏུ་སྟོན་ཀྱང་སེམས་ལས་གཡོ་བ་མྱེད། ། བསམ་པ་ཤིན་ཏུ་ཤེས་པས་བརྟན་པ་རབ་ཏུ་མཁས་ཤིང་ཕ་རོལ་ཕྱིན་གྱུར་པས། །མཁས་པ་དག་ནི་དག་ཅིང་སྦྱངས་པའི་བྱང་ཆུབ་ཕྱག་རྒྱ་སྣང་བའི་ཡེ་ཤེས་ཀྱིས། །འགྲོ་བ་དག་དང་མྱི་མཚུངས་ཞུམ་མྱེད་ཁྱུ་མཆོག་ལྷག་པའི་བསམ་པ་རི་བོ་འདྲ། །ཡེ་ཤེས་རྒྱ་མཚོ་འདྲ་དང་ ཡོན་ཏན་མྱི་ཟད་དོན་དུ་སྤྱོད་པ་ཆེན་པོ་སྤྱོད། །དེ་དག་རིན་ཆེན་འདྲ་བའི་གནས་ལ་རྡོ་རྗེ་ལྟ་བུའི་གོ་ཆ་བགོས་པས་གནས། །ཤིན་ཏུ་རྒྱ་ཆེན་རྩོམ་ལ་རབ་ཏུ་མཁས་ཤིང་འགྲོ་བ་ཀུན་ན་ཐུབ་མྱེད་པ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་སྐྱོན་མྱེད་ཁོང་དུ་ཆུད་པའི་རྒྱ་ཆེན་ སེམས་ལ་གནས། །སངས་རྒྱས་གཏེར་མཆོག་མི་ཟད་ཐོབ་ནས་ཐམས་ཅད་མཁྱེན་པ་ཉིད་དུ་འཚང་རྒྱའོ། །རྟག་ཏུ་ཀུན་རྫོབ་ཤེས་པས་དབང་འགྱུར་རྣམ་པར་འཕྲུལ་པ་རྣམས་ལ་མཁས་པས་ན། །ཞིང་རྣམས་ཀུན་དང་ཆོས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་ བའི་ཡེ་ཤེས་རྒྱུད་ལ་གནས། །ལུས་དང་སྨོན་ལམ་སྤྱོད་ཡུལ་ཡེ་ཤེས་རྣམ་པར་འཕྲུལ་པ་ལ་ཡང་དེ་བཞིན་ཏེ། །འགྲོ་བ་དག་ལ་རྣམ་པར་རྩེ་བ་བྱེ་བ་ཁྲག་ཁྲིག་དུ་མ་མང་པོ་སྟོན། །མངོན་པར་ཤེས་པའི་རྫུ་འཕྲུལ་སྟོབས་ཀྱིས་རྣམ་པར་འཕྲུལ་ཞིང་ངེས་པར་རྣམ་པར་ རྩེ། །ཁྱུ་མཆོག་དེ་དག་སངས་རྒྱས་ཡུལ་ལ་སྟོབས་ཐོབ་འགྲོ་བ་ཀུན་གྱིས་ཐུབ་པ་མྱེད། །མཁས་པ་འཇིགས་པ་མྱེད་དང་བག་ཚ་མྱེད་དང་མ་འདྲེས་རྣམས་ཀྱིས་ཤིན་ཏུ་བརྒྱན། །སངས་རྒྱས་སྲས་དག་ལས་རྣམས་ཐམས་ཅད་བྱེད་ཅིང་ཤིན་ཏུ་མཛེས་པའི་ལུས་དང་ ལྡན། །དེ་དག་ལུས་ཀྱི་ལས་ཀྱི་དངོས་པོ་ཤིན་ཏུ་རྒྱ་ཆེ་དག་ཀྱང་དག་ཅིང་དགེ། དེ་ཡང་འབྱིན་པའི་ཚེ་ན་རྒྱལ་བས་བྱིན་གྱིས་བརླབས་ཤིང་ལས་ནི་མཆོག་ཀྱང་བྱེད། །དམ་པ་དེ་དག་སེམས་བསྐྱེད་གཅིག་ལ་སེམས་རྒྱས་བྱེད་པའི་སེམས་ཀྱང་རབ་ཏུ་སྟོན། །རྒྱལ་ 37-272b བའི་དབང་པོ་ཐོབ་པས་རྟག་ཏུ་དབང་པོའི་ཏིང་འཛིན་དབང་ལ་རབ་ཏུ་གནས། །བསམ་པ་དག་ཅིང་གཡོ་སྒྱུ་རྣམས་དང་བྲལ་ཏེ་ལྷག་པའི་བསམ་པ་མངོན་སུམ་གྱུར། །མོས་པའི་འཇུག་པ་རྣམ་པ་སྣ་ཚོགས་ཐ་དད་འགྲོ་བ་དག་ལ་རབ་ཏུ་སྟོན། །བག་ཆགས་ཐམས་ ཅད་སྤངས་ནས་སྤྱོད་པ་དམ་པ་རབ་ཏུ་འཛིན། །ནན་ཏན་བྱ་བ་གྲུབ་པའི་ཡེ་ཤེས་མཁས་པས་ཐམས་ཅད་མཁྱེན་པ་འཚང་ཡང་རྒྱ། །བསམ་པ་རྣམ་པར་སྤངས་ནས་དེ་དག་སྐྱོན་མེད་གནས་པ་ཞི་བའི་མཆོག་ཀྱང་ཐོབ། །མཁས་པ་འདི་ལམ་ཤིན་ཏུ་བསླབས་པ་དེ་དག་མིང་ནི་ ཡོན་ཏན་སྒོ་ནས་གྲགས། །མཐའ་ཡས་སེམས་ཀྱི་ཡུལ་ལྡན་གནས་པ་མྱེད་པར་ལམ་རྣམས་ཡང་དུ་སྒོམ་པ་བྱེད། །ཡེ་ཤེས་ཚུལ་ལ་གནས་ཤིང་འགྲོ་བ་རྣམས་ལ་ལམ་གྱི་རྒྱན་རྣམས་ཤིན་ཏུ་སྟོན། །སྤྱོད་པ་ལག་པ་ལྟ་བུ་དགའ་དང་ལྡན་པ་ལྟོ་ཡིན་སྙིང་པོ་ཡེ་ཤེས་མཆོག ། སྙིང་ནི་རྡོ་རྗེ་ལྟ་བུ་སྙིང་རྗེའི་གོ་བགོས་ཡེ་ཤེས་གདབ་པའི་མཚོན་ཆ་ཡིན། །ཤེས་རབ་མགོ་སྟེ་ཆོས་རྟོགས་མྱིག་ཡིན་བྱང་ཆུབ་སྤྱོད་པ་ཡང་ནི་རྣ་བ་ཡིན། །ཚུལ་ཁྲིམས་དག་ཅིང་ཉོན་མོངས་མྱེད་ལ་གཙང་སྟེ་མུན་པ་ཞི་བྱེད་སྣ་ཡིན་ཏེ། །སྤོབས་པ་ལྕེ་ཡིན་ལུས་ནི་རིག་པ་ཡིན་ ཏེ་སེམས་ནི་ཡེ་ཤེས་དམ་པ་ཡིན། །སྤྱོད་པ་རྒྱུ་བ་ཡིན་ཏེ་བྱང་ཆུབ་ཤིང་གནས་སེང་གེའི་ཁྲི་ནི་འདུག་པ་ཡིན། །ཚངས་པའི་ལམ་རྣམས་དག་ནི་ལམ་ཡིན་སྟོང་པ་ཆགས་མྱེད་དམ་པ་སྤྱོད་ཡུལ་ལོ། །གང་གི་དེ་དག་སྣང་བར་འགྱུར་བའི་སྣང་བ་བདེ་བར་གཤེགས་ཀྱི་ཡེ་ ཤེས་ཡུལ། །སེམས་ཅན་སྤྱོད་ལ་རྣམ་པར་ལྟ་བ་ཡེ་ཤེས་མཆོག་སྟེ་རྣམ་པ་སྣ་ཚོགས་བསྒྱིངས། །སེམས་ཅན་དབེན་ཞིང་ཆགས་དང་བྲལ་བའི་སྦྱིན་པ་བསྙེམས་པ་མྱེད་པའི་ཚུལ་ཁྲིམས་དང་། །བཟོད་པ་མི་འཁྲུག་བརྩོན་འགྲུས་མྱི་ལྡོག་དབང་བསྒྱུར་བ་ནི་བསམ་གཏན་ དམ་པ་ཡིན། །རྒྱུ་བ་མྱེད་ཅིང་ནམ་མཁའ་འདྲ་བ་ཤེས་རབ་བྱམས་པ་སེམས་ཅན་རྣམ་པར་འདྲེན། །སྐྱོ་མེད་སྙིང་རྗེ་རྣམ་དག་ཆོས་ནི་དགའ་བ་ཉོན་མོངས་གནས་ལས་བཏང་ཡང་སྙོམས། །དོན་ནི་ཞི་བ་ཆོས་ཀྱི་ཡུལ་ལ་ཉེ་བར་འགྲོ་བ་བསོད་ནམས་འགྲོ་ལ་བསྔོས། །ཡེ་ཤེས་ 37-273a ཚོགས་ནི་རལ་གྱི་རྣོན་པོ་ལྟ་བུ་སྣང་བ་ཆེན་པོ་རིག་པ་སྟེ། །འགྲོ་བ་རྣམས་ལ་ཐོས་པ་སྟོན་པས་མི་ངོམས་བསྐལ་པར་འདྲེན་ཀྱང་འཇིགས་པ་མྱེད། །ནན་ཏན་བྱེད་ལ་གནས་ཏེ་བདུད་རྣམས་བཏུལ་ནས་བདུད་ཀྱི་ལམ་ཡང་རབ་ཏུ་བཅད། །རྒྱལ་བ་ རྣམས་ཀྱི་འཕྲིན་ལས་གང་ཡིན་ཡེ་ཤེས་སྤྱོད་དང་ལྷག་པའི་བསམ་པས་འཛིན། །ང་རྒྱལ་ལས་རྣམས་རྣམ་པར་སྤངས་ཏེ་རྟག་ཏུ་ཡེ་ཤེས་ཀྱི་འང་བྱ་བ་བྱེད། །བདུད་རྣམས་བྱིན་གྱི་རླབས་བཅོམ་མཁས་པ་དེ་དག་སངས་རྒྱས་བྱིན་གྱི་རླབས་ཀྱིས་འཕགས། །ཆོས་ཀྱི་བྱིན་ གྱི་རླབས་ཐོབ་བློ་གྲོས་ཆེན་པོ་འཆང་བ་ལྷ་ཡི་གནས་སུ་འདོད། །ལྷ་རྣམས་བྱས་ཏེ་འཆི་འཕོས་སོང་ནས་མཆོག་གི་མངལ་ནི་ཤིན་ཏུ་ཕྲ་བར་འགྲོ། །སྐྱེ་བ་མཆོག་ནི་ཉེ་བར་བསྟན་ནས་མཆོག་གི་གོམ་པ་བདུན་ནི་འདོར་བར་བྱེད། །མཁས་པ་དེ་དག་སེམས་ཅན་ཀུན་ལ་ བཟོ་དང་སྤྱོད་དང་བཙུན་མོའི་འཁོར་ཀྱང་སྟོན། །ཆགས་པ་མྱེད་པར་མངོན་པར་བྱུང་ནས་བྱང་ཆུབ་ཤིང་དྲུང་ཆོས་ཀྱི་རྒྱན་ཀྱང་བྱེད། །སྟོང་པའི་བསྟན་ལས་འོད་ཟེར་དྲ་བ་ཡངས་པ་བཀྱེ་ཞིང་ཡང་དག་བསྐུལ་བ་བྱེད། །བདུད་རྣམས་བཏུལ་ཏེ་བྱང་ཆུབ་གོ་འཕང་སངས་རྒྱས་ ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །སངས་རྒྱས་ས་ཡང་རབ་ཏུ་བསྟན་ནས་འདྲེན་པ་དེ་དག་མཚུངས་པ་མྱེད་པར་བཞུད། །གང་གིས་མཁས་པ་བསྐལ་པ་བྱེ་བར་རྣམ་པར་རྩེ་ཞིང་ཡང་དག་བྱུང་གྱུར་ནས། །སེམས་ཅན་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་སངས་རྒྱས་ཡོན་ ཏན་རབ་འགོད་ཀྱང་། །རྣམ་པ་ཀུན་ཏུ་སེམས་ཅན་མྱི་གནས་ཆོས་ལམ་ཡིན་སྤྱོད་ལམ་ཡིན་པའི། །དེ་དག་གི་ནི་སྤྱོད་པ་འདི་འདྲ་མཐའ་ཡས་ཤིན་ཏུ་རྒྱ་ཆེན་མདོར་བསྟན་ཏོ། །དེ་འདྲའི་སྤྱོད་དང་ལྡན་པའི་ཡེ་ཤེས་ཁྱུ་མཆོག་རྫུ་འཕྲུལ་དག་གིས་རྣམ་པར་རྩེ། །ཞིང་ རྣམས་བྱེ་བ་སྟོང་ཡང་སྐྲ་རྩེ་གཅིག་ལ་བསྐལ་པ་ཁྲག་ཁྲིག་བརྒྱར་འཛིན་ཏེ། །ལག་ཏུ་ཁྱེར་ཏེ་ཞིང་རྣམས་བྱེ་བར་འགྲོ་ཡང་ལུས་ལ་ངལ་དུབ་གང་ཡང་མྱེད། །མཁས་པས་ཁྱེར་ནས་ཇི་ལྟའི་གནས་སུ་བཀོད་ཀྱང་འགྲོ་བ་དག་ལ་གནོད་པ་མྱེད། །འཇིག་རྟེན་མཁྱེན་པའི་ཞིང་ 37-273b གི་རྒྱན་རྣམས་ཇི་སྙེད་རྣམ་པ་ཐ་དད་བསྟན་པ་དག །ཀུན་ཀྱང་བ་སྤུ་གཅིག་གི་བུ་གར་ཁྱུ་མཆོག་དེ་དག་ཡང་དག་རབ་ཏུ་སྟོན། །མཁས་པ་བ་སྤུའི་བུ་གར་རྒྱ་མཚོའི་ཆུ་རྣམས་མ་ལུས་ཁོང་ཆུད་རབ་སྟོན་ཀྱང་། །འཕེལ་ཞིང་འགྲིབ་མྱེད་འགྲོ་བ་དག་ལ་གནོད་པར་འགྱུར་མྱེད་བྱ་ བ་དེ་ཡང་སྟོན། །ཁོར་ཡུག་ཁྲག་ཁྲིག་ཤིན་ཏུ་ཕྲ་བའི་རྡུལ་བྱས་ལག་གིས་བསྡུས་ཁྱེར་ཞིང་། །ཞིང་རྣམས་ཁྲག་ཁྲིག་བྱེ་མ་སྙེད་དུ་འདོར་བྱེད་གཅིག་ཏུ་གཉིས་ཀྱང་གཞོག་མི་བྱེད། །ཞིང་རྣམས་དེ་དག་རྡུལ་དུ་བྱས་ཏེ་དེ་བཞིན་གཞན་ཡང་རྣམ་པར་འཇིག་བྱེད་ དེ། །དེ་འདྲའི་རྗེས་སུ་དཔག་པ་ཟད་པར་གྱུར་ཀྱང་འཇུག་པ་དེ་དག་མི་ཟད་དོ། །འཇིག་རྟེན་ཀུན་གྱི་ཉི་མ་ཟླ་བ་སྐར་མ་གང་དག་སྟོང་རྣམས་ཇི་སྙེད་དང་། །གང་ཡང་ནོར་བུའི་འོད་དང་མྱེ་ཡི་འོད་དང་གང་ན་གང་རྣམས་ལྷ་དབང་འོད། །མང་པོ་དེ་དག་རབ་ཏུ་འདས་ པའི་འོད་ཟེར་ཁྲག་ཁྲིག་སྤུ་གཅིག་ཁུང་ནས་འགྱེད། །འཇིག་རྟེན་ཀུན་གྱི་ངན་སོང་སྡུག་བསྔལ་ཞི་བར་བྱེད་ཅིང་ཆོས་ཀྱི་དམ་པ་སྟོན། །འགྲོ་བ་མ་ལུས་སྒྲ་ཡི་རྣམ་པ་སྣ་ཚོགས་སྐད་རྣམས་ཐམས་ཅད་ཇི་སྙེད་པ། །ཁྱུ་མཆོག་དེ་དག་ཚིག་གཅིག་རབ་ཏུ་ བརྗོད་པས་སྒྲ་རྣམས་ཐམས་ཅད་ཚང་བར་བརྗོད། །སྲོག་ཆགས་བྱེ་བ་རྣམས་ཀྱིས་ཡིད་དུ་འོང་བའི་སྒྲ་ཐོས་དགའ་ཞིང་མགུ་བར་འགྱུར། །རྒྱལ་བས་བསྟན་པའི་ཆོས་ཀྱི་རྣམ་པ་ཇི་སྙེད་ཐམས་ཅད་དེ་ལས་ཐོས་པར་འགྱུར། །གང་ཡང་ཇི་སྙེད་འདས་པའི་ བསྐལ་པ་ཡོད་པ་དེ་དག་མ་འོངས་བསྐལ་པར་སྟོན། །གང་ཡང་མ་འོངས་པ་དང་ད་ལྟར་བྱུང་བ་ཇི་སྙེད་དེ་དག་འདས་པར་སྟོན། །ཁྱུ་མཆོག་དག་ནི་ཞིང་རྣམས་འཚིག་དང་གནས་པ་རྣམ་པ་ཐ་དད་སྟོན་པར་བྱེད། །འགྲོ་བ་ཇི་སྙེད་ཐམས་ཅད་མཁས་པ་དེ་དག་སྐྲ་རྩེ་གཅིག་ ལ་རབ་ཏུ་འགོད། །འདས་དང་མ་བྱོན་པ་དང་ཕྱོགས་བཅུ་ཀུན་ན་བཞུགས་པའི་རྒྱལ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་རང་གི་ལུས་ལས་མ་ནོར་དབང་བསྒྱུར་རྣམ་པར་འཕྲུལ་བ་སྟོན། །སྤྲུལ་པའི་བྱིན་གྱི་རླབས་ལ་ཤེས་པའི་མཁས་པ་དེ་དག་འགྲོ་བ་ཇི་སྙེད་སེམས། ། 37-274a དེ་སྙེད་ལུས་རྣམས་རྡུལ་དང་བྲལ་བ་སྟོན་ཀྱང་ལུས་ལ་གནས་པ་གང་ཡང་མྱེད། །ལམ་རྒྱུད་དྲུག་པོ་གང་རྣམས་ཇི་སྙེད་ཡོད་པའི་འགྲོ་བ་ཀུན་གྱི་ལུས་བསྡུས་ཤིང་། །བརྒྱ་བྱིན་ཚངས་པ་འཇིག་རྟེན་མགོན་པོ་རྣམས་དང་དེ་བཞིན་ལྷ་དང་ མྱི་ཡི་རྣམས། །གང་ཡང་ཉན་ཐོས་རང་རྒྱལ་རྣམས་ལ་དད་ཅིང་སངས་རྒྱས་སྐུ་ལ་མོས་པ་ལ། །སངས་རྒྱས་བྱང་ཆུབ་འགྲུབ་པའི་སྤྱོད་པ་དག་དང་ཐམས་ཅད་མཁྱེན་པའི་སྤྱོད་པ་སྟོན། །འགྲོ་བ་ཀུན་གྱི་འདུ་ཤེས་དྲ་བ་རབ་དང་འབྲིང་དང་ཐ་མར་འཇུག་པ་རྣམས། ། ཐམས་ཅད་ཤེས་ཤིང་བྱིན་རློབ་བྱང་ཆུབ་འཚང་རྒྱ་ཞིང་རྣམས་ཀུན་ཀྱང་རབ་ཏུ་སྟོན། །འདུ་ཤེས་དྲ་བ་རྣམས་སྒོམས་བློ་ལྡན་འཇིག་རྟེན་འདུ་ཤེས་རྣམས་ལ་དབང་བསྒྱུར་བ། །བྱ་བ་དང་ནི་སྦྱོར་བ་ཇི་སྙེད་པ་དང་དཀོན་མཆོག་བྱང་ཆུབ་སྤྱོད་པ་སྟོན། །དེ་དག་དེ་དང་ རྣམ་པར་འཕྲུལ་པ་ཤིན་ཏུ་རྒྱ་ཆེན་དམ་པ་གཞན་ཡང་སྟོན། །དེ་དག་གང་ལ་འཇིག་རྟེན་ས་མྱིན་པ་དང་ཡུལ་མྱིན་དེ་དག་བྱ་བ་སྟོན། །སྟོན་ཀྱང་ལྟ་བ་ལྷུར་ལེན་མ་ཡིན་གཞན་ཡང་ཕྱིར་ཞིང་གོང་དུ་སྟོན་པ་བྱེད། །དེ་དག་སེམས་ཅན་རྣམས་ཀྱི་བསམ་པ་ཇི་བཞིན་སྤྱོད་པ་ཇི་བཞིན་ཡང་དག་ འཇུག །ལུས་ནི་ནམ་མཁའ་ལྟ་བུ་དག་དང་ཡིད་ལ་ཆགས་མྱེད་འཇིག་རྟེན་གསུམ་གྱི་གཙོ། ཚུལ་ཁྲིམས་སྤོས་ཀྱི་བྱུག་པ་རབ་ཏུ་ཞི་བ་གོས་ཡིན་ཡོན་ཏན་སྣ་ཚོགས་རྒྱན། །ཆོས་ཀྱི་གོ་འཕང་སྐྱོན་མྱེད་ཐོབ་ཅིང་ཐམས་ཅད་མཁྱེན་པ་ཡིད་བཞིན་ནོར་བུ་སྟེ། །བདེ་གཤེགས་ཀུན་གྱི་ ཡེ་ཤེས་དབང་བསྐུར་ཐམས་ཅད་མཁྱེན་པའི་རྒྱལ་པོའི་ཐབས་ལ་གནས། །ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག །ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མྱེད་འགྲོ་ཤེས་རབ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བཟང་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པའོ། ། ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཏེ་མཁས་པ་དེ་དག་འཁོར་ལོས་སྒྱུར། །སྟོང་པ་ཁྱིམ་སྟེ་ཏིང་འཛིན་གྲོང་ཁྱེར་མཆོག་ཡིན་བྱམས་དང་སྙིང་རྗེའི་གོ་ཅའོ། །ཤེས་རབ་རལ་གྱི་ཡིན་ཏེ་དྲན་པ་གཞུ་མཛེས་དབང་པོ་རྣོ་བ་མདའ་ཡང་ཡིན། །འཇིག་རྟེན་མཁྱེན་པ་རྣམས་ཀྱི་བྱིན་གྱི་རླབས་ནི་ 37-274b གདུགས་ཏེ་ཡེ་ཤེས་རྒྱལ་མཚན་བསྒྲེང་། །དེ་དང་དེ་དག་བཟོད་པའི་སྟོབས་ཀྱིས་བདུད་ཀྱི་དཔུང་དང་སྡེ་རྣམས་འདུས་པ་འཇོམས། །གཟུངས་ནི་ས་སྟེ་བྱང་ཆུབ་སྤྱོད་པ་ཆུ་ཀླུང་ཡེ་ཤེས་ལུ་མ་ཤེས་རབ་ཤིང་། །མེ་ཏོག་བྱང་ཆུབ་ཡན་ལག་ཏིང་ངེ་འཛིན་ནི་རྟ་སྟེ་རྫུ་འཕྲུལ་ རྣམ་པར་བརྒྱན། །སྟོང་པ་རྣམ་ཐར་བརྒྱད་པ་རྫིང་བུ་ཡིན་ཏེ་རྣམ་པར་དཔྱོད་པ་བཟང་མོ་བཙུན་མོ་ཡིན། །ཐར་བ་བདུད་རྩི་བཟའ་བ་ཡིན་ཏེ་ཆོས་ནི་བཏུང་བ་ཐེག་པ་གསུམ་གྱིས་རྩེ། །དེ་དག་སྤྱོད་པ་དེ་འདྲ་ཡིད་འོང་ཁྱད་པར་འཕགས་ཏེ་དེ་བས་གོང་དུ་མང་། །གང་གིས་ བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་སྐྱོ་བ་ཡོངས་སུ་མྱི་སྐྱོ་བར། །སྟོན་པ་མཆོད་ཅིང་རྣམ་དག་ཞིང་ལ་བརྩོན་པས་འགྲོ་བ་ཡེ་ཤེས་མཆོག་ལ་འགོད། །ཁ་ན་མ་ཐོ་ཀུན་མྱེད་ཡེ་ཤེས་རབ་གནས་ཐམས་ཅད་མཁྱེན་པ་ཉིད་རྒྱས་བྱེད། །ཞིང་རྣམས་རྡུལ་གྱི་འབྲུར་བླགས་རེ་རེ་ནས་ཀྱང་ བགྲང་ཞིང་བརྩི་བར་ནུས་གྱུར་ལ། །བར་སྣང་མཁའ་ཆེན་འདི་ཡང་སྐྲ་ཡིས་གཞལ་ཏེ་ཟད་པར་བྱ་བར་ནུས་སྲིད་དེ། །སྐད་ཅིག་གཅིག་ལ་འགྲོ་བ་རྣམས་ཀྱི་སེམས་ནི་བགྲང་ཚུལ་ཤེས་པར་ནུས་སྲིད་ཀྱི། །སངས་རྒྱས་སྲས་རྣམས་སྤྱོད་པ་དག་ནི་བསྐལ་པ་བརྒྱར་ བརྗོད་ཟད་པར་མྱི་ནུས་སོ། །གང་ཞིག་ཡོན་ཏན་རྣམ་དག་འདི་དག་འཐོབ་པར་འདོད་ཅིང་གོང་དུ་གཞན་འདོད་དང་། །གང་ཞིག་སྡུག་བསྔལ་རྣམས་ལས་འགྲོ་བར་ཐར་བྱས་བདེ་ལ་འགོད་པ་དང་། །གང་ཞིག་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་དང་མཉམ་དུ་ འགྱུར་བར་འདོད་པ་དག །དེས་ནི་རྡོ་རྗེ་ལྟ་བུར་བརྟན་པའི་སེམས་སུ་གྱིས་ཏེ་ཡོན་ཏན་བསླབ་པར་བྱོས། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། འཇིག་རྟེན་ལས་འདས་པའི་ལེའུ་སྟེ། བཞི་བཅུ་རྩ་བཞི་པའོ།། །།  
M
98-40b Madhyamakahṛdayavṛttitarkajvālā ༄། །དང་པོ། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་ལེའུའི་འགྲེལ་པ། ༄༅༅། །རྒྱ་གར་སྐད་དུ། མད་དྷྱཱ་མ་ཀཱ་ཧྲྀ་ད་ཡ་བྲྀ་ཏྟི་ཏ་ར་ཀཱ་ཛྭཱ་ལ། བོད་སྐད་དུ། དབུ་མའི་ 98-41a སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ན་རང་གི་ལྷ་ཡིད་དུ་འོང་བ་ལ་དང་པོར་ཕྱག་འཚལ་བ་ཉེ་བར་བསྟན་པའི་བསྟན་བཅོས་དག་ནི་སྐྱེས་བུ་དཔའ་བོའི་རྐྱེན་དང་། བར་ཆད་མེད་པ་དང་། འབྲས་བུ་དང་ལྡན་པར་འགྱུར་བས། དེའི་ཕྱིར་བསྟན་བཅོས་བྱེད་པས་བསྟན་བཅོས་ཀྱི་དང་པོར། གང་གིས་དེ་ཉིད་རབ་བརྟག་མིན། །རྣམ་ཤེས་བྱ་མིན་གཞི་མ་ཡིན། །མཚོན་མིན་བརྟག་མིན་རིག་བྱ་མིན། །སྐྱེ་འཇིག་མེད་ཅིང་བདེ་བ་དང་། །རྣམ་བརྟག་མ་ཡིན་སྣང་བ་མེད། ། མཚན་མ་མེད་ཅིང་གསལ་བྱེད་མེད། །གཉིས་མིན་གཉིས་མེད་མ་ཡིན་དང་། །ཞི་དང་བློ་འཇུག་རྣམ་སྤངས་པ། །ཡི་གེ་མེད་པ་ཡི་གེ་ཡིས། །ཐུགས་རྗེ་ཉིད་ཀྱིས་བསྟན་མཛད་པ། །སྟོན་པ་མ་ནོར་ཉིད་གསུང་བ། །དེ་ལ་གུས་པར་ཕྱག་འཚལ་ལོ། །ཞེས་སྟོན་པ་ལ། དེ་ཉིད་ཁྱད་ པར་ཐུན་མོང་མ་ཡིན་པ་དག་གིས་ཁྱད་པར་ཅན་སྟོན་པར་མཛད་པ་ཉིད་ཀྱིས་མངོན་པར་བསྟོད་དོ། །དེ་ལ་གང་གིས་ཞེས་བྱ་བའི་སྒྲ་ནི་སྤྱི་ཡིན་ཡང་། དེ་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཉིད་ཀྱིས་ན་འདིས་ནི་བཅོམ་ལྡན་འདས་ཁོ་ན་དང་སྦྱར་བར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་དག་ བསྟན་དུ་ཟིན་ཀྱང་། ཁྱད་པར་གྱི་གཞིའི་མིང་མ་བསྟན་ན་དེ་མི་རྟོགས་པས་དེའི་ཕྱིར། དེ་ཉིད་ཅེས་སྨོས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དངོས་པོ་དེ་དག་གི་དེ་ཉིད་དེ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། སྟོང་པ་ཉིད་ཅེས་བྱ་བ་དག་གི་རྣམ་གྲངས་སོ། ། རབ་བརྟག་མིན་ཞེས་བྱ་བ་ནི་སྤྱི་དང་ལྡན་པ་ལྐོག་ཏུ་གྱུར་པའི་དོན་སྣང་བ་ལ་རྗེས་སུ་དཔོག་པའི་ཤེས་པས་རབ་ཏུ་བརྟག་པར་བྱ་བ་མ་ཡིན་པའམ། རྟོག་པ་དང་དཔྱོད་པ་རྩིང་བ་དང་། ཞིབ་པའི་རྣམ་པས་རྗེས་སུ་འཇུག་པ་ཡང་རུང་ལྷན་ཅིག་འབྱུང་བ་ཡང་རུང་བའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ རོ། །རྣམ་ཤེས་བྱ་མིན་ཞེས་བྱ་བ་ནི་ཤེས་བྱ་རྣམ་པ་ལྔ་ལ་འཇུག་པའི་རྣམ་པར་ཤེས་པ་ལྔས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རམ། བྱིས་པ་དང་། མུ་སྟེགས་བྱེད་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་མི་ནུས་པའི་ཕྱིར་རོ། ། 98-41b གཞི་མ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་རྟོག་པའི་ས་བོན་ཐམས་ཅད་ཀྱི་གཞི་ཡོད་པ་དང་། སྐྱེས་བུ་ལ་བདག་གྲོལ་བ་རྣམས་ཀྱི་གཞི་ཡོད་པ་ལྟར། འདི་ལ་གང་གཞི་དང་ཀུན་ཏུ་སྦྱར་བ་ཡང་ཡོད་པ་མ་ཡིན་པའམ། ས་ཡུལ་གང་ན་ཡང་འདིའི་གཞི་དང་ཀུན་ཏུ་སྦྱར་ བ་འགའ་ཡང་ཡོད་པ་མ་ཡིན་པའོ། །མཚོན་མིན་ཞེས་བྱ་བ་འདི་རང་དང་སྤྱིའི་མཚན་ཉིད་ཀྱིས་མཚོན་པར་བྱ་བ་མ་ཡིན་པ་འམ། འདིས་དངོས་པོ་གང་ཡང་མཚོན་པར་བྱེད་པ་མ་ཡིན་པའོ། །བརྟག་མིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་གི་ངོ་བོར་ཡོངས་སུ་མ་གྲུབ་པའི་ཕྱིར་འདི་དང་དེའོ་ ཞེས་བརྟག་པར་མི་ནུས་པའི་ཕྱིར་རོ། །རིག་བྱ་མིན་ཞེས་བྱ་བ་ནི་རང་བྱུང་གི་ཡེ་ཤེས་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྣམ་པ་ཐམས་ཅད་མངོན་པར་རྟོགས་པས་རིག་པ་མེད་པའི་ཚུལ་གྱིས་རིག་པར་བྱ་བའོ། །སྐྱེ་འཇིག་མེད་ཅིང་ཞེས་བྱ་བ་ནི་སྐྱེ་བ་ནི་འབྱུང་བ་ཡིན་ ལ། འཇིག་པ་ནི་རྒྱུན་ཆད་པའམ་ཞིག་པ་སྟེ། འདི་ལ་དེ་གཉིས་ཡོད་པ་མ་ཡིན་པའོ། །བདེ་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནོད་པ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །རྣམ་བརྟག་མ་ཡིན་ཞེས་བྱ་བ་ནི་གཟུང་བ་དང་། འཛིན་པ་དང་། བདག་གི་དངོས་པོ་དང་། གཞན་གྱི་དངོས་ པོ་དང་། དངོས་པོ་མེད་པར་རྣམ་པ་བརྟག་པ་མ་ཡིན་པའི་ཕྱིར་རོ། །སྣང་བ་མེད་ཅེས་བྱ་བ་ནི་རང་དང་གཞན་དུ་སྣང་བ་མེད་པའི་ཕྱིར་རོ། །མཚན་མ་མེད་ཅིང་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་མཚན་མ་དང་བྲལ་བའི་ཕྱིར་རོ། །གསལ་བྱེད་མེད་ཅེས་བྱ་བ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། གཞན་དུ་འགྱུར་བ་ཉིད་ཅེས་བྱ་བའི་གསལ་བྱེད་དག་དང་བྲལ་བའི་ཕྱིར་རོ། །གཉིས་མིན་གཉིས་མེད་མ་ཡིན་ཞེས་བྱ་བ་ནི་དམིགས་པ་གཉིས་དང་། དམིགས་སུ་མེད་པ་གཉིས་དང་། དམིགས་པ་དང་དམིགས་པ་མེད་པ་མཉམ་པ་ཉིད་ཀྱི་ཕྱིར་རོ། ། ཞི་ཞེས་བྱ་བ་ནི་ཡེ་ཤེས་ཞི་བས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རམ། རབ་ཏུ་ཞི་བ་བླ་ན་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བློ་འཇུག་རྣམ་སྤངས་པ་ཞེས་བྱ་བ་ནི་དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་འཇུག་པ་མེད་པའི་ཚུལ་དུ་འཇུག་པའི་ཡུལ་ཡིན་པའི་ཕྱིར། མཚན་མ་དང་བཅས་ 98-42a པ་དང་དམིགས་པ་དང་བཅས་པའི་བློའི་འཇུག་པ་རྣམ་པར་སྤངས་པའོ། །ཡི་གེ་མེད་པ་ཞེས་བྱ་བ་ནི་བློའི་ཡུལ་མ་ཡིན་པའི་ཕྱིར། ཚིག་གི་ཡུལ་ཡང་མ་ཡིན་པས་དེའི་ཕྱིར་ཡི་གེ་མེད་པ་ནི་བརྗོད་དུ་མེད་པའོ། །ཡི་གེ་ཡིས་ཞེས་བྱ་བ་ནི་ཡི་གེ་དག་གིས་སྒྲོ་ བཏགས་ཏེའོ། །ཐུགས་རྗེ་ཉིད་ཀྱིས་ཞེས་བྱ་བ་ནི་བརྩད་པའི་ཕྱིར་མ་ཡིན་པར་རོ། །བསྟན་མཛད་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་གྱུར་པའོ། །སྟོན་པ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ལ་ཕྱིན་ཅི་མ་ལོག་པར་སྟོན་པའོ། །མ་ནོར་ཉིད་གསུང་བ་ཞེས་བྱ་བ་ནི་དོན་ཡང་དག་པ་ཇི་ལྟ་བ་ཉིད་གསུང་ བའོ། །དེ་ལ་ཞེས་བྱ་བ་ནི་སྟོན་པ་ལའོ། །གུས་པར་ཞེས་བྱ་བ་ནི་བསམ་པ་ཐག་པ་ནས་སོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་ཕྱག་འཚལ་བར་གྱུར་ཅིག་ཅེས་བྱའོ། །དེ་ལྟར་ན་དེས་ནི་བཅོམ་ལྡན་འདས་ཀྱི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། རང་གིས་དེ་ཉིད་ཐུགས་ སུ་ཆུད་ནས་གཞན་དག་ལ་སྟོན་པར་མཛད་པའི་ཕྱིར་རོ། །འོ་ན་གང་གི་ཕྱིར་དང་འབྲེལ་པ་གང་གིས་བསྟན་བཅོས་འདི་རྩོམ་པར་བྱེད་ཅེ་ན། དེའི་ཕྱིར། གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཀྱིས། །བྱང་ཆུབ་ཆེན་པོར་བློས་བྱས་རྣམས། །དེ་ཉིད་བདུད་རྩིར་གཟུངབའི་ཕྱིར། །ནུས་པས་ ཅུང་ཞིག་བརྗོད་པར་བྱ། །ཞེས་སྨྲས་ཏེ། གཞན་དོན་བསྒྲུབ་ཕྱིར་ཞེས་བྱ་བ་ནི། གཞན་དག་གི་དོན་བྱ་བའི་ཕྱིར་རོ། །བརྟུལ་ཞུགས་ཀྱིས་ཞེས་བྱ་བ་ནི་གང་དག་གིས་བརྟུལ་ཞུགས་དྲག་པོ་བླངས་པས་སོ། །བྱང་ཆུབ་ཆེན་པོ་ཞེས་བྱ་བ་ནི་དེ་བྱང་ཆུབ་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ བྱང་ཆུབ་ཆེན་པོ་སྟེ། ཐེག་པ་ཐམས་ཅད་ཐེག་པ་གཅིག་གི་རྗེས་སུ་འཇུག་པའི་ཕྱིར་དང་རྟོགས་པར་བྱ་བ་མཐའ་ཡས་པའི་ཕྱིར་རོ། །དེར་བློས་བྱས་རྣམས་ཞེས་བྱ་བ་ནི་མི་ཕྱེད་པའི་བསམ་པ་ཡང་དག་པར་བསྐྱེད་པ་རྣམས་སོ། །དེ་རྣམས་དེ་ཉིད་བདུད་རྩི་ལ་གཟུད་པའི་ཕྱིར་བསྟན་བཅོས་འདི་རྩོམ་ པར་བྱེད་དེ། དེ་ལྟར་ན་དེ་ནི་དགོས་པ་ཡིན་ནོ། །ནུས་པས་ཅུང་ཞིག་བརྗོད་པར་བྱ། །ཞེས་བྱ་བ་ནི་འབྲེལ་པ་ཡིན་ཏེ། ཇི་ལྟར་ཞེ་ན། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཕྱིར། དེ་ཉིད་བདུད་རྩིའི་ཡི་གེ་དཔག་ཏུ་མེད་པ་དང་། དོན་ཤིན་ཏུ་རྒྱ་ཆེན་པོ་བཀའ་སྩལ་པ་དེའི་རྗེས་སུ་ 98-42b སློབ་དཔོན་གྱིས་ཀྱང་དེ་དབུ་མའི་བསྟན་བཅོས་སུ་རྒྱ་ཆེར་བསྟན་གྱི། བདག་གིས་ནི་བློ་ཞན་པ་རྣམས་དྲང་བའི་ཕྱིར་ཅི་ནུས་པས་ཅུང་ཟད་ཙམ་ཞིག་བརྗོད་པའི་ཕྱིར་རོ། །བསྟན་བཅོས་མཐའ་དག་གི་དོན་གྱི་སྒོ་ནས་ཡོངས་སུ་རྫོགས་པ་དང་འདྲ་བར་བློས་ཡང་དག་མཐོང་བ་ན། སྤྱི་སྡོམ་བྱེད་པ་ནི། བྱང་ཆུབ་སེམས་ནི་མི་གཏོང་དང་། །ཐུབ་པའི་བརྟུལ་ཞུགས་ཡང་དག་བརྟེན། །དེ་ཉིད་ཤེས་པ་ཚོལ་བ་ནི། །དོན་ཀུན་སྒྲུབ་པའི་སྤྱོད་པ་ཡིན། །ཞེས་བྱ་བ་སྟེ། བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་རྣམས་ཀྱིས་དང་པོར་བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་བར་བྱའོ། །དེ་ནས་ཕྱི་རོལ་པའི་ ཐུབ་པའི་ཆོས་དང་མཐུན་པར་ཐེག་པ་ཆེན་པོ་ལས་གསུངས་པའི་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པར་བྱའོ། །དེའི་འོག་ཏུ་ཕྱོགས་སུ་ལྷུང་བའི་བློ་མེད་པས་གཞུང་ལུགས་ཐམས་ཅད་རྣམ་པར་བརྟགས་ནས་རིགས་པ་དང་ལུང་དང་མི་འགལ་བའི་དེ་ཉིད་ཤེས་པར་བྱ་བའི་ཕྱིར་འབད་ པར་བྱ་སྟེ། དེ་ལྟར་སྤྱོད་པ་གསུམ་པོ་དེ་དག་ནི་རང་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པའི་སྤྱོད་པ་ཡིན་ཏེ། བསྟན་བཅོས་འདི་ལ་མདོར་བསྟན་པ་ནི་དེ་ཡིན་ནོ། །དེ་ལ་རེ་ཞིག་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཇེ་བརྗོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། །བྱམས་ པ་དང་ནི་སྙིང་རྗེ་དང་། །ཤེས་པ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང་། །ཞེས་བྱ་བ་སྟེ། བྱམས་པ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སྒྲོལ་བ་དང་། མངོན་པར་བྱང་ཆུབ་པར་བྱ་བ་དང་། ཡོངས་ སུ་མྱ་ངན་ལས་འདའ་བའི་སེམས་བསྐྱེད་པ་བཞི་དང་ལྡན་པའོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་། ངན་འགྲོ་ལས་ཡོངས་སུ་བསྐྱབ་པ་དང་། ཐེག་པ་དམན་པ་ལས་བསླང་བ་དང་། ཡང་དག་པའི་ལམ་དུ་དགོད་པའི་སེམས་བསྐྱེད་པ་བཞི་དང་ལྡན་ པའོ། །ཤེས་པ་ཆེན་པོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཐབས་ཀྱི་ཤེས་པ་དང་། ཤེས་རབ་ཀྱི་ཤེས་པའོ། །དེ་ལ་ཐབས་ཀྱི་ཤེས་པ་ནི་འཁོར་གསུམ་ཡོངས་སུ་དག་པ་དང་ལྡན་པའི་དགེ་བའི་རྩ་བ་ཐམས་ཅད་སྐྱེད་ཅིང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་ 98-43a པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། སྡིག་པ་འཆགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ལ་སོགས་པ་དང་། ཚོགས་གསུམ་ཡོངས་སུ་རྫོགས་པར་བྱེད་པའོ། །ཤེས་རབ་ཀྱི་ཤེས་པ་ནི་ཆོས་ཐམས་ཅད་དམིགས་སུ་མེད་ པ་དང་། མཚན་མ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་། ཡོངས་སུ་མ་གྲུབ་པས་སོ་སོར་རྟོག་པའི་ངོ་བོ་ཉིད་ཀྱི་ཤེས་པ་སྐད་ཅིག་གཅིག་དང་ལྡན་པ་བསྐྱེད་པའོ། །དེ་དག་གིས་བརྒྱན་པའི་སངས་རྒྱས་ཀྱི་ས་བོན་ནི་བྱང་ཆུབ་ཀྱི་ སེམས་ཡིན་ཏེ། བྱང་ཆུབ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་མཁྱེན་པའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་ཕྱིར་སེམས་པའོ། །གང་གི་ཕྱིར་དེ་སངས་རྒྱས་ཀྱི་ས་བོན་ཡིན་པ་དེའི་ཕྱིར་མཁས་པ་སེམས་ཅན་ལ་བལྟ་བས་བསམ་པ་དང་། ལྷག་པའི་བསམ་པ་དང་མོས་ པ་དང་མོས་པ་རྒྱ་ཆེན་པོ་དེ་མི་གཏང་བར་བྱ་བའི་རིགས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ཅི་ཞིག་བྱ་བར་རིགས་ཤེ་ན། དེའི་ཕྱིར། བློ་ལྡན་སྙིང་སྟོབས་ཆེ་བ་དང་། །གཞན་གྱི་སྡུག་བསྔལ་མི་བཟོད་ཅིང་། །ཡང་དག་བརྩོན་འགྲུས་བརྩམས་པ་དང་། །མཐུ་དང་ལྡན་ཞིང་མཁས་པས་ནི། ། ཤེས་རབ་སྣང་བ་མེད་པ་ཡི། །འཇིག་རྟེན་ཀུན་ལ་བལྟ་བྱས་ནས། །འཁོར་བ་མི་གཙང་ས་འོག་ནས། །བདག་ཉིད་རྒལ་བས་བསྒྲལ་བར་རིགས། །ཞེས་བྱ་བ་སྨྲས་ཏེ། བློ་དང་ལྡན་པ་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཤེས་རབ་དྲི་མ་མེད་པ་དང་ལྡན་པ་དང་། སྙིང་ སྟོབས་ཆེ་བ་བདུད་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང་བརྟན་པའི་སེམས་དང་ལྡན་པ་དང་། གཞན་གྱི་སྡུག་བསྔལ་མི་བཟོད་པ་སེམས་ཅན་ཐམས་ཅད་བདག་ཉིད་དང་འདྲ་བར་ཁས་བླངས་ནས་དེ་དག་སྡུག་བསྔལ་བས་བདག་ཉིད་སྡུག་བསྔལ་བ་དང་། ཡང་དག་པར་བརྩོན་འགྲུས་ བརྩམས་པ་དགེ་བའི་ཆོས་ཀྱི་སྤྱོད་པ་དག་ལ་བརྩོན་འགྲུས་བརྟན་པ་བརྩམས་པ་དང་། མཐུ་དང་ལྡན་པ་བདག་དང་གཞན་གྱི་དོན་བྱེད་པར་ནུས་པ་དང་། མཁས་པ་ཤེས་ཉེན་ཅན་གྱི་ནི་ཤེས་རབ་ཀྱི་སྣང་བ་མེད་པ་བློའི་གསལ་བ་དང་བྲལ་བའི་འཇིག་རྟེན་མ་ལུས་པ་ཀུན་ལ་བལྟ་བ་ཡང་དང་ 98-43b ཡང་དུ་བརྟག་པ་བྱས་ནས་འཁོར་བ་མི་གཙང་བའི་ས་འོག་ནས། བདག་ཉིད་རྒལ་བས་འཇིག་རྟེན་ཡང་བསྒྲལ་བར་རིགས་སོ་ཞེས་བྱ་བར་སྦྱར་རོ། །བྱམས་པ་ཆེན་པོའི་བཤད་པ་སེམས་ཅན་ཐམས་ཅད་བསྒྲལ་བའི་སེམས་བསྐྱེད་པ་ཞེས་བྱ་བ་དང་པོ་བཤད་ཟིན་ཏོ། །སེམས་ཅན་ཐམས་ ཅད་དགྲོལ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་པའི་དབང་དུ་བྱས་ནས། །གང་ཞིག་ཤེས་རབ་མཚོན་རྣོན་གྱིས། །འཆིང་བ་ཀུན་བཅད་གྲོལ་གྱུར་པ། །སྙིང་རྗེའི་བདག་ཉིད་ལྡན་པ་ཡིས། །གང་ཕྱིར་མགོན་མེད་སྡུག་བསྔལ་བ། །འཁོར་བའི་བཙོན་ར་མི་བཟད་པར། །འདོད་ཆགས་ ལ་སོགས་སྒྲོག་གིས་བཅིངས། །བག་མེད་པ་ཡི་ཆང་འཐུངས་ནས། །གཏི་མུག་གཉིད་ཀྱིས་ལོག་པ་དང་། །རྣམ་པར་རྟོག་པའི་ཆོམ་རྐུན་གྱིས། །དགེ་ཚོགས་མ་ལུས་རྐུས་པ་དག །གལ་ཏེ་གྲོལ་བར་མི་བྱེད་ན། །མཐུ་ལྡན་མཐུ་ནི་ཅི་ལ་ཕན། །ཞེས་བྱ་བ་སྨྲས་ཏེ། གང་ཞིག་ཤེས་ རབ་ཀྱི་མཚོན་ཉོན་མོངས་པ་མ་ལུས་པ་གཅོད་པའི་བདག་ཉིད་ཀྱི་རལ་གྲི་ཤིན་ཏུ་རྣོན་པོས་སྲིད་པའི་ཀུན་ཏུ་སྦྱོར་བའི་འཆིང་བ་ཀུན་མ་ལུས་པར་བཅད་ཅིང་བདག་ཉིད་གྲོལ་བར་གྱུར་པ་སྙིང་རྗེའི་བདག་ཉིད་དང་ལྡན་པས་གཞན་དག་ཀྱང་གྲོལ་བར་བྱེད་པ་དེ་ནི་མཐུ་དང་ལྡན་པའི་མཐུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བྱམས་པའི་སྐབས་སུ་སྙིང་རྗེའི་བདག་ཉིད་དང་ལྡན་པ་ཞེས་བྱ་བའི་ཚིག་སྨོས་པ་ནི་བྱམས་པ་དང་སྙིང་རྗེ་གཉིས་ཟུང་དུ་འབྲེལ་བར་འབྱུང་བའི་ཕྱིར་མི་རུང་བ་མེད་དོ། །མགོན་མེད་ཅེས་བྱ་བ་ནི་དད་པ་ལ་སོགས་པ་མགོན་མེད་པའི་ཆོས་བཅུ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་འཆི་འཕོ་དང་ཡོངས་སུ་ཚོལ་བ་ལ་སོགས་པའི་སྡུག་བསྔལ་གདུང་བ་དག་དང་ལྡན་པའི་ཕྱིར་རོ། །འཁོར་བའི་བཙོན་ར་མི་བཟད་པར་ཞེས་བྱ་བ་ནི་སྲིད་པའི་འཆིང་བའི་གནས་འཇིགས་པ་མང་བ་སྐྱེ་བ་དང་རྒ་བ་ལ་སོགས་པའི་རྒྱུན་གྱི་དཔྱང་ཐག་མ་ཆད་པའི་མཚན་ཉིད་སེམས་ཀུན་ནས་ཉོན་མོངས་པར་བྱེད་པར་རོ། །འདོད་ཆགས་ལ་སོགས་སྒྲོག་གིས་བཅིངས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཀུན་ཏུ་སྦྱོར་བ་དགུ་པོ་ལྕགས་སྒྲོག་དང་འདྲ་བ་དག་གིས་བཅིངས་པའི་ཕྱིར་རོ། །བག་མེད་པའི་ཆང་འཐུངས་ནས་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་དང་། ལེ་ལོ་ཞེས་བྱ་བ་བག་མེད་ 98-44a པ་ཆང་དང་འདྲ་བ་བསྟེན་ཅིང་མྱོས་པར་གྱུར་པའོ། །གཏི་མུག་གཉིད་ཀྱིས་ལོག་པ་ཞེས་བྱ་བ་ནི་མེ་ཤེས་པའི་གཉིད་ཀྱིས་ཤིན་ཏུ་རྨྱ་བར་གྱུར་པའོ། །རྣམ་པར་རྟོག་པའི་ཆོམ་རྐུན་གྱིས་ཞེས་བྱ་བ་ནི་འདོད་པ་དང་། གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་པའི་ རྣམ་པར་རྟོག་པ་ཆོམ་རྐུན་དང་འདྲ་བ་དག་གིས་སོ། །དགེ་ཚོགས་མ་ལུས་རྐུས་པ་དག །ཅེས་བྱ་བ་ནི་འཕགས་པའི་ནོར་བདུན་གྱི་ནོར་ཐམས་ཅད་ཕྲོགས་པ་དག་གོ། །བྱམས་པ་ཆེན་པོའི་བཤད་པ་སེམས་ཅན་ཐམས་ཅད་དགྲོལ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་པ་བཤད་ཟིན་ཏོ། ། སེམས་ཅན་ཐམས་ཅད་མངོན་པར་བྱང་ཆུབ་པར་བྱ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པའི་དབང་དུ་བྱས་ནས། གང་ཞིག་ལག་པའི་མཐུས་བསྒྲུབས་པ། །འདོད་པས་བསྐྱེད་པའི་བདེ་ཆུང་ཡང་། །གཅིག་པུ་གདུ་བར་ཟ་བྱེད་པ། །དེ་ཡང་མཁས་པས་སྨད་གྱུར་ན། །འཁོར་ལོས་སྒྱུར་དང་དབང་པོ་དང་། །ཚངས་པ་ལ་ཡང་རབ་དཀོན་པ། །སྲེད་པ་རྣམ་པར་གཅོད་པ་དང་། །ཐབས་ཀྱི་སྒོ་ནས་ཐུན་མོང་བ། །ལེན་དང་ཟད་དང་མཐར་ཐུག་དང་། །སྡུག་ལ་སོགས་པས་མི་འགྱུར་ཞིང་། །སྡུག་བསྔལ་མ་ལུས་ཞི་བྱེད་པའི། །དེ་ཉིད་དོན་རྟོགས་བདུད་རྩི་ ཅི། །ཞེས་བྱ་བ་སྨྲས་ཏེ། རེ་ཞིག་འཇིག་རྟེན་ན་གང་ཞིག་རང་གི་ལག་པའི་མཐུས་བསྒྲུབས་པ་འདོད་པས་བསྐྱེད་པའི་བདེ་བ་ཆ་ཤས་ཆུང་ངུ་ཡང་བདག་གཅིག་པུས་གྲོགས་པོ་དང་། མཛའ་བཤེས་དང་། མགྲོན་ལ་གཅུགས་པ་དང་། བསྟབས་པ་མེད་པར་གདུ་ཞིང་འདོད་པས་ཀུན་ནས་དཀྲིས་ པའི་སེམས་ཀྱིས་ཟ་བར་བྱེད་པ་དེ་ཡང་མཁས་པས་སྨད་པར་འགྱུར་ཏེ། སེར་སྣས་ཀུན་ནས་དཀྲིས་པའི་སེམས་དང་ལྡན་པའི་ཕྱིར་རོ། །དེ་ཡང་དེ་ལྟར་འགྱུར་ན་གང་ཞིག་རང་གིས་དེ་ཉིད་ཀྱི་དོན་རྟོགས་པས་བདུད་རྩི་རྙེད་ནས་སེམས་ཅན་ལ་མི་ལྟོས་པར་བདག་རང་གཅིག་པུས་རྟོགས་པར་བྱེད་ན་ དེ་ཇི་ལྟར་སྨད་པར་མི་འགྱུར་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ལ་འཁོར་ལོས་སྒྱུར་བའི་བདེ་བ་ནི་འཁོར་ལོ་དང་། ནོར་བུ་དང་། གླང་པོ་ཆེ་དང་། རྟ་དང་། བློན་པོ་དང་། བཙུན་མོ་དང་། དམག་དཔོན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། གླིང་བཞིའི་དབང་ཕྱུག་དང་། ཡུལ་ལ་ 98-44b ལོངས་སྤྱོད་པ་མིའི་བདེ་བ་ཐམས་ཅད་ལས་ལྷག་པའོ། །དབང་པོའི་བདེ་བ་ནི་ལྷའི་ཕོ་བྲང་ན་ལྷ་མོ་ལྷའི་རིན་པོ་ཆེ་དྲི་མ་མེད་པའི་འོད་ཀྱིས་སྣང་བར་བྱས་པ་དང་། དགའ་བའི་ཚལ་ལ་སོགས་པའི་ལོངས་སྤྱོད་ཤིན་ཏུ་ཆེ་བའོ། །ཚངས་པའི་བདེ་བ་ནི་སྟོང་ལ་དབང་བསྒྱུར་བའི་ཚངས་པ། ཚངས་ པའི་གནས་པ་བཞི་བསྒོམ་པ་དང་། བསམ་གཏན་གྱི་རོ་མྱང་བ་ཡུལ་གྱི་བདེ་བ་ཐམས་ཅད་ལས་ལྷག་པའོ། །དེ་དག་ལ་ཡང་དེ་ཉིད་ཀྱི་དོན་རྟོགས་པ་བདུད་རྩི་རབ་ཏུ་དཀོན་ཏེ། གང་གི་ཕྱིར་སྲེད་པ་རྣམ་པར་གཅོད་པ་ཞེས་བྱ་བ་ནི་འདོད་པ་དང་། སྲིད་པ་དང་། ཐར་བ་ལ་མངོན་པར་ཞེན་ པ་སྤངས་པ་ཞེས་བྱ་བའི་ཐ་ཆིག་གོ། །ཐབས་ཀྱི་སྒོ་ནས་ཐུན་མོང་བ་ཞེས་བྱ་བ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དག་ནི་གཞན་རྒྱུད་ལ་འཕོ་བ་མེད་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱར་རུང་སྟེ། མཆོད་སྦྱིན་ཆེན་པོའི་དོན་དུ་ནོར་དང་འབྲུའི་ ཚོགས་བསགས་པ་བཞིན་པས་ཇི་ལྟར་ཟང་ཟིང་གི་སྦྱིན་པ་ཆུང་ཡང་ཚེ་རབས་གཞན་དག་ཏུ་རྣམ་པར་སྨིན་པ་འབུམ་འགྱུར་འགྲུབ་པ་དེ་ལྟར་དགེ་བའི་རྩ་བ་ཆུང་ངུ་སེམས་ཅན་རྣམས་ལ་སྟོབས་ཤིང་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དུས་ན་རྣམ་པར་སྨིན་པའི་འབྲས་བུ་གྲངས་མེད་པ་དང་ཚད་མེད་པར་འགྱུར་ཏེ། འདིར་ཐབས་ནི་སེམས་ཅན་ཐམས་ཅད་ཀྱང་བདེ་བར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ལེན་དང་ཟད་དང་མཐར་ཐུག་དང་། །སྡུག་ལ་སོགས་པས་མི་འགྱུར་ཞིང་། །ཞེས་བྱ་བ་ལ་ལེན་པ་ནི་སྐྱེ་བའོ། །ཟད་པ་ནི་དགའ་ བའོ། །མཐར་ཐུག་པ་ནི་འཆི་བའོ། །སྡུག་ལ་སོགས་པས་ཞེས་བྱ་བ་ནི་འདུ་བྱེད་དང་། འགྱུར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གསུམ་དང་། དེ་དག་ལས་བྱུང་བ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལ་སོགས་པས་སོ། །དེ་དག་ཐམས་ཅད་ ཀྱིས་མི་འགྱུར་བ་ནི་སུན་མ་ཕྱིན་པའོ། །སྡུག་བསྔལ་མ་ལུས་ཞི་བྱེད་པའི། །ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལོ། །དེ་ཉིད་དོན་རྟོགས་བདུད་རྩི་སྟེ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་རྟོགས་པ་ཉིད་བདུད་རྩི་སྟེ། འཆི་འཕོ་མེད་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རོ། །བྱམས་ 98-45a པ་ཆེན་པོའི་བཤད་པ། སེམས་ཅན་ཐམས་ཅད་མངོན་པར་བྱང་ཆུབ་པར་བྱ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པ་བཤད་ཟིན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་སེམས་བསྐྱེད་པ་ཞེས་བྱ་བ་བཞི་པའི་དབང་དུ་བྱས་ནས། །གཞན་ཡང་ སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་བདག་གིས་ནི། །སྨས་ལ་འགྱུར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་བཟླ་བས་ གཞན་ཅི་ཡོད། །ཅེས་བྱ་བ་སྨྲས་ཏེ། གཞན་ཡང་སྔོན་ཆད་འདས་པའི་དུས་དག་ཏུ་ཉོན་མོངས་པ་སེམས་ཀྱི་རྒྱུད་ལ་གནོད་པ་བྱེད་པ་འདོད་ཆགས་ལ་སོགས་པ་ཉེས་པའི་གདོན་གྱིས་བརླམས་པར་གྱུར་པ་བདག་གིས་མཚོན་ལ་སོགས་པས་སྨས་པའི་ལུས་ལ་འགྱུར་བྱེད་འདེབས་པ་བཞིན་དུ་སྡུག་ བསྔལ་ནད་པ་གང་དག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ནད་ཀྱིས་ལུས་དང་ཡིད་མི་བདེ་བར་གྱུར་པ་དག་ལ་གསད་པ་དང་། བཅིང་བ་དང་། བཙོན་དུ་བཟུང་བ་ལ་སོགས་པ་གནོད་པའི་བདག་ཉིད་ཀྱི་སྡུག་བསྔལ་དག་བྱས་ཤིང་བསྐྱེད་པ་དང་། ཚེ་རབས་བརྗེསཔའི་སྐྱེ་བ་གཞན་དུ་ཕ་དང་། མ་དང་། བུ་དང་གྲོགས་པོ་དང་། ཉེ་དུར་གྱུར་པ་ཁོང་དགེ་བ་ཤིན་ཏུ་ཕན་པ་དང་། བདེ་བ་འདོད་པ་གང་དག་གིས་བདག་ལ་བྱམས་པ་དང་བསྙེན་བཀུར་དང་ཕན་པ་བྱས་པ་དེ་དག་ལ་ལན་དུ་ཕན་གདགས་པ་ནི་ཉིང་མཚམས་སྦྱོར་བའི་འཆིང་བ་མ་ལུས་པར་བཅད་པར་ཕུང་པོའི་ལྷག་མ་མེད་པའི་མྱ་ ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བ་ལས་གཞན་ཅི་ཡོད་ཅེས་བྱ་བར་སྦྱར་རོ། །བྱམས་པ་ཆེན་པོའི་བཤད་པ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་སེམས་བསྐྱེད་པ་ཞེས་བྱ་བ་བཞི་པ་བཤད་ཟིན་ཏོ། །སེམས་བསྐྱེད་པ་དེ་དག་ནི་དོན་ཆེ་སྟེ། འཕགས་ པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བ་འདོད་པ་དེ་ནི་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་རྒལ་ནས་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་བྱའོ། །ཇི་ལྟར་བདག་གྲོལ་ནས་ 98-45b སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བྱའོ། །ཇི་ལྟར་བདག་དབུགས་ཕྱིན་ནས་སེམས་ཅན་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བྱའོ། །ཇི་ལྟར་བདག་ཡོངས་སུ་མྱ་ངན་ལས་འདས་ནས། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་ སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཁྱོན་ཙམ་གྱིས་ཚད་གཟུང་བ་དང་། རྒྱ་མཚོ་ཆེན་པོ་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པས་བཅུ་ཞིང་ཚད་གཟུང་བ་ཁོ་ནར་རུང་གི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་ གིས་སེམས་བསྐྱེད་པ་དེ་དག་མངོན་པར་བསྒྲུབས་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བར་བྱས་ཏེ། ཅི་ནས་ཀྱང་གཉིས་ཀྱི་འདུ་ཤེས་མེད་པ་དང་། གཉིས་མ་ཡིན་པའི་འདུ་ཤེས་མེད་པ་དང་། སེམས་མ་ཡིན་པ་དང་། སེམས་ལས་གཞན་མ་ཡིན་པས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་རྣམ་པར་འཇིག་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པ་ཉོན་མོངས་པའི་ཆ་ ཤས་མ་ལུས་པར་སྤངས་པ་རྣམས་ནི་ཇི་སྐད་སྨྲས་པ་དེ་དག་རུང་གི ། གང་དག་གིས་སྟོབས་བསྐྱེད་པ་མ་ལུས་པ་དེ་དག་ནི་རང་ཉིད་སྲིད་པ་དག་དང་། སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་བཞིན་པ་ན་ཇི་ལྟར་གཞན་དག་བསྒྲལ་བ་དང་། དགྲོལ་བ་དང་། མངོན་པར་བྱང་ཆུབ་ པར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བ་བཟོད་པར་འགྱུར་ཞེ་ན། དེའི་ཕྱིར་དེའི་ལན་དུ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས། གཞན་དོན་བྱེད་ལས་བྱུང་བ་ཡི། །དགའ་བས་སེམས་དགའ་མཁས་པ་དག །རལ་གྲི་རབ་ཏུ་འབར་འདྲ་བའི། །སྲིད་པ་དག་གིས་གནོད་མི་འགྱུར། ། ཞེས་བྱ་བ་སྨྲས་ཏེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་ཉིད་ལ་སོགས་པས་འཇིག་རྟེན་ལ་ཕན་འདོགས་པས་མཁས་པ་དག་ནི་རལ་གྲི་རབ་ཏུ་འབར་བ་དང་འདྲ་བའི་སྲིད་པ་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་དག་གིས་གནོད་ 98-46a པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་གཞན་གྱི་དོན་བྱེད་པ་ལས་བྱུང་བའི་དགའ་བས་ལུས་དང་སེམས་ཀྱི་རྒྱུད་དགའ་བར་གྱུར་ཅིང་བྱང་ཆུབ་ཀྱང་གཞན་གྱི་དོན་ཁོ་ནའི་ཕྱིར་འདོད་པ་དང་། སྲིད་པ་ཉེ་བར་བླང་བའི་ཕྱིར་ལས་མངོན་པར་འདུ་མི་བྱེད་ པ་དང་། སྲིད་པའི་སྲིད་པ་དང་བྲལ་བའི་ཕྱིར་དེ་དག་གིས་གནོད་པར་མི་འགྱུར་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་བཤད་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་སེམས་བསྐྱེད་པ་ཞེས་བྱ་བ་དང་པོ་བཤད་ཟིན་ཏོ། །ཡང་ན་འདི་ལྟར་གནོད་པར་མི་འགྱུར་ཏེ། །ཚུལ་ཁྲིམས་འཆལ་པ་མི་བྱེད་པས། ། ངན་འགྲོའི་སྒོ་ཀུན་གཅད་པའི་ཕྱིར། །དེ་དག་ནི་བདག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་ལྷག་པར་སྤྱོད་པས་གནོད་པ་མེད་པ་ན་གཞན་དག་ཀྱང་དེ་དག་ཉིད་ལ་སྦྱོར་བར་བྱེད་པས་ངན་འགྲོ་འགྲོ་བ་ངན་པའི་སྒོ་ཐམས་ཅད་གཅད་པའི་ཕྱིར་བདེ་འགྲོའི་སྒོ་གླེགས་འབྱེད་པར་བྱེད་ཅིང་། སེམས་ཅན་ རྣམས་ལྷ་དང་མིའི་འགྲོ་བ་དག་ལ་འགོད་པར་བྱེད་པའི་ཕྱིར་རོ། །དེས་ནི་སྙིང་རྗེ་ཆེན་པོའི་བཤད་པ་ངན་འགྲོ་ལས་ཡོངས་སུ་བསྐྱབ་པའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་པ་བསྟན་ཏེ། འདི་སྐད་དུ། གང་གི་ཕྱིར་བདག་ཉིད་ལམ་ལོག་པར་ཞུགས་པས་གཞན་དག་ཡང་དག་ པའི་ལམ་ལ་དགོད་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་གྱི། ཀྱེ་མ་བདག་ཀྱང་དགེ་བ་བཅུ་པོ་འདི་དག་ལ་ལྷག་པར་སྤྱོད་ཅིང་གཞན་དག་ཀྱང་དེ་དག་ཉིད་ལ་དགོད་པར་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་དག་གིས་གནོད་པར་མི་འགྱུར་ཞེ་ན། དེའི་ ཕྱིར། །སྟོང་ཉིད་ལྟ་བ་གོམས་བྱས་པས། །ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་རྐྱེན་ཚོགས་པ་དང་། ཐ་དད་པའི་དངོས་པོ་དང་། ཞིག་པ་དག་ལ་དངོས་པོ་མི་དམིགས་པའི་ཕྱིར་རོ། །གང་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། གཏི་མུག་འབྱུང་བར་ འགྱུར་ཏེ། དེ་ལྟར་ཉོན་མོངས་པ་རྣམས་ཀྱི་མཐུ་བཅོམ་པའི་སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་གནོད་པར་མི་འགྱུར་རོ། །འོ་ན་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་འགྲོ་བ་ཐམས་ཅད་རྣམ་པར་རྒྱུ་བ་དང་། དེ་དག་ཏུ་སྐྱེས་པ་ཡང་སྣང་ན། ཇི་ལྟར་དེའི་ཆ་ 98-46b དང་མཐུན་པའི་སྡུག་བསྔལ་དག་གིས་གནོད་པར་མི་འགྱུར་ཞེ་ན། དེའི་ཕྱིར། མཁས་པ་བསོད་ནམས་བྱས་པ་ཡིས། །འགྲོ་དྲུག་སྐྱེད་ཚལ་དུས་སྟོན་ལྟར། །མཐོང་བ་སྲིད་པའི་བཙོན་ར་ཡིས། །སྐྲག་པར་འགྱུར་བ་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། མཁས་པ་གཞན་གྱི་ དོན་དུ་སྨོན་ལམ་བཏབ་པ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡང་དག་པར་བསགས་པ་དག་གིས་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། ལྷ་དང་། ལྷ་མ་ཡིན་དང་། མིའི་འགྲོ་བ་དྲུག་པོ་དག་མེ་ཏོག་ཀུ་མུ་ཏའི་དུས་སྟོན་ལྟ་བུར་མཐོང་བ་ན་འཆི་འཕོ་བ་དང་། ཡོངས་སུ་ཚོལ་བ་དང་། ང་རྒྱལ་དང་། སྡུག་བསྔལ་དང་། གཅིག་ལ་གཅིག་ཟ་བ་དང་། བཀྲེས་པ་ལ་སོགས་པའི་སྡུག་བསྔལ་དག་གིས་གནོད་པའི་ཚེ་ཡང་སྲིད་པའི་བཙོན་རའི་གནས་ཀྱི་ཡིད་འབྱུང་བར་འགྱུར་བ་མེད་དོ། །འོ་ན་གལ་ཏེ་དེ་དག་དེ་ལྟར་སྲིད་པ་དག་དང་། དེ་དག་ ལ་བརྟེན་པའི་སྐྱོན་དག་གིས་མི་གོས་ན། ཇི་སྲིད་པ་ན་གནས་ཤིང་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེ་ན། དེའི་ཕྱིར། སྐྱོན་མཐོང་ཕྱིར་ནི་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང་གནས་པར་བྱེད། ། ཅེས་བྱ་བ་སྨྲས་ཏེ། སྐྱོན་དང་ཉེས་དམིགས་མང་པོ་མཐོང་བའི་ཕྱིར་སྲིད་པར་གནས་འཆའ་བར་མི་བྱེད་ལ། སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་བསྐྱབ་པ་ལ་བརྩོན་པའི་ཕྱིར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་འགྲོ་བར་མི་བྱེད་དེ། གཞན་གྱི་དོན་བསྒྲུབ་པའི་ཕྱིར་བརྟུལ་ ཞུགས་བླངས་པ་དག་ནི་སྙིང་རྗེའི་དབང་དུ་གྱུར་པའི་སེམས་ཀྱིས་པདྨ་བཞིན་དུ་འཇིག་རྟེན་གྱི་དྲི་མ་དག་གིས་མི་གོས་པར་སྲིད་པ་ན་ཡང་གནས་པར་བྱེད་དེ། ཇི་སྐད་དུ། གང་ལ་འགྲོ་བའི་རང་བཞིན་མ་ལུས་མངོན་མཛད་པ། །དེ་བཞིན་གཤེགས་ཉིད་ཞར་ལ་བརྙེས་པ་ཉིད་ལགས་ཤིང་། ། གཞན་དོན་ལྷུར་མཛད་ཁྱོད་ཀྱི་ཡོན་ཏན་དག་ལ་ནི། །བསྟོད་ར་མཁན་ཞིག་བསྟོད་པས་ཇི་ཙམ་བསྟོད་པར་འགྱུར། །ཞེས་བྱ་བ་འབྱུང་བ་ལྟ་བུའོ། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་དང་གཉིས་མིན་མི་དམིགས་པའི། །མཁས་པ་གར་ཡང་མི་གནས་ཤིང་། །སྲིད་པ་ 98-47a ན་ཡང་གནས་པར་བྱེད། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ངོ་བོ་ཉིད་མཚུངས་པའི་ཕྱིར་སྲིད་པ་དང་ཐར་པ་གཉིས་དང་གཉིས་མ་ཡིན་པར་མི་དམིགས་པའི་མཁས་པ་དག་ནི་གར་ཡང་མི་གནས་ཤིང་། སྲིད་པ་གསུམ་ན་ཡང་གནས་པར་ སྣང་སྟེ། དེས་ནི་སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པར་འགྱུར་ཏེ། ཇི་སྐད་དུ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ཡོངས་སུ་འདྲིས་པར་ཤེས་པས་དབང་བསྒྱུར་བ་ཁམས་གསུམ་དང་ལྷན་ཅིག་ གནས་པ་དང་མྱ་ངན་ལས་འདས་པར་ལྟུང་བ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པའི་མྱ་ངན་ལས་འདས་པ་ཞར་ལ་འོངས་པ་བརྗོད་པར་བྱ་སྟེ། །བྱང་ལག་རིན་ཆེན་ བདུན་ཕྱུག་ཅིང་། །ཡོན་ཏན་དཔག་མེད་འབྱུང་བའི་གནས། །ལྷ་དང་ལྷ་མིན་ཕྱག་བྱས་པ། །དམ་ཆོས་འཁོར་ལོ་བསྐོར་བརྙེས་ཤིང་། །མུ་ཏིག་འཕྲོ་འདྲའི་གྲགས་པ་དང་། །སྟོན་ཟླ་ཉ་བའི་དྲི་མེད་པའི། །འོད་ཟེར་ལྟ་བུའི་གསུང་དག་གིས། །ཕྱོགས་བཅུ་དག་ནི་རྒྱས་མཛད་ ལ། །དཀོན་མཆོག་གསུམ་གདུང་གནས་བྱའི་ཕྱིར། །ཡོན་ཏན་འབྱུང་གནས་དམ་པའི་སྲས། །ལྷ་ཀླུ་ལ་སོགས་སྤྱི་གཙུག་གིས། །བསྟན་པ་མཆོད་པ་བཞག་མཛད་དེ། །རང་དང་གཞན་དོན་མཛད་པའི་ཕྱིར། །དེ་དག་མྱ་ངན་འདས་ལེགས་འདས། །དེ་ལས་གཞན་གང་ ལུས་བཅད་ཆད། །དེ་ཡང་མྱ་ངན་འདས་པ་ཡིན། །ཞེས་བྱ་བ་བདག་ནི་དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་གྱིས་ ཕྱུག་ཅིང་ལྡན་པ་དང་། ཡོན་ཏན་དཔག་ཏུ་མེད་པ་དག་འབྱུང་བའི་སྒོར་གྱུར་པའི་འབྱུང་གནས་དང་། ལྷ་སུམ་ཅུ་པ་དང་། ལྷ་མིན་སྦྱིན་བྱེད་མའི་བུས་ཕྱག་བྱས་ཤིང་མཆོད་པ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ 98-47b བསྐོར་བ་ཉིད་བརྙེས་ཤིང་། མུ་ཏིག་གི་འབྲུ་བཅག་པའི་འཕྲོ་འདྲ་བར་འོད་ཟེར་དཀར་བའི་གྲགས་པ་དག་སྟོན་ཀའི་ཟླ་བ་ཉ་བ་དྲི་མ་མེད་པའི་འོད་ཟེར་ལྟ་བུའི་གསུང་རབ་བཅུ་གཉིས་པོ་དག་གིས་ཕྱོགས་བཅུ་དག་ཀྱང་རྒྱས་པར་མཛད་ལ། སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་ དཀོན་པའི་དོན་དང་དགའ་བར་བྱེད་པའི་དོན་གྱི་དཀོན་མཆོག་ཅེས་བྱ་བ་དེ་གསུམ་གྱི་གདུང་རྒྱུན་མི་འཆད་ཅིང་གནས་པར་བྱ་བའི་ཕྱིར་སྙིང་རྗེ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་འབྱུང་བའི་སྒོར་གྱུར་པའི་གནས་རྒྱལ་བ་དམ་པའི་སྲས། ལྷ་དང་ཀླུ་དང་མི་དང་མིའམ་ཅི་ལ་སོགས་ པའི་སྦྱི་གཙུག་གིས་བཀའི་བསྟན་པ་རབ་ཏུ་གནས་པར་བྱས་ཤིང་མཆོད་པ་དག །དམ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་བཞག་པ་མཛད་དེ། རང་གི་དོན་ཚོགས་གསུམ་ཡོངས་སུ་རྫོགས་ཤིང་བླ་ན་མེད་པའི་གོ་འཕང་བརྙེས་པ་དང་། གཞན་གྱི་དོན་སེམས་ཅན་གྱི་ཁམས་མཐའ་དག་ཕུང་ པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་དགོད་པ་དང་། གཞན་ཡང་མངོན་པར་རྫོགས་པར་བྱང་ཆུབ་པའི་ངེས་པར་བྱ་བ་བཞི་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་ཡང་དག་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་དང་། ཡབ་ དང་ཡུམ་འབྲས་བུ་ལ་དགོད་པ་དག་མཛད་པའི་ཕྱིར་དེ་དག་མྱ་ངན་ལས་འདས་པ་ནི་དེ་ལྟར་དོན་མ་ལུས་པ་མཛད་པས་མཛད་པ་གཞན་མེད་པའི་ཕྱིར་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མཐའ་དག་དྲུངས་ནས་ཕྱུང་བའི་ཕྱིར་ལེགས་པར་མྱ་ངན་ ལས་འདས་པ་ཡིན་ནོ། །དེ་དག་ལས་གཞན་པ་ཉན་ཐོས་དང་། རང་སངས་རྒྱས་གང་དག་ཕུང་པོའི་ལུས་རྒྱུན་བཅད་པ་ཙམ་གྱིས་ཡང་འབྱུང་བའི་སྲིད་པ་ཟད་ཅིང་ཆད་པ་དེ་དག་ཀྱང་མྱ་ངན་ལས་འདས་པ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པའི་ཕྱིར་རོ། །དེ་དག་ལ་ནི་ཉོན་ མོངས་པའི་བག་ཆགས་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་ངོ་བོ་ཉིད་ཡོད་པའི་ཕྱིར་ཡང་བྱང་ཆུབ་ཀྱི་ཚོགས་དག་བསགས་ཤིང་བག་ཆགས་དང་མཚམས་སྦྱོར་བ་སྤངས་ཏེ། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་དགོས་སོ། །ཞར་ལ་འོངས་པ་ཡོངས་སུ་ 98-48a རྫོགས་པར་བྱས་ནས། ད་ནི་སྙིང་རྗེ་ཆེན་པོའི་བཤད་པ། ཐེག་པ་དམན་པ་ལས་བསླང་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པའི་དབང་དུ་བྱས་ནས། ཝ་ནི་གླང་ཆེན་དྲེགས་པ་ཡི། །གླད་པ་དག་མ་ཞིང་དབྱེ་མི་སེམས། །གདོལ་པ་རྒྱ་མཚོའི་ མཐས་ཀླས་པའི། །ས་ཡི་དཀྱིལ་འཁོར་བསྐྱང་མི་སེམས། །དེ་བཞིན་སེམས་ཅན་དམན་པ་ཡང་། །ཟབ་ཅིང་བླ་མེད་རྒྱ་ཆེ་བ། །ཡོན་ཏན་བགྲང་འདས་འབྱུང་བའི་གནས། །སངས་རྒྱས་ཉིད་ལ་རེ་བའང་མེད། །གཞལ་ཡས་རྨད་བྱུང་བསམ་མི་ཁྱབ། །སྣང་བ་ཐམས་ཅད་ ཟིལ་གནོན་པ། །རྫོགས་སངས་ཡོན་ཏན་རིན་ཆེན་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་བསྐྱེད། །ཅེས་བྱ་བ་སྨྲས་ཏེ། དཔེར་ན་ཝ་ནི་སེང་གེ་སྡེར་མོ་རྣོན་པོའི་ལག་སྟངས་ཀྱིས་འགེམས་པ་ལ་མཁས་པ་ལྟར། །གླང་པོ་ཆེ་དྲེགས་པ་འདོད་ཆགས་ཀྱི་རྡུལ་ཆགས་པའི་དྲི་མས་འགྲམ་ གླང་གི་ངོས་ཡོགས་པའི་གླད་པ་དག་མ་ཞིང་དབྱེ་བར་བྱ་བའི་སེམས་ཀྱང་མི་སྐྱེ་བ་དང་། གདོལ་པའི་རིགས་ངན་ཡང་རྒྱལ་པོའི་གདུང་རིགས་མཐོན་པོར་སྐྱེས་པ་ལྟར། རྒྱ་མཚོ་ཆེན་པོ་བཞིའི་ཆུས་རྐེད་གདུང་བཞིན་བསྐོར་བའི་མཐས་ཀླས་པའི་སའི་དཀྱིལ་འཁོར་འདི་བསྐྱང་ཞིང་ བསྲུང་བར་འདོད་པའི་སེམས་ཀྱང་མི་སྐྱེ་བ་དེ་བཞིན་དུ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་དམན་པ་རང་ཉིད་ཞི་བ་དང་དུལ་བ་ལྷུར་ལེན་པ་ཡང་རྒྱ་མཚོ་ལྟར་ཟབ་ཅིང་། །ཟླ་མེད་པར་བླ་ན་མེད་པ་ཡངས་ཤིང་རྒྱ་ཆེ་བ་ཡོན་ཏན་བགྲང་བ་ལས་འདས་པ་འབྱུང་བའི་ གནས་སུ་གྱུར་པ་སངས་རྒྱས་ཉིད་ལ་འདུན་པའི་རེ་བ་ཙམ་ཡང་སྐྱེད་པར་མི་བྱེད་དོ། །དེའི་ཕྱིར་བླ་ན་མེད་པའི་གོ་འཕང་འདོད་པ་ནི་གཞལ་ཡས་ཤིང་དཔག་ཏུ་མེད་པ་རྨད་དུ་བྱུང་བ་ཤིན་ཏུ་ཡ་མཚན་ཆེ་བ་བསམ་གྱིས་མི་ཁྱབ་པ་བསམ་པ་ལས་ཡང་དག་པར་འདས་པ་སྣང་བ་ཐམས་ ཅད་ཟིལ་གྱིས་གནོན་པ། ཡོན་ཏན་གྱི་སྣང་བ་གཞན་མ་ལུས་པར་ཟིལ་གྱིས་གནོན་པར་མཛད་པ་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་བདེ་བར་གཤེགས་པའི་ཡོན་ཏན་གྱི་ནོར་བུ་དག་ལ་ཤེས་རབ་དང་ལྡན་པ་སུ་ཞིག་ཡིད་ཀྱིས་སེམས་མི་བསྐྱེད་ཅེས་བྱ་བར་སྦྱར་རོ། །གཞན་ 98-48b ཡང་། གཞན་དོན་བྱེད་པ་དཔའ་བ་དང་། །སྐྱེས་བུ་ཆེན་པོའི་ཚུལ་ལྡན་པ། །སུ་ཞིག་འཁོར་མཐའ་མེད་པ་ཡང་། །ཉིན་གཅིག་ལྟ་བུར་གནས་མི་བྱེད། །གཞན་གྱི་དོན་བྱེད་པ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པར་གཅོད་པ་དཔའ་བ་ཉོན་མོངས་པའི་དགྲ་ལས་ རྣམ་པར་རྒྱལ་བའི་རྩལ་དང་ལྡན་པ་སྐྱེས་བུ་ཆེན་པོའི་ཚུལ་དང་ལྡན་པ་སུ་ཞིག་འཁོར་བའི་སྲིད་པ་སྔོན་དང་ཕྱི་མའི་མཐའ་མེད་པར་ཡང་ཉིན་གཅིག་ལྟ་བུར་གནས་པར་མི་བྱེད་དེ། ཇི་སྐད་དུ། མཁས་པ་གང་ཞིག་འགྲོ་བ་ཉམ་ངར་ཞུགས་མཐོང་ནས། །དཀའ་འམ་མི་དཀའ་སྙམ་ པའི་རྣམ་རྟོག་རྣམ་སྤངས་ཏེ། །གཞན་དོན་ཉི་ཚེ་སྒྲུབ་ཅེས་བསྐལ་པའི་མཐར་ཡང་ནི། །འཁོར་བའི་སྡུག་བསྔལ་དང་དུ་ལེན་ཅིང་སྒྲུབ་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །སྙིང་རྗེ་ཆེན་པོའི་བཤད་པ། ཐེག་པ་དམན་པ་ལས་བསླང་བའི་སེམས་ བསྐྱེད་པ་ཞེས་བྱ་བ་གསུམ་པ་བཤད་ཟིན་ཏོ། །སྙིང་རྗེ་ཆེན་པོའི་བཤད་པ་ཡང་དག་པའི་ལམ་དུ་དགོད་པའི་སེམས་བསྐྱེད་པ་ཞེས་བྱ་བ་བཞི་པའི་དབང་དུ་བྱས་ནས། །མཁས་པ་གང་ཞིག་འདས་གྱུར་ཀྱང་། །གང་གིས་གཏམ་གཞི་འཕེལ་འགྱུར་བ། །འཕགས་པ་གཞན་ དོན་མཛད་རྣམས། །ལམ་གྱི་རྗེས་སུ་འཇུག་མི་བྱེད། །ཅེས་བྱ་བ་སྨྲས་ཏེ། མཁས་པ་ཤེས་ཉེན་ཅན་གང་ཞིག་དུས་ཡུན་རིང་པོར་འདས་པར་གྱུར་ཀྱང་ཡོན་ཏན་གང་གིས་ན་བདེ་བར་གཤེགས་པ་བཞིན་དུ་གཏམ་གཞིའི་རྒྱུད་དག་ལས་མཁས་པ་རྣམས་ཀྱི་སྙན་པ་རྣམ་པ་མང་པོ་ བསྔགས་པ་འཕེལ་བར་འགྱུར་བ། འཕགས་པ་འཁོར་བ་ཡུན་རིང་པོ་ནས་གཤེགས་པ་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་འབའ་ཞིག་གིས་གཞན་གྱི་དོན་མཛད་པ་རྣམས་ཀྱི་ལམ་གྱི་རྗེས་སུ་འཇུག་པར་མི་བྱེད་དེ། དེ་ལྟར་བདག་ཉིད་ཡང་དག་པའི་ལམ་དུ་ ཞུགས་པས་ནི་མུ་སྟེགས་ཅན་ལ་སོགས་པ་གཞན་དག་ཀྱང་ཡང་དག་པའི་ལམ་དུ་དགོད་པར་བྱེད་དེ། དེ་ནི་སྙིང་རྗེ་ཆེན་པོའི་བཤད་པ་ཡང་དག་པའི་ལམ་དུ་དགོད་པའི་སེམས་བསྐྱེད་པ་ཞེས་བྱ་བ་བཞི་པ་ཡིན་ནོ། །བྱམས་པ་དང་སྙིང་རྗེས་ལུས་དང་སྲོག་དོན་དུ་མི་གཉེར་བ་ཉིད་བསྟན་ 98-49a པའི་ཕྱིར། །སུ་ཞིག་ཆུ་ཤིང་དབུ་བ་ལྟར། །སྙིང་པོ་མེད་པའི་ལུས་འདི་དག །གཞན་ཕན་རྐྱེན་དུ་སྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་སྒྲུབ་མི་བྱེད། །ཅེས་བྱ་བ་སྨྲས་ཏེ། མཁས་པ་བྱམས་པ་དང་སྙིང་རྗེ་ཅན་སུ་ཞིག་ཆུ་ཤིང་གི་ལོ་མ་དང་དབུ་བ་དང་ཟིལ་པའི་ ཐིགས་པ་དང་། སྟོན་ཀའི་སྤྲིན་དང་། བྱེ་མའི་ཁང་བུ་ལ་སོགས་པ་ལྟར་སྙིང་པོ་མེད་པའི་ལུས་འདི་དག་གཞན་ལ་ཕན་པ་སྒྲུབ་པའི་རྐྱེན་ལག་པ་དང་། རྐང་པ་དང་། མིག་དང་། མགོ་དང་། རང་གི་ཤ་དང་། ཁྲག་ལ་སོགས་པ་གཏོང་བ་སྒྲུབ་པར་བྱེད་པས་རི་རབ་ལྷུན་པོ་ལྟར་རབ་ ཏུ་མི་སྒུལ་བ་ཉིད་ཀྱི་སྙིང་པོ་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་དྲི་མ་མེད་པ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའི་སྐུ་རྡོ་རྗེའི་རང་བཞིན་ལྟ་བུ་མངོན་པར་སྒྲུབ་པར་མི་བྱེད། དེ་ལྟར་ཤེས་ནས། ཡ་རབས་སྙིང་རྗེ་ལྡན་པས་ནི། །སྐད་ཅིག་རེ་ རེར་རྒ་ཤི་དང་། །ནད་ཀྱི་གཞིར་གྱུར་ལུས་དག་ནི། །གཞན་ལ་བདེ་སྐྱེད་གཞིར་བྱེད་དོ། །ཡ་རབས་བསྟོད་པར་འོས་པ་དག་ནི་སྙིང་རྗེ་དང་ལྡན་ཞིང་སྙིང་རྗེའི་དབང་དུ་གྱུར་པའི་སེམས་ཀྱིས་སྐད་ཅིག་རེ་རེ་ལ་རྒ་ཞིང་འགྱུར་བ་དང་། འཆི་འཕོ་བ་དང་ནད་ཀྱི་གཞིར་གྱུར་པའི་ ལུས་འདི་དག་གཞན་ལ་བདེ་བ་སྐྱེད་པའི་གཞིར་གྱུར་པར་བྱེད་དོ། །དལ་འབྱོར་རྙེད་དཀའ་བ་ཉིད་བསྟན་པའི་ཕྱིར། དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་ བྱ་བ་སྨྲས་ཏེ། དམ་ཆོས་ཞེས་བྱ་བ་ནི་དམ་པ་རྣམས་ཀྱི་ཆོས་ནི་དམ་ཆོས་སོ། །དེ་ཉིད་སྒྲོན་མ་ཡིན་ཏེ། གཏི་མུག་གི་མུན་པ་སེལ་བར་བྱེད་པའི་ཕྱིར་རོ། །དམ་ཆོས་ཀྱི་སྒྲོན་མ་དང་ལྷན་ཅིག་བྱུང་བ་ནི་དམ་ཆོས་སྒྲོན་དང་བཅས་པ་སྟེ་དེའི་དུས་ལའོ། །མི་ཁོམ་པ་བརྒྱད་ཅེས་བྱ་བ་ ནི། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། དབང་པོ་མ་ཚང་བ་དང་། ཀླ་ཀློ་དང་། ལྟ་བ་ལོག་པ་དང་། ལྷ་ཚེ་རིང་པོ་དང་། སངས་རྒྱས་མེད་པའི་འཇིག་རྟེན་ཞེས་བྱ་བ་དག་གོ། །དེ་དག་སྤངས་ཤིང་གང་གི་ཚེ་ཁོམ་པ་དགུ་དང་ 98-49b ལྡན་པའི་མཚན་ཉིད་ཀྱི་ཁོམ་པ་འདི་རྙེད་པ་སྐྱེས་བུ་ཆེན་པོའི་སྤྱོད་པའི་རྗེས་སུ་འཇུག་པ་ཉིད་ཀྱིས་འབྲས་བུ་ཡོད་པར་བྱ་བའི་རིགས་སོ། །ཁོམ་པ་དགུ་དང་ལྡན་པ་གང་ཞེ་ན། མི་ཉིད་ཐོབ་པ་དང་། དབང་པོ་རྣམས་ཚང་བ་ཉིད་དང་། ལས་ཀྱི་མཐའ་མ་ལོག་པ་ཉིད་དང་། རིགས་ བཙུན་པར་སྐྱེས་པ་ཉིད་དང་། སངས་རྒྱས་འབྱུང་བ་ཉིད་དང་། གནས་ལ་དད་པ་ཉིད་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་ལ་རྣམ་པར་གཞག་པ་དང་། རྣམ་པར་གཞག་པ་རྣམས་རྗེས་སུ་འཇུག་པར་བྱེད་པའོ། །ཡང་ན་ཁོམ་པ་ནི་མིའི་སྐྱེ་བ་ཡོན་ཏན་བཅུ་ ཡོངས་སུ་རྫོགས་པ་སྟེ། ཡོན་ཏན་བཅུ་གང་ཞེ་ན། རིགས་དམན་པ་རྣམ་པར་སྤངས་པ་དང་། གླེན་པ་ཉིད་མ་ཡིན་པ་དང་། རྨོངས་པ་ཉིད་མ་ཡིན་པ་དང་། དབང་པོ་ཞན་པ་ཉིད་མ་ཡིན་པ་དང་། སྐྱེས་པ་ཉིད་ཐོབ་པ་དང་། གཟུགས་བཟང་བ་ཉིད་དང་། དབུལ་པོ་ཉིད་མ་ཡིན་པ་དང་། ཟིལ་གྱིས་མི་ནོན་པ་ཉིད་དང་། ཚིག་བཙུན་པ་ཉིད་དང་། སྐྱེ་བོ་མང་པོས་བལྟ་བར་འོས་པ་ཉིད་དོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་ལེའུ་སྟེ་དང་པོའོ།། །། ༄། །གཉིས་པ། ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པའི་ལེའུའི་འགྲེལ་པ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་གཉིས་པ། ད་ནི་བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཡོངས་སུ་མ་བཏང་བའི་ཐུབ་པའི་བརྟུལ་ཞུགས་བླ་ན་མེད་པ་ལ་ཡང་དག་པར་བརྟེན་པ་རབ་ཏུ་བསྟན་པའི་ཕྱིར་ལེའུ་གཉིས་པ་ཉེ་བར་གཞག་པའི་དབང་དུ་བྱས་ནས། དེ་ལྟར་འགྲོ་ལ་ཕན་པའི་ཕྱིར། །བྱང་ཆུབ་ཆེན་པོར་བརྟན་བླངས་པ། །ཚུལ་དང་མཐུན་པའི་ལམ་ཉིད་དུ། །རབ་ཏུ་ཞུགས་པ་རྣམ་པར་མཛེས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས་སྲིད་པ་གསུམ་གྱི་འགྲོ་བ་ཉིད་ལ་ཕན་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་བརྟུལ་ཞུགས་མི་ཕྱེད་པ་བརྟན་པ་ཡང་དག་པར་བླངས་པ། རིགས་པའི་ཚུལ་དང་མཐུན་པ། བདེ་བར་གཤེགས་པའི་ལམ་ཉིད་ཀྱི་རྗེས་སུ་རབ་ཏུ་ཞུགས་པ་ནི་རྣམ་པར་མཛེས་སོ། །ལམ་དེ་ཡང་གང་ཞེ་ན། དེའི་ཕྱིར། དེ་ནི་བྱམས་པ་གནོད་མེད་དང་། །སྙིང་རྗེ་ཕན་པ་སྒྲུབ་པ་ཡིས། ། 98-50a དམ་ཆོས་རྟོགས་པས་ངོམས་མེད་དང་། །ཆོས་སྦྱིན་པ་ལ་སེར་སྣ་མེད། །ཅེས་བྱ་བ་སྨྲས་ཏེ། བྱང་ཆུབ་ཀྱི་སེམས་མ་བཏང་བ་དེ་ནི་བྱམས་པ་ཆེན་པོའི་སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་བསྐྱབ་པར་འདོད་པའི་ངོ་བོ་ཉིད་གནོད་སེམས་མེད་པའི་མཚན་ ཉིད་དང་། སྙིང་རྗེ་ཆེན་པོ་གཞན་སྡུག་བསྔལ་བས་བདག་ཉིད་སྡུག་བསྔལ་བའི་ངོ་བོ་ཉིད་ལ་ཕན་པ་སྒྲུབ་པའི་མཚན་ཉིད་དང་ལྡན་པས་ཐེག་པ་ཆེན་པོའི་ཚུལ་མཉན་པ་དང་། གཟུང་བ་དང་། བཅང་བ་དང་། དོན་ཀུན་ཆུབ་པར་བྱ་བ་དང་། བསྟན་པ་དག་ལ་བརྩོན་པ་མི་འདོར་བས་ དམ་པའི་ཆོས་རྟོགས་པར་བྱ་བས་ངོམས་པ་མེད་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ཉིན་པར་དང་། མཚན་མོ་ཆོས་འདོད་པ་དང་། ཆོས་ལ་དགའ་བ་དང་། ཆོས་ལ་གཞོལ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྤྱོད་དེ། ནང་དང་ཕྱི་རོལ་གྱི་དངོས་པོ་ཡང་ཡོངས་སུ་མི་གཏོང་བ་དེ་ཅུང་ ཟད་ཀྱང་མེད་ཅིང་བླ་མ་ལ་བཀུར་སྟི་དང་། བསྙེན་བཀུར་བྱ་བ་གང་ཉེ་བར་མི་ལེན་པ་དེ་ཡང་ཅུང་ཟད་ཀྱང་མེད་ལ་ང་རྒྱལ་ལས་ཀྱང་ང་རྒྱལ་སྤངས་ཤིང་ང་རྒྱལ་མེད་པའི་ཉེ་བར་སྤྱོད་པ་ཉིད་ཉེ་བར་མི་ལེན་པ་དེ་ཡང་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སྐྱེ་བ་དང་། ན་ཚོད་དང་། རིགས་དང་། ཡུལ་དང་། དུས་ལ་འདའ་བ་མེད་ཅིང་། སེམས་ཅན་ཐམས་ཅད་ལ་སྙོམས་པར་ཆོས་རྣམ་པར་འབྱེད་ཅིང་། ཆོས་སྦྱིན་པ་ལ་སེར་སྣ་མེད་པ་ཡང་ཡིན་ནོ། །དྲང་དང་ང་རྒྱལ་བཅོམ་པ་དང་། །ཡིད་ཀྱིས་དེ་ཉིད་བལྟ་བ་དང་། །གཞན་སྐྱོན་རྟོག་ ལ་ལོང་བ་དང་། །རང་སྐྱོན་འབྱུང་བས་འཇིགས་པ་ཡིན། །གཡོ་སྒྱུ་བྲལ་བས་དྲང་བ་དང་། །ཁེངས་པ་དང་རང་རེང་དང་བྲལ་བས་ང་རྒྱལ་བཅོམ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་ཡིད་ཀྱིས་དེ་ཉིད་བལྟ་བ་དང་། གཞན་ གྱི་སྐྱོན་ཆེན་པོ་དག་ལ་ཡང་བླུན་ཞིང་ལོང་བ་ལྟར་བྱེད་པས་གཞན་གྱི་སྐྱོན་ལ་རྟོག་པ་ལ་ལོང་བ་དང་། བདག་ཉིད་ཁ་ན་མ་ཐོ་བ་རྡུལ་ཙམ་གྱིས་ཀྱང་འཇིགས་པར་ལྟ་བས་རང་གི་སྐྱོན་འབྱུང་བས་འཇིགས་པ་སྟེ། དེ་ལྟ་བུ་དེ་དག་ཡིད་དང་ལྡན་པས་རྣམ་པར་མཛེས་པ་ཡིན་ནོ། ། 98-50b རྩོད་དང་འཇིག་རྟེན་འདུ་འཛི་དང་། །འཇིག་རྟེན་རྒྱང་ཕན་རྒྱབ་ཀྱིས་ཕྱོགས། །ཡོན་ཏན་མེད་ལའང་ཡོན་ཏན་གྱི། །རྒྱུན་རྣམས་སྐྱེ་བར་རྟག་ཏུ་གུས། །རྩོད་པ་ནི་གཞན་གྱི་ཕྱོགས་སུན་དབྱུང་བ་དང་། རང་གི་ཕྱོགས་བཞག་པའི་སྒོ་ནས་ཕྱོགས་གཉིས་ལ་བརྟེན་པའི་ཚིག་ངན་པར་སྨྲ་བ་དང་། འཇིག་རྟེན་པའི་འཐབ་མོ་དང་། མཚང་འབྲུ་བ་དང་། འགྱོད་པའི་ཕྱིར་རྩོད་པའོ། །འཇིག་རྟེན་གྱི་འདུ་འཛི་ནི་ཆོས་མ་ཡིན་པ་དང་། དོན་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། འཁོར་བ་འདོད་པའི་འཇིག་རྟེན་དང་ལྷན་ཅིག་འགྲོགས་ཤིང་ཀུན་ཏུ་སྨྲ་བའོ། །འཇིག་རྟེན་རྒྱང་ཕན་ ནི་ཡང་དག་པ་ཉིད་ཀྱི་ལུང་དང་བྲལ་བའི་གསང་ཚིག་སྣ་ཚོགས་ལ་སྤོབས་པའོ། །དེ་དག་ལ་རྒྱབ་ཀྱིས་ཕྱོགས་པ་ནི་མི་ཕྱོགས་པའོ། །ཡོན་ཏན་མེད་ལའང་ཡོན་ཏན་གྱི། །རྒྱུན་རྣམས་སྐྱེ་བར་རྟག་ཏུ་གུས་པ་ནི་སྐྱེ་བོ་ཡོན་ཏན་མ་ལུས་པ་མེད་པ་ལ་ཡང་སེམས་ཅན་ཐམས་ཅད་དེ་བཞིན་ གཤེགས་པའི་སྙིང་པོ་དང་ལྡན་པར་མོས་ཤིང་འདི་ཡང་དུས་གཞན་ན་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་ཡོན་ཏན་གྱི་རྒྱུན་རྣམས་སྐྱེ་བར་རྟག་ཏུ་གུས་པ་མི་ལྷོད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་འཛིན་ཅིག་གང་ཟག་ལ་ཚོད་ཀྱང་མ་འཛིན་ ཅིག །དགེ་སློང་དག་ངའམ་ང་འདྲ་བས་གང་ཟག་ལ་ཚད་གཟུང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་། སྙིང་རྗེས་བསྐྱེད་པའི་སྦྱིན་པ་དག །སྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཀྱི། །སྡུག་བསྔལ་ཆུ་བོ་ཀུན་ཞིའི་ཕྱིར། །ཐམས་ཅད་མཁྱེན་ཉིད་འདོད་པ་བསྐྱེད། ། ཅེས་བྱ་བ་ལ། སྙིང་རྗེས་བསྐྱེད་པའི་སྦྱིན་པ་དག་ཅེས་བྱ་བ་ནི་ལན་དང་འབྲས་བུ་ལ་རེ་བ་མེད་པར་སྙིང་རྗེ་ཉིད་འབའ་ཞིག་གིས་ཡང་དག་པར་བསྐྱེད་པས་གཏོང་བའི་སེམས་པ་དེས་ཆོས་དང་། ཟང་ཟིང་དང་། དབང་དང་། དོན་དང་། རིགས་པ་དང་། གནས་དང་། མི་ འཇིགས་པ་ཞེས་བྱ་བའི་དངོས་པོ་རྣམ་པ་བདུན་སྦྱིན་པར་བྱེད་པའོ། །སྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཀྱི། །སྡུག་བསྔལ་ཆུ་བོ་ཀུན་ཞིའི་ཕྱིར། །ཞེས་བྱ་བ་ནི་གང་གི་དོན་དུ་ཡོངས་སུ་སྔོ་བར་བྱེད་ཅེ་ན། འཇིག་རྟེན་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་ 98-51a གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་མ་ལུས་པ་དག་གི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་རྒྱུན་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །དེའི་ཕྱིར་གང་དུ་ཡོངས་སུ་སྔོ་བར་བྱེད་ཅེ་ན། ཐམས་ཅད་མཁྱེན་པ་ཉིད་འདོད་པ་བསྐྱེད་ཅེས་བྱ་བ་སྟེ། སངས་རྒྱས་ཉིད་ལ་འདོད་པ་ཡང་དག་པར་བསྐྱེད་པས་དེ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ། །འདིར་འདི་སྐད་ཅེས་རྒོལ་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་འདོད་པས་སྦྱིན་པ་སྦྱིན་པར་བྱེད་ན་ཇི་ལྟར་དེས་འབྲས་བུ་ལ་ རེ་བ་མེད་པར་འགྱུར་ཏེ། ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་དག་གི་འབྲས་བུ་གཟུགས་དང་ཆོས་ཀྱི་སྐུ་དག་ཀྱང་སྣང་ངོ་། །རང་གི་རྒྱུད་ཁོ་ན་ལ་འབྲས་བུ་སྣང་བས་ཇི་ལྟར་སྐྱེ་བོ་མཐའ་དག་གི་སྡུག་བསྔལ་ཉེ་བར་ཞི་བ་ཡིན་ཏེ། སྙིང་རྗེས་སྡུག་བསྔལ་བ་རྣམས་ལ་གཏོང་བར་བྱེད་པ། ཞིང་འདམ་ པར་མི་བྱེད་པ་ལ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། བཤད་པ་དེ་ཐམས་ཅད་མཁྱེན་པ་ཉིད་འདོད་པའི་ཐབས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཉིད་སྤོང་བར་བྱེད་དོ། །ཟང་ཟིང་དང་ཆོས་ཀྱི་འབྲས་བུ་གཟུགས་དང་ཆོས་ཀྱི་སྐུ་དག་ཀྱང་གཞན་དོན་ཁོ་ན་ཡིན་ ཏེ། གང་གི་ཕྱིར་ཆོས་ཀྱི་དེ་ཉིད་མངོན་པར་རྫོགས་པར་བྱང་མ་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་མ་བསྐོར་བར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་རྣམ་པ་གསུམ་ལ་དགོད་པར་མི་ནུས་པའི་ཕྱིར་རོ། །དེ་ལ་ཆོས་ཀྱི་སྐུ་ནི་མངོན་པར་རྫོགས་པར་བྱང་ཆུབ་པར་མཛད་པ་ཡིན་ ལ། གཟུགས་ཀྱི་སྐུ་ནི་སྟོན་པར་མཛད་པ་ཡིན་ཏེ། ཡི་གེ་དང་ཚིག་དང་རྩ་བའི་གོ་རིམས་ཀྱི་མཚན་ཉིད་ཀྱི་སྒྲ་ནི་གནས་དང་བྱེད་པ་དང་། རྩོལ་བ་དག་ལས་འབྱུང་བའི་ཕྱིར་དང་། དེའི་དུས་ན་ལོང་བ་དང་། འོན་པ་དང་། སྨྱོན་པ་ལ་སོགས་པས་ནི་མིག་ལ་སོགས་པ་འཐོབ་ལ། རྒྱུད་ཡོངས་སུ་སྨིན་པ་དག་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དག་གི་སྣོད་དུ་འགྱུར་བས་དེའི་ཕྱིར་དེ་ལྟར་འབྲས་བུ་དེ་དག་གཞན་གྱི་རྒྱུད་ལ་ཡང་སྣང་ངོ་། །འབྲས་བུ་ལ་རེ་བའི་ཞགས་པས་བཅིངས་པའི་བློ་གྲོས་ཅན་དག་ཞིང་ཚོལ་བར་ཡང་བྱེད་ལ། གང་གཞན་དག་གིས་བཀྲེས་ 98-51b པ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བ་ཙམ་ཁོ་ན་ལ་དམིགས་ནས་སྣོད་ལ་མི་རྟོག་པར་སྙོམས་པར་སྦྱིན་པ་སྦྱིན་པར་བྱེད་པ་དེས་ཆོས་ཉིད་མཉམ་པར་ཡང་རྟོགས་པར་འགྱུར་ཏེ། ཇི་སྐད་དུ་གཞོན་ནུ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་ཡོན་གནས་ཡིན་གྱི་དུད་འགྲོ་ནི་མ་ཡིན་ནོ་སྙམ་དུ་ སེམས་ན། བྱང་ཆུབ་སེམས་དཔའི་ཆོས་སུ་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་ཕྱི་རོལ་པའི་ཐུབ་པ་དག་ནི་ཆུ་ངོས་ཀྱི་ཁྲུས་དང་། སེ་རལ་ཕྲེང་དང་། རལ་པ་དང་། ཤིང་ཤུན་དང་། པགས་པ་དང་། རིལ་བ་དང་། རྩྭ་སྟན་ལ་སོགས་པ་རྣལ་འབྱོར་ པའི་རྟགས་འཆང་ཞིང་། འབྲས་བུ་དང་། རྩ་བ་ཟ་བ་དང་། རང་གི་ལྷ་ཉིད་མགུ་བར་བྱེད་པ་དང་། མེ་ལ་ཉེ་བར་བསྟེན་པ་དང་། དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པར་བྱེད་དོ། འདིའི་ཐུབ་པ་དག་ནི། ཚུལ་ཁྲིམས་དྲི་མེད་ཆུས་ཁྲུས་དང་། །བཟོད་པའི་སེ་རལ་ཕྲེང་དཀར་དང་། ། བརྩོན་འགྲུས་རལ་པའི་ཁུར་བཅིངས་དང་། །བསམ་གཏན་ཤེས་པ་ལྷུར་ལེན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པར་བརྟན་ཏོ། །ཚུལ་ཁྲིམས་དྲི་མེད་ཆུས་ཁྲུས་ཞེས་བྱ་བ་ནི་དབང་པོ་དྲུག་ཡང་དག་པར་སྡོམ་པའི་ངོ་བོ་ཉིད་ཀྱི་དགེ་བ་བཅུ་ལྷག་པར་སྤྱོད་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ དྲི་མ་མེད་པའི་ཚུལ་ལུས་དང་ངག་དང་སེམས་ཀྱི་རྒྱུད་རྣམ་པར་དག་པའོ། །བཟོད་པའི་སེ་རལ་ཕྲེང་དཀར་ཞེས་བྱ་བ་ནི་སྡུག་བསྔལ་དང་དུ་ལེན་པ་དང་། གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་པར་རྟོག་པ་ཞེས་བྱ་བའི་བཟོད་པ་སེ་རལ་ཕྲེང་དཀར་པོ་ལྟ་བུ་ཐོགས་པའོ། ། བརྩོན་འགྲུས་རལ་པའི་ཁུར་བཅིངས་ཞེས་བྱ་བ་ནི་དགེ་བའི་ཆོས་ལ་མངོན་པར་སྤྲོ་བའི་མཚན་ཉིད་ཀྱི་བརྩོན་འགྲུས་ཀྱི་རལ་པའི་ཚོགས་ཀྱིས་བརྒྱན་པའོ། །བསམ་གཏན་ཤེས་པ་ལྷུར་ལེན་ཅེས་བྱ་བ་ནི་ལུས་དང་སེམས་འཛིན་པའི་ངོ་བོ་ཉིད་ཀྱི་བསམ་གཏན་དང་། ཤེས་རབ་དང་ཐབས་ཀྱི་ཤེས་ 98-52a པས་བྱང་ཆུབ་ཀྱི་ལམ་ཤིན་ཏུ་རྣམ་པར་སྦྱངས་པའོ། །བློ་མིག་ལེགས་པར་བྱེ་བ་དང་། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས། །ངོ་ཚ་ཁྲེལ་ཡོད་གོས་དང་ནི། །དེས་པའི་སྐ་རགས་འཆིང་བ་ཡིན། །ཞེས་བྱ་བ་བློ་མིག་ལེགས་པར་བྱེ་བ་ཞེས་བྱ་བ་ནི་ཀུན་རྫོབ་ དང་དོན་དམ་པ་ལ་དམིགས་པའི་ཤེས་རབ་རྣམ་པ་གཉིས་ཀྱི་མིག་རྣམ་པར་བྱ་བའོ། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས། །ཞེས་བྱ་བ་ནི་ངན་སོང་བའི་འཇིགས་པ་ལས་སྐྱོབ་པ་དང་། ཉོན་མོངས་པའི་དགྲ་འདུལ་ནུས་པའི་བསྟན་བཅོས་ཤེས་པ་ལ་མཁས་པ་དང་། བླ་མ་དག་ལ་གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གུས་པའི་ལས་ལ་བརྩོན་པ་དང་། གྲོགས་པོ་དང་། མཛའ་བཤེས་དང་། མགྲོན་དག་ལ་གཅུགས་པ་ལ་སོགས་པ་འཇིག་རྟེན་ཤེས་པ་ཉིད་ལ་མཁས་པའོ། །ངོ་ཚ་ཁྲེལ་ཡོད་གོས་ ཞེས་བྱ་བ་ནི་ཆོས་དང་འཇིག་རྟེན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་འཛེམ་པའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་གོས་ཤིང་ཤུན་ལྟར་གྱོན་པའོ། །དེས་པའི་སྐ་རགས་འཆིང་བ་ཞེས་བྱ་བ་ནི་འགྲོགས་ན་བདེ་བ་ཉིད་ཀྱི་སྐ་རགས་དམ་པོ་འཆིང་བའོ། །སྙིང་རྗེའི་པགས་པ་གནག་འཆང་ཞིང་། ། དད་པ་དྲི་མེད་རིལ་བ་དང་། །དྲན་པས་དབང་པོའི་སྒོ་བསྲུངས་ཤིང་། །བརྟན་པའི་སྦ་སྟེགས་སྟན་ལ་འདུག །ཅེས་བྱ་བ་ལ། སྙིང་རྗེའི་པགས་པ་གནག་འཆང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་སྙིང་རྗེ་དེ་ཉིད་གཡང་གཞི་ནག་པོ་ལྟ་བུ་སྟེ། དེ་འཆང་བའོ། དད་ པ་དྲི་མེད་རིལ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་ལ་མོས་པ་དྲི་མ་མེད་པའི་རིལ་བ་སྤྱི་བླུགས་དང་ལྡན་པའོ། །དྲན་པས་དབང་པོའི་སྒོ་བསྲུངས་ཞེས་བྱ་བ་ནི་དགེ་བའི་ཆོས་མི་བརྗེད་པ་ཞེས་བྱ་བའི་དྲན་པས་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་སྒོའི་སྒོ་གླེགས་ལེགས་པར་བཅད་པའོ། །བརྟན་པའི་སྦ་སྟེགས་སྟན་ལ་འདུག་ཅེས་བྱ་བ་ནི་བདུད་ལ་སོགས་པས་མི་ཕྱེད་པ་བརྟན་པའི་སྦ་སྟེགས་ཀྱི་སྟན་ལ་འདུག་པའོ། །ཐེག་པ་ཆེན་པོ་དགའ་ཆེན་གྱི། །དཀའ་ཐུབ་ནགས་ཚལ་ཡང་དག་བརྟེན། །བསམ་གཏན་དགའ་བའི་འབྲས་བུ་ཟ། །དྲན་པ་ཉེར་གཞག་སྤྱོད་ཡུལ་ཅན། །ཞེས་ 98-52b བྱ་བ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་དེ་ལས་གཞན་པའི་ཐེག་པ་དག་ལྟོས་ན་གོ་སྐབས་ཡངས་པའི་ཕྱིར་དང་། ཐེག་པ་གཅིག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་འབྲས་བུ་དང་བཅས་པ་ནི་ཐེག་པ་ཆེན་པོའོ། །དགའ་ཆེན་ཞེས་བྱ་བ་ནི་དེ་ཉིད་ལྷ་དང་མིའི་ཕུན་སུམ་ཚོགས་པ་བསྐྱེད་པའི་ཕྱིར་ དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བའི་ཕྱིར་དགའ་བ་ཆེན་པོ་ཡིན་ནོ། །དཀའ་ཐུབ་ནགས་ཚལ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པར་དཀའ་ཐུབ་སྤྱད་པའི་ཕྱིར་དང་། བྱང་ཆུབ་ཀྱི་ ཡན་ལག་གི་མེ་ཏོག་རྒྱས་པ་དང་། མཉམ་པ་མེད་པའི་བྱང་ཆུབ་ཀྱི་འབྲས་བུས་བརྒྱན་པ་དང་། ཉོན་མོངས་པའི་གཅན་གཟན་དང་། སྲིན་པོའི་ཚོགས་དང་བྲལ་བ་དང་། དགེ་བ་དཔག་ཏུ་མེད་པའི་རྩ་བའི་ཚོགས་རྣམ་པར་མཛེས་པའི་ཕྱིར་ཏེ། དེ་ན་ཡང་དག་པར་བརྟེན་ཏོ། །བསམ་གཏན་ དགའ་བའི་འབྲས་བུ་ཟ་ཞེས་བྱ་བ་ནི་འདོད་པ་དང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སྡུག་བསྔལ་དང་བྲལ་བའི་བསམ་གཏན་བཞི་པོ་ཤིན་ཏུ་སྦྱངས་པ་བསྐྱེད་པས་དགའ་བ་བསྒོམ་པའི་འབྲས་བུ་ལ་ལོངས་སྤྱོད་པའོ། །དྲན་པ་ཉེར་གཞག་སྤྱོད་ཡུལ་ཅན། ། ཞེས་བྱ་བ་ནི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཞེས་བྱ་བའི་དྲན་པ་ཉེ་བར་གཞག་པའི་ཡུལ་གྱི་སྤྱོད་ཡུལ་དང་ལྡན་པའོ། །ཟབ་ཅིང་རྒྱ་ཆེ་མདོ་སྡེའི་མཐའ། །འདོད་ཅིང་སྡིག་པ་བཅོམ་པ་དང་། །བདེན་པ་གཉིས་ལ་བརྟེན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཉི་བཤད་ཟློས། ། ཞེས་བྱ་བ་ལ། ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེའི་མཐའ་འདོན་ཅེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཏིང་དཔག་དཀའ་བའི་མདོ་སྡེའི་མཐའ་ངེས་པའི་དོན་སྟོན་པ་དག་ཁ་ཏོན་དུ་འདོན་པའོ། །སྡིག་པ་བཅོམ་པ་ཞེས་བྱ་བ་ནི་དེས་སྡིག་པ་མ་ལུས་པར་སྤངས་པ་སྟེ། ཇི་སྐད་དུ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བླངས་ཏེ་འཆང་ངམ་ཀློག་གམ་ཚུལ་བཞིན་ཡིད་ལ་བྱེད་ན་དེའི་ཚེ་རབས་སྔ་མའི་མི་དགེ་བ་དེ་དག་ཚེ་འདི་ཉིད་ལ་ཡོངས་སུ་ཟད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །བདེན་པ་གཉིས་ལ་བརྟེན་པ་ཡི། ། 98-53a ཞེས་བྱ་བ་ལ། ཀུན་རྫོབ་ལ་བརྟེན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཅི་ལྟ་བུ་ཞེ་ན། མ་བརྟགས་ན་གྲགས་པ་ཡོད་པ་དང་མེད་པ་ལ་སོགས་པ་བརྟགས་ན་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བའི་མཚན་ཉིད་དེ། ཇི་སྐད་དུ། གང་དུ་ཚོགས་ལས་སྣང་འགྱུར་བ། ། འདྲེན་པས་རབ་ཏུ་བསྟན་མཛད་པ། །དེ་ནི་བློ་ཅན་འཇིག་རྟེན་ཆོས། །ཉེ་བར་གདགས་པའི་སར་སྟོན་ཏོ། །ཞེས་གསུངས་པ་ལྟ་བུའོ། །དོན་དམ་པ་ལ་བརྟེན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྐྱེ་བ་མེད་པ་སྟེ། ཇི་སྐད་དུ། གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །ཞེས་གསུངས་པ་ལྟ་བུའོ། ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཐ་དད་པ་འདུས་པ་ལས་འབྲས་བུ་འབྱུང་བ་དང་། འཇིག་པའི་དུས་ན་བར་དུ་མ་ཆོད་པར་འབྱུང་བའོ། །དེ་ཉིད་ཉི་བཤད་ཡིན་ཏེ། རྫོགས་པའི་སངས་རྒྱས་ཉི་མས་བཤད་པའི་ཕྱིར་རོ། །དེ་ཟློས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་བཟླས་བརྗོད་ དུ་ཟློས་པའོ། །ཇི་ལྟར་ཞེ་ན། ས་བཅུ་པའི་མདོ་ལས། འདི་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བ་ལ་འདི་ལྟར་རྣམ་པར་བལྟ་སྟེ་མ་རིག་པའི་ངོ་བོ་ཉིད་ནི་དོན་དམ་པ་མི་རྟོགས་པའོ། །མ་ རིག་པའི་མཚན་ཉིད་ནི་འདུ་བྱེད་ལ་ཀུན་ཏུ་རྨོངས་པའོ། །དེ་ལ་མ་རིག་པ་ནི་བྱ་བ་རྣམ་པ་གཉིས་སུ་ཉེ་བར་གནས་ཏེ། སེམས་ཅན་རྣམས་དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད་པ་དང་། འདུ་བྱེད་མངོན་པར་སྒྲུབ་པའི་རྒྱུ་ཡང་འབྱིན་པར་བྱེད་པའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དག་ ལས་རིག་པར་བྱའོ། །བསྒྲུབ་པའི་མེ་ཏོག་སྔགས་ལྡན་པ། །ཕྱོགས་རྣམས་ཀུན་ཏུ་དྲིས་ཁྱབ་པས། །རྫོགས་པའི་སངས་རྒྱས་ཉི་མ་ལ། །ཉིན་ཅིག་བཞིན་དུ་བསྙེན་བཀུར་བྱེད། །ཅེས་བྱ་བ་ལ་ནི་བསྒྲུབ་པའི་མེ་ཏོག་ཡོན་ཏན་མཐའ་ཡས་པའི་བསྔགས་པ་དང་ལྡན་པ་ཕྱོགས་བཅུ་ ཐམས་ཅད་དུ་གྲགས་པའི་དྲི་འབྱུང་བ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མ་ལ་ཉིན་གཅིག་མི་འཆད་པར་བསྙེན་བཀུར་བྱེད་པ་ཡིན་ནོ། །སོ་སོར་རྟོག་པའི་མེ་ཐབ་ཏུ། །མི་དགེའི་ཀུན་ཏུ་རྟོག་པ་སྲེག །བླ་མེད་གོ་འཕང་ཐོབ་བྱའི་ཕྱིར། །དེ་ལྟར་ཐུབ་པའི་བརྟུལ་ཞུགས་སྤྱོད། ། 98-53b ཅེས་བྱ་བ་ནི་ཡུལ་སྣ་ཚོགས་འདོད་པ་ཕྱིར་ཟློག་པའི་སོ་སོར་རྟོག་པའི་ཞུགས་ཐབ་ཏུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་བུད་ཤིང་གི་དུ་མ་གྲུགས་མ་ལུས་པ་སྲེག་པ་སྟེ། ཆོས་འདིའི་ཐུབ་པ་དག་ནི་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མངོན་པར་རྟོགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ ཕྱིར་དེ་ལྟར་ཇི་སྐད་བསྟན་པ་དག་ལྟར་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་རྟེན་པར་བྱེད་དོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པའི་ལེའུ་སྟེ་གཉིས་པའོ།། །།༄། །གསུམ་པ། དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་ལེའུའི་འགྲེལ་པ། ད་ནི་དེ་ཉིད་ཤེས་པ་ཚོལ་བའི་སྐབས་སུ་བབ་པས་དེ་བསྟན་པའི་ཕྱིར་ལེའུ་གསུམ་པ་བརྩམ་པའི་དབང་དུ་བྱས་ནས། གང་ལ་ཤེས་པའི་མིག་ཡོད་པ། །དེ་ལ་མིག་ཡོད་གཞན་མ་ཡིན། །དེས་ན་གང་ཕྱིར་བློ་ལྡན་དག །དེ་ཉིད་ཤེས་པ་ཚོལ་ལ་བརྩོན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་པའི་ངོ་བོ་ཉིད་ནི་མིག་ཡིན་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་དང་། ཐག་རིང་བ་དང་། ཉེ་བ་དང་། རགས་པ་དང་། ཆ་ཕྲ་བའི་དངོས་པོ་དག་ལ་ཐོགས་པ་མེད་པར་འཇུག་པའི་ཕྱིར་རོ། །གང་ལ་ཤེས་པའི་མིག་དེ་ཡོད་པ་དེ་ལ་ནི་མིག་ཡོད་པ་ཡིན་ནོ། །གཞན་མ་ཡིན་ཞེས་བྱ་བ་ནི་ཤའི་མིག་ནི་ཧ་ཅང་ཉེ་ བ་དང་རིང་བ་དང་དབང་པོ་ལས་འདས་པ་ལ་སོགས་པའི་དངོས་པོ་དག་ལ་ལོང་བ་འདྲ་བས་དེ་ཡོད་དུ་ཟིན་ཀྱང་ཅི་ལ་ཡང་མི་ཕན་པས་དེ་ཡོད་ཀྱང་མིག་དང་ལྡན་པ་མ་ཡིན་ནོ། །དེས་ན་གང་གི་ཕྱིར་བློ་དང་ལྡན་པ་དག་ནི་ཤའི་མིག་ངན་པ་དེ་ཚོལ་བ་སྤངས་ཏེ། དེ་ཉིད་ཤེས་པ་ཚོལ་བ་ལ་བརྩོན་ པར་བྱེད་དོ། །དོན་དེ་ཉིད་བསྟན་པའི་ཕྱིར་བློ་ལྡན་འཇིག་རྟེན་གསུམ་པོ་དག །ཐོགས་མེད་མཐོང་བ་ལོང་བས་ཀྱང་། །བལྟ་འདོད་ཐག་རིང་ཆ་ཕྲ་དང་། །བསྒྲིབས་པའི་དོན་ཡང་མཐོང་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཤེས་པའི་མིག་གི་བློ་དང་ལྡན་པ་འཇིག་རྟེན་གསུམ་པོ་དག་ ཐོགས་པ་མེད་པར་མཐོང་བ་ནི་ཤའི་མིག་ཉམས་ཤིང་ལོང་བས་ཀྱང་བལྟ་བར་འདོད་པ། ཐག་རིང་བ་དཔག་ཚད་སྟོང་དག་དང་། ཆ་ཕྲ་བ་རྡུལ་ཕྲན་ལྟ་བུ་དང་། བསྒྲིབས་པའི་དོན་གྱི་དངོས་པོ་ཡང་མིག་དང་ལྡན་པ་བཞིན་དུ་ཡང་དག་པར་མཐོང་བར་འགྱུར་རོ། །གཞན་ཡང་། མིག་ 98-54a སྟོང་པ་ཡང་བློ་མེད་ན། །མིག་དང་ལྡན་པ་མ་ཡིན་ཏེ། །མཐོ་རིས་དང་ནི་བྱང་གྲོལ་གྱི། །ལམ་དང་ལམ་མིན་མི་མཐོང་ཕྱིར། །མིག་སྟོང་པ་ནི་ལྷའི་དབང་པོ་ཡིན་ཞེས་གྲགས་ཏེ། དེ་ནི་ཡུལ་ལ་རེ་བའི་ཞགས་པས་བློ་གྲོས་ཡོངས་སུ་དཀྲིས་པས་ གལ་ཏེ་ཤེས་པའི་མིག་གི་བློ་མེད་ན་མིག་དང་ལྡན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཐོ་རིས་དང་བྱང་གྲོལ་གྱི་ལམ་དང་ལམ་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་བའི་ཕྱིར་རོ། །དེ་ལ་མཐོ་རིས་ཀྱི་ལམ་ནི་དགེ་བ་བཅུའོ། །བྱང་གྲོལ་གྱི་ལམ་ནི་འཕགས་པའི་ལམ་ཡན་ལག་ བརྒྱད་པའོ། །གང་གིས་ན་མིག་དང་ལྡན་པར་འགྱུར་བའི་ཤེས་པ་དེ་གང་ཞེ་ན། དེའི་ཕྱིར། ཤེས་རབ་མིག་ཕྱེ་མཐོང་བ་དང་། །མ་མཐོང་ཁྱད་པར་འདོད་པ་ཡི། །འབྲས་བུ་རེ་བ་དུག་ཚེར་གྱི། །སྦྱིན་པ་སོགས་ལ་འཇུག་མི་བྱེད། །ཅེས་བྱ་བ་སྨྲས་ཏེ། ཤེས་རབ་ ཀྱི་མིག་བྱེ་བ་ནི་མཐོང་བའི་འབྲས་བུ་ཞེས་བྱ་བ་འབྲས་བུ་ཐོབ་པ་དག་དང་ལན་བྱེད་པ་དག་ལ་བྱིན་ན་འདི་ཉིད་ལ་འབྲས་བུ་ཐོབ་པ་དང་། མ་མཐོང་བའི་འབྲས་བུ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་དང་ཁྱད་པར་གྱི་འབྲས་བུ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་ཉིད་ལ་སོགས་ པ་དང་འདོད་པའི་འབྲས་བུ་ཞེས་བྱ་བ། སྐྱེ་གནས་ངན་པ་ན་ཡང་ཡུལ་ལོངས་སྤྱོད་པའི་བདག་ཉིད་དུ་འོང་བ་སྟེ། དེ་དག་ལྟ་བུའི་འབྲས་བུ་ལ་རེ་བ་ཉིད་དུག་ཡིན་ཏེ། གྲོལ་བའི་ལུས་ཀྱི་བར་ཆད་བྱེད་པའི་ཕྱིར་རོ། །དེ་ཉིད་ཚེར་མ་ཡིན་ཏེ། འཁོར་བའི་སྡུག་བསྔལ་གྱིས་གནོད་པར་ འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པར་མི་བྱེད་དོ། །འོ་ན་ཇི་ལྟ་བུ་ཞིག་ལ་བརྩོན་པར་བྱེད་ཅེ་ན། སྙིང་རྗེས་ཐམས་ཅད་མཁྱེན་པའི་ཕྱིར། །འཁོར་གསུམ་ཡོངས་སུ་དག་པ་ཡི། །སྦྱིན་ལ་སོགས་ལ་བརྩོན་བྱེད་ཅིང་། །དེ་ལའང་ ཡིད་ནི་གནས་མི་བྱེད། །ཅེས་བྱ་བ་སྟེ། སྙིང་རྗེས་གྲགས་པ་དང་བདེ་བ་དང་འགྲན་པ་ལ་སོགས་པའི་ཕྱིར་མ་ཡིན་པར་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་ལ་གཅིག་ཏུ་དམིགས་ནས་དེ་ཐོབ་པར་བྱ་བའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པ་ལ་བརྩོན་པར་བྱེད་ 98-54b དོ། །འཁོར་གསུམ་ནི་འཁོར་གསུམ་པོ་དག་གོ། །ཡོངས་སུ་དག་པ་ནི་དྲི་མ་མེད་པ་སྟེ། ལུས་ཀྱི་མི་དགེ་བ་རྣམ་པ་གསུམ་དང་། ངག་གི་རྣམ་པ་བཞི་དང་། ཡིད་ཀྱི་རྣམ་པ་གསུམ་པོ་དེ་དག་དང་བྲལ་ཞིང་དྲི་མ་མེད་པའི་སྦྱིན་པ་ལ་སོགས་པ་ལ་བརྩོན་པར་བྱེད་པའོ། །ཡང་ན་སྦྱིན་ པ་དང་སྦྱིན་པ་པོ་དང་། ལེན་པ་ལ་སོགས་པ་མི་དམིགས་པས་སྟོང་པ་ཉིད་ཀྱི་རྗེས་སུ་སོང་བའི་འཁོར་གསུམ་ཡོངས་སུ་དག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་བྲལ་བས་མཚན་མ་མེད་པའི་རྗེས་སུ་འབྲང་བའི་འཁོར་གསུམ་ ཡོངས་སུ་དག་པ་དང་། འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་མངོན་པར་མི་འདོད་པས་སྨོན་པ་མེད་པའི་སྔོན་དུ་འགྲོ་བའི་འཁོར་གསུམ་པོ་ཡོངས་སུ་དག་པའོ། །དེ་ལའང་ཡིད་ནི་གནས་མི་བྱེད། །ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དེ་ལ་ཡང་ ཆགས་པ་མེད་པ་སྟེ། དེ་ལྟར་ཡང་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའི་འདོད་པ་ཆུང་བ་ཉིད་གང་ཞེ་ན། གང་བྱང་ཆུབ་ཀྱང་མི་འདོད་པ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །ཤེས་རབ་མེད་ན་སྦྱིན་པ་ལ་སོགས་པ་བསྐལ་པ་སྟོང་སྙེད་དུ་ཉེ་བར་བསགས་པས་ཀྱང་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་མི་འགྱུར་རོ་ཞེས་གསུངས་པས་དེའི་ཕྱིར་ཤེས་རབ་ཀྱི་མཐུ་སྟོན་པ་ནི། ཤེས་རབ་བདུད་རྩི་ངོམས་བྱེད་དང་། །སྒྲོན་མ་སྣང་བ་ཐོགས་མེད་དང་། །ཐར་པའི་ཁང་བཟངས་ཐེམ་སྐས་དང་། །ཉོན་མོངས་བུད་ཤིང་སྲེག་པའི་མེ། །ཞེས་བྱ་བ་ལ་ སོགས་པ་སྨྲས་ཏེ། ཤེས་རབ་ནི་ཤེས་པ་རབ་པོ། །དེ་ཉིད་བདུད་རྩི་སྟེ། རྒ་ཤི་མེད་པའི་གནས་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ངོམས་བྱེད་ཀྱང་ཡིན་ཏེ། ཡུལ་ལ་མངོན་པར་འདོད་པ་ལྡོག་པས་ཤིན་ཏུ་སྦྱངས་པ་བསྐྱེད་པའི་ཕྱིར་ཏེ། གང་དག་འཕགས་པའི་ཤེས་ རབ་ཀྱིས་ངོམས་པ་དེ་དག་ནི་ངོམས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་དེ་ཉིད་སྒྲོན་མ་སྟེ། མི་ཤེས་པའི་མུན་པ་འཇོམས་པའི་ཕྱིར་རོ། །དེ་ཉིད་སྣང་བ་ཐོགས་མེད་ཡིན་ཏེ། ཕས་ཀྱི་རྒོལ་བ་དང་བདུད་ཀྱི་ཕྱེ་མ་ལེབ་དང་ཉེས་པའི་རླུང་དག་གིས་སྣང་བ་མི་ 98-55a ཆོམས་པའི་ཕྱིར་རོ། །དེ་ཉིད་ཐར་པའི་ཁང་བཟངས་ཀྱི་ཐེམ་སྐས་ཡིན་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཀ་བས་བརྒྱན་པ་བཟང་པོའི་གནས་སུ་འཛེག་པའི་ཡ་ གད་ལྟ་བུར་གྱུར་པ་ཡིན་ནོ། །དེ་ཉིད་ཉོན་མོངས་པའི་བུད་ཤིང་སྲེག་པའི་མེ་ཡིན་ཏེ། ནགས་མེས་བསྲེགས་པ་བཞིན་དུ་ཉོན་མོངས་པའི་ཚང་ཚིང་མ་ལུས་པ་སྲེག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བློ་གྲོས་དེ་ཡང་བདེན་གཉིས་ལ། །ལྟོས་ནས་རྣམ་པ་གཉིས་སུ་འདོད། ། ཡང་དག་དོན་རྟོགས་རྗེས་མཐུན་ཕྱིར། །ཡང་དག་ཀུན་རྫོབ་ཤེས་པ་ཡིན། །ཤེས་རབ་ཀྱི་བློ་གྲོས་དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་ལྟོས་ནས་རྣམ་པ་གཉིས་སུ་འདོད་དོ། །དེ་ལ་རེ་ཞིག་ཡང་དག་པའི་ཀུན་རྫོབ་ཤེས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་ བྱ་བ་ཡིན་ཏེ། ཡང་དག་པའི་དོན་རྟོགས་པའི་རྗེས་སུ་མཐུན་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །དེ་ཉིད་རྣམ་པར་དབྱེ་བའི་སྒོ་ནས་སྟོན་པ་ནི། སྦྱིན་དང་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྣམས་ཡོངས་སུ་རྫོགས་བྱེད་དང་། །རྒྱུ་དེ་དག་གི་འབྲས་བུ་དང་། ། འབྲེལ་དང་མཚན་ཉིད་ལ་སོགས་ཤེས། །བྱམས་དང་སྙིང་རྗེ་ཆེ་བསྒོམ་དང་། །སེམས་ཅན་སྡུད་དང་སྨིན་བྱེད་དང་། །སྐྱེ་མཆེད་བཅུ་གཉིས་བརྟེན་པ་ཡི། །ཤེས་རབ་བརྡར་བཏགས་ཤེས་པར་བྱ། །ཞེས་བྱ་བ་དག་སྟེ། སྦྱིན་པའི་ཚོགས་ནི་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ ཏུ་གཏོང་བའོ། །བསོད་ནམས་ཀྱི་ཚོགས་ནི་དད་པ་དང་བག་ཡོད་པ་དང་ཡང་དག་པའི་ལྟ་བ་ལ་སོགས་པའོ། །ཡེ་ཤེས་ཀྱི་ཚོགས་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་གོམས་པའི་ཤེས་པའོ། །དེ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ནི་ཤེས་རབ་བརྡར་བཏགས་པ་ཡིན་པར་ ཤེས་པར་བྱ་སྟེ། ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྒྱུ་དེ་དག་གི་འབྲས་བུ་ཞེས་བྱ་བ་ནི་ཚོགས་ཞེས་བྱ་བ་རྒྱུ་གསུམ་པོ་དེ་དག་འབྲས་བུ་དང་ཇི་ལྟར་འབྲེལ་པ་ཤེས་པ་ཡང་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ཏེ། དེ་ལ་སྦྱིན་པའི་ཚོགས་ཀྱི་ 98-55b འབྲས་བུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའི་གཟུགས་ཀྱི་སྐུའོ། །བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ནི་ཆོས་ཀྱི་སྐུའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་བོ། ། འབྲེལ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་འབྲེལ་པ་སྟེ། དེ་ལ་སེམས་ཀྱི་སྐད་ཅིག་མ་མང་པོས་རྒྱུ་ཉེ་བར་བསགས་པའི་རྒྱུན་གྱིས་མ་དུ་ལུང་གའི་མེ་ཏོག་གི་ཟེ་བ་དམར་བ་ལྟ་བུ་འམ། ས་བོན་དང་མྱུ་གུའི་རྒྱུན་ལྟར་སེམས་ཀྱི་སྐད་ཅིག་མ་གཞན་ལ་འབྲས་བུ་སྐྱེད་པའི་ནུས་པ་ཡོད་པས་ དེ་ལྟར་རྒྱུ་དང་འབྲས་བུར་འབྲེལ་པ་ཞེས་པ་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །མཚན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་ནི་རང་དང་སྤྱིའི་བྱེ་བྲག་ལས་རྣམ་པ་གཉིས་ཏེ། དེ་ལ་རང་གི་མཚན་ཉིད་ནི་དངོས་པོ་རང་གི་ངོ་བོ་སྤྱོད་ཡུལ་དང་ལྡན་པ་རྣམ་པར་རྟོག་པ་མེད་པའི་ ཤེས་པས་ངེས་པར་གཟུང་བར་བྱའོ། །སྤྱིའི་མཚན་ཉིད་ནི་རྗེས་སུ་དཔོག་པའི་ཤེས་པ་རྣམ་པར་རྟོག་པ་ཅན་གྱིས་རྟོགས་པར་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ངོ་བོ་ཉིད་དང་བརྡ་དང་གདགས་པ་དང་མཚན་མ་དང་བརྩལ་བ་དང་བླང་བ་ལ་སོགས་པ་དག་བསྡུའོ། ། ཤེས་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་དབྱེ་བ་དེ་དག་ཤེས་པའི་བློ་གྲོས་ཏེ། དེ་ཡང་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །བྱམས་དང་སྙིང་རྗེ་ཆེ་བསྒོམ་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཆེན་པོ་གོམས་པར་བྱེད་པའོ། །སེམས་ཅན་སྡུད་ ཅེས་བྱ་བ་ནི་བཞི་པོ་དེ་དག་དང་བསྡུ་བའི་དངོས་པོ་བཞིས་སེམས་ཅན་སྡུད་པའོ། །སྨིན་བྱེད་ཅེས་བྱ་བ་ནི་སེམས་ཅན་དེ་དག་གི་རྒྱུད་ལ་དགེ་བའི་ཆོས་འཇོག་པས་གང་དག་ཡོངས་སུ་སྨིན་པར་བྱེད་པའོ། །དེ་དག་ཤེས་པའི་ཤེས་རབ་གང་ཡིན་པ་དེ་ཡང་ཡང་དག་པའི་ཀུན་རྫོབ་ཤེས་པ་ ཡིན་ནོ། །སྐྱེ་མཆེད་བཅུ་གཉིས་བརྟེན་པའི་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་བཅུ་གཉིས་པོ་དག་རབ་ཏུ་རྣམ་པར་འབྱེད་ནུས་པའི་ཤེས་རབ་གང་ཡིན་པའོ། །ཇི་སྐད་སྨོས་པ་དེ་དག་ཤེས་པའི་ཤེས་རབ་ནི་བརྡར་བཏགས་པ་ཡིན་པར་ཤེས་པར་བྱ་སྟེ། ཡང་དག་པའི་ཀུན་རྫོབ་ 98-56a ཤེས་པ་ཡིན་ནོ། །དོན་དམ་པའི་ཤེས་རབ་བསྟན་པའི་ཕྱིར། །རྟོག་པའི་དྲ་བ་མ་ལུས་པ། །དགག་པ་སྒྲུབ་པར་བྱེད་པ་དང་། །ཞི་དང་སོ་སོ་རང་རིག་དང་། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །གཅིག་ཉིད་ཐ་དད་ཉིད་བྲལ་དང་། །མཁའ་ལྟར་དྲི་མེད་ དེ་ཉིད་ལ། །འཇུག་པ་མེད་པས་འཇུག་པ་ཡི། །ཤེས་རབ་དོན་དམ་ཤེས་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། རྟོག་པའི་དྲ་བ་མ་ལུས་པ་དགག་པ་སྒྲུབ་པར་བྱེད་པ་ནི་ཆོས་ཀྱི་དེ་བཞིན་ཉིད་ཡིན་ཏེ། རྟག་པ་དང་། མི་རྟག་པ་དང་། ཡོད་པ་དང་། མེད་པ་དང་། ཐེར་ཟུག་དང་། ཆད་པ་ ལ་སོགས་པ་རྟོག་པའི་དྲ་བ་མ་ལུས་པ་སེལ་བར་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཞི་བ་ནི་སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །སོ་སོ་རང་རིག་པ་ནི་གཞན་ལས་ཤེས་པ་མ་ཡིན་པའོ། །རྣམ་རྟོག་མེད་པ་ནི་རྟོག་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའོ། ། ཡི་གེ་མེད་པ་ནི་བརྗོད་པའི་ཡུལ་མ་ཡིན་པའོ། །གཅིག་པ་ཉིད་དང་ཐ་དད་པ་ཉིད་དང་བྲལ་བ་ནི་དེ་ཉིད་དང་གཞན་ཉིད་དང་། གཉི་ག་ཉིད་དང་གཉི་ག་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའོ། །མཁའ་ལྟར་དྲི་མ་མེད་པ་ནི་ནམ་མཁའ་སྤྲིན་གྱི་རིམ་པ་དང་བྲལ་བ་ལྟར་དྲི་མ་མེད་པའོ། ། ཇི་སྐད་སྨོས་པའི་རྣམ་པ་དེ་དག་ལྟ་བུའི་ཆོས་ཀྱི་དེ་ཉིད་ལ་འཇུག་པ་མེད་པས་འཇུག་པ་ནི་སྣང་བ་མེད་ཅིང་འཇུག་པ་མེད་པ་ཉིད་དེའི་འཇུག་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་ཤེས་རབ་ནི་དོན་དམ་པ་ཤེས་པ་ཡིན་པར་ཤེས་པར་བྱ་སྟེ། ཇི་སྐད་དུ་མཐོང་བ་མེད་པ་ནི་དེ་ཉིད་མཐོང་བའོ་ཞེས་ གསུངས་པ་ལྟ་བུའོ། །དེ་གཉིས་ལས་དང་པོ་ཁོ་ནར་གང་ལ་བརྩོན་པར་བྱ་ཞེ་ན། དེ་དག་གི་གོ་རིམས་བསྟན་པའི་ཕྱིར། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །དེ་བསྟན་པའི་ཕྱིར། དེ་ཉིད་ཁང་བཟངས་ཐོག་འཛེག་པ། །ཡང་དག་ཀུན་རྫོབ་ཐེམ་པའི་སྐས། །མེད་པར་རུང་བ་མ་ཡིན་པ། །གང་གི་ཕྱིར་བ་དེ་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། དེ་ཉིད་ཁང་བཟངས་ཞེས་བྱ་བ་ནི་ཐར་པའི་ཁང་བཟངས་ས་གསུམ་གྱི་གནས་ལས་མངོན་པར་འཕགས་པ་དགེ་བའི་བཟོ་བོ་ 98-56b དཔག་ཏུ་མེད་པས་བརྩིགས་པ། བྱང་ཆུབ་ཀྱི་ཡན་ལག་གི་ཀ་བ་ཤིན་ཏུ་མཐོན་པོས་ལེགས་པར་བརྒྱན་པ། དགེ་བའི་ཆོས་མཐའ་ཡས་པའི་དཀར་རྩིས་བྱུགས་པ། བདེ་བར་གཤེགས་པའི་ཟླ་བའི་ཞལ་གྱི་འོད་ཟེར་གྱིས་སྣང་བར་བྱས་པ་རབ་རིབ་ཀྱི་རིམ་པ་མ་ལུས་རྣམ་པར་ བསལ་བ་ཐམས་ཅད་མཁྱེན་པའི་གནས་སོ། །དེའི་ཐོག་ཏུ་འཛེག་པ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའི་ཐེམ་སྐས་བསྐལ་པ་གྲངས་མེད་པ་བདུན་པོ་དག་ཏུ་སྤྱད་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དང་། དབང་དང་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པས་གྱ་ཚོམ་ཁོ་ནར་ནུས་པར་ རུང་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་མེད་པར་དོན་དམ་པར་རྟོགས་པར་མི་ནུས་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དང་པོར་ཀུན་རྫོབ་ཀྱི་བདེན་པ་བློ་གྲོས་ཀྱིས་རབ་ཏུ་རྣམ་པར་དབྱེ་བར་བྱའོ། །ཀུན་རྫོབ་ཅེས་བྱ་བ་ནི་གཟུགས་ལ་ སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ཏེ། འཇིག་རྟེན་གྱི་ཐ་སྙད་ཕྱིན་ཅི་མ་ལོག་པའོ། །དེ་ཉིད་བདེན་པ་སྟེ། རྣམ་པར་གཞག་པ་ཐམས་ཅད་ལ་འགྲོ་བའི་ཚད་མ་ཡིན་པའི་ཕྱིར་རོ། །དེ་ལ་དང་པོར། གཟུགས་ནི་རྣམ་གཉིས་རྣམ་པ་ཉི་ཤུ་ཞེས་བྱ་བ་ལ་སོགས་པ་ དང་། དེ་བཞིན་དུ་ཡིག་འབྲུ་དང་བསྟན་བཅོས་དང་ལག་རྩིས་དང་ཤོད་ཐབས་དང་། ནོར་བརྒྱུད་པའི་རྒྱུད་དང་། སྨན་དཔྱད་དང་། རྩིས་དང་། གསང་སྔགས་དང་། རིག་སྔགས་ལ་སོགས་པ་གང་དག་འཇིག་རྟེན་ན་གྲགས་པ་དག་རབ་ཏུ་རྣམ་པར་དབྱེ་བ་བྱས་ནས་དེའི་འོག་ཏུ་ཆོས་ རྣམས་ཀྱི་རང་བཞིན་དང་སྤྱིའི་མཚན་ཉིད་ལ་ཤིན་ཏུ་རྣམ་པར་ངེས་པར་འགྱུར་ཏེ། དེའི་ཕྱིར་དེས་ནི་མཚན་ཉིད་མེད་པ་དོན་དམ་པའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཤེས་པའི་སྤྱོད་ཡུལ་ཡང་དག་པའི་ཀུན་རྫོབ་ཀྱི་རབ་ཏུ་རྣམ་པར་དབྱེ་བ་བསྟན་ཏོ། །དེ་ལ་ཆོས་རྣམས་ཀྱི་རང་གི་ མཚན་ཉིད་ནི་གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པ་ལ་སོགས་པའོ། །ཡང་རང་ 98-57a གི་མཚན་ཉིད་ནི་སྔོན་པོ་དང་སེར་པོ་དང་རིང་པོ་དང་། ཐུང་ངུ་ལ་སོགས་པ་དང་གཟུགས་དང་སྒྲ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་རིགས་མི་མཐུན་པས་སྟོང་པ་ཉིད་དོ། །དེ་ལ་ཤིན་ཏུ་རྣམ་པར་ངེས་པར་གྱུར་ནས། མཁས་པ་སེམས་ནི་མཉམ་གཞག་ཕྱིར། ། མངོན་པར་བརྩོན་པ་ཉིད་དུ་བྱ། །དེ་བཞིན་ཐོས་བྱུང་ཤེས་པ་ལ། །དེ་ལས་གཞན་ཤེས་རྒྱུ་ཕྱིར་རོ། །ཞེས་བྱ་བ་ལ་ཇི་ལྟར་སེམས་མཉམ་པར་གཞག་པར་བྱ་ཞེ་ན། དབུགས་དབྱུང་བ་དང་རྔུབ་པ་དྲན་པས་སོ། །དེ་ལ་དབུགས་དབྱུང་བ་དང་རྔུབ་པ་ནི་དབུགས་ཕྱིར་དབྱུང་བ་དང་ དབུགས་ནང་དུ་རྔུབ་པའོ། །དེ་གཉིས་སྣའི་རྩེ་མོར་དྲན་པ་ཉེ་བར་བཞག་ནས་བགྲང་བར་བྱ་སྟེ། དང་པོ་དབྱུང་བ་ནས་བཅུ་ལ་སོགས་པ་དང་བརྒྱའི་བར་དུ་རྗེས་སུ་མཐུན་པ་དང་རྗེས་སུ་མི་མཐུན་པར་བགྲང་ངོ་། །ཡང་འབྱུང་བ་དང་འཇུག་པ་ལ་དྲན་པ་གཏད་པར་བྱ་སྟེ། འབྱུང་བ་ནི་དྲི་ང་ བ་དང་རིང་བ་དང་དྲོ་བར་དབུགས་དབྱུང་བའོ། །འཇུག་པ་ནི་དྲི་ཞིམ་པ་དང་ཐུང་བ་དང་གྲང་བར་དབུགས་འཇུག་པའོ། །ལྟེ་བའི་ཕྱོགས་ནས་འབྱུང་ཞིང་སྣའི་རྩེ་མོར་ཐུག་པ་དེ་ལྟ་བུར་རྐང་པའི་མཐེ་བོང་ནས་ལུས་ཐམས་ཅད་ལ་དྲན་པར་འཇུག་པར་བྱའོ། །གང་གི་ཚེ་དེས་ལྕགས་ མགར་གྱི་སྦུད་པ་བཞིན་དུ་ལུས་གང་བར་མཐོང་བ་དེའི་ཚེ་ན་ལུས་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་ཞེས་པའི་ཆོས་ཀྱི་སྒོ་ཐོབ་ཅིང་ལུས་དང་སེམས་ལས་སུ་རུང་བར་ཡང་འགྱུར་རོ། །ཁ་ཅིག་ནི་དབུགས་དབྱུང་བ་དང་རྔུབ་པ་འགགས་པ་ན་ཆོས་ཀྱི་སྒོ་སྐྱེ་བར་ཡང་འདོད་དོ། ། དེ་ལྟར་དེ་དག་ལ་སོགས་པས་སེམས་མཉམ་པར་གཞག་པའི་ཕྱིར་མངོན་པར་བརྩོན་པ་ཉིད་དུ་བྱའོ། །དེ་བཞིན་དུ་སྒྲ་དང་། གཏན་ཚིགས་དང་། གསོ་བ་དང་། ནང་ཞེས་བྱ་བའི་རིག་པའི་གནས་བཞི་པོ་དག་ལ་ཡོངས་སུ་འདྲིས་པའི་མཚན་ཉིད་ཀྱི་ཐོས་པ་ལས་བྱུང་བའི་ཤེས་པ་ ལ་ཡང་མངོན་པར་བརྩོན་པ་ཉིད་དུ་བྱ་སྟེ། དེ་ནི་དེ་ལས་གཞན་པ་བསམས་པ་དང་། བསྒོམས་པ་ལས་བྱུང་བ་བླ་ན་མེད་པའི་ཤེས་པ་དག་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་མཉམ་པར་གཞག་པས་དེ་ཉིད་རྟོགས་པར་འགྱུར་གྱི་གཞན་གྱིས་མ་ཡིན་པར་བསྟན་པའི་ཕྱིར་ 98-57b རོ། །ཇི་ལྟར་ཆུ་རྙོག་གཡོ་བ་ལ། །བཞིན་ནི་མཐོང་བར་མི་འགྱུར་བ། །དེ་ལྟར་སེམས་མཉམ་མ་བཞག་དང་། །སྒྲིབ་པས་བསྒྲིབས་ལ་དེ་ཉིད་དོ། །ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཆུ་རྡུལ་མང་པོས་རྙོག་པ་ཅན་དང་། རླུང་གིས་བསྐྱོད་ཅིང་གཡོ་བ་ལ་བཞིན་གྱི་གཟུགས་བརྙན་ མཐོང་བར་འདོད་པ་མཐོང་བར་མི་འགྱུར་བ་དེ་ལྟར་སེམས་ཡུལ་མང་པོ་ལ་འཕྲོ་ཞིང་མཉམ་པར་གཞག་པ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་ཞེས་བྱ་བའི་སྒྲིབ་པ་ལྔ་པོ་དེ་དག་གིས་ བསྒྲིབས་པ་ལ་ཆོས་ཀྱི་དེ་ཉིད་མཐོང་བར་འདོད་པ་མི་མཐོང་བ་ཡང་དེ་བཞིན་ནོ། །དེ་ལྟ་བས་ན། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་བྱ་བ་ནི་སྔར་བསྟན་པ་བཞིན་དུ་ སེམས་མཉམ་པར་གཞག་པ་དག་གི་ཡིད་ཀྱི་གླང་པོ་ཆེ་ཐར་པ་དང་མི་མཐུན་པའི་སྤྱོད་པ་ལ་ལོག་པར་འགྲོ་བ་ནི་དགེ་བའི་ཆོས་ཚད་མེད་པ་བཞི་ལ་སོགས་པ་དམིགས་པའི་ཀ་བ་བརྟན་པོ་ལ་དྲན་པའི་ཞགས་ཐག་གིས་ངེས་པར་བཅིངས་ནས། ཤེས་རབ་ཀྱི་བློ་གྲོས་ཀྱི་ལྕགས་ཀྱུས་གཙགས་ པས་རིམ་གྱིས་ཁད་ཀྱིས་ཁད་ཀྱིས་དབང་དུ་བྱའོ། །དེ་བཞིན་དུ། རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་ཞི་བར་བྱ། །ཞུམ་པ་དམིགས་པ་རྒྱ་ཆེན་དག །བསྒོམས་པས་སྤངས་པ་ཉིད་དུ་བྱ། །ཞེས་བྱ་བ་ནི་རིགས་དང་གཟུགས་དང་ལང་ཆོའི་རྒྱགས་པས་རྒོད་པ་ཉིད་དུ་གྱུར་ན་མི་ རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པ་ཡིད་ལ་བྱེད་པས་ཞི་བར་བྱའོ། །ཧ་ཅང་ཞུམ་པ་ཉིད་དུ་གྱུར་ན་ཡང་མདོ་སྡེ་ལ་སོགས་པའི་དམིགས་པ་རྒྱ་ཆེན་པོ་དག་བསྒོམས་པས་སྤངས་པ་ཉིད་དུ་བྱའོ། །དེ་ལྟར་དེ་དག་གིས་ནི་རྣལ་འབྱོར་པའི་སེམས་ བཞག་པ་བསྟན་ཏོ། །སེམས་བསྡུ་བ་དང་གཟེངས་བསྟོད་པ་དག་བསྟན་པའི་ཕྱིར། གཡེངས་པས་གཡེང་བའི་མཚན་མ་ལ། །ཉེས་དམིགས་ལྟ་བས་བསྡུ་བར་བྱ། །ཞུམ་པ་ཡང་ནི་བརྩོན་འགྲུས་ཀྱི། །ཕན་ཡོན་མཐོང་བས་གཟེངས་བསྟོད་བྱ། །ཞེས་བྱ་བ་སྨྲས་ཏེ། སེམས་ 98-58a དམིགས་པ་མང་པོ་ལས་འཕྲོ་ཞིང་སྤྲེའུ་བཞིན་དུ་ངེས་པར་མི་གནས་པས་ཆོས་ཀྱི་དེ་ཉིད་ཀྱི་དོན་ལས་ཉམས་པའམ། མི་མ་ཡིན་པ་ལ་སོགས་པས་སུན་ཕྱུང་སྟེ། གཡེངས་པ་ཉིད་དུ་གྱུར་ན་དེའི་ཚེ་གཡེང་བའི་མཚན་མ་འདི་ལྟ་སྟེ། མིག་དག་མེ་ལྟར་འབར་བ་དང་། ཆུས་གཡེང་བ་དང་། གཡང་ས་ནས་ལྷུང་བ་ལ་སོགས་པ་མང་པོ་འབྱུང་བ་ལ་ཉེས་དམིགས་སུ་ལྟ་བས་སེམས་ནང་དུ་བསྡུ་བར་བྱའོ། །ཧ་ཅང་བརྩོན་འགྲུས་ཞུམ་ཞིང་ལེ་ལོ་སྐྱེ་བར་གྱུར་ན་དེ་ཡོངས་སུ་སྤང་བའི་ཕྱིར། བརྩོན་འགྲུས་ཀྱི་ཕན་ཡོན་མཐོང་བས་ཞུམ་པ་གཟེངས་བསྟོད་པར་བྱའོ། ། སེམས་བཀྲུ་བ་དག་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་གི། །རྫབ་དྲིས་སྦགས་ཤིང་མ་བསྡམས་པ། །མི་སྡུག་བྱམས་པ་རྟེན་འབྱུང་བའི། །ཆུ་དག་གིས་ནི་བཀྲུ་བར་བྱ། །ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་ཡུལ་ལྷག་པར་ཆགས་པ་དང་། ཞེ་སྡང་དང་། ཁོང་ཁྲོ་ བ་དང་། གཏི་མུག་མུན་པ་དག་གི་འདམ་རྫབ་ཀྱི་དྲི་མས་སྦགས་ཤིང་སྤྲོས་པ་ཉེ་བར་མ་ཞི་བས་མ་བསྡམས་པ་དག་གོ་རིམས་བཞིན་དུ་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆུ་དག་གིས་བཀྲུ་ཞིང་རྣམ་པར་སྦྱང་བར་བྱའོ། །རིམ་པ་དེ་དག་གིས། དབེན་ཞིང་མི་ གཡོ་ཞི་བ་དང་། །དམིགས་པ་དག་ལ་གཞོལ་བ་དང་། །ལས་སུ་རུང་ཞིང་མཉེན་ཤེས་ནས། །དེ་ལ་ལེགས་པར་བཏང་སྙོམས་བྱ། །ཞེས་བྱ་བ་ལ་དབེན་པ་ནི་བཀྲ་བས་སོ། །མི་གཡོ་བ་ནི་མི་གཡེང་བས་སོ། །ཞི་བ་ནི་ནང་དུ་བསྡུ་བས་སོ། །དམིགས་པ་དག་ལ་གཞོལ་བ་ནི་དམིགས་ པ་མཐའ་དག་ལ་འཇུག་པས་སོ། །ལས་སུ་རུང་བ་ནི་དགའ་མགུར་འཇུག་པས་སོ། །མཉེན་པ་ནི་ང་རྒྱལ་དང་ཁེངས་པ་མེད་པས་སོ། །སེམས་དེ་ལྟར་བསྒྲིམ་པ་མེད་ཀྱང་ལམ་ལོག་པ་དེ་དག་ཏུ་འགྲོ་བར་མི་འགྱུར་བར་ཤེས་ནས་དེ་ལ་ལེགས་པར་བཏང་སྙོམས་སུ་གཞག་པར་བྱའོ། །བློ་ གྲོས་མཉམ་གཞག་འོག་ཏུ་ནི། །ཐ་སྙད་སྒོ་ནས་གཟུང་བྱ་ཡི། །ཆོས་རྣམས་དངོས་པོ་འདི་དག་ལ། །ཤེས་རབ་ཀྱིས་ནི་འདི་ལྟར་བརྟག །ཅེས་བྱ་བ་ནི་གང་གི་ཚེ་དེའི་སེམས་ཀྱི་བློ་གྲོས་མཉམ་པར་གཞག་པའི་ཏིང་ངེ་འཛིན་སྐྱེས་པར་གྱུར་པ་དེའི་འོག་ཏུ་ཐ་སྙད་ཀྱི་སྒོ་ནས་གཟུང་བར་བྱ་བ་ 98-58b ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་རྣམ་པར་གཞག་པའི་ཆོས་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་རྣམས་ཀྱི་དངོས་པོ་སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ལ་སོགས་པ་འདི་དག་ལ་ཤེས་རབ་ཀྱིས་འདི་ལྟར་བརྟག་པར་བྱའོ། །བློ་ཡིས་རྣམ་པར་དཔྱད་པ་ན། །འདི་དག་དོན་དམ་ཡོད་དམ་ཅི། ། ཞེས་བྱ་བ་ནི་དེ་བློས་ཡོངས་སུ་རྟོག་པ་ན་དངོས་པོ་འདི་དག་དོན་དམ་པར་ཡང་འཐད་དམ་འོན་ཏེ་ཇི་ལྟར་སྙམ་པའོ། །གལ་ཏེ་ཡིན་ན་འདི་དེ་ཉིད། །གལ་ཏེ་གཞན་ན་དེ་བཙལ་བྱ། །ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་དོན་དམ་པར་ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་འདི་དག་ཡོད་པར་རིགས་པ་ཉིད་ཡིན་ན་ནི་དེ་ ལྟ་ན་ནི་དངོས་པོ་འདི་དག་ཉིད་དོན་དམ་པའི་དེ་ཉིད་ཡིན་ནོ། །གལ་ཏེ་འདི་དག་བརྟག་མི་བཟོད་པའི་ཕྱིར། འདི་དག་ལས་དོན་དམ་པའི་དེ་ཉིད་གཞན་ཡིན་ན་ནི་ཕྱོགས་སུ་ལྷུང་བ་མེད་པའི་བློས་དེ་བཙལ་བར་བྱའོ། །གང་གི་ཕྱིར་ཞེ་ན། ཕྱོགས་སུ་ལྷུང་བས་སེམས་གདུངས་པས། ། ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་བྱ་བ་སྟེ། གང་གི་ཕྱིར་འཇིག་རྟེན་ནི་ཕལ་ཆེར་ཕྱོགས་སུ་ལྷུང་བས་སེམས་ཀྱི་རྒྱུད་གདུངས་པས་ལོག་པར་བཟུང་བ་ལ་དམ་དུ་ཉེ་བར་འཛིན་པ་ཡིན་པས་དེ་དག་གིས་ནི་ནམ་ཡང་ཞི་བ་རྟོགས་པར་མི་འགྱུར་བའི་ཕྱིར་རོ།། །།དབུ་མའི་སྙིང་པོའི་ འགྲེལ་པ་རྟོག་གེ་འབར་བ། །བམ་པོ་གསུམ་པ། དེ་ལ་མདོར་བསྡུ་ན། འདུས་བྱས་འདུས་མ་བྱས་ཆོས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །ཞེས་བྱ་བ་ལ་འདུས་བྱས་ཀྱི་ཆོས་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་རྣམས་སོ། །འདུས་མ་བྱས་ཀྱི་ཆོས་ནི་སྐྱེ་བ་དང་གནས་པ་ དང་འཇིག་པ་དང་བྲལ་བ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། དེ་དག་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་རྣམས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པར་ནི། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། ། སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་དེ་ལྟར། ཉོན་མོངས་སྒྲིབ་པ་སྤང་བའི་ཕྱིར། །ཉན་ཐོས་རྣམས་ལ་རབ་ཏུ་བཤད། །ཅེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན། འཇིག་རྟེན་སྣ་ཚོགས་གང་ཡིན་དེ་དག་འདོད་པ་མིན། །ཀུན་ཏུ་རྟོག་པའི་འདོད་ཆགས་ 98-59a སྐྱེས་བུའི་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དག་ནི་དེ་ལྟར་གནས་བཞིན་དུ། །བསྟན་པ་དག་ནི་དེ་ལ་འདུན་པ་འདུལ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །ཐེག་པ་ཆེན་པོ་ནི་བྱུང་བ་མེད་པ་དང་། དངོས་པོ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་ པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། གཉིས་སུ་མེད་པའི་ཚུལ་གྱིས་ཤེས་བྱ་ཡོད་པ་མ་ཡིན་ན་ཉོན་མོངས་པ་རྣམས་ག་ལ་འབྱུང་སྟེ། དེ་ལྟར་བག་ཆགས་བཅས་པ་ཡི། །ཉོན་མོངས་ཤེས་བྱའི་སྒྲིབ་དྲི་མ། །སྤང་ཕྱིར་སྙིང་རྗེ་ལྡན་རྣམས་ལ། །རབ་ཏུ་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། ། དངོས་པོ་ལ་མངོན་པར་ཞེན་པ་རགས་པ་སྤངས་ན་དངོས་པོར་འཛིན་པ་ཕྲ་མོ་དང་བྲལ་བར་སླ་བས། དེའི་ཕྱིར། རགས་ཕྱིར་དང་པོ་ཁོ་ནར་ནི། །གཟུགས་ཀྱི་ཕུང་པོ་བརྟག་པར་བྱ། །དེ་ལའང་དང་པོར་འབྱུང་བ་རྣམས། །ཇི་སྐད་བསྟན་པའི་གཏན་ཚིགས་ཀྱིས། །ཞེས་བྱ་བ་སྨྲས་ཏེ། གནས་ པ་ཁྱོན་ཆེ་བ་དང་། བློ་རྩིང་གེ་མའི་གཟུང་བ་ཡིན་པས་རགས་པའི་ཕྱིར། དང་པོ་ཁོ་ནར་གཟུགས་ཀྱི་ཕུང་པོ་བརྟག་པར་བྱའོ། །གཟུགས་ཀྱི་ཕུང་པོ་དེ་ལའང་དང་པོར་འབྱུང་བ་རྣམས་བརྟག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཇི་སྐད་བསྟན་པའི་གཏན་ཚིགས་ཀྱིས་ཏེ། འབྱུང་བ་རྣམས་པས་ འབྱུང་བའི་རྒྱུ་ལས་བྱུང་བའི་གཟུགས་རྣམས་ཆ་ཕྲ་བས་དེའི་ཕྱིར། །རགས་ཕྱིར་དང་པོ་ཁོ་ནར་ནི། །འབྱུང་བའི་གཟུགས་རྣམས་བརྟག་པར་བྱ། །ཞེས་བྱ་བར་སྦྱར་ཏེ། འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན་བྱས་ཕྱིར་དང་། །རྒྱུ་ལྡན་ སོགས་ཕྱིར་ཤེས་པ་བཞིན། །ཞེས་བྱ་བ་ལ་འདིར་ནི་ཞེས་བྱ་བ་ལ་ནི་དེ་ཉིད་ཤེས་པ་ཚོལ་བའི་སྐབས་འདིར་རོ། །འདིར་ཅི་ཞིག་ཅེ་ན། ས་ལ་སོགས་པ་དག་ཅེས་བྱ་བ་སྨྲས་ཏེ། ས་ཞེས་བྱ་བ་ནི་གཏོས་ཆེ་བའི་ཕྱིར་རོ། །སོགས་པ་ཞེས་བྱ་བ་ནི་ས་དེ་ཆུ་ལ་སོགས་པ་འོག་མ་དག་གི་དང་ པོར་སྨོས་པའི་ཡན་ལག་གིས་བསྡུས་པ་སྤྱིར་བསྡུ་བའི་དོན་ཏེ། སོགས་པའི་སྒྲས་ཆུ་དང་མེ་དང་རླུང་རྣམས་ཀྱང་བསྡུའོ། །དོན་དམ་པ་ཞེས་བྱ་བ་ལ་དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར་དོན་ཏེ། བརྟག་པར་བྱ་བ་དང་གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དམ་པ་ཞེས་བྱ་བ་ 98-59b ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ཏེ། དོན་དམ་པ་ཞེས་བསྡུ་བ་ནི་དེ་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །ཡང་ན་དམ་པའི་དོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ཏོ། ཡང་ན་དོན་དམ་པ་དང་མཐུན་པ་སྟེ་དོན་དམ་པ་རྟོགས་པ་དང་རྗེས་སུ་ མཐུན་པའི་ཤེས་རབ་ལ་དོན་དམ་པ་དེ་ཡོད་པས་དོན་དམ་པ་དང་མཐུན་པའོ། །དོན་དམ་པར་ན་ཞེས་བྱ་བ་ནི་དོན་དམ་པ་དེ་ཉིད་དུའང་དོན་དམ་པར་རོ། །འབྱུང་བ་ཞེས་བྱ་བ་ནི་རང་ཉིད་དུ་འབྱུང་བའམ་གཞན་འབྱུང་བར་བྱེད་པས་འབྱུང་བ་དག་གོ། །ངོ་བོ་ཉིད་ཅེས་བྱ་བ་ནི་འབྱུང་བ་འདི་ཉིད་ས་ ལ་སོགས་པའི་ངོ་བོ་ཉིད་ཡིན་པས་འབྱུང་བའི་ངོ་བོ་ཉིད་དོ། །མིན་ཞེས་བྱ་བ་ནི་དགག་པ་སྟོན་པའི་སྒྲ་སྟེ། མ་ཡིན་ཞེས་བྱ་བར་སྦྱར་རོ། །གང་ཞིག་ཅི་ཞིག་མ་ཡིན་ཞེ་ན། ས་ལ་སོགས་པ་དག་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་མིན་ཞེས་ བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་གཟུང་གི་མ་ཡིན་པར་དགག་པའི་དོན་དུ་ནི་མི་གཟུང་ངོ་། །མེད་པར་དགག་པ་དང་མ་ཡིན་པར་དགག་པ་ཞེས་བྱ་བ་དེ་གཉིས་ཀྱི་བྱེ་བྲག་ཇི་ལྟ་བུ་ཞེ་ན། མ་ཡིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པས་དེ་དང་འདྲ་བ་དེ་ལས་གཞན་པའི་ དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན་འདི་བྲམ་ཟེ་མ་ཡིན་ནོ་ཞེས་དགག་པས་བྲམ་ཟེ་དེ་འདྲ་བ་དེ་ལས་གཞན་པ་བྲམ་ཟེ་མ་ཡིན་པ་དཀའ་ཐུབ་དང་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་བསྒྲུབས་པ་ལྟ་བུའོ། །མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ ཉིད་ཙམ་ཞིག་འགོག་པར་ཟད་ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། དཔེར་ན་བྲམ་ཟེས་ཆང་བཏུང་བར་མི་བྱའོ་ཞེས་བྱ་བ་དེ་ཙམ་ཞིག་འགོག་པར་ཟད་ཀྱི་དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མི་བརྗོད་པ་ལྟ་བུའོ། །དེས་ན་འདིར་ན་ འཇིག་རྟེན་པས་ཡོངས་སུ་བཏགས་པའི་ས་ལ་སོགས་པ་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་པར་དགག་པ་ཙམ་ཞིག་བྱེད་པར་ཟད་ཀྱི་གཞན་གྱི་ངོ་བོ་ཉིད་ཡིན་པའམ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་མི་སྒྲུབ་པ་ཡིན་ནོ། །འདིར་ས་ལ་སོགས་པ་དག་ཅེས་བྱ་བ་ནི་ཆོས་ཅན་ཡིན་ 98-60a ལ། དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་ཞེས་བྱ་བ་ནི་དེའི་ཆོས་ཡིན་ནོ། །ཆོས་ཅན་དང་ཆོས་བསྡུས་པ་ནི་ཕྱོགས་ཡིན་ཏེ། རིགས་པ་ལ་མཁས་པ་དག་ན་རེ་གཞན་ལ་གསལ་བར་བྱེད་པའི་ཕྱིར་ཕྱོགས་ཞེས་བྱའོ་ཞེས་ཟེར་རོ། །འདིར་གཞན་དག་གིས་བརྒལ་བ་ ཁྱེད་ཅག་གི་སྟོན་པའི་ཚིག་ལས་འདི་སྐད་ཅེས། ཀྱེ་བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་དག་གོ་ཞེས་བྱ་བ་དང་། །དེ་བཞིན་དུ་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ་ཞེས་བྱ་བ་ལ་སོགས་པ་འབྱུང་ལ། །ཁྱེད་ ཀྱིས་ཀྱང་དེ་ཁས་བླངས་ནས་དེ་ཉིད་འགོག་པར་བྱེད་ན་ཁས་བླངས་པས་གནོད་དོ། །དེ་བཞིན་དུ་ཡུལ་སོ་སོར་ངེས་པ་ལ་འཇུག་པ་ཉིད་ནི་དབང་པོ་རྣམས་ཀྱི་མངོན་སུམ་ཡིན་པར་གྲགས་ཏེ། མཐོང་བ་ལས་ལྷག་པའི་ཚད་མ་གཞན་མེད་ལ། ཁྱེད་རང་ཉིད་ཀྱི་མིག་གིས་ཀྱང་འབྱུང་བའི་དབྱིབས་ དང་། གཟུགས་དག་མཐོང་ཞིང་དེའི་ངོ་བོ་ཉིད་ཀྱི་རེག་པ་རྩུབ་པ་དག་ཀྱང་ཚོལ་ལ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་པ་འཇིག་རྟེན་པ་ཐམས་ཅད་ཀྱང་ཉེ་བར་གཟུང་བ་ཡོད་བཞིན་དུ་དེ་དག་འགོག་པ་ལ་མངོན་སུམ་གྱིས་ཀྱང་གནོད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གང་ཡིན་པ་ འདི་དག་དང་། དེ་དག་གི་སྲ་བ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པ་དག་ནི་རི་ཁྲོད་པ་དང་གདོལ་པ་ཡན་ཆད་ལ་ཡང་གྲགས་ཏེ། དེ་ལྟར་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དངོས་པོའི་ངོ་བོ་ཉིད་གསལ་བར་བྱེད་པས་གྲགས་པས་ཀྱང་གནོད་དོ་ ཞེ་ན། བཤད་པར་བྱ་སྟེ་དོན་དམ་པར་ཞེས་སམ་བཅས་པའི་ཁྱད་པར་ཡོད་པའི་ཕྱིར་ཁས་བླངས་པ་དང་མངོན་སུམ་དང་གྲགས་པའི་གནོད་པ་མེད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་བཀའ་སྩལ་པ། དེ་ལ་ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། མཚན་ཉིད་ རྣམ་པར་གཞག་པ་ཡང་མཛད་ལ། དོན་དམ་པར་ནི་ངོ་བོ་ཉིད་མེད་པར་གསུངས་ཏེ། དེ་ལྟར་ཡང་ཀཽ་ཤི་ཀ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ 98-60b ཕྱིན་པའོ་ཞེས་གསུངས་པ་ལ་སོགས་པས་དངོས་པོ་ཉིད་ཀྱང་མེད་ན་དེའི་ངོ་བོ་ཉིད་ལྟ་ག་ལ་ཡོད་དེ། དེའི་ཕྱིར་ཁས་བླངས་པས་གནོད་པ་ཡང་མེད་དོ། །མངོན་སུམ་གྱིས་གནོད་པ་ཡང་མེད་དེ། ཡུལ་རྣམས་ལོག་པ་ཡིན་པའི་ཕྱིར་དང་། དབང་པོ་རྣམས་བླུན་པ་ཡིན་པའི་ཕྱིར་མཐོང་བ་ལ་ སོགས་པའི་ནུས་པ་མེད་པ་བཞིན་དུ་ཡང་རབ་རིབ་ཅན་ལ་སྐྲ་དང་སྦྲང་མ་དང་སྦྲང་བུ་ལ་སོགས་པ་སྣང་བ་ལྟ་བུ་དང་། བྲག་ཅ་ལ་སོགས་པ་ལྟར་མངོན་སུམ་ཡང་མངོན་པའི་ང་རྒྱལ་ཡིན་པས་དེའི་ཕྱིར་གང་ལ་ཅི་ཞིག་མངོན་སུམ་དུ་གྱུར་ན་དེས་གནོད་པར་འགྱུར། གྲགས་པའི་གནོད་པ་ ཡང་མེད་དེ། གང་གི་ཕྱིར་འཇིག་རྟེན་ན་མི་ཤེས་པའི་ལིང་ཏོག་གིས་མདོངས་པ་ཡིན་པས་དོན་དམ་པར་དཔྱད་པའི་སྐབས་སུ་དེ་ནི་ནོར་བུ་རིན་པོ་ཆེ་བརྟག་པ་དག་ལ་དམུས་ལོང་མ་བརྟགས་པ་བཞིན་དུ་མི་རྟོགས་པས་གྲགས་པའི་གནོད་པ་མེད་དོ། །འོ་ན་དོན་དམ་པ་ནི་གང་དག་བློ་ཐམས་ ཅད་ལས་འདས་པ་ཡིན་ལ། དངོས་པོའི་ངོ་བོ་ཉིད་དགག་པ་ནི་ཡི་གེའི་ཡུལ་ཡིན་པས་དེའི་ཕྱིར་དགག་པ་མེད་པར་མི་འགྱུར་རམ་ཞེ་ན། དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྤྲོས་ པ་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅས་པའི་ཁྱད་པར་ཉིད་བཟུང་བས་ཉེས་པ་མེད་དོ། ། གལ་ཏེ་རང་གི་ཕྱོགས་བཞག་པ་མེད་པའི་ཕྱིར་དང་། གཞན་གྱི་ཕྱོགས་སུན་འབྱིན་པའི་ཅོ་འདྲི་བ་ཉིད་མ་ཡིན་ནམ་ཞེ་ན། ཁོ་བོ་ཅག་གི་ཕྱོགས་ལ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་དེ་ཡིན་པའི་ཕྱིར་དེས་ན་ཅོ་འདྲི་བ་ཉིད་མ་ཡིན་ཏེ། རེ་ཞིག་དེ་ལྟར་ཕྱོགས་ ཀྱི་སྐྱོན་མེད་པར་རྣམ་པར་གཞག་གོ། །རིགས་པ་ཅན་དག་གཏན་ཚིགས་མེད་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཀུན་ཏུ་ཞུགས་པ་ཡིན་པས་དེའི་ཕྱིར་དམ་བཅས་པའི་མཇུག་ཐོགས་སུ་བསྒྲུབ་པར་བྱ་བ་འཁྲུལ་པ་མེད་པའི་ཤེས་པར་བྱེད་པ་བསྟན་པའི་ཕྱིར་གཏན་ཚིགས་ཉེ་བར་ 98-61a འཇོག་པ་ནི་བྱས་ཕྱིར་ཞེས་བྱ་བ་ཡིན་ཏེ། བྱས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མངོན་པར་བསྒྲུབས་པའོ། །དེའི་དངོས་པོ་ནི་བྱས་པ་ཉིད་དེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་དུ་ཕྱིར་ཞེས་སྨོས་སོ། །འོ་ན་གཏན་ཚིགས་ འདི་མ་གྲུབ་པ་ཡིན་ཏེ། མངོན་པར་གསལ་བ་སྨྲ་བ་ལ་འདི་མ་གྲུབ་པའི་ཕྱིར་རོ་ཞེ་ན། སྐབས་འདི་ཉིད་དུ་འོག་ནས་མངོན་པར་གསལ་བ་འགོག་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ། །མཐུན་པའི་ཕྱོགས་སུ་རྗེས་སུ་འགྲོ་བ་བསྟན་པ་ནི་གང་དང་གང་བྱས་པ་ཉིད་ཡིན་པ་དེ་དང་དེ་ འབྱུང་བའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་ཤེས་པ་བཞིན་ནོ། །ཤེས་པ་ཇི་ར་བྱས་པ་ཉིད་ཡིན་ཞེ་ན། མཐོ་རིས་དང་བྱང་གྲོལ་ལ་སོགས་པའི་རྟོག་གེས་ཡོངས་སུ་བསྒྲུབས་པའི་ཕྱིར་རོ། །འདིར་ཤེས་པ་ཡང་བྱས་པ་ཉིད་ཀྱི་ཕྱིར་འབྱུང་བའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་དགག་ པ་ཡང་མེད་པར་དགག་པའི་དོན་ཉིད་དང་སྦྱར་རོ། །ཚུལ་གསུམ་པའི་རྟགས་ལས་འདིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་ཀྱི་ཚུལ་མ་བསྟན་པ་ནི་འདིར་སྨྲ་བར་འདོད་པའི་ཚུལ་གཉིས་ཁོ་ནའི་གཏན་ཚིགས་ཀྱིས་ཐ་སྙད་བྱེད་དོ། །ཕྱོགས་ཀྱི་ཆོས་ཉིད་མཐུན་པའི་ཕྱོགས་ཁོ་ན་ལ་ ཡོད་པར་ཟད་ཀྱི། དེ་དང་མི་མཐུན་པའི་དངོས་པོ་གང་ལ་ངོ་བོ་ཉིད་ཡོད་པ་གཞན་རྡུལ་ཕྲན་ཙམ་ཡང་མེད་པས་མི་མཐུན་པའི་ཕྱོགས་ཉིད་མེད་པའི་ཕྱིར་དེས་ན་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་དཔེ་དང་གཏན་ཚིགས་བསྟན་པ་མ་བྱས་སོ། །གཏན་ཚིགས་ཀྱི་རྣམ་གྲངས་གཞན་བསྟན་པའི་ ཕྱིར་རྒྱུ་ལྡན་སོགས་ཞེས་བྱ་བ་སྨྲས་ཏེ། རྒྱུ་ལྡན་ཞེས་བྱ་བ་ནི་འདི་ལ་རྒྱུ་ཡོད་པའི་ཕྱིར་རྒྱུ་དང་ལྡན་པའོ། །རྒྱུ་དང་ལྡན་པའི་དངོས་པོ་ནི་རྒྱུ་དང་ལྡན་པ་ཉིད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དངོས་པོ་ཉིད་དང་། ཤེས་བྱ་ཉིད་དང་། བརྗོད་པར་བྱ་བ་ཉིད་ལ་སོགས་པའི་གཏན་ཚིགས་ གཞན་དག་ཀྱང་གཟུང་ངོ་། །འདིར་ཡང་རྒྱུ་དང་ལྡན་པ་ལ་སོགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་དུ་ཕྱིར་ཞེས་སྨོས་ཏེ། །གང་དང་གང་རྒྱུ་དང་ལྡན་པ་ཉིད་དང་། དངོས་པོ་ཉིད་དང་། ཤེས་བྱ་ཉིད་དང་། བརྗོད་པར་བྱ་བ་ཉིད་ལ་སོགས་པ་གང་ཡིན་པ་དེ་དང་དེ་ནི་ 98-61b འབྱུང་བའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་ཤེས་པ་བཞིན་ནོ། །དེ་བཞིན་དུ་ས་ལ་སོགས་པ་དག་ཀྱང་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཕྱོགས་འདིས་ཚད་མ་ཐམས་ཅད་ཀྱང་རྣམ་པར་བཤད་པར་བྱའོ། །འདིར་གང་དག་གོ་སླ་བ་དང་རྣམ་པར་ བཤད་ཟིན་པའི་དོན་དེ་དག་ནི་འོག་ནས་ཀྱང་ཡི་གེ་མངས་ཀྱིས་དོགས་ནས་རྣམ་པར་མི་འཆད་དོ། །སྤྱིར་དགག་པ་བསྟན་ནས་དེ་དག་བྱེ་བྲག་ཏུ་དགག་པ་བསྟན་པའི་ཕྱིར། ས་ནི་སྲ་བའི་ངོ་བོ་མིན། །འབྱུང་བ་ཉིད་ཕྱིར་རླུང་བཞིན་ནོ། །ས་ཡི་ལས་ནི་འཛིན་མ་ཡིན། །བྱས་པ་ཉིད་ ཕྱིར་ཆུ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇིག་རྟེན་དང་ཆོས་མངོན་པ་ལ་སོགས་པའི་བསྟན་བཅོས་ལས་སའི་མཚན་ཉིད་ནི་སྲ་བ་ཉིད་ཡིན་པ་ལས་ནི་བརྟན་པར་བྱེད་པར་བསྟན་པས་དེ་དག་དགག་པའི་ཕྱིར་ཚད་མ་རྣམ་པ་གཉིས་ཉེ་བར་བཀོད་དེ། གང་གི་ཕྱིར་ཆུ་དང་མེ་དང་རླུང་ ལས་ལོགས་ཤིག་ན་ས་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདུས་པའི་ངོ་བོ་ཉིད་དག་ལས་སའི་མཚན་ཉིད་ལོགས་ཤིག་ཏུ་བཀར་ཏེ་བསྟན་པར་ནི་ཇི་ལྟར་ཡང་མི་ནུས་ལ། ལས་ཀྱི་བྱེ་བྲག་ཀྱང་དེ་བཞིན་པས་དེའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟར་དཔྱད་པ་ན། མེད་ ཀྱང་གལ་ཏེ་དེ་ཉིད་དུ། །ས་ཡི་དངོས་ཉིད་སྲ་སྙམ་ན། །རྣལ་འབྱོར་པ་དག་དེ་ལ་ནི། །འབྱུང་དང་འབྱིང་བ་མི་རིགས་སོ། །ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་ཡང་དེའི་མཚན་ཉིད་དེ་ལྟ་བུ་ཡོད་པར་སེམས་ན་རྣལ་འབྱོར་པ་དག་ས་ལ་ཆུ་ལ་བྱ་བ་བཞིན་དུ་སྟེང་དུ་འབྱུང་བ་དང་འོག་ཏུ་འབྱིང་ བ་དག་མི་རིགས་སོ། །གལ་ཏེ་བསམ་གཏན་གྱི་མཐུས་སྲ་བ་ཉིད་ཀྱང་གཤེར་བ་ཉིད་དུ་སྒྱུར་བར་བྱེད་དོ་ཞེ་ན། བསམ་གཏན་པ་ཡི་བསམ་གཏན་མཐུས། །ས་ནི་གཤེར་བ་ཉིད་མི་རིགས། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ལ་འགྱུར་མེད་ཕྱིར། །ཡང་ན་དེ་ཉིད་སྲ་མ་ཡིན། །ངོ་བོ་ཉིད་ཅེས་ བྱ་བ་ནི་བྱས་པ་མ་ཡིན་པ་དང་། འགྱུར་བ་མེད་པ་ཡིན་པས་སུས་ཀྱང་ནམ་ཡང་གཞན་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །ཡང་ན་གལ་ཏེ་རྣལ་འབྱོར་པ་དག་གིས་སའི་སྲ་བ་ཉིད་གཞན་དུ་བསྒྱུར་དུ་རུང་ན་ནི་དེའི་ངོ་བོ་ཉིད་སྲ་བ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟ་བུར་རུང་བར་འགྱུར། དེ་བཞིན་ཆུ་དང་ 98-62a མེ་རླུང་དག །གཤེར་ལ་སོགས་པའི་དངོས་ཉིད་མིན། །དེ་དག་ལས་ཀྱང་སྡུད་པ་དང་། །སྨིན་དང་གཡོ་བར་བྱེད་མི་རིགས། །ཞེས་བྱ་བ་ནི་ཆུ་ལ་སོགས་པ་དག་ཀྱང་ཐམས་ཅད་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཡིན་ཏེ། དེ་དག་ཐམས་ཅད་ལ་སྲ་བ་དང་ གཤེར་བ་དང་ཚ་བ་དང་ཡང་བ་ཉིད་ཡོད་པས་དེ་དག་གི་རང་གི་མཚན་ཉིད་འབའ་ཞིག་པ་རྣམ་པར་གཞག་པ་ནི་བསྟན་པར་དཀའོ། །ལས་ཀྱང་ཐམས་ཅད་ལ་ཆ་མཉམ་པར་ཡོད་དེ་ཁ་ཅིག་ལ་ལྷག་པར་སྣང་བ་ནི་རྣམ་པར་རྨོངས་པ་བསྐྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་དག་གི་རྡུལ་ཕྲ་ རབ་ཀྱང་འདུས་པའི་ངོ་བོ་ཉིད་དེ། ས་དང་ཆུ་དང་མེ་དང་རླུང་དང་གཟུགས་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བ་རྫས་བརྒྱད་འདུས་པ་ཡིན་པས་དེའི་ཕྱིར་གང་གིས་སོ་སོ་ལ་ངོ་བོ་ཉིད་དང་ལས་རྣམ་པར་གཞག་པར་བྱ་བའི་མཚན་ཉིད་འབའ་ཞིག་པ་ནི་གང་ལ་ཅི་ཡང་མེད་ལ། ལས་ འབའ་ཞིག་པ་ཡང་གང་ལ་ཅི་ཡང་མེད་དོ། །དེ་ལྟར་ཡང་དག་པར་ན་དེ་དག་འབྱུང་བའི་ངོ་བོ་ཉིད་མ་ཡིན་བཞིན་དུ་ཡང་གལ་ཏེ་ངོ་བོ་ཉིད་ཡོད་པར་སེམས་ན། རྣལ་འབྱོར་པ་དག་གཏིང་དང་ཕ་རོལ་གྱི་མུ་མེད་པའི་ཆུ་ལ་སའི་སྟེང་བཞིན་དུ་རྒྱུ་བ་དང་། ནགས་མེས་མཆེད་པ་ཡང་བ་ མོ་དང་མུ་ཏིག་ལྟར་བསིལ་བ་ཉིད་དུ་བྱེད་པ་དང་། བྲག་གི་རྩེ་མོ་རྣམ་པར་འཇོམས་པའི་རྣམ་པར་འཐོར་རླུང་དག་ཀྱང་སོར་མོའི་རྩེ་མོས་མི་གཡོ་བར་བྱེད་པ་དག་ཇི་ལྟར་རུང་སྟེ། དེའི་ཕྱིར་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ལ། ལས་ཀྱང་ཡོད་པ་མ་ཡིན་ནོ། །སྡུད་པ་ནི་གཟུངས་བྱེད་ པའོ། །སྨིན་པ་ནི་དྲོ་བའོ། །གཡོ་བ་ནི་འགུལ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཁ་ཅིག་གིས་སྨྲས་པ། རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་སེམས་མཉམ་པར་གཞག་པའི་མཐུའི་བྱེ་བྲག་གིས། དངོས་པོ་ཐོགས་པ་དང་བཅས་པའི་རྫས་རྣམས་ལ་གང་དུ་འགྲོ་བར་འདོད་ པ་དག་ཏུ་འགྲོ་བ་འགྲུབ་པར་ཟད་ཀྱི། དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་རྣམས་མེད་པའི་ཕྱིར་ཐོགས་པར་མི་འགྱུར་བ་ཡིན་ན་ནི་རྫུ་འཕྲུལ་དང་ལྡན་པ་མཉམ་པར་བཞག་པ་ལས་ལངས་པ་དང་། སྲོག་ཆགས་གཞན་དག་ 98-62b ཀྱང་རང་གི་གནས་ལ་སོགས་པ་ན་གནས་པར་ཡང་མི་འགྱུར་བ་ཞིག་ན་ཐོགས་པར་ཡང་མཐོང་བས་དེའི་ཕྱིར་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ནོ། །གལ་ཏེ་འདི་ལྟར་ཡོངས་སུ་རྟོག་སྟེ། རྣལ་འབྱོར་པ་མཉམ་པར་བཞག་པ་ལས་ལངས་པ་དག་གི་མོས་པའི་དབང་གིས་ ན་དངོས་པོ་ཡོད་པ་མ་ཡིན་ཡང་ལུས་ལ་ཐོགས་པ་ཁོ་ནར་འགྱུར་རོ་ཞེ་ན། དེ་ནི་མི་རུང་སྟེ། གང་གི་ཕྱིར་ཞེ་ན། མོས་པའི་མཚན་མ་ཡིན་ཏེ། ནམ་མཁར་འདུ་ཤེས་པ་མུན་པ་ལ་སོགས་པའི་ནང་དུ་ཀ་བ་ལ་སོགས་པ་དག་ལ་ཐོགས་པ་ཡོད་པའི་ཕྱིར་དང་། ཤེལ་ལ་སོགས་པའི་ སྐྱང་ནུལ་དག་ལ་ཆུར་འདུ་ཤེས་པ་ཡང་ལོག་པ་ཡིན་པ་བཞིན་ནོ་ཞེ་ན། འདིར་བཤད་པ། མོས་པ་ཡང་གཞན་ལ་འདོད་པའི་ཁྱད་པར་ཡང་གཞན་ཁོ་ན་ཡིན་ཏེ། ཇི་ལྟར་ཞེ་ན། གང་གི་ཕྱིར་རྣལ་འབྱོར་པའི་མོས་པས་ཟད་པར་ནམ་མཁའ་ལ་སོགས་པ་དག་ལ་ས་དང་ཆུ་དང་མེ་དང་ རླུང་ལ་སོགས་པ་ཐམས་ཅད་ནམ་མཁའ་ཁོ་ནར་མོས་པར་བྱེད་པའི་རྣལ་འབྱོར་པ་འབའ་ཞིག་ལ་དེ་ལྟར་སྣང་བར་ཟད་ཀྱི། གཞན་སུ་ལ་ཡང་མི་སྣང་བའི་ཕྱིར་དང་། དངོས་པོ་གཞན་དག་ནམ་མཁའ་ཉིད་དུ་ཡང་མི་འགྱུར་བའི་ཕྱིར་རོ། །འདོད་པའི་ཁྱད་པར་གྱིས་ནི་རྣལ་འབྱོར་ པའི་རྫུ་འཕྲུལ་གྱི་མཐུས་ས་ཡང་གཤེར་བ་ཉིད་དུ་བྱེད་པ་ཁོ་ན་ཡིན་གྱི། །མོས་པ་ཙམ་དུ་མ་ཟད་དེ། རྩིག་པ་དང་ར་བ་དང་རི་ལ་སོགས་པ་དག་ལ་ཐལ་བྱུང་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་དང་། ཆུ་ཡང་སྲ་བ་ཉིད་དུ་བྱེད་དེ། ཆུ་ལ་ཡང་ས་ལ་བྱ་བ་བཞིན་དུ་མི་འགྱུར་བར་ འགྲོ་བའི་ཕྱིར་དང་། མེ་ཡང་བསིལ་བ་ཉིད་དུ་བྱེད་དེ་སེམས་ཅན་དམྱལ་བའི་བསྲེག་བྱ་འབར་བ་དག་ཞི་བར་བྱེད་པའི་ཕྱིར་དང་། རླུང་གི་གཡོ་བ་ཡང་ཐོགས་པར་བྱེད་དེ། རྣམ་པར་འཐོར་རླུང་ཆེན་པོ་ལ་སོགས་པའི་རླུང་གི་དཀྱིལ་འཁོར་དག་ཀྱང་སོར་མོ་གཅིག་གིས་གནོན་པར་ བྱེད་པའི་ཕྱིར་རོ། །འདོད་པའི་ཁྱད་པར་གྱིས་ཁ་ཅིག་ཏུ་ནི་བདག་ཉིད་ཁོ་ན་ལ་ཐོགས་པ་མེད་པར་སྟོན་པར་ཡང་བྱེད་དེ། རི་ལ་སོགས་པ་དག་ལ་བདག་ཉིད་ལྷུང་བཟེད་དང་། ཆོས་གོས་དང་། ཡོ་བྱད་དག་དང་བཅས་བཞིན་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་རོ། །ཁ་ཅིག་ 98-63a ཏུ་ནི་གཞན་དག་ཁོ་ན་སྟོན་ཏེ། དཔེར་ན་ཡི་དགས་ལ་སོགས་པ་ལ་ཆུ་ལ་སོགས་པ་སྦྱིན་པ་ལྟ་བུའོ། །ཁ་ཅིག་ཏུ་ནི་རང་དང་གཞན་གཉི་ག་སྟོན་ཏེ། དཔེར་ན་སེམས་ཅན་དམྱལ་བའི་མེ་འབར་བ་ལ་སོགས་པ་ཞི་བར་བྱེད་པ་ལྟ་བུའོ། །དེ་ལ་གལ་ཏེ་མོས་པ་ཙམ་ ཁོ་ནར་ཟད་ན་ནི་དངོས་པོ་གཞན་དུ་མི་འགྱུར་བས་མེའི་དུང་བ་ཡང་ཞི་བར་མི་འགྱུར་ལ། སྐོམ་པ་ཡང་ངོམས་པར་མི་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ནོ། །ཤེལ་ལ་སོགས་པའི་སྐྱང་ནུལ་དག་ལ་ཆུར་འདུ་ཤེས་པ་ནི་ལོག་པ་ཡིན་པས་དཔེར་མི་རུང་ངོ་། །ཟད་པར་ནམ་མཁའ་ ལ་སོགས་པ་དག་དོན་དམ་པ་ཉིད་ཡིན་པར་གྱུར་ན་ཡང་ས་ལ་སོགས་པ་ངོ་བོ་ཉིད་ཡོད་པ་ཉིད་དུ་མི་འགྲུབ་པོ། །ཁ་ཅིག །འབྱུང་བ་མཁའ་རླུང་མེ་ཆུ་ས། །ཡོན་ཏན་དག་ནི་ལྷག་པ་ཡིན། །སྒྲ་དང་རེག་པ་གཟུགས་དང་རོ། །དྲི་དང་དེ་ཡི་ཡོན་ཏན་ཡིན། །ཞེས་བྱ་བར་འདོད་པས་དེ་ དགག་པའི་ཕྱིར། རླུང་ལ་སོགས་པ་ཀུན་རྫོབ་ཏུ། །ཡོན་ཏན་མཉམ་པར་མི་འདོད་མིན། །ལུས་ཀྱི་དབང་པོས་དམིགས་ཕྱིར་དང་། །འབྱུང་བ་ཡིན་ཕྱིར་ས་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། རླུང་ལ་སོགས་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་ཐམས་ཅད་ཡོན་ཏན་ཆ་མཉམ་པ་ཡིན་ ཏེ། ལུས་ཀྱི་དབང་པོས་དམིགས་པའི་ཕྱིར་དང་། འབྱུང་བ་ཉིད་ཡིན་པའི་ཕྱིར་དཔེར་ན་ས་བཞིན་ནོ། །ནམ་མཁའ་ཉིད་མ་ཡིན་ཏེ། འབྱུང་བ་ཉིད་ཡིན་པར་མི་རིགས་པའི་ཕྱིར་རོ། །ལ་ལ་ཡོན་ཏན་ཁ་ཅིག་ཤས་ཆེ་བ་ཡོད་དོ། །ལ་ལ་ཡོན་ཏན་ཁ་ཅིག་བག་ལ་ཞ་སྟེ། ཧ་ཅང་ཆ་ཕྲ་ བའི་ཕྱིར་ངེས་པར་གཟུང་བར་མི་ནུས་སོ། །ཁ་ཅིག་ནི་ས་ལ་སོགས་པ་འདུས་པའི་བདག་ཉིད་ཀྱང་ཡིན་ལ། རྫས་སུ་ཡོད་པ་ཁོ་ནར་ཡང་འདོད་དེ། འདི་ལྟར་གང་རྡུལ་ཕྲ་རབ་ཏུ་བཤིག་ཀྱང་དེའི་བློ་ཡོད་པ་ཉིད་ཡིན་པ་དེའི་རྫས་སུ་ཡོད་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ ཏེ། གང་གི་ཕྱིར། ས་ལ་སོགས་པ་རྫས་ཡོད་མིན། །ཚོགས་པའི་ཡན་ལག་མིན་མེད་ཕྱིར། །གང་དག་ཇི་སྐད་བསྟན་པ་དེ། །རྫས་ཡོད་མ་མཐོང་ནགས་ཚལ་བཞིན། །ཞེས་བྱ་བ་ལ་ས་ལ་སོགས་པ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། ཆུ་ལ་སོགས་པའི་ཚོགས་པའི་ཡན་ལག་མ་ 98-63b གཏོགས་པར་ས་ཞེས་བྱ་བ་དམིགས་སུ་མེད་པའི་ཕྱིར་རོ། །གང་ཚོགས་པའི་ཡན་ལག་མ་བཟུང་ན་གཟུང་དུ་མེད་པ་དེ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་ནགས་ཚལ་བཞིན་ནོ། །ཤིང་དྷ་བ་དང་སེང་ལྡེང་དང་། པ་ལ་ཤ་ལ་སོགས་པ་མ་གཏོགས་པར་ནགས་ཚལ་ཞེས་བྱ་བ་གཟུང་དུ་ མེད་པ་བཞིན་ནོ། །འདུས་པ་ལ་ནི་ནགས་ཚལ་ཞེས་ཐ་སྙད་གདགས་སུ་རུང་ངོ་། །གང་གི་ཕྱིར་ས་ལ་སོགས་པ་རྫས་སུ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེའི་ཡུལ་ཅན་གྱི་བློ་གྲོས་ཀྱང་རྫས་སུ་ཡོད་པ་མ་ཡིན་ཏེ། རྒྱུ་ཡོད་པའི་ཕྱིར་དང་། འཇིག་པའི་ཕྱིར་ནགས་ཚལ་གྱི་བློ་བཞིན་པས་དེའི་ ཕྱིར། ས་ལ་སོགས་པ་ཡུལ་གྱི་བློ། །དེ་ཡང་རྫས་ཡོད་མ་ཡིན་འདོད། །རྒྱུ་དང་བཅས་ཕྱིར་འཇིག་པའི་ཕྱིར། །ནགས་ཚལ་ལ་སོགས་བློ་བཞིན་ནོ། །ཞེས་བྱ་བ་སྨྲས་སོ། །སྒྲ་ནི་གནས་དང་བྱེད་པ་དང་། རྩོལ་བ་དག་ལས་མངོན་པར་འགྲུབ་པའི་ཕྱིར་གང་གིས་ས་ལ་སོགས་པ་ བརྗོད་པའི་སྒྲ་དེ་ཡང་། ས་ལ་སོགས་པ་སྟོན་པའི་སྒྲ། །བརྗོད་པ་རྫས་སུ་མི་འདོད་དེ། །མཉན་པ་ཡིན་ཕྱིར་དམག་ལ་སོགས། །སྟོན་པའི་སྒྲ་དག་མི་འདོད་བཞིན། །འདིར་བྱེ་བྲག་པ་དག་ཕྱིར་ཟློག་པར་བྱེད་དེ། གང་དག་ལ་ནགས་ཚལ་དང་དམག་ལ་སོགས་པ་རྫས་སུ་ཡོད་པ་ མ་ཡིན་པ་དེ་དག་ལ་སྐྱོན་འདི་ལྟ་བུར་འགྱུར་ཏེ། ཁོ་བོ་ཅག་གི་ཚིག་ལས་ཕྲད་པ་རྣམས་ཀྱི་རྫས་ཞེས་འབྱུང་བས་ནགས་ཚལ་ལ་སོགས་པ་དག་རྫས་སུ་ཡོད་པ་ཁོ་ན་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ན་ཤིང་པ་ལ་ཤ་ནགས་ཚལ་རྩོམ་པ་ནི་ཕྲད་པ་དང་བཅས་པས་ཤིང་པན་ད་ན་དང་ལྷན་ཅིག་ སྦྱོར་བར་འགྱུར་རོ། །ཤིང་པ་ལ་ཤ་དང་པན་ད་ན་གཉིས་ཀྱང་ཕྲད་པ་དང་བཅས་པས་ཤིང་དྷ་བ་ལ་སོགས་པ་དང་ལྷན་ཅིག་སྦྱོར་བར་འགྱུར་རོ། །དེ་བཞིན་དུ་གླང་པོ་ཆེ་དམག་རྩོམ་པ་ན་ཡང་ཕྲད་པ་དང་བཅས་པས་རྟ་དང་ལྷན་ཅིག་སྦྱོར་བར་འགྱུར་བ་གླང་པོ་ཆེ་དང་རྟ་གཉིས་དང་ཕྲད་པ་དང་ བཅས་པས་ཤིང་རྟ་ལ་སོགས་པ་དང་ལྷན་ཅིག་སྦྱོར་བར་འགྱུར་བས་དེའི་ཕྱིར་ནགས་ཚལ་དང་དམག་ལ་སོགས་པ་དག་རྫས་སུ་ཡོད་པའི་ཕྱིར་ཁྱེད་ཀྱི་དཔེ་ལ་བསྒྲུབ་པར་བྱ་བས་སྟོང་པས་དཔེ་མེད་དོ་ཞེས་ཟེར་རོ། །གྲངས་ཅན་དག་ཀྱང་འདི་སྐད་ཅེས་ཟེར་ཏེ། གྲངས་ནི་རྣམ་པ་གཉིས་ཏེ། ངེས་ 98-64a པའི་གྲངས་ནི་གཅིག་པུ་པའོ། །མ་ངེས་པའི་གྲངས་ནི་ཉི་ཤུ་པ་ལ་སོགས་པའོ། །དེ་ལ་གང་གི་ཚེ་མ་ངེས་པ་རྫས་དུ་མ་དག་ལ་ངེས་པའི་གྲངས་སུ་འཇུག་པ་དེའི་ཚེ་ན་ནགས་ཚལ་ལ་སོགས་པའི་ཐ་སྙད་ཡོད་པས། ནགས་ཚལ་ལ་སོགས་པ་དེ་དག་ཀྱང་རྫས་སུ་ཡོད་ པ་ཡིན་ཏེ། གྲངས་དང་ལྡན་པའི་ཕྱིར་རོ། །དེའི་ཡུལ་ཅན་གྱི་བློ་དང་སྒྲ་ཡང་རྫས་སུ་ཡོད་པ་ཁོ་ན་ཡིན་པས་དེའི་ཕྱིར། ནགས་ཚལ་གྱི་བློ་དང་སྒྲའི་དཔེ་དག་ས་ལ་སོགས་པ་རྫས་སུ་ཡོད་པ་མ་ཡིན་པའི་དཔེར་མི་རུང་ངོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་བྱེ་བྲག་པ་དག་ལ་སྐྱོན་འདོགས་པ་ལྟར་ སྣང་བ་ཉིད་ཡིན་པར་བསྟན་པའི་ཕྱིར། པ་ལ་ཤ་པན་དྷ་ལ་སོགས་པ། །ནགས་ཚལ་རྩོམ་པ་ཡིན་མི་འདོད། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །དཔེར་ན་རྩ་བ་ལ་སོགས་བཞིན། །ཞེས་བྱ་བ་སྨྲས་ཏེ། ཤིང་པ་ལ་ཤ་དང་པན་དྷ་ལ་སོགས་པ་དག་ནི་ནགས་ཚལ་རྩོམ་པ་ ཡིན་པར་མི་འདོད་དེ། ཇི་ལྟར་པ་ལ་ཤ་ལ་སོགས་པ་ནི་ནགས་ཚལ་གྱི་ཡན་ལག་ཏུ་གྱུར་པ་ཡིན་ལ། དེ་དག་གི་ཡན་ལག་ནི་རྩ་བ་ལ་སོགས་པ་ཡིན་ལ། ཡན་ལག་ཉིད་ཡིན་པར་འདྲ་བཞིན་པ་ལས་པ་ལ་ཤ་ལ་སོགས་པ་ནི་ནགས་ཚལ་རྩོམ་པར་བྱེད་པ་ཡིན་ལ། རྩ་བ་ལ་སོགས་པ་དག་ནི་ མ་ཡིན་ནོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཀྱི་ཁྱད་པར་ཅི་ཡོད། དེའི་ཕྱིར་པ་ལ་ཤ་དང་པན་དྷ་ལ་སོགས་པ་དེ་དག་ནི་ནགས་ཚལ་རྩོམ་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱིས་ཏེ། དཔེར་ན་རྩ་བ་དང་སྡོང་བུ་དང་ལོ་མ་དང་ འདབ་མ་ལ་སོགས་པ་བཞིན་ནོ། །འདིར་སྨྲས་པ། ཤིང་དྷ་བ་དང་། པ་ལ་ཤ་ལ་སོགས་པ་ཡན་ལག་ཏུ་གྱུར་པ་ཐམས་ཅད་ལ་ནགས་ཚལ་ཡན་ལག་ཅན་སོ་སོའི་རྗེས་སུ་ཞུགས་པ་ལྟར་ངེས་པར་གཟུང་དུ་རུང་སྟེ། ཡན་ལག་དེ་དག་མེད་པར་ཡན་ལག་ཅན་ནགས་ཚལ་དམིགས་སུ་མེད་པའི་ ཕྱིར་ཏེ། དེའི་ཕྱིར་པ་ལ་ཤ་ལ་སོགས་པ་ནི་ནགས་ཚལ་རྩོམ་པར་བྱེད་པ་ཡིན་ལ། རྩ་བ་ལ་སོགས་པ་ནི་མ་ཡིན་ནོ། །བཤད་པ། ཡན་ལག་ཅན་གྱི་ནགས་ཚལ་ནི། །པ་ལ་ཤ་ལ་སོགས་བརྩམས་མིན། །དེ་དག་རེ་རེར་མ་རྫོགས་ཕྱིར། །ཡལ་ག་ལ་སོགས་གང་ཡིན་བཞིན། །ཞེས་བྱ་བ་ལ་ཡན་ 98-64b ལག་ཅན་ཞེས་བྱ་བ་ནི་འདི་ལ་ཡན་ལག་ཡོད་པའི་ཕྱིར་ཡན་ལག་ཅན་ནོ། །ཡན་ལག་ཅན་གྱི་ནགས་ཚལ་ཞེས་བྱ་བ་དེ་ནི་པ་ལ་ཤ་ལ་སོགས་པས་བརྩམས་པ་མ་ཡིན་ནོ་ཞེས་དམ་བཅའོ། །ཅིའི་ཕྱིར་ཞེ་ན། པ་ལ་ཤ་ལ་སོགས་པ་དེ་དག་རེ་རེ་ལ་ནགས་ཚལ་དེ་མ་རྫོགས་པའི་ཕྱིར་ཏེ། དཔེར་ན་ཡལ་ ག་དང་ཡལ་ག་ཕྲ་མོ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་ནགས་ཚལ་ཞེས་བྱ་བ་མ་རྫོགས་པའི་ཕྱིར། ནགས་ཚལ་དེ་ཡལ་ག་ལ་སོགས་པ་དེ་དག་གིས་བརྩམས་པ་མ་ཡིན་པ་དེ་བཞིན་དུ་པ་ལ་ཤ་ལ་སོགས་པ་དེ་དག་རེ་རེ་ལ་ཡང་ནགས་ཚལ་ཞེས་བྱ་བ་དེ་མ་རྫོགས་པའི་ཕྱིར། དེ་དེ་དག་གིས་བརྩམས་པ་མ་ཡིན་པར་གྲུབ་པས་ནགས་ཚལ་ལ་སོགས་པ་དག་རྫས་སུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བྱེ་བྲག་པ་དག་གི་ཕྱོགས་ལ་དཔེའི་སྐྱོན་ཡང་མི་འཐད་དོ། །གཉིས་པ་གྲངས་ཅན་གྱི་ཕྱོགས་ལ་ཇི་ལྟར་དཔེའི་སྐྱོན་མེད་པ་དེ་དེ་ལྟར་འདི་བརྗོད་དེ། ནགས་ཚལ་སྒྲ་ནི་མ་ངེས་པ། །དུ་མའི་རྫས་གྲངས་འཇུག་པ་ཡིན། །ཁྱད་པར་ཅན་གྱི་བློས་བརྟག་ཕྱིར། །བུམ་བཟངས་ལ་སོགས་སྒྲ་བཞིན་ནོ། །ཞེས་བྱ་བ་ལ་ནགས་ཚལ་གྱི་སྒྲ་ནི་པ་ལ་ཤ་ལ་སོགས་པ་མ་ངེས་པ་དུ་མའི་རྫས་ཀྱི་གྲངས་བརྗོད་པ་ལ་འཇུག་པ་མ་ཡིན་ནོ་ཞེས་དམ་བཅའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱད་པར་ཅན་གྱི་བློས་བརྟག་ པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། དཔེར་ན་བུམ་པ་དང་། ཟངས་དང་། ཕྲུ་ཏོག་ལ་སོགས་པ་གཅིག་ལ་སོགས་པར་ངེས་པར་གྲངས་ལ་འཇུག་པའི་སྒྲ་བཞིན་ནོ། །དེ་ལྟར་རེ་ཞིག་རིགས་པའི་སྒོ་ནས་ས་ལ་སོགས་པ་དག་མཚན་ཉིད་ཡོད་པ་མ་ཡིན་པ་དང་རྫས་ སུ་ཡོད་པ་མ་ཡིན་པར་གནས་སོ། །ལུང་གི་སྒོ་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ནང་གི་སའི་ཁམས་གང་ཡིན་པ་དང་། ཕྱི་རོལ་གྱི་སའི་ཁམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་གཉིས་སུ་མེད་པའི་དོན་དང་། གཉིས་སུ་མེད་པ་དང་། གཉིས་སུ་བྱར་མེད་པ་དང་། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བཀའ་སྩལ་ཅིང་། དེ་བཞིན་དུ། བློ་ཡིས་རྣམ་པར་དཔྱད་པ་ན། །གང་ཕྱིར་དངོས་ཉིད་གཟུང་མེད་པ། །དེ་ཕྱིར་དབྱུང་བ་མེད་པ་དང་། །དངོས་ཉིད་མེད་པར་ང་སྨྲའོ། །ཞེས་གསུངས་སོ། །འདིར་ཆོས་ 98-65a མངོན་པ་པ་དག་གིས་སྨྲས་པ། འབྱུང་བའི་བྱེ་བྲག་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ། །དེ་དག་རྒྱུར་བྱས་ནས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་གཟུགས་རྣམ་པ་ཉི་ཤུ་འབྱུང་བའི་ཕྱིར་ཏེ། འདི་ན་གང་ངོ་བོ་ཉིད་མེད་པ་ནི་དེ་རྒྱུར་བྱས་ནས་ཅི་ཡང་མི་འབྱུང་སྟེ། དཔེར་ན་རི་བོང་གི་རྭ་དག་བཞིན་ནོ། །འབྱུང་བ་རྣམས་རྒྱུར་བྱས་པ་ལས་ནི་ཁ་དོག་དང་། དབྱིབས་ཀྱི་བདག་ཉིད་ཀྱི་གཟུགས་གང་མིག་གིས་གཟུང་བར་བྱ་བ་དག་འབྱུང་སྟེ། དེའི་ཕྱིར་འབྱུང་བ་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། ཀུན་རྫོབ་ཏུ་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་ཀུན་ནས་བསླང་བ་དེ་ཡོད་པ་ཁོ་ན་ཡིན་ཏེ། དེ་ཡང་བྱིས་པ་རྣམས་ནི་སྒྱུ་མ་དང་སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལ་ལྟ་བ་བཞིན་དུ་ལྟ་བ་རྣམ་པར་རྨོངས་ལ། འཕགས་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་པའི་རྣལ་འབྱོར་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་སྒོམ་པ་ལ་གནས་པ་དག་ཀྱང་རེ་ཞིག་གཟུགས་ཀྱི་འདུ་ཤེས་དང་། ཐོགས་པའི་འདུ་ཤེས་རྣམ་པ་ཐམས་ཅད་དུ་ནུབ་ཅིང་དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དག་བསྒོམ་པ་གམས་པར་མཇུག་ཏུ་ཡང་གཟུགས་ཀྱི་འདུ་ཤེས་སྤོང་བར་འགྱུར་ན། ཐེག་པ་ཆེན་པོ་བླ་ན་མེད་པའི་རྣལ་འབྱོར་པ་བསྐལ་པ་དཔག་ཏུ་མེད་པར་དངོས་པོའི་རང་གི་ངོ་བོ་ཉིད་དུ་བསྒོམས་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པ་མཐར་ཕྱིན་པ་ལ་གནས་པ་རྣམས་གཟུགས་སུ་འཛིན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་རིགས་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་བཤད་པ། གང་ཕྱིར་གཟུགས་ནི་དོན་དམ་དུ། །མིག་གི་དབང་པོའི་གཟུང་བ་མིན། །བསགས་ཕྱིར་དཔེར་ན་སྒྲ་བཞིན་དང་། །འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། །ཞེས་བྱ་བ་ལ་མིག་གི་ཡུལ་གྱི་གཟུགས་ནི་དོན་དམ་པར་ན་མིག་གི་དབང་པོའི་གཟུང་བ་མ་ཡིན་ནོ་ཞེས་དམ་བཅའོ། །མིག་ཅེས་བྱ་བ་ནི་བལྟ་བའི་ཕྱིར་མིག་སྟེ། དོན་རྣམས་གསལ་བར་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་ཞེས་བྱ་བ་ནི་བསྡུས་པ་འདི་ལས་རང་གི་ཡུལ་བྱེ་བྲག་ཏུ་འབྱེད་པའི་སྒོ་ནས་ 98-65b དབང་བྱེད་པས་དབང་པོའོ། །གཟུགས་ནི་དེས་གཟུང་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བསགས་པའི་ཕྱིར་ཏེ། རྫས་བརྒྱད་བསགས་པའི་ཕྱིར་ཏེ་དཔེར་ན་སྒྲ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་འབྱུང་བ་ལས་གྱུར་པའི་ཕྱིར་དཔེར་ན་སྒྲ་དེ་ཉིད་བཞིན་ཏེ། གཟུགས་དང་སྒྲ་ གཉི་ག་བསགས་པ་དང་འབྱུང་བ་ལས་གྱུར་པ་ཉིད་ཡིན་པར་འདྲ་བཞིན་དུ་གཟུགས་ནི་མིག་གི་ཡུལ་ཡིན་ལ། སྒྲ་ནི་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་རྣམ་གྲངས་གཞན་དུ་ན། གཟུགས་ནི་མིག་གིས་གཟུང་མིན་ཏེ། །འབྱུང་ལས་གྱུར་ཕྱིར་རང་གཟུགས་བཞིན། །བདེ་ལ་སོགས་འབྱུང་རྒྱུ་ཕྱིར་དང་། །བརྗོད་བྱ་ཡིན་ཕྱིར་རོ་སོགས་བཞིན། །ཞེས་བྱ་བ་ལ། གཟུགས་ནི་མིག་གིས་གཟུང་བ་མ་ཡིན་ཏེ། འབྱུང་བ་ལས་གྱུར་པའི་ཕྱིར་རང་གི་གཟུགས་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། ཁྱེད་ཀྱི་ལུང་ལས་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ ཐམས་ཅད་མིག་གི་ཡུལ་ཡིན་ནོ་ཞེས་བྱ་བ་དེ་ཡང་རང་གི་གཟུགས་དང་གཞན་གྱི་གཟུགས་ཀྱི་བྱེ་བྲག་ལས་རྣམ་པ་གཉིས་སུ་དབྱེ་སྟེ། དེ་ལ་འདིར་ནི་གཞན་གྱི་གཟུགས་ཆོས་ཅན་ཉིད་དུ་གཟུང་ངོ་། །དེ་མིག་གིས་གཟུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཆོས་སོ། །འབྱུང་བ་ལས་གྱུར་པའི་ཕྱིར་ཞེས་བྱ་བ་ ལ་སོགས་པ་ནི་གཏན་ཚིགས་སོ། །རང་གི་གཟུགས་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། འདི་ལྟར་མིག་གི་རང་གི་གཟུགས་ནི་ཨུཏྤལའི་འདབ་མ་ལྟར་སྔོ་བ། འབྲས་བུ་ཅུང་ཟད་བཀྲ་བ། རྫི་མ་བུང་བའི་ཚོགས་ལྟར་གནག་ཅིང་མཛེས་པས་བཀབ་པ། མིག་སྨན་གྱི་རྡུལ་མཛེས་པས་མདོག་བསྒྱུར་བ་ སྟེ། དེ་ལྟ་བུའི་མིག་གི་གཟུགས་ཀྱང་མིག་ཉིད་ཀྱིས་གཟུང་བ་མ་ཡིན་པ། དེ་བཞིན་དུ་གཞན་གྱི་གཟུགས་ཀྱང་མིག་དེས་གཟུང་བ་མ་ཡིན་ནོ། །གཞན་ཡང་བདེ་བ་ལ་སོགས་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་རོ་ལ་སོགས་པ་བཞིན་ནོ། །དེ་ལྟར་གཟུགས་ཡུལ་ གྱི་དངོས་པོར་ཡོད་པ་མ་ཡིན་པས་དེ་ཡོད་པ་མ་ཡིན་པའི་ཕྱིར། མིག་ཀྱང་ཡུལ་ཅན་ཉིད་དུ་ཡོད་པ་མ་ཡིན་ལ། དེ་དག་གི་སྒྲ་ཡང་དེ་དག་བརྗོད་པ་ཉིད་མ་ཡིན་ནོ། །དེ་དག་རྒྱུར་བྱས་ནས་གཟུགས་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བའི་གཏན་ཚིགས་ཏེ་དོན་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། དེ་བཞིན་གཟུགས་ 98-66a ནི་འབྱུང་འགྱུར་མིན། །འབྱུང་ཕྱིར་མེ་ལ་སོགས་པ་བཞིན། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །ཡང་ན་སེམས་བཞིན་ཤེས་པར་བྱ། །ཞེས་བྱ་བ་སྨྲས་ཏེ། གཟུགས་ནི་འབྱུང་བ་ལས་གྱུར་པ་མ་ཡིན་ཏེ། འབྱུང་བ་དང་ལྡན་པའི་ཕྱིར་མེ་ལ་སོགས་པ་བཞིན་ཏེ་འབྱུང་བ་ལས་ གྱུར་པ་ནི་འབྱུང་བ་རྣམས་ལས་མངོན་པར་གྲུབ་པའོ། །དེ་ཡང་འབྱུང་བ་དང་ལྡན་པའི་ཕྱིར་དང་། རྒྱུ་དང་ལྡན་པ་ལ་སོགས་པའི་གཏན་ཚིགས་ཀྱིས་འབྱུང་བའི་རང་གི་གཟུགས་བཞིན་ནམ། ཡང་ན་སེམས་བཞིན་དུ་འབྱུང་བ་ལས་གྱུར་པའི་ངོ་བོ་ཉིད་མ་ཡིན་ཏེ། གང་གི་ཕྱིར་འབྱུང་བ་རྣམས་མ་གཏོགས་ པར་འབྱུང་བ་ལས་གྱུར་པའི་གཟུགས་དམིགས་སུ་མེད་དེ། འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་དག་ཁོ་ན་བཞིན་དུ་འབྱུང་བ་ལས་གྱུར་པ་འདིའི་ངོ་བོ་ཉིད་ཀྱང་རྫས་སུ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །དེས་ནི་ཁ་དོག་དབྱིབས་དང་ནི། །བསགས་དང་ཕྲ་དང་རགས་སོགས་ཀྱི། །དབྱེ་བས་གཟུགས་ཀྱི་མཚན་ཉིད་དག །ཇི་སྙེད་རྣམ་པར་བརྟགས་པ་རྣམས། །ཞེས་བྱ་བ་ལ། ཁ་དོག་གི་གཟུགས་ནི་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ། །དབྱིབས་ཀྱི་གཟུགས་ནི་རྣམ་པ་བརྒྱད་དེ་ཐུང་ངུ་དང་། རིང་པོ་དང་། ལྷམ་པ་དང་། གྲུ་བཞི་དང་། མཉམ་པ་དང་། མི་མཉམ་པ་དང་། མཐོན་པོ་དང་། དམའ་བའི་བྱེ་བྲག་གིས་སོ། །བསགས་པ་ནི་རྡུལ་ཕྲ་རབ་ལ་སོགས་པ་དག་གིས་བསགས་པའོ། །ཕྲ་བ་ནི་སྲོ་མ་དང་ཡུངས་ཀར་ལ་སོགས་པའོ། །རགས་པ་ནི་རི་ལ་སོགས་པའོ། །དེ་བཞིན་དུ་ཐག་རིང་བ་དང་ཉེ་བ་དང་། ལྷ་དང་། མི་ དང་། ངན་པ་དང་། བཟང་པོ་ལ་སོགས་པའི་བྱེ་བྲག་གི་དབྱེ་བས་རྡུལ་ཕྲན་གྱི་གཟུགས་ཀྱི་མཚན་ཉིད་ཇི་སྙེད་གཞན་དག་གིས་རྣམ་པར་བརྟགས་པ་རྣམས། ཇི་ལྟར་རིགས་པའི་སྦྱོར་བ་ཡིས། །བཀག་པར་ཁོང་དུ་ཆུད་པར་བྱ། །ཞེས་བྱ་བར་སྦྱར་ཏེ། ཇི་ལྟར་ཞེ་ན། དེ་བཞིན་གཟུགས་ནི་ཁ་དོག་ མིན། །འབྱུང་ཕྱིར་མེ་ལ་སོགས་པ་བཞིན། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །ཡང་ན་སེམས་བཞིན་ཤེས་པར་བྱ། །ཞེས་ཇི་ལྟར་རིགས་པའི་སྦྱོར་བས་བཀག་པ་ཁོང་དུ་ཆུད་པར་བྱའོ། །སྒྲ་དང་དྲི་དང་རོ་དང་རེག །དགག་པའི་ཚུལ་ཡང་དེ་ཡིན་ནོ། །ཞེས་བྱ་བ་ལ་སྒྲ་ནི་རྣམ་པ་གསུམ་སྟེ། 98-66b ཟིན་པ་དང་། མ་ཟིན་པ་དང་གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དྲི་ཡང་རྣམ་པ་གསུམ་སྟེ། དྲི་ཞིམ་པ་དང་། དྲི་མི་ཞིམ་པ་དང་། དྲི་མི་མཉམ་པའི་བྱེ་བྲག་ལས་སོ། །རོ་ནི་རྣམ་པ་དྲུག་སྟེ། མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། ལན་ཚྭ་དང་། ཚ་བ་དང་། བསྐ་བ་ཞེས་བྱ་བའོ། །རེག་ པ་ནི་རྣམ་པ་བཅུ་གཅིག་སྟེ། ལྕི་བ་དང་། ཡང་བ་དང་། གྲང་བ་དང་། འཇམ་པ་དང་། རྩུབ་པ་དང་། བཀྲེས་པ་དང་། སྐོམ་པ་དང་། འབྱུང་བ་ཆེན་པོ་བཞི་པོ་དག་གི་བྱེ་བྲག་ལས་སོ། །དེ་དག་དགག་པའི་ཚུལ་ཡང་དེ་ཡིན་ཏེ། ཇི་ལྟར་ཞེ་ན། གང་ཕྱིར་སྒྲ་ནི་དོན་དམ་དུ། །རྣ་བའི་དབང་པོའི་གཟུང་ བ་མིན། །བསགས་ཕྱིར་དཔེར་ན་གཟུགས་བཞིན་དང་། །འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། །ཞེས་ཇི་ལྟར་རིགས་པའི་སྦྱོར་བ་དེས་བཀག་པར་ཁོང་དུ་ཆུད་པར་བྱའོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཞི་པ། འདིར་སྨྲས་པ། གཟུགས་ནི་མིག་གི་ཡུལ་ཁོ་ན་ཡིན་ ཏེ། བྱེད་པ་པོ་དང་ལས་ཀྱི་ཐ་སྙད་ཡོད་པའི་ཕྱིར་དཔེར་ན་རལ་གྲིས་བཅད་པ་གཅོད་པ་བཞིན་ནོ། །མིག་ལ་ཡང་བྱེད་པ་པོའི་ཐ་སྙད་ཡོད་དེ། མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་ཟེར་བའི་ཕྱིར་རོ། །དེའི་བལྟ་བར་བྱ་བ་གཟུགས་ནི་ལས་ཡིན་ནོ། །དེའི་ཕྱིར་གཟུགས་ནི་མིག་གིས་བལྟ་བར་བྱ་བ་ ཁོ་ན་ཡིན་པས་དེ་ཡང་ཡོད་པ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་མིག་བྱེད་པ་པོ་ཉིད་ཡིན་པར་འཐད་ན་ནི་གཟུགས་ཀྱང་ལས་ཡིན་པར་འགྱུར་གྲང་ན། །དེ་ནི་མི་འཐད་དོ། །ཇི་ལྟར་མི་མ་ཐད་ཅེ་ན། མིག་གི་དབང་པོ་དོན་དམ་དུ། །གཟུགས་ལ་བལྟ་བ་མ་ཡིན་ཏེ། །སེམས་དང་སེམས་བྱུང་ལས་གཞན་ཕྱིར། །དཔེར་ན་རི་ཡི་དབང་པོ་བཞིན། །ཞེས་བྱ་བ་སྨྲས་ཏེ། དོན་ཇི་ལྟ་བུ་ཞེ་ན། གལ་ཏེ་མིག་དེ་ལ་བལྟ་བའི་མཐུ་ཡོད་པར་གྱུར་ན་ནི་གཉིད་ལོག་པ་དང་མྱོས་པ་དང་ཤི་བ་ལ་སོགས་པའི་གནས་སྐབས་དག་དང་། མུན་ཁུང་དང་དུས་ཐམས་ཅད་དུ་ཡང་ཐམས་ཅད་མཐོང་བར་འགྱུར་རོ། །གལ་ཏེ་མི་མཐོང་ན་ནི་དེ་ལ་བལྟ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཚད་མ་རྣམ་པར་བཞག་གོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་ངོ་ཞེ་ན་ནི། དམུས་ལོང་གིས་ཀྱང་གཟུགས་མཐོང་བར་ཐལ་བར་འགྱུར་རོ། །གལ་ཏེ་མིག་མ་ཉམས་པས་ཡིད་ཀྱིས་མཐོང་ངོ་ཞེ་ན་ནི་དེ་ལྟ་ན་མིག་བྱེད་པ་པོ་ཉིད་མ་ཡིན་པར་འགྱུར་རོ། །གལ་ཏེ་ 98-67a རྣམ་པར་ཤེས་པ་དང་བཅས་པའི་མིག་གིས་མཐོང་ངོ་ཞེ་ན་དེ་ནི་ཀུན་རྫོབ་ཏུ་ཀུན་ཀྱང་འདོད་པ་ཁོ་ན་ཡིན་ཏེ། དེ་ལ་ཡང་མིག་འབའ་ཞིག་བྱེད་པ་པོ་མ་ཡིན་གྱི། མཐོང་བ་ནི་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ཚོགས་པ་ལ་རག་ལུས་པའི་ཕྱིར། དེས་ན་མིག་འབའ་ཞིག་ བྱེད་པ་པོ་ཉིད་ཡིན་པར་བསྟན་དཀའོ། །དེ་ལྟར་བྱེད་པ་པོ་མེད་པའི་ཕྱིར་ལས་ཀྱང་ག་ལ་ཡོད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གང་དག་ཚོགས་པ་ལས་བལྟ་བའི་བྱ་བ་སྐྱེ་བས་དེ་དག་ཐམས་ཅད་ལ་བལྟ་བའི་ནུས་པ་ཡོད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་བལྟ་བའི་བྱ་བ་སྐྱེས་པའི་མིག་གིས་ མཐོང་ངོ་ཞེས་བྱ་བ་དེ་ལྟར་འདོད་པ་དེ་དག་གི་ཕྱིར་རབ་ཏུ་བཤད་པ། ཡང་ན་མིག་ནི་དོན་དམ་དུ། །གཟུགས་ལ་བལྟ་བ་མ་ཡིན་ཏེ། །རྣམ་ཤེས་དངོས་མེད་མི་སྐྱེའི་ཕྱིར། །པགས་པ་དག་ལ་སོགས་པ་བཞིན། །ཞེས་བྱ་བའི་ཚིག་གི་དོན་ནི་གང་གི་ཕྱིར་རྣམ་པར་ཤེས་པ་མེད་པར་བལྟ་བའི་བྱ་བ། མི་སྐྱེ་ བའི་ཕྱིར་མིག་གིས་ཀྱང་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་མངོན་པ་ལས་མིག་གི་དབང་པོ་ནི་གོ་སྙོད་ཀྱི་མེ་ཏོག་ལྟ་བུའམ་ཞོ་ག་ཆུ་ལྟ་བུ་ཡུལ་ཁ་དོག་གཟུགས་དང་བའོ་ཞེས་དེའི་མཚན་ཉིད་བསྟན་པ་དེ་ནི་ཁོ་བོ་ཅག་ཀྱང་ཀུན་རྫོབ་ཏུ་འདོད་དོ། །དོན་དམ་པར་ནི་མིག་གི་དབང་པོ་ཡུལ་གྱི་ཁ་དོག་གཟུགས་དང་བ་མ་ཡིན་ཏེ། བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་དཔེ་ཡང་པགས་པ་དག་ལ་སོགས་པ་བཞིན་ནོ། །དེའི་ཡུལ་ཁ་དོག་དགག་པ་བྱེད་པ་ནི། མིག་ནི་གཟུགས་ཀྱི་ཡུལ་ཅན་མིན། །རང་གི་གཟུགས་ལ་མི་འཛིན་ཕྱིར། །ཉན་ལ་སོགས་པའི་དབང་པོ་དང་། །གཟུགས་ཅན་ཡིན་ཕྱིར་རོ་སོགས་བཞིན། །ཞེས་བྱ་བ་ཡིན་ཏེ། མིག་ནི་གཟུགས་ཀྱི་ཡུལ་ཅན་མིན། །ཞེས་བྱ་བ་ནི་གང་ལ་ཡུལ་གཟུགས་ཡོད་པ་དེ་ནི་གཟུགས་ཀྱི་ཡུལ་ཅན་ཞེས་བྱ་སྟེ། མིག་ནི་གཟུགས་ཀྱི་ཡུལ་ཅན་མ་ཡིན་ཏེ། རང་གི་གཟུགས་ལ་མི་འཛིན་པའི་ཕྱིར་རྣ་བའི་དབང་པོ་ལ་སོགས་པ་བཞིན་ནམ། །གཟུགས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །གཟུགས་ནི་རེ་ཞིག་རང་གི་གཟུགས་དང་གཞན་གྱི་གཟུགས་ཞེས་བྱ་བ་དེ་ཙམ་དུ་ཟད་དེ། དེ་ལ་རེ་ཞིག་མིག་དེས་རང་གི་གཟུགས་མི་མཐོང་བ་ནི་གྲགས་པ་ཉིད་ཡིན་ནོ། །གཞན་གྱི་གཟུགས་ཀྱང་རི་དང་ར་བ་ལ་སོགས་པས་བསྒྲིབས་པ་ཚུ་རོལ་ 98-67b ལམ། དབུས་སམ་ཕ་རོལ་གྱི་ཆས་བཅད་པའི་ཕྱོགས་གཅིག་གྲོང་ཁྱེར་ལ་སོགས་པ་མཐོང་བ་བཞིན་དུ་མཐོང་བ་ནི་འདིས་མཐོང་ངོ་ཞེས་ཉེ་བར་འདོགས་པ་ཙམ་དུ་ཟད་དེ། ཉེ་བར་འདོགས་པ་ཙམ་གྱི་མཐོང་བ་ནི་དོན་དམ་པར་དཔྱད་པ་ལ་ཚད་མར་མི་རུང་ངོ་། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། མིག་ནི་གཟུགས་ལ་མི་ལྟ་ཞིང་། །ཡིད་ཀྱིས་ཆོས་ཉིད་མི་རྟོགས་ཏེ། །གང་ལ་འཇིག་རྟེན་མི་འཇུག་པ། །དེ་ནི་དམ་པའི་བདེན་པའོ། །ཞེས་གསུངས་སོ། །འདིར་གྲངས་ཅན་དང་བྱེ་བྲག་པ་དག་གིས་སྨྲས་པ། འདིས་མཐོང་ངོ་ཞེས་ལྟ་བའི་བྱེད་པ་ལ་འདིས་ཞེས་བྱ་བར་བརྗོད་པས་ལྟ་བའི་བྱེད་པ་མིག་གིས་ལྟ་བ་པོས་མཐོང་སྟེ། དཔེར་ན་སྟ་རེས་གཅོད་དོ་ཞེས་བྱ་བ་ཡང་སྟ་རེ་འབའ་ཞིག་གིས་གཅོད་པར་མི་བྱེད་དེ། འོ་ན་ཇི་ལྟ་བུ་ཞེ་ན། བྱེད་པ་སྟ་རེས་བཅད་པ་པོ་མི་གཅོད་པ་ཤིང་གཅོད་པ་དེ་བཞིན་དུ་མི་འབའ་ཞིག་གིས་མཐོང་བ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། བྱེད་པ་མིག་གིས་ལྟ་བ་པོ་མིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེ་ན། དེ་དག་གི་ཕྱིར་བཤད་པ། དེ་བཞིན་ལྟ་པོ་མིག་མེད་པ། །དཔེ་ཡང་མེད་པས་མཐོང་མ་ཡིན། །ཞེས་བྱ་བ་ནི་མིག་གིས་མཐོང་བ་བཀག་པ་དེ་བཞིན་དུ་ལྟ་བ་པོས་མཐོང་བ་ཡང་དགག་པར་བྱ་སྟེ། ཇི་ལྟར་ཞེ་ན། འདི་ན་གཟུགས་མཐོང་བ་ལས་རྗེས་སུ་དཔགས་ནས་ལྟ་བ་པོ་ཞེས་བྱ་ན། གཟུགས་མཐོང་བ་དེ་ཡང་མིག་དང་། གཟུགས་དང་། ནམ་མཁའ་དང་། སྣང་བ་དང་། ཡིད་ལ་བྱེད་པ་དག་ཚོགས་ན་ཡོད་པར་འགྱུར་བ་ཡིན་པས། དེའི་ཕྱིར་ལྷས་བྱིན་ཞེས་བྱ་བ་ལྟ་བུ་ཚོགས་པ་ཉིད་ལ་ལྟ་བ་པོ་ཞེས་བྱ་བར་རིགས་ཀྱི་གཞན་མིག་མེད་པ་བུམ་པ་ལ་སོགས་པ་ལྟ་བུ། དཔེར་ན་མིག་ཀྱང་མཐོང་ངོ་ཞེས་བྱ་བའི་དཔེ་ཡང་མེད་པས་མཐོང་བར་མི་རིགས་སོ། །ལྟ་བ་པོ་མིག་མེད་པ་དེ་ཡང་ལྟ་བ་པོའི་ངོ་བོ་ཉིད་གཅིག་ཡིན་ཏེ། དཔེར་ན་གྲངས་ཅན་དག་ན་རེ། ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་དེ། ཡོངས་སུ་ལྟ་བར་བྱེད་པ་པོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་ཞིག་གམ། འོན་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞིག་ཡིན་ཏེ། དཔེར་ན་བྱེ་བྲག་པ་དག་ན་རེ། ཤེས་པ་ཡོད་པ་ཉིད་ནི་ཡིད་ཙམ་དུ་ཟད་ལ། སྐྱེས་བུ་ནི་ནམ་མཁའ་དང་འདྲ་བར་ཐམས་ཅད་དུ་སོང་བ་སེམས་པ་མེད་པ་ཡིན་ཏེ། དེ་ཡིད་དང་ཕྲད་པས་ལྟ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུ་ཞིག་ཡིན་གྲང་ན། དེ་ལྟ་གལ་ཏེ་ལྟ་བ་ 98-68a པོའི་ངོ་བོ་ཉིད་ཡིན་ན་ནི་ངོ་བོ་ཉིད་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར། མིག་མེད་པར་ཡང་དེས་ལྟ་ནུས་པར་འགྱུར་བའི་རིགས་སོ། །ཅི་སྟེ་སྟ་རེ་མེད་པའི་གཅོད་པ་པོས་གཅོད་པ་ཉིད་དུ་མི་འགྲུབ་ཀྱི། སྟ་རེ་དང་མ་བྲལ་བར་གཅོད་པས་གཅོད་པ་པོ་ཉིད་དུ་འགྲུབ་པ་བཞིན་དུ་བལྟ་བ་དང་མ་བྲལ་ བར་བལྟ་བའི་ལྟ་བ་པོས་མཐོང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་བཤད་པ་བྱེད་པ་དང་མ་ཕྲད་པའི་སྔ་རོལ་དང་། བྱེད་པ་དང་བྲལ་བའི་འོག་རོལ་ན་ལྟ་བ་མེད་པས། ལྟ་བའི་ངོ་བོ་ཉིད་ཡིན་པས། །ཇི་ལྟར་གཟུགས་ལ་བལྟ་བར་རིགས། །ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ལ་ནི་ལྟ་བའི་ནུས་པ་མེད་པའི་ ཕྱིར། དམུས་ལོང་ལ་ལྟ་བ་མེད་པ་ལྟ་བུ་ཡིན་པས། ལྟ་བའི་ངོ་བོ་ཉིད་མིན་པས། །ཇི་ལྟར་གཟུགས་ལ་བལྟ་བར་རིགས། །གཞན་ཡང་ཇི་ལྟར་ལྟ་བ་པོ་གང་ཡིན་པ་དེ་ཉིད་ཉན་པ་པོ་དང་། སྣོམ་པ་པོ་དང་། མྱོང་བ་པོ་དང་། རེག་པ་པོ་དང་། ཤེས་པ་པོ་ཡང་ཡིན་ནམ་འོན་ཏེ་ཐ་དད་པ་ ཡིན། དེ་ལ་གལ་ཏེ་ཐ་དད་པ་ཡིན་ན་ནི་བདག་མང་པོ་ཉིད་དུ་འགྱུར་ཏེ། དེ་ནི་གཅིག་ཏུ་ཟད་དེ། འོན་ཏེ་དེ་ཉིད། གལ་ཏེ་ལྟ་པོ་ཉན་པོ་ན། །ཅི་ཕྱིར་དེ་ནི་ཉན་པར་འགྱུར། །གལ་ཏེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་དེ་རང་གི་ངོ་བོ་ཉིད་བྲལ་ནས། ངོ་བོ་ཉིད་གཞན་འབྱུང་བར་འགྱུར་ཏེ། དེས་ན་ངོ་བོ་ ཉིད་དང་བྲལ་བར་འགྱུར་རོ། །སྐྱོན་འདི་ཡང་ཡོད་དེ། དེ་ཤེས་ཉིད་དང་རྟག་མི་འདོད། །བསྒྱུར་རུང་ཁྱད་པར་ཡིན་པའི་ཕྱིར། །གཅིག་ཉིད་མ་ཡིན་ཚུལ་གཉིས་ཕྱིར། །ལུས་གཞན་དག་གིས་གཟུགས་བཞིན་ནོ། །ཞེས་བྱ་བ་ནི་བདག་ལྟ་བ་པོ་ཉན་པ་པོར་ཡང་འགྱུར་བ་དེ་ལྟ་བ་པོའི་ཤེས་པ་དེ་ཉིད་ཀྱང་ མ་ཡིན་ལ། རྟག་པ་ཉིད་ཀྱང་ཡིན་པར་མི་འདོད་དེ། བསྒྱུར་དུ་རུང་བའི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །བསྒྱུར་དུ་རུང་བའི་ཁྱད་པར་ཞེས་བྱ་བ་ནི་དེ་བལྟ་བ་དང་ཉན་པ་ལ་སོགས་པ་དག་གི་ཁྱད་པར་དུ་བསྒྱུར་བར་ནུས་པའོ། །གང་རང་བཞིན་གཞན་དུ་བསྒྱུར་བར་ནུས་པ་དེའི་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ལ་རྟག་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་རྟག་པ་ནི་མི་འགྱུར་བའི་རང་བཞིན་དང་ངོ་བོ་ཉིད་དང་མི་འབྲལ་བ་ཡིན་པའི་རིགས་ན། དེ་སྔར་ལྟ་བ་པོར་གྱུར་ནས་གང་གི་ཚེ་ཉན་པ་པོར་འགྱུར་བ་དེའི་ཚེ། རང་བཞིན་འགྱུར་བ་དང་ངོ་བོ་ཉིད་བྲལ་བར་སྣང་ངོ་། །བདག་གི་ངོ་བོ་ཉིད་ནི་གཅིག་པ་ 98-68b ཉིད་དུ་ཐ་སྙད་གདགས་པ་ཡིན་ན་དེ་ནི་གཅིག་པ་ཉིད་མ་ཡིན་ཏེ། ཚུལ་གཉིས་སུ་གྱུར་པའི་ཕྱིར་ལུས་གཞན་དག་གི་གཟུགས་བཞིན་ནོ། །དེའི་ཕྱིར་དེ་ནི་ཤེས་པ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ལ། རྟག་པ་ཡང་མ་ཡིན་གཅིག་པ་ཉིད་ཀྱང་མ་ཡིན་པས་ངོ་བོ་ཉིད་མེད་པ་ཁོ་ནར་འགྱུར་རོ། །དེ་བཞིན་ མིག་གི་དབང་པོ་ནི། །གཟུགས་ལ་དམིགས་པའི་བྱེད་མི་འདོད། །ཡིད་བྲལ་ཉིད་ན་ལྟ་པོ་ལས། །གཞན་ཕྱིར་ཉན་ལ་སོགས་པ་བཞིན། །ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་དེ་དབང་པོའི་ཚོགས་རྣམས་ལས་གཞན་མ་ཡིན་ན་ནི་རང་གི་མཚན་ཉིད་ལ་བྱེད་པ་ཉིད་མི་སྲིད་དོ། །འོན་ཏེ་གཞན་ཡིན་ན་ནི་གཞན་ ཉིད་དུ་འདྲ་བས་ཇི་ལྟར་རྣ་བ་གཟུགས་ལ་དམིགས་པའི་བྱེད་པ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་བྱེད་པ་ཉིད་མ་ཡིན་ནོ། །ཡིད་དང་མ་བྲལ་བའི་དབང་པོ་ནི་ལྟ་བ་ཡིན་པར་གྲུབ་པའི་མཐའ་ཐམས་ཅད་ལ་ཡང་གྲགས་པས། དེའི་ཕྱིར་ཡིད་དང་བྲལ་བ་ཉིད་ཡིན་ན་མིག་དེ་ལྟ་བ་པོ་ལས་གཞན་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱིས་ཁྱད་པར་སྨོས་སོ། །གྲངས་ཅན་དག་གིས་སྨྲས་པ། ཁོ་བོ་ཅག་གི་གྲུབ་པའི་མཐའ་ནི་འདི་ཡིན་ཏེ། དབང་པོ་ནི་ཡུལ་དང་ཕྲད་པར་བྱེད་དོ། །དབང་པོ་དང་ཕྲད་པའི་ཡུལ་ལ་ཡིད་ཀྱིས་རྗེས་སུ་གཅོད་པར་བྱེད་དོ། །ཡིད་ཀྱིས་བཅད་པ་ལ་ང་རྒྱལ་གྱིས་རློམ་པར་བྱེད་དོ། །ང་རྒྱལ་ གྱིས་རློམ་པ་ལ་བློས་སེམས་པར་བྱེད་དོ། །བློས་བསམས་པའི་ཡུལ་དེ་སྐྱེས་བུ་ལ་སྣང་བར་འགྱུར་ཏེ། དཔེར་ན་ཆུ་རྙོག་པ་མེད་པ་ཉེ་བར་གནས་པ་ཙམ་གྱིས་ཕན་འདོགས་པར་གནས་པའི་ནང་དུ་ཟླ་བའི་གཟུགས་ཀྱི་གཟུགས་བརྙན་ཤར་བ་ལ་བལྟ་བ་ལ་སོགས་པའི་ཐ་སྙད་དུ་བརྗོད་པ་ཡོད་པ་དེ་བཞིན་དུ་སྐྱེས་བུའི་རྫས་ངེས་པར་གནས་པ་ཉིད་ལ་ཆོས་གཞན་འབྱུང་བ་དང་། ཆོས་གཞན་འགག་པ་ན་སྐྱེས་བུའི་ངོ་བོ་ཉིད་ཉམས་པར་ཡང་མི་འགྱུར་ལ། རང་བཞིན་དང་བྲལ་བར་ཡང་མི་འགྱུར་བས་དེའི་ཕྱིར་སྐྱེས་བུ་ནི་མི་རྟག་པ་ཡང་མ་ཡིན་ལ། ངོ་བོ་ཉིད་མེད་པ་ཡང་མ་ཡིན། དུ་མ་ཡང་མ་ཡིན་ཞིང་བྱེད་པ་མ་ཡིན་པ་ཡང་མ་ཡིན་ནོ་ཞེ་ན། འདིར་བཤད་པ། དེ་ནི་ལྟ་པོ་ཉིད་མི་རིགས། །མིག་ལ་སོགས་པ་ལྟོས་པའི་ཕྱིར། །ཡིད་བཞིན་ཡོངས་སུ་འགྱུར་ཕྱིར་དང་། །དེ་བཞིན་གཟུགས་བརྙན་འཆར་ཕྱིར་རོ། །ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་པར་གྱུར་ན། བྱེད་པོའི་ཚོགས་དག་ལ་མི་ལྟོས་པ་ཁོ་ 98-69a ནར་རིགས་སོ། །དེ་མི་རྟག་པ་ཡང་ཡིན་ཏེ། ཡོངས་སུ་འགྱུར་བའི་ཕྱིར་འོ་མ་ལ་སོགས་པ་བཞིན་ནོ། །དེ་ལྟ་པོ་ཉིད་ཡིན་པར་མི་རིགས་ཏེ། གཟུགས་བརྙན་འཆར་བའི་ཕྱིར་བཞིན་གྱི་གཟུགས་བརྙན་འཆར་བའི་ཆུ་བཞིན་ནོ། །ཡིད་ཇི་ལྟ་བ་བཞིན་དུ་ལྟ་བ་ཡང་འདོད་ན། དེ་ཡང་ མི་རིགས་ཏེ། གང་གི་ཕྱིར་མིག་ལ་སོགས་པས་མ་མཐོང་བའི་ཡུལ་ལ་ཡིད་ཀྱིས་ཀྱང་མི་འཛིན་པས་དེའི་ཕྱིར་རེ་ཞིག་ཡིད་ཉིད་ཀྱང་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ན། དེ་དང་འདྲ་བར་བདག་ལྟ་བ་པོར་འགྱུར་བ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་བཤད་པ། ལྟ་པོ་ཇི་ལྟར་ཡིད་དང་འདྲ། །དབང་པོ་གཞན་གྱིས་ མི་མཐོང་ཕྱིར། །ཞེས་བྱ་བ་ལ་དབང་པོ་ནི་དབང་པོ་རྣམས་སོ། །གཞན་ཞེས་བྱ་བ་ནི་དབང་པོ་གཞན་ལས་གཞན་པའི་དབང་པོ་གཞན་གྱིས་སོ། །དོན་ལྷག་མ་ནི་སྨྲས་པར་ཟད་དོ། །གཞན་ཡང་། ཡིད་ནི་ཡང་དག་ཉིད་དུ་ན། །ལྟ་བར་མི་འདོད་བདག་བཞིན་ནོ། །ཞེས་བྱ་བ་ནི་བདག་ལྟ་བ་མ་ཡིན་པར་བཀག་པ་བཞིན་དུ་ཡིད་ཀྱང་ལྟ་བ་མ་ཡིན་པར་དགག་པ་སྟེ། ཇི་ལྟར་ཞེ་ན། འདི་ལ་ཡིད་ཀྱང་ལྟ་བ་པོའི་ངོ་བོ་ཉིད་དམ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ནི་མིག་མེད་པ་ལ་ཡང་ལྟ་བ་ཡོད་པར་འགྱུར་རོ། །གལ་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་ ཡིན་ན་ནི་དེ་ལ་ནམ་ཡང་ལྟ་བ་ཡོད་པར་མི་འགྱུར་རོ། །ཇི་སྟེ་མིག་དང་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། ཡིད་ལ་བྱེད་པ་ཚོགས་པའི་དབང་གིས་ཡིད་ལྟ་བར་བྱེད་དོ་ཞེ་ན། བཤད་པ། དེ་ནི་ལྟ་མིན་ཚོགས་པ་དག །རྫས་སུ་མེད་ཕྱིར་དེ་ཉིད་བཞིན། །ཞེས་བྱ་བ་ནི་ཡིད་དེ་ནི་ལྟ་བ་མ་ ཡིན་ཏེ། ཚོགས་པ་དག་རྫས་སུ་མེད་པའི་ཕྱིར་ནགས་ཚལ་ལ་སོགས་པ་ཚོགས་པ་དེ་ཉིད་བཞིན་ནོ་ཞེས་སྟོན་ཏེ། གལ་ཏེ་ཡིད་མིག་ལ་སོགས་པ་ལ་མི་ལྟོས་པ་འབའ་ཞིག་ལ་ལྟ་བ་ཡིན་པར་གྱུར་ན་ནི་དོན་དམ་པ་པ་ཡིན་པ་ཞིག་ན་གང་གི་ཕྱིར་ཚོགས་པ་དག་མེད་པར་ཡིད་ལ་ལྟ་བ་མེད་པ་དེའི་ཕྱིར་ཉེ་ བར་གདགས་པ་མ་གཏོགས་པར་གང་ཡང་རུང་བ་ཅིག་ལ་ལྟ་བ་ཡོད་པར་ཐ་སྙད་གདགས་པར་མི་ནུས་སོ། །ཚོགས་པ་དག་ཀྱང་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ནགས་ཚལ་ལ་སོགས་པ་བཞིན་པས་དེའི་ཕྱིར་ཡིད་དང་འདྲ་བར་བདག་ལྟ་བ་ཡིན་པར་མི་རིགས། གལ་ཏེ་བདག་མེད་ན་གང་གིས་ 98-69b མཐོང་ཞེ་ན། ཁོ་བོ་ཅག་ནི་ཐ་སྙད་དུ་ནི་སེམས་ཉིད་ཀྱིས་མཐོང་བར་འདོད་དོ། །གལ་ཏེ་སེམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེ་ན། བཤད་པ། བྱེད་པོ་ཉིད་རུང་ཆོས་གཞན་དག །མངོན་པར་འགྲུབ་ཕྱིར་དྲིལ་བུ་བཞིན། །ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་གྱིས་ ཡོངས་སུ་བརྟགས་པའི་བདག་མེད་དུ་ཟིན་ཀྱང་། སེམས་སྐད་ཅིག་མ་ཉིད་ཐ་སྙད་དུ་བྱེད་པ་པོ་ཉིད་དུ་རུང་སྟེ། ནང་དང་ཕྱི་རོལ་གྱི་འདུ་བྱེད་བདག་མེད་པ་དག་ལ་རྒྱུ་དང་རྐྱེན་སོ་སོར་ངེས་པར་ཚོགས་པའི་དབང་གིས་ཆོས་གཞན་དག་མངོན་པར་འགྲུབ་པའི་ཕྱིར་དཔེར་ན་དྲིལ་བུ་སྒྲ་འབྱིན་པ་དང་། མར་མེ་དང་བར་བྱེད་པ་དང་། ཆུ་འབབ་པར་བྱེད་པ་དེ་བཞིན་དུ་སྟེ། དེའི་ཕྱིར་ཁོ་བོ་ཅག་ནི་ཚོགས་པ་ལས་ཐ་སྙད་དུ་ལྟ་བ་ཁས་ལེན་གྱི་དོན་དམ་པར་ནི་དེ་གང་ལ་ཡང་མི་གནས་ཏེ། ཇི་སྐད་དུ། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་མི་གནས་ཏེ། །གང་དུ་དེ་ནི་གནས་འགྱུར་བ། ། དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཁ་ཅིག་མིག་གི་འོད་ཟེར་ཡུལ་གྱི་ཕྱོགས་སུ་སོང་ནས་འཛིན་པར་བྱེད་དོ་སྙམ་དུ་སེམས་པ་དེ་དགག་པའི་ཕྱིར་བཤད་པ། མིག་ནི་འོད་ཟེར་ལྡན་མི་རིགས། །དབང་པོ་ཡིན་ཕྱིར་དབང་གཞན་བཞིན། །ཞེས་བྱ་བ་ ནི་མིག་ནི་འོད་ཟེར་དང་ལྡན་པར་མི་རིགས་ཏེ། དབང་པོ་ཡིན་པའི་ཕྱིར་དབང་པོ་གཞན་བཞིན་ཏེ། ཇི་ལྟར་རྣ་བས་ཀྱང་སྒྲ་ཐག་རིང་པོ་ན་འདུག་པ་ཐོས་ལ། ཡིད་ཀྱིས་ཀྱང་ཡུལ་དཔག་ཚད་སྟོང་གིས་བསྐལ་པ་དག་ཀྱང་ཤེས་མོད་ཀྱི། དེ་དག་འོད་ཟེར་དང་ལྡན་པ་མ་ཡིན་པ་དེ་བཞིན་དུ་མིག་ ཀྱང་དེ་དང་འདྲ་བས་དེ་འོད་ཟེར་དང་ལྡན་པར་མི་རིགས་སོ། །གལ་ཏེ་དེ་ལྟར་མིག་གི་དབང་པོ་འོད་ཟེར་དང་ལྡན་པ་མ་ཡིན་ན་འོ་ན་ཇི་ལྟར་བྱི་ལ་དང་འུག་པ་དག་མུན་ཁྲོད་ན་མིག་དག་ལས་སྒྲོན་མ་ལྟར་འབར་བ་འབྱུང་བར་སྣང་ཞེ་ན། དེའི་ཕྱིར་བཤད་པ། མཚན་མོ་རྒྱུ་བའི་མིག་འབྲས་སྣང་། །དབང་ པོ་སྣང་བ་མ་ཡིན་ནོ། །ཞེས་བྱ་བ་ནི་མུན་ཁྲོད་ན་མཚན་མོ་རྒྱུ་བ་རྣམས་ཀྱི་མིག་གི་འབྲས་བུ་སྣང་བར་ཟད་ཀྱི་དབང་པོ་ནི་མི་སྣང་སྟེ། དེ་ནི་བསྟན་དུ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་རྟོག་པ་དེ་ཡང་བཟང་པོ་མ་ཡིན་ནོ། །དེ་བཞིན་དུ། མིག་ནི་བདེ་སོགས་བདག་ཉིད་མིན། །དངོས་པོ་ཡིན་ 98-70a ཕྱིར་སྐྱེས་བུ་བཞིན། །ཞེས་བྱ་བ་ནི་གྲངས་ཅན་དག་མིག་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཡིན་ཏེ། འདི་ལྟར་ཡུལ་ཡིད་དུ་འོང་བ་མཐོང་ན་བདེ་བ་སྐྱེ་ལ། དེ་ལས་བཟློག་པ་དག་ལ་སྡུག་བསྔལ་དང་གཏི་མུག་སྐྱེའོ་ཞེས་ཟེར་བས་དེ་དགག་པའི་ཕྱིར་ འདི་བཤད་དེ། མིག་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་གི་བདག་ཉིད་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་སྐྱེས་བུ་བཞིན་ཏེ། ཇི་ལྟར་ཞེ་ན་མིག་དེ་ཡོད་པའམ་མེད་པའམ། རྟག་པའམ་མི་རྟག་པའམ། གང་ཡིན་ཡང་རུང་སྟེ། ཡོན་ཏན་གསུམ་གྱི་བདག་ཉིད་ མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་རྫས་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། སྐྱེས་བུ་བཞིན་ཏེ། འདི་ལྟར་དེ་དག་སྐྱེས་བུ་ནི་ཡོན་ཏན་མེད་པར་འདོད་པའི་ཕྱིར་རོ། །ཁ་ཅིག་མིག་ནི་ཐམས་ཅད་དུ་སོང་བ་ཡིན་ཏེ། བལྟ་བར་བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར་རོ་སྙམ་དུ་ སེམས་པ་དེ་དག་ལ་འདི་བརྗོད་པར་བྱ་སྟེ། མིག་ནི་ཀུན་ཏུ་སོང་མིན་ཏེ། །ཡོད་ཕྱིར་དེ་འབྲས་ལ་སོགས་བཞིན། །ཞེས་བྱ་བ་ནི་མིག་ནི་ཀུན་ཏུ་སོང་བ་མ་ཡིན་ཏེ། ཡོད་པའི་ཕྱིར་མིག་དེའི་འབྲས་བུ་ལ་སོགས་པ་བཞིན་ཏེ་རང་གི་གནས་བཞིན་ནོ། །དབང་པོ་ཡང་དེའི་ཁོངས་ན་འདུག་པས་ཐམས་ཅད་ དུ་སོང་བ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །ཡང་ན་མིག་ནི་ཀུན་འགྲོ་མིན། །གཞན་དོན་ཉིད་ཕྱིར་བུམ་པ་བཞིན། །ཞེས་བྱ་བ་ནི་ཡང་ན་མིག་ནི་ཀུན་ཏུ་འགྲོ་བ་མ་ཡིན་ཏེ། གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཏེ། གྲངས་ཅན་དག་གཞན་ཞེས་བྱ་བ་ནི་ཤེས་པའི་སྐྱེས་བུ་སྟེ། མིག་ལ་སོགས་པ་ནི་དེའི་དོན་གྱི་ཕྱིར་འདོད་དོ། །གཞན་གྱི་དོན་གྱི་དངོས་པོ་ནི་གཞན་གྱི་དོན་ཉིད་དོ། །དཔེར་ན་བུམ་པ་ནི་གཞན་དག་ལ་ཕན་པའི་དོན་གྱི་ཕྱིར་མངོན་པར་སྒྲུབ་པར་བྱེད་ཀྱང་དེ་ཐམས་ཅད་དུ་འགྲོ་བ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་སྐྱེས་བུའི་དོན་དུ་མངོན་པར་སྒྲུབ་པར་བྱེད་པ་ཐམས་ཅད་དུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་སློབ་དཔོན་གྱིས་བསམས་སོ། །ཡང་ན་མིག་ནི་ཀུན་འགྲོ་མིན། །གཟུགས་དམིགས་འགྱུར་བའི་རྒྱུ་ཡིན་ཕྱིར། །དཔེར་ན་གཟུགས་བཞིན་དེ་བཞིན་ནོ། །ཞེས་བྱ་བ་ནི་ཡང་ན་མིག་ནི་ཀུན་ཏུ་འགྲོ་བ་མ་ཡིན་ཏེ། གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་ 98-70b གཟུགས་བཞིན་ནོ། །ཇི་ལྟར་མིག་ནི་གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པ་དེ་བཞིན་དུ་གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པས། དཔེར་ན་གཟུགས་ནི་གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཀུན་ཏུ་འགྲོ་བ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་གཟུགས་དམིགས་པར་ འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཀུན་ཏུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་མིག་ནི་མེའི་རང་བཞིན་ཡིན་ཏེ། གསལ་བ་ཆེས་ཆེན་པོ་དག་གིས་ཟིལ་གྱིས་གནོན་པའི་ཕྱིར་མར་མེ་བཞིན་ནོ་ཞེས་ཟེར་བ་དེ་ཡང་བཟང་པོ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། མིག་ནི་མེ་དང་ལྡན་མ་ཡིན། ། དབང་པོ་ཡིན་ཕྱིར་ལྤགས་སོགས་བཞིན། །ཞེས་བྱ་བ་སྨྲས་སོ། །ཁ་ཅིག་མིག་ནི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཡིན་ཡང་མེའི་ཤས་ཆེ་བ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་ལ་ཡང་། འབྱུང་ཆེན་དང་སོགས་བདག་ཉིད་ནི། །མེ་ཤས་ཆེ་བ་མ་ཡིན་ནོ། །ཞེས་བྱ་བ་སྨྲས་ཏེ། མིག་འབྱུང་ བ་ཆེན་པོའི་རྒྱུ་ལས་བྱུང་བ་གཟུགས་དང་བ་ལ་སོགས་པའི་བདག་ཉིད་ཅན་ནི་མེ་ཤས་ཆེ་བ་མ་ཡིན་ཏེ། དབང་པོ་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་བསམས་སོ། །གྲངས་ཅན་དག་ཡིད་མ་གཏོགས་པའི་དབང་པོ་ལྔ་པོ་དག་ནི་ཡུལ་དང་ཕྲད་ནས་འཛིན་པར་འདོད་དེ། འདི་ལྟར་མིག་ལ་སོགས་པའི་འཇུག་པ་ནི་གནས་ནས་ཕྱི་རོལ་དུ་འཕོས་ནས་ཡུལ་འཛིན་པར་བྱེད་དོ་ཞེས་ཟེར་བ་དགག་པའི་ཕྱིར། མིག་ནི་ཡུལ་དང་ཕྲད་མ་ཡིན། །དབང་པོ་ཡིན་ཕྱིར་ཡིད་བཞིན་དང་། །རྒྱུན་ཕྱིར་རྒྱུ་དང་ལྡན་པའི་ཕྱིར། །ཡང་ན་གཟུགས་ལ་སོགས་པ་བཞིན། །ཞེས་བྱ་བར་ སྨྲས་སོ། །ཆོས་མངོན་པ་པ་དག་ན་རེ། མིག་དང་རྣ་བ་དང་ཡིད་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། འདི་ལྟར་མིག་དང་རྣ་བ་ནི་ཐག་རིང་པོས་བསྐལ་པའི་གཟུགས་དང་སྒྲ་ཡང་འཛིན་ལ་ཡིད་ཀྱང་འདས་པ་དང་མ་འོངས་པ་དང་ཐག་རིང་བ་དང་ཉེ་བའི་དོན་རྣམས་ལ་ཐོགས་པ་མེད་པར་འཛིན་ པའི་ཕྱིར་རོ། །སྣ་དང་ལྕེ་དང་ལུས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ནི་ཡུལ་ཕྲད་པ་ཁོ་ན་འཛིན་པར་བྱེད་དོ་ཞེས་ཟེར་བ་དེ་དག་གི་འདོད་པ་བསལ་བའི་ཕྱིར། སྣ་ཚོགས་ཡུལ་ཕྲད་འཛིན་མི་འདོད། །ཕྱི་དོན་མངོན་སུམ་འཛིན་ཕྱིར་དང་། །འདས་དང་མ་འོངས་མི་འཛིན་ཕྱིར། །དཔེར་ 98-71a ན་མིག་གི་དབང་པོ་བཞིན། །ཞེས་བྱ་བ་སྨྲས་ཏེ། སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་དང་ནི་ཡུལ་ཕྲད་པ་འཛིན་པར་མི་འདོད་དེ། ཕྱི་རོལ་གྱི་དོན་མངོན་སུམ་དུ་འཛིན་པའི་ཕྱིར་དང་། འདས་པ་དང་མ་འོངས་པ་མི་འཛིན་པའི་ཕྱིར་དཔེར་ན་མིག་གི་དབང་པོ་བཞིན་ཏེ། ཇི་ལྟར་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་དག་ནི་ཕྱི་རོལ་གྱི་དོན་མངོན་སུམ་དུ་གྱུར་པ་དག་འཛིན་པ་དང་། འདས་པ་དང་མ་འོངས་པ་དག་མི་འཛིན་པ་བཞིན་དུ་མིག་གི་དབང་པོ་ཡང་དེ་བཞིན་ཏེ། མིག་གི་དབང་པོ་ཇི་ལྟ་བ་བཞིན་དུ་དེ་དག་ཀྱང་ཡུལ་ཕྲད་པ་འཛིན་པ་མ་ཡིན་ནོ། །ལུས་ཀྱི་དབང་པོ་ལ་སོགས་པས་མ་ངེས་པའི་སྐྱོན་བསལ་བའི་ཕྱིར། །བསྒྲུབ་དང་འདྲ་བར་བཀག་པའི་ཕྱིར། །ལུས་ལ་སོགས་པས་མ་ངེས་མིན། །ཞེས་བྱ་བ་སྨྲས་སོ། །དེ་བཞིན་དུ། མིག་རྣ་ཡིད་ཀྱི་མཚན་ཉིད་གསུམ། །ཡུལ་དང་མ་ཕྲད་འཛིན་མ་ཡིན། །ཞེས་བྱ་བ་ནི་དབང་པོ་ཡིན་པའི་ཕྱིར་དང་། སེམས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་སྣ་ལ་སོགས་པ་བཞིན་ནོ། །ལྟ་བ་ཇི་ལྟར་རྒྱས་བཤད་པས། །ཉན་དང་སྣོམ་དང་མྱང་བ་དང་། །ལུས་ཀྱི་དབང་པོ་བསགས་པ་དག །ངེས་པར་ཁོང་དུ་ཆུད་པར་བྱ། །ཞེས་བྱ་བ་ནི་ཇི་ལྟར་ལྟ་བ་དང་ལྟ་བའི་བློ་དང་ལྟ་བའི་སྒྲ་དག་མིག་དང་ལྟ་བ་པོ་དང་ཡིད་ལ་ཡོད་པར་མི་རིགས་པ་དེ་བཞིན་དུ་ཉན་པ་ལ་སོགས་པ་དང་། དེ་དག་གི་བློ་དང་དེ་དག་གི་སྒྲ་ཡང་དེ་དག་གི་དབང་པོ་དང་། བདག་དང་ཡིད་ལ་ཡོད་པར་མི་རིགས་པར་དགག་པ་མཚུངས་པར་ཁོང་དུ་ཆུད་པར་བྱའོ། །སྒྲ་དང་དྲི་དང་རོ་དང་རེག །དགག་པའི་ཚུལ་ཡང་དེ་ཡིན་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་ཇི་ལྟར་གཟུགས་མིག་དང་ལྟ་བ་པོ་དང་ཡིད་ཀྱི་ཡུལ་ཡིན་པར་མི་རིགས་པ་དང་། གཟུགས་ཀྱི་བློ་དང་སྒྲ་ཡང་དེ་དག་ལ་ཡོད་པར་མི་རིགས་པ་དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་རྣ་བ་ལ་སོགས་པའི་དབང་པོ་དང་། བདག་དང་ཡིད་ཀྱི་ཡུལ་ཡིན་པར་མི་རིགས་པ་དང་། སྒྲ་ལ་སོགས་པའི་བློ་དང་སྒྲ་ཡང་དེ་དག་ལ་ཡོད་པར་མི་རིགས་པར་དགག་པ་མཚུངས་པར་མཁས་པས་ཕྱོགས་སུ་ལྷུང་བ་མེད་པའི་བློ་དག་གིས་ཅི་རིགས་པར་ཤེས་པར་བྱའོ། །དེ་ལྟར་རེ་ཞིག་གཟུགས་ཀྱི་ཕུང་པོ་བརྟགས་ནས་ཚོར་བའི་ཕུང་པོ་ཡང་བརྟག་པར་བྱ་སྟེ། ཚོར་བ་དོན་དམ་ཉིད་དུ་ན། །མྱོང་བའི་བདག་ཉིད་ཡིན་མི་རིགས། །རྣམ་ཤེས་མཚུངས་ 98-71b པར་ལྡན་པའི་ཕྱིར། །དེ་ལས་གཞན་པའི་སེམས་བྱུང་བཞིན། །ཞེས་བྱ་བ་ནི་ཕ་རོལ་པོ་དག་ཚོར་བའི་མཚན་ཉིད་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པའི་རེག་པ་མྱོང་བ་ཡིན་ལ། དེ་ཡང་མྱོང་བའི་བྱེ་བྲག་ལས་རྣམ་པ་གསུམ་དུ་འདོད་དོ། །ཚོར་བ་དེ་དོན་དམ་པ་ཉིད་དུ་ན་ མྱོང་བའི་བདག་ཉིད་ཡིན་པར་མི་རིགས་ཏེ། རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཕྱིར་དེ་ལས་གཞན་པའི་སེམས་ལས་བྱུང་བ་བཞིན་ནོ་ཞེས་བྱ་བར་ཚད་མ་ཉེ་བར་སྦྱར་རོ། །དེ་ནི་རིགས་པ་དང་མི་ལྡན་པ་མ་ཡིན་ཏེ། གང་གི་ཕྱིར་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པའི་གནས་སྐབས་ ཡང་རེ་ཞིག་བདེ་བ་དང་སྡུག་བསྔལ་དག་སྤངས་པ་ཡིན་ན། ཚོར་བ་ཐམས་ཅད་འགགས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ། ཏིང་ངེ་འཛིན་དེ་ནི་ཚོར་བ་ཚད་མེད་པ་དང་། རྣམ་པར་རིག་པའི་ས་བོན་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། ། ཚོར་བའི་ཁྱད་པར་དག་ཀྱང་དགག་པའི་ཕྱིར། བདེ་བ་ཕན་འདོགས་མི་འདོད་དེ། །རེག་ལས་བྱུང་ཕྱིར་དེ་གཞན་བཞིན། །སྡུག་བསྔལ་གནོད་པའི་བདག་ཉིད་མིན། །གཏན་ཚིགས་བསྟན་པས་ཤེས་པར་བྱ། །ཞེས་བྱ་བ་སྨྲས་ཏེ། བདེ་བ་ནི་ཕན་འདོགས་པའི་མཚན་ཉིད་ཡིན་ལ་སྡུག་བསྔལ་ནི་ གནོད་པའི་མཚན་ཉིད་ཡིན། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཉིད་ནི་གཉི་གའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་མ་ཡིན་ཏེ། རེག་པ་ལས་བྱུང་བའི་ཕྱིར་དེ་ལས་གཞན་པའི་ཚོར་བ་བཞིན་ཏེ། གང་གི་ཕྱིར་གཅིག་ཏུ་བདེ་བ་ཉིད་ནི་འགའ་ཡང་མེད་ལ། གཅིག་ཏུ་སྡུག་ བསྔལ་བ་ཉིད་ཀྱང་འགའ་ཡང་མེད་ཅིང་གཉི་གའི་བདག་ཉིད་ཀྱང་གང་ན་ཡང་མི་སྣང་བའི་ཕྱིར་རོ། །འོ་ན་སྲེད་པ་ཟད་པ་གཏན་དུ་བདེ་བ་མ་ཡིན་ནམ་ཞེ་ན། གནས་སྐབས་སུ་ནི་རྣམ་པར་རྟོག་པ་མེད་པ་མྱོང་བ་ཐམས་ཅད་དང་བྲལ་བ་ངོ་བོ་ཉིད་གང་གིས་ཀྱང་ཐ་སྙད་གདགས་པར་བྱ་བ་མ་ཡིན་ནོ། ། དེ་ལ་བདེ་བ་ཉེ་བར་གདགས་པ་ནི་འཁོར་བ་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་ཉེས་པ་མེད་དོ། །སྡུག་མིན་བདེ་མིན་མི་འདོད་དེ། །འབྲས་བུ་སྲེད་ཕྱིར་གཞན་བཞིན་ནོ། །ཞེས་བྱ་བའི་སྡུག་པ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡང་དེའི་ངོ་བོ་ཉིད་ཡིན་པར་མི་འདོད་དེ། དེའི་ 98-72a འབྲས་བུ་སྲེད་པ་ཡིན་པའི་ཕྱིར་དེའི་ལས་གཞན་བཞིན་ནོ་ཞེས་དཔེ་ཉེ་བར་བཞག་གོ། །གང་གི་འབྲས་བུ་སྲེད་པ་ཡིན་པ་དེ་ནི་འབྲས་བུ་སྲེད་པ་ཡོད་པ་ཡིན་ཏེ། ཚོར་བ་ཐམས་ཅད་ཀྱི་འབྲས་བུ་ནི་སྲེད་པ་ཡིན་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བའི་ཚུལ་གྱིས་སེམས་ ཡོད་པས་ཚོར་བ་དག་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ཕྱིར། རྣམ་ཤེས་ངོ་བོ་ཉིད་ཀྱང་ནི། །དགག་པ་སྨྲ་བར་འདོད་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། རྣམ་པར་ཤེས་པའི་ངོ་བོ་ཉིད་དགག་པར་ཡང་འོག་ནས་སྨྲ་བར་འདོད་པའི་ཕྱིར་ཚོར་བ་རྣམ་གསུམ་ནི་དོན་དམ་པ་མ་ཡིན་ཏེ། སེམས་དགག་པ་ ན་སེམས་ལས་བྱུང་བ་དག་དགག་པ་བྱས་པ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། ཕ་རོལ་གྱི་རྒྱལ་པོ་ཕམ་ན་དེའི་དམག་ཀྱང་ཕམ་པར་མངོན་པ་བཞིན་ནོ། །འདུ་ཤེས་འདུ་བྱེད་རྣམ་གཉིས་དག །དེས་ནི་རྣམ་པར་བཤད་གྱུར་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་ པར་བྱ། །ཞེས་བྱ་བ་ནི་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་དག་དགག་པ་ཡང་ཚོར་བ་བཀག་པ་དེས་དེ་དང་འདྲ་བར་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། འདུ་ཤེས་ཀྱང་ངོ་བོ་ཉིད་མེད་པ་ཡིན་ཏེ། ཡོངས་སུ་གཅོད་པའི་རྣམ་པར་འཇུག་པའི་ཕྱིར་སྨིག་རྒྱུ་དང་གྲོང་ཁྱེར་དང་། སྐྱེད་ མོས་ཚལ་གྱི་འདུ་ཤེས་བཞིན་ནོ། །དེ་བཞིན་དུ་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམ་པ་གཉིས་ཀྱང་དོན་དམ་པ་མ་ཡིན་ཏེ། འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཆུ་ཤིང་གི་ཕུང་པོ་བཞིན་ནོ། །རྣམ་ཤེས་དོན་དམ་ཉིད་དུ་ན། །དངོས་པོ་རྣམ་རིག་དངོས་ཉིད་མིན། །དམིགས་ དང་བཅས་ཕྱིར་འདུ་ཤེས་བཞིན། །ཡང་ན་འཇིག་ཕྱིར་མར་མེ་བཞིན། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ནི་དོན་དམ་ཉིད་དུ་ན་དངོས་པོ་སོ་སོར་རྣམ་པར་རིག་པའི་དངོས་པོ་ཉིད་མ་ཡིན་ཏེ། དམིགས་པ་དང་བཅས་པའི་ཕྱིར་དཔེར་ན་འདུ་ཤེས་བཞིན་ནམ། ཡང་ན་འཇིག་པའི་ཕྱིར་མར་མེ་ བཞིན་ནོ། །དངོས་པོ་ཞེས་བྱ་བ་ནི་དེ་དངོས་སུ་འདུག་པའི་ཕྱིར་དངོས་པོའམ། ཡང་ན་འདི་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་གནས་པའི་ཕྱིར་དངོས་པོ་སྟེ། གཟུགས་ལ་སོགས་པ་དག་གོ། །དེ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་རྟོག་པ་མེད་པའི་སྒོ་ནས་རང་གི་ངོ་བོ་ 98-72b ཡོངས་སུ་ཤེས་པ་སྟེ། རྣམ་པར་ཤེས་པ་ནི་དེའི་ངོ་བོ་ཉིད་མ་ཡིན་ནོ། །ཕུང་པོ་བཀག་པ་དང་འདྲ་བར་ཁམས་དང་སྐྱེ་མཆེད་དག་ཀྱང་བསྟན་པའི་ཕྱིར། ཕུང་པོ་ལྔ་པོ་རྣམ་དཔྱད་པའི། །སྒྲུབ་པ་ཇི་སྐད་བསྟན་པ་དེས། །ཕུང་པོ་རྣམས་ཀྱི་ཁམས་ཞེས་བྱ། །སྐྱེ་མཆེད་རྣམས་ཀྱང་ཤེས་པར་བྱ། ། ཞེས་བྱ་བ་ལ་ཁམས་ནི་བཅོ་བརྒྱད་དེ། དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་པོ་དག་གོ། །སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་ལ་སོགས་པ་དྲུག་དང་། གཟུགས་ལ་སོགས་པ་དྲུག་གི་བྱེ་བྲག་ལས་སོ། །དེ་དག་ཀྱང་འདུས་པའི་བདག་ཉིད་ཡིན་པའི་ཕྱིར། ཚོགས་པ་ལས་མ་གཏོགས་ པར་ཇི་ལྟར་དམིགས་སུ་མེད་པ་དེ་ལྟར་སྔར་བསྟན་པ་བཞིན་ནོ། །ཀུན་རྫོབ་ཏུ་གདགས་པའི་དངོས་པོ་ཙམ་དུ་ནི་ཡོད་དེ། བདེ་བར་གཤེགས་པས་སྐད་དུ། །སྲིད་གསུམ་བཏགས་པ་ཉིད་ཙམ་སྟེ། །དངོས་པོའི་ངོ་བོར་ཡོད་མ་ཡིན། །བཏགས་ལ་དངོས་པོའི་དངོས་ཉིད་དུ། །ངན་རྟོག་རྣམས་ ནི་རྟོག་པར་བྱེད། །ཅེས་གསུངས་པ་དང་དེ་བཞིན་དུ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། །ཞེས་གསུངས་པ་ལྟ་ བུའོ། །འདིར་སྨྲས་པ། ཕུང་པོ་དང་སྐྱེ་མཆེད་དང་ཁམས་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ བཞིན་ནོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པ་ཡོད་དེ། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ། སྐྱེ་བ་དང་གནས་པ་དང་འཇིག་པའོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདུས་བྱས་ཕུང་པོ་ དང་། སྐྱེ་མཆེད་དང་ཁམས་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། ཇི་ལྟར་སྐྱེ་བ་ལ་སོགས་པ་དེ་དག་འདུས་བྱས་ཡིན་ནམ། འོན་ཏེ་འདུས་མ་བྱས་ཡིན། དེ་ལ་གལ་ཏེ་འདུས་བྱས་ཡིན་ན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གཞན་པའི་སྐྱེ་བར་བྱེད་པ་ 98-73a དང་། གནས་པར་བྱེད་པ་དང་། འཇིག་པར་བྱེད་པ་ཡོད་པའི་དཔེ་མེད་དོ། །སྐྱེ་བའི་སྐྱེ་བ་དང་། གནས་པའི་གནས་པ་དང་། འཇིག་པའི་འཇིག་པ་ཞེས་བྱ་བའི་དོན་ལ་ཡང་སྐུར་པ་འདེབས་པ་ཡིན་ལ། སྐྱེ་བ་ནི། འདུས་བྱས་ཐམས་ཅད་ཀྱི་མཚན་ ཉིད་མ་ཡིན་ཏེ། སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་ཕ་བུའི་མཚན་ཉིད་མ་ཡིན་པ་བཞིན་ནོ། །གནས་པར་བྱེད་པ་ཡང་གནས་པའི་མཚན་ཉིད་མ་ཡིན་ཏེ། དཔེར་ན་བུམ་པ་གནས་པར་བྱེད་པའི་བྲན་མོ་བུམ་པའི་མཚན་ཉིད་མ་ཡིན་པ་བཞིན་ནོ། །འཇིག་པ་ཡང་འདུས་བྱས་ཀྱི་མཚན་ ཉིད་མ་ཡིན་ཏེ། འཇིག་པར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་བུམ་པ་འཇིག་པར་བྱེད་པའི་ཐོ་བ་བུམ་པའི་མཚན་ཉིད་མ་ཡིན་པ་བཞིན་ནོ་ཞེས་སྨྲ་བར་ནུས་སོ། །གལ་ཏེ་སྐྱེ་བ་ལ་སོགས་པ་དེ་དག་འདུས་མ་བྱས་ཡིན་ན་ནི། དེ་དག་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་ཏེ། འདི་ལྟར་ནམ་ མཁའ་ནི་འདུས་བྱས་གང་གི་མཚན་ཉིད་ཡིན་པར་ཡང་མ་མཐོང་ངོ་། །གཞན་ཡང་སྐྱེ་བ་ལ་སོགས་པ་འདུས་པ་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་བ་ཞིག་ཡིན་ཏེ། དཔེར་ན་མདོ་སྡེ་པ་དག་ན་རེ། །རྒྱུ་དང་རྐྱེན་སོ་སོར་ངེས་པའི་མཐུ་བ་སྐྱེད་པ་ལས་བྱུང་བའི་རྒྱུན་ལ་དུས་གཅིག་ཁོ་ནར་གང་མ་ བྱུང་བ་ལས་བྱུང་བ་དེ་ནི་སྐྱེ་བ་ཡིན་ལ། སྐད་ཅིག་མ་སྔ་མ་ཉིད་ཀྱི་རྒྱུན་གྱིས་གནས་པ་ནི་གནས་པ་ཡིན་ལ། སྐད་ཅིག་མ་སྔ་མ་དང་མི་འདྲ་བར་རྒས་ཤིང་བྲལ་བ་ནི་འཇིག་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་ཞིག་ཡིན་ནམ། འོན་ཏེ་སྐྱེ་བ་ལ་སོགས་པ་སོ་སོ་བདག་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་ འགྱུར་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་སྔོན་མ་བྱུང་བ་ལས་བྱུང་བ་ནི་སྐྱེ་བ་ཡིན་ལ། སྐྱེས་པའི་གནས་པ་ནི་གནས་པ་ཡིན། གནས་པ་ལས་གཞན་དུ་འགྱུར་བ་དང་རྒ་བ་དང་རྙིངས་པ་དང་འགག་པ་ནི་འཇིག་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་ཞིག་ཡིན་གྲང་ན། དེ་ལ་རེ་ཞིག་འདུས་པ་ རྣམས་ནི་དུས་གཅིག་ཏུ་སྐྱེ་བ་ལ་སོགས་པ་དག་མི་སྲིད་དེ། །རིམ་གྱིས་འབྱུང་བའི་ཕྱིར་དང་མཚན་ཉིད་མི་འདྲ་བའི་ཕྱིར་དང་། མི་མཐུན་པའི་ཕྱིར་སོ་སོ་བདག་ཀྱང་མི་སྲིད་དོ། །ཇི་ལྟར་ཞེ་ན། འདི་ལྟར་དངོས་པོ་མ་སྐྱེས་པ་ལས་ནི་གནས་པ་དང་འཇིག་པ་གཉིས་མེད་པའི་ཕྱིར་འདུས་བྱས་ 98-73b ཀྱི་མཚན་ཉིད་མེད་ལ། དངོས་པོ་གནས་པ་ལ་ནི་སྐྱེ་བ་དང་འཇིག་པ་གཉིས་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མེད་དོ། །དངོས་པོ་ཞིག་པ་ནི་སྐྱེ་བ་དང་གནས་པ་གཉིས་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མེད་དོ། །སྐྱེ་བ་ལ་ཡང་སྐྱེ་བ་མེད་པ་དང་གནས་པ་ལ་ཡང་ གནས་པ་མེད་པ་དང་། འཇིག་པ་ལ་ཡང་འཇིག་པ་མེད་པའི་ཕྱིར། དེ་དག་ལ་འདུས་བྱས་ཀྱི་མཚན་ཉིད་མེད་པས་སྐྱེ་བ་ལ་སོགས་པ་སོ་སོ་བདག་གིས་ཀྱང་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་སོ། །དེ་ལྟར་དེ་དག་སེམས་ཀྱི་མདུན་དུ་བཞག་ནས་བཤད་པ། །སྐྱེ་སོགས་འདུས་བྱས་ ཉིད་ཀྱིས་ནི། །མཚན་ཉིད་མཚན་གཞིའི་ཉིད་མི་རིགས། །འདུས་བྱས་ཡིན་ཕྱིར་རྟོགས་བྱའི་ཕྱིར། །དེ་ལས་གཞན་པ་ཉིད་བཞིན་ནོ། །ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དེ་དག་ནི་འདུས་བྱས་ཉིད་ཀྱི་མཚན་ཉིད་དུ་གྱུར་པས་ཕུང་པོ་ལ་སོགས་པ་མཚན་གཞིའི་མཚན་ཉིད་ཡིན་པར་མི་ རིགས་ཏེ། འདུས་བྱས་ཡིན་པའི་ཕྱིར་དང་རྟོགས་པར་བྱ་བ་ཡིན་པའི་ཕྱིར། སྐྱེ་བ་ལ་སོགས་པ་མཚན་ཉིད་དེ་ལས་གཞན་པའི་མཚན་གཞི་ཉིད་བཞིན་ནོ་ཞེས་བྱ་བར་བསམས་སོ། །དེའི་ཕྱིར། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །གང་དག་དངོས་པོ་རྣམས་ནི་ངོ་བོ་ཡོད་པ་ཁོ་ན་ཡིན་ཏེ། །མཚན་ཉིད་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་ཡོད་པ་མ་ཡིན་པ་དག་ལ་ནི་མཚན་ཉིད་ཀྱང་མེད་དོ་ཞེས་ཟེར་བ་དེ་དག་ཀྱང་ མ་གྲུབ་སྟེ། །དངོས་རྣམས་མཚན་ཉིད་ཡོད་པའི་ཕྱིར། །ངོ་བོ་ཉིད་ཡོད་ཉིད་མི་འདོད། །ཅེས་སྨྲས་ཏེ། ངོ་བོ་ཉིད་ཡོད་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་དང་བཅས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་གཏན་ཚིགས་དོན་མ་གྲུབ། །དོན་འགལ་ཉིད་དུའང་གྱུར་པ་ཡིན། །ཞེས་བྱ་བ་ནི་གང་གི་ཕྱིར་ དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་སྔར་བསྟན་པ་དེའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས་མཚན་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེའི་དོན་དབུ་མ་པ་ལ་མ་གྲུབ་སྟེ། ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཕྱིར་རོ། །གཏན་ཚིགས་དེའི་དོན་འགལ་བ་ཉིད་དུའང་གྱུར་པ་ཡིན་ཏེ་ས་ལ་ 98-74a སོགས་པ་ངོ་བོ་ཉིད་མེད་པ་དག་སྒྲུབ་པ་ལ་མཚན་ཉིད་ཡོད་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་མཚན་ཉིད་མེད་པ་དེ་ལྟར་འདི་བཤད་དེ། ས་ཡི་མཚན་ཉིད་ས་ཉིད་ཀྱིས། །སྲ་བ་ཉིད་དུ་མཚོན་མི་ རིགས། །ལུས་ཀྱི་རྣམ་ཤེས་རྒྱུ་ཡིན་ཕྱིར། །མེ་ཉིད་ཀྱིས་ནི་མི་རིགས་བཞིན། །ཞེས་བྱ་བ་ནི་གཅིག་པ་ཉིད་འགོག་སྟེ། །སའི་མཚན་ཉིད་ནི་ས་ཉིད་ཀྱིས་སྲ་བ་ཉིད་དུ་མཚོན་པར་མི་རིགས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་མེའི་མཚན་ཉིད་མེ་ཉིད་ ཀྱིས་སྲ་བ་ཉིད་དུ་མཚོན་པར་མི་རིགས་པ་བཞིན་ནོ། །ས་ཉིད་ཀྱིས་ཞེས་བྱ་བ་ནི་འདི་ལྟར་གྱུར་པའི་མཚན་ཉིད་ཀྱིས་ཏེ། །དཔེར་ན་ཇི་ལྟར་ཁྱོད་ཀྱིས་རིལ་བ་ལས་སློབ་མར་རམ། སློབ་མ་ལས་མཁན་པོར་མཐོང་ངམ་ཞེས་རིལ་བ་ཐོགས་པའི་སྒོ་ནས་སློབ་མ་ཡིན་པར་མཚོན་པའམ། སློབ་མ་ཁྲིད་པའི་སྒོ་ནས་མཁན་པོ་ཡིན་པར་མཚོན་པ་ལྟ་བུའོ། །འདིར་ནི་ས་ཉིད་ཀྱིས་སའི་མཚན་ཉིད་དེ་དེ་ལྟར་མཚོན་པར་མི་རིགས་ཏེ། གལ་ཏེ་གཅིག་པ་ཉིད་ཡིན་ན་ས་ཉིད་ལས་ལོགས་ཤིག་ན་གང་གིས་དེ་མཚོན་པར་བྱེད་པའི་སྲ་བ་ཉིད་ཅེས་བྱ་བ་ཅི་ཡང་མེད་པའི་ཕྱིར་རོ། །དེ་བཞིན་ དུ། གླང་གི་མཚན་ཉིད་གླང་ཉིད་ཀྱིས། །ནོག་དང་ལྐོག་ཤལ་སོགས་མི་འདོད། །ཁྱད་པར་ཅན་གྱི་བློས་བརྟག་ཕྱིར། །དཔེར་ན་བོང་བུའི་མཚན་ཉིད་བཞིན། །ཞེས་བྱ་བས་ནི་ཐ་དད་པ་ཉིད་འགོག་སྟེ། གླང་གི་མཚན་ཉིད་ནི་གླང་ཉིད་ཀྱིས་ནོག་དང་ལྐོག་ཤལ་ལ་སོགས་པ་ཡིན་ པར་མཚོན་པར་མི་འདོད་དེ། །ཁྱད་པར་ཅན་གྱི་བློས་བརྟག་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བོང་བུའི་མཚན་ཉིད་བཞིན་ནོ། །གླང་ཉིད་ཀྱིས་བྱ་བ་ནི་གླང་གི་དངོས་པོ་སྟེ། རྟ་ལ་སོགས་པ་རིགས་མི་མཐུན་པ་དག་གིས་སྟོང་པ་ཉིད་དོ། །གླང་ཉིད་ཅེས་བྱ་བ་དེ་གླང་གི་རྫས་ཀྱི་མཐུན་ པ་ཉིད་ནོག་དང་ལྐོག་ཤལ་དང་མཇུག་མ་དང་། རྨིག་པ་དང་རྭ་ལ་སོགས་པ་ཡིན་པར་མཚོན་པར་མི་འདོད་དེ། གལ་ཏེ་གླང་ཉིད་ཅེས་བྱ་བ་དང་གླང་གི་རྫས་གཉིས་ཐ་དད་པ་ཡིན་ན་ཁྱད་པར་ཅན་གྱི་བློས་བརྟག་པར་བྱ་བ་ཡིན་པའི་ཕྱིར། །དཔེར་ན་གླང་ཉིད་ཀྱིས་བོང་བུའི་མཚན་ཉིད་ 98-74b མཚོན་པར་མི་ནུས་པ་བཞིན་ནོ། །དེ་ལ་རང་གི་སྡེ་པ་དག་ན་རེ། །མཚན་གཞི་ལས་མཚན་ཉིད་ཐ་དད་པ་མ་ཡིན་ཏེ། །དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན། སྐྱེས་བུ་ཆེན་པོ་ལས་སྐྱེས་བུ་ཆེན་པོའི་མཚན་རྣམས་ཐ་དད་པ་མ་ཡིན་པ་བཞིན་ནོ། །ཞེས་ཟེར་བ་དེ་དག་གི་ ཕྱིར་བཤད་པ། གཅིག་ན་ཇི་ལྟར་མཚན་ཉིད་ཡིན། །དེས་ནི་དེ་ཉིད་མི་མཚོན་ཕྱིར། །ཞེས་བྱ་བ་ནི་མཚན་གཞི་དང་མཚན་ཉིད་གཅིག་པ་ཉིད་ཡིན་ན། མཚན་གཞི་ནི་གང་། མཚན་ཉིད་གང་ཞེས་ཐ་སྙད་གདགས་པ་ཡང་མེད་དོ། །ཡང་ན་མཚན་གཞི་གཅིག་ཁོ་ནས་སམ་ མཚན་ཉིད་གཅིག་ཁོ་ནས་འགྲུབ་པས་གཉིས་སུ་སྨོས་པ་ཟློས་པའི་སྐྱོན་དུ་འགྱུར་རོ། །བྱེ་བྲག་པ་དག་ནི་མཚན་གཞི་དང་མཚན་ཉིད་ཐ་དད་པ་ཉིད་དུ་འདོད་དེ། འདིས་མཚོན་པར་བྱེད་པའི་ཕྱིར་མཚན་ཉིད་དོ་ཞེས་ཟེར་བ་དེ་དག་གི་ཕྱིར་འདི་བརྗོད་པར་བྱ་སྟེ། གཞན་ན་ཇི་ལྟར་མཚན་ ཉིད་ཡིན། །གཞན་གྱིས་གཞན་ཉིད་མི་མཚོན་ཕྱིར། །ཞེས་བྱ་བ་ནི་མཚན་གཞི་དང་མཚན་ཉིད་ཐ་དད་པ་ཉིད་ཡིན་ལ། གལ་ཏེ་གཞན་གྱིས་གཞན་མཚོན་པར་གྱུར་ན་ལྐོག་ཤལ་ལ་སོགས་པ་དག་གིས་ཀྱང་རྟ་མཚོན་པར་འགྱུར་བ་དང་། མཚན་གཞི་མ་སྐྱེས་པའམ་ཞིག་པ་ན་ ཡང་མཚན་ཉིད་དམིགས་པར་འགྱུར་བས་དེའི་ཕྱིར་དེ་ལྟར་མཚན་གཞི་ལས་མཚན་ཉིད་གཅིག་པ་ཉིད་ཀྱང་མ་ཡིན་ལ་ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། །གཞན་ཡང་འདི་ལ་མཚན་ཉིད་དང་བཅས་པ་ཞིག་གམ་མཚན་ཉིད་མེད་པ་ཞིག་ཡིན་གྲང་ན། གལ་ཏེ་མཚན་ཉིད་དང་བཅས་པ་ ཡིན་ན་ནི་དེ་ལ་ཡང་མཚན་ཉིད་གཞན་ཡོད་པར་འགྱུར་ལ། ཡང་དེ་ལ་ཡང་མཚན་ཉིད་གཞན་དང་གཞན་ཡོད་པར་འགྱུར་བས་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་མཚན་ཉིད་མེད་པ་ཡིན་ན་ནི་དེ་ལྟར་ན་ཡང་མཚན་ཉིད་གཏན་མེད་པ་ཁོ་ནར་འགྱུར་ཏེ། ནམ་མཁའི་མེ་ ཏོག་ལ་སོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཚན་ཉིད་ཡོད་པ་མ་ཡིན་པ་ཉིད་གྲུབ་སྟེ། དེ་ལ་འདིར་ཁུངས་ནི། ཤ་ར་དྭཏིའི་བུ་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པ་སྟེ། །གང་ཆོས་གང་གི་མཚན་ཉིད་ཡིན་པ་དེ་ནི་དེའི་མཚན་ཉིད་མ་ཡིན་ཞིང་མཚན་ཉིད་མངོན་པར་ 98-75a འགྲུབ་པའི་ཕྱིར་ཆོས་འགའ་ཡང་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དག་ཡིན་ནོ།། །།དབུ་ མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ལྔ་པ། འདིར་སྨྲས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ནི་དོན་དམ་པར་མཚན་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེའི་ཡུལ་ལ་ཐ་སྙད་ཁྱད་པར་ཅན་གྱི་བྱ་བ་མི་སྐྱེ་སྟེ། མོ་གཤམ་གྱི་བུ་ལ་འགྲོ་བ་མེད་པ་བཞིན་ནོ། །ལྷ་སྦྱིན་ལ་ནི་ དེའི་ཡུལ་ལ་འགྲོའོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཁྱད་པར་ཅན་གྱི་བྱ་བ་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་ལ་མཚན་ཉིད་ཡོད་པ་ཁོ་ནའོ་ཞེ་ན། འདིར་བཤད་པ། གལ་ཏེ་མ་བརྟགས་ན་གྲགས་པས་འཇིག་རྟེན་གྱི་དབང་དུ་འགྲོ་བ་ལ་སོགས་པའི་ཐ་སྙད་ཡོད་པར་འདོད་ན་ནི་གྲུབ་པ་ལ་ སྒྲུབ་པ་ཡིན་ནོ། །འོན་ཏེ་རྣལ་འབྱོར་པ་མཉམ་པར་གཞག་པ་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱོད་པ་དག་ལ་དོན་དམ་པར་འགྲོ་བ་ལ་སོགས་པར་ཡོད་པར་འདོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་དོན་དམ་པར་དེའི་ཡུལ་ལ་གཏན་ཚིགས་ ཁྱད་པར་ཅན་གྱི་ཐ་སྙད་ཡོད་པར་མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་གལ་ཏེ་འགྲོ་བ་དོན་དམ་པར་ཡོད་པར་གྱུར་ན་དེ་སོང་བའམ་མ་སོང་བའམ་བགོམ་པའི་ལམ་ལ་ཡོད་པར་འགྱུར་གྲང་སྟེ། དེ་ལ་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་དང་བྱེ་བྲག་པ་དག་མ་སོང་བ་ལ་འགྲོ་བ་ཡོད་པར་འདོད་པ་དེ་དག་ དགག་པའི་ཕྱིར་བཤད་པ། མ་སོང་བ་ལ་དོན་དམ་དུ། །འགྲོ་བ་ཡོད་པར་མི་འདོད་དེ། །ལམ་ཡིན་ཕྱིར་དང་འགྲོ་མེད་ཕྱིར། །དཔེར་ན་མ་འོངས་ལམ་བཞིན་ནོ། །ཞེས་བྱ་བ་ནི་འགྲོ་བའི་བྱ་བ་མངོན་པར་མ་གྲུབ་པོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །གྲངས་ཅན་དག་ཀྱང་རྡུལ་གྱི་ཆས་ཆེ་བའི་ བྱ་བ་བྱེད་པའི་ཚོགས་ཀྱི་འཇུག་པ་མངོན་པར་གསལ་བའི་ཚེ་ནམ་སོང་བ་ལ་འགྲོ་བ་ཡོད་པར་འདོད་དེ། དེ་དག་ནི་མངོན་པར་གསལ་བ་བཀག་པས་འགྲོ་བ་ཡང་མི་འགྲུབ་པའི་ཕྱིར་རྟོག་པ་ཙམ་དུ་ཟད་དོ། །འདིར་སྨྲས་པ། མ་སོང་བ་ལ་ནི་འགྲོ་བ་མེད་དེ་དེར་འགྲོ་བའི་བྱ་བ་མ་ཞུགས་པའི་ 98-75b ཕྱིར་རོ། །སོང་བ་ལ་ཡང་འགྲོ་བ་མེད་དེ། འགྲོ་བའི་བྱ་བ་ཞིག་པའི་ཕྱིར་རོ། །བགོམ་པ་ལ་ནི་རྐང་པ་གཉིས་འཇོག་པ་དང་། འདེགས་པའི་མཚན་ཉིད་ཀྱི་བྱ་བ་འཇུག་པའི་ཕྱིར་དེ་ལ་ནི་འགྲོ་བ་ཡོད་པ་ཁོ་ན་ཡིན་ཞེ་ན། འདིར་བཤད་པ། བགོམ་ལ་དོན་དམ་ཉིད་དུ་ན། །འགྲོ་བ་ ཡོད་པ་མ་ཡིན་ཏེ། །སོང་དང་མ་སོང་མ་གཏོགས་པར། །བགོམ་པར་རྟག་ཏུ་མེད་ཕྱིར་རོ། །ཞེས་བྱ་བ་འདི་ལ་བགོམ་པ་ཞེས་བྱ་བ་དེ་ནི་སོང་བའམ་མ་སོང་བའམ། གང་ཅུང་ཟད་ནི་མ་སོང་བ་ཞིག་ཡིན་གྲང་ན། གཉི་གའི་དོན་ཡང་བསྟན་ཟིན་ཏོ། །འོན་ཏེ་གཉི་གའི་བདག་ཉིད་ཀྱི་ བགོམ་པ་ཞིག་ཡོད་པར་འདོད་ན། དེ་ལ་ཡང་གང་ནས་རྐང་པ་བཏེག་པ་དེ་ནི་སོང་བ་ཡིན་ལ། གང་དུ་རྐང་པ་འཇོག་པ་དེ་ནི་མ་སོང་བ་ཡིན་པས་དེ་གཉིས་ལས་མ་གཏོགས་པའི་གསུམ་པ་གང་བགོམ་པ་ཞེས་བྱ་བར་གྱུར་པ་དེ་ནི་ཅི་ཡང་མེད་པས་དེའི་ཕྱིར་བགོམ་པ་ལ་ཡང་འགྲོ་བ་ཡོད་ པ་མི་འཐད་དོ། །ཅི་སྟེ་བགོམ་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ། དེ་ནི་སོང་བ་ཉིད་དམ་མ་སོང་བ་ཉིད་དུ་ཐ་སྙད་གདགས་པར་མི་ནུས་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་བཤད་པ། བགོམ་པ་སོང་དང་མ་སོང་བར། །བརྗོད་པ་མིན་ལའང་འགྲོ་མེད་དེ། །ལམ་ཡིན་ཕྱིར་ན་ འདས་པ་བཞིན། །ཡང་ན་མ་འོངས་ལམ་བཞིན་ནོ། །ཞེས་བྱ་བ་ནི་གལ་ཏེ་བརྗོད་པར་བྱ་བ་ཡང་མ་ཡིན་ལ་བློའི་སྤྱོད་ཡུལ་དུ་ཡང་ཡོད་པ་མ་ཡིན་ན་ནི་དེས་ན་མེད་པ་ཁོ་ན་ཡིན་ནོ། །གལ་ཏེ་ཡོད་ན་ཡང་དེ་ལ་འགྲོ་བ་ཡོད་པར་མི་རིགས་ཏེ། ལམ་ཡིན་པའི་ཕྱིར་དང་། འདས་པ་དང་མ་འོངས་ པའི་ལམ་དག་པ་བཞིན་ནོ། །འདིར་སྨྲས་པ། འགྲོ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེས་དེ་དང་ལྡན་པའི་ཐ་སྙད་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་དེས་དེ་དང་ལྡན་པའི་ཐ་སྙད་མེད་དེ། རི་བོང་གི་རྭ་ཅན་ཞེས་བྱ་བའི་ཐ་སྙད་མེད་པ་བཞིན་ནོ། །འགྲོ་བ་ཡོད་པ་ལ་ནི་དེས་དེ་དང་ ལྡན་པའི་ཐ་སྙད་ཡོད་དེ། དཔེར་ན་ཙཻ་ཏྲ་འགྲོའོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འགྲོ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། ཙཻ་ཏྲ་འགྲོའོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་དེ་ཡང་དག་པར་ན་འགྲོ་བ་པོའམ་འགྲོ་བ་པོ་མ་ཡིན་པ་ཞིག་ལ་བརྟག་གྲང་ན་དེ་ལ་རེ་ཞིག །འགྲོ་མ་གྲུབ་ཕྱིར་འགྲོ་ 98-76a པོ་མེད། །དེ་ཕྱིར་དེ་ནི་འགྲོ་མི་འདོད། །ཅེས་བྱ་བ་ནི་གང་གི་ཚེ་སོང་བ་དང་མ་སོང་བ་དང་། བགོམ་པའི་ལམ་དག་ལ་འགྲོ་བ་རྣམ་པ་ཐམས་ཅད་དུ་མ་གྲུབ་པའི་ཕྱིར། འགྲོ་བ་ཡོད་པ་མ་ཡིན་པ་དེའི་ཚེ་འགྲོ་བ་པོ་ཡང་མེད་བཞིན་དུ་ཇི་ལྟར་འགྲོ་བ་ཡོད་པ་ཞིག་ གང་དུ་འགྲོ་ན་ཙཻ་ཏྲ་འགྲོ་བ་པོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར། གལ་ཏེ་དེ་འགྲོ་བ་པོའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་དེ་ནམ་ཡང་འགྲོ་བའི་བྱ་བ་དང་བྲལ་བར་མི་འགྱུར་རོ། །དེའི་ཕྱིར་འགྲོ་བ་པོ་དེ་ནི་འགྲོ་བར་མི་འདོད་དོ། །ཁ་ཅིག་འགྲོ་བ་པོ་མ་ཡིན་པར་བྱ་བའི་ཤུགས་ཀྱིས་འགྲོ་བར་འདོད་པ་དེ་དག་ལ་ ཡང་། འགྲོ་པོ་མིན་པར་འགྲོ་མི་རིགས། །འགྲོ་དང་བྲལ་ཕྱིར་སྔོན་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། ངོ་བོ་ཉིད་ཀྱིས་འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བར་མི་རིགས་ཏེ། འགྲོ་བ་དང་བྲལ་བའི་ཕྱིར་དཔེར་ན་སྔོན་དང་ཕྱི་མ་དག་ལ་དེའི་ངོ་བོ་ཉིད་མེད་པའི་ཕྱིར་འགྲོ་བར་མི་རིགས་པ་བཞིན་ནོ། །གཞན་ ཡང་གལ་ཏེ་འགྲོ་བ་པོ་མ་ཡིན་ན་ནི་ཇི་ལྟར་འགྲོ་བ་པོ་ཡིན། འོན་ཏེ་འགྲོ་བ་པོ་ཡིན་ན་ནི་འོ་ན་དེ་ལྟར་ན་འགྲོ་བ་པོ་མ་ཡིན་ཞེས་བྱ་བར་འགལ་ལོ། །རྣམ་གྲངས་ལས་འགྲོ་བ་པོ་ཡིན་པ་དང་། འགྲོ་བ་པོ་མ་ཡིན་པ་ཞིག་འགྲོ་བ་པོ་ཉིད་དུ་ཁས་ལེན་པ་ལ་ནི་འགྲོ་བ་པོ་ཡིན་པ་དང་། འགྲོ་བ་པོ་མ་ ཡིན་པ་ལས་གཞན་པའི་གསུམ་པ་ནི་མེད་པས་དེ་ལ་འགྲོ་བ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་ནི་གྱི་ནའོ། །གལ་ཏེ་འགྲོ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། འགྲོ་བ་པོའི་མི་མཐུན་པའི་ཕྱོགས་འདུག་པ་པོ་ཡོད་པའི་ཕྱིར་རོ་ཞེ་ན། འདུག་པ་པོ་དཔྱད་པ་ཡང་དེ་ཉིད་ཡིན་ཏེ། ཅི་འགྲོ་བ་པོ་འདུག་ གམ་འོན་ཏེ་འགྲོ་བ་པོ་མ་ཡིན་པ་འདུག་གྲང་ན་དེ་ལ་རེ་ཞིག་འགྲོ་བ་པོ་ནི་མི་འདུག་སྟེ། འགྲོ་བའི་བྱ་བ་དང་མ་བྲལ་བའི་ཕྱིར་རོ། །འགྲོ་བ་པོ་མ་ཡིན་པ་ཡང་མི་འདུག་སྟེ། འགྲོ་བ་དང་བྲལ་བ་ལ་ནི་ཐ་སྙད་དུ་ཡང་འགྲོ་བ་ལས་ལྡོག་པའི་འདུག་པ་མི་འཐད་པའི་ཕྱིར་རོ། །དེ་གཉིས་ ལས་གཞན་པའི་གསུམ་པ་ནི་མེད་པས་དེའི་ཕྱིར་འགྲོ་བའི་མི་མཐུན་པའི་ཕྱོགས་འདུག་པ་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །བྱེ་བྲག་པ་དག་གིས་སྨྲས་པ། གང་འགྲོ་བའི་བྱ་བ་མ་སྐྱེས་པས་མི་འགྲོ་བར་ནི་རིགས་སོ། །འགྲོ་བའི་བྱ་བ་སྐྱེས་པ་ནི་ 98-76b འགྲོ་བར་འགྱུར་ཏེ། གང་གི་ཕྱིར་རྫས་ལས་གཞན་པའི་འགྲོ་བ་ཡོད་པས་དེ་དང་ལྡན་པའི་ཕྱིར་འགྲོ་བ་པོའི་ངོ་བོ་ཉིད་མ་ཡིན་ཡང་འགྲོ་བ་ཁོ་ནར་འགྱུར་ཏེ། རང་གི་བདག་ཉིད་ལས་གཞན་པའི་འགྲོ་བའི་དངོས་པོ་དང་འབྲེལ་བའི་ཡུལ་ལས་ལྷ་སྦྱིན་འགྲོ་བ་དང་ལྡན་ནོ་ཞེས་བྱ་བའི་བློ་ འབྱུང་སྟེ། བློ་དང་སྒྲ་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་ལྷ་སྦྱིན་དབྱུག་པ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་བ་ལྟ་བུའོ་ཞེས་སྨྲ་བར་ནུས་སོ་ཞེ་ན། འདིར་བཤད་པ། རང་ལས་གཞན་པའི་དོན་འབྲེལ་པ། །འགྲོ་པོ་སྙམ་པའི་བློ་འདི་འདོད། །བློ་དང་སྒྲ་རྗེས་འཇུག་པའི་ཕྱིར། །དབྱུག་ཅན་ བཞིན་མིན་རྗེས་འགྲོ་མེད། །ཅེས་བྱ་བ་ནི་ཕ་རོལ་པོ་དག་གིས་རང་གི་བདག་ཉིད་ལས་གཞན་པའི་འགྲོ་བའི་དངོས་པོ་དང་འབྲེལ་བའི་ཡུལ་ལྷ་སྦྱིན་འགྲོ་བ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་སྟེ། བློ་དང་སྒྲ་རྗེས་སུ་འཇུག་པའི་ཕྱིར། དཔེར་ན་ལྷ་སྦྱིན་དབྱུག་པ་དང་ལྡན་ནོ་ཞེས་བྱ་བའི་བློ་ འབྱུང་བ་ལྟ་བུའོ་ཞེས་སྨྲས་པའི་ཚིག་དེས་རང་ལས་གཞན་པའི་དོན་དང་འབྲེལ་པ་ལ་འགྲོ་བ་པོ་སྙམ་པའི་བློ་འདི་འབྱུང་བར་འདོད་དེ། བློ་དང་སྒྲ་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་དབྱུག་པ་ཅན་བཞིན་ནོ་ཞེས་བྱ་བའི་ཚད་མ་ཉེ་བར་བཞག་པ་དེ་ནི་དེ་ལྟ་མིན་ཏེ། ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བ་ མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་རྗེས་སུ་འགྲོ་བ་མེད་ཅེ་ན། དབྱུག་པ་དང་དབྱུག་པ་ཅན་དག་ནི་དོན་དམ་པར་ན་ངོ་བོ་ཉིད་མེད་པའི་ཕྱིར་དང་ལྡན་པ་ཤིན་ཏུ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ། །ཀུན་རྫོབ་ཏུ་ནི་འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུ་འབྱུང་བའི་ཁྱད་པར་གྱི་མཚན་ཉིད་ ལ་འདི་འགྲོ་བ་དང་ལྡན་ནོ་ཞེས་བྱ་བའི་ཐ་སྙད་ཙམ་ཡོད་མོད་ཀྱི་འདུ་བྱེད་ཀྱི་ཚོགས་དེ་ལས་གཞན་པའི་འགྲོ་བ་ནི་ཅི་ཡང་ཡོད་པ་མ་ཡིན་པས་དེའི་ཕྱིར་དེ་ཡང་བཟང་པོ་མ་ཡིན་ནོ། །རང་གི་སྡེ་པ་ཁ་ཅིག་ན་རེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་འདུན་པའི་རྒྱུ་དང་འབད་པ་བསྐྱེད་པས་ རླུང་གི་ཁམས་ཀྱིས་བདས་པས་ཡུལ་གཞན་དུ་རྒྱུན་ཆགས་སུ་འབྱུང་བ་ལ་འགྲོ་ཞེས་བྱ་བར་ཟད་ཀྱི་འགྲོ་བ་ཞེས་བྱ་བ་འགྲོ་བ་པོ་ལས་དོན་ཐ་དད་པར་གྱུར་པ་ནི་མེད་དེ། སྐྱེ་བའི་ཕྱོགས་ཉིད་དུ་སྐྱེ་བ་པོ་ཞིག་པའི་ཕྱིར་མེ་ལ་སོགས་པའི་རྒྱུན་བཞིན་པས་འགྲོ་བ་ནི་འཁྲུལ་པ་ཡིན་ནོ་ཞེས་ 98-77a ཟེར་བ་དེ་དག་ལ་ཡང་ཁོ་བོ་ཅག་ནི་དོན་དམ་པར་འགྲོ་བ་ཞེས་བྱ་བ་མེད་པ་དང་། ཀུན་རྫོབ་ཏུ་ནི་དེ་འདོད་པ་ཁོ་ན་ཡིན་པར་བསྟན་པའི་ཕྱིར། རྒྱུན་ཆགས་ཡུལ་གཞན་འབྱུང་བ་ཡི། །འདུ་བྱེད་རྒྱུན་ལ་བརྟེན་ནས་ནི། །མེ་ལ་སོགས་བཞིན་འཁྲུལ་པའི་ འགྲོ། །དེ་ཡང་ཀུན་རྫོབ་དེ་ཉིད་མིན། །ཞེས་བྱ་བ་སྨྲས་ཏེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་བཀག་པའི་ཕྱིར་དང་། འདུས་པའི་བདག་ཉིད་ཡིན་པའི་ཕྱིར་དང་། ཤེས་པ་ཉིད་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །གྲངས་ཅན་དག་ནི་རྡུལ་གྱི་ཤས་ཆེ་བའི་བྱ་བ་བྱེད་པའི་ ཚོགས་ཀྱི་འཇུག་པ་མངོན་པར་གསལ་བའི་ཚེ་ན། འགྲོ་བ་པོ་ཡོད་པར་འདོད་པས་དེ་དག་གི་ཕྱིར། སེར་སྐྱ་པ་ཡིས་རྣམ་བརྟགས་པའི། །འགྲོ་པོ་དོན་དམ་ཉིད་མི་རིགས། །ཚོགས་པ་རྫས་སུ་མེད་ཕྱིར་དང་། །ཡང་ན་གཡོ་བ་མེད་ཕྱིར་རོ། །ཞེས་བྱ་བ་སྨྲས་སོ། །གལ་ཏེ་ སེར་སྐྱ་པ་དག་ན་རེ། གང་དག་ལ་ཚོགས་པ་རྫས་སུ་ཡོད་པ་མ་ཡིན་པ་དེ་དག་ལ་ནི་སྐྱོན་དེར་འགྱུར་གྱི། ཁོ་བོ་ཅག་ནི་ཚོགས་པ་ཅན་རྫས་སུ་ཡོད་པ་ཁོ་ནར་འདོད་དེ། བྱེད་པ་ཚོགས་པའི་ཡན་ལག་རྣམས་མ་བཟུང་ན་བྱ་བ་ཚོགས་པ་ཅན་ཡང་གཟུང་དུ་མེད་པའི་ཕྱིར་ཚོགས་པའི་ ཡན་ལག་གི་བདག་ཉིད་བཞིན་ནོ་ཞེས་ཟེར་བ་དེ་དག་གི་འདི་ལྟར་གསལ་བར་བྱ་སྟེ། གལ་ཏེ་ཚོགས་པ་རྫས་ཡོད་དེ། །ཚོགས་བྱེད་མ་བཟུང་གཟུང་མེད་ཕྱིར། །དེ་ཡི་བདག་བཞིན་དེ་མི་རིགས། །དེ་དག་རྫས་སུ་མེད་ཕྱིར་རོ། །ཞེས་བྱ་བ་ནི་བྱ་བ་ལ་སོགས་པ་འབྱུང་བ་ཆེན་པོ་ བཞི་དང་། བྱེད་པ་མིག་ལ་སོགས་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། བྱ་བ་བྱེད་པ་ཚོགས་པའི་ཡན་ལག་དེ་དག་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ཇི་ལྟར་རྫས་སུ་ཡོད་པ་ཉིད་མ་ཡིན་པ་དེ་ལྟར་ནི་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་འགྲོ་བ་དང་འོང་བའི་རྣམ་པར་ བཞག་པ་ནི་འཇིག་རྟེན་པའི་ཐ་སྙད་ཡིན་པས་དོན་དམ་པར་དཔྱད་པ་མི་བཟོད་དོ། །བྱ་བ་ལྷག་མ་དགག་པ་ཡང་། །ཕྱོགས་དེས་རབ་ཏུ་བསྟན་པ་ཡིན། །ཇི་ལྟར་ཞེ་ན། འདི་ནི་ལྷ་སྦྱིན་སྨྲའོ་ཞེས་བྱ་བ་དེ་ཡང་སྨྲས་པ་སྨྲའམ། འོན་ཏེ་མ་སྨྲས་པ་སྨྲ་གྲང་ན། རེ་ཞིག་སྨྲས་པ་ 98-77b ལ་ནི་སྨྲ་བ་མེད་དེ། ཚིག་གི་བྱ་བ་འདས་པའི་ཕྱིར་རོ། །མ་སྨྲས་པ་ལ་ཡང་སྨྲ་བ་མེད་དེ། ཚིག་གི་བྱ་བ་མ་ཞུགས་པའི་ཕྱིར་རོ། །སྨྲ་བཞིན་པ་ཡང་སྨྲ་བ་མེད་དེ། སྨྲས་པ་དང་མ་སྨྲས་པ་མ་གཏོགས་པར་སྨྲ་བཞིན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་སྨྲ་བ་པོ་སྨྲའམ་སྨྲ་བ་པོ་མ་ ཡིན་པ་སྨྲ་གྲང་ན། དེ་ལ་སྨྲ་བ་པོ་གང་སྨྲ་བར་འགྱུར་བ་ནི་མེད་དེ། རྣམ་པ་ཐམས་ཅད་དུ་སྨྲ་བ་མེད་པའི་ཕྱིར་རོ། །སྨྲ་བ་པོ་མ་ཡིན་པ་ལ་ཡང་སྨྲ་བ་མེད་དེ། སྨྲ་བ་དང་མི་ལྡན་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པའི་སྨྲ་བ་པོ་ནི་མི་འཐད་དེ། སྔོན་དང་ཕྱི་མ་དག་ལ་དེའི་ངོ་བོ་ཉིད་མེད་པ་བཞིན་ པས་དེའི་ཕྱིར་སུ་ཞིག་སྨྲ་བར་འགྱུར། དེ་བཞིན་དུ་སྨྲ་བ་པོ་དང་སྨྲ་བ་གཅིག་གམ་ཐ་དད་པ་ཅིག་ཡིན་གྲང་ན། གཉི་ག་ཡང་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་ཟ་བ་པོ་ཟ་བར་བྱེད་པ་དང་། བྱེད་པ་པོ་ལས་བྱེད་པ་དང་། གཅོད་པ་པོ་གཅོད་པ་དང་། ལྟ་བ་པོ་ལྟ་བ་ལ་སོགས་པ་དག་ཀྱང་འགྲོ་ བ་དང་འགྲོ་བ་པོ་བཀག་པ་བཞིན་དུ་དཔྱད་པ་དང་དགག་པ་འདྲ་བར་བྱའོ། །དེའི་ཕྱིར་ལུང་ལས། རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་དང་འགྲོ་བ་མེད་པ་སྟེ། དེ་དག་ནི་གནས་དེ་ལས་མི་འདའོ་ཞེས་གསུངས་པ་དང་། དེ་བཞིན་དུ། འདི་ལ་འོང་མེད་འགྲོ་བ་འགའ་ཡང་མེད། །ཆོས་ རྣམས་ཐམས་ཅད་ནམ་མཁའ་ཇི་བཞིན་ནོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ནི་བླུན་པ་དང་། སེམས་མེད་པ་དང་། བྱ་བ་མེད་པ་དང་། རྩྭ་དང་ཤིང་དང་རྩིག་པ་ལྟ་བུའོ། །ཞེས་གསུངས་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ། །འདིར་སྨྲས་པ་ནང་གི་དངོས་ པོ་རྣམས་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ལ་ནི་དེ་དག་མེད་དེ་མོ་གཤམ་གྱི་བུ་ལས་བཅིངས་པ་དང་ཐར་པ་དག་མེད་པ་བཞིན་ནོ། །ནང་གི་དངོས་པོ་རྣམས་ལ་ནི་བཅིངས་པ་དང་ཐར་པ་དག་ཡོད་དེ། གང་གི་ ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས། དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་ལ་ནི་འཁོར་བ་རིང་། །ཞེས་གསུངས་པ་དང་། དེ་བཞིན་དུ་འཁོར་བའི་བཙོན་ར་ནས་ཡང་དག་པར་བཟླ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་ཏོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། 98-78a འདིར་བཤད་པ། གལ་ཏེ་དངོས་ཉིད་ཡོད་འདོད་དེ། །འཁོར་དང་ཐར་པ་ཡོད་ཕྱིར་ན། །གང་ཚེ་ཇི་ལྟར་རྣམ་བརྟགས་པ། །དེ་དག་རང་བཞིན་རྣམ་དཔྱད་ན། །ངེས་གཟུང་མེད་པ་དེ་ཡི་ཚེ། །ཇི་ལྟར་བཅིངས་ཤིང་གང་ནས་ཐར། །གང་གི་ཚེ་ མཚན་ཉིད་བྱེད་པ་དག་གིས་ཇི་ལྟར་རྣམ་པར་བརྟགས་པའི་ནང་གི་དངོས་པོ་དེ་དག་གི་རང་བཞིན་རྣམ་པར་གཞག་པ་ཇི་སྐད་བསྟན་པའི་རིམ་པས་རྣམ་པར་དཔྱད་པ་ན། །ངེས་པར་གཟུང་དུ་མེད་པ་དེའི་ཚེ་ན་གང་ཞིག་དེ་ལྟར་བཅིངས་ཤིང་གང་ནས་ཐར་བར་འགྱུར་ཏེ། དེའི་ཕྱིར་གཏན་ཚིགས་ཀྱི་ དོན་མ་གྲུབ་པ་ཉིད་དོ། །ཅི་བཅིངས་པ་དང་ཐར་པ་དག་མི་འཐད་པ་ཁོ་ན་ཡིན་ནམ་ཞེ་ན། དེའི་ཕྱིར་འདུ་བྱེད། ངོ་བོ་ཉིད་ཡོད་མ་ཡིན་པ། །སྒྱུ་མ་རྨི་ལམ་ལྟ་བུ་དང་། །རང་གི་རྒྱུ་དང་རྐྱེན་དབང་ལས། །བདག་ཉིད་ཁྱད་པར་འཐོབ་ལ་འཐད། །ཅེས་བྱ་བ་སྨྲས་ཏེ། གང་དག་ལ་འདུ་བྱེད་ རྣམས་ངོ་བོ་ཉིད་ཡོད་པ་དེ་དག་ནི་སྔར་དཔྱད་པའི་གཏན་ཚིགས་དག་གི་ཕྱིར་བཅིངས་པ་དང་ཐར་བ་དག་མི་འཐད་དོ། །འདུ་བྱེད་རྣམས་ངོ་བོ་ཉིད་ཡོད་པ་མ་ཡིན་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་རང་གི་རྒྱུ་དང་རྐྱེན་གྱི་དབང་ལས་སྐད་ཅིག་མ་སྔ་མ་དང་མཚན་ཉིད་མི་འདྲ་བའི་རང་གི་བདག་ཉིད་ཀྱི་ཁྱད་པར་ ཐོབ་པ་དག་ལ་ནི་བཅིངས་པ་དང་ཐར་པ་དག་འཐད་དོ། །ཇི་ལྟར་ཞེ་ན། འདི་ན་འདུ་བྱེད་ཀྱི་ཚོགས་ཐོག་མ་མེད་པའི་དུས་ན་ཞུགས་པ་བདག་དང་བདག་གིར་འཛིན་པའི་འཛིན་ཁྲིས་ཟིན་པ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པ་ལས་ཡང་དག་ པའི་ཤེས་པ་བསྐྱེད་པས། བཅིང་བ་མཐའ་དག་བཀྲོལ་ཞིང་འཁོར་བའི་བཙོན་ར་ནས་ཡང་དག་པར་འདས་པའི་ཐར་པ་ཞེས་བྱ་བ་ཐ་སྙད་དུ་གཏོགས་པའི་ཤེས་རབ་ཀྱིས་ཐ་སྙད་གདགས་པ་འཐད་དོ། །དོན་དམ་པར་ནི་མ་ཡིན་ཏེ། དེ་ལྟར་ཡང་ཇི་སྐད་དུ། དེ་བཞིན་གཤེགས་ པས་འཁོར་བ་ལྡོག་པར་མཛད་ཀྱང་དེར་འགའ་ཡང་འཁོར་བ་མེད་ལ། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་སྟོན་པར་མཛད་ཀྱང་དེར་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །རང་གི་སྡེ་པ་ཁ་ཅིག་ན་རེ། རྒྱུ་དང་རྐྱེན་གཅིག་ནས་གཅིག་ཏུ་བརྒྱུད་ 98-78b པའི་རྒྱུན་འབྲེལ་པའི་མིང་དང་གཟུགས་འདོད་ཆགས་ལ་སོགས་པ་དང་། ལྷན་ཅིག་སྐྱེས་པ་ཐར་པའི་མི་མཐུན་པའི་ཕྱོགས་དང་ལྡན་པ་ནི་བཅིངས་པ་ཞེས་བྱ་བ་ལ། བཅིངས་པ་ལ་དམ་པའི་ཆོས་མཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་བྱུང་བའི་ཡང་དག་པའི་ཤེས་པའི་སྒྲོན་མ་ མི་ཤེས་པའི་མུན་པ་དང་བྲལ་བ་སྐྱེས་པས་འདོད་ཆགས་ལ་སོགས་པའི་འཆིང་བ་ལས་གྲོལ་བ་ནི་ཐར་པ་ཞེས་བྱ་བའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། མིང་དང་གཟུགས་ནི་དོན་དམ་དུ། །འཁོར་བར་རིགས་པ་མ་ཡིན་ཏེ། །འདུས་བྱས་ཡིན་ཕྱིར་ཕྱི་རོལ་གྱི། །ས་ལ་སོགས་ པ་མི་འདོད་བཞིན། །ཞེས་བྱ་བ་ལ་མིང་ནི་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་གོ། །གཟུགས་ནི་ལུས་དང་དབང་པོ་ཞེས་བྱ་བའི་ཚོགས་སོ། །དེ་ནི་དོན་དམ་པར་ན་འཁོར་བར་འབྱུང་ཞིང་འགྲོ་བ་དང་ཀུན་དུ་འགྲོ་བར་མི་རིགས་ཏེ། རྒྱུ་དང་རྐྱེན་དག་གིས་མངོན་པར་འདུས་བྱས་པའི་ ཕྱིར། དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་དག་འདུས་བྱས་ཡིན་པའི་ཕྱིར་འཁོར་བར་མི་འདོད་པ་བཞིན་ནོ། །དེ་ཐར་པ་ཡང་མི་འཐད་དེ། ཇི་ལྟར་ཞེ་ན། མིང་གཟུགས་དོན་དམ་ཉིད་དུ་ན། །ཇི་ལྟར་ཡང་ནི་ཐར་མི་འགྱུར། །སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིར། །ཕྱི་རོལ་ཆུ་ལ་སོགས་ པ་བཞིན། །ཞེས་བྱ་བ་ནི་འདི་ལ་དེའི་རྒྱུན་ཐར་པར་བརྟག་གམ་སྐད་ཅིག་མ་ཐར་པར་བརྟག་གྲང་ན། དེ་ལ་རེ་ཞིག་རྒྱུན་ནི་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཆུའི་རླབས་འབྱུང་བ་དང་འགག་པ་བཞིན་ལ་སྐད་ཅིག་མ་ཡང་བཅིངས་པ་ནི་བཅིངས་པའི་དུས་ཉིད་དུ་ཞིག་པའི་ཕྱིར་དང་། དུས་ཕྱི་མར་འབྱུང་བ་ཡང་བཅིངས་བཞིན་ཁོ་ནར་འབྱུང་བའི་ཕྱིར་ཐར་པར་ག་ལ་འགྱུར་ཏེ། དེ་ལྟར་རེ་ཞིག་མིང་དང་གཟུགས་ལ་བཅིངས་པ་དང་ཐར་པ་དག་མི་འཐད་དོ། །གནས་མ་བུའི་སྡེ་པ་དག་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལས་གཞན་པའི་གང་ཟག་འཁོར་བ་དང་ ཐར་པར་འདོད་པས་དེ་དགག་པའི་ཕྱིར་བཤད་པ། གང་ཟག་ཡང་དག་ཉིད་དུ་ནི། །འཁོར་དང་ཐར་བར་མི་འགྱུར་ཏེ། །གདགས་བྱ་ཡིན་ཕྱིར་ཁང་པ་བཞིན། །བརྗོད་བྱ་ཡིན་ཕྱིར་དྲི་དང་འདྲ། །ཞེས་བྱ་བ་ནི་དཔེར་ན་རྩྭ་དང་ཤིང་དང་ས་དང་སྨྱིག་མ་དང་རྡོ་བ་དང་སོ་ཕག་ལ་སོགས་ 98-79a པ་དག་གིས་ཁང་པར་གདགས་པ་དེ་བཞིན་དུ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་བརྟེན་ནས་གང་ཟག་ཏུ་གདགས་པར་ཟད་པས་དེ་དག་མེད་པར་དེ་བསྟན་དཀའོ། །དེའི་ཕྱིར་གང་ཟག་ནི་ཁང་པ་ལ་སོགས་པ་བཞིན་དུ་གདགས་པར་བྱ་བ་ ཡིན་པའི་ཕྱིར་དང་། དྲི་བཞིན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་བཅིངས་པ་དང་ཐར་པ་མེད་དོ། །ཡང་ན་གང་ཟག་དེ་ནི་ཡོད་པ་ཉིད་མ་ཡིན་ཏེ། གཟུགས་སུ་རུང་བ་དང་མྱོང་བ་དང་མཚན་མར་འཛིན་པ་དང་མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་དག་ལས་གཞན་ པའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་པས། དེའི་ཕྱིར་བཤད་པ། ཡང་ན་གང་ཟག་གང་ཟག་མིན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིར། །ཤེས་བྱ་ཡིན་ཕྱིར་འོང་བ་བཞིན། །ཞེས་བྱ་བ་ནི་འདི་ལ་གང་ཟག་ དེ་ཕུང་པོ་ལ་སོགས་པ་ལས་གཞན་ཞིག་ཡིན་ནམ། གཞན་མ་ཡིན་པ་ཞིག་ཡིན་གྲང་ན། གལ་ཏེ་གཞན་ཡིན་ན་ནི་མཚན་ཉིད་མེད་པར་འགྱུར་རོ། །གཞན་མ་ཡིན་ན་ནི་ཕུང་པོ་ལ་སོགས་པ་ཞིག་པ་ན་གང་ཟག་ཀྱང་འཇིག་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་གང་ཟག་དེ་གཅིག་པ་ཉིད་ དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་ཀྱང་མ་ཡིན་ལ། རྫས་སུ་ཡང་ཡོད་པར་འདོད་དོ་ཞེ་ན། དེ་ལྟ་ཡང་མི་རིགས་ཏེ། གང་ཟག་བརྗོད་དུ་མེད་ཕྱིར་བས། །རྫས་སུ་ཡོད་པ་མ་གྲུབ་སྟེ། །དྲི་དང་དཀར་སྔོར་བརྗོད་མེད་པའི། །མོ་གཤམ་བུས་ནི་མ་ངེས་འགྱུར། ། ཞེས་བྱ་བ་ལ་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བ་འདིས་ནི་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དུ་སྟོན་ཏེ། བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་གང་ཟག་དེ་རྫས་སུ་ཡོད་པར་མི་འགྲུབ་སྟེ། ཅི་རེ་ཞིག་དྲི་བརྗོད་དུ་མེད་ཀྱང་རྫས་སུ་ཡོད་པ་བཞིན་དུ་གང་ཟག་ཀྱང་ བརྗོད་དུ་མེད་པའི་ཕྱིར་རྫས་སུ་ཡོད་པར་འགྱུར་རམ། འོན་ཏེ་མོ་གཤམ་གྱི་བུ་དཀར་པོ་དང་སྔོན་པོར་བརྗོད་དུ་མེད་པའི་ཕྱིར་རྫས་སུ་མེད་པ་བཞིན་དུ་གང་ཟག་ཀྱང་བརྗོད་དུ་མེད་པའི་ཕྱིར། རྫས་སུ་མེད་པར་འགྱུར་བ་མ་ངེས་པས་དེ་རྫས་སུ་ཡོད་པ་ཉིད་ཉམས་སོ། །དེ་ལྟར་ཕུང་པོ་བདག་ 98-79b མེད་ཅིང་། །སྲོག་མེད་སེམས་ཅན་ཡོད་མིན་པ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་གང་ཟག་དགག་པ་དང་འདྲ་བའི་ཕྱིར་རོ། །ཞེས་བྱ་བར་བསམས་སོ། །དེ་ལ་བདག་ཅེས་བྱ་བ་ནི་གྲངས་ཅན་དང་བྱེ་བྲག་པ་དག་གི་གཞུང་ལས་ རྒྱུན་དུ་འགྲོ་བའམ། འབྱུང་པོ་ཐམས་ཅད་ཀྱིས་བརྟག་པར་བྱ་བ་ཡིན་པའི་ཕྱིར་བདག་ཅེས་བྱའོ། །སྲོག་ཅེས་བྱ་བ་ནི་གཅེར་བུ་པ་དག་གི་གཞུང་ལས་འཚོ་བའི་དོན་གྱིས་སྲོག་ཅེའོ། །སེམས་ཅན་ཞེས་བྱ་བ་ནི་རྒོལ་བ་ཐམས་ཅད་ཀྱི་གཞུང་ལས་ཡོད་པའི་དངོས་པོ་ནི་སེམས་ཅན་ནོ་ཞེ་ འམ། །འགྲོ་བ་རྣམས་སུ་སྦྱོར་བ་ནི་སེམས་ཅན་ནོ་ཞེའོ། །གང་ཟག་ཅེས་བྱ་བ་ནི་གནས་མ་བུའི་སྡེ་པ་དག་གི་གཞུང་ལས་ཡང་འགྲོ་བ་ལེན་པའི་ཕྱིར་གང་ཟག་ཅེའོ། །བདག་བཀག་པ་བཞིན་དུ་སྲོག་དང་གང་ཟག་དགག་པ་ཡང་འདྲ་བར་མཐོང་ནས། ལུས་དང་དབང་པོའི་ ཚོགས་རྣམས་ལ། །དེ་ཉིད་དུ་ན་བདག་མེད་འདོད། །རྒྱུ་དང་ལྡན་ཕྱིར་ཀ་བ་བཞིན། །ཡང་ན་བསགས་ཕྱིར་གྲོག་མཁར་བཞིན། །ཞེས་བྱ་བ་སྨྲས་ཏེ། བདག་མེད་ཅེས་བྱ་བ་ནི་དེ་དག་ལས་བདག་བྲལ་བའི་ཕྱིར་བདག་མེད་དོ། །གྲོག་མཁར་བཞིན་ཞེས་བྱ་ནི་གྲོག་མའི་བྲུན་བཞིན་ ནོ་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་ཅན་དག་ན་རེ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དྲན་པ་དང་ངོ་ཤེས་པ་དང་། ཤེས་པ་སྐྱེ་བ་ལ་སོགས་པའི་གཏན་ཚིགས་དག་གིས་ལུས་དང་དབང་པོའི་ཚོགས་དག་ནི་བདག་དང་བཅས་པ་ཡིན་ནོ། །བུམ་པ་དང་སྣམ་བུ་ལ་སོགས་པ་བདག་ མེད་པ་དག་ལ་ནི་དྲན་པ་དང་ངོ་ཤེས་པ་སྐྱེ་བ་མ་མཐོང་བས་དེའི་ཕྱིར་དྲན་པ་ལ་སོགས་པ་དག་ནི་བདག་གི་ཆོས་ཡིན་པའི་ཕྱིར། དེས་ན་བདག་ཡོད་པ་ཁོ་ནར་རྗེས་སུ་དཔག་གོ་ཞེས་ཟེར་རོ། །འདིར་བཤད་པ། དྲན་པ་དང་ནི་ངོ་ཤེས་དང་། །ཤེས་སྐྱེ་ལ་སོགས་གཏན་ཚིགས་ ཀྱིས། །བདག་ཡོད་ཉིད་དུ་དམ་བཅའ་བ། །གཏན་ཚིགས་རྣམས་ནི་མ་གྲུབ་ཉིད། །ཅེས་བྱ་བ་ལ། ཇི་ལྟར་ཉམས་སུ་མྱོང་བའི་ཡུལ་དྲན་པ་ནི་དྲན་པའི་ཆོས་སོ། །ངོ་ཤེས་པ་ནི་འདུ་བྱེད་ཀྱི་ཆོས་སོ། །རྟོག་གེའི་ཡུལ་ལ་ཤེས་པ་སྐྱེ་བ་དེ་དག་ནི་བདག་མེད་ཀྱང་རྒྱུ་དང་རྐྱེན་སོ་སོར་ངེས་ 98-80a པ་ཚོགས་པའི་དབང་ལས་སེམས་དང་སེམས་ལས་བྱུང་བའི་རྣམ་གྲངས་ཀྱི་གནས་སྐབས་ཀྱི་ཁྱད་པར་དེ་དག་འབྱུང་བར་འགྱུར་བས། དེའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་རྣམས་ནི་སངས་རྒྱས་པ་དག་ལས་གཞན་དུ་མ་གྲུབ་པ་ཉིད་དང་། ཕུང་པོ་ལས་གཞན་པའི་ བདག་མེད་པའི་ཕྱིར་གཞི་མ་གྲུབ་པ་ཉིད་ཀྱང་ཡིན་ནོ། །གཞན་ཡང་། གལ་ཏེ་དབང་བཅས་ལུས་ལ་ནི། །བདག་ཡོད་ཉིད་དུ་སྒྲུབ་བྱེད་ན། །གཏན་ཚིགས་ཐུན་མོང་ཉིད་མི་འགྱུར། །རྗེས་སུ་འགྲོ་བ་མེད་ཕྱིར་རོ། །ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་ལུས་ལ་དྲན་པ་ལ་སོགས་པ་ དམིགས་པའི་ཕྱིར་བདག་ཡོད་པ་ཉིད་དུ་སྒྲུབ་པ་ནི་ཅི་དང་འདྲ་ཞེས་བྱ་བའི་ཆོས་མཐུན་པའི་དཔེ་མེད་པའི་ཕྱིར་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་རོ། །དྲན་པ་ལ་སོགས་པ་བདག་མེད་པ་དག་ལ་ཡང་དྲན་པ་དང་ངོ་ཤེས་པ་དང་། ཤེས་པ་སྐྱེ་བ་དག་མཐོང་བའི་ཕྱིར་དྲན་པ་ལ་སོགས་ པའི་གཏན་ཚིགས་དག་གི་དོན་འགལ་བ་ཉིད་ཀྱང་ཡིན་ནོ། །གལ་ཏེ་འདི་སྙམ་དུ་བདག་ཅེས་བྱ་བའི་སྒྲ་ནི་ཁ་ཅིག་ལ་ཉེ་བར་གདགས་སུ་རུང་བའི་ཕྱིར་དོན་ཇི་ལྟ་བ་བཞིན་ཉིད་དེ། དཔེར་ན་བྲམ་ཟེའི་ཁྱེའུ་སེང་གེ་ཞེས་བྱ་བ་ཡང་བྲམ་ཟེའི་ཁྱེའུ་དེ་ལ་གཡེར་བག་དང་། གཏུམ་བག་དང་། མཐུ་རྩལ་ ལ་སོགས་པ་དག་སྣང་བས་དེ་ལ་སེང་གེ་ཞེས་བྱ་བའི་ཐ་སྙད་ཉེ་བར་གདགས་སུ་ཡོད་པ་ལས་ན། ལོགས་ཤིག་ན་སེང་གེ་ཞེས་བྱ་བ་རལ་པ་སྤུངས་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རི་དྭགས་ཀྱི་རྒྱལ་པོ་དངོས་ཡོད་པར་ཤེས་པ་དེ་བཞིན་དུ་ལུས་དང་དབང་པོ་དང་བློའི་ཚོགས་སྐད་ཅིག་མ་ལ་ དྲན་པ་དང་ངོ་ཤེས་པ་དང་། ཤེས་པ་སྐྱེ་བ་ལ་སོགས་པ་ཉེ་བར་གདགས་པ་སྣང་བ་ལས་ན་བདག་ཅེས་བྱ་བ་དངོས་པོ་གང་ལ་དེ་དག་ཡོད་པའི་བདག་དེ་ཡོད་པ་ཁོ་ན་ཡིན་ནོ་སྙམ་དུ་ཕ་རོལ་པོ་དག་དྲན་པ་ལ་སོགས་པའི་ཉེ་བར་གདགས་པ་ཡོད་པའི་སྒོ་ནས། ལུས་དང་དབང་པོ་དང་བློའི་ ཚོགས་དེ་ལས་གཞན་པའི་བདག་ཡོད་དོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས་འདིར་སློབ་དཔོན་གྱིས་བཤད་པ། གལ་ཏེ་བདག་སྒྲ་དོན་བཞིན་ཏེ། །འགའ་ལ་ཉེ་བར་གདགས་པའི་ཕྱིར། །སེང་གེའི་སྒྲ་དང་འདྲ་ཞེ་ན། །བདག་ནི་གྲུབ་པ་ཉིད་མི་འགྱུར། །ཞེས་བྱ་བ་ནི་གང་ 98-80b གི་ཕྱིར་དཔེ་མེད་པ་དང་། གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་སྒྲ་གང་ཁ་ཅིག་ལ་ཉེ་བར་གདགས་པ་དེ་ནི་འདུས་པའི་ཚོགས་ལ་མཐོང་སྟེ། སེང་གེ་ལ་སོགས་པའི་སྒྲ་བཞིན་ནོ། །བདག་ནི་འདུས་པའི་བདག་ཉིད་མ་ཡིན་པས་དེའི་ཕྱིར་འདུས་པའི་བདག་ཉིད་མ་ཡིན་པ་གང་ ལ་ཡང་ཉེ་བར་གདགས་པ་མི་སྣང་བའི་ཕྱིར་དཔེ་མེད་དོ། །གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། །འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ། དཔེར་ན་ཡན་ལག་ཚོགས་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཅི་སྟེ་རྣམ་ཤེས་ཡུལ་ལ་ནི། །དོན་བཞིན་ གཞན་ལ་སྒྲུབ་ཅེ་ན། །རྟག་དང་ཀུན་འགྲོ་སོགས་བྲལ་ཕྱིར། །འགལ་བ་ཉིད་དུ་འགྱུར་བ་ཡིན། །ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་སངས་རྒྱས་པ་ལ་རྣམ་པར་ཤེས་པ་ལ་དོན་ཇི་ལྟ་བ་བཞིན་གྱི་བདག་དངོས་ཡིན་པར་ཐ་སྙད་གདགས་པ་གྲུབ་པ་དེ་ཁོ་བོ་ཅག་བདག་དམ་པ་གཞན་ལ་དོན་ཇི་ལྟ་བ་ བཞིན་གྱི་བདག་དངོས་ཡིན་པར་ཐ་སྙད་གདགས་སུ་རུང་བར་སྒྲུབ་པོ་ཞེ་ན། དེ་ལྟར་ན་བདག་དམ་པ་དེ་རྣམ་པར་ཤེས་པ་ཁོ་ན་བཞིན་དུ་རྟག་པ་དང་ཀུན་ཏུ་འགྲོ་བ་ལ་སོགས་པ་དང་བྲལ་བས་དེའི་ཕྱིར་རྣམ་པར་ཤེས་པ་བཞིན་དུ་རྗེས་སུ་དཔོག་པས་མི་རྟག་པ་དང་། ཀུན་ཏུ་འགྲོ་བ་མ་ཡིན་ པ་ཉིད་ཀྱིས་བདག་དམ་པ་ཆོས་ཅན་དེའི་རང་གི་ངོ་བོ་གསལ་བའི་ཕྱིར་འགལ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གང་ལའང་དོན་དམ་དུ། །བཅིངས་དང་ཐར་པ་ཡོད་མི་འདོད། །ཅེས་བྱ་བ་ནི་མིང་དང་གཟུགས་སམ། གང་ཟག་གམ། བདག་གང་ལ་ཡང་བརྟག་མི་བཟོད་པའི་ཕྱིར་རོ་ཞེས་བྱ་ བའི་ཐ་ཚིག་གོ། །སོང་དང་མ་སོང་བགོམ་པ་ཡི། །དེ་བཞིན་སེམས་ལ་ལྷག་མ་བཤད། །ཅེས་བྱ་བ་ནི་ཇི་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་མི་འཐད་པ་དེ་བཞིན་དུ་སེམས་ཀྱང་བཅིངས་པའམ་མ་བཅིངས་པའམ། འཆིང་བ་བཞིན་པ་ཞིག་འཆིང་གྲང་། །གྲོལ་བ་ཡང་ 98-81a གྲོལ་བའམ་མ་གྲོལ་བའམ་གྲོལ་བཞིན་པ་ཞིག་འགྲོལ་གྲང་ན། དེ་ལ་རེ་ཞིག་བཅིངས་པ་ལ་ནི་ཡང་འཆིང་བ་དོན་མེད་དོ། །མ་བཅིངས་པ་ལ་ཡང་འཆིང་བ་མེད་པའི་ཕྱིར་གྲོལ་བ་བཞིན་དུ་འཆིང་བ་མེད་དོ། །འཆིང་བཞིན་པ་ལ་ཡང་གཉི་གའི་སྐྱོན་དུ་འགྱུར་ རོ། །གྲོལ་བ་ལ་ཡང་འགྲོལ་བ་མེད་དེ། བཅིངས་པ་མེད་པའི་ཕྱིར་རོ། །མ་གྲོལ་བ་ལ་ཡང་འགྲོལ་བ་མེད་དེ། དཔེར་ན་ཉོན་མོངས་པ་མཐའ་དག་གིས་བཅིངས་པ་བཞིན་ནོ། །ཅི་སྟེ་གྲོལ་བཞིན་པ་ལ་འགྲོལ་བ་ཡོད་དེ། མཚན་ཉིད་ལས། མི་སློབ་སེམས་ནི་ སྐྱེ་བཞིན་པ། །སྒྲིབ་པ་ལས་ནི་རྣམ་པར་འགྲོལ། །ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། འགྲོལ་བཞིན་པ་དེ་ཡང་གང་ཡིན། གལ་ཏེ་བཅིངས་པ་ཡིན་ན་ནི། །བཅིངས་པ་དང་འགྲོལ་བ་གཉིས་དུས་གཅིག་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་མ་བཅིངས་པ་ཡིན་ན་ནི་དེ་གང་ ལས་གྲོལ་བར་འགྱུར། གལ་ཏེ་གཉིས་ཀའི་བདག་ཉིད་གཅིག་ན་ནི་མི་མཐུན་ཏེ་གལ་ཏེ་བཅིངས་པ་ཡིན་ན་ནི་གྲོལ་བ་མ་ཡིན་ལ། འོན་ཏེ་གྲོལ་བ་ཡིན་ན་ནི་བཅིངས་པ་མ་ཡིན་ནོ། །གལ་ཏེ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་ན་ནི་ངོ་བོ་ཉིད་ཉམས་སོ། །སློབ་པའི་སེམས་སེམས་སྔ་མའི་ སྐད་ཅིག་མ་ལ་ལྟོས་ནས་རྣམ་པར་གྲོལ་བར་རྟོག་པ་ལ་ནི་ཐ་སྙད་ཡིན་པའི་ཕྱིར་འདོད་པ་ཉམས་སོ། །དེའི་ཕྱིར་སེམས་ལ་ཡང་དོན་དམ་པར་ནི་བཅིངས་པ་དང་ཐར་པ་དག་མི་འཐད་དོ། །དེའི་ཕྱིར་ལུང་ལས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་འཁོར་བ་སེལ་བར་མི་མཛད་ལ། མྱ་ངན་ལས་ འདས་པ་སྒྲུབ་པར་ཡང་མི་མཛད་དེ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཉམ་པ་ཉིད་ལ་འཁོར་བར་འགྱུར་བ་ཡང་མེད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་མེད། ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང་མེད། རྣམ་པར་བྱང་བར་འགྱུར་བ་ཡང་མེད་པའི་ཕྱིར་རོ་ ཞེས་གསུངས་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཡོད་པ་མ་ཡིན་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆགས་པས་ཆོས་རྣམས་མི་ཤེས་ཤིང་། །ཆགས་པས་ཆོས་རྣམས་མི་མཐོང་སྟེ། །མི་གང་ 98-81b འདོད་ཆགས་བསྟེན་བྱེད་པ། །དེ་ཚེ་མུན་པས་མུན་ནག་འགྱུར། །ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཉེས་དམིགས་བསྟན་པ་མཛད་ཅིང་། གང་དག་འཕགས་པའི་ཤེས་རབ་ཀྱིས་ངོམས་པ་དེ་དག་ནི་ངོམས་པའོ་ཞེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་རྣམ་པར་བྱང་ བའི་ཡོན་ཏན་བསྔགས་པར་མཛད་ཅེ་ན། བཤད་པ། ཆགས་པ་སྒྱུ་མ་ལྟ་བུའི་འདུ་བྱེད་ཀྱི་ཚོགས་འདོད་ཆགས་ལ་སོགས་པའི་འཇུག་པ་ཤས་ཆེ་བ་དྲི་ཟའི་གྲོང་ཁྱེར་གྱི་བུད་མེད་བཟང་མོ་ལ་ཆགས་པ་ལྟ་བུ་དང་། དེའི་ཉེས་དམིགས་མཐོང་བ་ལ་བརྟེན་ནས་ཀུན་རྫོབ་པའི་འདོད་ ཆགས་ལ་སོགས་པ་དེ་དག་ནི་ཡོད་པ་ཁོ་ན་ཡིན་ནོ། །དོན་དམ་པར་ནི། གང་ཚེ་སེམས་ནི་འགག་པ་ལ། །མངོན་དུ་ཕྱོགས་ཤིང་སྐྱེས་པའི་ཚེ། །གང་ལ་གང་གིས་ཆགས་པར་འདོད། །ཆགས་པ་འགའ་ལའང་མི་འདོད་དོ། །ཞེས་བྱ་བ་ནི་འདི་ལ་འདོད་ཆགས་དང་ལྷན་ ཅིག་སྐྱེས་པའི་སེམས་ལ་ཆགས་པ་ཞེས་ཐ་སྙད་གདགས་པ་ཡིན་ན་དེ་ཡང་གང་གི་ཚེ་འགག་པ་ལ་མངོན་དུ་ཕྱོགས་བཞིན་ཁོ་ནར་སྐྱེས་པ་དེའི་ཚེ་ན་སེམས་འགག་པའི་ཆོས་ཅན་དེ་ལ། གང་ལ་འདོད་ཆགས་གང་གིས་ཆགས་པར་འགྱུར། གཞན་ཡང་འདོད་ཆགས་པ་གང་ཡིན་པ་དེ་ཡང་ འགགས་ཤིང་ཉམས་པ་ན་ཆགས་པ་ལ་ཡང་འདོད་ཆགས་སྐྱེ་བར་མི་འདོད་དེ། འདོད་ཆགས་སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཆགས་པ་མ་ཡིན་པའི་སེམས་ཀྱི་སྐད་ཅིག་མ་ལ་ཡང་འདོད་ཆགས་ཡོད་པར་མི་འདོད་དེ། འདོད་ཆགས་དང་བྲལ་བ་བཞིན་ནོ། །གལ་ཏེ་སྐྱེ་བཞིན་ ཆགས་ཤེ་ན། །དེ་ཅི་གལ་ཏེ་སྐྱེ་མངོན་ཕྱོགས། །ཞེས་བྱ་བ་ནི་གལ་ཏེ་སེམས་སྐྱེ་བཞིན་པ་ཆགས་པར་འགྱུར་རོ་ཞེ་ན། སྐྱེ་བཞིན་པ་དེ་ཅི་སྐྱེས་པའམ་མ་སྐྱེས་པ་ཞིག་ཡིན། གལ་ཏེ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ཏེ། དེ་ནི་སྐྱེས་པ་མ་ཡིན་ཏེ། ཡོངས་སུ་མ་གྲུབ་པའི་ཕྱིར་རོ། ། མ་སྐྱེས་པ་ཡང་མ་ཡིན་ཏེ་བྱ་བ་འཇུག་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན། མ་སྐྱེས་པ་ལ་དེ་མི་འདོད། །གཞི་མེད་བྱ་བ་མི་ལྡན་ཕྱིར། །ཞེས་བྱ་བར་འགྱུར་རོ། །འདི་ལྟར་བྱ་བ་ནི་བྱེད་པ་པོ་ལ་བརྟེན་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ཟ་བར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་ཡིན་ན། སྐྱེ་བཞིན་ 98-82a པ་ནི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་པས་མ་སྐྱེས་པ་ཡིན་པས་དེ་ཅི་ལྟར་སྐྱེ་བའི་བྱ་བ་དང་ལྡན་པར་འགྱུར། གལ་ཏེ་སྐྱེ་བཞིན་པ་ནི་བརྗོད་པར་བྱ་བ་མ་ཡིན་པའོ་ཞེ་ན། དེ་ལྟ་ན་དེ་སྐྱེས་པ་ཉིད་དང་མ་སྐྱེས་པ་ཉིད་དུ་བརྗོད་པར་མི་ནུས་པས། སྐྱེ་བཞིན་སྐྱེས་དང་ མ་སྐྱེས་པར། །བརྗོད་པ་མིན་ལའང་ཆགས་པ་མེད། །བརྗོད་མེད་སེམས་ཀྱང་ཆགས་མིན་ཏེ། །བརྗོད་དུ་མེད་ཕྱིར་འདོད་ཆགས་བཞིན། །ཞེས་བྱ་བར་འགྱུར་ཏེ། གང་གི་ཕྱིར་འདོད་ཆགས་ཀྱང་ཆགས་པ་ཉིད་དམ་ཆགས་པ་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས། ཇི་ལྟར་འདོད་ཆགས་ལས་ཆགས་པ་མེད་པ་བཞིན་དུ་སེམས་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སེམས་ནི་ཆགས་པ་ཡི། །རྣམ་པར་སྐྱེས་པ་ཆགས་འདོད་དེ། །ཤེལ་ལ་ཚོན་ཆགས་བློ་བཞིན་ན། །དེའི་བློ་ཇི་ལྟར་ཆགས་ཉིད་ཡིན། །ཞེས་བྱ་བ་ནི་ཆགས་པ་དང་། ལྷག་པར་ཆགས་པ་དང་འདོད་ཆགས་ཞེས་བྱ་བ་དག་ནི་རྣམ་གྲངས་ཏེ། སེམས་དེ་དག་གི་རྣམ་པར་ཡོངས་སུ་གྱུར་པ་ཆགས་པར་འདོད་དེ། ཤེལ་ལ་ཚོན་གྱིས་ཆགས་པའི་བློ་བཞིན་ནོ། །ཞེས་ཕ་རོལ་པོའི་བསམ་པ་ཉེ་བར་བཞག་པའི་དཔེ་དེ་ལ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་དུ་ སྟོན་ཏེ། ཇི་ལྟར་འཇིག་རྟེན་ནོར་བུ་ཤེལ་ལ་ཁ་བསྒྱུར་བའི་རྐྱེན་ཉེ་བར་གྱུར་པ་ན། དེའི་བདག་ཉིད་དུ་ཡོངས་སུ་གྱུར་པ་ལ་ཆགས་པ་ཞེས་ཉེ་བར་འདོགས་པས་དེའི་བློ་ཡང་ཆགས་པ་ཉིད་དུ་ཉེ་བར་བཏགས་པ་ཁོ་ནར་ཟད་དོ། །རིགས་པའི་སྒོ་ནས་ནི་རེ་ཞིག་ནོར་བུ་ཤེལ་དེ་ཉིད་ཀྱང་ ཆགས་པ་མ་ཡིན་ན་དེའི་བློ་ལྟ་ཆགས་པ་ཉིད་དུ་ག་ལ་འགྱུར། དེ་བཞིན་དུ་སེམས་ཀྱི་སྐད་ཅིག་མ་ཡང་དང་པོ་ཡུལ་དང་ཕྲད་པ་ན་ཆགས་པའི་རྣམ་པར་ཡོངས་སུ་གྱུར་པ་ལ་ཆགས་པ་ཞེས་ཉེ་བར་གདགས་པར་ཟད་ཀྱི་དེ་ཆགས་པ་ཉིད་ནི་མ་ཡིན་ཏེ། །རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་ རྟོག་པ་དང་བྲལ་བའི་ཕྱིར་རོ། །དེས་མངོན་པར་བསྒྲུབས་པའི་སྐད་ཅིག་མ་གཉིས་པའི་བློ་སྐྱེ་བ་དེ་ལ་ནི་རེ་ཞིག་ཡུལ་ཉེ་བར་གནས་པ་མེད་དོ། །སེམས་ཀྱི་སྐད་ཅིག་མ་དང་པོའི་རྗེས་སུ་མྱོང་བ་ཡང་ཐ་སྙད་གདགས་སུ་རུང་བ་མ་ཡིན་པའི་ཕྱིར་དེ་ལ་ཡང་ཡུལ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཆགས་ 98-82b པ་མེད་པའི་ཕྱིར། །འདོད་ཆགས་རྟོག་པ་ཀུན་རྫོབ་ཡིན། །འདོད་ཆགས་བཞིན་དུ་ཆོས་རྣམ་ཀུན། །ཅི་རིགས་པར་ནི་ཤེས་པར་བྱ། །དངོས་པོ་རྫས་ལ་བརྟེན་རིགས་ན། །དེ་ཡང་དེ་ལས་དབྱེར་ཡོད་མིན། །ཞེས་བྱ་བ་ནི་འདི་ན་ཆགས་པར་བྱེད་པའི་དངོས་པོ་ནི་འདོད་ཆགས་ སོ། །དངོས་པོ་དེ་ཡང་རྫས་ལ་བརྟེན་ཏེ་དཔེར་ན་སྣམ་བུའི་ཚོན་དང་། འབྲས་ཆན་གྱི་ཚོས་པ་ཞེས་བྱ་བ་ལྟ་བུར་རིགས་གྲང་ན། དངོས་པོ་དེ་ཡང་རྫས་དེ་ལས་ཐ་དད་པར་དབྱེ་ཞིང་བསྟན་པར་མི་ནུས་ཏེ། །དཔེར་ན་སྣམ་བུ་ལས་ལོགས་ཤིག་ན་ཚོན་ཡོད་པ་མ་ཡིན་པ་དང་། འབྲས་ ཆན་ལས་ལོགས་ཤིག་ན་ཚོས་པ་ཡོད་པ་མ་ཡིན་པ་ལྟ་བུའོ། །དེའི་ཕྱིར་འདོད་ཆགས་འདིས་སེམས་འདི་ཆགས་སོ་ཞེས་བྱ་བའི་ཐ་སྙད་འདི་སྒྲུབ་པར་དཀའ་བའི་ཕྱིར་འདོད་ཆགས་ཀྱི་རྟོག་པ་ནི་ཀུན་རྫོབ་པ་ཡིན་ནོ། །དེ་ཕྱིར་འདོད་ཆགས་ཇི་བཞིན་དུ། །སེམས་ལའང་ཆགས་པ་ འཐད་མི་འགྱུར། །ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་པ་གཉིས་དབྱེར་མེད་པས་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །དེ་གཉིས་དབྱེར་མེད་པ་ནི་ཚད་མ་འདིས་སྒྲུབ་པར་བྱེད་དེ། འདོད་ཆགས་ཆགས་ལས་གཞན་མི་རིགས། །ཆགས་པ་ མ་བཟུང་གཟུང་མེད་ཕྱིར། །ཆགས་པ་ཉིད་བཞིན་ཞེས་བྱ་བ་ནི་འདོད་ཆགས་ནི་ཆགས་པ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ལ། །ཆགས་པ་ཡང་འདོད་ཆགས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་པས་དཔེར་ན་ཆགས་པ་ཉིད་བཞིན་ཏེ། འདོད་ཆགས་དང་ཆགས་པ་གཉིས་ཐ་དད་ པ་མ་ཡིན་པའི་ཕྱིར་རོ། །ཐ་དད་ནའང་། དེས་ནི་མི་ཆགས་གཞན་བཞིན་ནོ། །ཞེས་བྱ་བ་ནི་གང་དག་འདོད་ཆགས་ནི་ཆགས་པ་ལས་ཐ་དད་པ་ཡིན་ཏེ། །དཔེར་ན་ལེབ་རྒན་རྩི་དང་གུར་གུམ་ལ་སོགས་པ་གོས་པ་ཆགས་པ་བཞིན་དུ། ཁ་དོག་ཡིད་འཕྲོག་པ་དང་། སྒྲ་སྙན་པ་དང་། དྲི་ ཞིམ་པ་དང་། རོ་མངར་བ་དང་། རེག་བྱ་འཇམ་པ་ལ་སོགས་པ་དག་ལ་འདུན་པའི་འདོད་ཆགས་ཀྱི་སེམས་ཆགས་པར་འགྱུར་བར་འདོད་པ་དེ་ལ་ཡང་ཐ་དད་པ་ཉིད་ཡིན་པར་འདྲ་བཞིན་དུ་གཟུགས་ལ་སོགས་པས་ནི་སེམས་ཆགས་པར་འགྱུར་ལ། གཟུགས་ལ་སོགས་པ་དག་ 98-83a ཉིད་ནི་གཅིག་ལ་གཅིག་ཆགས་པར་མི་འགྱུར་བ་དང་། ཡུལ་ཡིད་དུ་མི་འོང་བ་དག་གིས་ཀྱང་ཆགས་པར་མི་འགྱུར་བ་འདི་ལ་གཏན་ཚིགས་ཀྱི་ཁྱད་པར་ཡང་དག་པར་བརྗོད་དགོས་སོ། །གཞན་ཡང་གལ་ཏེ་སེམས་ལས་ལོགས་ཤིག་ན་འདོད་ཆགས་ཞེས་བྱ་བ་ དམིགས་སུ་ཡོད་ཅིང་དེས་ཆགས་པ་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཕྱིར། དངོས་པོ་རྣམ་པར་རིག་པའི་སེམས། །འདོད་ཆགས་ལས་གཞན་ཡོད་མིན་ཏེ། །དམིགས་པ་ལ་སོགས་མཚུངས་ཕྱིར་དང་། །ཐ་དད་རྒྱུ་གཞན་མེད་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། རྣམ་པར་ཤེས་པའི་ མཚན་ཉིད་ནི་གཟུགས་ལ་སོགས་པའི་དངོས་པོ་སོ་སོར་རྣམ་པར་རིག་པ་ཡིན་ནོ། །དངོས་པོ་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་པ་ལས་ལོགས་ཤིག་ན་འདོད་ཆགས་ཀྱི་མྱོང་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ལས་ལོགས་ཤིག་ན་ཡུལ་གཞན་འགའ་ཡང་ ཡོད་པ་མ་ཡིན་པའི་ཕྱིར་དང་། གང་གིས་ཐ་དད་པར་འགྱུར་བའི་རྒྱུ་གཞན་མེད་པའི་ཕྱིར་རོ། །དེ་ཕྱིར་འདུས་པ་གཅིག་རང་ཉིད། །སྐྱེས་ལ་ལྟོས་ནས་འདུས་པ་ཅན། །ཐ་སྙད་བསྟན་པ་ཉིད་འདོད་དེ། །མེ་ཏོག་རྒྱས་པས་ཤིང་བཞིན་ནོ། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་ལུགས་ནི་ཡང་ དག་པའི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་འདོད་ཆགས་ལ་སོགས་པ་འདུས་པའི་ཡན་ལག་གཅིག་རང་གི་བདག་ཉིད་ཐོབ་པ་ལ་ལྟོས་ནས་སེམས་དང་སེམས་ལས་བྱུང་བ་འདུས་པ་ཅན་དག་ལ་འདོད་ཆགས་ལ་སོགས་པ་ཞེས་བྱ་བར་ཐ་སྙད་དུ་བསྟན་པ་ཉིད་དུ་འདོད་དེ། དཔེར་ན་རྩ་བ་དང་། མྱུ་ གུ་དང་ལྕུག་མ་དང་། སྦལ་མིག་དང་། ལོ་མ་དང་མེ་ཏོག་དང་། འབྲས་བུ་ལ་སོགས་འདུས་པ་ཡན་ལག་ཅན་གྱི་ཤིང་ལ་མེ་ཏོག་གམ་འབྲས་བུའི་ཡན་ལག་གང་ཡང་རུང་བ་ཅིག་ཤས་ཆེར་གྱུར་པ་མཐོང་བ་ལ་ལྟོས་ནས་ཤིང་མེ་ཏོག་རྒྱས་སོ་ཞེའམ། ལྗོན་པ་འབྲས་བུ་ཆགས་སོ་ ཞེས་ཐ་སྙད་གདགས་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་དེ་ཉིད་ལ་གནས་སྐབས་གཞན་གྱི་བྱེ་བྲག་གིས་འདོད་ཆགས་ལ་སོགས་པའི་ཐ་སྙད་དུ་གདགས་པར་ཟད་དེ། །དེ་ཡང་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་པས་འདོད་ཆགས་ཡོད་པ་མ་ཡིན་པའི་ 98-83b ཕྱིར། ཆགས་པ་ཡང་ག་ལ་ཡོད་ལ་ཀུན་ནས་ཉོན་མོངས་པ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ལུང་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འདོད་ཆགས་ཀྱི་ཆོས་ཅན་མ་ཡིན། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན། ཀུན་ནས་ཉོན་མོངས་པའི་ཆོས་ཅན་ མ་ཡིན། རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་གསུངས་པ་ལ་སོགས་པ་དེ་དག་ཉེ་བར་གཞག་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་དྲུག་པ། འདིར་སྨྲས་པ། འདོད་ཆགས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་སྤང་བ་བསྟན་ པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དགའ་བའི་འདོད་ཆགས་དང་ལྷན་ཅིག་སྐྱེས་པའི་སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བཤད་པ། ཇི་སྐད་བསྟན་པའི་ཚུལ་ གྱིས་འདོད་ཆགས་ཡོད་པ་མ་ཡིན་པའི་ཕྱིར། དེ་སྤངས་ཕྱིར་ནི་མྱ་ངན་འདས། །མི་རིགས་དེ་ཉིད་མི་འཐད་ཕྱིར། །མྱ་ངན་འདས་པ་དོན་དམ་དུ། །དངོས་དང་དངོས་མེད་མཚན་ཉིད་མིན། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་དོན་དམ་པར་དཔྱད་པ་མི་བཟོད་ པའི་ཕྱིར་དེ་ཉིད་མི་རིགས་སོ། །ཇི་ལྟར་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི་མྱ་ངན་ལས་འདས་པ་རྫས་སུ་ཡོད་པ་དང་། རྟག་པ་དང་རྟག་པའི་དངོས་པོ་བདག་ཉིད་དུ་འདོད་དོ། །མདོ་སྡེ་པ་དང་གོས་དམར་སྡེ་པ་དག་ནི་ཕུང་པོ་མེད་པ་ཙམ་སྟེ། མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་ སེམས་ནི་རྣམ་པར་ཐར། །ཞེས་བརྗོད་དོ། །གནས་མ་བུའི་སྡེ་པ་དག་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་དེ། གང་གི་ཕྱིར་མྱ་ངན་ལས་འདས་པ་ནི་ལུས་དང་དབང་པོ་དང་། བློ་མེད་པའི་ཕྱིར་དངོས་པོ་མེད་པ་ཡིན་ལ། གཏན་གྱི་བདེ་བ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ དངོས་པོ་ཡིན་ནོ་ཞེས་ཟེར་རོ། །དེའི་དངོས་པོ་དང་དངོས་པོ་མེད་པ་བཀག་པས་གཉི་གའི་བདག་ཉིད་ཀྱང་བཀག་པ་བྱས་པར་འགྱུར་བས་དེའི་ཕྱིར་རེ་ཞིག་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དགག་པར་བྱ་སྟེ། གལ་ཏེ་མྱ་ངན་འདས་དངོས་ན། །དངོས་པོ་ཡིན་ཕྱིར་དེ་འདུས་བྱས། ། 98-84a ཞེས་བྱ་བ་ལ་དངོས་པོ་ཞེས་བྱ་བ་འབྱུང་བའི་ཕྱིར་དངོས་པོ་སྟེ། རྒྱུ་དང་རྐྱེན་རྣམས་ཀྱིས་འདུས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོར་རྗེས་སུ་དཔོག་པས་འདུས་བྱས་ཉིད་ཀྱིས་འདུས་མ་བྱས་ཉིད་བསལ་བའི་ཕྱིར་ཆོས་ ཅན་གྱི་ངོ་བོ་ཉིད་ཉམས་སོ། །གཞན་ཡང་མྱ་ངན་ལས་འདས་པ་ནི་འདུས་བྱས་ཀྱི་གཉེན་པོ་ཡིན་པར་འདོད་ན། གལ་ཏེ་འདུས་བྱས་ཡིན་ན། གཉེན་པོ་མ་ཡིན་འདུས་བྱས་ཕྱིར། །དཔེར་ན་འདུས་བྱས་འགག་པ་བཞིན། །ཞེས་བྱ་བ་ལྟར་འགྱུར་རོ། །གལ་ཏེ་དངོས་མེད་ གཞན་རྟེན་འགྱུར། །དངོས་པོ་མེད་ཕྱིར་ཞིག་པ་བཞིན། །དེ་ནི་གཉེན་པོར་མི་འདོད་དེ། །གཞན་ལ་རྟེན་ཕྱིར་ཞིག་བཞིན་ནོ། །ཞེས་བྱ་བ་ལ་དངོས་པོ་མེད་པ་དང་། རྫས་སུ་ཡོད་པ་མ་ཡིན་པ་དག་ནི་རྣམ་གྲངས་ཏེ། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཉིད་ ཡིན་ན་བདེ་བ་ཉིད་ལ་སོགས་པར་མི་འཐད་པའི་ཕྱིར། །ནམ་མཁའི་མེ་ཏོག་བཞིན་པས་ངོ་བོ་ཉིད་ཉམས་སོ། །དེ་གཞན་ལ་བརྟེན་པ་ཡིན་པར་ཡང་འགྱུར་ཏེ། །དངོས་པོ་མེད་པའི་ཕྱིར་ཞིག་པ་བཞིན་ཏེ། དཔེར་ན་ཀོང་བུ་དང་འབྲུ་མར་དང་སྙིང་པོ་ལ་སོགས་པ་འདུས་པ་ལས་ མར་མེ་ཞེས་བྱ་བར་འཇིག་རྟེན་ལ་གྲགས་པ་ཕྱིས་དངོས་པོ་མེད་པར་གྱུར་པ་ནི་དངོས་པོ་གཞན་ལ་བརྟེན་པ་བཞིན་དུ་མྱ་ངན་ལས་འདས་པ་ཕུང་པོའི་རྒྱུན་གྱི་སྲེད་པ་ཟད་པ་ལས་ལེན་པ་མེད་པ་དང་། དངོས་པོ་མེད་པ་ཞེས་བྱ་བ་ཡང་མར་མེ་ཞིག་པ་བཞིན་དུ་དངོས་པོ་ལ་བརྟེན་པ་ ཉིད་དུ་འགྱུར་རོ། །ཁྱེད་ཅག་མྱ་ངན་ལས་འདས་པ་ནི་མི་འཇིག་པ་དང་རྟག་པར་ཁས་ལེན་ན་དེ་གཞན་ལ་བརྟེན་པ་དང་། ཞིག་པ་ལྟ་བུ་ཡིན་ན་འཁོར་བའི་གཉེན་པོ་ཉིད་ཡིན་པར་ཡང་མི་འཐད་དོ། །འོ་ན་ལུང་ལས། དགེ་སློང་དག་མྱ་ངན་ལས་འདས་པ་དེ་ནི་ མ་སྐྱེས་པ་དང་། མ་བྱུང་བ་དང་། འདུས་མ་བྱས་པ་ཉིད་དུ་ཡོད་དོ་ཞེས་གསུངས་པས་འདུས་མ་བྱས་པའི་བདག་ཉིད་ཀྱི་མྱ་ངན་ལས་འདས་པ་མ་ཡིན་ནམ་ཞེ་ན། བཤད་པ། དེ་ནི་འདུས་མ་བྱས་མི་རིགས། །དགག་པ་གོང་དུ་བསྟན་པའི་ཕྱིར། །ཞེས་བྱ་བ་ནི་ 98-84b གལ་ཏེ་དེ་རྫས་སུ་ཡོད་པ་ཡིན་ན་དངོས་པོ་ཡིན་པའི་ཕྱིར། དེ་འདུས་བྱས་ཡིན་པའི་ཕྱིར་དེ་འདུས་བྱས་ཉིད་དུ་འགྱུར་གྱི། འདུས་མ་བྱས་མ་ཡིན་ཏེ་སྐྱོན་གོང་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པ་རྫས་སུ་ཡོད་པ་དང་ཐ་སྙད་གདགས་སུ་རུང་བ་ཉིད་དང་མ་སྐྱེས་པ་དང་རྟག་ ཏུ་གནས་པ་ཉིད་དུ་བརྟག་གྲང་ན། གྲངས་ཅན་དག་གིས་རབ་བརྟགས་པའི། །གྲོལ་བའི་སེམས་ལས་ཁྱད་ཅི་ཡོད། །ཅེས་བྱ་བ་ནི་གྲངས་ཅན་དག་ཀྱང་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་མ་སྐྱེས་པ་མི་འཇིགས་པ་བྱ་བ་དང་། བྱེད་པ་མཐར་ཐུག་པ་ནི་སྐྱེས་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་ གྲོལ་བའི་བདག་ཉིད་ཡོད་པར་འདོད་པས་གང་དག་གིས་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་གཉིས་དང་བྲལ་བའི་ཕྱིར་དོན་ཐམས་ཅད་ནང་དུ་བསྡུ་བ་དང་། ཕྱི་རོལ་དུ་སྤྱོད་པ་མེད་པར་ངེས་པར་བརྟགས་པ་དེ་དག་ཀྱང་གྲངས་ཅན་གྱི་གྲུབ་པའི་མཐའ་དང་མཚུངས་སོ། ། མྱ་ངན་ལས་འདས་པ་ནི་ཟད་པ་ཉིད་ཡིན་པར་ཡང་མི་རིགས་ཏེ། ཇི་ལྟར་ཞེ་ན། ཉོན་མོངས་རྣམ་རྟོག་གཙུབ་ཤིང་ལས། །བྱུང་བ་རང་གི་ངང་ཟད་པ། །དེ་ལ་བསགས་པ་ཡོད་མིན་པས། །གང་ཟག་ཁྱོད་ཐར་མི་ཟད་འགྱུར། །ཞེས་བྱ་བ་ཡིན་ཏེ། ཉོན་མོངས་པ་ཡང་ དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བ་ཆུའི་ཁམས་ཀྱི་རྙོག་པ་དང་། ནམ་མཁའི་ཁམས་ཀྱི་སྤྲིན་ལ་སོགས་པ་ལྟ་བུའི་སྒྲིབ་པ་ཁོང་ཁྲོ་བ་ལ་སོགས་པ་དག་གིས་སེམས་ཀུན་ནས་ཉོན་མོངས་པར་བྱེད་ཅིང་དེ་དག་ཀྱང་ཡང་དག་པའི་ཤེས་པ་སྐྱེས་པས་རྣམ་ པར་རྟོག་པ་དང་བྲལ་བའི་ཕྱིར་བསགས་པ་མེད་པས་རང་གི་རང་ཉིད་ཀྱིས་ཟད་པར་འགྱུར་བས་དེ་དག་ལ་དང་པོ་ཉིད་ནས་ཀུན་ཏུ་སྦྱོར་བ་མེད་ན་ཟད་པ་ག་ལ་ཡོད། ཟད་པ་མེད་པའི་ཕྱིར་གང་ཐར་པར་འགྱུར། དེའི་ཕྱིར་གང་གི་ཟད་པ་ལ་ལྟོས་ནས་ཁྱོད་ཀྱི་ཐར་པ་ཟད་པ་མེད་པ་ཞེས་ བྱ་བར་ཡོད་པར་འདོད། ཡང་ན་ཉོན་མོངས་པ་རྣམས་ནི་མ་སྐྱེས་པ་ཁོ་ན་ཡིན་ཏེ། ངོ་བོ་ཉིད་ཀྱིས་མ་བྱུང་བའི་ཕྱིར་རོ། །དེ་དག་ཡོད་པ་མ་ཡིན་པའི་ཕྱིར་བསགས་པ་མེད་དོ། །བསགས་པ་མེད་ན་གང་གིས་བཅིངས་ཤིང་གང་ལས་ཐར་པར་འགྱུར་ཏེ། དེའི་ཕྱིར། སྐྱེ་བ་མེད་ 98-85a ལ་རྟོག་པ་ཡང་། །དེ་བཞིན་མེད་ཕྱིར་ཚུལ་གཉིས་མཚུངས། །ཞེས་བྱ་བ་སྨྲས་སོ། །ཟད་པ་ཅན་ནམ་ཟད་མེད་ན། །གང་གིས་ཟད་པས་ཐར་པ་སྨྲོས། །ཞེས་བྱ་བ་ནི་རེ་ཞིག་རང་གི་ངང་གིས་ཟད་པ་ཅན་མར་མེ་བཞིན་དུ་ཟད་པ་ལ་ནི་ཐར་པ་མི་འཐད་དོ། །ཟད་ པ་ཅན་མ་ཡིན་པ་ལ་ཡང་ཟད་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུ་ལ་ཐར་པ་མེད་དོ། །ཅི་ཐར་པ་མེད་པ་ཁོ་ན་ཡིན་ནམ་ཞེ་ན། ཀུན་རྫོབ་ཏུ་ཡོད་དེ། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། རང་བཞིན་སྟོང་ཉིད་རྟོགས་པའི་ཕྱིར། །དེ་ཡི་བློ་ཡང་ལྡོག་གྱུར་པས། །ཟད་མེད་ མི་ཟད་ཆོས་ཉིད་འཐོབ། །ཐོབ་པ་མེད་པའི་ཚུལ་གྱིས་སོ། །ཞེས་བྱ་བའི་ཕྱིར་ཏེ། གང་གི་ཚེ་དེས་ཉོན་མོངས་པ་རྣམས་དང་སེམས་རང་བཞིན་སྟོང་པ་ཉིད་དུ་ལེགས་པར་རྟོགས་པར་གྱུར་པ་དེའི་ཚེ་ན། དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་ཐར་པའི་བློ་ཡང་ལྡོག་པས། ཉོན་ མོངས་པ་བསགས་པ་མེད་པའི་ཕྱིར་མི་ཟད་པས་ཟད་པ་མེད་པའི་ཆོས་ཉིད་འཐོབ་སྟེ། ཐོབ་པ་མེད་པ་ཉིད་ཐོབ་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། ང་ནི་ཐོབ་པ་མེད་པ་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་སོ་ཞེས་གསུངས་པ་དང་། དེ་བཞིན་དུ། ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་ཐོབ་པ་ཡང་ཡོད། །མངོན་པར་རྟོགས་པ་ཡང་ཡོད་དེ། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གཉིས་སུ་བརྗོད་པར་ཟད་ཀྱི་དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེའི་ཕྱིར་ཁོ་བོ་ཅག་ནི་ཕ་རོལ་པོ་དག་འདོད་པ་ལ་མི་བརྟེན་པས། ཡང་དག་ཇི་བཞིན་ཡོངས་རྟོག་པ། །བདག་ལ་ཕན་པར་འདོད་པ་དག །ལྟ་ངན་ནད་དྲི་ངན་བསྒོས་པའི། །སྒྲེགས་པའི་ཚིག་ལ་རྟེན་མི་བྱེད། །ཅེས་བྱ་བ་སྨྲས་ཏེ། ཁྱེད་ཅག་གི་རང་དགས་ཉེ་བར་སྦྱར་བའི་ཚིག་གང་དག་ཡིན་པ་དེ་དག་ལ་ནི་མཁས་པ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ཡོངས་སུ་རྟོག་པ་བདག་ལ་ཕན་པར་འདོད་པ་དག་རྟེན་པར་མི་བྱེད་དོ། །གང་གི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་ཚིག་དེ་དག་ནི་ལྟ་བ་ངན་པའི་ནད་དྲི་ང་བས་བསྒོས་པའི་སྒྲེགས་པའི་ཚིག་ཡིན་པའི་ཕྱིར་རོ། །ལྟ་བ་ངན་པ་ཉིད་ནད་ཡིན་པ་དེ་ཉིད་དྲི་ངན་པ་ཡིན་ཏེ། དེས་བསྒོས་པའི་སྒྲེགས་པའི་ 98-85b ཚིག་གང་དག་ལ་ཁྱད་པར་ཇི་སྐད་བསྟན་པ་དེ་ལྟ་བུ་དག་ཡོད་པ་དེ་དག་ནི་ལྟ་བ་ངན་པ་དེའི་ནད་དྲི་ང་བས་བསྒོས་པའི་སྒྲེགས་པའི་ཚིག་དག་ཡིན་ཏེ། དེ་ལ་རྟེན་པར་མི་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་དག་ལ་བརྟེན་ན་ཅི་ཉེས་ཤེ་ན། ལྟ་བ་ལོག་པའི་རྣམ་པར་སྨིན་པ་གང་དག་ཡིན་པ་ དག་འཐོབ་པར་འགྱུར་ཏེ། དེ་ནི་སེམས་ཅན་དམྱལ་བའམ་དུད་འགྲོའི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་དག་ཡིན་ཏེ། ཇི་སྐད་དུ། དད་པ་ཅན་ནི་ཉེས་བཟུང་བས། །ཁྲོས་པ་གཞན་ནི་ཞེ་སྡང་གིས། །དད་པ་ཅན་ཡང་བསྲེགས་བསྟན་ན། །ཞེ་སྡང་ཅན་དག་བསམ་ཅི་ དགོས། །ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། འདོད་ཆགས་ནི་ཡང་དག་པར་ཡོད་པ་ཁོ་ན་ཡིན་ཏེ། ཕྱིན་ཅི་ལོག་ཡོད་པའི་ཕྱིར་རོ། །འདི་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་དང་། མི་སྡུག་པ་དག་ལ། རྟག་པ་དང་བདེ་ བ་དང་། དངོས་པོ་དང་། བདག་དང་སྡུག་པར་ཕྱིན་ཅི་ལོག་པ་དག་ནི་ཡོད་དོ། །དེ་དག་ལ་བརྟེན་ནས། འདོད་ཆགས་ལ་སོགས་པ་དག་འབྱུང་བར་འགྱུར་ཏེ། ཇི་སྐད་དུ། མ་རིག་པ་ནི་ཉོན་མོངས་པ་རྣམས་ཀྱི་རྩ་བ་ཡིན་ལ། མ་རིག་པའི་རྩ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་ བྱེད་པ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྩ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བཤད་པ། ཕྱིན་ཅི་ལོག་དག་ཡོད་པའི་ཕྱིར། །འདོད་ཆགས་ཡོད་པར་མི་རིགས་ཏེ། །འདོད་ཆགས་བཞིན་དུ་བརྟགས་པའི་ཕྱིར། །རྟོགས་ པ་དེ་ཡང་ཀུན་རྫོབ་པ། །ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཀྱང་འདོད་ཆགས་བཞིན་དུ་བརྟག་པར་བྱ་སྟེ། ཕྱིན་ཅི་ལོག་དེ་ཕྱིན་ཅི་ལོག་ཏུ་གྱུར་པའམ། ཕྱིན་ཅི་ལོག་ཏུ་མ་གྱུར་པའམ། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པའམ། ཕྱིན་ཅི་ལོག་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཐ་དད་དམ། འོན་ཏེ་ཐ་མི་དད་ཅེ་ ན། ཕྱིན་ཅི་ལོག་རྣམ་པ་ཐམས་ཅད་ཡང་དག་པར་ན་འདོད་ཆགས་ཁོ་ན་བཞིན་དུ་མི་འཐད་པས། དེའི་ཕྱིར་ཕྱིན་ཅི་ལོག་ཏུ་རྟོག་པ་ཡང་ཀུན་རྫོབ་པ་ཡིན་ནོ། །གཞན་ཡང་། སེམས་དང་སེམས་ལས་བྱུང་བ་ཡི། །ངོ་བོ་ཉིད་ཕྱིར་སྔར་བཀག་ཕྱིར། །གང་གིས་དེས་ནི་ཆགས་འགྱུར་བའི། ། 98-86a འདོད་ཆགས་ཆགས་པའི་དངོས་ཉིད་མེད། །ཅེས་བྱ་བ་ནི་གང་གི་ཚེ་སྔར་རབ་ཏུ་བྱེད་པ་འདི་ཉིད་ཀྱི་སྐབས་སུ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ངོ་བོ་ཉིད་སྤྱིར་དགག་པ་བྱས་པ་དེའི་ཚེ་འདོད་ཆགས་ཞེས་བྱ་བ་ངོ་བོ་ཉིད་ལས་ཡོད་པ་དེ་གང་ཡིན། གང་འདོད་ཆགས་ དེས་ཆགས་པར་འགྱུར་བའི་སེམས་དེ་ཡང་གང་ཞིག་ཡིན། དེས་ནི་སྡང་དང་རྨོངས་ལ་སོགས། །སོ་སོར་བཤད་པ་བྱས་པར་འགྱུར། །ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་པ་བཀག་པའི་ཚུལ་དེས་ཞེ་སྡང་བ་དང་གཏི་མུག་དང་རྨོངས་པ་ལ་སོགས་པ་དག་ཀྱང་འདྲ་བར་བཀག་པར་ ཤེས་པར་བྱའོ། །ཇི་ལྟར་ཞེ་ན། གང་ཚེ་སེམས་ནི་འགག་པ་ལ། །མངོན་དུ་ཕྱོགས་ཤིང་སྐྱེས་པའི་ཚེ། །གང་ལ་གང་གིས་སྡང་བར་འདོད། །སྡང་བ་འགག་ལའང་མི་འདོད་དོ། །གལ་ཏེ་སྐྱེ་བཞིན་སྡང་ཞེ་ན། །དེ་ཅི་གལ་ཏེ་སྐྱེ་མངོན་ཕྱོགས། །མ་སྐྱེས་པ་ལ་དེ་མི་ འདོད། །གཞི་མེད་བྱ་བ་མི་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚུལ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་བཅིངས་ཐར་མ་གྲུབ་ཕྱིར། །ངོ་བོ་ཉིད་མེད་གཡོ་བ་མེད། །ཅེས་བྱ་བ་ནི་ཕ་རོལ་པོ་དག་གིས་སྔར་དངོས་པོ་རྣམས་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་ཡིན་པའི་ཕྱིར་ཏེ། བཅིངས་པ་དང་ཐར་པ་དག་ཀུན་རྫོབ་པ་ཡིན་པའི་ཕྱིར་རོ། །གྲངས་ཅན་དག་ན་རེ། སྲ་བ་ཉིད་ལ་སོགས་པའི་ཁྱད་པར་དང་བྲལ་བའི་ས་ལ་ སོགས་པ་ནི་རྫས་ཡིན་ཏེ། དེ་ནི་ཆུ་ལ་སོགས་པ་རྣམ་པར་བཅད་པའི་དངོས་པོར་སྣང་བའི་བློའི་རྒྱུ་ཡིན་པས་རྫས་ལས་དོན་གཞན་མ་ཡིན་ནོ། །སྲ་བ་ཉིད་ལ་སོགས་པས་མཚོན་པའི་ས་ལ་སོགས་པ་དེ་དག་ནི་རྫས་ལས་དོན་གཞན་ཡིན་ནོ་ཞེས་ཟེར་རོ། །གཟེགས་ཟན་པ་དག་ན་རེ། དངོས་པོ་ལས་མ་གཏོགས་པའི་ཡོན་ཏན་གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་ཅེས་བྱ་བ་དང་ལྡན་པའི་ཕྱིར་དངོས་པོ་ལ་ཡང་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཅེས་བྱ་བའི་ཐ་སྙད་གདགས་ཏེ། དེ་ལ་ས་ལ་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་ཉིད་ཡོད་ལ། ཆུ་ལ་སོགས་པ་ 98-86b ལ་ནི་སའི་གཞན་ཉིད་དོ་ཞེས་ཟེར་རོ། །དེ་གཉི་གའི་གཞན་མ་ཡིན་པ་ཉིད་དགག་པའི་ཕྱིར་བཤད་པ། །ས་ནི་དོན་དམ་ཉིད་དུ་ན། །ས་ལས་གཞན་མིན་ཉིད་མི་འདོད། །རྒྱུ་དང་ལྡན་ཕྱིར་རླུང་བཞིན་དང་། །དངོས་པོ་ཡིན་ཕྱིར་ཤེས་པ་བཞིན། །ཞེས་བྱ་བ་ནི་སྲ་བ་ཉིད་མ་གཏོགས་པར་ ས་ཞེས་བྱ་བ་ཅི་ཡང་མེད་ལ། ས་མ་གཏོགས་པར་ཡང་གང་གིས་གཞན་མ་ཡིན་པ་ཉིད་དུ་འགྱུར་བའི་གཞན་ཉིད་མེད་དོ་ཞེས་བྱ་བར་ཚད་མ་རྣམ་པར་གཞག་སྟེ། དངོས་པོ་རྣམས་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །ཤེས་པ་བཞིན་ཞེས་བྱ་བ་ནི་སྐྱེས་བུ་བཞིན་ནོ་ཞེས་བྱ་བའི་ཐ་ ཚིག་གོ། །ས་ལས་དོན་དམ་ཉིད་དུ་ན། །ཆུ་ནི་གཞན་པར་མི་གཟུང་སྟེ། །སྐྱེ་དང་ལྡན་པའི་རྫས་ལས་ནི། །ས་གཞན་མིན་པ་ཇི་བཞིན་ནོ། །ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ནི་དཔེར་ན་རྫས་ཀྱི་ངོ་བོ་ཉིད་ལས་སའི་ཐ་སྙད་གཞན་ཡིན་ཡང་དངོས་པོ་གཞན་ཉིད་དུ་མི་འདོད་པ་དེ་བཞིན་ དུ། ཆུ་ཡང་གང་གིས་གཞན་ཉིད་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་འདི་སྙམ་དུ་རྫས་ཀྱི་བདག་ཉིད་དང་སའི་བདག་ཉིད་གཞན་མ་ཡིན་པ་ཉིད་ནི་རུང་སྟེ། འདི་ལྟར་དེ་ལ་སྒྲ་དང་བློ་ཡང་ཐ་དད་པ་མེད་པའི་ཕྱིར་རོ། །ས་དང་ཆུ་ལ་སོགས་པ་ནི་གཞན་ཉིད་ཡིན་ཏེ། སྒྲ་དང་བློ་ཐ་ དད་པ་ཡང་ཡོད་ལ། ལས་དང་མཚན་ཉིད་ཀྱང་ཐ་དད་པས་དེའི་ཕྱིར་ས་ལ་སོགས་པ་དག་ནི་གཞན་ཉིད་ཡིན་ནོ་སྙམ་ན་བཤད་པ། ས་ལ་སོགས་པས་སྒྲ་བློ་དང་། །ལས་དང་མཚན་ཉིད་ཐ་དད་པས། །དེ་དག་གཞན་ཉིད་མི་འདོད་དེ། །བསྒྲུབ་བྱའི་ཆོས་དང་མི་ལྡན་ཕྱིར། ། ཞེས་བྱ་བ་ལ་འདིར་བསྒྲུབ་པར་བྱ་བ་ནི་གཞན་ཉིད་དེ་དེ་ཉིད་ཆོས་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་སོ། །དེ་དང་མི་ལྡན་པ་ནི་ལྡན་པ་མ་ཡིན་ཏེ། འདི་ལྟར་ཆུ་ལ་སོགས་པ་ནི་ས་ལ་སོགས་པ་དག་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་པས། དེའི་ཕྱིར་གཞན་ཉིད་མ་ གྲུབ་པའི་ཕྱིར་དཔེ་བསྒྲུབ་པར་བྱ་བ་དང་མི་ལྡན་ནོ། །ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་ནི་མ་ངེས་པ་ཡང་ཡིན་ཏེ། ཇི་ལྟར་ཞེ་ན། གཟུགས་ཀྱི་བདག་ཉིད་མིན་གཞན་ཡང་། །ཐ་སྙད་ཡོད་ཕྱིར་མ་ངེས་འགྱུར། །ཞེས་བྱ་བ་སྟེ་གཟུགས་ཀྱི་བདག་ཉིད་ཅེས་བྱ་བ་དང་། མཆི་གུའི་ 98-87a ལུས་ཞེས་བྱ་བ་དག་གཞན་ཉིད་མ་ཡིན་ཡང་གཟུགས་ཀྱི་བདག་ཉིད་ཅེས་བྱ་བའི་སྒྲ་ཐ་དད་པའི་ཐ་སྙད་ཡོད་པའི་ཕྱིར། དེས་ན་རེ་ཞིག་ཇི་ལྟར་གཟུགས་ཀྱི་བདག་ཉིད་ཅེས་བྱ་བ་ལ་སྒྲ་ཐ་དད་པའི་ཐ་སྙད་ཡོད་ཀྱང་གཟུགས་དང་། གཟུགས་ཀྱི་བདག་ཉིད་གཞན་ ཉིད་མ་ཡིན་པ་བཞིན་དུ་ས་དང་ཆུ་ལ་སོགས་པ་དག་ལ་ཡང་སྒྲ་ཐ་དད་པ་ཡོད་ཀྱང་དངོས་གཞན་ཉིད་མ་ཡིན་པར་འགྱུར་རམ། འོན་ཏེ་ཇི་ལྟར་ལྷ་སྦྱིན་གྱི་ལ་བ་ཞེས་བྱ་བ་ལ་སྒྲ་ཐ་དད་པ་ཡོད་པའི་ཕྱིར། དངོས་ཀྱང་གཞན་ཉིད་ཡིན་པ་བཞིན་དུ་ས་དང་ཆུ་ལ་སོགས་པ་དག་ལ་ཡང་སྒྲ་ཐ་ དད་པ་ཡོད་པའི་ཕྱིར་དངོས་ཀྱང་ཐ་དད་པར་འགྱུར་བ་ལ་ཐེ་ཚོམ་ཡོད་ཅིང་མ་ངེས་པའི་ཕྱིར་རོ། །ཡོངས་སུ་བརྟགས་པ་མ་གྲུབ་ཕྱིར། །དེ་དོན་མ་གྲུབ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་སྒྲ་དང་བློ་ཐ་དད་པའི་ཕྱིར་རོ་ཞེས་ཡོངས་སུ་བརྟགས་པ་དེའི་དོན་མ་གྲུབ་པའི་ཕྱིར་གཏན་ཚིགས་དེའི་ དོན་མ་གྲུབ་པ་ཉིད་དུ་འགྱུར་བས། ཕ་རོལ་པོས་ཡོངས་སུ་བརྟགས་པའི་དོན་ནི་དོན་དམ་པ་པ་མ་ཡིན་ནོ། །སྒྲ་སོགས་བྱེ་བྲག་ཐ་དད་ཀྱང་། །དེ་ཕྱིར་དེ་དག་འཁྲུལ་པར་འགྱུར། །ཞེས་བྱ་བ་ནི་ཁྱད་པར་གཞན་ཉིད་སྟོན་པའི་གཏན་ཚིགས་དག་གོ། །ཁྱད་པར་ བརྗོད་པར་གྱུར་ཀྱང་ནི། །འགལ་བས་ངེས་པར་བཟློག་པར་འགྱུར། །ཞེས་བྱ་བ་ནི་གཞན་དང་གཞན་མ་ཡིན་པ་ཉིད་དགག་པ་སྒྲུབ་པའི་ཚིག་གིས་སོ། །གཅེར་བུ་པ་དག་ནི་དངོས་པོ་ཐམས་ཅད་གཉི་གའི་བདག་ཉིད་ཡིན་པར་འདོད་དེ། ས་ལས་ཆུ་ལ་སོགས་པ་དག་གཞན་ཉིད་ དེ་མཚན་ཉིད་དང་ལས་ཐ་དད་པའི་ཕྱིར་རོ། །གཞན་ཉིད་ཀྱང་མ་ཡིན་ཏེ། །སྲ་བ་ཉིད་ལ་སོགས་པ་ཡོད་པས་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེ་ན། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གཉི་ག་ཉིད་ཀྱང་མི་རུང་སྟེ། །འགལ་ཕྱིར་མེ་ལ་གྲང་དྲོ་བཞིན། །ཞེས་བྱ་བ་ནི་ གལ་ཏེ་ས་ལས་ཆུ་ལ་སོགས་པ་དག་གཞན་ཡིན་ན་ནི་ཇི་ལྟར་གཞན་མ་ཡིན་པར་འགྱུར། ཅི་སྟེ་གཞན་མ་ཡིན་ན་ནི་འོ་ན་དེ་ལྟ་ན་གཞན་ཞེས་བྱ་བ་དང་འགལ་ཏེ། དཔེར་ན་གལ་ཏེ་མེ་ཚ་བ་ཡིན་ན་ནི་ཇི་ལྟར་གྲང་བ་ཡིན། ཅི་སྟེ་གྲང་བ་ཡིན་ན་ནི་འོ་ན་དེ་ལྟར་ན་ཇི་ལྟར་ཚ་བར་འགྱུར་ཞེས་བྱ་བ་ 98-87b བཞིན་ནོ། །གཞན་ཡང་། གཞན་དང་གཞན་མིན་ཕྱོགས་དགག་པ། །བསྟན་ཕྱིར་དེ་ཡང་བཟང་པོ་མིན། །ཞེས་བྱ་བ་ནི་འདི་ལ་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཀྱི་ཕྱོགས་དགག་པ་བསྟན་ཟིན་པའི་ཕྱིར། །དེ་གཉིས་ལས་མ་གཏོགས་པ་གང་གཉི་གའི་བདག་ཉིད་དུ་འགྱུར་བ་ གཞན་ཡང་ཡོད་དེ་དེའི་ཕྱིར་གཉི་གའི་བདག་ཉིད་དེ་ཡང་བཟང་པོ་མ་ཡིན་ནོ། །ཅི་སྟེ་གཉི་གར་སྨྲ་བ་དག་འདི་སྐད་ཅེས། མེ་ཡང་གཉི་གའི་བདག་ཉིད་ཡིན་ཏེ། བཙོ་བ་ལ་སོགས་པ་དག་ལ་ནི་ཚ་བ་ཡིན་ལ་བདེན་པའི་གསང་སྔགས་ལ་སོགས་པས་བྱིན་གྱིས་བརླབས་པ་དག་ལ་ནི་གྲང་བ་ ཡིན་པས། དེའི་ཕྱིར་མེ་ཡང་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་ཁྱེད་ཀྱི་དཔེ་མེད་དོ་ཞེ་ན། དེ་དག་གི་ཕྱིར་བཤད་པ། གཉི་གའི་བདག་ཉིད་ཉིད་ཡིན་ཡང་། །ཀུན་ལ་གྲགས་པའི་ཆ་དཔེར་བསྟན། །དེས་ན་གཞན་ལ་དཔེ་མེད་པ། །རབ་ཏུ་སྐྱེ་བར་མི་འགྱུར་རོ། །ཞེས་བྱ་བ་ནི་ མེ་ལ་གཉི་གའི་བདག་ཉིད་འགའ་ཞིག་ཡོད་དུ་ཟིན་ཀྱང་དེ་ལ་གང་འཇིག་རྟེན་ཀུན་ལ་གྲགས་པའི་ཆ་དེ་དཔེ་ཉིད་དུ་བསྟན་པས་དེའི་ཕྱིར་གཉི་གར་སྨྲ་བ་དག་ལ་ཁོ་བོ་ཅག་གིས་དཔེ་མེད་པར་མི་འགྱུར་རོ། །གཉི་གའི་བདག་ཉིད་དེ་ཡང་དོན་དམ་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། དེ་ནི་ ལྟོས་ནས་འགྲུབ་པ་སྟེ། །གཉིས་ལས་གང་ཡང་རུང་བ་ཞིག །སྔར་མ་གྲུབ་ན་མི་འགྲུབ་ཕྱིར། །ཡིད་ཀྱིས་རྣམ་པར་བརྟགས་པར་ཟད། །ཅེས་བྱ་བའི་ཕྱིར་ཏེ། འདི་ན་ཁ་བ་ལ་སོགས་པ་གྲང་བ་དག་ལ་ལྟོས་ནས་མེ་ལ་སོགས་པ་ཚ་བ་ཉིད་དུ་འགྲུབ་ལ། མེ་ལ་སོགས་པ་ཚ་བ་ ཉིད་ལ་ལྟོས་ནས་ཁ་བ་ལ་སོགས་པ་དག་གྲང་བ་ཉིད་དུ་བརྟག་སྟེ། དེ་ལྟར་རྣམ་པར་དཔྱད་ན་གྲང་བ་དང་ཚ་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་སྔ་ན་མ་གྲུབ་པའི་ཚེ་ན་ཕྱི་མ་ཡང་མི་འགྲུབ་པའི་ཕྱིར་གང་ལ་ལྟོས་ན་ཅིག་ཤོས་འགྲུབ་པར་བྱ་བ་གང་ཡིན་པ་མ་གྲུབ་པའི་ཚེ་ན། དེ་ལ་ལྟོས་ནས་ འགྲུབ་པར་འགྱུར་བ་གང་ཡིན་པ་ཡང་མི་འགྲུབ་པས། དེ་དག་ནི་ཡིད་ལ་བསམས་པ་ཙམ་དུ་ཟད་པའི་ཕྱིར་གཉི་གའི་བདག་ཉིད་ཅེས་བྱ་བ་དེ་ཡང་ཀུན་རྫོབ་པ་ཡིན་ནོ། །དེ་དག་ནི་རིང་པོ་དང་ཐུང་ངུར་རྟོག་པ་བཞིན་ཏེ། དཔེར་ན་རིང་པོ་ཡོད་ན་ཐུང་ངུ་ཡོད་པར་འགྱུར་ལ། ཐུང་ངུ་ཡོད་ 98-88a ན་རིང་པོ་ཡོད་པར་འགྱུར་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་མེད་ན་མི་འགྲུབ་པ་བཞིན་ནོ། །བདག་ཡོད་པ་ཡང་ཡིན་ལ་བདག་མེད་པ་ཡང་ཡིན་པ་དང་། རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་པ་དང་། དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་ ནོ་ཞེས་བྱ་བ་ལ་སོགས་པ། གཉི་གར་སྨྲ་བ་ཐམས་ཅད་ལ། །དགག་པའི་ཚུལ་ཡང་དེ་ཉིད་དོ། །ཞེས་བྱ་བར་སྦྱར་རོ། །འདི་ལྟར་འདི་སྐད་བསྒྲུབ་བསྟན་པས། །ངོ་བོ་ཉིད་ཡོད་ཉིད་མ་གྲུབ། །ཅེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བའི་ཚིག་གི་ལྷག་མའོ། ། ཡོངས་སུ་བརྟགས་པའི་ཚིག་གི་དོན་གྱི་མཇུག་བསྡུ་བ་བྱེད་པ་ནི། དེ་ལྟར་འདུས་བྱས་ཆོས་དེ་དག །བསྡུ་བས་རྣམ་པར་བརྟགས་པ་ཡིན། །ཞེས་བྱ་བ་ཡིན་ནོ། །འདིར་སྨྲས་པ། འདུས་བྱས་ཀྱི་དངོས་པོ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་གཉེན་པོ་འདུས་མ་བྱས་ ཡིན་ནོ་ཞེ་ན། དེའི་ཕྱིར་འདིར་འདུས་མ་བྱས་ཀྱི་དངོས་པོའི་དབང་དུ་བྱས་ནས་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས་བཞིན་ནོ། །འདུས་བྱས་ལ་ནི་གཉེན་པོ་འདུས་མ་བྱས་ཡོད་པས་དེའི་ཕྱིར་ན་འདུས་བྱས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ཕྱིར་འདིར་འདུས་མ་བྱས་ཀྱི་ དངོས་པོའི་དབང་དུ་བྱས་ནས། བྱེ་བྲག་ཏུ་སྨྲ་བའི་གཞུང་གིས་བཤད་པ། འདུས་མ་བྱས་ནི་འགོག་གཉིས་དང་། །ནམ་མཁའ་དང་ནི་དེ་བཞིན་ཉིད། །ཅེས་བྱ་བ་ལ་འདུས་མ་བྱས་ནི་སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་མ་བརྟགས་པར་འགོག་པ་དང་། ནམ་མཁའ་དང་དེ་བཞིན་ཉིད་དོ། །དེ་ལ་སོ་སོར་མ་རྟོག་པ་ནི་ཤེས་རབ་སྟེ། དེས་ཉོན་མོངས་པ་མངོན་དུ་གྱུར་པ་རྣམས་བརྟགས་ཏེ། འགོག་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་ཏེ། འགོག་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ནོ། །སོ་སོར་མ་བརྟགས་ པར་འགོག་པ་ནི་འགའ་ཞིག་གིས་དངོས་པོ་རྣམས་འགོག་པ་ལ་མི་འབྲལ་བ་གང་ཡིན་པའོ། །ནམ་མཁའ་ནི་གོ་སྐབས་འབྱེད་པར་བྱེད་པ་དང་མི་སྒྲིབ་པའི་མཚན་ཉིད་དོ། །དེ་བཞིན་ཉིད་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་དང་། གཅིག་ལ་གཅིག་མེད་པ་དང་། གཏན་མེད་ 98-88b པ་དག་གིས་མཚོན་པ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་དོ། །དེ་དག་ནི་རྟག་པ་ཡིན་ཏེ། མི་འགྱུར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བཞིའོ། །དེ་ལ་རེ་ཞིག །སོ་སོར་བརྟགས་ཏེ་འགོག་པ་ནི། །དོན་དམ་དུ་ན་དངོས་པོ་ཡིན། །རྟག་དང་རང་བཞིན་མི་འགྱུར་ཕྱིར། །མོ་ གཤམ་བུ་ཡི་གཟུགས་བཞིན་ནོ། །ཞེས་བྱ་བ་ནི་འབྱུང་བའི་ཕྱིར་དངོས་པོ་ཞེས་བྱ་བ་དེ་ནི་རྟག་པ་དང་རང་བཞིན་མི་འགྱུར་བ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་མི་འཐད་དེ། །མོ་གཤམ་བུའི་ལུས་བཞིན་ནོ། །དེ་ཉིད་ཀྱི་གཏན་ཚིགས་ཀྱི་ཁྱད་པར་གཞན་བསྟན་པའི་ཕྱིར། མ་སྐྱེས་ཕྱིར་དང་རྒྱུ་ མེད་ཕྱིར། །དེ་བཞིན་ལས་ཀྱང་མེད་ཕྱིར་དང་། །འདུས་བྱས་མ་བསྡུས་ཕྱིར་དང་ནི། །འགག་པ་མེད་པའི་ཕྱིར་ཡང་ངོ་། །ཞེས་བྱ་བ་སྨྲས་ཏེ། སོ་སོར་བརྟགས་ཏེ་འགོག་པ་ནི་དོན་དམ་པར་དངོས་པོ་མ་ཡིན་ཏེ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དངོས་པོའི་བདག་ཉིད་ནི་སྐྱེ་བ་ དང་རྒྱུ་དང་། ལས་དང་། འདུས་བྱས་དང་། འགག་པ་དག་གིས་མཚོན་པར་བྱ་བ་ཡིན་ན་དེ་ནི་མ་སྐྱེས་པ་དང་། རྒྱུ་མེད་པ་དང་། ལས་མེད་པ་དང་། འདུས་བྱས་མ་ཡིན་པ་དང་། འགག་པ་མེད་པའི་ཕྱིར་ཇི་ལྟར་དངོས་པོ་ཉིད་ཡིན་པར་འགྱུར། སྐྱེ་བ་ལ་སོགས་ པ་མེད་པའི་ཕྱིར་འགག་པ་ཡང་མེད་དེ། འདི་ལྟར་སྐྱེས་པ་ལ་འགག་པ་འཐད་ཀྱི། མ་སྐྱེས་པ་ལ་མི་འཐད་པའི་ཕྱིར་རོ། །གང་གི་འབྲས་བུ་གང་འདོད་པ། །དེ་ནི་དེའི་རྒྱུ་མ་ཡིན་ཏེ། མ་སྐྱེས་ལ་སོགས་གཏན་ཚིགས་ཀྱིས། །གླང་ཆེན་ཀླད་ཀྱི་རྭ་བཞིན་ནོ། །ཞེས་ བྱ་བས་ནི་དེ་རྒྱུ་མ་ཡིན་པར་འགོག་པར་བྱེད་དེ། འདུས་མ་བྱས་གང་གི་འབྲས་བུ་གང་ཞིག་ཡིན་པར་འགའ་ཞིག་གིས་ཇི་ལྟར་བརྟགས་པ་དེ་ལ་འདུས་མ་བྱས་དེ་ནི་འབྲས་བུ་དེའི་རྒྱུ་ཡིན་པར་མི་རིགས་ཏེ། སྐྱེ་བ་མེད་པ་ལ་སོགས་པའི་གཏན་ཚིགས་གོང་དུ་བསྟན་པ་དེ་དག་གི་ ཕྱིར། དཔེར་ན་གླང་པོ་ཆེའི་ཀླད་ལ་རྭ་ཉིད་མེད་པ་དེ་དེ་ལས་གཞན་པའི་སེང་གེའི་ཁྲི་ལ་སོགས་པ་དག་གི་རྒྱུར་མི་འགྱུར་བ་བཞིན་ནོ། །ཡང་ནི་གཞན་དུ་བརྟགས་ཏེ། མ་སྐྱེས་རྒྱུ་དང་ལྡན་པ་ཡི། །འབྲས་བུ་མི་འདོད་ཤེས་པར་བྱ། །འབྲས་བུ་ཡིན་ཕྱིར་སྦྲང་རྩི་ནི། །མཁའ་མིན་ 98-89a སོགས་རྒྱུ་ལྡན་མིན་བཞིན། །ཞེས་བྱ་བས་ནི་དེ་རྒྱུ་མ་སྐྱེས་པའི་འབྲས་བུ་མ་ཡིན་པར་འགོག་པར་བྱེད་དེ། འབྲས་བུ་གང་ལ་རྒྱུ་མ་སྐྱེས་པ་ཡོད་པ་དེ་ནི་མ་སྐྱེས་པའི་རྒྱུ་དང་ལྡན་པའི་འབྲས་བུ་ཞེས་བྱ་སྟེ། སོ་སོར་བརྟགས་ཏེ་འགོག་པ་དེ་རྒྱུ་མ་སྐྱེས་པ་དང་། ལྡན་པའི་འབྲས་བུ་ཡིན་པར་ཕ་རོལ་པོ་དག་གིས་བརྟགས་པ་དེ་ལྟར་མི་འདོད་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་མི་རིགས་ཏེ། །འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྦྲང་རྩི་ནི་འབྲས་བུ་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་ལ་སོགས་པའི་རྒྱུ་མ་སྐྱེས་པ་དང་ལྡན་ པའི་རྒྱུར་མི་འདོད་པ་བཞིན་ཏེ། དཔེར་ན་སྦྲང་བུའི་སྦྲང་རྩི་ནི་འབྲས་བུ་ཡིན་པའི་ཕྱིར། རྒྱུ་མེ་ཏོག་མ་ལ་ཏི་དང་། པདྨ་དང་། ཨུཏྤལ་ལ་སོགས་པ་སྐྱེས་བུ་དག་གིས་རྒྱུ་དང་ལྡན་པ་ཡིན་ཏེ། མེ་ཏོག་དེ་དག་སྐྱེས་པས་སྦྲང་རྩི་དེ་རྒྱུ་དེ་དག་དང་ལྡན་པའི་འབྲས་བུ་ཡིན་པར་འདོད་ ཀྱི། །ནམ་མཁའི་མེ་ཏོག་ལ་སོགས་པ་དག་ནི་མ་སྐྱེས་པ་ཡིན་པས་སྦྲང་བུའི་སྦྲང་རྩི་དེ་ནམ་མཁའི་མེ་ཏོག་ལ་སོགས་པ་དེ་དག་གི་རྒྱུ་དང་ལྡན་པར་མི་འདོད་པ་བཞིན་དུ། སོ་སོར་བརྟགས་ཏེ་འགོག་པ་དེ་ཡང་འབྲས་བུ་ཡིན་པའི་ཕྱིར་རྒྱུ་མ་སྐྱེས་པ་དང་ལྡན་པའི་འབྲས་བུ་ཡིན་པར་མི་ འདོད་དོ། །དེས་ནི་ནམ་མཁའ་དེ་བཞིན་ཉིད། །ཕྱོགས་དང་དུས་དང་བདག་ལ་སོགས། །འདུས་མ་བྱས་པ་ཇི་སྙེད་པ། །བཀག་པར་མཁས་པས་ཤེས་པར་བྱ། །ཞེས་བྱ་བ་ནི་དགག་པ་དང་འདྲ་བར་སྟོན་པ་སྟེ། སོ་སོར་བརྟགས་ཏེ་འགོག་པ་བཀག་པ་དང་འདྲ་ བར་འདུས་མ་བྱས་ཇི་སྙེད་པ་ཐམས་ཅད་ཀྱང་རིགས་པ་དེ་ཉིད་ཀྱིས་བཀག་པར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ་ཞེས་མདོར་བསྡུའོ། །གཞན་ཡང་། རྫས་དང་གཙོ་བོ་སྲོག་ལ་སོགས། །མུ་སྟེགས་བཏགས་པའི་ཤེས་བྱ་དག །རིགས་དང་ལུང་ལ་མཁས་རྣམས་ ཀྱིས། །ཅི་རིགས་པར་ནི་དགག་པར་བྱ། །ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་གཞན་དག་གིས་བཏགས་པའི་ཤེས་བྱ་རྫས་ལ་སོགས་པ་དང་། གཙོ་བོ་ལ་སོགས་པ་དང་། སྲོག་ལ་སོགས་པ་ཇི་སྙེད་པ་ཐམས་ཅད་མཁས་པ་རིགས་པ་དང་། །ལུང་ལ་མི་འཇིགས་པ་ཐོབ་པ་ 98-89b རྣམས་ཀྱིས་ཅི་རིགས་པར་དགག་པར་བྱའོ། དེ་ལ་རྫས་ལ་སོགས་པ་ཞེས་བྱ་བ་ནི་བྱེ་བྲག་པའི་ཚིག་གི་དོན་དྲུག་པོ་དག་སྟེ། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བ་ཞེས་བྱ་བ་དག་གོ། །དེ་ལ་རྫས་ནི་དགུ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་དང་། ཕྱོགས་དང་། བདག་དང་། ཡིད་ཅེས་བྱ་བ་དག་གོ། །ཡོན་ཏན་ནི་ཉི་ཤུ་རྩ་ལྔ་སྟེ། གཟུགས་དང་། རོ་དང་། དྲི་དང་། རེག་པ་དང་། གྲངས་དང་། བོང་ཚོད་དང་། སོ་སོ་བ་དང་། ཕྲད་པ་དང་། བྱེད་པ་དང་། གཞན་དང་། གཞན་མ་ཡིན་པ་དང་། བློ་ལྔ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ཤེས་པ་དང་། བྱས་པའི་ཤུགས་ཞེས་བྱ་བ་དག་གོ། ། ལས་ནི་ལྔ་སྟེ། འདེགས་པ་དང་། འཇོག་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། འགྲོ་བ་ཞེས་བྱ་བ་དག་གོ། །སྤྱི་ནི་གཉིས་ཏེ། སྤྱི་ཆེན་པོ་དང་། ཉི་ཚེ་བའི་སྤྱིའོ། །དེ་ལ་སྤྱི་ཆེན་པོ་ནི་གང་གི་ཕྱིར་རྫས་དང་། ཡོན་ཏན་དང་། ལས་དག་ལ་ཡོད་པ་ཞེས་ཐ་སྙད་ གདགས་པ་སྟེ། དེ་ནི་ཡོད་པ་ཉིད་དེ་སྤྱི་ཆེན་པོའོ། །ཉི་ཚེ་བའི་སྤྱི་ནི་བ་ལང་ཉིད་ཅེས་བྱ་བ་ལྟ་བུ་སྟེ། དེ་ཉིད་རྟ་ལ་སོགས་པ་དག་ལས་ལྡོག་པ་ཉི་ཚེ་བའི་སྤྱི་ཡིན་ནོ། །བྱེ་བྲག་ནི་ཉི་ཚེ་བའི་སྤྱི་དེ་ཉིད་དེ་བ་ལང་ཉིད་ཅེས་བྱ་བ་དེ་རྟ་ལ་སོགས་པ་དག་ལས་ལྡོག་པ་ན་བྱེ་བྲག་ཡིན་ནོ། །འདུ་བ་ནི་ རྒྱུ་དང་འབྲས་བུ་དག་ཕྲད་པ་སྟེ། དེ་ལྟར་དེ་དག་ནི་རྫས་ལ་སོགས་པའོ། །གཙོ་བོ་ལ་སོགས་པ་ཞེས་བྱ་བ་ནི་གྲངས་ཅན་དག་གིས་བརྟགས་པའི་དེ་ཉིད་ཉི་ཤུ་རྩ་ལྔ་སྟེ། གཙོ་བོ་དང་། ཆེན་པོ་དང་། ངར་འཛིན་པ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། བདག་དང་། དེ་ ཙམ་ལྔ་དང་། འབྱུང་བ་ཆེན་པོ་ལྔ་དང་། སྐྱེས་བུ་ཞེས་བྱ་བ་དག་གོ། །དེ་ལ་གཙོ་བོ་ནི་རང་བཞིན་ཏེ། སྙིང་སྟོབས་དང་། རྡུལ་དང་། མུན་པ་ཆ་མཉམ་པ་མི་གསལ་བའོ། །ཆེན་པོ་ནི་བློའི་རྣམ་གྲངས་སོ། །ངར་འཛིན་པ་ནི་གང་གིས་ང་དང་ང་ཡི་ཞེས་མངོན་པར་རློམ་པའོ། །བློའི་དབང་ 98-90a པོ་ལྔ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཞེས་བྱ་བ་དག་གོ། །ལས་ཀྱི་དབང་པོ་ལྔ་ནི་ངག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མདོམས་ཞེས་བྱ་བ་དག་གོ། །ཡིད་ནི་བློ་དང་ལས་ཀྱི་དབང་པོ་ཞེས་བྱ་བའི་གཉི་གའི་ བདག་ཉིད་དོ། །དེ་ཙམ་ལྔ་ནི་ཁྱད་པར་ལྔ་ཞེས་ཀྱང་བྱ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ཞེས་བྱ་བ་དག་གོ། །འབྱུང་བ་ཆེན་པོ་ལྔ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ཞེས་བྱ་བ་དག་གོ། །སྐྱེས་བུ་ནི་ཤེས་པ་ཡོད་པ་ཉིད་ ཅེས་བྱ་སྟེ། ཉི་ཤུ་རྩ་ལྔ་པའོ། དེ་ལྟར་དེ་དག་ནི་གཙོ་བོ་ལ་སོགས་པའོ། །སྲོག་ལ་སོགས་པ་ཞེས་བྱ་བ་ནི་གཅེར་བུ་པ་དག་གིས་ཡོངས་སུ་བཏགས་པའི་ཚིག་གི་དོན་དགུ་སྟེ། སྲོག་དང་། ཟག་པ་དང་། སྡོམ་པ་དང་། ངེས་པར་རྒ་བ་དང་། འཆིང་བ་དང་། ལས་ དང་། སྡིག་པ་དང་། བསོད་ནམས་དང་། ཐར་པ་ཞེས་བྱ་བ་དག་གོ། །དེ་ལ་སྲོག་ནི་སྲོག་ཅན་གྱི་སྡེ་ཚན་དགུ་སྟེ། ས་དང་། ཆུ་དང་། ཤིང་དང་། མེ་དང་། རླུང་དང་། སྲིན་བུ་དང་། གྲོག་མ་དང་། བུང་བ་དང་། མི་ཞེས་བྱ་བ་དག་གོ། །དེ་དག་ལས་ས་དང་། ཆུ་ དང་། ཤིང་དང་། མེ་དང་། རླུང་རྣམས་ནི་དབང་པོ་གཅིག་པ་སྟེ། རེག་པའི་དབང་པོ་དང་ལྡན་པའི་ཕྱིར་རོ། །སྲིན་བུ་དང་། དུང་དང་། ཉ་ཕྱིས་དང་། སྲིན་བུ་པད་པ་ལ་སོགས་པ་ནི་དབང་པོ་གཉིས་པ་སྟེ། རེག་པ་དང་། རོའི་དབང་པོ་གཉིས་དང་ལྡན་པའི་ཕྱིར་རོ། ། གྲོག་མ་དང་། སྲིན་གྱི་མེ་ལ་སོགས་པ་ནི་དབང་པོ་གསུམ་པ་སྟེ། རེག་པ་དང་། རོ་དང་། སྣའི་དབང་པོ་དང་ལྡན་པའི་ཕྱིར་རོ། །བུང་བ་དང་། སྦྲང་བུ་དང་། སྦྲང་བུ་མཆུ་རིངས་ལ་སོགས་པ་ནི་དབང་པོ་བཞི་པ་སྟེ། རེག་པ་དང་། རོ་དང་། སྣ་དང་། མིག་ གི་དབང་པོ་དང་ལྡན་པའི་ཕྱིར་རོ། །མི་དང་། རྐང་བཞི་པ་དང་། བྱ་ལ་སོགས་པ་ནི་དབང་པོ་ལྔ་སྟེ། རེག་པ་དང་། རོ་དང་། སྣ་དང་། མིག་དང་། རྣ་བའི་དབང་པོ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་དེ་དག་ནི་སྲོག་གི་ཚིག་གི་དོན་རྣམ་པ་དགུའོ། །ཟག་པ་ནི་དགེ་ 98-90b བ་དང་མི་དགེ་བའི་ལས་རྣམས་ཏེ་ཟག་པར་བྱེད་པའི་ཕྱིར་རོ། །སྡོམ་པ་ནི། ཟག་པ་འགོག་པ་ཉིད་དེ་ལས་སར་པ་མི་སོག་པའི་ཕྱིར་རོ། །ངེས་པར་དགའ་བ་ནི་སྡོམ་པ་དེ་ཉིད་དང་ཟས་མི་ཟ་བ་དང་སྐོམ་མི་འཐུང་བ་དང་། བསམ་གཏན་དང་སྦྱོར་བ་ལ་སོགས་པ་དཀའ་ ཐུབ་དང་བཅས་པས་སྔོན་ཉེ་བར་བསགས་པའི་ལས་ངེས་པར་རྒས་པར་བྱེད་པ་སྟེ། ཟད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཆིང་བ་ནི་ངེས་པར་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་པོ་དག་གིས་བརྟགས་པའི་ལོག་པར་ལྟ་བའོ། །ལས་ནི་རྣམ་པ་བཞི་སྟེ། ཕྱིས་མྱོང་བར་འགྱུར་ བ་དང་། མིང་དང་། རུས་དང་། ཆེ་ཞེས་བྱ་བ་དག་གོ། །སྡིག་པ་ནི་ཆོས་མ་ཡིན་པའོ། །བསོད་ནམས་ནི་ཆོས་སོ། །ཐར་པ་ནི་ལས་ཐམས་ཅད་ཟད་པས་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་བྱ་བར་འགྲོ་བ་སྟེ། ཇི་སྐད་དུ། རྒྱལ་བ་ དམ་པས། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་བརྗོད་པ་ལྟ་བུ་སྟེ། དེ་ལྟར་དེ་དག་ནི་སྲོག་ལ་སོགས་པའོ། །དེ་དག་ལས་གཞན་པ་གང་དག་མུ་ སྟེགས་བྱེད་གཞན་དག་གིས་ཡོངས་སུ་བརྟགས་པའི་ཤེས་བྱ་འདུས་བྱས་སམ། འདུས་མ་བྱས་གང་ཅི་ཡང་རུང་བ་དག་ཀྱང་རིགས་པ་དང་ལུང་ལས་ཡོངས་སུ་གོམས་པ་ཐེ་ཚོམ་དང་བྲལ་བ་འཇིགས་པ་མེད་པའི་མཁས་པ་རྣམས་ཀྱིས་ཅི་རིགས་པར་དགག་པར་བྱ་སྟེ། དེ་ལ་འདུས་བྱས་གང་ཡིན་པ་དེ་ནི་འདུས་བྱས་བརྟགས་པས་མཚུངས་པར་དགག་པར་བྱའོ། །འདུས་མ་བྱས་གང་ཡིན་པ་དེ་ནི་འདུས་མ་བྱས་བརྟགས་པས་མཚུངས་པ་དགག་པར་བྱའོ། །དེ་ལྟར། རང་དང་གཞན་གྱིས་གྲུབ་པའི་ཕྱིར། །དངོས་པོ་རྣམས་ལ་བདག་ བརྟགས་པ། །མཁས་པས་བདག་མེད་རྟོགས་བྱ་ཞིང་། །དེ་ཉིད་ཤེས་པའི་བདུད་རྩི་བཏུང་། །ཞེས་བྱ་བ་ནི་གཞན་དག་གིས་རང་དང་གཞན་གྱི་གྲུབ་པའི་མཐའ་དག་ཏུ་དངོས་པོ་རྣམས་ལ་བདག་དང་། ངོ་བོ་ཉིད་ཡོད་པར་ཡོངས་སུ་བརྟགས་པ་དག་རྣལ་འབྱོར་པ་མཁས་པས་ཇི་སྐད་ 98-91a བསྟན་པའི་ཚུལ་གྱིས་བདག་དང་དངོས་པོ་མེད་པ་ཉིད་དུ་རྟོགས་པར་བྱས་ཤིང་། དོན་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་བོ་ཉིད་མེད་པས་ཤེས་པ་མེད་པའི་ཚུལ་དུ་ཤེས་པར་བྱ་བ་དེ་ཉིད་ཤེས་པའི་བདུད་རྩིའི་རོ་མྱང་བར་བྱ་བ་ལ་འབད་པར་ བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྣམ་རྟོག་དྲ་བ་ཡི། །རྒྱུན་འབྲེལ་དེ་དག་ལ་སོགས་པ། །དངོས་པོ་སྐྱེ་བར་འཛིན་བརྟེན་པས། །ནན་གྱིས་བྱིས་པ་འཁྲུལ་བར་བྱེད། །གང་ཚེ་མཁས་པ་རིག་སྒྲོན་གྱིས། །ཡང་དག་ཇི་བཞིན་ཡོངས་རྟོག་པ། །དེ་ཚེ་སྐྱེ་བཀག་ དེ་ཞི་བས། །སྤྲོས་པ་ཉེ་བར་ཞི་བར་འགྱུར། །ཞེས་བྱ་བ་ནི་ཡང་ན་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་འབད་པར་བྱེད་པ་དེ་ནི་གནས་མ་ཡིན་པ་ཁོ་ན་སྟེ། གང་གི་ཕྱིར་ཞེ་ན། རང་དང་གཞན་དག་གིས་ཡོངས་སུ་བཏགས་པ་རྣམ་པར་རྟོག་པའི་དྲ་ བའི་རྒྱུན་འབྲེལ་བ་དེ་དག་ལ་སོགས་པ་མ་ལུས་པ་ནི་དངོས་པོ་རྣམས་ལ་སྐྱེ་བ་ཡོད་པར་འཛིན་པ་ལ་བརྟེན་ཏེ། བྱུང་བ་ཡིན་པས་དེ་དག་གིས་ནན་གྱིས་བྱིས་པ་མ་རིག་པས་བློ་གྲོས་ཀྱི་མིག་ཟུམས་པ་མི་མཁས་པ་དག་འཁྲུལ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་གི་ ཚེ་རྣལ་འབྱོར་པ་མཁས་པ་རིག་པ་དྲི་མ་མེད་པའི་སྒྲོན་མས་བློ་གྲོས་ཀྱི་མིག་ལེགས་པར་བྱེ་བ་དག་ཕྱོགས་སུ་ལྷུང་བའི་བློ་ན་མེད་པས་དངོས་པོ་རྣམས་ལ་སྐྱེ་བ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་རྟོག་པ་དེའི་ཚེ། དངོས་པོ་ཐམས་ཅད་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཀྱིས་ སྐྱེ་བ་མེད་པར་མཐོང་ཞིང་སྐྱེ་བ་བཀག་པའི་ཕྱིར། སྐྱེ་བར་རྣམ་པར་རྟོག་པའི་དྲི་མ་དེ་ཞི་བས་ཚིག་གི་བརྗོད་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་བས་ཅིག་ཅར་ཐབས་དེ་ཉིད་ལ་བརྟུལ་བར་བྱ་བའི་རིགས་སོ། །དངོས་པོ་དེ་དག་མ་སྐྱེས་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལ་ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེ་བར་འདོད། ཁ་ཅིག་ནི་གཞན་ལས། ཁ་ཅིག་ནི་གཉི་ག་ལས། ཁ་ཅིག་ནི་རྒྱུ་མེད་པ་ལས། ཁ་ཅིག་ནི་དབང་ཕྱུག་དང་། སྐྱེས་བུ་དང་། གཙོ་བོ་དང་། དུས་དང་སྲེད་མེད་ཀྱི་བུ་དག་ལས་སྐྱེ་བར་འདོད་དོ། །དེ་ལ་གྲངས་ཅན་ 98-91b དག་ནི་བདག་ལས་སྐྱེ་བར་སྨྲས་པ། དེ་དག་གི་ཕྱིར་བཤད་པ། དེ་ལ་རེ་ཞིག་བདག་སྐྱེ་བ། །ཀུན་རྫོབ་ཏུ་ཡང་མི་རིགས་ཏེ། །བདག་ཉིད་ཡོད་ཕྱིར་དཔེར་བྱ་ན། །ཞོ་ནི་བདག་ལས་མི་སྐྱེ་བཞིན། །ཞེས་བྱ་བ་བདག་ལས་ཞེས་བྱ་བ་ནི་རང་ལས་ཞེས་བྱ་བའི་ཐ་ཚིག་གོ། ། འདི་ལྟར་གལ་ཏེ་དངོས་པོ་རྣམས་བདག་ལས་སྐྱེ་བར་གྱུར་ན། རྒྱུ་དང་རྐྱེན་རྣམས་མེད་པར་ཡང་སྐྱེ་བའི་རིགས་ན། དེ་ལྟ་བུ་ནི་འཇིག་རྟེན་ན་ཡང་མ་མཐོང་ན། དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས། །བདག་ཉིད་ཡོད་པའི་ཕྱིར་ཞེས་བྱ་བ་ལ་བདག་ཅེས་བྱ་བ་ནི་རང་གི་ངོ་བོ་ ཉིད་དང་བཅས་པ་སྟེ། །བདག་ཉིད་ཡོད་པའི་དོན་ནི་བདག་གོ། །དེའི་དངོས་པོ་ནི་བདག་ཉིད་དོ། །དེའི་ཕྱིར་བདག་ཉིད་ཡོད་པའི་ཕྱིར་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་སྐྱེ་བ་ན་ཡོད་པ་ཉིད་ཡིན་ན། དེ་ལ་ཡང་སྐྱེ་བས་ཅི་ཞིག་བྱ། དཔེར་བྱ་ན་འཇིག་རྟེན་ན་འོ་མ་ལས་ཞོ་སྐྱེ་བར་འདོད། ཞོ་ཉིད་ཞོའི་རང་གི་བདག་ཉིད་ལས་སྐྱེ་བར་མི་འདོད་པ་བཞིན་དུ་དངོས་པོ་བདག་ཉིད་ཡོད་པ་ཡང་བདག་ལས་མི་སྐྱེ་སྟེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཡང་ན་ཚད་མའི་ལམ་ གཞན་ཡང་ཡོད་དེ། དངོས་རྣམས་བདག་ལས་མ་སྐྱེས་ཏེ། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། །ཞེས་བྱ་བ་ལ་སྐྱེས་བུ་ནི་དེ་དག་གི་གཞུང་ལས་མ་སྐྱེས་པར་འདོད་པས། དེ་བཞིན་ཞེས་བྱ་བ་ནི་མ་སྐྱེས་པ་ཙམ་ཞིག་ཁས་བླངས་ནས་དངོས་པོ་རྣམས་ཀྱི་སྐྱེ་བ་དགག་ པའི་དཔེར་བྱའོ། །མ་སྐྱེས་པ་ལ་བདག་མེད་དེ། །མ་སྐྱེས་ཕྱིར་ན་མཁའ་མིན་བཞིན། །ཞེས་བྱ་བ་ལ་བདག་ནི་ངོ་བོ་ཉིད་ཡིན་ན་དེ་ནི་སྐྱེས་བུ་ལ་སོགས་པ་བདག་ལས་མ་སྐྱེས་པས་བདག་ལ་མེད་དེ་མ་སྐྱེས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ།། །།དབུ་མའི་སྙིང་ པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་བདུན་པ། འདིར་གྲངས་ཅན་དག །ནམ་མཁའི་མེ་ཏོག་གི་དོན་རྣམ་པ་དུ་མར་རྣམ་པར་བརྟགས་ནས་དཔེ་མེད་པ་ཉིད་དུ་རྒོལ་བར་བྱེད་དེ། ཅི་ནམ་མཁའི་མེ་ཏོག་ཅེས་བྱ་བ་དེའི་དོན་གལ་ཏེ་ནམ་མཁའ་ལ་འདུག་པའི་མེ་ 98-92a ཏོག་ཡིན་པས། ནམ་མཁའི་མེ་ཏོག་ཅེས་བྱ་ན་ནི་མེ་ཏོག་ཏི་ལ་ཀ་དང་། ཨུཏྤལ་ལ་སོགས་པ་དག་ཡིན་པར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་ནམ་མཁའ་ལ་འདུག་པ་ཡིན་ཏེ། ནམ་མཁའ་ནི་གོ་སྐབས་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ རོ། །འོན་ཏེ་ནམ་མཁའ་ལས་བྱུང་བའི་མེ་ཏོག་ཡིན་པས་ནམ་མཁའི་མེ་ཏོག་ཅེས་བྱ་ན་ནི་འདི་ལ་ཡང་ནམ་མཁའ་ལས་ཞེས་བྱ་བའི་དོན་རྣམ་པར་བརྟགས་ནས། ཅི་ནམ་མཁའ་ལས་གཞན་པའི་མེ་ཏོག་ཡིན་ནམ། འོན་ཏེ་ནམ་མཁའ་ལས་འོངས་པའི་མེ་ཏོག་ཡིན་ གྲང་། གལ་ཏེ་ནམ་མཁའ་དང་མེ་ཏོག་ལ་ནམ་མཁའི་མེ་ཏོག་ཅེས་བྱ་ན་ནི་དེ་ལྟ་ན། དེ་གཉི་ག་ཡང་ཡོད་པ་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་ཅེས་བྱ་བའི་དཔེ་དེ་དངོས་པོ་མེད་པར་སྒྲུབ་པར་མི་ནུས་སོ། །གལ་ཏེ་ཁྱེད་འདི་སྐད་ཅེས་ནམ་མཁའ་དང་འབྲེལ་བའི་མེ་ ཏོག་མེད་པས། ནམ་མཁའི་མེ་ཏོག་ཅེས་བྱ་བ་ནི་ནམ་མཁའ་ལ་ནི་མེ་ཏོག་ཡོད་པ་མ་ཡིན་པ་ལ་བྱ་སྟེ། དེའི་ཕྱིར་ནམ་མཁའི་མེ་ཏོག་ཅེས་བྱའོ་ཞེ་ན། དེ་ལྟ་ན། ཡང་འཇིག་རྟེན་གསུམ་པོ་ཐམས་ཅད་ནམ་མཁའི་མེ་ཏོག་མ་ཡིན་པའི་དོན་དང་མཐུན་པར་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། ནམ་མཁའི་མེ་ཏོག་ཀྱང་བདག་ཉིད་འགའ་ཞིག་གིས་ཡོད་པའི་ཕྱིར་ཁྱེད་ཀྱི་དཔེ་མེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ། ནམ་མཁའི་མེ་ཏོག་མེད་པའི་དོན། །མཁའ་ལ་སོགས་པར་ཁྱོད་འདོད་པ། །དེ་དག་ནམ་མཁའི་མེ་ཏོག་མིན། ། དེའི་ཕྱིར་ཁོ་བོའི་ཕྱོགས་མེད་མིན། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་དཔེ་ནམ་མཁའི་མེ་ཏོག་ཅེས་བྱ་བ་དེའི་མེད་པའི་དོན་ལ་ནམ་མཁའ་ལ་སོགས་པ་ཞེས་བྱ་བ་ནམ་མཁའ་ལ་དང་། ནམ་མཁའ་ལས་དང་། ནམ་མཁའ་དང་། མེ་ཏོག་དང་། ནམ་མཁའི་མེ་ཏོག་ཅེས་རྣམ་པར་ དབྱེ་བ་དག་གིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱང་ཡོད་པར་ཁྱེད་འདོད་པ་དེ་དག་ནི། ཁོ་བོ་ཅག་གི་དཔེ་ནམ་མཁའི་མེ་ཏོག་ཅེས་བྱ་བའི་དོན་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། ཁོ་བོ་ཅག་ནི་དཔེ་ནམ་མཁའི་མེ་ཏོག་ཅེས་བྱ་བ་དེའི་དོན་ནི་ཁྱོད་ཀྱིས་མཁའ་ལ་སོགས་པར་བཏགས་པ་དེ་ 98-92b དག་ལས་གཞན་ཡིན་ལ། ནམ་མཁའི་མེ་ཏོག་ཅེས་ཁོ་བོ་ཅག་གི་དཔེར་བཞག་པ་དེ་བདག་ཉིད་འགའ་ཞིག་གིས་ཡོད་པར་ཡང་ཁྱེད་ཀྱིས་སྒྲུབ་པར་མི་ནུས་པས། །དེའི་ཕྱིར་ཁོ་བོའི་ཕྱོགས་འདི་ལ་ཡང་ཆོས་མཐུན་པའི་དཔེ་མེད་པ་མ་ཡིན་ནོ། །འདིར་སྨྲས་པ། གང་དག་གི་ཕྱོགས་ལ་འབྲས་བུའི་རང་གི་བདག་ཉིད་ཀྱི་བདག་ལས་སྐྱེ་བར་འདོད་པ་དེ་དག་གི་ཕྱོགས་ལ་ནི་སྐྱོན་དེ་དག་ཏུ་ཡང་འགྱུར་གྱི། ཁོ་བོ་ནི་རྒྱུའི་རང་གི་མཚན་ཉིད་ལས་སྐྱེ་བར་འདོད་པས་ཁོ་བོའི་ཕྱོགས་ལ་སྐྱོན་དེ་དག་མེད་དེ། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ ཉིད་དུ་ཡོད་པ་ཉིད་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། ཕ་རོལ་པོ་དེ་དག་གིས་དོགས་པ་བསུ་ནས་བསྟན་བཅོས་བྱེད་པས། །གལ་ཏེ་རྒྱུ་དང་འབྲས་དག་ཡོད། །དེ་ལས་དེ་ནི་སྐྱེ་སྙམ་ཞིང་། །བདག་ལས་སྐྱེ་བ་ཉིད་འདོད་ན། །ཞེས་བྱ་བ་སྨོས་སོ། །དེ་ལ་སྐྱོན་འདི་ཡོད་དེ། དེ་ལས་གཞན་མིན་བདག་བཞིན་ན། །རྒྱུ་ནི་རྒྱུ་མིན་ཉིད་དུ་འགྱུར། །ཞེས་བྱ་བ་ནི། གལ་ཏེ་རྒྱུ་དང་འབྲས་བུ་དག་གཞན་ཉིད་ཡིན་ན་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་ཞེས་བྱ་བའི་ཐ་སྙད་རྣམ་པར་གཞག་ཏུ་རུང་གི་གཞན་ཉིད་མ་ཡིན་པ་ལ་མི་རུང་སྟེ། ས་བོན་ཡང་མྱུ་གུའི་ རྒྱུ་ཉིད་མ་ཡིན་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་ལས་གཞན་མ་ཡིན་པའི་ཕྱིར་འབྲས་བུའི་རང་གི་བདག་ཉིད་བཞིན་པའི་ཕྱིར་རོ། །དེས་ན་མྱུ་གུ་ཡང་ཡང་དག་པར་ན་ས་བོན་གྱི་འབྲས་བུ་མ་ཡིན་ཏེ། དེ་ལས་གཞན་ཉིད་མ་ཡིན་པའི་ཕྱིར་རྒྱུའི་རང་གི་བདག་ཉིད་བཞིན་པས། དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མེད་པའི་སྐྱོན་དུ་འགྱུར་རོ། །གཞན་ཡང་མ་སྐྱེས་ཕྱིར་ནི་རྒྱུ་མིན་པ། །ཅི་ཞིག་ཡིན་ཞིང་གང་གི་རྒྱུ། །ཞེས་བྱ་བ་ནི་གཙོ་བོ་དང་སྐྱེས་བུ་ལ་སོགས་པ་རང་ཉིད་མ་སྐྱེས་པའི་ཕྱིར་སྔ་ཕྱིའི་ཁྱད་པར་མེད་པར་ནི་རྒྱུ་མ་ཡིན་པས། ཅི་ ཡང་མ་ཡིན་ཞིང་གང་གི་རྒྱུར་ཡང་མི་འགྱུར་བས་ཇི་ལྟར་གཞན་གྱི་རྒྱུར་འགྱུར། དེ་བཞིན་དུ་ས་བོན་ལ་སོགས་པ་མ་སྐྱེས་པ་དག་གིས་ནི་མྱུ་གུ་ལ་སོགས་པ་མངོན་པར་སྒྲུབ་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་འདི་སྙམ་དུ་རྒྱུ་གང་ཁོ་ན་ཡིན་པ་དེ་ཉིད་འབྲས་བུ་མ་ཡིན་ 98-93a ཏེ། འོ་ན་ཇི་ལྟ་བུ་ཞེ་ན། རྒྱུ་ལ་འབྲས་བུ་ནུས་པའི་བདག་ཉིད་དུ་ཡོད་པས། དེ་རྒྱུ་དང་རྐྱེན་རྣམས་ཀྱིས་གསལ་བར་བྱེད་དེ། ནུས་པ་དང་། གསལ་བ་དེ་གཉིས་ཀྱང་བདག་ཉིད་ཐ་མི་དད་པའི་ཕྱིར་དེ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་པར་སེམས་ ན་དེའི་ཕྱིར་བཤད་པ། འབྲས་བུ་བདག་ཉིད་ཉིད་ཡོད་ན། །རྒྱུར་བརྟག་པ་ནི་དོན་མེད་འགྱུར། །ཞེས་བྱ་བ་ནི། རྒྱུ་ནི་འབྲས་བུ་བསྐྱེད་པ་ཡིན་པར་འདོད་ན། གལ་ཏེ་འབྲས་བུ་ཉིད་ཡོད་པ་ཉིད་ཡིན་ན་རྒྱུར་བརྟག་པས་ཅི་ཞིག་བྱ། སྐྱོན་ཆེན་པོ་གཞན་འདི་ཡང་ཡོད་དེ། དེ་ཉིད་ལས་ནི་དེ་སྐྱེ་ན། །སྐྱེད་དང་བསྐྱེད་བྱ་གཅིག་ཏུ་འགྱུར། །ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདི་སྙམ་དུ་བདག་ལས་སྐྱེ་བ་ཁོ་ན་ཡང་ཡིན་ལ། སྐྱེད་པ་དང་བསྐྱེད་པར་བྱ་བ་གཉིས་གཅིག་པ་ཉིད་དུ་ཡང་མི་འགྱུར་བ་ཁོ་བོས་ སྟོན་པར་ནུས་ཏེ། དཔེར་ན་འོ་མ་ཞེས་བྱ་བའི་རྫས་ཇི་ལྟར་གནས་པའི་ཆོས་གཞན་འགག་པ་ན་ཞོ་ཞེས་བྱ་བའི་ཆོས་གཞན་སྐྱེ་ཞིང་དེ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་རྣམ་པར་གཞག་པ་ཡང་ཡོད་པ་བཞིན་ནོ་སྙམ་དུ་སེམས་ན་བཤད་པ། གལ་ཏེ་འོ་མ་ཞོ་ཉིད་དུ། །གནས་པས་ གནོད་པ་མེད་སྙམ་ན། །ཕ་ནི་བུ་ཉིད་མི་འགྱུར་བས། །གནོད་པ་མེད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་ཕས་ཕའི་དངོས་པོ་ཉིད་ཡོངས་སུ་བཏང་ནས་བུའི་ངོ་བོ་ཉིད་དུ་འགྱུར་བ་ནི་སུས་ཀྱང་གང་དུ་ཇི་ལྟར་ཡང་མ་མཐོང་བས། དེའི་ཕྱིར་ཁྱོད་ཀྱིས་སྐྱེད་པ་དང་བསྐྱེད་ པར་བྱ་བ་གཉིས་གཅིག་པ་ཉིད་དུ་འགྱུར་བའི་སྐྱོན་བཟློག་པར་དཀའོ། །འདིར་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་བདག་ཉིད་ཡོད་པའི་ཕྱིར་ཞེས་བྱ་བ་དང་། དངོས་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དག་སྐྱེ་བ་མེད་པའི་གཏན་ཚིགས་སུ་བཞག་པ་དག་ནི་སྐྱེ་བ་མེད་པའི་མི་མཐུན་པའི་ ཕྱོགས་སྐྱེ་བ་ཅན་དག་སྒྲུབ་པའི་གཏན་ཚིགས་ཡིན་གྱི། སྐྱེ་བ་མེད་པ་སྒྲུབ་པའི་གཏན་ཚིགས་སུ་མི་རུང་ངོ་ཞེས་ཕྱིར་ཟློག་པར་བྱེད་དེ། འདི་ལྟར་བདག་ཉིད་ཡོད་པ་ཉིད་དང་། དངོས་པོ་ཉིད་ཅེས་བྱ་བ་ནི་བུམ་པ་ལ་སོགས་པའི་དངོས་པོ་སྐྱེས་པ་དག་ལ་ཡོད་ཀྱི། རི་བོང་གི་རྭ་ལ་ 98-93b སོགས་པ་མ་སྐྱེས་པ་དག་ལ་ནི་མེད་པས་དེའི་ཕྱིར་བདག་ཉིད་ཡོད་པ་ཉིད་དང་། དངོས་པོ་ཉིད་ཅེས་བྱ་བ་དངོས་པོའི་བདག་ཉིད་ཀྱི་གཏན་ཚིགས་དེ་དག་དངོས་པོ་མེད་པའི་བདག་ཉིད་ཀྱི་མི་མཐུན་པའི་ཕྱོགས་གང་ལ་ཡང་མེད་ལ། མི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་ དོན་འགལ་བ་ཉིད་ཀྱིས་སྐྱེ་བ་མེད་པ་ཞེས་བྱ་བའི་ཆོས་ཅན་གྱི་ངོ་བོ་ཉིད་ལས་བཟློག་པ་སྐྱེ་བ་ཡོད་པ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་དོན་འགལ་བ་ཉིད་ཡིན་ནོ་ཞེ་ན། བཤད་པ། བདག་ཉིད་ཡོད་པ་ཉིད་དང་དངོས་པོ་ཉིད་ཅེས་བྱ་བ་དེ་དག་ནི་ཀུན་རྫོབ་པ་ཡིན་ཏེ། དེ་དག་ལ་བརྟེན་ནས་བྱུང་ བ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར། སྐྱེ་བ་མེད་པའི་མི་མཐུན་པའི་ཕྱོགས་སྐྱེ་བ་མེད་པས། །མི་མཐུན་ཕྱོགས་ནི་མེད་པའི་ཕྱིར། །གཏན་ཚིགས་འགལ་བ་ཉིད་མི་ འདོད། །ཅེས་བྱ་བ་སྨྲས་སོ། །དེ་ལྟར་རེ་ཞིག་དངོས་པོ་རྣམས། །བདག་ལས་སྐྱེ་བར་མི་རིགས་སོ། །ཞེས་བྱ་བའི་ཚིག་གི་དོན་ནི་ཇི་སྐད་བསྟན་པའི་ཚུལ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གིས་ས་བོན་དང་ས་དང་། ཆུ་དང་མེ་དང་ རླུང་ལ་སོགས་པ་གཞན་དུ་གྱུར་པ་དག་ལས་མྱུ་གུ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་སྐྱེ་བ་དང་། མ་རིག་པ་དང་། སྲེད་པ་དང་། ལས་ཞེས་བྱ་བ་གཞན་དུ་གྱུར་པ་དག་ལས་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་སྐྱེ་བར་འདོད་དེ། དེ་བཞིན་དུ་བྱེ་བྲག་པ་དག་ཀྱང་ས་ལ་ སོགས་པའི་རྡུལ་ཕྲ་རབ་དག་དང་རྡུལ་ཕྲ་རབ་གཉིས་པ་དང་། གསུམ་པ་ལ་སོགས་པའི་རིམ་པ་གཞན་དུ་གྱུར་པ་དག་ལས་ས་ལ་སོགས་པའི་རྫས་མངོན་པར་འགྲུབ་པར་འདོད་དོ། །དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །ངོ་བོ་ཉིད་ནི་མེད་པའི་ཕྱིར། །གང་ཞིག་ གང་ལས་གཞན་དུ་འདོད། །གླང་རུ་དང་ནི་རི་རྩེ་ལས། །རྟ་རུ་གཞན་དུ་མི་འདོད་བཞིན། །ཞེས་བྱ་བ་ལ། ངོ་བོ་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱི་དངོས་པོ་སྟེ། དེ་ཡང་ཇི་སྐད་བསྟན་པའི་ཚུལ་གྱིས་ན་དངོས་པོ་རྣམས་ལ་ཡོད་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྒྱུའི་བདག་ 98-94a ཉིད་ཀྱི་དངོས་པོ་གང་ཞིག་འབྲས་བུའི་བདག་ཉིད་ཀྱི་དངོས་པོ་གང་ལས་གཞན་དུ་འདོད་དེ། དཔེར་ན་གླང་རུ་དང་རི་རྩེ་མ་སྐྱེས་པ་དག་ལས་རྟའི་རྭ་གཞན་དུ་ཐ་སྙད་གདགས་པར་མི་འདོད་པ་བཞིན་ནོ། །ཡང་ན། མིག་ལ་སོགས་པ་རྐྱེན་གཞན་རྣམས། ། དོན་དམ་དུ་ནི་མིག་སོགས་ཀྱི། །རྣམ་ཤེས་སྐྱེད་པར་བྱེད་མ་ཡིན། །གཞན་ཕྱིར་རྩི་སྐྱང་ལ་སོགས་བཞིན། །ཞེས་བྱ་བ་ནི་གལ་ཏེ་གཞན་ཡིན་ནོ་ཅོག་ལ་སྐྱེད་པའི་མཐུ་ཡོད་པ་ཡིན་ན་གཞན་ཡིན་པ་འདྲ་བ་བཞིན་པ་ལས། མིག་ལ་སོགས་པས་ནི་མིག་གི་རྣམ་པར་ཤེས་ པ་ལ་སོགས་པ་དག་ཉི་ཚེ་སྐྱེད་པར་བྱེད་ལ། སབ་མ་དང་བུམ་པ་དང་སྣམ་བུ་ལ་སོགས་པ་མངོན་པར་སྒྲུབ་པར་མི་བྱེད་པ་དང་། རྩི་སྐྱང་དང་རྒྱུ་སྤུན་དང་འཇིམ་པ་ལ་སོགས་པས་ནི་སབ་མ་དང་སྣམ་བུ་དང་། བུམ་པ་ལ་སོགས་པ་ཉི་ཚེ་དག་མངོན་པར་སྒྲུབ་པར་བྱེད། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག །སྐྱེད་པར་མི་བྱེད་པར་རྒྱུ་དང་རྐྱེན་སོ་སོར་ངེས་པ་དེ་དག་ཅི་ལས་གྱུར་པའི་གཏན་ཚིགས་ཀྱི་ཁྱད་པར་བརྗོད་པར་བྱ་དགོས་སོ། །སྦྱོར་བ་གཞན་ཡང་། གཟུགས་ཀྱི་བློ་ལ་སོགས་པ་དག །བརྗོད་འདོད་མིག་སོགས་རྒྱུ་ཅན་ མིན། །གཞན་ཕྱིར་སྔ་ན་མེད་པའི་ཕྱིར། །དཔེར་ན་བུམ་སྣམ་ལ་སོགས་བཞིན། །ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལ་སོགས་པ་དག་ཅེས་བྱ་བ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་བརྗོད་པར་འདོད་པའི་མིག་ལ་སོགས་པའི་རྒྱུ་ཅན་མ་ཡིན་ཏེ། གཞན་ཡིན་པའི་ ཕྱིར་དང་། སྔ་ན་མེད་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །བརྗོད་འདོད་ཅེས་བྱ་བ་ནི་བརྗོད་པར་འདོད་པ་སྟེ། མིག་ལ་སོགས་པ་དག་གོ། །མིག་ལ་སོགས་པ་ཞེས་བྱ་བ་ནི་མིག་དང་། གཟུགས་དང་། སྣང་བ་དང་། ནམ་ མཁའ་དང་། ཡིད་ལ་བྱེད་པ་དག་དང་། རྣ་བ་ལ་སོགས་པ་གཞན་དག་ཀྱང་བསྡུའོ། །རྒྱུ་ཅན་མིན་ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལ་སོགས་པ་གང་དག་ལ་རྒྱུ་བརྗོད་པར་འདོད་པ་མིག་ལ་སོགས་པ་དག་ཡོད་པར་བཏགས་པ་དེ་དག་དེའི་རྒྱུ་ཅན་མ་ཡིན་པར་བཀག་པའོ། ། 98-94b གཞན་ཡང་དངོས་པོ་སྐྱེས་པ་ཉིད་ཡིན་ན་གཞན་ཞེས་བྱ་བའི་ཐ་སྙད་གདགས་སུ་རུང་ན་འབྲས་བུ་དེ་ནི་མ་སྐྱེས་པས་འབྲས་བུ་དེ་ལས་རྒྱུ་གཞན་ཉིད་དུ་རྟོག་པ་ནི་ཉེ་བར་བཏགས་པ་ཡིན་པས། དེའི་ཕྱིར། མ་སྐྱེས་པ་ཡི་གཞན་ཉིད་ནི། །ཀུན་རྫོབ་ཡིན་པས་དོན་དམ་ མིན། །གཞན་ཡང་སྐྱེ་བ་ཉིད་ཀྱང་ནི། །རིགས་པ་མ་ཡིན་གཟུང་བར་བྱ། །ཞེས་བྱ་བ་སྨྲས་སོ། །གཞན་ཡང་སྐྱེ་བར་སྨྲ་བ་དག་ལས། །ཁ་ཅིག་ནི་རྒྱུ་ལས་འབྲས་བུ་ཡོད་པ་ཉིད་ཡིན་ལ། དེ་སྐྱེས་པ་ཉིད་དམ་མ་སྐྱེས་པ་ཉིད་དུ་ནི་ཐ་སྙད་གདགས་པར་བྱ་བ་མ་ཡིན་པར་ སེམས་སོ། །ཁ་ཅིག་ནི་མ་སྐྱེས་པ་རྒྱུ་དང་རྐྱེན་རྣམས་ཀྱི་མངོན་པར་སྒྲུབ་པར་འདོད་དོ། །ཁ་ཅིག་ནི་སྐྱེས་བཞིན་པ་གཉི་གའི་བདག་ཉིད་ཅན་དུ་འདོད་དོ། །ཁ་ཅིག་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དེ། འདི་ལྟར་དེ་ནི་སྐྱེས་པ་མ་ཡིན་ཏེ། བདག་ཉིད་ཀྱི་དངོས་ པོ་མ་ཐོབ་པའི་ཕྱིར་རོ། །མ་སྐྱེས་པ་ཡང་མ་ཡིན་ཏེ། །བྱ་བ་འཇུག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བཤད་པ་རེ་ཞིག །སྐྱེས་པ་བརྗོད་དུ་མེད་པ་ལ། །སྐྱེ་བ་དོན་མེད་ཉིད་དུ་འགྱུར། །ཞེས་བྱ་བ་ནི། གལ་ཏེ་རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ཡིན་ཞིང་ཐ་སྙད་གདགས་ པར་བྱ་བ་མ་ཡིན་པས། དེ་ནི་སྐྱེས་པ་ཡིན་པས་སྐྱེས་པ་དེ་ལ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་ཡང་འགྱུར་ལ། །མ་སྐྱེས་པ་ན་ཐ་སྙད་གདགས་པར་བྱ་བ་མ་ཡིན་པ་ནི་སྐྱེས་ན་ཡང་དེ་འབྲས་བུའི་ངོ་བོ་ཉིད་དུ་ཐ་སྙད་གདགས་སུ་མི་རུང་བར་འགྱུར་རོ། །གང་དག་འབྲས་བུ་མ་སྐྱེས་ པ་དེ་དག་ལ་ཡང་། །མ་སྐྱེས་པ་ལ་སྐྱེ་མེད་དེ། །མ་སྐྱེས་ཕྱིར་ནི་མཁའ་མིན་བཞིན། །ཞེས་བྱ་བ་སྨྲས་སོ། །སྐྱེ་བཞིན་སྐྱེ་བར་འདོད་པ་ལ། །བརྒལ་ཞིང་བརྟགས་པ་མཚུངས་པར་འགྱུར། །ཞེས་བྱ་བ་ནི་སྐྱེ་བཞིན་པ་ལ་ཡང་གང་སྐྱེས་པའི་ཆ་དེ་ལ་ནི་ཡང་ སྐྱེ་བ་དོན་མེད་ལ། གང་མ་སྐྱེས་པའི་ཆ་དེ་ནི་མེད་པའི་ཕྱིར། ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་སྐྱེ་བ་མེད་དོ། །བརྗོད་དུ་མེད་པའང་དེ་མེད་དེ། །བརྗོད་དུ་མེད་ཕྱིར་གཞན་བཞིན་ནོ། །ཞེས་བྱ་བ་ལ་འདིར་གཞན་བཞིན་ནོ་ཞེས་བྱ་བའི་སྒྲས་ནི་སྔོ་བསངས་དང་ 98-95a དཀར་ཤམ་ལ་སོགས་པ་ཉིད་དུ་བརྗོད་དུ་མེད་པའི་མོ་གཤམ་གྱི་བུ་ལ་སོགས་པ་དག་ཡོངས་སུ་བཟུང་ངོ་། །འདིར་སྨྲས་པ། དངོས་པོ་རྣམས་ནི་སྐྱེ་བ་ཁོ་ན་ཡིན་ཏེ། བརྟགས་པའི་བདག་ཉིད་དུ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་ དེ་དག་ལ་རྣམ་པར་ཤེས་པས་རྣམ་པར་བརྟགས་པའི་ངོ་བོ་ཉིད་ཡོད་དོ་ཞེ་ན། དེ་དག་གི་ཕྱིར་བཤད་པ། ཡང་ན་མིག་ལ་སོགས་པ་དག །བརྟགས་པའི་བདག་ཉིད་ཉིད་ཀྱིས་སྟོང་། །བྱས་པའི་ཕྱིར་དང་འཇིག་པའི་ཕྱིར། །དཔེར་ན་སྒྱུ་མའི་འོ་མ་བཞིན། །ཞེས་ བྱ་བ་ནི་མིག་ལ་སོགས་པ་དག་ནི་དོན་དམ་པར་ན་གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་སྔོན་པོ་དང་སེར་པོར་བརྟགས་པའི་དངོས་པོར་འདོད་པ་གང་དང་གང་ཡིན་པ་དེ་དང་དེའི་དངོས་པོའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། བྱས་པའི་ཕྱིར་དང་འཇིག་པའི་ཕྱིར་དཔེར་ན་ཚིག་དག་ གིས་དཔེར་ན་སྒྱུ་མའི་བདག་ཉིད་ཀྱི་འོ་མ་བཞིན་ནོ། །གལ་ཏེ་འདི་སྙམ་དུ་མ་བརྟགས་པའི་དངོས་པོ་རྣམས་ཀྱི་བདག་ཉིད་ཀྱང་ཡོད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བསགས་པའི་གནས་ལ་དམིགས་པ་ཡིན་པས། གལ་ཏེ་དེ་དག་གཅིག་ཏུ་རྣམ་པར་རྟོག་པར་ མི་བྱེད་ཀྱང་དེ་དག་གི་དམིགས་པའི་དངོས་པོ་ཡོད་པས། དེས་ན་བྱས་པའི་ཕྱིར་དང་འཇིག་པའི་ཕྱིར་སྒྱུ་མའི་འོ་མ་བཞིན་དུ་རྣམ་པར་བརྟགས་པའི་དངོས་པོ་རྣམས་སྟོང་པར་འགྱུར་རམ། རྣམ་པར་མ་བརྟགས་པའི་དངོས་པོ་རྣམས་ཡོད་པར་འགྱུར་བ་མ་ངེས་པར་སེམས་ ན། དེའི་ཕྱིར་བཤད་པ། བསྒྲུབ་དང་མཚུངས་པར་བཀག་པའི་ཕྱིར། །ཅིག་ཤོས་ཀྱིས་ནི་ཐེ་ཚོམ་མེད། །ཅེས་བྱ་བ་ལ་ཅིག་ཤོས་ནི་བརྟགས་པའི་བདག་ཉིད་ཀྱི་དངོས་པོ་ལས་གཞན་པ་མ་བརྟགས་པའི་དངོས་པོ་སྟེ། དེས་ན་མ་ངེས་པ་ཉིད་དུ་མི་འགྱུར་རོ། ། ཅིའི་ཕྱིར་ཞེ་ན། བརྟགས་པའི་བདག་ཉིད་དགག་པར་སྒྲུབ་པ་དང་། མཚུངས་པར་མ་བརྟགས་པའི་དངོས་པོ་ཡང་བཀག་པའི་ཕྱིར་མིག་ལ་སོགས་པ་ནི་མ་བརྟགས་པའི་བདག་ཉིད་ཀྱིས་ཀྱང་སྟོང་སྟེ། བྱས་པའི་ཕྱིར་དང་འཇིག་པའི་ཕྱིར་སྒྱུ་མ་ཁོ་ན་བཞིན་ཏེ། 98-95b གང་གི་ཕྱིར་སྒྱུ་མ་ལ་ཡང་བརྟགས་པ་མ་ཡིན་པའི་ཆ་ཡོད་པའི་ཕྱིར་རོ། །འོ་ན་དེ་ལྟར་སྒྱུ་མའི་ཆ་རྣམ་པར་བརྟགས་པ་མ་ཡིན་པ་ཅིག་ཤོས་གང་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་མ་ཡིན་པར་འགྱུར་རོ་ཞེ་ན། དེ་དགག་པའི་ཕྱིར་བཤད་པ། སྒྱུ་མའི་བདག་ཉིད་མ་ བརྟགས་པའང་། །ཡང་དག་ཏུ་ནི་ལོག་པར་འདོད། །ལ་ལའི་འདོད་ཆགས་རྒྱུ་ཡིན་ཕྱིར། །དཔེར་ན་བརྟགས་པ་དེ་ཉིད་བཞིན། །ཞེས་བྱ་བ་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས་ལ་སོགས་པ་ཡང་མི་མཁས་པ་ལ་ལའི་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ཏེ། ཇི་ལྟར་སྒྱུ་མའི་བརྟགས་པའི་བདག་ཉིད་ལོག་པ་ཡིན་པ་དེ་བཞིན་དུ་བརྟགས་པ་མ་ཡིན་པའི་ཕྱིར་བདག་ཉིད་ཀྱང་ཡང་དག་པར་ན་ལོག་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྒྱུ་མ་ལ་བརྟགས་པ་མ་ཡིན་པའི་བདག་ཉིད་ཀྱང་མེད་པས་ཁྱོད་ཀྱི་དཔེ་མེད་དོ་ཞེ་ན། དེའི་ཕྱིར་བཤད་ པ། གྲགས་པའི་ཆས་ནི་དེ་གྲུབ་ཕྱིར། །ཁོ་བོའི་དཔེ་ནི་མེད་མ་ཡིན། །ཞེས་བྱ་བ་ནི་དེ་ལ་ཡང་གང་ཕ་རོལ་ལ་ཡོད་པ་ཉིད་དུ་གྲགས་པའི་ཆ་དེ་དཔེ་ཉིད་དུ་བྱས་པས་དེ་གྲུབ་པའི་ཕྱིར་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །ཡང་ན་བརྟགས་པ་དང་བརྟགས་པ་མ་ཡིན་པའི་ བདག་ཉིད་དཔྱད་པ་དེས་ཅི་བྱ་སྟེ། དངོས་པོ་འདི་དག་ནི་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཁོ་ནར་ཚད་མ་ཉེ་བར་སྦྱར་བར་བྱ་སྟེ། །ཡང་ན་མིག་ལ་སོགས་པ་ནི། །ཡང་དག་ཏུ་ན་དངོས་ཉིད་སྟོང་། །བྱས་པ་ཉིད་ཕྱིར་འཇིག་ཉིད་ཕྱིར། །བདུད་ཀྱིས་ སྤྲུལ་པའི་སངས་རྒྱས་བཞིན། །ཞེས་བྱ་བ་ནི། དཔེར་ན་བདུད་ཀྱིས་ཁྱིམ་བདག་དཔའ་བོའི་ཁང་པར་དགྲ་བཅོམ་པ་ཉེ་བར་སྦས་པ་ཁ་དྲང་བའི་ཕྱིར། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འོད་ཟེར་གྱི་ཁ་དོག་ཤིན་ཏུ་འབར་བ་ལྟ་བུ། སྤྱན་མེ་ཏོག་ཨུཏྤ་ལའི་ འདབ་མ་ལྟར་ཡངས་ཤིང་སྔོ་བ། དབུ་གཙུག་ཏོར་ཤིན་ཏུ་ལེགས་པས་རྣམ་པར་མཛེས་པ། གསུང་དབྱངས་ཀ་ལ་པིང་ཀ་ལྟར་སྙན་པ། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཞིག་མངོན་པར་སྤྲུལ་པའི་སྐུ་དེས། ཡིད་དང་། མིག་འཕྲོག་པ་དང་། ལྷ་ཡུལ་ 98-96a པ་རྨད་དུ་བྱུང་བ་ལྟར་ཀུན་དུ་སྣང་དུ་ཟིན་ཀྱང་བྱས་པ་ཉིད་ཡིན་པའི་ཕྱིར་དང་། འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ངོ་བོ་ཉིད་དམིགས་སུ་མེད་པ་དེ་བཞིན་དུ་མིག་ལ་སོགས་པ་ཡང་རྒྱུ་དང་རྐྱེན་ལས་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་སྣང་ཡང་ངོ་བོ་ ཉིད་མེད་པས་སྐྱེ་བོ་མི་མཁས་པ་དག་སླུ་བར་བྱེད་པ་ཡིན་ནོ། །འོ་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྲ་བ་དང་གཤེར་བ་དང་། ཚ་བ་དང་གཡོ་བ་ཉིད་ལ་སོགས་པ་དག་སྣང་བཞིན་པ་ཉིད་མ་ཡིན་ནམ་ཞེ་ན། བཤད་པ་དེ་དག་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་གཞན་སེལ་བའི་ ངོ་བོ་ཉིད་ཙམ་ལ་བརྟེན་ནས་ཡོད་པར་ཟད་དེ། །དོན་དམ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། །དངོས་པོ་རྣམས་ཀྱི་དངོས་ཉིད་གང་། །ཡང་དག་ཏུ་ན་དངོས་དེ་མེད། །བྱས་ཕྱིར་དཔེར་ན་ཆུ་ཡི་ནི། །ཚ་བ་ཉིད་དང་བརྟན་ཉིད་བཞིན། །ཞེས་བྱ་བ་ནི་གཞན་དག་ གིས་དངོས་པོ་གང་གི་ངོ་བོ་ཉིད་གང་རྣམ་པར་བརྟགས་པ་དེ་ནི་ཡང་དག་པར་ན་དེའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། བྱས་པ་ཉིད་ཡིན་པའི་ཕྱིར་དཔེར་ན། ཆུ་ལ་ལན་འགའ་ཚ་བ་ཉིད་དང་། བརྟན་པ་ཉིད་དུ་ཐ་སྙད་གདགས་པ་ཡོད་ཀྱང་དེ་རྟག་ཏུ་དེའི་ངོ་བོ་ཉིད་ཡིན་པར་ཤེས་པར་ མི་ནུས་པ་བཞིན་ནོ། །དེའི་ཕྱིར་དེ་ལྟར། སྒྲུབ་པ་ཇི་སྐད་བསྟན་པའི་མཐུས། །དངོས་རྣམས་རང་གི་བདག་ཉིད་དུ། །སྐྱེ་བར་འཐད་པ་མ་ཡིན་པས། །གཞན་གྱི་དངོས་པོར་མི་སྐྱེ་སྟེ། །བ་ལང་བོང་བུར་མ་མཐོང་བཞིན། །ཞེས་བྱ་བ་ནི་དཔེར་ན། ལྐོག་ཤལ་ དང་མཇུག་མ་དང་ནོག་མ་དང་། རྨིག་པ་དང་རྭ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བ་ལང་ཐལ་ཁུང་ན་འགྲེ་བ་དང་། དུ་བའི་ཁ་དོག་དང་། སྒྲ་བོ་ཆེ་དང་། རྨིག་པ་གཅིག་པ་དང་། རྣ་བ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བོང་བུའི་བདག་ཉིད་དུ་ འགྱུར་བར་མ་མཐོང་བ་བཞིན་ནོ། །འདིར་རང་གི་སྡེ་པ་དག་གིས་སྨྲས་པ། ཁྱོད་ཀྱི་དངོས་པོ་རྣམས་གཞན་ལས་སྐྱེ་བ་འགོག་པར་བྱེད་པ་ནི་ཁས་བླངས་པ་ཉམས་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས། རྒྱུའི་རྐྱེན་དང་། དམིགས་པའི་རྐྱེན་དང་། དེ་མ་ཐག་ 98-96b པའི་རྐྱེན་དང་། བདག་པོའི་རྐྱེན་ཞེས་བྱ་བ་རྐྱེན་བཞི་པོ་དག་བཀའ་སྩལ་ཏེ། དེ་ལ་རྒྱུའི་རྐྱེན་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་བ་མཉམ་པའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བ་རྒྱུ་ལྔ་པོ་དག་གོ། ། དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་འགགས་མ་ཐག་པ་རྣམས་ལས་དགྲ་བཅོམ་པའི་སེམས་ཐ་མ་མ་གཏོགས་པའོ། །བདག་པོའི་རྐྱེན་ནི་བྱེད་པའི་རྒྱུ་སྟེ། །དེ་ལྟར་རྐྱེན་བཞི་པོ་གཞན་དུ་གྱུར་པ་ དེ་དག་ལས་དངོས་པོ་རྣམས་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བཤད་པ། རྒྱུ་ལ་སོགས་པ་རྐྱེན་གཞན་ལས། །སྐྱེ་བ་ཀུན་རྫོབ་ཐ་སྙད་ཡིན། །དེ་ཕྱིར་ཁས་བླངས་གནོད་པ་མེད། །དེ་དག་ཡང་དག་ཉིད་མ་ཡིན། །ཇི་ལྟར་ན་རྒྱུ་ལ་སོགས་པའི་རྐྱེན་ དེ་དག་ནི་དོན་དམ་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བཤད་པ། ཡོད་ལ་རྐྱེན་རྣམས་མི་རིགས་ཏེ། །མེད་ལའང་མི་རིགས་ཡོད་མེད་ཕྱིར། །དེ་ལས་གཞན་བཞིན་རྐྱེན་མ་སྐྱེས། །རྐྱེན་རྣམས་སུ་ནི་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་འདི་ལ་རྐྱེན་དེ་དག་འབྲས་བུ་ཡོད་པའམ་ མེད་པའི་རྐྱེན་དུ་འགྱུར་གྲང་ན། དེ་ལ་རེ་ཞིག་འབྲས་བུ་ཡོད་པ་ལ་ནི་རྐྱེན་རྣམས་མི་རིགས་ཏེ། ཡོད་པའི་ཕྱིར་དེ་ལས་གཞན་པ་བུམ་པ་ལ་སོགས་པ་ཡོངས་སུ་གྲུབ་པ་ལ་འཇིམ་པའི་གོང་བུ་ལ་སོགས་པའི་རྐྱེན་རྣམས་མི་རིགས་པ་བཞིན་ནོ། །འབྲས་བུ་མེད་པ་ལའང་རྐྱེན་ རྣམས་མི་རིགས་ཏེ། མེད་པའི་ཕྱིར་དེ་ལས་གཞན་པ་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་ལ་ཆུ་ལ་སོགས་པའི་རྐྱེན་རྣམས་མི་རིགས་པ་བཞིན་ནོ། །ཡང་ན་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བརྟགས་ཟིན་པའི་ཕྱིར། རྐྱེན་མ་སྐྱེས་པ་ རྣམས་དངོས་པོ་གཞན་མ་སྐྱེས་པ་གང་གི་རྐྱེན་རྣམས་སུ་ཇི་ལྟར་འགྱུར། །གཞན་ཡང་རྒྱུ་ནི་སྒྲུབ་པར་བྱེད་ན་རྒྱུ་ཡིན་པར་འདོད་ན་དེ་ནི་སྒྲུབ་པར་བྱེད་པ་ཉིད་དུ་མི་འཐད་དོ། །ཇི་ལྟར་ཞེ་ན། རྒྱུ་ནི་འབྲས་བུར་སྐྱེད་མ་ཡིན། །དེ་ཡིས་སྟོང་ཕྱིར་དེ་གཞན་བཞིན། །སྐྱེ་བར་ 98-97a འདོད་པའང་དེས་བསྐྱེད་མིན། །སྔ་ན་མེད་ཕྱིར་དེ་གཞན་བཞིན། །ཞེས་བྱ་བ་ནི་གང་ཞིག་གང་གིས་སྟོང་པ་དེ་ནི་དེ་བསྐྱེད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་མྱུ་གུ་བསྐྱེད་པ་མ་ཡིན་པ་བཞིན་ནོ། །གང་ཞིག་གང་ན་སྔ་ན་མེད་པ་ དེ་ནི་དེ་ལས་སྐྱེ་བར་འདོད་པ་ཡིན་པར་མི་རིགས་ཏེ། དཔེར་ན། འཇིམ་པའི་གོང་བུ་ལས་སྣམ་བུ་སྐྱེ་བར་མི་རིགས་པ་བཞིན་ནོ། །ཡང་ན་ཇི་སྐད་བསྟན་པའི་ཚུལ་གྱིས། དེས་ནི་སྐྱེས་དང་མ་སྐྱེས་དང་། །སྐྱེ་བཞིན་སྐྱེད་པར་མི་བྱེད་དེ། །ཉེས་པ་བསྟན་ཕྱིར་མ་ སྐྱེས་པའི། །རྒྱུ་ནི་ཡང་དག་ཉིད་མ་ཡིན། །དེ་ལྟར་རེ་ཞིག་རྒྱུའི་རྐྱེན་མི་འཐད་དོ། །དམིགས་པའི་རྐྱེན་དགག་པའི་ཕྱིར་བཤད་པ། སྐྱེས་པ་དམིགས་པ་མི་ཕྲད་དེ། །སྐྱེས་ལའང་སྐྱེ་བ་དོན་མེད་ཕྱིར། །མ་སྐྱེས་པའང་མ་སྐྱེས་ཕྱིར། །དཔེར་ན་མི་ སྐྱེ་ཆོས་བཞིན་ནོ། །ཞེས་བྱ་བ་ལ་དམིགས་པ་ཞེས་བྱ་བ་ནི་དེ་དམིགས་པར་བྱ་བ་ཡིན་པས་དམིགས་པ་སྟེ། གཟུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དམིགས་པར་བྱེད་པ་སྐྱེས་པའམ་མ་སྐྱེས་པའམ། སྐྱེ་བཞིན་པ་ཞིག་ གཟུགས་ལ་སོགས་པའི་དམིགས་པ་དང་ཕྲད་གྲང་ན། དེ་ལ་རེ་ཞིག་སྐྱེས་པ་ནི་དམིགས་པ་དང་མི་ཕྲད་དེ། སྐྱེས་པ་ལའང་སྐྱེ་བ་དེ་ནི་མེད་པའི་ཕྱིར་རོ། །མ་སྐྱེས་པ་ཡང་དམིགས་པ་དང་མི་ཕྲད་དེ། མ་སྐྱེས་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུའི་མིག་ལ་སོགས་པའི་རྣམ་ པར་ཤེས་པ་མི་སྐྱེ་བའི་ཆོས་དག་དམིགས་པ་དང་མི་ཕྲད་པ་བཞིན་ནོ། །སྐྱེ་བཞིན་པ་ཡང་། སྐྱེ་བཞིན་ཕྲད་པར་འགྱུར་སྙམ་ན། །དེ་ཡང་དམིགས་པ་མེད་པར་མེད། །ཅེས་བྱ་བ་ལ་ནི་སྐྱེ་བཞིན་པ་ཞེས་བྱ་བ་ནི་སྐྱེས་པ་དང་། མ་སྐྱེས་པའི་རང་བཞིན་གཉི་གའི་ བདག་ཉིད་དེ། དེ་ཡང་དམིགས་པ་དང་ཕྲད་པ་མེད་དེ། གང་གི་ཕྱིར་ཞེ་ན། དེ་ལ་དམིགས་པ་ཉེ་བར་གྱུར་པ་མེད་དེ། རང་གི་བདག་ཉིད་མ་ཐོབ་པའི་ཕྱིར་རོ། །གལ་ཏེ་སྐྱེ་བཞིན་པ་དེ་ལ་སྐྱེ་བའི་བྱ་བ་བཞུགས་ནས་བདག་ཉིད་ཐོབ་པའི་ཚེ་ན་དེ་དམིགས་པ་དང་ཕྲད་པར་ 98-97b འགྱུར་རོ་ཞེ་ན། བཤད་པ། །ཡན་ལག་མ་ཚང་བ་ལ་ནི། །སྐྱེ་བའི་བྱ་བ་འཇུག་མི་འདོད། །ཅེས་བྱ་བ་ལ་བྱ་བ་ནི་རྟགས་ཡོད་པ་ཙམ་དུ་གཟུང་ནས་དངོས་པོ་ཐམས་ཅད་ལ་བརྟེན་ཏེ། གནས་པ་ཡིན་ན་གལ་ཏེ་སྐྱེ་བཞིན་པ་ནི་ཅུང་ཞིག་སྐྱེས་པ་དང་ཅུང་ ཞིག་མ་སྐྱེས་པ་ཡིན་པས་དེ་ལ་སྐྱེ་བའི་བྱ་བ་ཇི་ལྟར་འཇུག་སྟེ། ཡོད་པ་དང་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་འདི་སྙམ་དུ་ལུང་ལས་དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དམིགས་པ་མེད་པའི་ཆོས་ རྣམས་གང་ཞེ་ན། གཟུགས་དང་མྱ་ངན་ལས་འདས་པའོ། །ཞེས་གསུངས་པས་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་ཡོད་པ་ཁོ་ན་ཡིན་པར་སེམས་ན་བཤད་པ། ཡང་ན་སེམས་དང་སེམས་བྱུང་རྣམས། །ཡང་དག་དམིགས་པ་ཡོད་མི་འདོད། ། སྐྱེ་བཞིན་ཕྱིར་དང་གཟུང་བའི་ཕྱིར། །དཔེར་ན་གཟུགས་ལ་སོགས་པ་བཞིན། །ཞེས་བྱ་བ་ལ་སྐྱེ་བཞིན་པ་དམིགས་པ་དང་ཕྲད་པར་སེམས་ན་དེའི་དུས་ན་དམིགས་པར་བྱེད་པ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་སྐྱེ་བཞིན་པ་ཡིན་ལ། དམིགས་པ་གཟུགས་ལ་ སོགས་པ་དག་ཀྱང་སྐྱེ་བཞིན་པ་བཞིན་ཏེ། སྐྱེ་བཞིན་པར་འདྲ་བ་དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ནི་དམིགས་པའི་རྐྱེན་ཡོད་པར་འདོད་ལ། །གཟུགས་ལ་སོགས་པ་དག་ལ་ནི་དམིགས་པའི་རྐྱེན་ཡོད་པར་མི་འདོད་པ་འདི་ལ་གཏན་ཚིགས་ཀྱི་ཁྱད་པར་ཅི་ ཡོད་དེ། དེའི་ཕྱིར་དམིགས་པའི་རྐྱེན་དུ་བརྟགས་པ་ནི་ཀུན་རྫོབ་པ་ཡིན་གྱི། དོན་དམ་པ་པ་མ་ཡིན་ནོ། །ཡང་ན་དེ་དག་དམིགས་བཅས་པ། །དུས་གཅིག་ཕྱིར་ན་དེ་མི་རུང་། །ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་དམིགས་པ་དང་བཅས་པ་དེ་ དག་གཟུགས་ལ་སོགས་པ་དམིགས་པ་དང་ཕྲད་པར་སེམས་ན་དེ་ལ་དུས་ཐ་དད་པ་མེད་དེ། བ་ལང་གི་རྭ་གཡས་གཡོན་བཞིན་པས་དམིགས་པར་བྱེད་པ་དང་དམིགས་པར་བརྟག་པ་དེ་མི་རུང་ངོ་། །དེ་ལྟར་དམིགས་པ་ཡོད་མིན་པས། །གང་ཞིག་གང་གིས་དམིགས་ 98-98a པར་འགྱུར། །ཞེས་བྱ་བ་ནི་གང་ཡང་གང་གི་དམིགས་པར་མི་འཐད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེ་ལྟར་དམིགས་པའི་རྐྱེན་ཡང་མི་འཐད་དོ། །དེ་མ་ཐག་པའི་རྐྱེན་ཡང་འགག་པ་མེད་པའི་ཕྱིར་མི་འཐད་དེ། ཇི་ལྟར་ཞེ་ན། མ་སྐྱེས་པ་ལ་འགག་མེད་དེ། །མ་སྐྱེས་ཉིད་ཕྱིར་མཁའ་མིན་བཞིན། །ཞེས་བྱ་བ་ནི། འགག་པ་ནི་སྐྱེ་བ་ལ་ལྟོས་པ་ཡིན་ན། སྐྱེ་བ་མེད་པའི་ཕྱིར་འགག་པ་ཡང་མེད་དོ། །འགགས་པ་ལ་ཡང་འགག་མེད་དེ། །འགགས་ཕྱིར་དཔེར་ན་ཤི་བ་བཞིན། །ཞེས་བྱ་བ་ནི་ཤི་ བ་ལ་ཡང་འཆི་བ་མེད་པ་བཞིན་ནོ། །མ་འགགས་པ་ལའང་མ་འགགས་ཕྱིར། །ད་ལྟར་འཇུག་པའི་མར་མེ་བཞིན། །ཞེས་བྱ་བ་ནི་འགག་པ་མེད་དོ་ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ། གལ་ཏེ་མ་འགགས་པ་ལ་འགག་པ་ཡོད་པར་གྱུར་ན་ནི་མར་མེ་འབར་བཞིན་པ་ གསལ་བར་བྱ་བ་གསལ་བར་བྱེད་ནུས་པ་ཡང་འགགས་པ་བཞིན་དུ་འགྱུར་རོ། །འགག་བཞིན་པ་ལའང་མི་འདོད་དེ། །འགག་པ་གོང་དུ་བསྟན་ཕྱིར་རོ། །ཞེས་བྱ་བ་འགག་བཞིན་པ་ནི་གོང་གི་ཅུང་ཟད་ནི་འགགས། ཅུང་ཟད་ནི་མ་འགགས་པ་ཡིན་ན་འགགས་པ་དང་མ་ འགགས་པ་གཉིས་ལ་ནི་འགག་པ་མི་འཐད་དེ། སྐྱོན་ཇི་སྐད་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་འདི་སྙམ་དུ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་དབང་གིས་དངོས་པོ་སྐྱེ་བཞིན་པ་ལ་ནི་འགག་བཞིན་པ་ཕན་འདོགས་པ་ཡིན་པའི་ཕྱིར་དེ་ལས་གཞན་པ་འདས་པའི་སྐད་ཅིག་མས་བར་དུ་ མ་ཆོད་པའི་འགག་བཞིན་པ་ནི་དེ་མ་ཐག་པའི་རྐྱེན་ཡིན་པར་སེམས་ན། བཤད་པ། དེ་ཡང་དུས་མཉམ་ཉིད་གཅིག་གམ། །ཡང་ན་དུས་གཞན་འགྱུར་གྲང་ན། །མི་རིགས་འགག་བཞིན་ཡིན་པའི་ཕྱིར། །དགྲ་བཅོམ་སེམས་ཀྱི་ཐ་མ་བཞིན། །ཞེས་བྱ་བ་ནི་དེ་ལྟ་ན་ཡང་ དེ་མ་ཐག་པའི་རྐྱེན་འགག་བཞིན་པ་ནི་དེས་བསྐྱེད་པའི་དངོས་པོ་སྐྱེ་བཞིན་པའི་དེ་མ་ཐག་པའི་རྐྱེན་དུ་མི་རིགས་ཏེ། དུས་མཉམ་པའི་ཕྱིར་སྐྱོན་སྔར་བསྟན་པའི་ཕྱིར་རོ། །ཡང་ན་དུས་ཐ་དད་པར་གྱུར་ན་ཡང་དེ་དེ་མ་ཐག་པའི་རྐྱེན་ཡང་མི་འཐད་དེ། འགག་བཞིན་པ་ཡིན་ 98-98b པའི་ཕྱིར་དགྲ་བཅོམ་པ་ཡང་འབྱུང་བའི་སྲིད་པ་ཟད་པ་ཉིང་མཚམས་སྦྱོར་མི་བཟོད་པ་མྱ་ངན་ལས་འདས་པའི་སེམས་ཀྱི་སྐད་ཅིག་མ་ཐ་མ་བཞིན་ནོ། །དེ་ལྟར་དེ་མ་ཐག་པའི་རྐྱེན་ཡང་མི་འཐད་དོ། །ད་ནི་བདག་པོའི་རྐྱེན་བདག་པོའི་གོ་རིམས་ལ་བབ་པས། དེའི་ཕྱིར་བཤད་ པ། དངོས་པོ་ཡོད་པ་དོན་དམ་དུ། །མི་རིགས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་བུ་ཡི་ཡོད་པ་བཞིན། །དེ་ཕྱིར་བདག་པོ་མེད་པར་འདོད། །ཅེས་བྱ་བ་ལ་བདག་པོའི་རྐྱེན་ཞེས་བྱ་བ་ནི་གང་ཡོད་ན་གང་འབྱུང་བ་དེ་ཡིན་པར་འདོད་ན། འདི་ལ་གང་ཡོད་ན་ཞེས་ བྱ་བའི་དངོས་པོ་དེ་དོན་དམ་པར་སྐྱེ་བ་མེད་པར་བསྟན་པའི་ཕྱིར་བདག་ཉིད་ཀྱི་དངོས་པོ་མ་ཐོབ་སྟེ། མོ་གཤམ་གྱི་བུ་དང་འདྲ་བ་ཡིན་ན་དེ་གང་འབྱུང་བ་ཞེས་བྱ་བ་གཞན་གྱི་རྐྱེན་དུ་ཇི་ལྟར་འགྱུར་ཏེ། དེའི་ཕྱིར་བདག་པོ་ཡང་མི་འཐད་དོ། །གཞན་ཡང་། འབྲས་བུ་སྟོང་ ངམ་མི་སྟོང་པའི། །རྐྱེན་ཞིག་བདག་པོར་འགྱུར་གྲང་ན། །ཞེས་བྱ་བ་དེ་ལ་རེ་ཞིག །སྟོང་པ་མ་ཡིན་དེས་སྟོང་ཕྱིར། །དཔེར་ན་མིག་ནི་སྒྲ་བློའི་བཞིན། །ཞེས་བྱ་བ་ནི་དཔེར་ན་མིག་སྒྲའི་རྣམ་པར་ཤེས་པས་སྟོང་པ་ནི་སྒྲའི་རྣམ་པར་ཤེས་པའི་རྐྱེན་མ་ཡིན་ཏེ། སྒྲའི་ རྣམ་པར་ཤེས་པའི་འབྲས་བུ་དེས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་མིག་མིག་གི་རྣམ་པར་ཤེས་པས་སྟོང་པ་ཡང་མིག་གི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་མ་ཡིན་ཏེ། དེས་སྟོང་པའི་ཕྱིར་རོ། །མིག་སྟོང་པ་ཞེས་བྱ་བ་ལ་ཀུན་རྫོབ་ཏུ་ཡང་གྲགས་པའི་གནོད་པར་ འགྱུར་ཏེ། གང་གི་ཕྱིར་ཞེ་ན། །སྦྱང་ལ་སོགས་ན་གནས་པ་ཡི། །རྒྱུ་ཙམ་ཡོད་པ་ཉི་ཚེ་ལ། །ནས་ལ་སོགས་པའི་མྱུ་གུ་ལ་སོགས་པ་འབྲས་བུ་སྐྱེ་བར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །སྐྱོན་གཞན་འདི་ཡང་ཡོད་དེ། འབྲས་བུ་འབྲས་བུར་མི་ འགྱུར་ཞིང་། །མེད་པ་ཁྱོད་ལ་འབྲས་བུར་འགྱུར། །ཞེས་བྱ་བ་ལ་འབྲས་བུ་ཞེས་བྱ་བ་ནི་བྱ་བའི་ཕྱིར་འབྲས་བུ་ཡིན་ན་གལ་ཏེ་རྒྱུ་ལ་འབྲས་བུ་དེས་མི་སྟོང་ན་དེ་ལ་ཡང་བྱ་བ་མེད་པའི་ཕྱིར་སྔ་ན་ཡོད་པ་འབྲས་བུ་ཡིན་པར་འདོད་པ་དེ་ཡང་འབྲས་བུར་མི་འགྱུར་ཞིང་གཞན་ 98-99a ཞིག་ཕྱིས་བྱེད་པ་དེས་ན་མེད་པ་གཞན་ཅུང་ཟད་ཅིག་ཁྱོད་ཀྱི་ཕྱོགས་ལ་འབྲས་བུ་ཡིན་པར་འགྱུར་རོ། །འདི་སྙམ་དུ་རྒྱུ་ལ་འབྲས་བུ་ནུས་པར་ཡོད་པ་དེ་ཉིད་ལ་འབྲས་བུ་ཞེས་ཉེ་བར་གདགས་ཏེ་དེས་རྒྱུ་མི་སྟོང་པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་ཞེ་ན། བུམ་ པའི་དོན་དུ་འཇིམ་པ་ཁོ་ན་ལེན་པར་བྱེད་ཀྱི་བྱེ་མ་དག་ནི་མི་ལེན་ཏེ། ནུས་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བར་སེམས་ན་བཤད་པ། །གལ་ཏེ་འབྲས་བུའི་ནུས་འབྲས་ན། །དེ་ལས་གཞན་པའི་རྒྱུ་ཅི་ཡོད། །དེ་ལས་གཞན་པ་མ་ཡིན་ལ། །གཞི་དང་གཞག་པའི་དངོས་མི་ འདོད། །ཅེས་བྱ་བ་ནི་གལ་ཏེ་འབྲས་བུའི་ནུས་པ་གང་ཁོ་ན་ཡིན་པ་དེ་ཉིད་འབྲས་བུ་ཡིན་ན་འབྲས་བུའི་ནུས་པ་ལས་གཞན་པའི་རྒྱུ་ཞེས་བྱ་བ་ཅི་ཞིག་ཡོད་དེ་གང་གི་ཕྱིར་དེ་ལས་གཞན་མ་ཡིན་ན་གཞི་དང་གཞག་པའི་དངོས་པོར་རྟག་ཏུ་ཡང་མི་རུང་སྟེ། དཔེར་ན་དུག་དང་ཆང་དག་ ལས་དུག་དང་ཆང་གི་ནུས་པ་ཐ་མི་དད་པ་བཞིན་དུ་གཞི་དང་གཞག་པའི་དངོས་པོ་མེད་པར་འགྱུར་རོ། །ཅི་སྟེ་གཞན་མ་ཡིན་ཡང་སླ་སྟེ། འབྲས་བུའི་མིང་ཙམ་ཉིད་ལ་ནི། །དཔེར་ན་མཁའ་ལ་མཁའ་གནས་བཞིན། །ཞེས་བྱ་བ་ནི་དཔེར་ན་གཞན་མ་ཡིན་ཡང་ནམ་མཁའ་ལ་ ནམ་མཁའ་གནས་སོ་ཞེས་བྱ་བ་ལ་གཞི་དང་གཞག་པའི་དངོས་པོ་ཉེ་བར་གདགས་སུ་རུང་བ་དེ་བཞིན་དུ། གལ་ཏེ་རྒྱུ་ལ་འབྲས་བུའི་ནུས་པ་གཞན་མ་ཡིན་ཡང་རྒྱུ་ལ་འབྲས་བུའི་ནུས་པ་ཡོད་དོ་ཞེས་ཉེ་བར་གདགས་སུ་རུང་ངོ་ཞེ་ན། དེ་ནི་ཁོ་བོ་ཅག་ཀུན་རྫོབ་པར་འདོད་པ་ ཡིན་ནོ། །གལ་ཏེ་དེ་ཉིད་རྒྱུ་ཡིན་ན། །གང་གིས་མི་སྟོང་དེ་ཅིར་ཡོད། །གང་ཞིག་གང་གི་ཞེས་བྱ་བ་ནི། གལ་ཏེ་འབྲས་བུའི་བདག་ཉིད་དེ་རྒྱུ་ཡིན་ན་ནི་དེ་ལྟ་ན། ཁྱེད་ཅག་འབྲས་བུ་གང་གིས་མི་སྟོང་པ་དེ་རྒྱུ་ཡིན་པར་འདོད་པའི་འབྲས་བུ་ཞེས་བྱ་བ་དེ་ལས་གཞན་ ཅི་ཞིག་ཡིན་པར་འདོད། གཞན་ཡང་། ཡོད་པ་སྐྱེ་བ་མེད་པའི་ཕྱིར། །གང་ཞིག་གང་གི་བདག་པོར་འདོད། །མེད་ལ་རྐྱེན་ཡང་མེད་པའི་ཕྱིར། །གང་ཞིག་གང་གི་བདག་པོར་འདོད། །ཅེས་བྱ་བ་ནི་གལ་ཏེ་འབྲས་བུ་ཡོད་པ་ཉིད་ཡིན་ན་ཡོད་པ་ཉིད་ཡིན་ 98-99b པའི་ཕྱིར་བུམ་པ་ལ་སོགས་པ་ཡོངས་སུ་གྲུབ་པ་དག་ལ་སྐྱེ་བ་མེད་པ་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་རྒྱུ་གང་ཞིག་འབྲས་བུ་གང་གི་བདག་པོ་ཡིན་པར་འདོད། གལ་ཏེ་འབྲས་བུ་མེད་པ་ཉིད་ཡིན་ན་ནི་དེ་མེད་པ་ཉིད་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་དག་ལ་ རྐྱེན་རྣམས་མེད་པ་བཞིན་དུ་རྐྱེན་མེད་པའི་ཕྱིར། རྒྱུ་གང་ཞིག་འབྲས་བུ་གང་གི་བདག་པོའི་རྐྱེན་དུ་འདོད། འདིར་ཕ་རོལ་པོའི་རྒོལ་བའི་སྐབས་སྣང་ནས་སློབ་དཔོན་གྱིས་བཤད་པ། གལ་ཏེ་བུམ་སོགས་སྐྱེས་མཐོང་བས། །མཐོང་ལ་གཏན་ཚིགས་དོན་ མེད་དེ། །མངོན་སུམ་དང་ནི་གྲགས་པ་ཡི། །གནོད་པས་གནོད་པར་འགྱུར་ཞེ་ན། །ཞེས་བྱ་བ་ནི་གལ་ཏེ་ཁ་ཅིག་འདི་སྐད་ཅེས། བུམ་པ་ལ་སོགས་པ་དག་འཇིམ་པ་དང་དབྱུག་གུ་དང་འཁོར་ལོ་དང་སྲད་བུ་དང་ཆུ་དང་། རྫ་མཁན་གྱི་འདོད་པ་ལ་སོགས་པའི་ རྐྱེན་རྣམས་ཀྱིས་མངོན་པརབསྒྲུབས་པ་སྐྱེས་པ་ཡིན་པར་མིག་ལ་སོགས་པས་མཐོང་བས་དབང་པོ་རྣམས་ཀྱིས་མཐོང་བ་དེ་ལ་ནི་ཁྱོད་ཀྱིས་སྨྲས་པའི་གཏན་ཚིགས་དོན་མེད་དེ། གང་གི་ཕྱིར་ཞེ་ན། མཐོང་བ་ལས་ལྷག་པའི་ཚད་མ་གཞན་མེད་པའི་ཕྱིར་ཏེ། གང་ཞིག་ བ་ལང་ལ་རྭ་མེད་དེ། སྲོག་ཆགས་ཡིན་པའི་ཕྱིར་རྟ་བཞིན་ནོ་ཞེས་ཟེར་བ་དེ་ལ་མངོན་སུམ་གྱི་གནོད་པར་འགྱུར་བ་བཞིན་དུ་ཁྱོད་ལ་ཡང་རེ་ཞིག་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་རི་ཁྲོད་པ་ཡན་ཆད་དང་གདོལ་པ་ཡན་ཆད་དང་བ་ལང་རྫི་ཡན་ཆད་ལ་ཡང་འདི་ལྟ་སྟེ། བུམ་པ་ལ་ སོགས་པ་དག་སྐྱེས་པར་གྲགས་པས་དེའི་ཕྱིར་ཁྱོད་ལ་གྲགས་པའི་གནོད་པར་ཡང་འགྱུར་རོ་ཞེ་ན། འདིར་བཤད་པ། བུམ་པ་ལ་སོགས་སྐྱེ་བ་དག །བྱིས་པའི་བློ་དང་མཐུན་མཐོང་བ། །གང་ཕྱིར་དེ་ནི་མི་འགོག་པས། །དེ་ཕྱིར་ཇི་སྐད་སྨྲས་སྐྱོན་མེད། །ཅེས་བྱ་ བ་ནི་བུམ་པ་ལ་སོགས་པའི་སྐྱེ་བ་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་དང་། ཡོད་པ་དང་མེད་པ་ལ་སོགས་པ་དཔྱད་པ་དང་བྲལ་བ་སྒྱུ་མ་དང་སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་སྐྱེ་བ་སྣང་བ་ལྟ་བུའི་བྱིས་པའི་སྐྱེ་བོའི་བློ་དང་མཐུན་པར་མཐོང་བ་དེ་ནི་ཀུན་ 98-100a རྫོབ་ཀྱི་ཚུལ་དུ་ཡོད་པས་བྱིས་པའི་བློ་དང་མཐུན་པར་མཐོང་བ་དེ་ནི་མ་བཀག་སྟེ། འདི་ལྟར་དོན་དམ་པ་པའི་བློ་རྟོག་པའི་སྐྱོན་གྱི་དྲི་མ་མ་ལུས་པ་སྤོང་བར་བཟོད་པས་བརྟགས་ན་མི་རིགས་པར་བསྟན་པས་དེའི་ཕྱིར་མངོན་སུམ་དང་གྲགས་པའི་གནོད་ པ་ཇི་སྐད་སྨྲས་པའི་སྐྱོན་མེད་དོ། །དེ་ལྟར་སྤྱིར་ལན་བཏབ་ནས། ད་ནི་ཁྱད་པར་བརྗོད་པར་བྱ་སྟེ། འདི་ལ་མངོན་སུམ་དུ་སྨྲ་བས་ནི་རེ་ཞིག་མངོན་སུམ་གྱི་སྒོ་ནས་ངེས་པར་བཟུང་ནས་དེའི་གནོད་པས་བརྒལ་བར་བྱ་བ་ཡིན་ན་མངོན་སུམ་ཡང་ཀུན་རྫོབ་པ་ཡིན་པས་དོན་དམ་པ་པ་མ་ ཡིན་ནོ། །ཇི་ལྟར་ཞེ་ན། གཟུགས་ལ་དམིགས་པའི་བློ་ལ་ནི། །ཡང་དག་ཏུ་ན་རང་རིག་མེད། །དེ་མ་སྐྱེས་ཕྱིར་ཁོ་བོ་ལ། །དེ་ཡི་གནོད་པ་མེད་ཕྱིར་རོ། །ཞེས་བྱ་བ་ནི་ཤེས་བྱ་དང་དེ་ལ་འཇུག་པ་སྐྱེ་བ་མེད་པར་བསྟན་པའི་ཕྱིར་དང་། འདུ་བྱེད་ཀྱི་ཚོགས་གཡོ་བ་མེད་ པའི་ཕྱིར་དང་། དབང་པོ་རྣམས་བླུན་པ་ཉིད་ཀྱི་ཕྱིར་གཅིག་གིས་ཡུལ་འཛིན་པ་ཡང་མི་ནུས་ལ། ཚོགས་པ་ལས་བྱང་བའི་བློ་ཡང་ཀུན་རྫོབ་པ་ཡིན་པའི་ཕྱིར་གང་ཞིག་གང་གི་མངོན་སུམ་དུ་འགྱུར་ན་དེས་ཁོ་བོ་ལ་གནོད་པར་འགྱུར་ཞེས་དོན་བསྡུ་བ་ནི་དེ་ཡིན་ནོ། །ཡང་ ན་དེའི་མངོན་སུམ་འདི་ལྟར་མི་རུང་སྟེ། མངོན་སུམ་བློ་ནི་དོན་དམ་དུ། །དོན་བཞིན་ཉིད་དུ་མི་རིགས་ཏེ། །བྱིས་པའི་བློ་དང་ཁྱད་མེད་ཕྱིར། །མགལ་མེའི་འཁོར་ལོའི་བློ་བཞིན་ནོ། །ཞེས་བྱ་བ་ལ། བྱིས་པའི་བློ་དང་ཁྱད་མེད་ཕྱིར། །ཞེས་བྱ་བ་ནི་རང་རིག་པ་ཉིད་ དང་བསྟན་དུ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་ནི་བྱིས་པ་དང་། འཕགས་པའི་བློ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དངོས་པོ་རང་གི་ངོ་བོ་སྣང་བ་ཙམ་གྱི་སྤྱོད་ཡུལ་དང་ལྡན་པའི་ཕྱིར། མགལ་མེ་ལ་འཁོར་ལོར་སྣང་བར་གྱུར་པའི་བློ་རྟོག་པ་མེད་པ་བཞིན་ ནོ། །དེ་ཡི་སྤྱོད་ཡུལ་དངོས་མེད་དེ། །འདུས་བྱས་ཡིན་ཕྱིར་བདག་བློ་བཞིན། །ཞེས་བྱ་བ་ནི་མངོན་སུམ་གྱི་བློའི་སྤྱོད་ཡུལ་གྱི་གཟུགས་བསྟན་དུ་མེད་པ་ཡང་དངོས་པོ་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་བདག་གི་བློ་བཞིན་ནོ། །གཞན་ཡང་། གཟུགས་ལ་ 98-100b སོགས་པ་རྫས་མིན་ཕྱིར། །དེ་ལ་མངོན་སུམ་གནོད་པ་མེད། །ཅེས་བྱ་བ་ནི་གཟུགས་ལ་སོགས་པ་རྫས་བརྒྱད་འདུས་པ་དང་། དེ་ལ་དམིགས་པའི་བློ་དག་ནི་དམག་དང་ནགས་ཚལ་ལ་སོགས་པའི་བློ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པས་དེ་ལྟར་མངོན་སུམ་ མེད་པའི་ཕྱིར། ཁོ་བོ་ཅག་ལ་དེའི་གནོད་པ་མེད་དོ། །ཁོ་བོ་ཅག་ལ་གྲགས་པའི་གནོད་པ་ཡང་མེད་དེ། གང་གི་ཕྱིར་ཞེ་ན། མཁས་པའི་ཚུལ་ལ་དཔྱད་པ་ལ། །གྲགས་པའི་གནོད་པ་ཡོད་མ་ཡིན། །དེ་ཉིད་ལ་ནི་མ་རིག་པའི། །ལིང་ཏོག་མདོངས་པའི་ཚིག་ སྐབས་མིན། །ཞེས་བྱ་བ་ནི་དཔེར་ན་མིག་ཐོགས་པ་མེད་ཅིང་དྲི་མ་མེད་པས་ཡོངས་སུ་བཏགས་པའི་དོན་རིན་པོ་ཆེ་མ་རྒད་དང་། བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེ་བརྟག་པ་དག་ལ་དམུས་ལོང་རྣམས་དང་། རབ་རིབ་ཀྱིས་མིག་ཉམས་པ་རྣམས་ཀྱི་སྐབས་མ་ཡིན་གྱི། དེ་ལ་བློ་གསལ་ བ་དང་མིག་དང་ལྡན་པ་རྣམས་ཀྱི་སྐབས་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་ཀྱི་ལྟ་བའི་མིག་སྨན་གྱིས་ཡོངས་སུ་སྦྱངས་པའི་རིགས་པ་དྲི་མ་མེད་པའི་མིག་ཡངས་པ་དང་ལྡན་པའི་མཁས་པ་རྣམས་ཀྱི་སྐབས་ཡིན་གྱི། མ་རིག་པའི་ལིང་ཏོག་གིས་རྨོངས་པ་དང་། དངོས་པོའི་ རང་གི་ངོ་བོ་མཐོང་བར་མི་ནུས་པ་རབ་རིབ་ཅན་དང་འདྲ་བ་ཁམས་གསུམ་པའི་དངོས་པོ་སྣ་ཚོགས་ལ་རྟོག་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླང་བའི་དྲི་མས་བློ་གྲོས་ཀྱི་མིག་དཀྲུགས་པ་མི་མཁས་པ་རྣམས་ཀྱི་ཚིག་གི་སྐབས་མེད་པས་གྲགས་པའི་གནོད་པར་ འགྱུར་རེ་སྐན། དེ་ལྟར་གཞན་ལས་སྐྱེ་བ་བཀག་པའི་ཞར་ལ་འོངས་པ་དག་ཡོངས་སུ་རྫོགས་པར་བྱས་ནས། ཡང་གྲངས་ཅན་འབྲས་བུ་སྔ་ན་ཡོད་པར་སྨྲ་བ་དག་གི་ཕྱིར་བཤད་པ། ཡོད་ལའང་སྐྱེ་བར་མི་འདོད་དེ། །ཡོད་པ་ཅི་ཕྱིར་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་ འབྱུང་བའི་མཚན་ཉིད་དང་ལྡན་པ་ནི་སྐྱེ་བ་ཡིན་ན་ཡོད་པ་ལ་ནི་འབྱུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་འདི་སྙམ་དུ་རྒྱུ་ལ་འབྲས་བུ་ནུས་པའི་བདག་ཉིད་དུ་ཡོད་པ་དེ་རྐྱེན་རྣམས་ཀྱིས་རགས་པ་ཉིད་དུ་སྒྲུབ་པར་སེམས་ན་བཤད་པ། ཡོད་པ་རགས་པར་མི་བྱེད་དེ། །སྔ་ན་ 98-101a མེད་དང་ཕྱིས་འབྱུང་ཕྱིར། །ཞེས་བྱ་བ་ནི་དེ་ལྟ་ན་ཡང་འབྲས་བུ་སྔ་ན་མེད་པར་གྱུར་པ་ཡིན་ཏེ། རགས་པ་ཉིད་སྔ་ན་མེད་པའི་ཕྱིར་རོ། །དཔེར་ན་ཤིང་ནྱ་གྲོ་དྷའི་ས་བོན་ཆུང་ངུ་ལ་ཤིང་ནྱ་གྲོ་དྷ་ཞེས་བྱ་བའི་སྡོང་པོ་ཡལ་ག་དང་ཡལ་ག་ཕྲ་མོ་དུ་མས་ རྒྱས་པའི་རང་གི་ངོ་བོ་ཡོད་པ་མ་ཡིན་པས་དེའི་ཕྱིར་དེ་སྔ་ན་ཡོད་པ་མ་ཡིན་པའི་ཕྱིར་དང་། ཕྱིས་འབྱུང་བའི་ཕྱིར་དེ་ཡོད་དོ་ཞེས་བྱ་བར་མི་རིགས་སོ། །གཞན་ཡང་། མིག་གི་རགས་པ་ཉིད་གང་ཡིན། །དེ་ནི་རྐྱེན་གྱིས་མ་བྱས་ཏེ། །སྔ་ན་མེད་ཕྱིར་རྫ་མ་བཞིན། ། ཤེས་བྱ་ཡིན་ཕྱིར་ཟ་པོ་བཞིན། །ཞེས་བྱ་བ་ནི་གལ་ཏེ་རྐྱེན་རྣམས་ལ་འབྲས་བུ་རགས་པ་ཉིད་ཅེས་བྱ་བ་སྔ་ན་མེད་པ་སྐྱེད་པའི་མཐུ་ཡོད་ན་ནི་མིག་གི་རྐྱེན་གྱི་འབྱུང་བ་ཆེན་པོ་རྣམས་ཀྱིས་ཀྱང་མིག་ལ་སོགས་པ་ལས་གཞན་པ་རྫ་མ་ལ་སོགས་པ་དག་ཅིའི་ཕྱིར་མི་བྱེད། ཡང་དཔེར་ ན་སྐྱེས་བུ་ཤེས་བྱ་ཡང་ཡིན་ལ་ནུས་པའི་བདག་ཉིད་དུ་ཡང་ཡོད་མོད་ཀྱི། དེས་གང་ཡང་རགས་པ་ཉིད་དུ་མི་བྱེད་པ་དེ་བཞིན་དུ་མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །འདི་སྙམ་དུ་ཁྱོད་ནི་བདག་མེད་པར་སྨྲ་བ་ཡིན་ལ་ཁྱོད་ཀྱིས་ཟ་བ་པོའི་དཔེ་ཉིད་དུ་བྱས་པ་ནི་རང་ལ་ དཔེ་མ་གྲུབ་པར་སེམས་ན་བཤད་པ། ཟ་པོ་ལ་སོགས་ཀུན་རྫོབ་ཏུ། །ཐུན་མོང་ཡིན་པར་འདོད་པའི་ཕྱིར། །དེ་ཕྱིར་ངེད་ལ་གང་དུ་ཡང་། །དཔེ་ནི་སྐྱོན་དུ་འགྱུར་བ་མེད། །ཅེས་བྱ་བ་ནི། འདི་ལྟར་ཁོ་བོ་ཅག་ཀྱང་ལུས་དང་། དབང་པོ་དང་བློའི་ཚོགས་ཀྱི་ཡན་ ལག་གང་ཡང་རུང་བ་ཤས་ཆེ་བར་འཇུག་པ་ལ་ལྟོས་ནས་ཟ་བ་པོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀུན་རྫོབ་ཏུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཡུལ་དག་ལ་ཐ་སྙད་གདགས་པ་ཐུན་མོང་དུ་གྲུབ་པས་དེའི་ཕྱིར་ཁོ་བོ་ཅག་ལ་ཚད་མ་གང་དུ་ཡང་རང་ལ་དཔེ་མ་གྲུབ་པའི་ སྐྱོན་དུ་འགྱུར་བ་མེད་དེ། ཁོ་བོས་ཀུན་རྫོབ་ཁོ་ནར་ཚད་མ་རྣམ་པར་གཞག་པ་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་བརྒྱད་པ། འདིར་གྲངས་ཅན་པ་ 98-101b དག་ཉིད་ལས་མངོན་པར་གསལ་བར་སྨྲ་བ་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། གང་དག་གིས་དངོས་པོ་རྣམས་སྐྱེ་བར་བཏགས་པ་དེ་དག་ཉིད་ལ་སྐྱོན་དེར་འགྱུར་གྱི། ཁོ་བོ་ཅག་ནི་བུམ་པ་ལ་སོགས་པ་དངོས་པོ་རྣམས་འཇིམ་པ་ལ་སོགས་པ་དག་ལ་ཡོད་པ་ཉིད་རྐྱེན་ རྣམས་ཀྱིས་མངོན་པར་གསལ་བར་བྱེད་པར་སྨྲ་བས་ཁོ་བོ་ཅག་ལ་སྐྱོན་དེ་ལྟ་བུར་མི་འགྱུར་རོ་ཞེ་ན། དེ་ལ་ཕྱིར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གལ་ཏེ་གསལ་བ་སྐྱོན་མེད་ན། །གང་གིས་ཅི་གསལ་ཇི་ལྟ་བུ། །གལ་ཏེ་དེ་དག་འདི་སྐད་ཅེས། །དཔེར་ན་མར་མེས་ བུམ་པ་བཞིན། །ཞེས་ཟེར་ན་དེ་ལ་བཤད་པ། ཡོད་ལ་མངོན་གསལ་མེད་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་དངོས་པོ་སྐྱེས་ཤིང་ཡོད་པ་ཉིད་ལ་ཡོད་པ་གཞན་གྱིས་མངོན་པར་གསལ་བར་བྱེད་པ་ནི་རིགས་གྲང་ན། འདི་ལ་ནི་མ་སྐྱེས་པར་བསྟན་པས་ཇི་ལྟར་ན། བུམ་པ་མ་སྐྱེས་པ་མར་མེ་མ་སྐྱེས་པས་མངོན་པར་གསལ་བར་བྱེད་དེ། གང་གི་ཕྱིར་སྒྱུ་མའི་སྐྱེས་བུ་མ་སྐྱེས་ཤིང་མེད་པ་ནི་ནམ་མཁའི་མེ་ཏོག་ལ་སོགས་པ་མ་སྐྱེས་ཤིང་མེད་པ་དག་གིས་མངོན་པར་གསལ་བར་བྱེད་པར་མི་རིགས་པའི་ཕྱིར་རོ། །དེ་ཡོད་པ་ཉིད་དུ་ཁས་ བླངས་སུ་ཟིན་ཀྱང་། ཐ་སྙད་ཀྱི་བདེན་པའི་ཚུལ་གྱིས་བཤད་པ། །ཀུན་རྫོབ་ཏུའང་མར་མེས་ནི། །བུམ་པ་སྣང་དང་བཅས་པ་དང་། །དེ་ཡི་བློ་འམ་གཉེན་པོ་དག །སྐྱེ་བར་བྱེད་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་ཕྱོགས་ལ་བུམ་པ་ཞེས་བྱ་བ་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་ཚོགས་ཡིན་པས་ཀུན་རྫོབ་ཏུ་ཡང་མར་མེ་ཉེ་བར་གྱུར་པས་ནི་བུམ་པ་སྣང་བ་དང་བཅས་པ་སྔོན་མ་སྐྱེས་པ་གདོད་སྐྱེ་བར་བྱེད་པ་ཉིད་ཡིན་གྱི། སྐྱེས་པ་མངོན་པར་གསལ་བར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་བུམ་པ་དེ་སྔོན་བློའི་གཟུང་བ་ཉིད་དུ་མ་གྱུར་ པ་ཡིན་ལ། ཕྱིས་མར་མེས་དེ་བློའི་གཟུང་བ་ཉིད་དུ་གྱུར་པར་བྱེད་ན་ནི་དེ་ལྟ་ན་མར་མེས་དེའི་བློ་དེ་ཉིད་སྔ་ན་མེད་པ་སྐྱེད་པར་བྱེད་པ་ཡིན་གྱི། དེའི་བློ་སྔ་ན་ཡོད་པ་མངོན་པར་གསལ་བར་བྱེད་པ་མ་ཡིན་ནོ། །ཅི་སྟེ་མུན་པའི་ནང་ན་བུམ་པ་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་དུ་ 98-102a མེད་པར་གྱུར་པ་མར་མེས་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་དུ་ཡོད་པར་བྱེད་པ་ན་ཡང་དེ་ཉིད་སྔ་ན་མེད་པ་ཡོད་པར་བྱེད་པ་ཡིན་གྱི། ཡོད་པ་མངོན་པར་གསལ་བར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་བུམ་པ་གཟུང་བའི་མི་མཐུན་པའི་ཕྱོགས་ཀྱི་ མུན་པ་ཡོད་པ་མར་མེས་སེལ་བར་བྱེད་དོ་ཞེ་ན། དེ་ལྟ་ན་ཡང་མུན་པའི་གཉེན་པོར་སྣང་བ་དག་སྔ་ན་མེད་པ་ཉིད་མར་མེས་སྐྱེ་བར་བྱེད་པ་ཉིད་ཡིན་གྱི། གཉེན་པོ་སྔ་ན་མེད་པ་དག་ཕྱིས་མངོན་པར་གསལ་བར་བྱེད་པ་མ་ཡིན་ཏེ། ཅི་སྟེ་བུམ་པ་གཟུང་བར་སྣང་བ་ཉིད་སྔ་ན་ ཡོད་ན་མར་མེས་ཅི་བྱ། གཞན་ཡང་ཆེན་པོ་ལ་སོགས་པ་མངོན་པར་མི་གསལ་བ་དག་གསལ་བར་བྱེད་དོ་ཞེ་ན། དེ་ཡང་མི་འཐད་དེ། ཇི་ལྟ་ཞེ་ན། མངོན་པར་མི་གསལ་གསལ་མི་བྱེད། །མི་གསལ་ཕྱིར་ན་མཁའ་མིན་བཞིན། །རང་ཚུལ་གྱིས་ཀྱང་དཔེར་བྱ་ ན། །གཙོ་བོ་ཟ་པོ་བཞིན་དུ་བསྟན། །ཞེས་བྱ་བ་ནི་གྲངས་ཅན་དག་ཉིད་ཀྱི་རང་གི་ཚུལ་གྱིས་ཀྱང་དཔེར་བྱ་ན་སྙིང་སྟོབས་དང་རྡུལ་དང་མུན་པ་ཆ་མཉམ་པ་མི་གསལ་བ་ནི་གཙོ་བོ་སྟེ། རང་བཞིན་ཡིན་ལ་དེ་བཞིན་དུ་ཟ་བ་པོ་སྐྱེས་བུ་ཞེས་བྱ་བ་ཡང་མ་སྐྱེས་པའི་ཕྱིར། མངོན་ པར་མི་གསལ་བ་ཡིན་པས་གསལ་བར་མི་བྱེད་པ་དེ་བཞིན་དུ་ཆེན་པོ་ལ་སོགས་པ་མངོན་པར་མི་གསལ་བ་ལ་ཡང་གསལ་བར་མི་བྱེད་དེ། མི་གསལ་བའི་ཕྱིར་རོ་ཞེས་བསྟན་ཏོ། །ཅི་སྟེ་རྣམ་པ་འགའ་ཞིག་གིས་ཟ་བ་པོ་ཡང་གསལ་བར་བྱ་བ་ཡིན་པར་རྟོག་ན་དེ་ལྟ་ན། གལ་ཏེ་དེ་ཡང་མངོན་གསལ་ན། །ཟ་པོ་ཀུན་འགྲོ་མ་ཡིན་ཞིང་། །རྒྱུ་མེད་མ་ཡིན་ཤེས་ཡོད་མིན། །མི་གསལ་བ་ཡང་ཉམས་པར་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཟ་བ་པོ་དེ་ཡང་མངོན་པར་གསལ་བར་བྱ་བ་ཡིན་ན་ཟ་བ་པོ་དེ་ཡང་བུམ་ལ་སོགས་པ་བཞིན་དུ་ ཀུན་ཏུ་འགྲོ་བ་མ་ཡིན་པ་དང་། རྒྱུ་མེད་པ་མ་ཡིན་པ་དང་། ཤེས་པ་ཡོད་པ་ཉིད་མ་ཡིན་པ་དང་། ཟ་བ་པོའི་ངོ་བོ་ཉིད་མི་གསལ་བ་ཞེས་བྱ་བ་ཡང་ཉམས་པར་འགྱུར་རོ། །གཙོ་བོ་ཡང་མངོན་པར་གསལ་བར་བྱ་བ་ཉིད་དུ་རྟོག་ན་དེ་ལྟ་ན། གལ་ཏེ་གཙོ་བོ་མངོན་ 98-102b གསལ་ན། །ཁྱོད་ཀྱི་གཙོ་བོ་བྱ་བ་དང་། །དཔག་ཡོད་གསལ་བར་ཐལ་འགྱུར་ཏེ། །དེ་ནི་དེ་དག་མིན་པར་གྲགས། །ཞེས་བྱ་བ་ནི་གལ་ཏེ་གཙོ་བོ་ཡང་མངོན་པར་གསལ་བར་བྱ་བ་ཡིན་ན་ཁྱོད་ཀྱི་གཙོ་བོ་བྱ་བ་ཉིད་དང་། དཔག་ཏུ་ཡོད་པ་ཉིད་དང་། གསལ་ བ་ཉིད་ཡིན་པར་ཐལ་བར་འགྱུར་ཏེ། གཙོ་བོ་དེ་ནི་མ་བྱས་པ་དང་ཐམས་ཅད་དུ་སོང་བ་དང་། མི་གསལ་བ་ཡིན་པས་བྱང་བ་དང་དཔག་ཏུ་ཡོད་པ་དང་གསལ་བར་དེ་དག་མ་ཡིན་པར་ཁྱེད་ཉིད་ལ་གྲགས་པ་དང་འགལ་ལོ། །གསལ་བར་བྱེད་པ་ཡང་མི་འཐད་དེ། ཇི་ལྟ་ཞེ་ན། གང་གིས་གསལ་བྱེད་གང་དག་འདོད། །དེ་དག་དེ་གསལ་བྱེད་མི་འདོད། །རྒྱུ་ཉིད་ལ་སོགས་གཏན་ཚིགས་ཀྱིས། །རྒྱུ་སྤུན་ལ་སོགས་ཞོའི་མིན་བཞིན། །ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་གང་གིས་གསལ་བྱེད་ས་ལ་སོགས་པ་རྐྱེན་གང་ དག་ཡིན་པར་འདོད་པ་དེ་དག་ནི་གསལ་བར་བྱེད་པ་ཡིན་པར་མི་འདོད། ཅིའི་ཕྱིར་ཞེ་ན། རྒྱུ་ཉིད་ལ་སོགས་པ་ཡིན་པའི་གཏན་ཚིགས་ཀྱིས་ཏེ། རྒྱུ་ཉིད་ཡིན་པའི་ཕྱིར་དང་། དངོས་པོ་ཉིད་ཡིན་པའི་ཕྱིར་དང་། ཤེས་བྱ་ཉིད་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟ་བུ་ཞེ་ ན། རྒྱུ་སྤུན་ལ་སོགས་པ་ཞོའི་གསལ་བར་བྱེད་པ་མ་ཡིན་པ་བཞིན་ཏེ། དཔེར་ན་འོ་མ་ལས་ཞོར་འགྱུར་བའི་གསལ་བར་བྱེད་པ་སྣམ་བུ་ལ་སོགས་པ་མངོན་པར་སྒྲུབ་པའི་རྒྱུ་སྤུན་དང་། ཚིག་པ་དང་ཐགས་ཟངས་དང་འུལ་བུ་ལ་སོགས་པ་དག་མ་ཡིན་པ་བཞིན་ནོ། ། གལ་ཏེ་འདི་སྙམ་དུ་རྒྱུ་སྤུན་ལ་སོགས་པ་དག་ལ་ཡང་རྣམ་གྲངས་གཞན་གྱིས་ན་ཞོ་ལ་སོགས་པའི་དངོས་པོ་དག་མངོན་པར་གསལ་བར་བྱེད་པའི་ནུས་པ་ཉིད་ཡོད་དེ། གང་གི་ཕྱིར་ཞེ་ན། རྒྱུ་སྤུན་ལ་སོགས་པ་གང་དག་ཡིན་པ་དེ་དག་འཇིག་པའི་བསྐལ་པས་ཞིག་ནས་ ཡང་ཕྱིར་ཆགས་པའི་བསྐལ་པས་ཕྱིར་ཆགས་པའི་ཚེ་ན་རྐྱེན་གཞན་དག་གིས་མངོན་པར་གསལ་བར་བྱེད་པས་ཞོ་ལ་སོགས་པའི་དངོས་པོ་གཞན་དག་གིས་མངོན་པར་གསལ་བར་བྱེད་པར་འགྱུར་བའི་དུས་དེ་ལྟ་བུ་ཡང་ཡོད་པས་དབུ་མ་པའི་དཔེ་མེད་པར་སེམས་ན་དེའི་ཕྱིར་ 98-103a བཤད་པ། །གལ་ཏེ་རྒྱུ་སྤུན་ལ་སོགས་པ་ལའང་། །དེའི་ནུས་ཡོད་ཕྱིར་དཔེར་མེད་ན། །དེ་མིན་རྒྱུ་སྤུན་ལ་སོགས་དངོས། །དེ་དག་དེ་གསལ་བྱེད་མིན་ཕྱིར། །ཞེས་བྱ་བ་ནི། །གལ་ཏེ་རྒྱུ་སྤུན་ལ་སོགས་པ་དག་རྣམ་གྲངས་གཞན་ གྱིས་ཞོ་ལ་སོགས་པའི་གསལ་བར་བྱེད་པ་ཉིད་དུ་འགྱུར་བ་ཡོད་དུ་ཟིན་ན་ཡང་རྒྱུ་སྤུན་ལ་སོགས་པས་རྒྱུ་སྤུན་ལ་སོགས་པ་དངོས་ཀྱི་ངོ་བོ་ཉིད་དེ་དག་གིས་ཞོ་ཞེས་བྱ་བ་ལ་སོགས་པའི་འབྲས་བུ་དེ་གསལ་བར་བྱེད་པ་མ་ཡིན་ཏེ། ཇི་ལྟར་ཡང་མི་སྲིད་པའི་ཕྱིར་དང་གང་དུ་ཡང་མ་ མཐོང་བས་དེའི་ཕྱིར་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །གྲངས་ཅན་དག་ལས་ཁ་ཅིག་ས་ལ་སོགས་པ་རྣམ་པར་ཕྱེ་བ་དང་། ས་བོན་གྱི་མཚན་ཉིད་རྣམ་པར་མ་ཕྱེ་བའི་བྱེད་རྒྱུ་དག་ལས་འབྲས་བུ་སྐྱེ་བར་སེམས་པ་དེ་དག་ནི་བདག་དང་གཞན་ལས་སྐྱེ་བར་སྨྲ་ལ། གཅེར་བུ་པ་ དག་ཀྱང་གསེར་དང་མེ་ལ་སོགས་པ་ལས་གསེར་གྱི་སོར་གདུབ་བདག་དང་གཞན་ལས་སྐྱེ་བར་སེམས་པ་དེ་དག་ཉིད་ཀྱང་འབྲས་བུ་སྔ་ན་ཡོད་པ་དང་མེད་པར་སྨྲ་སྟེ། འདི་ལྟར་སོར་གདུབ་ཅེས་བྱ་བའི་འབྲས་བུ་དེ་མ་ཐག་ཏུ་འབྱུང་བའི་ཕྱིར་ནི་སྔ་ན་ཡོད་པ་ཡིན་ལ་རང་གི་ བདག་ཉིད་མ་ཐོབ་པའི་ཕྱིར་ནི་སྔ་ན་མེད་པ་ཡིན་པར་སྨྲའོ། །དེ་དག་གི་ཕྱིར་བཤད་པ། །བདག་དང་གཞན་ལས་སྐྱེ་བ་དང་། །བདག་ཉིད་ཡོད་དང་མེད་མི་འདོད། །གཉི་གར་སྨྲ་བ་ཡོད་མིན་ཏེ། །རིགས་པས་གོང་དུ་བསྟན་ཕྱིར་རོ། །ཞེས་བྱ་བ་ནི་གཉི་གར་སྨྲ་བ་ དག་ཀྱང་འགལ་བའི་སྐྱོན་ཡོད་པའི་ཕྱིར་མི་འཐད་དེ། གལ་ཏེ་བདག་ལས་ན་ནི་ཇི་ལྟར་གཞན་ལས་ཡིན། འོན་ཏེ་གཞན་ལས་ན་ནི་འོ་ན་དེ་ལྟ་ན་བདག་ལས་ཞེས་བྱ་བ་འདི་དང་འགལ་ལོ། །སོ་སོར་ཡང་བདག་ལས་དང་གཞན་ལས་བྱ་བའི་ཆ་ཇི་ལྟར་སྔར་བཀག་ པ་དེ་ཁོ་ན་བཞིན་དུ་བརྗོད་པར་བྱའོ། །ཡང་གཞན་ཡང་། ཀུན་རྫོབ་ཏུ་ཡང་འབྲས་བུ་ནི། །རྐྱེན་རྣམས་ཀྱིས་ནི་གསལ་མི་འདོད། །དེ་ཞིག་བར་དུ་རྗེས་སྒྲུབ་ཕྱིར། །ས་ལ་སོགས་པས་བུམ་པ་བཞིན། །ཞེས་བྱ་བ་ནི་འདི་ལ་ཚད་མ་ཐམས་ཅད་དོན་དམ་ 98-103b པ་པ་ཡིན་པ་ལས་ཚད་མ་འདི་ནི་ཀུན་རྫོབ་ཏུ་ཡང་གཞན་གྱིས་ཡོངས་སུ་བཏགས་པའི་མངོན་པར་གསལ་བ་འགོག་པར་བྱེད་པ་ཡིན་ཏེ། འཇིམ་པ་ལ་སོགས་པ་ནི་བུམ་པ་ཞིག་པའི་མཐར་ཐུག་གི་བར་དུ་རྗེས་སུ་འབྲེལ་པར་སྒྲུབ་པ་ཉིད་ཡིན་པས། དེའི་ཕྱིར་དེ་དེ་ བཞིན་དུ་འབྲས་བུ་གཞན་དག་གི་མངོན་པར་གསལ་བར་བྱེད་པ་ཡིན་པ་མི་རིགས་ཏེ། གང་གི་ཕྱིར་ཞེ་ན། མངོན་པར་གསལ་བ་ཞེས་བྱ་བ་ནི་དངོས་པོའི་རྗེས་སུ་གཏན་དུ་འབྲེལ་པར་སྒྲུབ་པ་མ་ཡིན་ཏེ། མར་མེ་བུམ་པའི་རྗེས་སུ་གཏན་དུ་སྒྲུབ་པ་མ་ཡིན་པ་བཞིན་ལ་ འབྲས་བུ་ནི་ཞིག་པའི་མཐར་ཐུག་གི་བར་དུ་ཡང་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོས་རྟག་པར་དངོས་པོའི་རྗེས་སུ་འབྲེལ་པར་སྒྲུབ་པ་ཡིན་པའི་ཕྱིར་མངོན་པར་གསལ་བ་དང་འབྲས་བུ་ལ་ཁྱད་པར་དེ་ཡོད་དོ། །དེ་ལྟར་ན་དངོས་པོ་རྣམས་བདག་དང་གཞན་གཉི་ག་ལས་ ཀྱང་སྐྱེ་བ་མེད་དོ། །འདིར་འཇིག་རྟེན་རྒྱང་པན་པ་དག་གིས་སྨྲས་པ། དངོས་པོ་རྣམས་བདག་དང་གཞན་དང་གཉི་ག་ལས་སྐྱེ་བ་མེད་པ་ནི་བདེན་མོད་ཀྱི། འོན་ཀྱང་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ནི་རྒྱུ་དང་རྐྱེན་ལ་མི་ལྟོས་པར་ངོ་བོ་ཉིད་ཁོ་ན་ལས་སྐྱེ་བར་ དམ་འཆའ་སྟེ། གསལ་བ་མེད་པས་བྱས་པའི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པ་སྣང་བའི་ཕྱིར་དཔེར་ན། པདྨ་ཟེ་བ་ཁ་དོག་གསར་པ་ཡིད་ཙམ་སེར་ཞིང་དམར་བ་དྲི་ཞིམ་པོ་དང་། ཟེའུ་འབྲུ་མཛེས་པ་དང་། ལོ་མ་འཇམ་པ་དང་། སྡོང་བུ་རྩུབ་ པ་དང་ལྡན་པ་དག་དང་། རྨ་བྱ་མཇུག་སྒྲོའི་ཚོགས་ཟླ་གམ་སྣ་ཚོགས་གསལ་བ་མང་པོ་དང་། ལུས་ཀྱི་སྒྲོ་གཤོག་སྔོ་ཞིང་འཚེར་བག་ཅན་དང་ལྡན་པ་དག་དང་། ཚེར་མ་རྩེ་མོ་མ་བཞོགས་པར་རྣོ་ཞིང་རྩུབ་པ་དང་ལྡན་པ་དག་བཞིན་ནོ་ཞེ་ན། དེ་དག་གི་ཕྱིར་འདི་སྐད་ བཤད་པར་བྱ་སྟེ། མིག་ནི་ཀུན་རྫོབ་ཉིད་དུ་ཡང་། །གློ་བུར་སྐྱེ་བར་མི་འདོད་དེ། །སྤྱི་དང་ཁྱད་པར་ལྡན་པའི་ཕྱིར། །དེ་ནི་དཔེར་ན་བུམ་པ་བཞིན། །ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་ནང་དང་ཕྱི་རོལ་གྱི་དངོས་པོ་གང་ལ་རྒྱུ་མི་སྣང་བ་དེ་ནི་འགའ་ཡང་མེད་དེ། 98-104a རེ་ཞིག་པདྨ་ལ་སོགས་པ་ཡང་ཆུ་དང་རྫས་དང་ས་བོན་ལ་སོགས་པའི་རྒྱུ་དག་དང་ལྡན་ནོ། །དེ་བཞིན་དུ་འཇིག་རྟེན་ནི་སེམས་ཀྱིས་བྲིས་སོ་ཞེས་བརྗོད་པས་རྨ་བྱ་ལ་སོགས་པ་ཡང་སེམས་པས་མངོན་པར་འདུས་བྱས་པས་སྣ་ཚོགས་སུ་ བཀྲའོ། །ཚེར་མ་ལ་སོགས་པ་རྩུབ་པ་དང་མེ་ཏོག་ལ་སོགས་པ་འཇམ་པ་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་ཉིད་ལས་འགྱུར་རོ། །དེ་བཞིན་དུ་མིག་ཀྱང་ཁུ་ཆུ་དང་ཁྲག་དང་མེར་མེར་པོ་ལ་སོགས་པ་དང་། འབྱུང་བ་ཆེན་པོ་དག་གི་རྒྱུ་ལས་བྱུང་བ་ཉིད་ཡིན་ པས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཉིད་དུ་ཡང་གློ་བུར་དུ་སྐྱེ་བར་མི་འདོད་དེ། མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་དང་ལྡན་པའི་ཕྱིར་དང་། མིག་ལ་སོགས་པ་ནི་འབྱུང་བ་ལས་གྱུར་པའི་གཟུགས་དང་ལྡན་པའི་བདག་ཉིད་དོ་ཞེས་བྱ་བའི་ཁྱད་པར་གྱི་མཚན་ཉིད་དང་ ལྡན་པའི་ཕྱིར་དེ་ནི་དཔེར་ན་བུམ་པ་བཞིན་ཏེ། བུམ་པ་ཡང་མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་དང་ལྡན་པ་དང་། གསུས་པ་ཆེ་བ་དང་། ཁ་ཡངས་པ་དང་། དབྱིབས་ཟླུམ་པ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཀུན་རྫོབ་ཉིད་དུ་ཡང་ གློ་བུར་དུ་སྐྱེ་བར་མི་འདོད་པ་བཞིན་ནོ། །གཞན་ཡང་། འབྲས་བུ་ཡིན་ཕྱིར་རིམ་སྐྱེའི་ཕྱིར། །འཇིག་པའི་ཕྱིར་དང་ཡོངས་འགྱུར་ཕྱིར། །རྒྱུ་རྐྱེན་ངེས་པའི་ཕྱིར་དང་ནི། །སྐྱེ་བའི་ཕྱིར་ཡང་ཤེས་པར་བྱ། །ཞེས་བྱ་བ་ནི་བུམ་པ་བཞིན་ནོ་ཞེས་བྱ་བའི་ཚིག་ གི་ལྷག་མའོ། །དེ་ལ་འབྲས་བུ་ཞེས་བྱ་བའི་ཕྱིར་འབྲས་བུའོ། །རིམ་སྐྱེ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པའི་ཕྱིར་དུས་སུ་སྐྱེ་བའོ། །འཇིག་པ་ཞེས་བྱ་བ་ནི་ཆུད་ཟ་བའོ། །ཡོངས་འགྱུར་ཞེས་བྱ་བ་ནི་གཞན་དུ་འགྱུར་བའོ། །རྒྱུ་རྐྱེན་ངེས་པ་ཞེས་བྱ་བ་ནི། རྒྱུ་དང་རྐྱེན་སོ་སོར་ངེས་པར་སྣང་བ་ལས་འབྲས་བུ་ངེས་པར་འབྱུང་བའོ། །སྐྱེ་བ་ཞེས་བྱ་བ་ནི་མངོན་པར་གྲུབ་པའོ། །དངོས་པོ་དེ་དག་ནི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་བུམ་པ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཉིད་དུ་ 98-104b ཡང་རྒྱུ་མེད་པ་ལས་གློ་བུར་དུ་སྐྱེ་བ་མ་ཡིན་པར་ངེས་སོ། །འདིར་མེད་པར་སྨྲ་བ་དག་དབུ་མ་པ་ལ་དཔེའི་སྐྱོན་འདོགས་པའི་རྒྱུ་ཐབས་ཀྱིས་འཇིག་རྟེན་སྔ་མ་དགག་པར་ཡང་སེམས་ན། ཕྱིར་ལྡོག་པར་བྱེད་དེ། ཁྱེད་དབུ་མ་པ་ནི་འཇིམ་གོང་དང་གླེབས་པ་ དང་བསྐོར་བ་ལ་སོགས་པའི་རིམ་གྱིས་བུམ་པ་མངོན་པར་འགྲུབ་པར་འདོད་ཅེས་གྲགས་པས་དེ་དཔེ་ཉིད་དུ་སྟོན་པར་བྱེད་དོ། །ཁོ་བོ་ཅག་ནི་འཇིམ་གོང་ནི་འཇིམ་གོང་གི་རང་བཞིན་ཉིད་དུ་འགགས་པས་ཡང་སྐྱེ་བ་མེད་ལ་དེ་བཞིན་དུ་གླེབས་པ་དང་། བསྐོར་བ་ལ་སོགས་ པ་ཡང་དེ་དག་གི་རང་བཞིན་ཉིད་དུ་འགགས་པས་ཡང་སྐྱེ་བ་མེད་པའི་ཕྱིར་བུམ་པ་ལ་སོགས་པ་ནི་རྒྱུ་མེད་པ་ཁོ་ན་ལས་འབྱུང་བར་འདོད་པས་དེའི་ཕྱིར་ཁྱེད་ཀྱི་དཔེ་མེད་དོ། །ཡང་ན་འཇིམ་གོང་ཞེས་བྱ་བ་དེ་ཙཻ་ཏྲ་འམ་མེེ་ཏྲ་ཞིག་ཡིན་ན་ཡང་ཚེ་རབས་གཞན་དུ་འགགས་པས་ ཡང་སྐྱེ་བ་མེད་དེ་ཞིག་པའི་ཕྱིར་རོ། །ཡང་ན་འབྲས་བུ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་མེད་པར་སྨྲ་བ་དག་གིས་འཇིག་རྟེན་སྔ་མ་འགགས་པའི་ཕྱིར་སྨྲས་པ། དེ་ལ་འདིར་སློབ་དཔོན་གྱིས་བཤད་པ། །གལ་ཏེ་འཇིམ་གོང་ཚེ་གཞན་ལ། །འགགས་པ་ མི་སྐྱེ་ཞིག་པའི་ཕྱིར། །འབྲས་བུ་ཡིན་ཕྱིར་དཔེར་ན་ནི། །བུམ་པ་བཞིན་དུ་འདོད་ཅེ་ན། །ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་བཞག་པ་ཉིད་ཡིན་ནོ། །དེའི་ལན་ནི། ཇི་ལྟར་བུམ་པ་བུམ་པ་ཡི། །ངོ་བོ་ཉིད་འགགས་མི་སྐྱེ་བ། །དེ་ལྟར་འཇིམ་གོང་འདོད་ན་ ནི། །འདོད་པ་ཉིད་དུ་སྒྲུབ་པ་ཡིན། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ཁོ་བོ་བུམ་པ་བུམ་པའི་ངོ་བོ་ཉིད་གང་གིས་འགགས་པར་གྱུར་པའི་ངོ་བོ་ཉིད་དེ་ཉིད་ཀྱིས་མི་སྐྱེ་བར་འདོད་མོད་ཀྱི། འོན་ཀྱང་དེ་ལས་གྱོ་མོ་དང་གྱོ་དུ་མ་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྒྱུན་གཞན་སྐྱེ་བ་ཡོད་ པ་ཁོ་ནར་འདོད་པ་དེ་ལྟར་ཁྱོད་ཀྱང་འཇིམ་གོང་ཞེས་བྱ་བ་འཇིམ་པའི་གོང་བུ་ཉིད་ལ་བྱ་ཡང་རུང་ཙཻ་ཏྲ་འམ་མཻ་ཏྲ་ལ་ཡང་བྱ་ཡང་རུང་སྟེ། གལ་ཏེ་ངོ་བོ་ཉིད་གང་གིས་འགགས་པར་གྱུར་པའི་ངོ་བོ་ཉིད་ཀྱིས་ཀྱང་མི་སྐྱེ་བར་འདོད་མོད་ཀྱི། འོན་ཀྱང་དེ་ལས་བུམ་པ་ལ་སོགས་ 98-105a པའི་ངོ་བོ་ཉིད་ཀྱི་རྒྱུན་གཞན་སྐྱེ་བ་ཡོད་པ་ཁོ་ནར་འདོད་ན་ནི་ཀུན་རྫོབ་ཏུ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ལ། དོན་དམ་པར་ཡང་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར་ཁོ་བོའི་འདོད་པ་ཉིད་སྒྲུབ་པ་ཡིན་ནོ། །འོན་ཏེ་འགགས་པ་རྒྱུ་ཡིན་ ན། །དེས་ན་གཏན་ཚིགས་འགལ་བ་ཉིད། །ཅེས་བྱ་བ་ནི། འོན་ཏེ་ཁྱོད་འདི་སྙམ་དུ་འཇིམ་གོང་ལ་སོགས་པ་དགག་པར་གྱུར་པ་དེ་དག་ནི་ཕྱིས་གཞན་དག་གི་རྒྱུར་མི་འགྱུར་ཏེ། འདི་ལྟར་གང་འགགས་པ་དེ་ནི་རྒྱུན་ཆད་པ་ཉིད་དེ། འགགས་པ་ནི་རབ་ཏུ་ཞིག་ པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། གང་སྐྱེ་བ་དེ་ནི་ངོ་བོ་ཉིད་ཁོ་ན་ལས་སྐྱེ་སྟེ། འགགས་པ་གང་ལ་ཡང་མི་ལྟོས་པ་ཡིན་པར་སེམས་ན་དེས་ན་ཞིག་པའི་ཕྱིར་རོ་ཞེས་བྱ་བ་ཁྱོད་ཀྱི་གཏན་ཚིགས་དེའི་དོན་འགལ་བ་ཉིད་དེ། ས་བོན་འགགས་པ་ལས་མྱུ་གུ་ ལ་སོགས་པ་སྐྱེ་བར་འགྱུར་བ་སྣང་བའི་ཕྱིར་རོ། །གལ་ཏེ་ས་བོན་མ་འགགས་པར་ཡང་མྱུ་གུ་སྐྱེ་བར་གྱུར་ན་ནི་སྦྱང་ལ་སོགས་པ་ལ་འདུག་པ་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཞིག་པ་ཉིད་དུ་རྗེས་སུ་དཔོག་པས་འབྲས་བུ་སྐྱེ་བའི་ཕྱིར་འཇིམ་གོང་ ལ་སོགས་པ་འགགས་པར་གྱུར་པ་དག་ཀྱང་གནས་སྐབས་ཕྱི་མ་གཞན་དག་གི་རྒྱུའི་དངོས་པོར་འགྱུར་བས། དེ་ལས་སྐྱེ་བ་ཁོ་ནར་བསྟན་པར་གྱུར་པས་ཆོས་ཅན་གྱི་ངོ་བོ་ཉིད་ལོག་པར་བསྒྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དོ། །གལ་ཏེ་རྒྱུན་ཉིད་ མ་ཉམས་ན། །དེས་ན་འཁྲུལ་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ས་བོན་ལ་སོགས་པ་རྒྱུན་ཉིད་ཀྱིས་ངེས་པར་གནས་པ་མ་ཉམས་པ་མྱུ་གུ་དང་སྡོང་བུ་དང་། སྦུ་གུ་དང་ཡལ་ག་དང་འདབ་མ་དང་། ལོ་མ་ལ་སོགས་པའི་བདག་ཉིད་དུ་སྐྱེ་བ་དེ་ལྟར་འདོད་ ན། དེས་ན་ཁྱོད་ཀྱི་གཏན་ཚིགས་ཞིག་པའི་ཕྱིར་རོ་ཞེས་བྱ་བ་དེ་འཁྲུལ་པ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོས་འབྲེལ་པའི་རྒྱུན་ནི་རྒྱུན་ཅེས་བྱའི། རྒྱུ་ཆད་པ་ལ་ཡང་རྒྱུན་མི་འབྱུང་ལ་རྒྱུན་མ་ཉམས་པ་ལ་ཡང་རྒྱུན་མི་འབྱུང་བས་ 98-105b འབྲས་བུ་མི་སྲིད་པ་ནི་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །འཇིག་རྟེན་སྔ་མ་སྒྲུབ་པའི་ཚད་མ་ནི་འདི་ཡིན་ཏེ། མངལ་གནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་བློ་ཡོད། །ཤེས་བྱ་གཞན་གྱིས་དེ་གཞན་ཕྱིར། །ཡང་ན་བློ་ཕྱིར་དེའི་འོག་བཞིན། ། ཞེས་བྱ་བ་ནི་མངལ་ན་གནས་པའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ལ་ནི་མདུན་རོལ་ཁོ་ནར་འགགས་པའི་བློ་སྔོན་དུ་སོང་བ་ཡོད་དེ། ཅིའི་ཕྱིར་ཞེ་ན། ཤེས་བྱ་གཞན་གྱིས་དེ་གཞན་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་བློ་དེ་ནི་ཤེས་བྱ་རྟོགས་པ་ཡིན་ན་མངལ་ན་གནས་ པའི་སྔོན་རོལ་གྱི་བློ་དེ་ལ་ནི་ཤེས་བྱ་མེད་དེ། ཤེས་བྱ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་དག་ལས་མངོན་པར་འགྲུབ་པ་ཡིན་ན། དེ་ལ་དེའི་ཚེ་དབང་པོ་དེ་དག་མེད་པའི་ཕྱིར་དེ་ལ་ཤེས་བྱ་མེད་དོ། །བློ་དེ་ནི་འཇིག་རྟེན་སྔ་ མ་གཞན་གྱི་ཤེས་བྱ་ཐ་དད་པ་གཞན་ལ་དམིགས་པས་བློ་ཐ་དད་པ་གཞན་ཞེས་ཐ་སྙད་གདགས་པར་རིགས་པའི་ཕྱིར་ཏེ། དེ་ལྟར་ཤེས་བྱ་གཞན་གྱི་བློ་དེ་གཞན་ཡིན་པའི་ཕྱིར་རོ། །ཡང་ན་བློ་ཡིན་པའི་ཕྱིར་ཏེ། གང་དང་གང་བློ་ཡིན་པ་དེ་དང་དེ་ལ་ནི་མདུན་རོལ་ཁོ་ནར་འགགས་ པའི་བློ་སྔ་མ་ཡང་ཡོད་པའི་ཕྱིར་རོ། །དཔེར་ན་ཇི་ལྟ་བུ་ཞེ་ན། དེའི་འོག་བཞིན་ཏེ། བཙས་པའི་འོག་རོལ་གྱི་དུས་ཀྱི་བློ་ལ་ཡུལ་དུ་མ་ལ་འཇུག་པ་དང་། མདུན་རོལ་ཁོ་ནར་འགགས་པའི་བློ་སྔ་མ་གཞན་ཡོད་པ་བཞིན་ཏེ། སློབ་དཔོན་དཔའ་བོས། བློ་ནི་ཤེས་བྱ་རྟོགས་པ་ ཡིན་པར་གསུངས། །དེས་ན་མངལ་གནས་སྔོན་རོལ་བློ་ཡུལ་ཡོད། །དེ་འདི་མ་ཡིན་མིག་ལ་སོགས་མེད་ཕྱིར། །གང་གི་ཡིན་ཏེ་འཇིག་རྟེན་སྔ་མར་གྲུབ། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །གལ་ཏེ་འདི་སྙམ་དུ་བློ་ནི་གཅིག་ཁོ་ནར་ཟད་དེ། བློ་ཡིན་པའི་ཕྱིར་མ་ཤི་བའི་བར་དུ་ངེས་ པར་གནས་པ་ཡིན་པས་དེའི་ཕྱིར་དཔེ་མེད་པར་སེམས་ན་བཤད་པ། ཙེ་ཏྲ་ལ་ནི་སྒྲ་བློ་དང་། །གཟུགས་བློ་སྐྱེ་བ་གང་ཡིན་པ། །དེ་གཉིས་མི་གཅིག་ཡུལ་གཞན་ཕྱིར། །དཔེར་ན་རྒྱུད་གཞན་དག་གི་བཞིན། །ཞེས་བྱ་བ་ནི་ཙཻ་ཏྲའི་རྒྱུད་ལ་སྒྲའི་བློ་དང་གཟུགས་ཀྱི་བློ་སྐྱེ་བ་གང་ཡིན་པ་ 98-106a དེ་དག་ནི་གཅིག་པ་མ་ཡིན་ཏེ། ཤེས་བྱའི་ཡུལ་ཐ་དད་པའི་ཕྱིར་མཻ་ཏྲ་ཞེས་བྱ་བའི་རྒྱུད་གཞན་གྱི་བློ་བཞིན་ནོ། །དེའི་ཕྱིར་ཕ་རོལ་ཕྱིར་ཡང་ནི། །དཔེ་མེད་པར་ནི་མི་འགྱུར་ཏེ། །བློ་ཕྱིར་དེ་ཡང་གཅིག་ཉིད་མིན། །གཞན་བློས་འཁྲུལ་པར་འགྱུར་ཕྱིར་རོ། །ཞེས་བྱ་ བ་ནི་ཕ་རོལ་པོའི་གཏན་ཚིགས་བློ་ཡིན་པའི་ཕྱིར་ཞེས་བྱ་བ་དེས་བློ་དེ་ཡང་གཅིག་པ་ཉིད་དུ་མི་འགྲུབ་སྟེ། གཞན་གྱི་བློས་གཏན་ཚིགས་འཁྲུལ་པར་འགྱུར་བའི་ཕྱིར་ཏེ། ཇི་ལྟ་ཞེ་ན། བློ་ཡིན་པའི་ཕྱིར་དེས་ན་ཅི་རྒྱུད་གཞན་གྱི་བློ་བཞིན་དུ་ཐ་དད་པ་ཉིད་དུ་འགྱུར་རམ། འོན་ཏེ་རྒྱུད་ གཅིག་ཏུ་གཏོགས་པའི་གཟུགས་ལ་སོགས་པའི་བློ་བཞིན་དུ་གཅིག་པ་ཉིད་དུ་འགྱུར་བ་དེ་མ་ངེས་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་འཇིག་རྟེན་སྔ་མ་གཞན་ཡོད་པ་ཉིད་དུ་བསྒྲུབས་ནས། ད་ནི་འཇིག་རྟེན་ཕྱི་མ་གཞན་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཕ་རོལ་པོ་དག་གི་བསམ་པས་ཕྱོགས་ སྔ་མ་ཉེ་བར་བཞག་པ་བྱས་ནས་སུན་དབྱུང་བར་བྱ་སྟེ། དེ་ལ། གལ་ཏེ་མེད་སྨྲ་བྱིས་པ་ཡི། །འཆི་འཕོའི་སེམས་ལ་མཚམས་སྦྱོར་མེད། །འཆི་འཕོའི་སེམས་ཕྱིར་དགྲ་བཅོམ་གྱི། །ཐ་མའི་སེམས་བཞིན་སྒྲུབ་བྱེད་ན། །ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་ བཞག་པ་ཉིད་ཡིན་ནོ། །དེའི་ལན་ནི། གཏན་ཚིགས་མ་ངེས་ཉིད་འགྱུར་ཏེ། །འདས་པའི་འཆི་འཕོའི་སེམས་ཀྱིས་སོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་པོའི་གཏན་ཚིགས་འཆི་འཕོའི་སེམས་ནི་སེམས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་ འགྱུར་ཏེ། ཅི་རེ་ཞིག་འཆི་འཕོའི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པའི་སེམས་ཐ་མ་བཞིན་དུ་ཉིང་མཚམས་སྦྱོར་བ་མེད་པར་འགྱུར་རམ་འོན་ཏེ་འདས་པའི་འཆི་འཕོའི་སེམས་བཞིན་དུ་ཉིང་མཚམས་སྦྱོར་བ་ཡོད་པར་འགྱུར་བ་མ་ངེས་པ་ཉིད་དོ། །འདས་པའི་འཆི་འཕོའི་ སེམས་ཡོད་པར་ཇི་ལྟར་ཤེས་ཤེ་ན། ཚེ་རབས་དྲན་ལ་སོགས་ཡོད་དང་། །ཚུལ་སྨྲས་ཕྱིར་ན་དེ་ཡང་ཡོད། །ཅེས་བྱ་བ་སྨྲས་ཏེ། འཇིག་རྟེན་འདི་ན་ཚེ་རབས་དྲན་པ་གང་དག་གིས་ཚེ་རབས་སྔ་མ་རྣམ་པ་དུ་མ་དྲན་པར་བྱེད་པ་དག་དང་། ཁ་ཅིག་ཕ་མའི་སྤྱོད་ཡུལ་ཐ་དད་ 98-106b པ་དག་དང་མི་མཐུན་པའི་ཚུལ་ཁྲིམས་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་སྣང་བ་ལ་སོགས་པ་དག་ཀྱང་ཡོད་པས་དེའི་ཕྱིར་དེ་དག་གི་སྤྱོད་པ་དེ་ལྟ་བུ་དག་ནི་སྔོན་གོམས་པ་ཉིད་ལས་གྱུར་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན། འཇིག་རྟེན་སྔ་མ་ཡོད་པའི་ཚུལ། །མངལ་ནས་སྔོན་ རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་པ་ཡོད། །ཤེས་བྱ་གཞན་གྱིས་དེ་གཞན་ཕྱིར། །ཡང་ན་བློ་ཕྱིར་དེའི་འོག་བཞིན། །ཞེས་སྔར་ཇི་སྐད་སྨྲས་པའི་ཕྱིར་ན་འདས་པའི་འཆི་འཕོའི་སེམས་དེ་ཡང་ཡོད་པ་ཁོ་ནར་ངེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་། འཕགས་ པ་མིན་པའི་འཆི་འཕོའི་སེམས། །སེམས་གཞན་བསྐྱེད་པ་ཉིད་ཡིན་ཏེ། །མ་རིག་པ་དང་བཅས་པའི་ཕྱིར། །སེམས་དེ་སྐྱེད་པར་བྱེད་པ་བཞིན། །ཞེས་བྱ་བ་ནི་བྱིས་པ་འཕགས་པ་མ་ཡིན་པའི་འཆི་འཕོའི་སེམས་ནི་སེམས་གཞན་བསྐྱེད་པ་ཉིད་ཡིན་ཏེ་ཞེས་དམ་བཅའོ། །ཅིའི་ ཕྱིར་ཞེ་ན། མ་རིག་པ་དང་བཅས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་ཕྱིར་རོ། །དཔེ་ཇི་ལྟ་བུ་ཞེ་ན། འདས་པའི་འཆི་འཕོ་ཉིད་ཀྱི་སེམས་དེ་སྐྱེད་པར་བྱེད་པ་བཞིན་ནོ། །ཡང་རྣམ་པ་གཞན་དུ་འཇིག་རྟེན་རྒྱང་པན་པའི་བསམ་པས་ཕྱོགས་སྔ་མ་ཉེ་བར་བཞག་ནས་དེ་དགག་པའི་ཕྱིར། གལ་ཏེ་ལུས་དང་དབང་བློ་དག །རང་གི་ལས་ཀྱིས་སྐྱེད་མི་འདོད། །ཞིག་ཕྱིར་དཔེར་ན་བུམ་པ་བཞིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་མེད། །ཅེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་བཞག་པ་ཡིན་ཏེ། གལ་ཏེ་ཁྱེད་སངས་རྒྱས་པ་དག་འཇིག་རྟེན་ནི་ལས་བདག་གིར་བྱ་བ་དང་། ལས་ཀྱི་ སྐྱེ་གནས་པ་དང་། ལས་ཀྱི་རྗེས་སུ་འབྲང་བ་དང་། ལས་བགོ་སྐལ་བའོ་ཞེས་བྱ་བ་ལ་སོགས་པ་གང་དག་གིས་ལུས་དང་། དབང་པོ་དང་། བློ་དག་རང་གི་ལས་ཀྱིས་བསྐྱེད་པར་འདོད་པ་གང་ཡིན་པ་དེ་ལྟར་ཁོ་བོ་ཅག་མི་འདོད་དེ། ཞིག་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེ་ན། དེའི་ལན་ནི། དེ་ཉིད་ཀྱིས་ནི་དེ་མ་བྱས། །དེ་གཞན་གྱིས་ཀྱང་མ་བྱས་ཕྱིར། །འཇིག་རྟེན་རང་གི་ལས་སྐྱེད་མིན། །གཞན་འདི་ངེད་ལ་ཅི་ཞིག་གནོད། །ཅེས་བྱ་བ་ཡིན་ཏེ། ཁོ་བོ་ཅག་གི་ལས་བརྟག་གི་ལས་བརྟག་པའི་སྐབས་སུ་དོན་དམ་པར་ལས་བདག་གིས་བྱས་པ་དང་། གཞན་གྱིས་ 98-107a བྱས་པ་དང་། གཉི་གས་བྱས་པ་བཀག་ཟིན་པའི་ཕྱིར། ཁྱོད་ཀྱིས་སྨྲས་པའི་ཚད་མ་གཞན་འདི་ངེད་ལ་ཅི་ཞིག་གནོད། ཅི་སྟེ་ཁྱོད་དངོས་པོ་རྣམས་ལས་ལ་མི་ལྟོས་པར་སྐྱེས་པར་སྨྲ་ན་ནི་དེ་ལ། ལས་ཀྱིས་སྐྱེད་ཉིད་མ་ཡིན་ལ། །དཔེ་ནི་ཡོད་པ་མ་ ཡིན་ནོ། །ཞེས་བྱ་བ་ནི་འགའ་ཞིག་འདི་ལྟར་ལས་ལ་མ་ལྟོས་པར་སྐྱེའོ་ཞེས་བྱ་བའི་དཔེ་བརྗོད་པར་བྱ་དགོས་སོ། གལ་ཏེ་ཕྱི་རོལ་གྱི་རྩ་དང་ལོ་མ་དང་། འདབ་མ་ལ་སོགས་པ་དག་ལྟ་བུའོ་ཞེ་ན། དེའི་ཕྱིར། ཤིང་ལ་སོགས་པ་དུས་སྐྱེ་བ། །སེམས་ཅན་ལས་ཀྱི་ དབང་གིས་ཏེ། །སེམས་དམྱལ་གནས་དང་མཐོ་རིས་ན། །མཚོན་དང་དཔག་བསམ་ཤིང་སྐྱེ་བཞིན། །ཞེས་བྱ་བ་བཤད་དེ། ལས་ཀྱིས་མ་བསྐྱེད་པའི་དཔེ་འགའ་ཡང་མེད་པའི་ཕྱིར། འཇིག་རྟེན་ལས་ཀྱིས་མ་བསྐྱེད་དོ་ཞེས་བྱ་བ་དེ་མི་རུང་ངོ་། །རེ་ཞིག་དེ་ལ་འདི་ སྐད་ཅེས་དྲི་བར་ཡང་བྱ་སྟེ། འབྱུང་བ་རྣམས་ལས་བློ་གྲོས་ནི། །མཚན་ཉིད་མི་མཐུན་ཇི་ལྟར་འབྱུང་། །ཞེས་བྱ་བ་ནི་འདི་ལྟར་དངོས་པོ་རྣམས་ཀྱི་རྒྱུ་དང་འདྲ་བའི་བདག་ཉིད་དུ་འབྱུང་བ་ཡིན་ན་འབྱུང་བ་ཆེན་པོ་སེམས་མེད་པ་རྣམས་ལས་བློ་གྲོས་མཚན་ཉིད་ཤིན་ཏུ་མི་མཐུན་པ་ཇི་ལྟར་ འབྱུང་སྟེ། ཇི་སྐད་དུ། ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ལྷན་ཅིག་ཚོགས་པ་ལ། །ཏིལ་ལ་ཏིལ་མར་ཡོད་པ་ལྟར། །ཤེས་པ་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་ལྟ་བུའོ། །འདིར་ཕ་རོལ་པོ་དག་གིས་སྨྲས་པ། འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་ པ་ཡོད་པ་ཉིད་སྐྱེ་སྟེ། །སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་དང་། །མེ་ཤེལ་ལས་ནི་མེ་བཞིན་ནོ། །ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་སེམས་མེད་པ་རྣམས་ལས་བློ་ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་ཅན་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟ་བུ་ཞེ་ན། ཆང་ལས་མྱོས་ པའི་མཐུ་འབྱུང་བ་དང་། མེ་ཤེལ་ལས་མེ་འབྱུང་བ་དང་། ཆུ་ཤེལ་ལས་ཆུ་འབྱུང་བ་དང་། བ་ལང་གི་སྤུ་དང་། ལུག་གི་བལ་ལས་རྩྭ་དཱུར་བ་འབྱུང་བ་དང་། རྭ་ལས་སྨྱིག་མ་འབྱུང་བ་དང་། ཤིང་ལས་ཐལ་བ་འབྱུང་བ་དང་། འོ་མ་ལས་ཞོ་འབྱུང་བ་ལ་སོགས་པ་རྒྱུ་ལས་ 98-107b འབྲས་བུ་མཚན་ཉིད་ཤིན་ཏུ་མི་མཐུན་པ་དག་འབྱུང་བ་བཞིན་ནོ། །དེ་ལ་བཤད་པ། དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཞེ་ན། མྱོས་མཐུ་ཤེས་ཡོད་མ་ཡིན་པས། །ཁྱོད་ཀྱི་དཔེ་ནི་མེད་པ་ཉིད། །ཅེས་བྱ་བ་ནི་གང་དག་ཁྱོད་ཀྱི་དཔེར་བསྟན་པ་དེ་དག་ཐམས་ཅད་ལ་ནི་ཤེས་ པ་ཉིད་མེད་པས་དེའི་ཕྱིར་འབྱུང་བ་ཤེས་པ་མེད་པ་ཉིད་ལ་ཤེས་པ་ཡོད་པ་ཉིད་སྐྱེ་བའི་དཔེ་སྔ་མ་དང་མི་འདྲ་བ་འགའ་ཡང་མེད་པས་ཁྱོད་ཀྱི་དཔེ་མེད་པ་ཉིད་དོ། །གཞན་ཡང་། རྒྱུ་རྣམས་རིགས་མཐུན་ཡིན་པའི་ཕྱིར། །གཏན་ཚིགས་ཀྱང་ནི་འགལ་བ་ཉིད། །ཅེས་བྱ་བ་ནི་རྒྱུ་དེ་ དག་ཐམས་ཅད་ནི་རིགས་མཐུན་པ་ཉིད་ཡིན་ཏེ། དེའི་ནུས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ནུས་པས་སྟོང་པའི་དངོས་པོ་ཐམས་ཅད་ལས་ཀྱང་འབྲས་བུ་མི་མཐུན་པ་འབྱུང་བར་གྱུར་ན་ནི། མེ་ཤེལ་ལས་ཀྱང་ཆུ་འབྱུང་བ་དང་། ཆུ་ཤེལ་ལས་ཀྱང་མེ་འབྱུང་བར་འགྱུར་བའི་ རིགས་སོ། །འདི་ལྟར་ཆང་གི་འབྲས་བུ་མྱོས་པ་ནི་སོ་སོར་ངེས་པ་ཡིན་པས་དེ་ལས་དེ་ཉིད་འབྱུང་གི་གཞན་མི་འབྱུང་བས་རིགས་མཐུན་པའི་མི་མཐུན་པའི་ཕྱོགས་ཀྱི་དངོས་པོ་ལས་རིགས་མི་མཐུན་པའི་འབྲས་བུ་མི་འབྱུང་བའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་སྐྱེ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་ བྱ་བ་དེའི་དོན་རིགས་མི་མཐུན་པ་ལས་མི་འབྱུང་བས་འགལ་བ་ཉིད་དོ། །གཞན་ཡང་། ནང་གི་འབྱུང་བ་རྣམས་ཀྱང་ནི། །ཤེས་པ་ཡོད་པ་མ་ཡིན་ཏེ། །ས་ལ་སོགས་པའི་དངོས་ཕྱིར་དང་། །འབྱུང་བ་ཡིན་ཕྱིར་དེ་གཞན་བཞིན། །ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་འབྱུང་བ་ རྣམས་ནི་ངོ་བོ་ཉིད་མཚུངས་པའི་ཕྱིར་ནང་གི་འབྱུང་བ་རྣམས་ནི་ཤེས་པ་ཡོད་པའི་ངོ་བོ་ཉིད་ཡིན་ལ། ཕྱི་རོལ་གྱི་འབྱུང་བ་རྣམས་ནི་ཤེས་པ་ཡོད་པའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུའི་ཁྱད་པར་ཅི་ཡོད་པ་ཡང་བརྗོད་དགོས་སོ། །དེས་ན་ཇི་ལྟར་འབྱུང་བ་རྣམས་ལས་ཤེས་པ་ཡོད་ པ་ཉིད་མི་འབྱུང་བ་བཞིན་དུ་ཤེས་པ་ཡོད་པ་ཉིད་ལས་ཀྱང་འབྱུང་བ་རྣམས་མི་འབྱུང་ངོ་། །དེའི་ཕྱིར་མངལ་གནས་སྔོན་རོལ་སེམས། །སེམས་གཞན་སྔོན་དུ་སོང་ཡིན་པར། །མཁས་པ་རྣམས་ཀྱིས་ཤེས་བྱ་སྟེ། །འཛིན་པ་ཡིན་ཕྱིར་དེའི་འོག་བཞིན། །ཞེས་བྱ་བ་ནི་མངལ་ 98-108a ན་གནས་པའི་སྔོན་རོལ་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་གཞན་སྔོན་དུ་སོང་བ་ལས་བྱུང་བ་ཡིན་པར་མཁས་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། འཛིན་པ་ཡིན་པའི་ཕྱིར་བཙས་པའི་འོག་རོལ་གྱི་རྣམ་པར་ཤེས་པའི་རྒྱུན་བཞིན་ནོ། །གང་གི་ ཕྱིར། བེའུ་ཡང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཞེས་བྱ་བ་ནི་དེའི་ཕྱིར་ཡང་མངལ་ན་གནས་པའི་སྔོན་རོལ་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་གཞན་ སྔོན་དུ་སོང་བ་ལས་བྱུང་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། གལ་ཏེ་དེ་སྔོན་གྱི་སྲིད་པ་གཞན་དག་ཏུ་ཁ་ཟས་ལ་སོགས་པ་གོམས་པར་མ་བྱས་ན། ཇི་ལྟར་བེའུ་བྱུང་མ་ཐག་ཁོ་ནར་སུས་ཀྱང་མ་བསྐུལ་བར་སེམས་གསལ་བས་ཟས་ཀྱི་དོན་དུ་སྐྱོད་པར་བྱེད་དེ། དེ་ལྟར་ཟས་ཀྱི་དོན་དུ་སྐྱོད་ པར་བྱེད་པའི་ཕྱིར་དཔེར་ན་དབང་པོ་ཡོངས་སུ་སྨིན་པ་གཞོན་ནུ་དང་བར་མ་དང་། རྒན་པོའི་གནས་སྐབས་ན་གནས་པ་དག་བཞིན་དུ་བེའུ་དག་གིས་ཀྱང་སྔོན་གྱི་ཚེ་རབས་གཞན་དག་ཏུ་གོམས་པར་བྱས་པར་མངོན་ནོ། །གལ་ཏེ་འདི་སྙམ་དུ་བསྐྱོད་པའི་ཕྱིར་ཞེས་བྱ་བའི་གཏན་ ཚིགས་དེ་མ་ངེས་པ་སྟེ། བསྐྱོད་པའི་ཕྱིར་དེས་ན་ཅི་རེ་ཞིག་ཁབ་ལོང་གིས་རྡོ་ལ་སོགས་པ་བསྐྱོད་པ་བཞིན་དུ། བེའུས་ཀྱང་སྔོན་གོམས་པར་མ་བྱས་པ་ཁོ་ནར་སྐྱོད་པར་བྱེད་པ་ཡིན་ནམ། འོན་ཏེ་དབང་པོ་ཡོངས་སུ་སྨིན་པ་བཞིན་དུ་སྔོན་གོམས་པར་བྱས་པས་བསྐྱོད་པ་ ཡིན་པ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བར་སེམས་ན། དེའི་ཕྱིར་བཤད་པ། ཁབ་ལོང་གིས་ནི་རྡོ་བསྐྱོད་པས། །གཏན་ཚིགས་མ་ངེས་ཉིད་མ་ཡིན། །དེ་ནི་ཟས་ཟ་མཐོང་བའི་ཕྱིར། །མ་གྲུབ་ཉིད་ཀྱང་མ་ཡིན་ནོ། །ཞེས་བྱ་བ་ནི་ཁབ་ལོང་གིས་རྡོ་ལ་སོགས་པ་བསྐྱོད་པ་ཡོད་ པ་བདེན་མོད་ཀྱི་དེ་ནི་ཟས་ཀྱི་དོན་དུ་མ་ཡིན་ནོ། །དེའི་ཕྱིར་ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར་ཞེས་གཏན་ཚིགས་ཁྱད་པར་ཅན་བྱས་པའི་ཕྱིར། ཇི་སྐད་སྨྲས་པའི་སྐྱོན་མེད་དོ། །འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་ལ་མངོན་པར་ཞེན་པའི་ལྟ་བ་ཅན་དག་གིས་དེ་སྒྲུབ་པ་གང་ཡིན་པ་ 98-108b སྨྲས་པ། འཇིག་རྟེན་ཕ་རོལ་ནི་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་ན་ནམ་མཁའི་མེ་ཏོག་རྒྱས་པ་བཞིན་ནོ་ཞེ་ན་བཤད་པ། འདི་ལ་མི་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མངོན་སུམ་གྱིས་འགྲུབ་པར་འགྱུར་རམ། འོན་ཏེ་རྗེས་སུ་དཔག་པས་འགྲུབ་པར་འགྱུར་བར་ རྟོག་གྲང་ན། དེ་ལ་གལ་ཏེ་མངོན་སུམ་གྱིས་འགྲུབ་པོ་ཞེ་ན་ནི། ཡི་དགས་དང་ཤ་ཟ་ལ་སོགས་པ་དག་གིས་མ་ངེས་སོ། །འབྱུང་པོ་དག་མེད་པ་ཡང་མ་ཡིན་ཏེ། ཕྱིར་བཏང་བའི་གསོས་བྱེད་པ་དག་སྣང་བའི་ཕྱིར་རོ། །ཁྱེད་ཀྱིས་དེ་དག་མི་མཐོང་ན་བར་མདོའི་སྲིད་པ་ལྷའི་མིག་ ཤིན་ཏུ་རྣམ་པར་དག་པའི་ཡུལ་དག་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། དྲང་སྲོང་ལྷའི་མིག་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་དག་ནི་མེད་པ་མ་ཡིན་ཏེ། ཤེས་པའི་མཐུ་ཁྱད་པར་དང་ལྡན་པའི་ཕྱིར་འཇིག་རྟེན་རྒྱང་པན་པའི་བསྟན་བཅོས་ཀྱི་བྱེད་པོ་བཞིན་ནོ། །གཏན་ཚིགས་མ་གྲུབ་ པ་ཡང་མ་ཡིན་ཏེ། དེ་དག་གིས་བྱས་པའི་སྨན་དཔྱད་ལས་བཤད་པའི་བྱ་བ་དག་གྲུབ་པའི་ཕྱིར་དང་། དུག་དང་གནམ་ལྕགས་དང་རིག་སྔགས་དག་ཀྱང་གྲུབ་པའི་ཕྱིར་རོ། །འཇིག་རྟེན་རྒྱང་པན་པའི་བསྟན་བཅོས་ཀྱི་བྱེད་པ་པོ་ནི་ལྷའི་མིག་དང་ལྡན་པ་ཉིད་དུ་མ་གྲུབ་པོ་ཞེ་ན། འོ་ན་དེ་ ལྟ་ན་དེས་ཤེས་པ་གང་གིས་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་དོན་འདི་དམིགས་པར་འགྱུར། གལ་ཏེ་མངོན་སུམ་གྱིས་སོ་ཞེ་ན། འཇིག་རྟེན་ཕ་རོལ་མེད་པ་ནི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་མ་ཡིན་ཏེ། མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་བཞིན་ནོ། ། གལ་ཏེ་རྗེས་སུ་དཔག་པས་འགྲུབ་པོ་ཞེ་ན། རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ། མེད་པ་པོ་མངོན་སུམ་ཙམ་ཚད་མར་སྨྲ་བ་དག་ལ་ཁས་བླངས་པས་གནོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཀྱིས་འཇིག་རྟེན་ཕ་རོལ་མེད་པར་ཤེས་པར་མི་བྱ་སྟེ། མངོན་སུམ་དང་རྗེས་ སུ་དཔག་པ་དག་གིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་མོ་གཤམ་གྱི་བུའི་ཡོད་པ་ཉིད་བཞིན་ནོ། །འཇིག་རྟེན་རྒྱང་པན་པའི་བསྟན་བཅོས་ནི་ཚད་མ་ལས་ཁས་བླང་བར་མི་བྱ་སྟེ། ལྷའི་མིག་དང་མི་ལྡན་པས་བྱས་པའི་ཕྱིར་སྨྱོན་པའི་ཚིག་བཞིན་ནོ། །རྗེས་སུ་དཔག་པ་ལས་ཀྱང་ 98-109a བཟློག་པར་བྱ་སྟེ། མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔོན་དུ་སོང་བ་ལས་བྱུང་བ་ཡིན་ཏེ། བློ་ཡིན་པའི་ཕྱིར་ལང་ཚོ་ལ་སོགས་པའི་གནས་སྐབས་གཞན་གྱི་བློ་བཞིན་ནོ། །ལྡོག་པ་ནི་བུམ་པ་ལྟ་བུའོ། ། གལ་ཏེ་འདི་སྐད་ཅེས་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཕ་མ་དག་གི་བློ་ཡང་སོ་སོར་རྒྱུད་ཐ་དད་པ་མ་ཡིན་ཞིང་རིགས་མཐུན་པ་ཡང་ཡིན་ལ། མེར་མེར་པོ་ལ་སོགས་པའི་བློ་དེ་དག་གི་སྔོན་དུ་སོང་བ་ཡང་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རུང་སྟེ། འདིར་བསྒྲུབ་པར་བྱ་བའི་དོན་ནི་མེར་ མེར་པོ་ལ་སོགས་པའི་བློ་དག་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པས་བསྐྱེད་པར་སྒྲུབ་པ་ཡིན་པས། རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔ་མ་གཞན་གང་ཡིན་པ་དེ་ཉིད་འཇིག་རྟེན་ཕ་རོལ་སྔ་མ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་པ་ཉིད་དོ། །གཞན་ཡང་དགྲ་ བཅོམ་པ་མ་ཡིན་པའི་འཆི་བའི་བློ་ཡང་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་གཞན་གྱི་རྒྱུ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་བག་ལ་ཉལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པའི་ཕྱིར། དགྲ་བཅོམ་པ་མ་ཡིན་པ་གཞོན་ནུའི་གནས་སྐབས་ཀྱི་བློ་བཞིན་ནོ། །ཆོས་མི་མཐུན་པའི་ དཔེ་ནི་དགྲ་བཅོམ་པའི་བློ་ཐ་མ་བཞིན་ནོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་ན་ཡང་ཡོད་དོ། །ཅི་སྟེ། འདི་སྙམ་དུ་མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔོན་དུ་སོང་བ་ལས་བྱུང་བ་མ་ཡིན་ཏེ། བློ་དང་པོ་ཡིན་པའི་ཕྱིར་ཟག་པ་མེད་པའི་བློའི་སྐད་ ཅིག་མ་དང་པོ་བཞིན་ནོ་ཞེས་བྱ་བར་སེམས་ན་འདིར་མངལ་ན་གནས་པའི་སྔོན་རོལ་གྱི་བློ་ལ་བློ་དང་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མིག་ལ་སོགས་པའི་དབང་པོའི་བློ་དང་པོར་འགྱུར་རམ། །འོན་ཏེ་ཡིད་ཀྱི་བློ་དང་པོར་འགྱུར་གྲང་ན། དེ་ལ་རེ་ཞིག་མིག་ལ་སོགས་པའི་དབང་པོའི་བློ་ནི་དང་པོ་ཉིད་ཡིན་ པར་མི་རིགས་ཏེ། དེའི་ཚེ་ན་མིག་ལ་སོགས་པའི་དབང་པོ་དག་མེད་པའི་ཕྱིར་དང་། དམིགས་པ་ཡང་ཉེ་བར་མ་གྱུར་པའི་ཕྱིར་རོ། །ཡིད་ཀྱི་བློ་ཡང་དང་པོ་མ་ཡིན་ཏེ། །དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་འབྱུང་བའི་ཕྱིར་དང་། འཇིག་རྟེན་སྔ་མ་ 98-109b ཁས་མི་ལེན་པའི་ཕྱིར་སྔ་མ་འདས་པའི་རྣམ་པར་ཤེས་པ་ཉིད་མེད་ན་འདས་མ་ཐག་པ་ཉིད་ཡོད་པར་ག་ལ་འགྱུར། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་སྨྲ་བ་དག་ལ་ནི་གཉི་ག་ཡང་རུང་སྟེ། འཇིག་རྟེན་སྔ་མ་པའི་མིག་ལ་སོགས་པའི་དབང་པོ་དག་འགགས་པ་ན་དེ་མ་ཐག་པའི་རྐྱེན་ དུ་འགྱུར་བའི་ཕྱིར་དང་། དམིགས་པ་ཉེ་བར་མ་གྱུར་ཀྱང་སྔ་མའི་དམིགས་ལ་ལྟོས་པས་བློ་ཞེས་ཐ་སྙད་གདགས་སུ་རུང་བའི་ཕྱིར་རོ། །སྔ་མའི་རྣམ་པར་ཤེས་པ་འདས་པ་ཉིད་ལས་ཡིད་ཀྱི་བློ་དེའི་དང་པོ་ཡང་འབྱུང་ར་རིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་སྐད་སྨྲ་བར་ནུས་ཏེ། མེར་ མེར་པོའི་གནས་སྐབས་ཀྱི་བློ་གང་ཡིན་པ་དེ་ནི་འདས་པ་དེ་མ་ཐག་པའི་བློའི་ཁྱད་པར་ལ་ལྟོས་པ་ཡིན་ཏེ། བློ་ཡིན་པའི་ཕྱིར་གཉིད་ལོག་པའི་འོག་ཏུ་སད་པའི་བློ་བཞིན་ནོ། །ཆོས་མི་མཐུན་པའི་དཔེ་ནི་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའོ། །དེའི་ཕྱིར་མེད་པ་པ་དག་ མངལ་ན་གནས་པའི་སྔོན་རོལ་ལ་བློ་ཉིད་ཡོད་པར་རྟོག་པ་ལ་ཡང་འཇིག་རྟེན་ཕ་རོལ་གྲུབ་པ་ཉིད་དོ། །ཇི་ལྟར་ཞེ་ན། མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་འདས་པ་དེ་མ་ཐག་པའི་བློའི་ཡུལ་ལྟོས་པ་ཡིན་ཏེ། དབང་པོའི་བློ་ཡིན་པའི་ཕྱིར་བསམ་གཏན་གྱི་དབང་པོའི་བློ་བཞིན་ནོ། །གང་ དག་འདི་སྐད་ཅེས་མངལ་ན་གནས་པ་ལུས་དང་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་མངལ་ནས་འབྱུང་བའི་བློ་ནི་དང་པོ་ཡིན་པར་སྨྲ་བ་དེ་དག་ལ་ཡང་སྐྱེ་བའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ནི་འདས་པ་དེ་མ་ཐག་པའི་བློའི་ཡུལ་ལ་ལྟོས་པ་ཡིན་ཏེ། དབང་པོའི་བློ་ཡིན་པའི་ཕྱིར། བསམ་ གཏན་གྱི་དབང་པོའི་བློ་བཞིན་ནོ་ཞེས་བརྗོད་པར་བྱའོ། །ཟག་པ་མེད་པའི་བློའི་སྐད་ཅིག་མ་དང་པོ་ལ་ཡང་ཕ་རོལ་པོས་བསྒྲུབ་པར་བྱ་བའི་དོན་མེད་དེ། དེ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་པའི་བག་ཆགས་སྔོན་དུ་སོང་བ་ལས་བྱུང་བའི་ཕྱིར་རོ། ། ཅི་སྟེ་བློ་གཞན་གྱིས་སྐྱེད་པའི་བློ་ཡང་དང་པོ་ཡིན་པས་དང་པོའོ་ཞེས་བརྗོད་ན་མངལ་ན་གནས་པའི་སྔོན་རོལ་གྱི་བློ་གྲུབ་པའི་ཕྱིར། དང་པོ་ཉིད་ཅེས་བྱ་བ་དེ་ཁོ་བོ་ལ་ཡང་འགལ་བ་མེད་དོ། །ཚེ་རབས་གཞན་གྱི་ལས་ཐུན་མོང་མ་ཡིན་པ་ཡོད་པའི་ཕྱིར་ཡང་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ 98-110a ངེས་པར་གཟུང་ངོ་། །གལ་ཏེ་ལས་མེད་པར་གྱུར་ན་ཕ་མ་མཚུངས་པའི་རྐྱེན་རིགས་མཐུན་པས་བསྐྱེད་པའི་བུ་སྤུན་དག །ཚུལ་ཁྲིམས་དང་བཟོད་པ་དང་བདེན་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་ཏུ་འགྱུར་བའི་མི་རིགས་པས་དེའི་ཕྱིར། གང་དུ་དེ་དག་ གིས་བདེན་པ་དང་གཏང་བ་ལ་སོགས་པ་གོམས་པར་བྱས་པ་དེ་ཉིད་འཇིག་རྟེན་ཕ་རོལ་སྔ་མ་ཡིན་ནོ། །སྐྱེ་བ་དག་ནི་རྐྱེན་ཐུན་མོང་བ་ཉིད་ཉི་ཚེ་དང་འབྲེལ་པ་མ་ཡིན་ཏེ། སྤུན་ལུས་དང་དབང་པོ་དང་བློ་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་ཐ་དད་པའི་ཕྱིར་འབྲས་སཱ་ལུ་དང་ནས་ལ་སོགས་པའི་ མྱུ་གུ་བཞིན་ནོ། །ཞར་ལ་བཤད་པས་ཆོག་སྟེ། དེ་ལྟར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་དགུ་པ། དབང་ཕྱུག་རྒྱུར་འདོད་པ་དག་ནི། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་དག་ ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་བྱ་བའི་ལུང་གིས་འགྲོ་བ་ཐམས་ཅད་སྐྱེ་བའི་རྒྱུ་ནི་དབང་ཕྱུག་ཡིན་པར་ཁས་ལེན་པས་དེ་དག་གི་ཕྱིར་བཤད་པ། དབང་ཕྱུག་འཇིག་རྟེན་བྱེད་པོ་མིན། །ལ་ལའི་ དགའ་བའི་རྒྱུ་ཡིན་ཕྱིར། །དཔེར་ན་དབང་ཕྱུག་དགའ་བྱེད་པའི། །བྱེད་པོ་དབང་ཕྱུག་མ་ཡིན་བཞིན། །ཞེས་བྱ་བ་ནི། དབང་ཕྱུག་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་གི་སྐྱེ་བའི་རྒྱུ་ཡིན་པར་མི་རིགས་ཏེ། ལ་ལ་དེ་ལ་དད་པའི་དགའ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་དབང་ཕྱུག་དེ་ ཉིད་ཀྱི་བྱེད་པ་པོ་དབང་ཕྱུག་མ་ཡིན་པ་བཞིན་ནོ། །ཡང་ན། དབང་ཕྱུག་ཀུན་གྱི་རྒྱུར་མི་འདོད། །མ་སྐྱེས་ཕྱིར་དང་རྒྱུ་མེད་ཕྱིར། །དཔེར་ན་ནམ་མཁའི་མེ་ཏོག་ནི། །ཀུན་གྱི་རྒྱུར་ནི་མི་འདོད་བཞིན། །ཞེས་བྱ་བ་ནི་དེ་ནི་སྐྱེ་བ་མེད་པའི་ཕྱིར་དང་། རྒྱུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་ བཞིན་དུ་ཡོད་པ་ཉིད་དུ་ཡང་མི་རིགས་ན་འགྲོ་བའི་རྒྱུ་ཉིད་དུ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན། འགྲོ་བ་མ་ལུས་འདི་དག་གི། །རྒྱུ་ནི་དབང་ཕྱུག་རབ་ཏུ་མིན། །སེམས་དང་ལྡན་ཕྱིར་དཔེར་ན་ནི། །གླང་རྫི་འགྲོ་རྒྱུ་རབ་མིན་བཞིན། །ཞེས་བྱ་བ་ནི་འགྲོ་བ་རྣམས་རྒྱུ་དབང་ 98-110b ཕྱུག་དང་ལྡན་པ་མ་ཡིན་པར་དགག་པའོ། །གལ་ཏེ་འདི་སྙམ་དུ་སེམས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་མ་གྲུབ་སྟེ། གང་གི་ཕྱིར་ཞེ་ན། དབང་ཕྱུག་ནི་གཅིག་པུ་ཡིན་ལ། གླང་རྫི་ལ་སོགས་པ་ནི་མང་པོ་ཡིན་པས་དེའི་ཕྱིར་གླང་རྫི་དག་ནི་སེམས་དང་ལྡན་དུ་ཟིན་ཀྱང་འགྲོ་བ་མ་ ལུས་པའི་བྱེད་པ་པོ་མ་ཡིན་གྱི། དབང་ཕྱུག་དེ་ནི་རྒྱལ་པོ་བཞིན་དུ་འཇིག་རྟེན་ཐམས་ཅད་རྣམ་པར་གནས་པའི་བྱེད་པ་པོ་ཡིན་པར་སེམས་ན་བཤད་པ། དབང་ཕྱུག་གཅིག་པུ་འགའ་ཡང་མེད། །དངོས་རྣམས་ཚོགས་ལས་གྲུབ་པའི་ཕྱིར། །བྱེད་པོ་གཅིག་པུ་འགའ་ཡང་མེད། །དེ་ཕྱིར་ མ་ངེས་ཉིད་མ་ཡིན། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ནི་རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བའི་ཕྱིར་བྱེད་པ་པོ་གཅིག་པུ་ཞེས་བྱ་བ་མི་འཐད་དེ། གལ་ཏེ་གཅིག་པུ་ཉིད་ལ་བྱེད་པ་པོ་ཉིད་ཀྱི་མཐུ་ཡོད་པར་གྱུར་ན་རྒྱུ་དང་རྐྱེན་མང་པོར་བརྟགས་པ་དག་གིས་ཅི་བྱ། འཇིག་རྟེན་ན་དངོས་པོ་རྣམས་ ཀྱི་རྒྱུ་བྱེད་པ་པོ་གཅིག་པུ་ནི་འགའ་ཡང་མི་སྣང་བས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་དུ་ག་ལ་འགྱུར། ཅི་སྟེ་འདི་སྙམ་དུ་མིག་ལ་སོགས་པ་དག་ནི་དབང་ཕྱུག་དང་ལྡན་པ་ཁོ་ན་ཡིན་ཏེ། མང་བའི་ཕྱིར་ཇི་ལྟར་འཇིག་རྟེན་ན་བྲན་གཡོག་མང་པོ་ལ། བདག་པོ་གཅིག་ཡོད་པ་བཞིན་ནོ་ ཞེས་བྱ་བར་སེམས་ན་བཤད་པ། གལ་ཏེ་མིག་སོགས་དབང་ཕྱུག་བཅས། །མང་ཕྱིར་བྲན་བཞིན་འདོད་ཅེ་ན། །མ་སྐྱེས་དབང་ཕྱུག་གཅིག་མི་འགྲུབ། །དབང་ཕྱུག་དེ་ལས་བཟློག་པར་འགྱུར། །ཞེས་བྱ་བ་ནི་འདི་ལྟར་རྒྱལ་པོ་ལ་སོགས་པ་འགའ་ཞིག་སྐྱེས་པ་ནི་དབང་ཕྱུག་གཅིག་ པུ་ཞེས་བྱ་བར་ཡང་འགྱུར་གྲང་ན། དབང་ཕྱུག་དེ་ནི་མ་སྐྱེས་པའི་ཕྱིར་གཅིག་པུ་ཉིད་དུ་ཡང་མི་འགྱུར་ཏེ། མོ་གཤམ་གྱི་བུ་བཞིན་པས་དབང་ཕྱུག་དེ་ལས་བཟློག་པ་དབང་ཕྱུག་མ་ཡིན་པ་ཉིད་དུ་རིགས་པར་འགྱུར་རོ། །ཅི་སྟེ་བྱེད་པོར་བཅས་འདོད་དེ། །བཀོད་ཕྱིར་བུམ་སོགས་བཞིན་ཞེ་ན། ། གལ་ཏེ་ཁྱད་པར་མ་བསྟན་པའི། །བྱེད་པོ་ཡིན་ན་གྲུབ་པ་སྒྲུབ། །ཅེས་བྱ་བ་ནི་ཅི་སྟེ་ཡང་མིག་ལ་སོགས་པ་དག་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་ཉེ་བར་བཀོད་པ་ཡིན་གྱི། བདག་ནི་སུས་ཀྱང་ཉེ་བར་བཀོད་པ་མ་ཡིན་པས་དེའི་ཕྱིར་མིག་ལ་སོགས་པ་དག་ནི་བྱེད་པ་པོ་དང་བཅས་པ་ཉིད་ཡིན་ཏེ། ཉེ་བར་ 98-111a བཀོད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེ་ན། དེའི་ལན་དུ་བཤད་པ། གལ་ཏེ་མིག་ལ་སོགས་པ་བྱེད་པ་པོ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ལ་སོགས་པ་འདུས་པའི་ངོ་བོ་ཉིད་དམ་ཕ་མ་ལ་སོགས་པ་གང་ཡང་རུང་བ་ཁྱད་པར་དུ་མ་བསྟན་པ་དང་ལྡན་པས་བྱེད་པ་པོ་ དང་བཅས་པ་ཉིད་དུ་འདོད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ལ་ཡང་དེ་ལྟར་གྲུབ་པའི་ཕྱིར་རོ། །ཅི་སྟེ་རྟག་གཅིག་ཕྲ་སོགས་ཀྱི། །ཁྱད་པར་གྱིས་ན་ཁྱོད་དཔེ་མེད། །ཅེས་བྱ་བ་ནི་དབང་ཕྱུག་ནི་མིག་ལ་སོགས་པའི་བྱེད་པ་པོ་ཡིན་ཏེ། རྟག་པའི་ཕྱིར་དང་། གཅིག་པའི་ཕྱིར་དང་། མ་ སྐྱེས་པའི་ཕྱིར་ཅི་དང་འདྲ་ཞེས་བྱ་བའི་དཔེ་ཁྱོད་ལ་མེད་པས་མིག་ལ་སོགས་པའི་བྱེད་པ་པོ་དབང་ཕྱུག་ཡིན་ནོ་ཞེས་ཁྱད་པར་དུ་སྟོན་ན་དཔེ་མེད་པས་མ་གྲུབ་པོ། །གལ་ཏེ་དབང་ཕྱུག་ཡིན་པའི་ཕྱིར་བུམ་པ་ལ་སོགས་པའི་བྱེད་པ་པོ་རྫ་མཁན་ལ་སོགས་པ་ཡིན་པ་བཞིན་ནོ་ཞེ་ན་བཤད་པ། ཁྱོད་ཀྱི་ དེ་ནི་མི་རྟག་དང་། །གཟུགས་ཅན་སྐྱེས་ཉིད་སྐྱོན་དུ་འགྱུར། །ཞེས་བྱ་བ་ནི་དབང་ཕྱུག་ཅེས་བྱ་བའི་ཚིག་གི་ལྷག་མའོ། །གལ་ཏེ་སེམས་ཅན་སྣོད་བགྲང་བའི། །འཇིག་རྟེན་སྣ་ཚོགས་རྒྱུ་ཡི་ལས། །དབང་ཕྱུག་ཡིན་ན་ཀུན་རྫོབ་ཏུའང་། །གྲུབ་པ་ཉིད་ལ་རབ་ཏུ་སྒྲུབ། །ཅེས་བྱ་བ་ནི་གལ་ཏེ་ཡང་ སེམས་ཅན་དུ་བགྲང་བ་ལྷ་དང་མི་ལ་སོགས་པ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་། སྣོད་དུ་བགྲང་བ་དེ་དག་གི་གནས་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུའི་ལས་དགེ་བ་དང་མི་དགེ་བ་དང་། མི་གཡོ་བ་དག་དབང་ཕྱུག་ཡིན་པར་སྒྲུབ་ན་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་ཡང་གྲུབ་པ་ཉིད་ལ་རབ་ ཏུ་སྒྲུབ་པ་ཡིན་ཏེ། ཇི་ལྟ་ཞེ་ན། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ལ་འདུ་བྱེད་དེ་དག་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །ཁམས་གསུམ་པ་འདི་དག་ནི་དེ་ལས་བྱུང་བས་དེའི་ཕྱིར་ཁོ་བོ་ཡང་མ་རིག་པ་ཉིད་འདུ་བྱེད་ཀྱི་ ལས་བྱེད་པའི་དབང་ཕྱུག་དང་། འདུ་བྱེད་ཉིད་འཇིག་རྟེན་འགྲུབ་པའི་དབང་ཕྱུག་ཡིན་པར་འདོད་པའི་ཕྱིར་རོ། །དེས་ན་ཁྱོད་འདོད་པའི་དབང་ཕྱུག་ཅེས་བྱ་བ་དེ་ནི་མེད་པའི་ཕྱིར་མི་རིགས་པའི་སྐྱོན་དུ་འགྱུར་རོ། །དེས་ནི་དུས་དང་སྐྱེས་བུ་དང་། །གཙོ་བོ་རྡུལ་ཕྲན་ཁྱབ་འཇུག་དག །འགྲོ་བ་འདི་ 98-111b ཡི་རྒྱུ་མིན་པར། །དགག་པ་ཁོང་དུ་ཆུད་པར་བྱ། །ཞེས་བྱ་བ་ནི་དེ་ལ་དུས་རྒྱུར་འདོད་པ་ཁ་ཅིག་ནི་ས་བོན་ལ་སོགས་པ་དང་། དེ་དག་གི་རྐྱེན་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་དག་ཡོད་དུ་ཟིན་ཀྱང་མྱུ་གུ་ལ་སོགས་པ་ལན་འགའ་འབྱུང་བར་སྣང་བའི་ཕྱིར་དུས་འདི་འཇིག་རྟེན་མ་ ལུས་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་ཞུགས་སོ། །དེ་བཞིན་དུ་སྐྱེས་བུ་རྒྱུར་འདོད་པ་དག་ཀྱང་སྐྱེས་བུ་ཉིད་འཇིག་རྟེན་གསུམ་པོ་མ་ལུས་པ་དག་གི་ཁོངས་ན་རྒྱུ་བ་ཡིན་ཏེ། བ་ནི་བ་སྦྲ་རྣམས་ཀྱི་ཡིན། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང་། །བླག་ཤ་ཡལ་ག་རྣམས་ཀྱི་བཞིན། །དེ་ནི་ལུས་ ཅན་ཀུན་གྱི་རྒྱུ། །ཞེས་བྱ་བར་མངོན་པར་ཞེན་ནོ། །གཙོ་བོ་རྒྱུར་སྨྲ་བ་དག་ཀྱང་ཚངས་པ་ལ་སོགས་པ་མྱུ་གུའི་མཐར་ཐུག་པ་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཅན་གྱི་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ནི་གཙོ་བོ་ཞེས་བྱ་བ་རང་བཞིན་ཡིན་པར་སེམས་སོ། །དེ་བཞིན་དུ་རྡུལ་ ཕྲན་རྒྱུར་འདོད་པ་དག་ཀྱང་ས་ལ་སོགས་པ་རྡུལ་ཕྲ་རབ་ཀྱིས་བརྩམས་པ་དག་ནི་རྫས་སུ་ཡོད་པ་ཡིན་ཏེ། རྡུལ་ཕྲ་རབ་གཉིས་པ་ལ་སོགས་པའི་རིམ་གྱིས་མངོན་པར་བསྒྲུབས་པའི་འབྱུང་བ་ཆེན་པོ་ལ་སོགས་པ་དག་གི་རྒྱུ་ནི་རྡུལ་ཕྲ་རབ་རྟག་པ་དག་ཡིན་པར་དམ་འཆའོ། །ཡང་ ཁ་ཅིག་ནི་ཁྱབ་འཇུག་ཅེས་བྱ་བ་རི་དང་ཤིང་དང་། ཆུ་དང་ས་དང་མེ་དང་རླུང་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་ནི་འགྲོ་བ་མ་ལུས་པའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཐམས་ཅད་ཀྱང་དབང་ཕྱུག་བཞིན་དུ་དཔྱད་ཅིང་དགག་ པར་ཡང་བྱ་སྟེ། དུས་ནི་འཇིག་རྟེན་བྱེད་པོ་མིན། །ལ་ལ་དགའ་བའི་རྒྱུ་ཡིན་ཕྱིར། །དཔེར་ན་དུས་ལ་དགའ་བྱེད་པའི། །བྱེད་པོ་དུས་ནི་མ་ཡིན་བཞིན། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་རྣམ་པ་ཐམས་ཅད་ དུ་སྐྱེ་བ་མེད་པའི་ཕྱིར་ལུང་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྐྱེ་བ་མེད་པའོ་ཞེས་གསུངས་པ་དང་། དེ་བཞིན་དུ། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །གཟོད་ནས་ཞི་དང་མ་སྐྱེས་དང་། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱེད་ཀྱིས་བསྟན། །ཞེས་གསུངས་པ་ 98-112a དང་། དེ་བཞིན་དུ། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །རྒྱུ་དང་རྐྱེན་རྣམས་ཁོ་ན་ལས། །འཇིག་རྟེན་ཡོད་པ་མི་སྐྱེ་ཞིང་། །མེད་དང་ཡོད་མེད་གང་ཡང་མེད། །ཅེས་གསུངས་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ། །མདོ་སྡེ་པ་དག་རྒྱུད་པའི་སྒོ་ནས་ཚད་མ་ཉེ་བར་ སྦྱོར་བར་བྱེད་པ་དག་ལ་བཤད་པ། གལ་ཏེ་ལྟ་བའི་མུན་སེལ་བ། །གང་ཕྱིར་སངས་རྒྱས་འབྱུང་དེའི་ཕྱིར། །དེ་བཞིན་སྐྱེ་མཆེད་སྐྱེ་འདོད་ན། །ལན་དུ་རུང་བ་མ་ཡིན་ནོ། །ཞེས་བྱ་བ་ལ་ལྟ་བ་དང་། མངོན་པར་ཞེན་པ་དང་། འཛིན་པ་ཞེས་བྱ་བ་དག་ནི་རྣམ་གྲངས་ཏེ་དྲུག་ཅུ་རྩ་གཉིས་ པོ་དག་གི་བྱེ་བྲག་དག་གོ། །ལྟ་བ་དག་ནི་མུན་པ་ཡིན་པས་ལྟ་བའི་མུན་པ་སྟེ། དེ་ཉིད་མཐོང་བ་ལ་གེགས་བྱེད་པའི་ཕྱིར་རོ། །ལྟ་བའི་མུན་པ་དེ་སེལ་བ་ནི་འདོར་བའོ། །ལྟ་བའི་མུན་པ་སེལ་བ་འབྲས་བུར་གྱུར་པ་དེ་ནི། གང་གི་ཕྱིར་སངས་རྒྱས་འབྱུང་བ་དེའི་ཕྱིར་ཡོད་པས། སངས་ རྒྱས་འབྱུང་བ་ནི་ལྟ་བའི་མུན་པ་སེལ་བ་དེའི་རྒྱུ་ཡིན་ནོ། །གང་གི་ཕྱིར་ད་ལྟ་ཡིན་པ་དེའི་ཕྱིར། འབྲས་བུ་ལྟ་བའི་མུན་པ་སེལ་བ་ཡོད་པའི་སྒོ་ནས། དེའི་རྒྱུ་སངས་རྒྱས་འབྱུང་བ་ཡང་ཡོད་པས་རྗེས་སུ་དཔག་པ་དེ་བཞིན་དུ་འབྲས་བུ་ཡུལ་ངེས་པར་འཛིན་པ་ཉེ་བར་དམིགས་པའི་ སྒོ་ནས། དེའི་རྒྱུ་སྐྱེ་མཆེད་རྣམས་སྐྱེ་བ་ཡང་ཡོད་པ་ཁོ་ན་ཡིན་ཏེ། དེའི་འབྲས་བུ་ཡུལ་ངེས་པར་འཛིན་པ་ཡོད་པའི་ཕྱིར་རོ། །འདི་ལྟར་ནམ་མཁའི་མེ་ཏོག་ལ་སོགས་པ་ཡོད་པ་མ་ཡིན་པ་དག་ལ་ནི་འབྲས་བུ་ཡང་མེད་ཀྱི། །སངས་རྒྱས་འབྱུང་བ་ཡོད་པ་ལ་ནི་འབྲས་བུ་ལྟ་བའི་མུན་ པ་སེལ་བ་དེ་ཡང་ཡོད་པ་དེ་བཞིན་དུ། སྐྱེ་མཆེད་རྣམས་ཡོད་པའི་འབྲས་བུ་ཡང་ཡུལ་ཉེ་བར་དམིགས་པ་ཡིན་པས་དེའི་ཕྱིར། སྐྱེ་མཆེད་རྣམས་སྐྱེ་བ་ཡོད་པར་འདོད་དོ་ཞེས་སྒྲུབ་པར་བྱེད་ན་དེ་ལ་སློབ་དཔོན་གྱིས་བཤད་པ། ཕ་རོལ་པོས་སྨྲས་པ་དེ་ནི་ལན་དུ་རུང་བ་མ་ཡིན་ནོ་ ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། དུས་མེད་སྐྱེ་བ་ཡོད་མིན་ན། །གང་ལ་ལྟ་བ་གང་ཞིག་འདོད། །ཅེས་བྱ་བ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་པོ་རྣམས་ལས་བཅུ་དྲུག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ལ། བཞི་བཅུ་རྩ་བཞི་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན། ལྟ་བ་གཉིས་ནི་ད་ལྟར་བ་ལ་ 98-112b བརྟེན་པ་ཡིན་ན། དེ་ཡང་དུས་གསུམ་པོ་དག་གི་སྐྱེ་བ་བཀག་པས་དུས་མེད་ཅིང་དུས་ཀྱི་སྐྱེ་བ་ཡོད་པ་མ་ཡིན་ན། མུ་སྟེགས་ཅན་མ་སྐྱེས་པ་གང་ལ་འཇིག་རྟེན་རྟག་པ་ཞེས་པ་ལ་སོགས་པའི་ལྟ་བ་མ་སྐྱེས་པ་གང་ཞིག་བསལ་བས་སངས་རྒྱས་འབྱུང་བ་མེད་པ་པོ་ཉིད་ཡིན་པར་འགྱུར་ བ་ཡོད་པར་འདོད། གལ་ཏེ་དེ་ལྟ་ན་ལྟ་བ་ཉིད་ཀྱང་མེད་པས་དེ་སེལ་བ་ཡང་མེད་ན། སངས་རྒྱས་འབྱུང་བ་ནི་བྱེད་པ་པོ་ཉིད་མ་ཡིན་པར་ཐལ་བར་འགྱུར་བས་བྱེད་པ་པོ་ཉིད་ནི་མེད་པ་ཉིད་མ་ཡིན་ནོ་ཞེ་ན། བཤད་པ། དེ་ཡོད་མ་ཡིན་རྟོགས་བྱའི་ཕྱིར། །སངས་རྒྱས་འབྱུང་བ་བྱེད་པོ་ ཉིད། །ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལྟ་བར་གྱུར་པ་དེ་དག་བཏགས་པ་ཙམ་ཉིད་དུ་རང་གིས་ཐུགས་སུ་ཆུད་ནས་གཞན་དག་ལ་ཡང་གོ་བར་མཛད་པས་དེའི་ཕྱིར་ལྟ་བ་དེ་ཡོད་པ་མ་ཡིན་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར། སངས་རྒྱས་འབྱུང་བ་ནི་ཀུན་རྫོབ་ཏུ་བྱེད་པ་པོ་ཉིད་དུ་སྟོན་ཏེ། སངས་རྒྱས་འབྱུང་བ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་རྒྱུ་དང་རྐྱེན་དུ་མ་ཚོགས་པ་ལས་འབྱུང་བའི་ཕྱིར་ཀུན་རྫོབ་ཡིན་གྱི། དོན་དམ་པ་པ་མ་ཡིན་པས་ཁྱོད་ཀྱི་དཔེ་ཡང་མེད་ལ། དེའི་འབྲས་བུ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱང་ཀུན་རྫོབ་ཡིན་པའི་ཕྱིར་དོན་ འགལ་བ་ཉིད་དོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ལྟ་བའི་མུན་པ་བསལ་བ་མཛད་དུ་ཟིན་ཀྱང་། སྡེ་པ་གཞན་དག་དོན་དམ་པར་རྟག་པ་དང་ཆད་པའི་མཐའ་ཉིད་ལས་གྲོལ་བ་མེད་དོ། །གང་གི་ཕྱིར་ཞེ་ན། གཅིག་དང་ཐ་དད་པ་དང་གཉི་ག་ཉིད་ཀྱིས་བརྟག་མི་བཟོད་པའི་ཕྱིར་རོ། །ཇི་ལྟ་ ཞེ་ན། གལ་ཏེ་ལྷ་དང་ལྷ་མིན་གཅིག །དེས་ན་ཇི་ལྟར་རྟག་མི་འགྱུར། །གལ་ཏེ་ལྷ་དང་ལྷ་མིན་གཞན། །ཇི་ལྟར་ཆད་པར་མི་རིགས་འགྱུར། །ཞེས་བྱ་བ་ནི་ལྷ་ལས་ལྷ་མ་ཡིན་སྦྱིན་བྱེད་མའི་བུའམ་མི་ལ་སོགས་པ་གཞན་ཡིན་པ་དེ་གང་གི་ཚེ་ལྷ་མ་ཡིན་གྱི་ཕུང་པོ་དག་ཡོངས་སུ་བཏང་སྟེ། ལྷའི་ འགྲོ་བར་སྐྱེ་བའི་ཚེ་ན་ཅི་དེ་སྔོན་གྱི་ཕུང་པོ་རྣམས་དང་གཅིག་པ་ཉིད་ཡིན་ནམ། འོན་ཏེ་ཐ་དད་པ་ཉིད་ཡིན་གྲང་ན། གལ་ཏེ་གཅིག་པ་ཉིད་ཡིན་ན་ནི་དེས་ན་ཇི་ལྟར་རྟག་པ་ཉིད་དུ་མི་འགྱུར་ཏེ། ཕུང་པོ་སྔ་མ་དང་ཕྱི་མ་གཅིག་པ་ཉིད་ཡིན་པས་ཁྱད་པར་ཡོད་པར་མི་འཐད་པའི་ཕྱིར་རོ། །གལ་ཏེ་ལྷ་དང་ལྷ་ 98-113a མ་ཡིན་ཐ་དད་པ་ཉིད་ཡིན་ན་ནི་ཇི་ལྟར་ཆད་པར་མི་འགྱུར་ཏེ། ཕུང་པོ་སྔ་མ་མར་མེ་ལ་སོགས་པ་བཞིན་དུ་འགགས་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་རེ་ཞིག་ལྷ་མ་ཡིན་དང་ལྷ་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། ལྷ་མ་ཡིན་གྱི་ཕུང་པོའི་རྒྱུ་ལས་ལྷའི་ཕུང་ པོ་མངོན་པར་གྲུབ་པའི་ཕྱིར་རོ། །གཅིག་པ་ཉིད་ཀྱང་མ་ཡིན་ཏེ། །གཟུགས་ལས་ཐ་དད་པའི་ཕྱིར་རོ། །འོན་ཀྱང་བུམ་པ་བཞིན་དུ་གཅིག་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། དཔེར་ན་བུམ་པ་དང་འཇིམ་པའི་གཟུགས་ལ་སོགས་པ་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་ པར་བྱ་བ་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་སེམས་ན་བཤད་པ། བརྗོད་མིན་བུམ་པ་བཞིན་ན་ཡང་། །ཆད་པ་ཇི་ལྟར་སྤོང་བར་འགྱུར། །ཞེས་བྱ་བ་ནི་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། བུམ་པ་དང་འཇིམ་པ་དང་གཟུགས་ལ་སོགས་པ་བཞིན་ན་ཡང་གང་གི་ཚེ་ བུམ་པ་རབ་ཏུ་ཞིག་པར་གྱུར་པ་དེའི་ཚེ་ན་ཆད་པ་ཇི་ལྟར་སྤོང་བར་འགྱུར་ཏེ། ངོ་བོ་ཉིད་དེ་ཉིད་ཀྱིས་ཡང་སྐྱེ་བ་མེད་པའི་ཕྱིར་རོ། ཅི་སྟེ་ཡང་འདི་སྙམ་དུ་ལྷ་མ་ཡིན་གྱི་ཕུང་པོ་སྔ་མའི་རྒྱུ་ལས་བྱུང་བའི་ཕྱིར་དང་། ལྷས་ལྷའི་ཕུང་པོ་ཡོངས་སུ་འཛིན་པའི་ཕྱིར་གཉི་གའི་བདག་ཉིད་ཡིན་པར་སེམས་ ན། བཤད་པ། ཡིན་དང་མ་ཡིན་ཉིད་ཡིན་ཡང་། །མྱ་ངན་འདས་ཚེ་གཅིག་འདའ་མེད། །ཅེས་བྱ་བ་ནི་རྣམ་པ་གཉིས་སུ་སྨྲར་ཟིན་ཀྱང་མྱ་ངན་ལས་འདས་པའི་དུས་ན་ཕུང་པོའི་རྒྱུན་ཆད་པས་ཆད་པའི་མཐའ་གཅིག་ལས་འདའ་བ་མེད་དེ་ཆད་པ་ཁོ་ནར་འགྱུར་རོ། །གཞན་ཡང་། གལ་ཏེ་འགགས་པ་སྐྱེ་འགྱུར་ན། །དེས་ན་ཇི་ལྟར་རྟག་མ་ཡིན། །འགགས་པ་སྐྱེ་བ་མེད་གྱུར་ན། །ཇི་ལྟར་ཆད་སྨྲ་ཉིད་མ་ཡིན། །ཞེས་བྱ་བ་ནི། ལྷ་མ་ཡིན་འགགས་པ་གང་ཡིན་པ་དེ་ལྷའི་ཕུང་པོ་དག་ཏུ་སྐྱེ་བ་ན་ཅི་སྟེ་སྐྱེའམ་འོན་ཏེ་མི་སྐྱེ། གལ་ཏེ་སྐྱེ་བར་གྱུར་ན་ནི་དེས་ན་ཇི་ལྟར་རྟག་པ་མ་ ཡིན་ཏེ། འགགས་པར་གྱུར་ཀྱང་ཡང་སྐྱེ་བའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་མེད་པར་གྱུར་ན་ནི། ཇི་ལྟར་ཆད་པར་སྨྲ་བ་ཉིད་མ་ཡིན་ཏེ། ལྷ་མ་ཡིན་གྱི་ཕུང་པོ་འགགས་པ་གཏན་དུ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་རྒྱུན་ངེས་པར་གནས་པ་ལ་གང་གི་ཕྱིར་ཕུང་པོ་སྔ་མ་འགགས་པའི་ 98-113b ཕྱིར། རྟག་པ་ཉིད་མ་ཡིན་ལ་གང་གི་ཕྱིར་ཕུང་པོ་ཕྱི་མ་སྐྱེ་བའི་ཕྱིར་ནི་ཆད་པ་ཉིད་མ་ཡིན་པར་སེམས་ན། བཤད་པ། རྒྱུན་ནི་རྫས་སུ་མེད་པའི་ཕྱིར། །རྟག་ཆད་དེ་དག་ག་ལ་ཡོད། །ཅེས་བྱ་བ་ནི། སྐད་ཅིག་མ་སྔ་མ་དང་ཕྱི་མ་འགགས་པ་དང་། སྐྱེ་བས་མཚོན་པའི་རྒྱུན་ནི་རྫས་ སུ་ཡོད་པ་མ་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་ཡང་རྟག་པ་མེད་པ་དང་། ཆད་པ་མེད་པར་ཐ་སྙད་གདགས་སུ་རུང་ངོ་། །དོན་དམ་པར་ནི་འདུ་བྱེད་ཀྱི་ཚོགས་གང་འགགས་པ་དེ་ནི་སྐྱེ་བ་དང་མཚམས་སྦྱོར་བ་མེད་ལ། འདུ་བྱེད་ཀྱི་ཚོགས་གང་སྐྱེ་བ་དེ་ནི་འགགས་པ་དང་མཚམས་སྦྱོར་བ་མེད་ པས། དེ་ལ་དེ་གཉིས་མ་གཏོགས་པར་གང་ལ་རྟག་པ་དང་། ཆད་པ་གཉིས་མེད་པས་རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པར་ཐ་སྙད་གདགས་སུ་རུང་བའི་དངོས་པོ་རྫས་སུ་གྱུར་པར་ཡོད་པ་དེ་ལྟ་བུ་ཡང་ཡོད། དེ་མེད་ཕྱིར་ན་མ་སྐྱེས་ལ། །རྟག་མེད་ཆད་མེད་རིགས་པ་ཡིན། ། ཞེས་བྱ་བ་ནི་དངོས་པོ་སྐྱེས་པ་ཡུན་རིང་དུ་ངེས་པར་གནས་པའི་ཚུལ་ཅན་ཉིད་ནི་རྟག་པ་ཉིད་ཡིན་ལ། སྐྱེས་པ་ཉིད་རབ་ཏུ་ཞིག་པ་ནི་ཆད་པ་ཡིན་ལ། གང་མ་སྐྱེས་པ་དེ་ནི་རྟག་པ་ཉིད་དུ་ཡང་མི་འགྱུར་ལ། ཆད་པ་ཉིད་དུ་ཡང་མི་འགྱུར་བས། དེའི་ཕྱིར་ཁོ་བོ་ཅག་འདོད་པ་ལྟར་དོན་དམ་པར་ སྐྱེ་བ་མེད་པ་ཉིད་དུ་གྲུབ་པ་ལ་ནི་རྟག་པ་མེད་པ་དང་ཆད་པ་མེད་པ་ཉིད་དུ་རིགས་ཀྱི་ཁྱེད་འདོད་པའི་རྒྱུན་ལ་ནི་མི་རིགས་སོ། །ཡང་རང་གི་སྡེ་པ་དག་རྣམ་པ་གཞན་གྱིས་ཕྱིར་ཟློག་པར་བྱེད་པ་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། གལ་ཏེ་སྡུག་བསྔལ་མི་བསྐྱེད་ཕྱིར། །སངས་རྒྱས་རྣམས་ ནི་ཆོས་སྟོན་པས། །དེ་ཕྱིར་དེ་ཡི་འབྲས་ཡོད་ཕྱིར། །སྐྱེ་བ་ཡོད་པར་འདོད་ཅེ་ན། །ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་བསམ་པ་ལ་བརྟགས་ནས་ཕྱོགས་སྔ་མ་ཉེ་བར་གཞག་པ་ཡིན་ཏེ། སྡུག་བསྔལ་ཞེས་བྱ་བའི་ཕུང་པོ་ལྔ་ནི་སྐྱེ་བ་ཡོད་པ་ཁོ་ན་ཡིན་ཏེ། དེ་མི་བསྐྱེད་པའི་ཕྱིར། བཅོམ་ ལྡན་འདས་ཀྱིས་ཆོས་བསྟན་པ་ཡོད་པའི་ཕྱིར་རོ། །འདི་ནི་གང་ཡོད་པ་མ་ཡིན་པ་དེ་ལ་ནི་དེ་མི་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མ་མཛད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །གང་སྡུག་བསྔལ་དེ་ཡོད་པ་ལ་ནི་དེ་མི་བསྐྱེད་པའི་ཕྱིར། བཅོམ་ལྡན་ 98-114a འདས་ཀྱིས་ལམ་ཞེས་བྱ་བའི་ཆོས་བསྟན་པར་ཡང་མཛད་དེ། དེ་ཡང་ཐོས་པ་དང་། བསམ་པ་དང་། བསྒོམ་པ་དང་། གོམས་པར་བྱས་པའི་དགྲ་བཅོམ་པ་ལ་སོགས་པ་དག་གི་ཕུང་པོ་སྐྱེ་བ་མེད་པའི་འབྲས་བུ་དང་ལྡན་པར་མཐོང་བས་དེའི་ཕྱིར་ཆོས་བསྟན་པ་ དེའི་འབྲས་བུ་ཡོད་པའི་ཕྱིར། སྡུག་བསྔལ་སྐྱེ་བ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ལན་དུ་བཤད་པ། གལ་ཏེ་ཁྱེད་དེ་ལྟར་སྡུག་བསྔལ་སྐྱེ་བ་ཡོད་པར་འདོད་ན། གལ་ཏེ་དེ་ནི་སྐྱེ་འདོད་ན། །དེ་ནི་སྔར་བཞིན་སྐྱེ་མེད་ཕྱིར། །སྐྱེ་བ་མེད་པ་དེའི་འབྲས་མིན། །དེ་ཡོངས་ཤེས་པ་དེ་ འབྲས་ཡིན། །ཞེས་བྱ་བ་ནི་བསྟན་བཅོས་ཉིད་དུ་ཁོ་བོས་སྔར་སྡུག་བསྔལ་དེ་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྟན་ཟིན་པས་སྐྱེ་བ་མེད་པ་ནི་ཆོས་བསྟན་པ་དེའི་འབྲས་བུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྡུག་བསྔལ་ཡོངས་སུ་ཤེས་པ་ཞེས་བྱ་ བ་ནི་སྡུག་བསྔལ་དེ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་གང་ཡིན་པ་སྟེ། དེ་ཉིད་ཆོས་བསྟན་པའི་འབྲས་བུ་ཡིན་པས་སྐྱེ་བར་བཏགས་པས་ཅི་ཞིག་བྱ། སྡུག་བསྔལ་དེ་ཇི་ལྟར་སྐྱེ་བ་མེད་པར་ཡོངས་སུ་ཤེས་པར་བྱ་ཞེ་ན། དེས་ནི་བདག་གིས་བྱས་མི་རིགས། །དེ་ཉིད་ཀྱིས་དེ་མ་ བྱས་ཕྱིར། །གཞན་གྱིས་བྱས་པར་མི་འདོད་དེ། །གཞན་གྱིས་གཞན་བྱེད་འགལ་བའི་ཕྱིར། །ཞེས་བྱ་བ་ནི་རེ་ཞིག་སྡུག་བསྔལ་དེ་ནི་སྡུག་བསྔལ་དེ་ཉིད་ཀྱིས་མི་བྱེད་དེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར། དཔེར་ན་ལམ་དེ་ཉིད་དུ་ལམ་དེ་ཉིད་མི་འགྲོ་བ་དང་། སོར་མོའི་ རྩེ་མོ་དེ་ཉིད་ལ་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་རེག་པར་མི་བྱེད་པ་བཞིན་ནོ། །སྡུག་བསྔལ་དེ་ཡང་དག་པར་ན་སྡུག་བསྔལ་གྱི་རྒྱུ་གཞན་གྱིས་ཀྱང་མི་བྱེད་དེ། གཞན་གྱིས་གཞན་བྱེད་པ་འགལ་བའི་ཕྱིར། དཔེར་ན་འབྲས་སཱ་ལུའི་ས་བོན་གྱིས་ནས་ཀྱི་མྱུ་གུ་མི་བྱེད་པ་དང་། ནས་ཀྱི་ས་ བོན་གྱིས་ཀྱང་འབྲས་སཱ་ལུའི་མྱུ་གུ་མི་བྱེད་པ་བཞིན་ནོ། །གཞན་ཡང་། སྡུག་བསྔལ་རང་རྒྱུད་སྐྱེ་མི་འདོད། །སེམས་ཅན་ལ་སོགས་མེད་ཕྱིར་དང་། །རྫས་མེད་ཕྱིར་དང་དབྱེར་མེད་ཕྱིར། །སྡུག་བསྔལ་དེ་ལ་རྒྱུད་ཀྱང་མེད། །ཅེས་བྱ་བ་ནི། ཅི་སྟེ་སྡུག་བསྔལ་དེ་སུས་ཀྱང་ 98-114b མ་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་། རང་གི་རྒྱུད་ལས་སྐྱེས་པས་སྡུག་བསྔལ་ནི་རང་གི་རྒྱུད་ལས་སྐྱེས་པར་སེམས་ན། རྒྱུད་དེ་ལ་སེམས་ཅན་ལ་སོགས་པས་སྟོང་པའི་ཕྱིར་སྡུག་བསྔལ་དེ་སུའི་ཡིན་པར་འགྱུར། སེམས་དང་སེམས་ལས་བྱུང་བ་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་ པོར་འབྲེལ་བའི་རྒྱུད་ལ་རྒྱུད་ཅེས་བྱ་ན་རྒྱུད་དེ་ལ་ཡང་སྐད་ཅིག་མ་སྔ་མ་འགག་པ་ན་སྐད་ཅིག་མ་ཕྱི་མ་ཕྱི་མ་སྐྱེ་བའི་ཕྱིར་མར་མེའི་འོད་སྐྱེ་བ་དང་འགག་པ་བཞིན་ནམ། ཆུ་ལས་རླབས་འབྱུང་བ་དང་། འཇིག་པ་བཞིན་པས་རྫས་སུ་ངེས་པར་གནས་པ་མེད་པའི་ཕྱིར་དང་། དབྱེར་མེད་ པའི་ཡང་ཕྱིར་ཏེ། སྡུག་བསྔལ་དང་སྡུག་བསྔལ་ཅན་ལ་འདིའི་རྒྱུད་ལ་སྡུག་བསྔལ་འདི་ཡོད་དོ་ཞེས་ཐ་དད་པ་དབྱེར་མེད་པའི་ཕྱིར་དོན་དམ་པར་ན་རྒྱུད་ལ་ཡང་སྡུག་བསྔལ་དེ་ཡོད་པ་མ་ཡིན་ཏེ། དེ་ལྟར་སྡུག་བསྔལ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ནི་ཆོས་བསྟན་པའི་འབྲས་ བུ་ཡིན་གྱི་སྐྱེ་བ་མེད་པར་ནི་འབྲས་བུ་མ་ཡིན་ནོ། །ཅི་སྟེ་ཡང་སྡེ་པ་གཞན་དག་ཕྱིར་ཟློག་པར་བྱེད་ན། མིག་ལ་སོགས་པ་འདུ་བྱེད་རྣམས་ནི་སྐྱེ་བ་དང་ལྡན་པ་ཉིད་ཡིན་ཏེ། སེམས་ཅན་གྱི་མིང་དུ་བརྗོད་པའི་ཕྱིར། །སངས་རྒྱས་བཞིན་ནོ་ཞེ་ན། དེ་དག་ལ་འདི་སྐད་ཅེས་བརྗོད་པར་ བྱ་སྟེ། གལ་ཏེ་མིག་སོགས་འདུ་བྱེད་རྣམས། །དེ་ཉིད་དུ་ན་སྐྱེ་ཅན་དེ། །སེམས་ཅན་མིང་དུ་བརྗོད་པའི་ཕྱིར། །སངས་རྒྱས་བཞིན་དུ་སྒྲུབ་བྱེད་ན། །ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་གཞག་པ་ཉིད་ཡིན་ནོ། །དེའི་ལན་ནི་འདི་ཡིན་ཏེ། ངེས་ལ་སངས་རྒྱས་སྐྱེ་ཆོས་མིན། །དེ་ ཕྱིར་དེ་ཡོད་མ་ཡིན་ལ། །དེ་བཞིན་དེ་སྐྱེ་ཡོད་མིན་ཏེ། །བདག་བཞིན་སྒྱུ་མ་བཞིན་འབྱུང་ཡོད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཡང་མ་སྐྱེས་པས་ཁྱོད་ཀྱི་དཔེ་མེད་དོ། །དེའི་ཕྱིར་འདི་སྐད་ཅེས་སྨྲ་བར་ནུས་ཏེ། དེ་བཞིན་ གཤེགས་པ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། སྐུ་དང་གཅིག་གམ་ཐ་དད་པར་དམིགས་སུ་མེད་པའི་ཕྱིར་བདག་དང་སེམས་ཅན་དང་གང་ཟག་ལ་སོགས་པ་བཞིན་ནོ། །འོ་ན་གང་ཟག་གཅིག་སྐྱེ་བ་ན་སྐྱེའོ་ཞེས་མ་གསུངས་སམ་ཞེ་ན། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བའི་ཕྱིར་ཡང་ 98-115a དག་པ་མ་ཡིན་པའི་བདག་ཉིད་དུ་སྣང་སྟེ། སངས་རྒྱས་ཀྱང་མཚན་གྱི་བདག་ཉིད་ཀྱིས་སྒྱུ་མ་བཞིན་དུ་འབྱུང་བ་ནི་ཡོད་པར་འདོད་དེ། ཀུན་རྫོབ་པ་ཡིན་པས་འཇིག་རྟེན་གྱི་ཐ་སྙད་དུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཞེས་གདགས་པར་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཉིད་ལུང་དང་རིགས་པས་བསྒྲུབ་པར་བྱ་སྟེ། གཟུགས་ནི་ཡང་དག་ཉིད་དུ་ན། །སངས་རྒྱས་མ་ཡིན་རྟོགས་བྱའི་ཕྱིར། ། འཁོར་ལོས་སྒྱུར་བཞིན་རྣམ་ཤེས་མིན། །རང་གཞན་སྣང་ཕྱིར་མིག་འཕྲུལ་བཞིན། །ཞེས་བྱ་བ་ནི་འདི་ལ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་གཟུགས་སངས་རྒྱས་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པ་རང་དང་ཡུལ་གྱི་ངོ་བོ་ཉིད་གཉིས་སུ་སྣང་བར་གྲགས་པ་སངས་རྒྱས་ཡིན་ པར་འདོད་གྲང་ན། གཉི་ག་ཡང་ཡང་དག་པ་ཉིད་དུ་ན་ཡོད་པ་མཡིན་ཏེ། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་འཁོར་ལོས་སྒྱུར་བ་ལ་ཡང་ཡོད་པའི་ཕྱིར་དང་། མིག་འཕྲུལ་གྱི་ཤེས་པ་ནི་རྣམ་པར་རྟོག་པ་མེད་པའི་ཆ་དག་ལ་ཡང་ཡོད་པའི་ཕྱིར་རོ། །དེ་བཞིན་དུ། ཕུང་པོ་གཟུགས་ཅན་སངས་ རྒྱས་མིན། །ཕུང་པོས་བསྡུས་པ་ཡིན་འདོད་ཕྱིར། །སྐྱེ་འཇིག་ཆོས་ཅན་ཡིན་ཕྱིར་དང་། །ཤེས་བྱ་ཡིན་ཕྱིར་གཟུགས་བཞིན་ནོ། །ཞེས་བྱ་བ་ནི་འདི་ལྟར། བཅོམ་ལྡན་འདས་ལ་ཡང་འཁྲུངས་པའི་ཚེ་ན་སྐྱེ་བ་ཡོད་ལ། མྱ་ངན་ལས་འདས་པའི་ཚེ་ན་འཇིག་པ་ཡང་ཡོད་ཅིང་། སྐད་ ཅིག་མའི་རྒྱུན་ལ་ཡང་འབྱུང་བ་དང་འཇིག་པའི་སྐད་ཅིག་མ་དག་ཡོད་པའི་ཕྱིར་དང་། མིག་ལ་སོགས་པའི་ཡུལ་ཡིན་པས་ཤེས་བྱ་ཉིད་ཡིན་པའི་ཕྱིར་དང་། རྣལ་འབྱོར་པ་དག་གིས་བསྒོམས་པས་མཐོང་བའི་ཡང་ཕྱིར་རོ། །སྐུ་ནི་སངས་རྒྱས་ཡིན་མི་རིགས། །དེ་ཞིག་འཇིག་པའི་སྐྱོན་ཕྱིར་དང་། ། གཞན་གྱི་མཚན་ཉིད་མེད་པའི་ཕྱིར། །བདག་བཞིན་དེ་ནི་ག་ལ་ཡོད། །ཅེས་བྱ་བ་ནི་ཕུང་པོ་དག་ཉིད་ནི་སངས་རྒྱས་མ་ཡིན་ཏེ། ཕུང་པོ་ཞིག་པ་ན་སངས་རྒྱས་ཀྱང་འཇིག་པར་ཐལ་བར་འགྱུར་བའི་ཕྱིར། མར་མེ་ཞིག་པ་ན་འོད་ཀྱང་འཇིག་པར་འགྱུར་བ་བཞིན་ནོ། །ཕུང་པོ་རྣམས་ལས་གཞན་ལ་ཡང་། ། 98-115b སངས་རྒྱས་ཡོད་པ་མ་ཡིན་ཏེ། །ཕུང་པོའི་མཚན་ཉིད་ལས་ལོགས་ཤིག་ན་དམིགས་སུ་མེད་པའི་ཕྱིར་བདག་ལ་སོགས་པ་བཞིན་ནོ། །བརྗོད་མིན་རྫས་མེད་མི་འདོད་དེ། །སྔ་མ་བཞིན་དུ་བསལ་བའི་ཕྱིར། །བུམ་པ་བཞིན་དུ་བརྗོད་མིན་ན། །དེ་ནི་ཇི་ལྟར་སངས་རྒྱས་འདོད། །ཅེས་བྱ་བ་ ནི་ཕུང་པོ་རྣམས་ཉིད་ཀྱང་སངས་རྒྱས་མ་ཡིན་ལ། ཕུང་པོ་རྣམས་ཉིད་ལས་གཞན་པ་ཉིད་ཀྱང་སངས་རྒྱས་མ་ཡིན་ཏེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན་ཡང་། དེ་ནི་དངོས་པོ་མ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་པ་ཉིད་དང་། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་བུམ་པ་ བཞིན་དུ་སངས་རྒྱས་ཆད་པར་འགྱུར་ཏེ། སྔ་མ་བཞིན་དུ་བསལ་བའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱང་རིགས་པ་དང་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱང་སྐྱེ་བ་མེད་པ་ཉིད་དུ་བསྟན་ཏོ། །དེའི་ཕྱིར་ལུང་ལས། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་ བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་ཆོས་རྣམས་མེད་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་མེད་ཀྱང་། །འཇིག་རྟེན་ ཀུན་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་གསུངས་པ་དང་དེ་བཞིན་དུ་འཇམ་དཔལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་གསུངས་པ་ལ་སོགས་པ་དེ་དག་ཀྱང་གྲུབ་པ་ཡིན་ནོ། །ཅི་སྟེ་ཡང་འདི་སྙམ་དུ་སྐྱེ་མཆེད་རྣམས་ནི་སྐྱེ་བ་ཡོད་པ་ ཁོ་ན་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་མཐོང་བས། །ཆོས་དང་སངས་རྒྱས་མཐོང་བའི་ཕྱིར། །རྨི་ལམ་གྱི་གླང་པོ་ཆེ་ཡོད་པ་མ་ཡིན་པ་མཐོང་བས་ནི། ཆོས་དང་སངས་རྒྱས་མཐོང་བར་མ་གསུངས་སོ། །འདི་སྐད་ཅེས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། ། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་ནི་གསུངས་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀྱི་སྐྱེ་མཆེད་རྣམས་ནི་སྐྱེ་བ་ཡོད་པ་ཁོ་ནར་སེམས་ན། འདིར་བཤད་པ། རྟེན་ཅིང་འབྲེལ་པར་འབྱུང་མཐོང་བས། །ཆོས་དང་སངས་རྒྱས་མཐོང་བའི་ཕྱིར། །སྐྱེ་ 98-116a མཆེད་སྐྱེ་ཡོད་མི་འདོད་དེ། །སྔ་མ་བཞིན་དུ་བསལ་ཕྱིར་རོ། །ཞེས་བྱ་བ་ནི་བསྟན་བཅོས་འདི་ཉིད་ཀྱི་དང་པོར་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྟན་པས་སྐྱེ་བ་ཡོད་པ་དང་མེད་པ་དང་གཉི་ག་དང་། གཞན་ལ་སོགས་པར་བརྟག་མི་བཟོད་པར་བསལ་ ཟིན་པའི་ཕྱིར་ཇི་ལྟར་དེ་མཐོང་བས་ཆོས་དང་སངས་རྒྱས་མཐོང་བ་ཡོད་པར་འགྱུར། དོན་དེ་ཉིད་ཀྱང་བརྟག་པར་བྱ་སྟེ། བདག་དང་གཞན་གཉིས་རྒྱུ་མེད་མིན། །ཡོད་མེད་རྟག་དང་མི་རྟག་མིན། །གཞན་དང་གཞན་མིན་སྐྱེ་མེད་པས། །རྟག་དང་ཆད་པ་རྣམ་པར་སྤངས། །སྐྱེ་བ་ཡོད་མིན་མེད་པ་མིན། ། ཡོད་མེད་མ་ཡིན་དེ་གང་ན། །དེ་མཐོང་སྟོན་པ་མཐོང་འགྱུར་བ། །ཇི་ལྟ་བུར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་དོན་དམ་པར་སྐྱེ་བ་གྲུབ་ན་ནི་དེ་མཐོང་བས་ཆོས་དང་སངས་རྒྱས་མཐོང་བར་ཡང་འགྱུར་གྲང་ན། ཇི་སྐད་བསྟན་པའི་ཚུལ་གྱིས་སྐྱེ་བ་དེ་ཉིད་བསྟན་པར་དཀའ་ན་དེ་ཉིད་དུ་དེ་མཐོང་བ་ག་ལ་ཡོད་དེ་ མཐོང་བ་ཡོད་པ་མ་ཡིན་ན་ཆོས་དང་སངས་རྒྱས་མཐོང་བར་ཡོད་རེ་སྐན། དེ་ཕྱིར་ངོ་བོ་ཉིད་སྨྲའི་ཚིག །འདོད་པ་རྣམ་པར་ཉམས་པ་ཡིན། །ཞེས་བྱ་བ་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་རྣམས་མཐོང་བ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །སྨྲས་པ། ཅི་རྟེན་ཅིང་འབྲེལ་པར་ འབྱུང་བ་མེད་པ་ཁོ་ན་ཡིན་ཞིང་དེ་མ་མཐོང་བས་ཆོས་དང་སངས་རྒྱས་མཐོང་བ་ཡང་མེད་པ་ཁོ་ན་ཡིན་ནམ་ཞེ་ན། བཤད་པ། གང་ལ་སྐྱེ་བ་སྒྱུ་མ་ཡི། །སྐྱེ་བ་ཡོད་པ་དེ་ལ་རུང་། །ཅི་ཞིག་རུང་ཞེ་ན། སྨྲས་པའི་ཉེས་པའི་དྲི་བསལ་བས། །དམ་ཆོས་སྒྲོན་མ་རབ་བསྟན་ཕྱིར། །མཛད་པས་ཕན་ཐོགས་ ཚུལ་གྱིས་ནི། །ཀུན་རྫོབ་ཏུ་ནི་སངས་རྒྱས་མཐོང་། །ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པར་སྨྲ་བའི་སྐྱོན་རྣམས་ཉིད་དྲི་མ་སྟེ། དེ་བསལ་ཞིང་བྲལ་བར་བྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་དམ་པའི་ཆོས་ཀྱི་སྒྲོན་མ་གཏི་མུག་གི་མུན་པ་འཇོམས་པ་ཇི་སྐད་བསྟན་པ་གང་ཡིན་པ་དེ་རབ་ཏུ་བསྟན་པའི་ཕྱིར་མཛད་པས་ཕན་འདོགས་པའི་ཚུལ་གྱིས་ཀུན་རྫོབ་ཏུ་སངས་རྒྱས་མཐོང་བར་རུང་ངོ་། །གང་གི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་པའི་བདག་ཉིད་ངོ་བོ་ཉིད་མེད་པ་ཀུན་རྫོབ་པའི་ཤེས་པས་མཐོང་ན་དེ་དང་ཐ་མི་དད་པའི་ཆོས་མཚན་དང་དཔེ་བྱད་བཟང་པོ་དང་། 98-116b སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་འདུས་པའི་ངོ་བོ་ཉིད་མེད་པའི་སངས་རྒྱས་ཀྱང་མཐོང་བར་འགྱུར་བའི་ཕྱིར་རོ། །འོ་ན་དེ་ཉིད་དོན་དམ་པར་མཐོང་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཇི་ལྟ་ཞེ་ན། བཤད་པ། དེ་ནི་དེ་ཉིད་མཐོང་མིན་ཏེ། །སྒྱུ་ འདྲ་ཡང་དག་མ་ཡིན་ཕྱིར། །ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ཡང་དག་པར་རྣམ་པར་དཔྱད་ན་རྒྱུ་རྐྱེན་ཚོགས་པ་ཐ་དད་པ་དག་ལ་དངོས་པོར་དམིགས་སུ་མེད་པའི་ཕྱིར། སྒྱུ་མ་བྱས་པ་དང་འདྲ་བས་མཐོང་བ་མེད་པ་ཉིད་མཐོང་བ་ཞེས་ཐ་སྙད་གདགས་པ་དེ་ཡང་ཀུན་རྫོབ་ཡིན་ནོ། །དེ་ཡང་། རབ་ཏུ་རྟག་མིན་རྣམ་ཤེས་མིན། །བརྟག་བྱ་མ་ཡིན་དཔེ་མེད་པ། །མཚན་མ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །ལྟ་བའི་བློ་ཡིས་རྟོགས་བྱ་བ། །མཐོང་བ་མེད་པས་དེ་མཐོང་ཡིན། །ཞེས་བྱ་བ་ལ་རབ་ཏུ་བརྟག་མིན་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་ནི་སྔར་ཕྱག་ འཚལ་བའི་ཚིག་ལེའུར་བྱས་པ་དག་གི་སྐབས་སུ་བཤད་པ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ལྟ་བའི་བློ་ཡིས་རྟོགས་བྱ་བ། །ཞེས་བྱ་བ་ནི་རབ་ཏུ་སྤྱོད་པ་མེད་པའི་ཚུལ་གྱིས་རབ་ཏུ་སྤྱོད་པའི་མཚན་ཉིད་ཀྱི་བློས་རྟོགས་པར་བྱ་བ་ཆོས་ཀྱི་དེ་ཉིད་སོ་སོར་རང་གིས་རིག་པར་བྱ་བ་ཐུབ་པའི་ཡུལ་གྱི་དངོས་པོར་ཡང་མི་འགྱུར་བ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བ་མེད་པ་དེ་མཐོང་བ་ཡིན་ནོ་ཞེས་མཐོང་བ་མེད་པ་ཉིད་མཐོང་བའོ་ཞེས་ཉེ་བར་གདགས་ཏེ། ཇི་སྐད་དུ་མཐོང་བ་མེད་པ་དེ་ཉིད་མཐོང་བའོ་ཞེས་གསུངས་པ་ལྟ་བུའོ། །སྐྱེ་བ་དགག་པ་ཇི་སྐད་བསྟན་ པ་དག་གི་མཇུག་སྡུད་པར་བྱེད་པ་ནི་འདི་ཡིན་ཏེ། དེ་ནི་དོན་དམ་ཉིད་དུ་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཡོད་མེད་མ་ཡིན་གཞན་མ་ཡིན། །སྲེད་མེད་དབང་ཕྱུག་སྐྱེས་བུ་དང་། །གཙོ་བོ་རྡུལ་ཕྲན་ལ་སོགས་པའི། །རྒྱུ་ལས་སྐྱེས་དང་གསལ་བྱ་ ཡི། །དངོས་པོ་འགའ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དེ་གཉིས་ནི་དངོས་པོ་ཐམས་ཅད་ལ་སྐྱེ་བའི་རྣམ་པ་གཞན་མེད་པ་དང་། སྐྱེད་པ་དང་མངོན་པར་གསལ་བར་བྱེད་པའི་རྒྱུ་མེད་པས་ཁྱབ་པར་གྱུར་པ་ཉིད་དུ་བསྟན་ཏོ། །གཞན་ཡང་། དེ་ལ་ངོ་བོ་ཉིད་དང་ལས། །མཚན་ 98-117a གཞི་མཚན་ཉིད་བརྟེན་པ་དང་། །གཅིག་ཉིད་གཞན་ཉིད་ཀུན་ཉོན་མོངས། །རྣམ་པར་བྱང་བར་བྱ་བརྟེན་པ། །དཔེར་ན་མཁའ་ལ་ལྕག་འདེབས་དང་། །ཚོན་གྱི་རི་མོའི་ལས་དང་ནི། །ས་བོན་དག་ནི་སྐྱེ་མེད་ལྟར། །རྟོག་པ་ཐམས་ཅད་སྐྱེ་བ་མེད། །ཅེས་བྱ་བ་ནི་སྐྱེ་བ་མེད་ པ་ཉིད་དེ་ལ་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། ཚ་བ་ཉིད་དང་། ཡང་ཞིང་གཡོ་བ་ཉིད་ཅེས་བྱ་བའི་ངོ་བོ་ཉིད་ལ་རྟེན་དང་། བརྟེན་པ་དང་། སྡུད་པ་དང་། སྨིན་པ་དང་། འགྱུར་བར་བྱེད་པ་ཞེས་བྱ་བའི་ལས་ལ་བརྟེན་པ་དང་། བ་ལང་ལ་སོགས་པའི་ལྐོག་ཤལ་དང་། མཇུག་མ་ལ་སོགས་པའི་ མཚན་ཉིད་འདུས་པ་ཞེས་བྱ་བའི་མཚན་གཞི་དང་མཚན་ཉིད་ལ་བརྟེན་པ་དང་། བུམ་པ་ལ་སོགས་པ་གཟུགས་ལ་སོགས་པ་དག་དང་གཅིག་པ་ཉིད་དང་གཞན་ཉིད་ལ་བརྟེན་པ་དང་། བཅིངས་པ་དང་ཐར་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱ་བ་ལ་བརྟེན་པའི་རྟོག་པ་ཐམས་ ཅད་དཔེར་ན་ནམ་མཁའ་ལ་ལྕག་འདེབས་པ་དང་། ཚོན་གྱི་རི་མོའི་ལས་སྣ་ཚོགས་དང་ས་བོན་དག་སྐྱེ་བ་མེད་པ་ལྟར་རྟོག་པ་དེ་དག་ཐམས་ཅད་སྐྱེ་བ་མེད་དོ། །སྐྱེ་བ་མེད་པ་དེ་ལ་རྟོག་པ་དེ་དག་ཐམས་ཅད་མི་སྲིད་དེ་དེ་ལྟར་དེས་ནི་དེ་ཉིད་ཤེས་པའི་རྣམ་པར་མི་རྟོག་པ་ཉིད་སྟོན་པར་བྱེད་དོ། །ད་ནི་ མཐོང་བ་མེད་པ་ནི་དེ་ཉིད་མཐོང་བའོ་ཞེས་བྱ་བ་དེ་རིགས་པས་སྒྲུབ་པར་བྱེད་དེ། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང་། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང་། ། ཡང་དག་མཁྱེན་སྤྱན་དྲི་མེད་ལའང་། །དེ་བཞིན་ཅི་ཡང་སྣང་བ་མེད། །ཅེས་བྱ་བ་ནི་དཔེར་ན་རླུང་དང་བད་ཀན་དང་མཁྲིས་པ་དང་། འདུས་པ་ལ་སོགས་པའི་སྐྱོན་མི་མཉམ་པ་ཤས་ཆེན་པོས་རབ་རིབ་སྟུག་པོར་གྱུར་པ་ལ་སྐྲ་ཤད་དང་། སྦྲང་མ་དང་། སྦྲང་བུ་ལ་སོགས་པ་ཡང་དག་པ་མ་ཡིན་ པ་དག་རྒྱུན་དུ་སྣང་ངོ་། །དེ་སྨན་པ་མཁས་པ་རབ་རིབ་སེལ་བའི་མིག་སྨན་རེང་བུ་ལེགས་པར་སྦྱར་བ་ཡང་དག་པར་བསྟེན་པས་སྐྱོན་གྱི་མཐུ་ཉམས་ཤིང་རབ་རིབ་དང་བྲལ་ཏེ། མིག་རྣམ་པར་དག་ཅིང་དྲི་མ་མེད་པ་ལ་སྔར་མཐོང་བའི་སྐྲ་ཤད་ལ་སོགས་པ་དག་མི་སྣང་བ་དེ་བཞིན་དུ་རྣལ་འབྱོར་པ་མཁས་ 98-117b པ་ལ་ཡང་སྔོན་ཐོག་མ་མེད་པའི་དུས་ནས་བསགས་པའི་སྐྱོན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པས་བློ་གྲོས་ཀྱི་མིག་བསྒྲིབས་པའི་ཚེ་ན་རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དང་། མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་དང་། རྒྱུ་དང་། འབྲས་བུ་དང་། གཅིག་པ་ཉིད་དང་། ཐ་དད་པ་ཉིད་དང་། གཉི་ག་ཉིད་དང་། ཡོད་པ་དང་མེད་པ་དང་། རྟག་པ་དང་ཆད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སོགས་པ་རྟོག་པའི་རྣམ་པ་དཔག་ཏུ་མེད་པའི་བྱེ་བྲག་ཐ་དད་པས་ཐ་དད་པར་གྱུར་པའི་དངོས་པོ་རྣམས་རྣམ་པ་དུ་མར་ སྣང་ངོ་། །དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་བདག་ཉིད་སྟོང་པ་ཉིད་མཐོང་བའི་མིག་སྨན་ཡོངས་སུ་བསྟེན་པས་འདོད་ཆགས་ལ་སོགས་པའི་སྐྱོན་ཤས་ཆེན་པོའི་རབ་རིབ་ཀྱི་ལིང་ཏོག་ཞི་བར་གྱུར་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐད་ ཅིག་གཅིག་གིས་ཆོས་ཐམས་ཅད་མཁྱེན་པ་སྐྱེས་པའི་དུས་ན་ཅི་ཡང་མི་གཟིགས་ཏེ། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་ཅིང་ཐོགས་པ་མེད་པས་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་མངོན་སུམ་དུ་གཟིགས་པ། རྣམ་པར་རྟོག་པ་དང་ཕྱིན་ཅི་ལོག་མི་མངའ་ བ་བརྙེས་པའི་ཕྱིར་རོ། །གཞན་ཡང་། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ལ་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ ནས། །སད་པའི་ཚེ་ན་མི་མཐོང་ངོ་། །ཞེས་བྱ་བ་ནི་དཔེར་ན་གཉིད་ལོག་པའི་རྨི་ལམ་ན་མེད་བཞིན་དུ་ཡང་གཉིད་ཀྱི་དབང་གིས་བུ་མཆོག་ཏུ་ཡིད་དུ་འོང་བ་ཟུར་ཕུད་མཛེས་པས་མགོ་བརྒྱན་པ། གཞོན་ནུ་སྐད་སྙན་དེས་སྨྲ་བ་དག་དང་། བུད་མེད་སྐྲ་མདོག་སྔོ་ཞིང་སྣུམ་བག་ཅན་གྱིས་མགོ་བརྒྱན་པ། མིག་ཨུཏྤ་ལའི་འདབ་མ་ལྟ་བུ་ཡིད་འཕྲོག་པ་དང་ལྡན་པ། སོའི་འོད་ཟེར་གསལ་བས་བཞིན་མདངས་དྲི་མ་མེད་པ་བཟང་པོས་གསལ་བར་སྣང་བ། ནུ་མ་ཟླུམ་བག་མཐོན་པོ་ཟུང་གིས་བྲང་གི་ནུ་འཇིང་ལེགས་པར་བརྒྱན་པ། ལུས་དང་ཡན་ལག་འཇམ་ཞིང་མཛེས་ལ་གཞོན་ཤ་ཆགས་པ་དག་དང་། 98-118a གཞལ་མེད་ཁང་པུ་ཤུ་ཉམས་དགའ་བ། ཡང་ཐོག་མཛེས་པ། ཁང་བཞག་ཁྱེར་སྡུག་པ། གདུང་ཕྱམ་སྣོལ་མར་བཏང་བ། ཀ་བའི་ཕྲེང་བས་ཁྱམས་ལ་སོགས་པ་མཛེས་པར་བྱས་པ་དང་། གནས་ཁང་བཟངས་རྒྱུད་མོ་དང་ཕྱིར་སྟུག་པོར་འབྲེལ་པ། ཡང་ཐོག་དང་ གྲོང་ཁྱེར་དུ་ལྡང་བ་དག་དང་། དེ་ལྟ་བུ་ལ་སོགས་པ་སྐྱེད་མོས་ཚལ་འབྲས་བུ་དང་མེ་ཏོག་གི་ཤིང་ལྗོན་པའི་ཚོགས་སྦྲེངས་པ་དག་དང་། རི་བོ་རི་དགས་ཀྱི་རིགས་སྣ་ཚོགས་རྣམ་པར་རྒྱུ་བ། བྱའི་ཚོགས་མཐའ་ཡས་པ་སྒྲ་སྐད་སྙན་པ་འབྱིན་པ། ནགས་ཚལ་གྱི་ཕྲེང་བ་མཛེས་པ་སྟུག་པོ་སྦྲེངས་པ། སྤོ་མཐོན་པོ་དང་ལྡན་པ་དང་། རྒྱལ་པོ་ལ་སོགས་པ་དཔུང་གི་ཚོགས་ཤིང་རྟ་མང་པོ་དང་། གླང་པོ་ཆེ་དྲེགས་པ་དང་། རྟ་བཟང་པོ་དང་། དམག་མི་རུང་བ་བཀྲབས་པ། རྒྱལ་མཚན་ཅན་མང་པོ་དཀྲིགས་པ་དང་ལྡན་པ་དག་དང་། དེ་ལྟ་བུ་ལ་སོགས་པའི་དངོས་པོ་དག་མཐོང་བར་གྱུར་པ་ན་ཐམས་ ཅད་ལ་ཡང་དག་པའི་འདུ་ཤེས་འབྱུང་བར་འགྱུར་རོ། །དེ་གཉིད་སད་ན་ཡང་དེ་ལ་ཅི་ཡང་མི་མཐོང་སྟེ། རྨི་ལམ་ན་མཐོང་བའི་དངོས་པོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་སྔོན་མི་ཤེས་པའི་གཉིད་ཀྱིས་བློ་གྲོས་རྣམ་པར་རྨོངས་པའི་ཚེ་ན་ཀུན་རྫོབ་ཀྱི་དངོས་པོ་ ཁ་དོག་དང་། དབྱིབས་དང་ཁ་གདོང་དང་། རྐང་པ་དང་། ལག་པ་དང་། སྤྱོད་ཚུལ་དང་། ཆ་ལུགས་དཔག་ཏུ་མེད་པ་དང་། ཁམས་དང་། འགྲོ་བ་དང་། སྐྱེ་གནས་རྣམ་པ་སྣ་ཚོགས་ཐ་དད་པས་ཐ་དད་པར་གྱུར་པའི་སེམས་ཅན་དང་། ཡུལ་དང་། ལྷ་དང་མི་ལ་སོགས་པ་དག་མཐོང་བ་དང་། ཐོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་དང་། བསམས་པ་རྒྱུན་མི་འཆད་པ་ཉེ་བར་བསྟེན་ཅིང་ཤེས་པར་བྱས་པ་དག་གང་གི་ཚེ་བློ་གྲོས་ཀྱི་མིག་བྱེ་བར་གྱུར་ཅིང་མི་ཤེས་པའི་བག་ཆགས་ཀྱི་གཉིད་དང་བྲལ་བར་གྱུར་ནས་སད་པ་དང་འདྲ་བར་བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་ མེད་པ་ཤར་བར་གྱུར་པ་དེའི་ཚེ་ན་ཅི་ཡང་མི་མཐོང་སྟེ། དངོས་པོའི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་རོ། །ཡང་དཔེར་ན་འགའ་ཞིག་མཚན་མོའི་སྤྲིན་སྟུག་པོས་སྐར་མའི་ཚོགས་ཀྱི་སྣང་བའི་ཆ་ཡང་བསྒྲིབས་པའི་མུན་ཁྲོད་ན་འཇིགས་པས་ཀུན་ནས་བསླང་ཞིང་མི་བདེན་པའི་རྣམ་པར་རྟོག་པའི་བློས་ 98-118b བསྒྲུབས་པའི་འབྱུང་པོ་ཡང་དག་པ་མ་ཡིན་པ་རལ་པ་ཅན་མིག་དམར་སེར་བགྲད་པ་ལྟ་བུ་དང་ལྡན་པ། ལག་སོར་གྱི་སེན་མོ་རིང་ཞིང་རྩུབ་པའི་ལག་པ་བརྐྱང་ཞིང་རྡེག་པར་གཟོ་པ་འཇིགས་སུ་རུང་བ་དག་མཐོང་བ་ལས་དེས་ཉི་མའི་དཀྱིལ་འཁོར་ཤར་བ་ན་མུན་པ་མ་ལུས་པར་བསལ་ཏེ། ཕྱོགས་དང་ ཕྱོགས་མཚམས་གསལ་བར་སྣང་བའི་ཚེ་ན་འཇིགས་ཤིང་སྐྲག་པ་དང་བྲལ་ཏེ། ཡང་དག་པ་མ་ཡིན་པའི་འབྱུང་པོ་ཅི་ཡང་མི་མཐོང་བ་དེ་བཞིན་དུ་འདིར་ཡང་སེམས་ཅན་སྲིད་པའི་མཚན་མོ་མ་རིག་པའི་མུན་པས་ཤེས་པའི་སྣང་བ་བསྒྲིབས་པའི་མུན་ཁྲོད་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་བློ་གྲོས་དཀྲུགས་པ་དག་གིས་ནང་དང་ཕྱི་རོལ་གྱི་དངོས་པོ་དོན་དམ་པ་མ་ཡིན་པ་ཡུལ་དང་ཡུལ་ཅན་གྱི་ངོ་བོ་ཉིད་དུ་ངེས་པར་གནས་པ་འཇིགས་སུ་རུང་བ་དག་མཐོང་ངོ་། །དེ་ཉིད་ཀྱིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཤེས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས་མི་ཤེས་པའི་བག་ཆགས་དང་། མཚམས་སྦྱོར་བའི་ཉོན་མོངས་པ་མཐའ་དག་བསལ་བའི་ཚེ་ན། སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་དང་བཅས་པ་རྣམས་དངོས་པོ་དང་ངོ་བོ་ཉིད་དུ་མི་མཐོང་ཞིང་མི་དམིགས་ཏེ། བླ་ན་མེད་པའི་ཡེ་ཤེས་ཤར་བ་ན་དབུགས་ཕྱིན་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དོན་དེ་ཉིད་ཚིག་ལེའུར་བྱས་པ་གཉིས་ཀྱིས་སྟོན་པར་བྱེད་དེ། དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཞིང་མིག་བྱེའི་ཚེ། །སྣང་བར་འགྱུར་བ་མ་ཡིན་ལྟར། །དེ་བཞིན་མཁས་པ་ཡང་དག་གི། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་ བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་མཐོང་། །ཞེས་བྱ་བ་གཉིས་ཀྱིས་བསྟན་ཏོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་པ། གལ་ཏེ་འདི་སྙམ་དུ། རབ་རིབ་ཅན་མིག་དག་པ་དང་། གཉིད་ལོག་པ་སད་པ་དང་། མུན་ཁྲོད་ན་འདུག་པ་སྣང་བ་ དང་ཕྲད་ནས་འཁྲུལ་པ་དང་བྲལ་བར་གྱུར་པ་དག་གིས་ནི་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་མཐོང་བར་འགྱུར་གྱི། རྣལ་འབྱོར་པ་དེ་ཉིད་ཤེས་པའི་ཤེས་པ་སྐྱེས་པའི་ཚེ་ན་ནི་ཅི་ཡང་མི་མཐོང་བས་དཔེ་དང་དོན་མི་མཐུན་པའི་ཕྱིར་དཔེས་དོན་མི་འགྲུབ་པར་སེམས་ན། དེ་ལ་བཤད་པ། འདི་ལ་རྣམ་ 98-119a པ་ཐམས་ཅད་དུ་མཐོང་བ་མི་འགྲུབ་པའི་ཕྱིར་མཐོང་བ་མེད་པ་ཉིད་མཐོང་བའོ་ཞེས་ཉེ་བར་གདགས་སོ་ཞེས་བསྟན་ཟིན་མོད་ཀྱི། ཡང་བཤད་པར་བྱ་སྟེ། དངོས་རྣམས་ངོ་བོ་ཉིད་ཡོད་པར། །མི་མཐོང་དངོས་ཉིད་མ་གྲུབ་ཕྱིར། །ཡང་ན་དངོས་ཉིད་སྐྱེ་མེད་ཕྱིར། །སྒྱུ་མའི་གླང་ཆེན་ཇི་ བཞིན་ནོ། །ཞེས་བྱ་བ་ནི་མཁས་པ་རྣམས་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཇི་ལྟར་ཡིད་ཀྱིས་རྣམ་པར་བརྟགས་པའི་ངོ་བོ་ཉིད་ལ་སྒྲོ་འདོགས་པར་ཡང་མི་བྱེད། སྐུར་བ་འདེབས་པར་ཡང་མི་བྱེད་པར་འཇིག་རྟེན་དང་མཐུན་པའི་ཤེས་པས་ལྟ་བར་བྱེད་པས་དངོས་པོ་ཅི་ཡང་མི་མཐོང་བ་ཡང་མ་ཡིན་ལ། ངོ་བོ་ཉིད་མེད་པར་ཡང་མཐོང་ངོ་། །དོན་དམ་པར་ནི་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་མི་མཐོང་སྟེ། དངོས་པོའི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་སྒྱུ་མའི་གླང་པོ་ཆེ་བཞིན་ནོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་སེམས་དང་སེམས་ལས་བྱུང་བ་དག་ནི་སྐད་ཅིག་ཙམ་ལས་མི་སྡོད་དེ། སྐད་ཅིག་དེ་ཡང་དང་པོ་དང་བར་དང་ཐ་མའི་དབྱེ་བས་ཆེས་ཕྲ་བ་ཉིད་དུ་ཞུགས་པས་རང་གི་ངོ་བོ་སྤང་བའི་ཕྱིར་ངེས་པར་མི་འགྲུབ་པས་རེ་ཞིག་དེ་ལྟར་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་དུ་མ་གྲུབ་སྟེ། ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཇི་སྐད་དུ། འཇིག་རྟེན་འདི་ནི་སྐད་ཅིག་ལས་ལྷག་པར་མི་གནས་ཏེ། སྐད་ཅིག་གང་ཡིན་པ་དེ་ལ་ཡང་སྐྱེ་བའི་དུས་ཀྱང་གཞན་གནས་པའི་དུས་ཀྱང་གཞན་འགག་པའི་དུས་ཀྱང་གཞན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གཟུགས་ཅན་ཡང་ནང་དང་ཕྱི་རོལ་གྱི་དངོས་པོ་ལུས་དང་མྱུ་གུ་ལ་སོགས་པ་ཐམས་ཅད་ཀྱང་། ས་དང་ཆུ་དང་མེ་དང་རླུང་དང་། གཟུགས་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བའི་རྫས་བརྒྱད་འདུས་པ་ཤ་སྟག་སྟེ། དེ་ལ་ལུས་དང་མྱུ་གུ་དག་ནི་ས་མ་ཡིན་ལ་ས་ལས་གཞན་པ་ཡང་མ་ཡིན། དེ་གཉིས་ལ་ཡང་ས་མེད། ས་ལ་ཡང་དེ་གཉིས་མེད་དོ། །དེ་བཞིན་དུ་བདུན་པོ་གཞན་དག་ལ་ཡང་སྦྱར་རོ། །ས་དང་ཆུ་ལ་སོགས་པ་དག་ཉིད་ཀྱང་རྫས་བརྒྱད་འདུས་པའི་བདག་ཉིད་དེ། དེ་ལ་གཟུགས་ནི་ས་ཉིད་མ་ཡིན་ལ་གཟུགས་ལས་ས་གཞན་པ་ཡང་མ་ཡིན། གཟུགས་ལ་ཡང་ས་མེད། ས་ལ་ཡང་གཟུགས་མེད་དེ། གཞི་དང་གཞག་པའི་ངོ་བོ་ཉིད་དུ་གནས་པ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རེ་རེ་ལ་ཡང་རེ་རེའི་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་འབྱུང་བ་གསུམ་ 98-119b ཡང་ས་མ་ཡིན་ཏེ། ངོ་བོ་ཉིད་དང་། ལས་ཐ་དད་པའི་ཕྱིར་རོ། །འབྱུང་བ་གསུམ་ལས་ས་གཞན་པ་ཡང་མ་ཡིན་ཏེ། དེ་དག་མ་གཏོགས་པར་ས་དམིགས་སུ་མེད་པའི་ཕྱིར་རོ། །གལ་ཏེ་འབྱུང་བ་གསུམ་མ་གཏོགས་པར་ས་འགྲུབ་པར་གྱུར་ན་དེའི་ཕྱིར་འབྱུང་བ་གསུམ་ལ་ས་གནས་པའམ་ས་ ལ་འབྱུང་བ་གནས་པར་འགྱུར་བ་ཞིག་ན། འབྱུང་བ་གསུམ་མ་གཏོགས་པར་སའི་ངོ་བོ་ཉིད་མེད་དེ། མེ་ལས་ལོགས་ཤིག་ན་བུད་ཤིང་མེད་པ་བཞིན་ནོ། །མེ་ཡང་འབྱུང་བ་གསུམ་འདུས་པ་སྤྱིར་གནས་པ་ཉིད་ལ་དམིགས་པར་ཟད་ཀྱི་མེ་འབའ་ཞིག་གི་ངོ་བོ་ཉིད་ནི་རྡུལ་ཕྲན་ཙམ་ཡང་མེད་དོ། །གལ་ཏེ་ འབྱུང་བ་གསུམ་མ་གཏོགས་པར་མེ་འབའ་ཞིག་ཡོད་པར་གྱུར་ན། བུད་ཤིང་མེད་པར་ཡང་མེ་དམིགས་པར་འགྱུར་བའི་རིགས་སོ། །དེ་བཞིན་དུ་ཆུ་དང་རླུང་གཉིས་ཀྱང་ངོ་བོ་ཉིད་འབའ་ཞིག་པ་མེད་དོ། །གཟུགས་ཀྱི་ངོ་བོ་ཉིད་ཀྱང་དྲི་དང་རོ་དང་རེག་པ་མ་གཏོགས་པར་མེད་ལ་དེ་དག་གི་ངོ་བོ་ཉིད་ཀྱང་ ཕན་ཚུན་གཅིག་ལ་གཅིག་མ་གཏོགས་པར་མེད་དོ། །དེ་དག་གཅིག་པ་ཉིད་དང་གཞན་ཉིད་ཀྱང་མ་ཡིན་ཏེ། གཟུགས་ཉིད་ཀྱང་དྲི་དང་རོ་དང་རེག་པ་ཉིད་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་རོ། །གཟུགས་དེ་དག་ལས་གཞན་པ་ཉིད་ཀྱང་མ་ཡིན་ལ། གཟུགས་ལ་ཡང་དེ་དག་མེད་དེ། དེ་དག་ལ་ཡང་གཟུགས་མེད་དེ། ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཐ་དད་པའི་དངོས་པོ་ལས་ཀྱང་ས་ལ་སོགས་པ་དག་ལས་གཟུགས་ལ་སོགས་པ་ཐ་དད་དུ་བཀར་ཏེ་དེ་ཉིད་དང་གཞན་ཉིད་དང་། དེ་ལ་དེ་དག་ཡོད་པ་དང་དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ། །གཟུགས་ལ་སོགས་པ་དག་ ཀྱང་ཕན་ཚུན་བློས་རྣམ་པར་ཕྱེ་སྟེ། དེ་ཉིད་དང་གཞན་ཉིད་དང་དེ་ལ་དེ་དག་ཡོད་པ་དང་། དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ། །འབའ་ཞིག་པའི་དངོས་པོས་ཀྱང་གཟུགས་ལས་རྡུལ་ཕྲ་རབ་བཀར་ཏེ། དེ་ཉིད་དང་གཞན་ཉིད་དང་། དེ་ལ་དེ་དག་ཡོད་པ་དང་། དེ་དག་ལ་དེ་ཡོད་པ་མ་ ཡིན་པར་དགག་པར་བྱའོ། །རྡུལ་ཕྲ་རབ་དག་ཀྱང་ཕྱོགས་ཀྱི་བྱེ་བྲག་གིས་ཆ་དྲུག་ཏུ་དབྱེ་བས་ཐ་དད་ལ། ཆ་ཡང་ཕྱོགས་ཀྱི་བྱེ་བྲག་གིསདྲུག་ཏུ་དབྱེ་བས་ཐ་དད་པ་དག་ཀྱང་དེ་ཉིད་དང་གཞན་ཉིད་དང་། དེ་ལ་དེ་དག་ཡོད་པ་དང་དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱ་སྟེ། དེ་ལྟར་དངོས་པོ་རྣམས་ངོ་ 98-120a བོ་ཉིད་ཡོངས་སུ་མ་གྲུབ་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་དངོས་ཉིད་སྐྱེ་མེད་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ཀྱིས་ནི་རྒྱུ་ནི་འབྲས་བུ་ལོགས་ཤིག་པར་སྐྱེད་པར་མི་བྱེད་དེ། རྒྱུ་འབའ་ཞིག་ཡོད་དུ་ཟིན་ཀྱང་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །རྐྱེན་རྣམས་ཀྱང་སྐྱེད་པར་བྱེད་པ་དག་ མ་ཡིན་ཏེ། རྒྱུ་མེད་ན་འབྲས་བུ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ཚོགས་པ་དག་ཀྱང་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེ་དག་ལ་འབྲས་བུ་མྱུ་གུའམ་མི་ཞེས་བྱ་བ་དག་མེད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་དུ་སྣང་བའི་བདག་ཉིད་ལས་སྐྱེ་བར་མཐོང་ཞིང་ངོ་བོ་ཉིད་ནི་མེད་དེ་སྒྱུ་མའི་གླང་པོ་ཆེ་བཞིན་ནོ། །དཔེར་ན་སྒྱུ་མའི་གླང་པོ་ཆེ་ནི་སྒྱུ་མ་མཁན་གྱི་བསམ་པ་དང་། རྩྭ་དང་། མེ་ཏོག་དང་། སྨན་དང་། རྨ་བྱའི་མཇུག་སྒྲོ་དག་གིས་མངོན་པར་བསྒྲུབས་པ་རྒྱུ་རྐྱེན་དང་། གླང་པོ་ཆེ་ལྟ་བུར་སྣང་བ་ནི་ཡོད་ལ་དེ་ལ་གླང་པོ་ཆེ་ཡང་དག་པའི་ངོ་བོ་ཉིད་ནི་མེད་དོ། །གླང་པོ་ཆེ་ཡང་དག་པའི་ངོ་བོ་ཉིད་ཀྱིས་སྟོང་ཡང་གླང་པོ་ཆེའི་གཟུགས་ནི་སྣང་སྟེ། དེ་ལ་སྒྱུ་མ་ཤེས་པ་དག་གིས་ངོ་བོ་ཉིད་མི་དམིགས་པ་དེ་བཞིན་དུ་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་ཚོགས་པས་བསྐྱེད་པ་བཅོས་མའི་ངོ་བོ་ཉིད་དུ་ནི་དམིགས་སུ་ཡོད་ལ། དེ་དག་ལ་རྒྱུ་དང་རྐྱེན་དུ་སྣང་བ་མ་གཏོགས་པའི་དངོས་པོ་ནི་རྡུལ་ཕྲ་རབ་ཙམ་གྱི་ཆ་ཤས་ཀྱང་ཡོད་པ་མ་ཡིན་ཏེ། འདི་སྐད་དུ། རབ་འབྱོར་གང་ལ་གནས་ནས་སེམས་ཅན་རྣམས་ལས་སྣ་ཚོགས་མངོན་པར་འདུ་བྱ་བ་བྱེད་པའི་དངོས་པོ་ནི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ། དངོས་པོ་འགའ་ཡང་མེད་མི་སྐྱེ། །ཡོད་པ་མི་སྐྱེ་ཡོད་མེད་མིན། །རྐྱེན་རྣམས་ཉི་ཚེ་འབའ་ཞིག་དག །སྐྱེ་བ་དང་ནི་འགག་པར་སྣང་། །ཞེས་གསུངས་པ་ལྟ་བུའོ། །དོན་དེ་ཉིད་བསྟན་པའི་ཕྱིར་ཚིག་ལེའུར་བྱས་པ་གཞན་གྱིས་ཚད་མ་གཉིས་ཉེ་བར་སྦྱོར་བར་བྱེད་དེ། དངོས་རྣམས་ངོ་བོ་ཉིད་ཡོད་པར། །མི་མཐོང་ཀུན་རྫོབ་སྐྱེ་ཡོད་ཕྱིར། །ཡང་ན་རྒྱུ་དང་ལྡན་པའི་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ། །ཞེས་བྱ་བ་ནི་དངོས་པོ་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་འདྲ་བའི་བདག་ཉིད་ལས་སྐྱེ་བ་ཡོད་པའི་ཕྱིར། སྒྱུ་མའི་གླང་པོ་ཆེ་བཞིན་ནོ། །ཡང་ན་སོ་སོར་ངེས་པའི་འབྲས་བུ་བསྐྱེད་ནུས་པའི་རྒྱུ་དང་ 98-120b ལྡན་པའི་ཕྱིར་སྒྱུ་མའི་གླང་པོ་ཆེ་བཞིན་ནོ། །འདིར་སྨྲས་པ། ཁྱོད་སྐྱེ་བ་མེད་པ་བསྒྲུབ་པའི་སྒོ་ནས་ཡོད་པ་ཉིད་འགོག་པར་བྱེད་པས་མེད་པ་ཉིད་ཁས་བླངས་ཤིང་ཆད་པར་སྨྲ་བ་ཡང་བསྒྲུབ་པར་གྱུར་ཏོ་ཞེ་ན། བཤད་པ། གལ་ཏེ་ཁོ་བོས་བསྒྲུབས་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་ བཀག་པས་མེད་པའི་ངོ་བོ་ཉིད་བསྒྲུབས་པར་གྱུར་ན་ནི་དེ་ལྟར་ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་ཁོ་བོ་མཐའ་གཉིས་སྤང་བའི་ཚུལ་གྱིས་དབུ་མའི་ལམ་སྟོན་པའི་ཤེས་པ་རྟོགས་པར་འདོད་པ་དེའི་ཕྱིར་མེད་པ་ཉིད་ཀྱང་འགོག་པར་བྱེད་དེ། དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། །མཐོ་ཡོར་ལ་ནི་མི་བློ་བཞིན། །ཞེས་བྱ་བ་ནི་དངོས་པོ་རྣམས་མེད་དོ་ཞེས་བྱ་བའི་བློ་གང་ཡིན་པ་དེ་ཡང་དོན་དམ་པར་ནི་ལོག་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡང་རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར་དཔེར་ན་མུན་ཁྲོད་དམ་ཐག་རིང་པོ་ན་འདུག་པའི་ཤིང་རྡོ་ལ་སོགས་པ་ལ་མིར་ཤེས་པའི་བཞིན་ནོ། །ཡང་ན་ཡང་དག་མ་ཡིན་བློས། །དམིགས་བྱའི་དངོས་བདག་ལོག་པར་འདོད། །རྟོག་པའི་ཤེས་པའི་ཡུལ་ཡིན་ཕྱིར། །སྨིག་རྒྱུ་ལ་ནི་ཆུ་བློ་བཞིན། །ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་བློས་དམིགས་པར་བྱ་བའི་དོན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ལོག་པ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྟོག་པ་ཤེས་པའི་ཡུལ་ཡིན་པའི་ཕྱིར། དཔེར་ན་སྨིག་རྒྱུ་ལ་ཆུར་འདུ་ཤེས་པ་ཡོད་དུ་ཟིན་ཀྱང་ཆུ་ཉིད་མ་ཡིན་པ་བཞིན་ནོ། །གང་དག་འདི་སྐད་ཅེས་དངོས་པོ་རྣམས་ནི་གཅིག་ཏུ་ཡོད་པ་ཉིད་ཀྱང་མ་ཡིན་ཏེ། རྒྱུའི་སྐད་ཅིག་མ་འགག་པའི་ཕྱིར་རོ། །གཅིག་ཏུ་མེད་པ་ཉིད་ཀྱང་མ་ཡིན་ཏེ། །འབྲས་བུའི་སྐད་ཅིག་མ་སྐྱེ་བའི་ཕྱིར་རོ། །དེའི་བློ་ཡང་ཡོད་མེད་ཀྱི་ངོ་བོ་ཉིད་ཁོ་ནའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། ཡོད་མེད་བློས་ནི་རྟོགས་བྱ་བ། །བཀག་ཕྱིར་དེ་བཞིན་མཁས་རྣམས་ཀྱི། །རྣམ་པར་མི་རྟོག་བློ་གྲོས་ནི། །སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ། །ཞེས་བྱ་བ་ནི་དངོས་པོ་རྣམས་ཡོད་མེད་གཅིག་ཡིན་ནོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་དེ་ཉིད་དུ་ན་ལོག་པ་ཡིན་ཏེ། དེ་ཡང་རྟོག་པའི་སྒོ་ཉིད་ནས་གྲུབ་པའི་ཕྱིར། དཔེར་ན་མཐོ་ཡོར་ལ་འདི་མིའམ་མཐོ་ཡོར་སྙམ་དུ་ཐེ་ཚོམ་ཟར་ཟིན་ཀྱང་མི་ཉིད་ཡིན་ནོ་སྙམ་པའི་བློ་ལོག་པ་བཞིན་ནོ། །དེ་བཞིན་དུ་ཡོད་མེད་ཀྱི་བློས་དམིགས་ 98-121a པར་བྱ་བའི་དངོས་པོའི་བདག་ཉིད་གང་ཡིན་པ་དེ་ཡང་དེ་ཉིད་དུ་ན་ལོག་པ་ཡིན་ཏེ། དེ་ཡང་རྟོག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་སྨིག་རྒྱུ་ལ་ཆུ་ཉིད་བཞིན་ཏེ། དེ་ལ་ཡང་དང་པོ་ཆུའི་བློ་སྐྱེ་ཞིང་ཆུར་མི་དམིགས་པ་ན་དེའི་བློ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཡོད་པ་དང་མེད་པ་ གཉི་གའི་བདག་ཉིད་ཀྱི་ཤེས་བྱ་མེད་པའི་ཕྱིར་དམིགས་པ་མེད་པའི་བློ་ཡང་སྐྱེ་བ་མེད་ལ་བློ་དེའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཉིད་སྐྱེ་བ་ཞེས་ཉེ་བར་གདགས་ཏེ། དམིགས་སུ་མེད་པ་རྟོགས་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཉིད་ནི་དེའི་རྣམ་པར་མི་རྟོག་པ་ཉིད་ཡིན་པར་ཤེས་པར་བྱའོ། །གལ་ཏེ་ཕ་རོལ་པོ་ དག་འདི་སྙམ་དུ་སྟོང་པ་ཉིད་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པར་བྱེད་པས་དཔེར་ན་ཐོ་བས་བུམ་པ་ལ་སོགས་པ་འཇིག་པར་བྱེད་པ་དང་། མི་ངས་ཀྱིས་སྐྱེ་བོ་ཟད་པར་བྱེད་པ་ལྟ་བུ་ཡིན་ལ་སྟོང་པ་ཉིད་དེ་རང་གི་སྟོང་པ་ཉིད་མ་ཡིན་པས་སྟོང་པ་ཉིད་དུ་རྣམ་པར་རྟོག་པ་དང་མ་བྲལ་བའི་ཕྱིར། ཇི་ལྟར་རྣམ་པར་མི་རྟོག་པའི་བློ་གྲོས་སྲིད་པར་འགྱུར་སྙམ་དུ་སེམས་པ་བསལ་བའི་ཕྱིར་བཤད་པ། ཆོས་རྣམས་ཐམས་ཅད་སྟོང་པའི་ཕྱིར། །དེ་མི་སྟོང་པའི་སྒོ་ནས་ཀྱང་། །མི་རྟོག་བློ་གྲོས་མི་འདོད་མིན། །དེ་ནི་སྔར་བཞིན་བཀག་ཕྱིར་རོ། །ཞེས་བྱ་བ་ནི་ཆོས་རྣམས་སྟོང་ངོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་ དོན་དམ་པར་ན་ལོག་པ་ཡིན་ཏེ། རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར་དཔེར་ན་མཐོ་ཡོར་ལ་མིའི་བློ་བཞིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་བློས་དམིགས་པར་བྱ་བའི་དངོས་པོའི་བདག་ཉིད་གང་ཡིན་པ་དེ་ནི་ལོག་པ་ཡིན་ཏེ། རྟོག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་སྨིག་རྒྱུ་ལ་ཆུར་ཤེས་པ་བཞིན་ནོ་ ཞེས་སྔ་མ་བཞིན་དུ་དེ་ཡང་བཀག་པའི་ཕྱིར་རྣམ་པར་མི་རྟོག་པའི་བློ་གྲོས་མི་སྲིད་པ་མ་ཡིན་ཏེ། འོ་ན་ཇི་ལྟ་ཞེ་ན། སྲིད་པ་ཁོ་ན་ཡིན་ནོ། །མདོ་སྡེ་ལས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་གསུངས་པའི་རྗེས་སུ་འཇུག་པའི་ཕྱིར་བཤད་པ། གང་ཕྱིར་སྟོང་ཉིད་སྟོང་སོགས་ཀྱི། །ངོ་བོ་ཉིད་ཀྱིས་སྟོང་དེའི་ཕྱིར། །མཁས་པ་སྟོང་པ་ཉིད་ལ་ཡང་། །སྟོང་པ་ཉིད་དུ་ལྟ་མི་འགྱུར། །ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་སྟོང་པ་ཉིད་ཡིན་ལ་དེ་ཡང་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་དངོས་པོ་མེད་པ་ཡིན་པས་མཁས་པ་རྣམས་དེ་ལ་སྟོང་པ་ཉིད་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་དངོས་པོར་གྱུར་པར་མི་ལྟ་བས་སྟོང་པ་ཉིད་དུ་ 98-121b ཡང་རྣམ་པར་རྟོག་པར་མི་བྱེད་དོ། །གང་ཡང་ཡོད་པ་མ་ཡིན་པ་དེ་ལ་དངོས་པོར་འཛིན་པར་བྱེད་པ་དེ་དག་ནི་སྨད་པར་འགྱུར་ཏེ། ཇི་སྐད་དུ། གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་བར་ང་སྨྲའོ་ཞེས་གསུངས་པ་ལྟ་བུའོ། །ཅི་སྟེ་འདི་སྙམ་དུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ཏེ། དེ་ནི་སྣང་བ་མེད་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། དེ་ལ་དམིགས་པ་བདེ་བར་གཤེགས་པའི་ཡེ་ཤེས་དེ་ཡང་དོན་ཇི་ལྟ་བ་བཞིན་ཉིད་མ་ཡིན་པར་འགྱུར་རམ་ཅི་ཞེས་བྱ་བར་སེམས་པ་དག་གི་ཕྱིར་བཤད་པ། དངོས་པོའི་བདག་ཉིད་སྣང་མེད་ན། །མི་རྟོག་བློ་ཡི་སྤྱོད་ཡུལ་ཡང་། །དོན་བཞིན་མ་ཡིན་དམིགས་བྱའི་ཕྱིར། །ཆུ་ཟླ་ལ་ནི་ཟླ་བློ་བཞིན། །ཞེས་བྱ་བ་ནི་ཆུ་ཟླ་ལ་ཡང་མངོན་སུམ་གྱི་བློ་རྣམ་པར་རྟོག་པ་སྐྱེ་བ་མེད་པའི་ཕྱིར་དམིགས་པར་བྱ་བ་ཉིད་དུ་མཐུན་པས་ལོག་པ་ཡིན་པ་དེ་བཞིན་དུ་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་ལོག་པ་ཉིད་ཡིན་ཏེ། འདིར་ཁུངས་ནི་མདོ་སྡེ་ལས། བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །གཞན་ཡང་། རྣམ་པར་མི་རྟོག་དོན་ཡུལ་གྱི། །བློ་རྣམས་རྟོག་པ་མེད་པའང་བརྫུན། །བདག་མེད་ལ་སོགས་ངོ་བོའི་ཕྱིར། །དཔེར་ན་རྣམ་རྟོག་བཅས་བློ་བཞིན། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་བློའི་དོན་གྱི་ཡུལ་སྣང་བ་མེད་པ་ཞེས་བྱ་བ་གང་ལ་ཡོད་པའི་བློ་རྣམ་པར་རྟོག་པ་མེད་པ་དེ་ཡང་ལོག་པ་ཡིན་ཏེ། བདག་དང་བདེ་བ་ལ་སོགས་པར་རྣམ་པར་རྟོག་པ་སྤངས་སུ་ཟིན་ཀྱང་། བདག་མེད་པ་དང་སྡུག་བསྔལ་བ་ལ་སོགས་པར་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན་རྣམ་པར་རྟོག་པ་དང་བཅས་པའི་བློ་གཞན་བཞིན་ནོ། །གལ་ཏེ་འདི་སྐད་ཅེས་གཞན་གྱི་ཕྱོགས་སུན་འབྱིན་པའི་ཕྱིར་དང་། རང་གི་ཕྱོགས་མི་འཛིན་པའི་ཕྱིར་ཅོ་འདྲི་བ་ཉིད་དུ་མ་གྱུར་ཏམ་ཞེ་ན། དེའི་ཕྱིར་རང་གི་གྲུབ་པའི་མཐའ་ལས་གྲགས་པའི་དེ་ཉིད་དང་། དེ་ཐུགས་སུ་ཆུད་པའི་སྟོན་པ་ཕྱོགས་ཉིད་དུ་གཞག་པར་བྱ་སྟེ། ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེ་མཁྱེན་གསུངས། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་བརྗོད་པར་བྱ་བ་མ་ཡིན་པ་དང་། འདུས་མ་བྱས་པ་ཞེས་བྱ་བ་རྣམ་པ་ལྔ་པོ་བསྟན་པ་དེ་དག་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་ 98-122a ཡུལ་གང་ལ་རྣམ་པར་མི་རྟོག་པའི་བློ་དམིགས་པ་མེད་པ་ཡང་སྐྱེ་བར་མི་འགྱུར་བའི་དོན་དམ་པ་དེ་ཉིད་གཞན་གྱི་དྲིང་མི་འཇོག་པ་རྣམ་པར་མི་རྟོག་པ། ཞི་བ་མཚན་ཉིད་མེད་པ་ཐ་དད་པ་ཉིད་མ་ཡིན་པ་སྐྱེ་བ་མེད་པ་འགག་པ་མེད་པ་དངོས་པོ་མེད་པ་མངོན་པར་འདུ་བྱ་བ་མེད་པ་བརྗོད་དུ་མེད་པ། མཉམ་པ་མེད་པ་ཉིད་ཡིན་པར་དེ་མཁྱེན་པའི་ཐམས་ཅད་མཁྱེན་པ་གསུང་ངོ་། །དེ་རྟོགས་ཕྱིར་ན་གང་ཞིག་ལ། །བློ་སྐྱེ་མེད་པ་སངས་རྒྱས་དངོས། །རྣམ་རྟོག་གཉིད་ནི་སངས་ཕྱིར་དང་། །རྟོག་པ་མེད་པས་རྒྱས་ཕྱིར་རོ། །ཞེས་བྱ་བ་ནི་དེ་ཉིད་རྣམ་པ་དེ་ལྟ་བུ་དེ་རྟོགས་པའི་ཕྱིར་གང་ལ་བློ་སྐྱེ་བ་མེད་པ་དེ་ནི་སངས་རྒྱས་དངོས་ཞེས་བྱ་སྟེ། རྣམ་པར་རྟོག་པའི་གཉིད་སངས་པའི་ཕྱིར་དང་། ཤེས་བྱ་དམིགས་སུ་མེད་པས་རྟོག་པ་མེད་པ་ཉིད་ཀྱིས་བློ་རྒྱས་པའི་ཕྱིར་ཏེ། རྟོག་པ་མེད་པ་ཉིད་རྟོགས་པའོ་ཞེས་ཉེ་བར་གདགས་པ་བྱས་པའི་ཕྱིར་རོ། །འོ་ན་རྟོག་པ་དེ་ཉེ་བར་བཏགས་པར་འགྱུར་ཏེ། ཆུ་ལ་མེ་ཉིད་དུ་ ཉེ་བར་བཏགས་པ་ལྟ་བུར་མི་འགྱུར་རམ་ཞེ་ན། ཉེ་བར་བཏགས་པ་མ་ཡིན་ཏེ། དེ་ལས་གཞན་པའི་དངོས་པོ་མེད་པའི་ཕྱིར་རྣམ་པར་ཤེས་པ་ལ་བདག་ཉིད་དུ་བརྗོད་པ་བཞིན་ནོ། །འོ་ན་ཇི་ལྟར་དེ་ཉིད་རྟོགས་པས་མཛད་པ་ཉིད་ཡིན་ཞེ་ན། གཉིད་ལོག་པ་ལྟ་བུའི་རྣམ་པར་རྟོག་པ་ཡང་དག་པ་མ་ཡིན་པ་དང་བྲལ་ན་གཉིད་སངས་པ་ལྟ་བུ་དང་། དམིགས་སུ་མེད་པ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པས་བློ་རྒྱས་པའི་ཕྱིར་རོ། །ཡོངས་ཤེས་བྱ་སོགས་མཐར་ཐུག་དང་། །མཉམ་ཉིད་རྟོགས་པར་གྱུར་པ་དང་། །སྤྲུལ་པ་དག་གིས་སྐལ་ལྡན་གྱི། །བློ་ཡི་པདྨ་ཁ་འབྱེད་ཕྱིར། །སངས་རྒྱས་ཞེས་བྱའོ་ ཞེས་བྱ་བར་སྦྱར་རོ། །དེ་ལ་གཙུག་ལག་གསུམ་གྱི་ཚུལ་གྱིས་ཀུན་རྫོབ་ཏུ་ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་མཐར་ཐུག་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བའི་རྣམ་པས་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་། ལམ་མཐར་ཐུག་པ་བརྙེས་པའི་བློ་གང་གིས་འཕགས་པའི་བདེན་པ་བཞི་པོ་དག་ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་སུམ་དུ་མཛད་པ་དང་། བསྒོམ་པ་ཐུགས་སུ་ཆུད་པ་དེས་འཕགས་པའི་བདེན་པ་བཞི་རྟོགས་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ། ཡོངས་སུ་ 98-122b ཤེས་བྱ་ཡོངས་ཤེས་ཤིང་། །སྤང་བྱ་སྤངས་ཤིང་མངོན་སུམ་བྱས། །བསྒོམ་བྱ་དག་ནི་བསྒོམས་པས་ན། །དེ་ཕྱིར་བཟོད་ལྡན་ང་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ནི་མཉམ་པ་ཉིད་རྟོགས་པར་འགྱུར་བའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ལས། སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་སྡུག་བསྔལ་གྱིས་ཀྱང་མི་འདའོ། །ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་ཀུན་འབྱུང་བས་ཀྱང་མི་འདའོ། །འགོག་པ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་འགོག་ པས་ཀྱང་མི་འདའོ། །ལམ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་ལམ་གྱིས་ཀྱང་མི་འདའ་སྟེ། འདི་ལྟར་འཕགས་པའི་བདེན་པ་བཞི་པོ་འདི་དག་གི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བ་ཡིན་པར་བསྟན་ཏེ། མཉམ་པ་ཉིད་ནི་དེ་བཞིན་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ པ་དག་གིས་ངེས་པར་གཟུང་ངོ་། །ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་མེད་ཁང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མཆོག་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་ན་བྱང་ཆུབ་སེམས་དཔའ་འདོད་པ་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་མཐུ་ཡོད་པ་དཀྲིགས་པ་དག་གིས་མཆོད་ཅིང་། བདེ་བར་གཤེགས་པ་ཕྱོགས་བཅུ་ན་བཞུགས་པ་མཐའ་ཡས་པ་དག་གི་ཕྱག་གིས་བླ་ན་མེད་པའི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་གསོལ་བའི་ཅོད་པན་དབུ་ལ་གསོལ་བ། ལེགས་པར་སྤྱོད་པ་བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསགས་པ་དཔག་ཏུ་མེད་པ་དག་གིས་ཉོན་མོངས་པ་ཅན་གྱི་མུན་ནག་རབ་འབྱམ་མཐའ་ཡས་པ་རབ་ཏུ་བཅོམ་སྟེ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་མཐུ་སྣ་ཚོགས་དང་ལྡན་པ་ལྟར། རང་བྱུང་གི་ཡེ་ཤེས་སྐད་ཅིག་གཅིག་གིས་ཆོས་ ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་པ་རྣམ་པར་མི་རྟོག་པ་སྒྲིབ་པ་མེད་པ་ཕྱིན་ཅི་མ་ལོག་པས་རང་གིས་དེ་ཉིད་གཉིས་སུ་མེད་པ་གཞན་གྱི་དྲིང་མི་འཇོག་པ་རྣམ་པར་མི་རྟོག་པ་ཞི་བ་ཐ་དད་པ་ཉིད་མ་ཡིན་པ། དམིགས་སུ་མེད་པའི་བདག་ཉིད་ཐུགས་སུ་ཆུད་པ་ནི་སངས་རྒྱས་ཞེས་བྱའོ། །དེ་ཉིད་ 98-123a ན་བཞུགས་བཞིན་དུ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང་། ལྷུམས་སུ་འཇུག་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་ པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ལ་སོགས་པའི་སྤྲུལ་པ་དག་ གིས་སེམས་ཅན་ཚེ་རབས་གཞན་དག་ཏུ་དད་པ་ལ་སོགས་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་ཉེ་བར་བསགས་པས་ཉེ་བར་བརྟེན་པ། རྒྱུ་ཡོངས་སུ་སྨིན་པ་སྐལ་བ་དང་ལྡན་པ་རྣམས་བློའི་པདྨ་ཁ་འབྱེད་པར་མཛད་པའི་ཕྱིར་ཡང་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ། རྫོགས་སངས་རྒྱས་ རྣམས་འོག་མིན་གྱི། །ཕོ་བྲང་དགྱེས་པ་སྡིག་པ་ཀུན། །རྣམ་སྤངས་དེར་ནི་འཚང་རྒྱ་ཞིང་། །སྤྲུལ་པ་དག་གིས་འདིར་འཚང་རྒྱ། །ཞེས་གསུངས་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་ནི་དབང་ཕྱུག་ཆེན་པོའི་ ལྷའི་འཇིག་རྟེན་དུ་སྐྱེས་ཤིང་གནས་པ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤེས་རབ་ཀྱི་ཁྱད་པར་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཉིད་དོ་ཞེས་གསུངས་པ་དག་གཟུང་བར་བྱའོ། །སངས་རྒྱས་དེ་ཉིད་དོན་གྱི་ཁྱད་པར་གང་གིས་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་སྒྲར་ བརྗོད་པར་བྱ་བ་དེ་དག་ཀྱང་བསྟན་པར་བྱ་སྟེ། ཆོས་རྣམས་མཚན་ཉིད་ཐ་དད་པས། །བསྐྱེད་དང་དགག་པ་མ་མཛད་པར། །མཉམ་པ་ཉིད་ཀྱིས་མཉམ་ཉིད་དང་། །བདག་གཞན་བདག་ཉིད་མཉམ་པ་ཉིད། །དམིགས་མེད་ཉིད་དུ་རྫོགས་རྒྱས་ཤིང་། །རྫོགས་སངས་རྒྱས་མེད་སངས་རྒྱས་ པས། །ལྷ་མིར་བཅས་པའི་འཇིག་རྟེན་ན། །དེ་ནི་རྫོགས་སངས་རྒྱས་ཞེས་བརྗོད། །ཅེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། ཚ་བ་ཉིད་དང་། ཡང་ཞིང་གཡོ་བ་ཉིད་ལ་སོགས་པའི་དབྱེ་བས་ཐ་དད་པ་དུ་མ་དག་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་མཉམ་ 98-123b པ་ཉིད་དུ་ཐུགས་སུ་ཆུད་ཅིང་བསྐྱེད་པ་དང་། དགག་པ་མ་མཛད་པར་བདག་དང་། གཞན་དང་། གཉི་ག་དང་། རྒྱུ་མེད་པ་དང་། ཡོད་པ་དང་། མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་དང་། བདག་དང་གཞན་གྱི་བདག་ ཉིད་མཉམ་པ་ཉིད་ཀྱང་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་མེད་པས་ཤེས་བྱ་དང་། ཤེས་པ་དབྱེར་མེད་པའི་ཚུལ་གྱིས། དམིགས་པ་མེད་པ་ཉིད་དུ་རྫོགས་པར་སངས་རྒྱས་ཤིང་རྫོགས་པར་སངས་རྒྱས་པ་མེད་པའི་ཚུལ་དུ་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་ལྷ་དང་མིར་བཅས་ པའི་འཇིག་རྟེན་ན་དེ་ནི་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཆོས་རྣམས་བསལ་དང་གཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་འཇིག་པའི་བདག་ཉིད་མ་ཡིན་ པས་བསལ་བ་མེད་པའི་ཕྱིར་དང་། ཐེར་ཟུག་ཏུ་གནས་པའི་བདག་ཉིད་མ་ཡིན་པས་གཞག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་གནས་པ་ཉིད་ཡིན་པས་དེ་ལ་ཅུང་ཟད་ཀྱང་སེལ་བ་དང་གཞོག་པར་མི་མཛད་པར་ཆོས་ཉིད་ཇི་ལྟ་བ་དེ་ བཞིན་དུ་མཁྱེན་པའི་ཕྱིར་དེ་བཞིན་མཁྱེན་པ་ཞེས་བྱའོ། །ཡང་ན་དེ་བཞིན་བཞུད་པའི་ཕྱིར་དེ་བཞིན་གཤེགས་པ་སྟེ། གང་གི་ཕྱིར་དེ་ནི་ཆོས་ཉིད་དེ་ལས་མ་གོལ་བར་ངོ་བོ་ཉིད་མེད་པར་མཉམ་པ་ཉིད་དུ་རྟོགས་པར་གཤེགས་པར་གྱུར་པ་དེའི་ཕྱིར་དེ་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །དེ་ཉིད་ཀྱི་རྣམ་ གྲངས་གཞན་བརྗོད་པར་བྱ་བ་ཉིད་བསྟན་པའི་ཕྱིར། རྟོགས་བྱ་གཏན་དང་མ་ལུས་དང་། །མཐར་ལྷུང་རྣམ་པར་སྤངས་པ་དག །རྟོག་མེད་ཚུལ་གྱིས་རྟོགས་པ་ཡིས། །བདེ་གཤེགས་ཕྱིར་ནི་བདེ་བར་གཤེགས། །ཞེས་བྱ་བ་སྨྲས་ཏེ། འདིར་གཏན་དུ་ཞེས་བྱ་བའི་སྒྲ་འདིས་ནི་ཡང་བཟླས་མི་དགོས་པའི་ དོན་བསྟན་ཏེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །མ་ལུས་པར་ཞེས་བྱ་བའི་སྒྲ་འདིས་ནི་མཐའ་དག་གི་དོན་བསྟན་ཏེ། བུམ་པ་གང་བ་བཞིན་ནོ། །མཐར་ལྷུང་བ་རྣམ་པར་སྤངས་པ་ཞེས་བྱ་བའི་སྒྲ་འདིས་ནི་ལེགས་པའི་དོན་བསྟན་ཏེ་གཟུགས་བཟང་བ་བཞིན་ནོ། །གཤེགས་ཞེས་བྱ་བའི་སྒྲ་ 98-124a ནི་རྟོགས་པ་དང་སོང་བའི་དོན་རྣམ་པ་གཉིས་སུ་འདྲེན་ཏེ། དེ་ལ་རྟོགས་པ་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་ཤེས་བྱ་གཏན་དུ་དང་། མ་ལུས་པར་དང་། མཐར་ལྷུང་བ་རྣམ་པར་སྤངས་པ་དག་རྟོག་པ་མེད་པའི་ཚུལ་གྱིས་རྟོགས་པར་གཤེགས་ཤིང་རྟོགས་པའི་ ཕྱིར་ན་བདེ་བར་གཤེགས་པ་ཞེས་བྱའོ། །སོང་བ་ནི་ལམ་གཏན་དུ་ལེགས་པར་བསྒོམས་པའི་ཕྱིར་ལས་དང་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ཉིད་ལ་སོགས་པའི་རྣམ་པ་དག་མ་ལུས་པར་ཡོངས་སུ་ཟད་པས་སྲིད་པར་འགྲོ་བ་དག་ཏུ་མཐར་ལྷུང་བ་མེད་པར་ཡང་དག་པར་དྲུངས་ཕྱུང་བའི་ཕྱིར་གཤེགས་པ་མེད་པའི་ཚུལ་གྱིས་བླ་ན་མེད་པའི་ཆོས་ཀྱི་སྐུའི་གནས་སུ་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །གཞལ་མེད་གཞལ་ཡས་རྟོགས་པའི་ཕྱིར། །གྲངས་མེད་གཟུང་དུ་མེད་པའི་ཕྱིར། །བསམ་ཡས་སེམས་ཡུལ་མ་ཡིན་ཕྱིར། །བསྟན་མིན་བསྟན་དུ་མེད་པའི་ཕྱིར། །ཞེས་བྱ་བ་ལ་ འདིར་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་སངས་རྒྱས་སྔར་བསྟན་པ་དེ་ནི་ཆོས་ཅན་ནོ། །དེ་ནི་གཞལ་དུ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཆོས་སོ། །གཞལ་ཡས་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེ་ལ་རྟོགས་པར་བྱ་བའི་ཆོས་ ཀྱི་དབྱིངས་མུ་མེད་པའི་མཚན་ཉིད་གཞལ་ཡས་པ་མངའ་བའི་ཕྱིར་རོ། །ནམ་མཁའ་བཞིན་ནོ་ཞེས་འོག་ནས་འབྱུང་བ་ནི་དཔེ་ཡིན་ནོ། །དེ་ཉིད་གྲངས་མེད་པ་ཡིན་ཏེ། གཟུང་དུ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ནི་དམིགས་སུ་མེད་པའི་ཕྱིར་གཟུང་དུ་མེད་དོ། །དམིགས་སུ་ཡོད་པའི་ རྫས་ལ་ནི་གཅིག་ལ་སོགས་པའི་གྲངས་སུ་བརྗོད་པས་གཟུང་དུ་ཡོད་པར་འགྱུར་གྱི། དེ་ནི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་བསམ་ཡས་པ་ཡིན་ཏེ། རྣམ་པར་ཤེས་ པའི་ཚོགས་དྲུག་པོ་དག་གི་སེམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱང་མ་ཡིན་ཞིང་དེ་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པས་མ་ཡིན་ལ། གཉི་གར་ཡང་ཐ་སྙད་གདགས་སུ་མེད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བ་ཡང་མ་ཡིན་ཏེ། བསྟན་དུ་མེད་པའི་ཕྱིར་རོ། །དེ་ལ་ 98-124b རིགས་མཐུན་པའི་དོན་གཞན་མེད་པས་དཔེར་ན། འདི་ལྟ་བུ་ཞེས་དཔེ་བསྟན་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བརྟག་མེད་དེ་ནི་འདིའོ་ཞེས། །རྣམ་ཀུན་བརྟག་ཏུ་མེད་པའི་ཕྱིར། །ཞེས་བྱ་བ་ཡང་དེ་ནི་བརྟག་པར་བྱ་བ་མ་ཡིན་ཏེ། དེ་ནི་འདིའོ་ཞེས་རྣམ་པ་ཀུན་དུ་བརྟག་ཏུ་མེད་ པའི་ཕྱིར་རོ། །འདི་ལྟར་ཁ་དོག་དང་དབྱིབས་དག་ལ་ནི་དེ་ནི་འདིའོ་ཞེས་བརྟག་ཏུ་རུང་གི །དེ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་མ་ཡིན་པའི་ཕྱིར་སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་པོ་དང་རིང་པོ་དང་ཐུང་ངུ་དང་། མཐོན་པོ་དང་། དམའ་བ་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱིས་ བརྟག་པར་མི་ནུས་པའི་ཕྱིར་རོ། །གསལ་མིན་གསལ་བྱེད་མེད་པའི་ཕྱིར། །ཞི་བ་གནོད་པ་མེད་པའི་ཕྱིར། །ཞེས་བྱ་བ་ཡང་དེ་ནི་གསལ་བར་བྱ་བ་མ་ཡིན་ཏེ། གསལ་བྱེད་མེད་པའི་ཕྱིར་རོ། །གསལ་བྱེད་ཅེས་བྱ་བ་ནི་སྐྱེ་བ་དང་གནས་པ་དང་། འཇིག་པ་དག་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་ཞེས་བྱ་བ་དངོས་པོ་གཞན་གསལ་བར་བྱེད་པ་དག་སྟེ། དེ་ལ་དེ་དག་མེད་པས་དེའི་ཕྱིར་གསལ་བར་བྱ་བ་མ་ཡིན་ནོ། །དེ་ནི་ཞི་བ་ཡིན་ཏེ། གནོད་པ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ནི་སྐྱེ་བ་དང་། རྒས་པ་དང་། འཆི་བ་ལ་སོགས་པའི་གནོད་པ་མ་ལུས་པ་དང་ བྲལ་བའི་ཕྱིར་རོ། །བརྟག་པར་བརྗོད་དེ་སྣང་མེད་པའི། །བདག་ཉིད་ཉིད་ཀྱིས་རྣམ་ཀུན་དུ། །རྣམ་རྟོག་མེད་པས་རྟག་ཕྱིར་དང་། །རྟག་ཏུ་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་བྱ་བ་ཡང་དེ་ནི་རྟག་པར་བརྗོད་པ་ཡིན་ཏེ། སྣང་བ་མེད་པའི་བདག་ཉིད་ཉིད་ཀྱིས་རྣམ་པ་ཀུན་ཏུ་རྣམ་པར་རྟོག་པ་མེད་ པས་རྟག་པའི་ཕྱིར་རོ། །འདི་ལྟར་གཟུགས་ཀྱི་མཐའ་ནི་རྡུལ་ཕྲ་རབ་ཀྱི་ཆ་ཤས་སུ་སྣང་བ་མེད་པར་འགྱུར་ལ། རྡུལ་ཕྲ་རབ་ཀྱི་མཐའ་ཕྱོགས་ཆ་ཐ་དད་པའི་ཕྱིར་ནི་མཐར་སྣང་བ་མེད་པར་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དག་གི་གནས་པའི་མཐའ་ནི་སྐད་ཅིག་མར་འཇུག་པ་ཡིན་ ལ། དེ་ཡང་སྔོན་དང་བར་དང་ཐ་མའི་དུས་ཀྱི་བྱེ་བྲག་གིས་ཤིན་ཏུ་ཆ་ཕྲ་བའི་ཕྱིར་སྣང་བ་མེད་པ་ཉིད་དུ་འགྱུར་ལ། ཆོས་ཀྱི་དབྱིངས་དེ་ལ་དེའི་དངོས་པོ་མེད་པའི་ཕྱིར་ཅི་ཞིག་རྟོག་ན་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བར་འགྱུར། རྣམ་པར་རྟོག་པ་སྐྱེ་བ་མེད་ན་ངོ་བོ་ཉིད་ཀྱིས་འཇིག་པ་མེད་པའི་ཕྱིར་ 98-125a དེ་ནི་རྟག་པ་ཡིན་པར་བརྗོད་དོ། །ཡང་ན་དེ་ནི་གང་གི་ཕྱིར་རྟག་ཏུ་སེམས་ཅན་གྱི་དོན་རབ་ཏུ་སྒྲུབ་པའི་ཕྱིར་ཡང་རྟག་པར་བརྗོད་དེ། འདི་ལྟར་མདོ་སྡེ་དག་ལས། ནམ་མཁའི་མཐའ་ཅི་ཙམ་པ་སེམས་ཅན་གྱི་མཐའ་དང་། ལས་དང་ཉོན་མོངས་པའི་མཐའ་ཡང་དེ་ཙམ་པར་ འཁོར་བའི་མཐའ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ་དག་གིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རྟག་པར་གསུངས་པ་ལྟ་བུའོ། །ཞི་བ་ངོ་བོ་ཉིད་སྟོང་ཕྱིར། །མཚན་མ་མེད་པ་དངོས་མེད་ཕྱིར། །མཚན་མ་ཉིད་དུ་མི་འགྲོ་དང་། །མཚན་མ་མེད་ཕྱིར་དེ་ཡང་ ཡིན། །ཞེས་བྱ་བ་ནི་མཚན་ཉིད་ཇི་སྐད་བསྟན་པའི་སངས་རྒྱས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ནི་ཞི་བ་ཡང་ཡིན་ཏེ། ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །འདི་ལྟར་ངོ་བོ་ཉིད་དུ་རྟོག་པ་ཡོད་ན་འབྱུང་བ་དང་འཇིག་པ་དང་། འགྲོ་བ་དང་འོང་བ་དང་། ཚིག་འཇུག་པ་ལ་སོགས་པའི་བྱ་བ་རྒྱུན་མི་འཆད་ པའི་ཕྱིར་དངོས་པོ་རྣམས་བྱ་བ་དང་བཅས་པ་ལྟ་བུར་ངེས་པར་གཟུང་དུ་རུང་གི །ངོ་བོ་ཉིད་སྟོང་པ་ཉིད་ལ་ནི་བྱ་བ་ཐམས་ཅད་དང་བྲལ་བའི་ཕྱིར་བྱ་བ་ཅུང་ཟད་ཀྱང་མེད་པས་དེའི་ཕྱིར་དེ་ནི་ངོ་བོ་ཉིད་སྟོང་པའི་ཕྱིར་ཞི་བ་ཡིན་ནོ། །དེ་ནི་མཚན་མ་མེད་པ་ཡང་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མེད་པའི་ཕྱིར་ རོ། །འདི་ལྟར་ངོ་བོ་ཉིད་མེད་པ་ཁོ་ནའི་ཕྱིར་ཡོད་པ་དང་། མེད་པ་ལ་སོགས་པའི་མཚན་མར་རྟོག་པར་མི་འཇུག་པའི་ཕྱིར་རོ། །ཡང་ན་དེ་ནི་མཚན་མ་མེད་པ་ཡང་ཡིན་ཏེ། མཚན་མ་མེད་པ་ཉིད་དུ་མི་འགྲོ་བའི་ཕྱིར་དང་། མཚན་མ་མེད་པའི་ཕྱིར་ཏེ། དེ་ནི་གཞན་གང་ལ་ཡང་མཚན་མའི་ ངོ་བོ་ཉིད་དུ་མི་འགྲོ་བའི་ཕྱིར་དང་། རང་ཡང་མཚན་མར་རྟོག་པར་མི་བྱེད་པའི་ཕྱིར་རོ། །མཚན་མ་མེད་ཕྱིར་སྣང་བ་མེད། །སྣང་མེད་ཕྱིར་ཡང་མཚན་མ་མེད། །མཚན་མ་མེད་ཅིང་སྣང་མེད་པ། །ལྟ་འདོད་བདག་ཉིད་གྲོལ་བས་མཐོང་། །ཞེས་བྱ་བ་ནི་གང་ཁོ་ནའི་ཕྱིར་དེ་མཚན་མ་མེད་པ་དེ་ཁོ་ ནའི་ཕྱིར་སྣང་བ་མེད་པ་ཡིན་ཏེ། རྟག་པ་དང་མི་རྟག་པ་དང་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མའི་ངོ་བོ་ཉིད་དུ་སྣང་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་སྣང་བ་མེད་པ་དེའི་ཕྱིར་ཡང་མཚན་མ་མེད་པ་ཉིད་ཡིན་ནོ། །གང་དག་དེ་མཐོང་བར་འདོད་པའི་རྣལ་འབྱོར་པ་གྲོལ་བའི་བདག་ཉིད་ཅན་དེ་དག་ 98-125b གིས་ཀྱང་སངས་རྒྱས་དེ་མཚན་མ་མེད་པ་དང་སྣང་བ་མེད་པ་ཉིད་དུ་མཐོང་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས་ནི་དེ་བཞིན་གཤེགས་པ་གཟུགས་ལས་མི་མཐོང་སྟེ། མཚན་མ་ལས་མི་མཐོང་། ཡོན་ཏན་ལས་མི་མཐོང་། ཆོས་ལས་མི་མཐོང་། ཆོས་ མ་ཡིན་པ་ལས་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །མི་གནས་མཚན་མ་མེད་པའི་ཕྱིར། །རྣམ་པར་མི་རྟོག་མི་གནས་ཕྱིར། །སྤྲོས་མེད་རྣམ་པར་མི་རྟོག་ཕྱིར། །དམིགས་མེད་དེར་འཛིན་མེད་པའི་ཕྱིར། །ཞེས་བྱ་བ་ཡང་སངས་རྒྱས་དེ་ནི་མི་གནས་པ་ཡིན་ཏེ། མཚན་ མ་མེད་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་ལ་ནི་གཟུགས་སུ་རུང་བ་དང་མྱོང་བ་དང་མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་ལ་སོགས་པའི་མཚན་མ་འགའ་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དེ་ནི་རྣམ་པར་མི་རྟོག་པ་ཡིན་ཏེ། མི་གནས་པའི་ཕྱིར་ རོ། །མི་གནས་ན་ཅི་ཞིག་ལ་རྣམ་པར་རྟོག་པར་འགྱུར་ཏེ། དེའི་ཕྱིར་དེ་ཉིད་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་ནི་སྤྲོས་པ་མེད་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི་ལྟར་རྣམ་པར་རྟོག་ན་ཇི་ལྟར་རྣམ་པར་རྟོག་པའི་དངོས་པོ་ལ་ཚིག་འཇུག་པ་ནི་སྤྲོས་པ་ཡིན་ན་རྣམ་པར་རྟོག་པ་མེད་པ་ལ་ནི་ སྤྲོས་པ་མེད་པའི་ཕྱིར་རོ། །དེ་ནི་དམིགས་པ་མེད་པ་ཡིན་ཏེ། དམིགས་པ་དེར་འཛིན་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཁོ་ནའི་ཕྱིར་དམིགས་པར་འཛིན་པར་མི་བྱེད་དོ། །ཇི་སྐད་བསྟན་པའི་སྐབས་ཀྱིས་སངས་རྒྱས་དེ་ཉིད་ཀྱང་ཇི་སྐད་བསྟན་པའི་ཚུལ་གྱིས་ན། སྐྱེ་བ་མེད་པ་རྣམ་ པ་མེད། །འགྱུར་བ་མེད་པ་འོད་གསལ་བ། །མཉམ་པ་མི་མཉམ་མུ་མེད་པ། །རྣམ་པར་མི་རྟོག་མཚན་ཉིད་མེད། །ཅེས་བྱ་བ་དག་ཡིན་ཏེ། སྐྱེ་བ་མེད་པ་ཞེས་བྱ་བ་ནི་ཤེས་བྱའི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པས་བློ་སྐྱེ་བ་མེད་པའི་ཕྱིར་རོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་ བདག་ཉིད་མ་ཡིན་པའི་ཕྱིར་རོ། །འགྱུར་བ་མེད་པ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །འོད་གསལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་མུན་པ་དང་བྲལ་བའི་ཕྱིར་རོ། །མཉམ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ཆོས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་ 98-126a རོ། །མི་མཉམ་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་དག་དང་མི་མཉམ་པའི་ཕྱིར་རོ། །མུ་མེད་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་མངོན་སུམ་གྱི་མཚན་ཉིད་ཡིན་པས་རྟོག་པ་དང་རྗེས་སུ་ དྲན་པའི་རྣམ་པར་རྟོག་པ་དག་མི་འཇུག་པའི་ཕྱིར་རོ། །མཚན་ཉིད་མེད་པ་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་དག་གིས་མཚོན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་དག་ཕྱོགས་སུ་བྱས་ནས་སྔར་བསྟན་པའི་གཏན་ཚིགས་རྣམས་དང་སྦྱར་ནས། མཁའ་བཞིན་དེ་ལ་ལྟ་མེད་ པར། །བདག་ཉིད་ཆེན་པོ་དེ་དག་བལྟ། །ཞེས་བྱ་བས་ཕྱོགས་དང་ཕྱོགས་ཀྱི་ཆོས་སྔར་བསྟན་པ་ཐམས་ཅད་ཀྱི་ཆོས་མཐུན་པའི་དཔེ་ནམ་མཁའ་བཞིན་ཞེས་བྱ་བ་འདི་དང་སྦྱར་ཏེ། སངས་རྒྱས་དེ་ལྟ་བུ་དེ་ལ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་དཔག་ཏུ་མེད་པ་ཡང་དག་པར་ཉེ་བར་བསགས་པ་བདག་ཉིད་ཆེན་པོ་དེ་དག་ལྟ་བ་མེད་པའི་ཚུལ་གྱིས་ལྟ་བར་བྱེད་དོ་ཞེས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ་སྟེ། གང་དག་རྣམ་པར་མི་རྟོག་པའི། །གནས་པས་ལྷུན་གྲུབ་དྲི་མ་མེད། །འདུད་ པར་བྱེད་དང་ཡིད་བྱེད་དང་། །བརྗོད་ལ་སོགས་པ་བསལ་བ་དག །མགོན་པོ་ལ་ནི་ཕྱག་འཚལ་བ། །དེ་དག་ལ་ཡང་གུས་ཕྱག་འཚལ། །ཞེས་བྱ་བ་ནི་གང་དག་ལ་ལྷའི་གནས་པ་བསམ་གཏན་བཞི་དང་། ཚངས་པའི་གནས་པ་ཚད་མེད་པ་བཞི་སྔར་གོམས་པར་བྱས་ནས་འཕགས་པའི་ གནས་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་བདག་ཉིད་རྣམ་པར་མི་རྟོག་པའི་གནས་པས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ལས་སྐྱེས་པའི་དྲི་མ་མེད་པའི་མིག་ཡོད་པ་དེ་དག་ནི་ཇི་སྐད་བསྟན་པ་དག་ཡིན་ནོ། །འདུད་པར་བྱེད་པ་ཞེས་བྱ་བ་ནི་ལུས་ཀྱི་ཐལ་མོ་སྦྱོར་བ་ ལ་སོགས་པའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་ཡིད་ཉིད་དོ། །བརྗོད་ཅེས་བྱ་བ་ནི་བསྟོད་ར་ལ་སོགས་པའི་ཚིག་བརྗོད་པའོ། །ཐབས་ལ་མཁས་པས་ཀུན་རྫོབ་ཏུ་ལས་རྣམ་པ་གསུམ་པོ་དེ་དག་ལ་སོགས་པ་བྱེད་དུ་ཟིན་ཀྱང་དོན་དམ་པར་བྱེད་པ་པོ་མེད་པའི་ཕྱིར། སུས་ 98-126b ཀྱང་ལས་དེ་བྱས་པ་མེད་པའི་ཕྱིར་ལས་སུ་རྟོག་པ་བསལ་བ་དག །ཇི་སྐད་བསྟན་པའི་སྟོན་པ་མགོན་པོ་ལ་རྣམ་པ་དེ་ལྟ་བུས་ཕྱག་འཚལ་བ་དེ་དག་ལ་ཡང་ཁོ་བོས་གུས་པར་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་ པའི་ཡེ་ཤེས་ཤིན་ཏུ་གོམས་པར་བྱས་པ་འདོད་པ་ཙམ་གྱིས་རྟོགས་པར་བྱ་བ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་དེ་དག་ལ་ཡང་གུས་པར་ཕྱག་འཚལ་བ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པ་འཇིག་རྟེན་གྱི་མགོན་པོ་གཅིག་ པུ་དེ་ལ་གུས་པར་ཕྱག་འཚལ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་སྟོན་ཏོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་གཅིག་པ། གལ་ཏེ་རྣམ་པ་དེ་ལྟ་བུ་ཡིན་ན་ཇི་ལྟར་དེ་སངས་རྒྱས་དང་བདེ་བར་གཤེགས་པ་ལ་སོགས་པའི་ཚིག་ཏུ་བརྗོད་པ་ཉིད་དུ་ རུང་ཞེ་ན། བཤད་པ། སངས་རྒྱས་ལ་སོགས་སྒྲོ་བཏགས་པས། །སྒྲུབ་དང་རྗེས་སུ་མཐུན་པར་བསྟན། །དེ་ཉིད་དུ་ན་རྣམ་ཀུན་ཏུ། །རྣམ་བརྟག་མིན་ཕྱིར་བརྗོད་མི་འདོད། །ཅེས་བྱ་བ་ནི་རྟོག་པ་མེད་པའི་ཚུལ་གྱིས་རྟོགས་པ་ཉིད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པ་དག་གིས་ སངས་རྒྱས་ལ་སོགས་པའི་ཚིག་ཏུ་བརྗོད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟོགས་པའི་ཕྱིར་སངས་རྒྱས་དང་བགྲོད་པར་བྱ་བར་ལེགས་པར་གཤེགས་པའི་ཕྱིར། བདེ་བར་གཤེགས་པ་དང་། དེ་བཞིན་དུ་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་དང་། བསོད་ ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་དག་པར་ཉེ་བར་བསགས་པ་སྐལ་བ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་དང་། མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་དང་། གཞན་གྱི་དྲིང་མི་འཇོག་པར་མཁྱེན་པའི་ཕྱིར་རང་བྱུང་དང་། བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་རྒྱལ་བ་དང་། སྐུ་ དང་གསུང་དང་ཐུགས་ཐུབ་པའི་ཕྱིར་ཐུབ་པ་ཞེས་བྱ་བ་ལ་སོགས་པ་དག་ཏུ་སྒྲོ་བཏགས་པས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། ཡེ་ཤེས་ཞེས་བྱ་བ་དག་གི་སྒྲུབ་པ་དང་རྗེས་སུ་མཐུན་པར་བསྟན་པར་ཟད་ཀྱི། དོན་དམ་པར་དེ་ཉིད་དུ་རྣམ་པ་ཀུན་ཏུ་རྣམ་པར་བརྟག་ 98-127a པར་བྱ་བ་མ་ཡིན་པའི་ཕྱིར། །བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དོ། །ཇི་ལྟར་རྣམ་པར་བརྟགས་པའི་དངོས་པོ་ལ་ནི་རྣམ་པའི་ཁྱད་པར་དག་སྒྲོ་བཏགས་ནས་བརྗོད་པར་བྱ་བ་དག་ཏུ་སྦྱར་དུ་རུང་གི །འདི་ནི་ཡུལ་ཉིད་དུ་རྣམ་པར་བརྟག་པར་བྱ་བ་མ་ཡིན་པ་ཁོ་ནའི་ ཕྱིར། འདི་ལ་ཚིག་དག་ལྡོག་འགྱུར་ཞིང་། །འདི་ནི་སེམས་ཀྱི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཀྱི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བའི་སྒྲ་ནི་དེ་ཉིད་དང་ཡེ་ཤེས་གཉི་ག་ལ་སྙེགས་ཏེ། དམིགས་པ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་ཀྱིས་དེ་ཉིད་དང་ཡེ་ཤེས་གཉིས་ཐ་མི་དད་པའི་ཕྱིར་རོ། །འདི་ལ་ཀུན་རྟོག་ལྡོག་འགྱུར་ཞིང་། །ཤེས་པ་འཇུག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་དང་། རྟོག་གེའི་ཡུལ་མ་ ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །གྲངས་མེད་བསོད་ནམས་ཚོགས་ལྡན་ཞིང་། །ཤེས་བྱ་མཐའ་ཡས་མཁྱེན་གྱུར་པའི། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་འདི། །སྤྲོས་པ་ཉེར་ཞི་ཞི་བ་ཡིན། །ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་ཀྱི་ཚོགས་ཡང་ དག་པར་བསགས་པ་དང་ལྡན་ཞིང་ཤེས་བྱ་དུས་གསུམ་དང་བརྗོད་པར་བྱ་བ་མ་ཡིན་པ་དང་། འདུས་མ་བྱས་པ་མཐའ་ཡས་པ་དག་ལེགས་པར་མཁྱེན་པར་གྱུར་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། ཡེ་ཤེས་ཀྱི་སྐད་ཅིག་མ་སྐྱེ་བ་མེད་པའི་ངོ་བོ་ཉིད་ གང་ཡིན་པ་སངས་རྒྱས་སུ་བསྟན་པ་དེ་ཉིད་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། འདི་ནི་ཚིག་ཏུ་བརྗོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་སྤྲོས་པ་ཉེ་བར་ཞི་བ་ཡིན་ལ། རང་ ཉིད་བསྙེངས་པ་དང་བྲལ་བའི་ཕྱིར་དང་། གཞན་དག་གི་འཇིགས་པ་སེལ་བའི་ཕྱིར་ཞི་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོ་ལས། ཡང་དག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། དེ་ནི་མིག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའོ། ། 98-127b དེ་ནི་སྐུ་མེད་པ་དང་། མ་བྱས་པ་དང་། མ་བྱུང་བ་དང་། མ་འགགས་པ་དང་། འདུས་པ་ལས་མ་བྱུང་བ་དང་། མ་སྐྱེས་པ་དང་། མ་བཞུགས་པ་དང་། མངོན་པར་མ་གྲུབ་པ་དང་། མཐའ་ཡས་པ་དང་། མུ་མེད་པ་དང་། ཞི་བ་དང་། རབ་ཏུ་ཞི་བའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་ གསུངས་པ་ལྟ་བུའོ། །དེ་ཉིད་རིགས་པས་བསྒྲུབ་པར་བྱ་སྟེ། ཤ་ཡི་མིག་གིས་དེ་བལྟ་མིན། །ལྷ་ཡི་མིག་གིས་བལྟ་མ་ཡིན། །རྟོག་བཅས་རྣམ་རྟོག་མེད་པ་ཡི། །ཤེས་པས་ཀྱང་ནི་མཐོང་བར་དཀའ། །ཞེས་བྱ་བ་ནི་གང་དག་དེ་བཞིན་གཤེགས་པ་ནི་ཐག་རིང་བ་དང་བསྒྲིབས་པའི་ ཕྱིར་མི་མཐོང་ངོ་སྙམ་དུ་རྟོག་པ་དང་། གཞན་དག་དེ་བཞིན་གཤེགས་པ་དེ་ཐག་ཉེ་ན་མཐོང་ངོ་སྙམ་དུ་རྟོག་པ་དེ་དག་གི་ཕྱིར་ཤའི་མིག་གིས་དེ་བལྟ་བ་མ་ཡིན་པ་ཉིད་ཀྱིས་ཡུལ་ན་མི་གནས་པ་ཉིད་དུ་སྟོན་ཏེ། ཤའི་མིག་དྲི་མ་མེད་པ་ནི་བསྒྲིབས་པ་དང་སྐལ་བ་དག་ལ་ཡང་འཇུག་ པའི་ཕྱིར་རོ། །ལྷའི་མིག་གིས་བལྟ་བ་མ་ཡིན་པ་ཉིད་ནི་དེ་ལ་གཟུགས་ཆ་ཕྲ་བ་ཡང་མེད་པའི་ཕྱིར་ཏེ། ལྷའི་མིག་གིས་ནི་སྲིད་པ་བར་མའི་ཕུང་པོ་ཤིན་ཏུ་ཆ་ཕྲ་བ་ཡང་མཐོང་བའི་ཕྱིར་རོ། །རྟོག་པ་དང་བཅས་པ་ནི་རྗེས་སུ་དཔག་པའི་ཤེས་པ་སྟེ། རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་ པ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ནི་མངོན་སུམ་གྱི་ཤེས་པ་སྟེ། དངོས་པོ་ཙམ་ལ་དམིགས་པའི་ཕྱིར་རོ། །ཤེས་པ་དེ་ཉིད་ཀྱིས་ཀྱང་མཐོང་བར་དཀའ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཤེས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར། མཐོ་རིས་སྡིག་ཅན་ ཡུལ་མིན་དང་། །ཉོན་མོངས་མེད་པ་དེ་བཅས་མིན། །ཉི་མ་དམུས་ལོང་ཡུལ་མིན་ལྟར། །དེ་ཡང་རྟོག་གེའི་སྤྱོད་ཡུལ་མིན། །ཞེས་བྱ་བ་ལ་མཐོ་རིས་ཞེས་བྱ་བའི་ཚིག་གི་ཕྲད་ནི་བདག་གིར་འཛིན་པའི་ཚིག་ཡིན་ཏེ། དེ་དང་བྲལ་བའི་ཕྱིར་མཐོ་རིས་ཏེ་ལྷའི་གནས་སོ། །དེ་ནི་དགེ་བའི་ ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་སྡིག་ཅན་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཀྱང་མ་ཡིན་ན་དེ་དག་གི་སྤྱོད་ཡུལ་དུ་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཉོན་མོངས་པ་ཞེས་བྱ་བ་ནི་འཁོར་བའི་ཉེས་རྩོམ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། ཉོན་མོངས་པ་རྣམས་སོ། །ཉོན་མོངས་པ་མེད་པ་ནི་དེ་ 98-128a དག་སྐྱེ་བར་བྱ་བའི་བསམ་གཏན་ནོ། །དེ་ནི་ཉོན་མོངས་པ་དེ་དང་བཅས་པ་རྣམས་ཀྱིས་སྐྱེད་པར་མི་ནུས་སོ། །ཉི་མ་ནི་དམུས་ལོང་རྣམས་ཀྱིས་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་ཏེ། དེ་དག་གི་ཡུལ་མ་ཡིན་པ་དེ་བཞིན་དུ་ཆོས་ཀྱི་སྐུ་དེ་ཡང་རང་དང་གཞན་གྱི་སྡེ་པའི་ རྟོག་གེ་པ་འབད་པའི་བློ་གྲོས་ཅན་རྣམས་ཀྱིས་རྗེས་སུ་དཔག་པས་ཀྱང་མཐོང་བར་མི་ནུས་ཏེ། དེ་དག་གི་སྤྱོད་ཡུལ་མ་ཡིན་ནོ། །ཅིའི་ཕྱིར་དེ་དག་གིས་མི་མཐོང་ཞེ་ན། གང་གི་ཕྱིར་དེ་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལས་གཞན་མིན་གཞན་མ་ཡིན། །ཞེས་བྱ་བ་ལ་དེ་ནི་ གཟུགས་ལ་སོགས་པ་བཞིན་དུ་ཡོད་པ་མ་ཡིན་ཏེ། ཡོད་པའི་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མེད་པ་ཡང་མ་ཡིན་ཏེ། མེད་པའི་བློའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཡོད་མེད་ཀྱང་མ་ཡིན་ཏེ། གཉི་གའི་བློས་ངེས་པར་གཟུང་དུ་མེད་པའི་ཕྱིར་རོ། ། དེ་དག་ལས་གཞན་པ་ཡང་མ་ཡིན་ཏེ། ཡོད་པ་ལ་སོགས་པ་དག་ལས་གཞན་པའི་མཚན་ཉིད་མེད་པའི་ཕྱིར་རོ། །གཞན་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་རྣམ་གྲངས་ལས་དེ་ཉིད་ཡོད་པ་ལ་སོགས་པ་དག་ཏུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཇི་ལྟར་ཡོད་པ་ཉིད་ཡིན་ཞེ་ན། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་མེད་པ་ཉིད་ཡིན་ཞེ་ན། རྒྱུ་དང་རྐྱེན་གྱི་ཚོགས་པ་ཐ་དད་པ་དག་ལ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཇི་ལྟར་ཡོད་མེད་ཉིད་ཡིན་ཞེ་ན། གཉི་ག་དང་འབྲེལ་པ་ལས་ཉེ་བར་གདགས་པའི་ ཕྱིར་རོ། །མུ་སྟེགས་ཅན་དག་གིས་ཡོངས་སུ་བཏགས་པའི་བདག་དམ་པ་ཡང་རྣམ་པར་རྟོག་པ་མེད་པ་དང་། རྟག་པ་དང་འགྱུར་བ་མེད་པ་དེ་ལྟ་བུའི་རྣམ་པ་ཉིད་དུ་འདོད་ན་དེ་ལས་ཆོས་ཀྱི་སྐུ་འདི་ཁྱད་པར་ཅི་ཡོད་ཅེ་ན། དེ་ནི་དེ་དག་ནི་ཕྲ་བ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ཕྲ་བར་བསྟན་ ཅིང་ཆེན་པོ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ནི་ཆེན་པོར་བསྟན། གཅིག་པ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ནི་གཅིག་ཏུ་བསྟན། །ཐམས་ཅད་དུ་སོང་བའི་ཕྱིར་ནི་རིང་བ་དང་ཉེ་བ་ལ་ཁྱབ་པར་བསྟན་གྱི། ཆོས་ཀྱི་སྐུ་ནི། ཕྲ་བ་མ་ཡིན་ཆེན་པོ་མིན། །གཅིག་མིན་རིང་མིན་ཉེ་བའང་མིན། ། 98-128b ཞེས་བྱ་བ་ནི་དེ་ཡོན་ཏན་ཅན་མ་ཡིན་པའི་ཕྱིར་དང་ཡུལ་ན་མི་གནས་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་མི་རྟོག་པའང་སྐྱེས་བུར་སྨྲ་བ་དག་ནི་སྐྱེས་བུ་འགྲོ་བ་སྐྱེ་བའི་རྒྱུ་ཡིན་པར་འདོད་ལ། གཙོ་བོར་སྨྲ་བ་དག་ནི་གཙོ་བོ་འགྲོ་བ་མཐའ་དག་གསལ་བར་བྱེད་པའི་རྒྱུ་ཡིན་པར་འདོད་པས་ ཆོས་ཀྱི་སྐུ་ནི་དེ་དག་དང་མཚན་ཉིད་མི་འདྲ་བ་ཉིད་དུ་བསྟན་པའི་ཕྱིར། བཤད་པ། དེ་ལ་ཅུང་ཟད་ཇི་ལྟར་ཡང་། །སྐྱེ་བ་མེད་ཅིང་གསལ་བ་མེད། །ཅེས་བྱ་བ་ནི་དངོས་པོ་མེད་པ་ཉིད་ལ་རྒྱུ་ཉིད་དང་གསལ་བྱེད་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གྲོལ་བའི་བདག་ ཀྱང་འཇིག་རྟེན་གྱི་མཐར་སོང་ནས་འཇིག་རྟེན་འདུས་པ་ཞེས་བྱ་བའི་ཐར་པ་ན་གནས་ལ། སྐྱེས་བུ་མུན་པའི་མཐར་གྱུར་པ་མཐོང་ན་དེར་བག་ལ་ཞ་བར་འདོད་ཀྱི། འདི་ནི་བལྟ་བར་བྱ་བ་མ་ཡིན་ཞིང་མཐོང་བ་མེད་དེ། འདི་ལ་འགའ་ཡང་གནས་པ་མེད། །འགའ་ཡང་བག་ལ་ཞར་མི་འགྱུར། ། ཞེས་བྱ་བ་ནི་གྲོལ་བའི་ལམ་ཡང་དག་པར་བསྐྱེད་པ་དེ་ཡང་དེ་ཁོ་ན་བཞིན་དུ་སྣང་བ་མེད་པ་ན་རང་དང་གཞན་དམིགས་སུ་མེད་པའི་ཕྱིར་གར་ཡང་གནས་པ་དང་བག་ལ་ཞ་བར་འགྱུར་བ་མེད་དོ། །ཚངས་པར་སྨྲ་བ་དག་ཚངས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་དམ་པ་དང་། འགྲོ་བ་རྣམས་ཀྱི་ མེས་པོ་ཡིན་པར་འདོད་པས་དེ་ལས་འདིར་ཁྱད་པར་དུ་འཕགས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་བཤད་པ། ཚངས་ལ་སོགས་པ་གང་མི་རྟོགས། །དེ་ནི་ཚངས་པ་དམ་པ་ཡིན། །ཞེས་བྱ་བ་ནི་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་ཉིད་མཐོང་བའི་ མངོན་པའི་ང་རྒྱལ་དང་ལྡན་པ་དམིགས་པའི་ལྟ་བ་ཅན་དག་གིས་གང་མི་རྟོགས་པ་དེ་ནི་ཚངས་པ་དམ་པ་ཡིན་ཏེ། ཚངས་པ་ཞེས་བྱ་བའི་སྒྲ་འདི་སྐྱེ་དགུའི་བདག་པོ་དང་། མྱ་ངན་ལས་འདས་པ་གཉི་ག་ལ་ཡང་སྙེགས་མོད་ཀྱི་འདིར་ནི་མྱ་ངན་ལས་འདས་པ་ཉིད་ཡིན་པར་གཟུང་ངོ་། །དེ་ནི་དེ་ དག་གིས་རྟོགས་པར་མི་རིགས་ཏེ། དམིགས་པ་ཅན་གྱི་ཤེས་པས་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གང་དག་གིས་མི་བསླུ་བའི་ཚིག་གི་དབང་དུ་བྱས་ནས། བདེན་པ་ལས་ལྷག་པའི་ཆོས་མེད་དོ་ཞེས་ཟེར་བ་དེ་དག་ཀྱང་འདུས་བྱས་ཡིན་པའི་ཕྱིར་དང་། སྤྲོས་པ་དང་བཅས་པ་ 98-129a ཡིན་པའི་ཕྱིར་གཅིག་ཏུ་བདེན་པ་ཉིད་མ་ཡིན་པར་བསྟན་པའི་ཕྱིར་བཤད་པ། དེ་ནི་བདེན་པ་དམ་པ་ཞེས། །ཐུབ་པ་བདེན་པ་གསུང་བས་གསུངས། །ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པ་དེ་ནི་མ་ལོག་པ་ཉིད་ཡིན་པའི་ཕྱིར་གཅིག་ཏུ་བདེན་པ་དམ་པའོ་ཞེས་ཐུབ་ པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་བདེན་པ་གསུང་བ་ཉིད་ཀྱིས་རྡོ་རྗེ་གཅོད་པ་ལ་སོགས་པའི་མདོ་ལས། ཇི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་བརྫུན་ལ། ཅི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་མི་བརྫུན་ནོ་ཞེས་གསུངས་སོ། །ཚངས་པ་ཆེན་པོ་ནི་སྟོང་ལ་དབང་བསྒྱུར་བའི་ཕྱིར་གནས་པ་ཆེན་པོ་ཉིད་ཡིན་ ལ། དབང་ཕྱུག་ལ་སོགས་པ་དག་ནི་རང་གི་འཁོར་གྱིས་བསྙེན་བཀུར་བྱེད་པའི་ཕྱིར་གནས་པ་ཆེན་པོ་ཉིད་ཡིན་གྱི། འདི་ལ་ནི། འཕགས་པ་སྤྱན་རས་གཟིགས་དབང་དང་། །འཕགས་པ་བྱམས་པ་ལ་སོགས་པ། །མཁས་པ་ཐུབ་པ་མང་པོ་དག །བསྙེན་མེད་ཚུལ་གྱིས་དེ་ བསྙེན་བྱེད། །ཅེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཕགས་པ་བྱམས་པ་དང་། ཀུན་དུ་བཟང་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པས་ས་བཅུ་པའི་དབང་ཕྱུག་བརྙེས་པ་དམིགས་སུ་མེད་ པ་གོམས་པར་བསྒོམས་པས་དྲི་མ་མེད་པ། ངོ་བོ་ཉིད་ཀྱིས་དམིགས་པ་མེད་པ་ལ་མཁས་པ། ཐུབ་པ་མང་པོ་དག་ཀྱང་ལུས་དང་ངག་དང་ཡིད་ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུའི་ཕྱག་འཚལ་བ་དང་། བསྟོད་ར་དང་བསམ་པ་དག་གིས་དེ་ལ་བསྙེན་བཀུར་བྱ་བ་མེད་པའི་ཚུལ་གྱིས་བསྙེན་ བཀུར་བྱེད་དེ། བསྙེན་བཀུར་བྱ་བ་མེད་པ་ཉིད་བསྙེན་བཀུར་ཡིན་པའི་ཕྱིར་རོ། །གལ་ཏེ་སྤྲོས་པ་མེད་པ་དང་རྣམ་པར་མི་རྟོག་པ་ཐམས་ཅད་དུ་སོང་བ་ཡིན་ན། འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་ཁོ་ནའི་སྐུ་ཡིན་ལ་གཞན་དག་གི་མ་ཡིན་པར་ཤེས་པར་བྱ་ཞེ་ན། བཤད་པ། དེ་ལས་ དངོས་ཉིད་མིན་གཞན་དང་། །དེས་ནི་ཐུགས་སུ་ཆུད་པའི་ཕྱིར། །དེ་བཞིན་གཤེགས་པའི་སྐུར་འདོད་དེ། །གཞན་གྱི་མ་ཡིན་དེ་མ་རྟོགས། །ཞེས་བྱ་བ་ནི་དོན་དམ་པར་དེ་ཚིག་དང་བློའི་ཡུལ་མ་ཡིན་དུ་ཟིན་ཀྱང་། དེ་བཞིན་གཤེགས་པའི་ངོ་བོ་ཉིད་མཚན་དང་དཔེ་བྱད་བཟང་པོ་མངའ་ 98-129b བ་གང་ཡིན་པ་དེ་ཉིད་དེའི་ཡིན་པས། དེ་བཞིན་གཤེགས་པ་དེ་ལས་སྐུ་དེའི་དངོས་པོ་ཉིད་མི་གཞན་པའི་ཕྱིར་དེ་ནི་དེ་བཞིན་གཤེགས་པའི་སྐུ་ཡིན་པར་འདོད་དོ། །དེའི་དངོས་པོ་ཉིད་གང་ཞེ་ན། སྟོང་པ་ཉིད་དེ་ཇི་སྐད་དུ། སྟོང་པ་ཉིད་ལ་ཐ་དད་ཉིད། །ཅུང་ཟད་མེད་པར་རབ་ཏུ་ བསྟན། །སྟོང་ཉིད་དེ་ནི་གཅིག་ཉིད་དེ། །གང་གིས་སྟོང་ཉིད་དེ་མཐོང་བ། །དེས་ནི་སངས་རྒྱས་མཐོང་བར་འགྱུར། །སྟོང་པ་ཉིད་ལས་དེ་གཞན་མིན། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་ཡེ་ཤེས་ཀྱི་སྐད་ཅིག་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དེས་གཟུགས་ལ་སོགས་ པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཆོས་འདུས་པ་དག་དམིགས་སུ་མེད་པའི་སྒོ་ནས་དམིགས་པར་བྱ་བ་དང་། དམིགས་པ་མཉམ་པས་མཉམ་པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་པའི་ཕྱིར། དེ་དེ་བཞིན་གཤེགས་པ་ཁོ་ནའི་ སྐུ་ཡིན་པར་འདོད་ཀྱི་གཞན་སུའི་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པ་གཞན་དག་གིས་དེ་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་མ་རྟོགས་པའི་ཕྱིར་རོ། །སྐུ་གསུམ་རྣམ་པར་གཞག་པ་ཉིད་ཀྱང་སློབ་དཔོན་གྱིས་རང་གི་བསྟན་བཅོས་ཀྱི་སྐབས་སུ་འདི་སྐད་བཤད་དེ། འོག་མིན་གྱི་ཕོ་བྲང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སེམས་ཀྱི་མོད་ལ་དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་ཀྱི་བདག་ཉིད་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཉེ་བར་བསགས་པ་ལས་ངེས་པར་འཁྲུངས་པ་ཡིད་ བཞིན་གྱི་ནོར་བུའི་རྒྱལ་པོ་གཟུགས་སྣ་ཚོགས་ཅན་ལྟར་རྟོག་པ་མི་མངའ་བ། སྤྲོས་པ་ཐམས་ཅད་དང་བྲལ་བ། སྒྲིབ་པ་རྣམ་པ་གཉིས་སྤངས་པ། ས་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་གནས་པར་གྱུར་པའི་མཚན་ཉིད་ཀྱི་གཟུགས་ཀྱི་སྐུ་དང་ལྷན་ཅིག་ཉིད་དུ་མངོན་པར་འགྲུབ་པོ། ། དེ་བཞིན་གཤེགས་པའི་སྐུ་རྣམ་པར་མི་རྟོག་པའི་དེ་ལས་གཞན་ལ་ཕན་པ་སྒྲུབ་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྒོས་པའི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སྤྲུལ་པའི་སྐུས་ཐམས་ཅད་ལ་ཕན་འདོགས་པར་བཟོད་པ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་ 98-130a གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང་། ལྷུམས་སུ་འཇུག་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམས་པ་དང་། གཞོན་ནུ་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཀུན་དུ་སྟོན་པ་ཉིད་འབྱུང་ངོ་། །དེ་ལ་བརྟེན་ ནས་ཡི་གེ་དང་རྩ་བ་དང་ཚིག་གི་གོ་རིམས་ཀྱི་མཚན་ཉིད་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རངས་པར་མཛད་པ་གང་ལ་ཐེག་པ་མཆོག་གིས་འགྲོ་བ་རྣམས་ཀྱི་ཐེག་པ་ཆེན་པོ་ཞེས་བྱ་བར་བརྗོད་པ་འབྱུང་སྟེ། ཡེ་ཤེས་དང་། གཟུགས་དང་། གསུང་གི་སྐུ་གསུམ་པོ་དེ་དག་ནི་སྡོམ་པ་གསུམ་ལས་ངེས་པར་འཁྲུངས་པ། ལུས་དང་ངག་དང་སེམས་གནས་གྱུར་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བཤད་དོ། །མདོ་སྡེ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བས་ཞུགས་པ་སྟེ། །སྐྱེ་ བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དེས་ཀྱང་སྐུ་གསུམ་པོ་དེ་དག་ཀུན་རྫོབ་དང་དོན་དམ་པར་རྣམ་པར་གཞག་པ་ཉིད་དུ་སྟོན་ཏེ། འདིར་ཡེ་ཤེས་ནི་ཆོས་ཀྱི་སྐུར་བཞེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་། དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུར་བལྟ་བར་འདོད་པས་ཞེས་གསུངས་ཏེ། དེར་ཆོས་ཀྱི་སྐུ་ཞེས་གསུངས་པ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་ བཅུ་གཉིས་པོ་དག་ཡིན་པར་འདོད་དོ། །འོ་ན་སྐྱབས་གཉིས་པ་མེད་པར་འགྱུར་རམ་ཞེ་ན། མེད་པར་མི་འགྱུར་ཏེ། སྒྲུབ་པ་དང་འབྲས་བུའི་ཆོས་ཡོད་པའི་ཕྱིར་རོ། །འཕགས་པ་རྡོ་རྗེ་སྡེས་ནི་གཟུགས་ཀྱི་སྐུ་འོག་མིན་གྱི་སྤྱོད་ཡུལ་ཅན་ཆོས་ཀྱི་སྐུའི་གཞི་ལ་བརྟེན་པ་ནི་རྣམ་པར་སྨིན་པའི་ 98-130b སྐུ་ཞེས་བཤད་དོ། །འཕགས་པ་ཐོགས་མེད་ཀྱིས་ནི་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བསྟན་ལ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཆོས་ཀྱི་གཞིར་གྱུར་པ་ནི་ཆོས་ཀྱི་སྐུར་བསྟན། འཛམ་བུའི་གླིང་དུ་མངོན་པར་ རྫོགས་པར་བྱང་ཆུབ་པ་ནི་སྤྲུལ་པའི་སྐུར་བསྟན་ཏོ། །དེ་ལྟར་ཆོས་དང་གཟུགས་དང་སྤྲུལ་པའི་སྐུ་གསུམ་པོ་དེ་དག་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །རྣམ་པར་གྲོལ་བའི་སྐུ་ནི་ཉན་ཐོས་ལ་སོགས་པ་དག་ལ་ཡང་འདྲ་བར་ཡོད་པ་དེ་དག་ལས་ཁྱད་པར་དུ་ ཆོས་ཀྱི་སྐུ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་དེ་རྣལ་འབྱོར་པ་ཚངས་པ་བསྒོམ་པ་གོམས་པར་བྱེད་པས་མཐོང་བར་བསྟན་པའི་ཕྱིར་བཤད་པ། དེ་ཉིད་བསྒོམ་པ་གོམས་བྱེད་པ། །དམིགས་མེད་གནས་པ་དེ་ལ་ཡང་། །གང་ལ་ཡིད་ནི་ཆགས་འགྱུར་ཞིང་། །སྡང་འགྱུར་ རྨོངས་འགྱུར་ག་ལ་ཡོད། །ཅེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཤེས་པ་ཚོལ་བར་སེམས་པ་དང་། བསྒོམ་པ་དག་གིས་དམིགས་སུ་མེད་པའི་རྣམ་པ་གོམས་པར་བྱེད་པ་དེ་ཉིད་མི་རྟོག་པ་དམིགས་པ་མེད་པར་གནས་པ་དེ་ལ་ཡང་གནས་པའི་གཞི་མེད་པའི་ཕྱིར་ཡུལ་གང་ལ་ཡིད་ ཆགས་པ་དང་སྡང་བ་དང་རྨོངས་པར་འགྱུར་ཏེ། གཞི་མེད་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་འབྱུང་བར་མི་འགྱུར་རོ། །འོ་ན་ཇི་ལྟར་དེ་བསྒོམ་པ་གོམས་པར་བྱ་ཞེ་ན། སངས་རྒྱས་རྗེས་སུ་དྲན་པས་དེ་བསྒོམ་པ་གོམས་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་ མེད་པ་དང་། ཡིད་ལ་བྱེད་པ་མེད་པའི་བདག་ཉིད་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའོ་ཞེས་ཇི་སྐད་གསུངས་པ་དང་། དེ་བཞིན་དུ་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ལས། དེ་སངས་རྒྱས་རྗེས་ སུ་དྲན་པ་འབའ་ཞིག་བསྒོམ་སྟེ། གཟུགས་ལས་མ་ཡིན། མཚན་དང་དཔེ་བྱད་ལས་མ་ཡིན། ཡོན་ཏན་ལས་མ་ཡིན། ཆོས་ལས་མ་ཡིན། ཆོས་མ་ཡིན་པ་ལས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་ 98-131a ལེའུ་ལས། དེ་བཞིན་གཤེགས་པ་ལ་ལྟ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། དངོས་པོ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ལྟ་བ་ཡིན་ནོ་ཞེས་ཇི་སྐད་གསུངས་ པ་དང་། དེ་བཞིན་དུ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་གང་ཞེ་ན། གཟུགས་དང་མཚན་གྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། སྐྱེ་བ་དང་། རིགས་དང་། དུས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། སྔོན་གྱི་མཐའི་སྤྱོད་པ་དཀར་པོས་རབ་ཏུ་ཕྱེ་བ་མ་ཡིན་པ་ དང་། ཕྱི་མའི་མཐའི་ཤེས་པ་རློམ་པས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། ད་ལྟར་བྱུང་བའི་གནས་པས་རབ་ཏུ་ཕྱེ་བ་མ་ཡིན་པ་གང་ཡིན་པ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་གཞི་མ་ཡིན་པ་དང་། མཚན་མ་ཐམས་ཅད་ཀུན་ནས་སློང་བ་མ་ཡིན་པ་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་ རྟོག་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཉིད་གོམས་པར་བྱེད་པ་ལ་ནི། སྡུག་བྲལ་མི་སྡུག་ཕྲད་པ་ལས། །བྱུང་བའི་སྡུག་བསྔལ་ག་ལས་འབྱུང་། །འཇིག་རྟེན་ཆོས་ཀྱིས་མི་གོས་ཏེ། །པདྨ་ལ་ནི་ཆུས་བཞིན་ནོ། །ཞེས་བྱ་བ་ནི་སྡུག་པ་དང་ མི་སྡུག་པ་དེ་དག་དམིགས་སུ་མེད་པའི་ཕྱིར་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ལས་སྡུག་བསྔལ་གྱི་ཚོར་བ་གང་དག་འབྱུང་བ་དེ་དག་ཀྱང་དེ་ལ་འབྱུང་བར་མི་འགྱུར་རོ། །འཇིག་རྟེན་ན་གནས་སུ་ཟིན་ཀྱང་འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང་། མ་རྙེད་པ་དང་། སྙན་པ་དང་། མི་སྙན་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བསྟོད་པ་དང་། སྨད་པ་ཞེས་བྱ་བ་དག་གིས་མི་གོས་ཏེ། དེ་ལ་ཆགས་པ་མེད་པའི་ཕྱིར་པདྨ་ཆུ་ནས་སྐྱེས་ཀྱང་ཆུའི་ཉེས་པས་མི་གོས་པ་བཞིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་སྔར་བསྟན་མོད་ཀྱི་ཡང་སྐབས་སུ་བབ་ པས་བསྟན་པར་བྱ་སྟེ། འཁོར་བ་ལས་ནི་འབྱུང་མ་ཡིན། །ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་སྤངས་པ་མ་ཡིན་པའི་ཕྱིར་རོ། །འཁོར་བ་ལས་གནོད་བྲལ་མ་ཡིན། །ཞེས་བྱ་བ་ནི་མི་དགེ་བའི་ཆོས་མངོན་པར་འདུ་མི་བྱེད་པའི་ཕྱིར་དང་། ཉོན་མོངས་པ་རྣམ་པར་མནན་པའི་ཕྱིར་ 98-131b རོ། །མྱ་ངན་འདས་པ་ཐོབ་མ་ཡིན། །ཞེས་བྱ་བ་ནི་སེམས་ཅན་ལ་ལྟ་བའི་ཕྱིར་རོ། །མྱ་ངན་འདས་ལ་གནས་དང་འདྲ། །ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་བྱེད་ནུས་པའི་ཕྱིར་རོ། །ཉོན་མོངས་མེ་ཡིས་གདུང་བ་མེད། །ཅེས་བྱ་བ་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་སྤངས་པའི་ཕྱིར་རོ། །ཉོན་ མོངས་ལྡན་ཡང་ནམ་མཁའ་བཞིན། །ཞེས་བྱ་བ་ནི་འཁོར་བ་བསྐྱེད་པའི་ས་བོན་གྱི་ཉོན་མོངས་པ་ཆུང་ངུ་ཡོད་ཀྱང་དེས་མི་གོས་པའི་ཕྱིར་རོ། །སེམས་མེད་སེམས་མེད་མ་ཡིན་ཏེ། །ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་འགགས་པའི་ཕྱིར་དང་། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡོད་ པའི་ཕྱིར་རོ། །ཇི་ལྟ་ཞེ་ན། གང་གི་ཕྱིར་དེ་ནི་སྙོམས་པར་འཇུག་པ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་ཤིན་ཏུ་གོམས་པར་བྱས་པས་ལུས་དང་སེམས་ལས་སུ་རུང་བས་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་ ཐོབ་ཀྱང་བྱང་ཆུབ་མ་རྟོགས་པའི་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ན་ཡང་། དེ་ནི་ཤེས་རབ་ལྷུན་པོའི་རྩེར། །འཛེགས་ཤིང་མྱ་ངན་མེད་གྱུར་ཀྱང་། །སྙིང་རྗེའི་དབང་གིས་འཇིག་རྟེན་པ། །མྱ་ངན་གདུངས་དང་སྡུག་བསྔལ་ལྟ། །ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ ནི་ཆེ་བའི་ཕྱིར་དང་། མངོན་པར་མཐོ་བའི་ཕྱིར་ལྷུན་པོའི་རྩེ་དང་འདྲའོ། །དེར་འཛེགས་པ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་དག་གིས་ཤིན་ཏུ་རབ་ཏུ་གནས་པར་གྱུར་པའོ། །མྱ་ངན་མེད་པར་གྱུར་ཀྱང་ཞེས་བྱ་བ་ནི་དེས་སྒྱུ་མ་ལྟ་བུའི་ཆོས་ཉིད་རྟོགས་པའི་ཕྱིར་བདག་ཉིད་མྱ་ ངན་མེད་པར་གྱུར་ཀྱང་ངོ་། །སྙིང་རྗེའི་དབང་གིས་ཞེས་བྱ་བ་ནི་དེའི་སེམས་ཀྱི་རྒྱུད་སྙིང་རྗེ་ལ་གནས་པའི་ཕྱིར་རོ། །འཇིག་རྟེན་པ་མྱ་ངན་གྱིས་གདུངས་པ་དང་། སྡུག་བསྔལ་བ་ལ་ལྟའོ་ཞེས་བྱ་བ་ནི་འཇིག་རྟེན་པ་ཕ་མ་དང་བྲལ་བ་ལ་སོགས་པའི་མྱ་ངན་མེ་ལྟ་བུས་སེམས་གདུངས་ པ་དང་། རྒྱུན་དུ་མི་རྟག་པ་ཉིད་ཀྱི་རྗེས་སུ་འབྲེལ་པའི་སྡུག་བསྔལ་དང་ལྡན་པ་ལ་རྣམ་པར་ལྟ་བར་བྱེད་པའོ། །དེ་ནི་དེ་ཚེ་སྙིང་རྗེ་ཡིས། །བརླན་པའི་མིག་གིས་འཇིག་རྟེན་པ། །རྣམ་རྟོག་བཟོ་ལས་བྱུང་བ་ཡི། །རྟོག་པའི་དྲ་བས་དཀྲིས་པ་དང་། །སྐྱེ་རྒ་ན་འཆིའི་ཟུག་རྔུ་ 98-132a ཡིས། །རྨ་བཏོད་ན་བར་གྱུར་པ་དང་། །ཞན་དང་བཀྲེན་དང་མཐའ་ངན་དང་། །མགོན་མེད་དཔུང་གཉེན་མེད་པ་དང་། །སྡུག་བསྔལ་ཉེ་བར་ཞི་འདོད་པས། །སྡུག་བསྔལ་ཆུ་བོ་ཆེར་ལྷུང་དང་། །སྡུག་བསྔལ་རྒྱུ་དག་སྤེལ་བའི་ཕྱིར། །རྨོངས་པའི་ཡིད་ཀྱིས་ཞུགས་ པ་དང་། །དེ་ཉིད་བདུད་རྩི་ཞི་བ་དང་། །སྤྲོས་པ་ཉེར་ཞི་སྟོན་ཀ་ཡི། །དྲི་མེད་མཁའ་བློ་སྤྱོད་པ་ཡི། །སྣང་མེད་མིག་མེད་ཀུན་བལྟས་ནས། །ཞེས་བྱ་བ་དག་གིས་ནི་བྱང་ཆུབ་སེམས་དཔའ་དེ་མི་གནས་པའི་མྱ་ངན་ལས་འདས་པ་དེ་ལ་གནས་པ་དེའི་ཚེ་ན་སྙིང་རྗེས་བརླན་པའི་ཤེས་རབ་ཀྱི་མིག་ གིས་འཇིག་རྟེན་པ་ལ་ཀུན་དུ་བལྟས་ནས་སྙིང་རྗེས་ཤིན་ཏུ་གདུངས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པའི་ཆུ་བོ་འབེབས་ཤིང་གཞན་གྱི་སྡུག་བསྔལ་སེལ་བ་དང་། བདག་ཉིད་དཔག་བསམ་གྱི་ཤིང་ལྟ་བུར་བྱེད་ཅིང་བདེ་འགྲོ་ལ་སོགས་པ་གང་དུ་གཞན་ལ་ཕན་པ་དང་ བདེ་བར་འགྱུར་བའི་གནས་སུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་པའི་ཚེ་ན་འཁོར་གཅུགས་ཤིང་སྲན་ཐུབ་པ་དག་དང་ལྡན་ཞིང་རྒྱ་མཚོ་བཞིན་དུ་སྒོ་མང་པོ་ནས་བསོད་ནམས་ཀྱི་ཆུ་བོ་དག་གིས་ཡོངས་སུ་གང་བར་འགྱུར་རོ་ཞེས་འོག་ནས་འབྱུང་བའི་དོན་དང་ཚིག་གི་མཇུག་སྡུད་འབྱུང་བ་དག་སྤྱིར་བློ་ལ་བཞག་སྟེ་སྟོན་ཏོ། །དེ་དེའི་ཚེ་སྙིང་རྗེས་བརླན་པའི་ཤེས་རབ་ཀྱི་མིག་གིས་འཇིག་རྟེན་པ་ལ་ཀུན་དུ་བལྟ་བ་ན་འཇིག་རྟེན་པ་གནས་སྐབས་ཇི་ལྟ་བུར་གྱུར་པ་དག་ལ་ཀུན་དུ་བལྟ་ཞེ་ན། རྣམ་རྟོག་བཟོ་ལས་བྱུང་བ་ཡི། །རྟོག་པའི་དྲ་བས་དཀྲིས་པ་དང་། །ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ གནས་སྐབས་སུ་གྱུར་པ་ལ་ཀུན་དུ་བལྟའོ་ཞེས་བྱ་བར་སྦྱར་རོ། །ཡིད་ཀྱི་རྣམ་པར་ཤེས་པས་ཀུན་ནས་བསླང་བའི་རྣམ་པར་རྟོག་པ་ཉིད་བཟོ་ཡིན་ཏེ། དེ་ལས་བྱུང་བའི་རྟོག་པའི་དྲ་བ་ཡོད་པ་དང་མེད་པ་ལ་སོགས་པར་བལྟ་བ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་གཞི་ལ་དམིགས་ པ་མང་པོ་དག་གིས་ཀུན་ནས་དཀྲིས་ཤིང་གཡོགས་པ་ལའོ། །རྟོག་པའི་དྲ་བས་དཀྲིས་པ་འབའ་ཞིག་ཏུ་ཡང་མ་ཟད་དེ་འོ་ན་ཇི་ལྟ་བུར་གྱུར་པ་ཞེ་ན། སྐྱེ་རྒ་ན་འཆིའི་ཟུག་རྔུ་ཡིས། །རྨ་བཏོད་ན་བར་གྱུར་པ་དང་། །ཞེས་བྱ་བ་ནི་ཕུང་པོ་འབྱུང་བའི་སྐྱེ་བ་དང་། ཡོངས་སུ་འགྱུར་ 98-132b བའི་རྒ་བ་དང་། ནད་ཀྱིས་ན་བ་དང་། རྣམ་པར་འཇིག་པའི་འཆི་བ་དེ་དག་ཉིད་ཡིད་མི་བདེ་བའི་བདག་ཉིད་ཀྱི་ཟུག་རྔུ་ཡིན་ཏེ། དེས་རྨ་བཏོད་པས་རྟག་ཏུ་ན་བར་གྱུར་ཅིང་མི་བདེ་བར་གྱུར་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་། ཞན་དང་བཀྲེན་དང་མཐའ་ངན་དང་། ། མགོན་མེད་དཔུང་གཉེན་མེད་པ་དང་། །ཞེས་བྱ་བ་ནི་སྲིད་པའི་ཁྱིམ་ནས་ངེས་པར་འབྱུང་བའི་བྱ་བ་ལ་མོང་བརྟུལ་བས་ཞན་པ་དང་། དགེ་བའི་ཆོས་ཀྱིས་དབུལ་བས་བཀྲེན་པ་དང་། མཇུག་མི་བཟང་བས་མཐའ་ངན་པ་དང་། དད་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ མགོན་བྱེད་པའི་ཆོས་བཅུ་དང་བྲལ་བས་མགོན་མེད་པ་དང་། ངེས་པར་འབྱུང་བའི་ལམ་ལ་མི་མཁས་པས་དཔུང་གཉེན་མེད་པ་ལའོ། །གཞན་ཡང་། སྡུག་བསྔལ་ཉེ་བར་ཞི་འདོད་པས། །སྡུག་བསྔལ་ཆུ་བོ་ཆེར་ལྷུང་དང་། །སྡུག་བསྔལ་རྒྱུ་དག་སྤེལ་བའི་ཕྱིར། །རྨོངས་པའི་ ཡིད་ཀྱིས་ཞུགས་པ་དང་། །ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་འབབ་ཆུས་ཁྱེར་བ་ན་དེ་ལས་བསྐྱབ་བའི་ཕྱིར་ཆུ་བོར་མཆོངས་པ་ན་དེས་དེ་ཤིན་ཏུ་སྔ་མ་བས་ཆེར་ཁྱེར་བར་གྱུར་པ་དེ་བཞིན་དུ་འཇིག་རྟེན་འདི་ཡང་སྔོན་ཉེ་བར་བླངས་པའི་ལས་དག་གིས་སྡུག་བསྔལ་གྱི་ཆུ་བོར་བྱིང་བ་ན། སྡུག་ བསྔལ་བ་དེ་ཉེ་བར་ཞི་བར་འདོད་པས་སྒྲིབ་པ་ཤས་ཤིན་ཏུ་ཆེན་པོས་བསྒྲིབས་པར་བྱས་ནས། ལས་གང་དག་གིས་ཡུན་རིང་པོར་འཁོར་བའི་ཆུ་བོ་ཆེན་པོར་འཁོར་བར་འགྱུར་བའི་ལས་ཉེ་བར་ལེན་པ་དེ་དག་ཉེ་བར་ལེན་པས་སྡུག་བསྔལ་གྱི་ཆུ་བོར་ལྷུང་བ་དང་། འདོད་པ་དང་། སྲིད་པ་དང་། བདག་ཏུ་སྨྲ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པས་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པའི་ལྟ་བ་ཉེ་བར་ལེན་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་དག་སྤེལ་བའི་ཕྱིར་མ་རིག་པས་རྨོངས་པའི་ཡིད་ཀྱིས་འཁོར་བའི་རྒྱུན་དུ་ཞུགས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་ ལ་ཀུན་དུ་བལྟའོ། །དེ་ལྟར་དེ་དག་གིས་ནི་འཁོར་བའི་རྒྱུན་དུ་ཞུགས་པ་ཉིད་བསྟན་ཏེ། ཐར་པའི་ཐབས་རབ་ཏུ་ཉམས་པར་བསྟན་པའི་ཕྱིར། དེ་ཉིད་བདུད་རྩི་ཞི་བ་དང་། །སྤྲོས་པ་ཉེར་ཞི་སྟོན་ཀ་ཡི། །དྲི་མེད་མཁའ་ལ་བློ་སྤྱོད་པའི། །སྣང་མེད་མིག་མེད་ཅེས་སྨྲས་ཏེ། །དོན་ 98-133a དམ་པའི་དེ་ཉིད་བདུད་རྩི་ལྟར་ངོམས་པར་བྱེད་པ་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་ཞི་བ་མངོན་པར་བརྗོད་པ་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བ་སྟོན་ཀའི་དུས་ཀྱི་ནམ་མཁའི་དཀྱིལ་དྲི་མ་མེད་པ་ལྟ་བུ་ལ་གང་གི་བློའི་སྤྱོད་པའི་སྣང་བ་མེད་པ་དེ་ཉིད་ཤེས་རབ་ཀྱི་ མིག་དང་བྲལ་བའི་ཕྱིར་མིག་མེད་པ་ཡིན་ཏེ། དེ་ལྟར་སྡུག་བསྔལ་དང་ཉོན་མོངས་པ་མང་པོས་གཙེས་པའི་འཇིག་རྟེན་ལ་ཀུན་དུ་བལྟས་ནས་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུའི་འཇིག་རྟེན་ལ་ཀུན་དུ་བལྟས་ནས། ཕ་རོལ་ཏུ་ཕྱིན་པའི་ཆུ་བོ་འབེབས་པ་ལ་སོགས་པར་བྱེད་པའི་བྱང་ ཆུབ་སེམས་དཔའ་དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། སྙིང་རྗེས་ཤིན་ཏུ་ཡིད་གདུངས་པ། །དེ་ལ་ཕན་ཕྱིར་བརྟུལ་ཞུགས་ཅན། །རྡོ་རྗེ་རིན་ཆེན་སྲ་བའི་སེམས། །སེམས་ཅན་གཙོ་བོ་ལེགས་བསླབས་པ། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་ གཏན་ཤེས་རབ་བརྩོན། །དུས་བཞིན་དང་ནི་མཐུ་བཞིན་དུ། །ཤེས་རབ་དྲན་པ་སྔོན་འགྲོ་བ། །ཞེས་བྱ་བ་སྟེ། སྙིང་རྗེས་ཤིན་ཏུ་ཡིད་གདུངས་ལ། །ཞེས་བྱ་བ་ནི་སྙིང་རྗེའི་ཤུགས་ཀྱིས་ཤིན་ཏུ་སེམས་གདུངས་པའོ། །དེ་ལ་ཕན་ཕྱིར་བརྟུལ་ཞུགས་ཅན། །ཞེས་བྱ་བ་ནི་འཇིག་རྟེན་དེ་ལ་ ཕན་གདགས་པའི་ཕྱིར་བརྟུལ་ཞུགས་དྲག་པོ་བླངས་པའོ། །རྡོ་རྗེ་རིན་ཆེན་སྲ་བའི་སེམས། །ཞེས་བྱ་བ་ནི་རྡོ་རྗེའི་རི་བོས་ཀྱང་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །སེམས་ཅན་གཙོ་བོ་ཞེས་བྱ་བ་ནི་སེམས་བསྐྱེད་པ་ཙམ་ཁོ་ནས་ཉན་ཐོས་ལ་སོགས་པ་ཟིལ་གྱིས་གནོན་ པའི་ཕྱིར་རོ། །ལེགས་བསླབས་པ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཤིན་ཏུ་ལེགས་པར་བསླབས་པའོ། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་བརྩོན། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་ པ་རྣམས་དང་། སྙིང་རྗེས་ནི་ཐེག་པ་ཆེན་པོའི་དོན་མཐའ་དག་བསྡུས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ནཱ་གརྫུ་ནས་ཇི་སྐད་དུ། སྦྱིན་པ་ཚུལ་ཁྲིམས་བཟོད་དང་བརྩོན། །བསམ་གཏན་ཤེས་རབ་སྙིང་རྗེ་ཡི། །བདག་ཉིད་ཐེག་པ་ཆེན་པོ་འདི། །སངས་རྒྱས་བྱང་ཆུབ་སེམས་ 98-133b དཔས་བསྔགས། །སྦྱིན་པ་རང་གི་བདོག་པ་གཏོང་། །ཚུལ་ཁྲིམས་གཞན་ལ་ཕན་པ་བྱེད། །བཟོད་པ་ཁྲོ་བའི་གཉེན་པོར་གསུངས། །བརྩོན་འགྲུས་དགེ་ལ་བརྩོན་པ་སྟེ། །བསམ་གཏན་ཉོན་མོངས་མེད་རྩེ་གཅིག །ཤེས་རབ་བདེན་དོན་ངེས་འབྱེད་ཡིན། །སྦྱིན་པས་ལོངས་སྤྱོད་ཁྲིམས་ ཀྱིས་བདེ། །བཟོད་པས་མདངས་དང་བརྩོན་པས་འོད། །བསམ་གཏན་ཞི་དང་བློ་གྲོས་གྲོལ། །སྙིང་རྗེས་ཐམས་ཅད་སྒྲུབ་པར་བྱེད། །ཅིག་ཅར་ཕ་རོལ་ཕྱིན་གྱུར་པའི། །དགེ་བ་བདུན་པོ་འདི་དག་གིས། །ཤེས་བྱ་དཔག་མེད་ཡུལ་གྱུར་པའི། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཞེས་ གསུངས་པ་ལྟ་བུའོ། །དུས་བཞིན་དང་ནི་མཐུ་བཞིན་དུ། །ཤེས་རབ་དྲན་པ་སྔོན་འགྲོ་བ། །ཞེས་བྱ་བ་ནི་གདུལ་བའི་དུས་ཇི་ལྟ་བ་བཞིན་དང་། རང་གི་ནུས་པའི་མཐུ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་པའི་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་དྲན་པ་དྲུག་བསྒོམ་པ་སྔོན་དུ་འགྲོ་བས་ སྦྱིན་པ་ལ་སོགས་པ་གོམས་པར་བྱེད་པ་སྟེ། །ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཇི་སྐད་དུ། གལ་ཏེ་སྦྱིན་པ་དང་། གཏོང་བ་དང་། རྣམ་པར་སྤོང་བ་ལ་སློབ་པར་མི་ནུས་པར་གྱུར་ན་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། དུས་དུས་སུ་ཅུང་ཟད་ཅུང་ཟད་འདོད་པ་དང་། སེར་སྣ་དང་སྦྱིན་པས་འཇིགས་པ་ཉིད་གདུལ་བ་དང་། སྤང་བ་དང་། རྣམ་པར་སྤང་བ་དང་། སྦྱིན་པ་དང་། གཏོང་བ་དང་། རྣམ་པར་སྤོང་བ་ལ་བསླབ་པ་དང་། སྤྱད་པ་དང་། མངོན་པར་སྤེལ་བར་བརྩལ་བ་དང་། འབད་པ་དང་། བརྩོན་པར་བྱའོ་སྙམ་དུ་སོ་སོར་ཡང་དག་པར་ སློབ་པར་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་ཡང་རྒྱ་ཆེར་སྦྱར་རོ་ཞེས་གསུངས་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཡང་དག་པར་བླང་བར་འདོད་པ་དང་། ལྷག་པར་སྤྱོད་པར་འདོད་པས་ཡང་ན་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། དགྲོལ་བའི་ཕྱིར་ལྷག་པར་སྤྱད་པ་ཡང་དག་པར་ལེན་པར་བྱེད་པ་བསྟན་པའི་ཕྱིར་བཤད་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྦྱིན་ལ་སོགས་པའི་རི་བོ་ལས། །བྱུང་བའི་ཆུ་ཀླུང་བསོད་ནམས་དང་། །དྲི་མེད་དགེ་བའི་ཆུ་ལྡན་འབེབས། །ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་ཕན་གདགས་པའི་ 98-134a ཕྱིར་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་དྲུག་པོ་རི་བོ་ལྟ་བུར་གྱུར་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཆུ་ཀླུང་ལྟ་བུར་འདོད་པ་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་བདག་ཉིད་ཀྱི་བསོད་ནམས་ཉིད་དྲི་མ་མེད་པ་ཡིན་ལ། སྡིག་པ་ སྤོང་བས་དགེ་བའི་ཆུ་དེ་ལྟ་བུ་དང་ལྡན་པ་འབེབས་པར་བྱེད་དོ་དེའི་འོག་ཏུ་སྦྱིན་འདོད་པའི་བསམ་པ་ཆེས་ཤས་ཆེན་པོ་མངོན་པར་འཕེལ་བར་གྱུར་པ་ན། སློང་བ་ཀུན་ལ་དུས་ཀུན་ཏུ། །ཕྱི་ནང་དངོས་པོ་ཐམས་ཅད་ཀྱིས། །དབུལ་དང་སློང་བའི་སྡུག་བསྔལ་ཀུན། །རྣམ་པ་ཀུན་དུ་སེལ་བར་བྱེད། ། ཅེས་བྱ་བ་ནི་སློང་བ་ཀུན་ལ་སྙོམས་པའི་སེམས་ཀྱིས་དུས་ཀུན་དུ་གུས་པར་རང་གི་ལག་ནས་གཞན་ལ་མི་གནོད་ཅིང་འགྱོད་པ་མེད་པར་ཕྱི་དང་ནང་གི་དངོས་པོ་གོས་དང་ཟས་དང་། རིན་པོ་ཆེ་དང་། བུ་དང་། བུ་མོ་དང་། མགོ་དང་། ལག་པ་དང་། རྐང་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱིས་བཀྲེན་ ཞིང་དབུལ་བ་དང་། རེ་ཞིང་སློང་བ་ལས་བྱུང་བའི་སྡུག་བསྔལ་མི་དགའ་བ་ཀུན་མ་ལུས་པར་རྣམ་པ་ཀུན་དུ་སེལ་བར་བྱེད་དེ། འདིས་ནི་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་གོམས་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ཡོངས་སུ་རྫོགས་ པར་བྱས་པས། སློང་བ་རྣམས་ཀྱི་བསམ་པ་དག །སྐད་ཅིག་སྐད་ཅིག་དགས་རྫོགས་ཤིང་། །དུས་ཀུན་མི་ཟད་འབྲས་བུ་ཡི། །འབྱོར་ཞིང་དཔག་བསམ་ཤིང་ལྟར་བྱེད། །ཅེས་བྱ་བ་ནི་སློང་མོ་པ་དག་གི་བསམ་པ་དག་སྐད་ཅིག་གཅིག་ལ་དགའ་བས་ཡོངས་སུ་རྫོགས་པར་ བྱེད་ཅིང་། བདག་ཉིད་དུས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཟད་མི་ཤེས་པ་དག་གིས་འབྱོར་ཞིང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་དོན་བྱེད་པ་ཡིན་ནོ། །དེ་ལ་སློང་བ་རྣམས་ཀྱི་ཞེས་བྱ་བ་ནི་སློང་མོ་པ་འབྱོར་པ་དང་བྲལ་བ་རྣམས་ཀྱིའོ། །བསམ་པ་ དག་ཅེས་བྱ་བ་ནི། བསམ་པ་དང་། རེ་བ་དང་། ཡིད་ལ་བསམ་པ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །སྐད་ཅིག་སྐད་ཅིག་དགས་རྫོགས་ཤིང་། །ཞེས་བྱ་བ་ནི་སྐད་ཅིག་སྐད་ཅིག་ལ་དགའ་བ་དག་གིས་ཡོངས་སུ་རྫོགས་པར་བྱེད་ཅིང་ངོ་། །དེའི་ཕྱིར་དེ་དུས་ཀུན་དུ་ཕ་རོལ་ཏུ་ཕྱིན་པ་ 98-134b དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་མི་ཟད་པ་དག་གི་འབྲས་བུ་ཅན་དུ་གྱུར་པས་དེ་ཉིད་ཀྱིས་འབྱོར་ཞིང་བསྔགས་པར་འོས་ལ། དཔག་བསམ་གྱི་ཤིང་ལྟར་འགྲོ་བ་རྣམས་ཀྱི་དོན་བྱེད་དོ། །དེ་ལྟར་གཏོང་ཕོད་པའི་ངང་ཚུལ་ཅན་དུ་གྱུར་པ་ན། ཚུལ་ཁྲིམས་སྐྱོན་མེད་པ་ཡང་དག་པར་བླངས་ པས། དེ་ནི་གཞན་ཕན་བདེ་སྐྱེད་པའི། །བདེ་འགྲོ་ཁོ་ནར་སྐྱེ་བར་འགྱུར། །ཡང་ན་འདོད་པས་གཞན་དག་ཏུ། །གཞན་ཕན་བདེ་བ་བསྐྱེད་པར་སྐྱེ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངས་སུ་དག་པས་བདེ་འགྲོ་འབའ་ཞིག་ཏུ་སྐྱེའི་ངན་སོང་རྣམས་སུ་མི་ལྟུང་ངོ་། །ཡང་ན་བསམས་བཞིན་དུ་ངན་འགྲོ་ གཞན་དག་ཏུ་སྐྱེ་བ་ལེན་ཅིང་གཞན་དག་ལ་ཕན་པ་དང་བདེ་བ་བསྐྱེད་པའི་གནས་སུ་སྐྱེའི་བདག་ཉིད་ལ་ཕན་པ་དང་བདེ་བའི་དོན་དུ་ནི་མ་ཡིན་ནོ། །དེ་དེ་དག་ཏུ་སྐྱེས་པ་ན་ཡང་། འགྲོ་བ་དེ་དང་དེ་དག་ཏུ། །འཁོར་གཅུགས་བརྟག་བཟོད་མཐའ་ཡས་དང་། །རྒྱ་མཚོ་བཞིན་དུ་སྒོ་ཀུན་ནས། ། བསོད་ནམས་ཆུ་བོས་ཡོངས་རྒྱས་འགྱུར། །ཞེས་བྱ་བ་ནི་དེ་འགྲོ་བའི་གནས་དེ་དག་ཏུ་ཡང་འཁོར་ཡིད་གཅུགས་པ་དང་། བརྟག་བཟོད་པ་དང་། མཐའ་ཡས་པ་དང་ལྡན་པར་འགྱུར་ཞིང་། རྒྱ་མཚོ་ཆེན་པོ་སྒོ་ཀུན་ནས་ཆུ་བོའི་རྒྱུན་རྣམས་ཀྱིས་ཡོངས་སུ་རྒྱས་པར་འགྱུར་བ་བཞིན་ དུ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་བདག་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་རྒྱུན་གྱི་སྒོ་ཀུན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་རྒྱས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་ པ་རྣམས་བཤད་ཟིན་ཏོ། །དབང་པོ་རྣམས་བཤད་པར་བྱ་སྟེ། སེམས་མཉེན་རྣམ་པར་མི་གཡེང་དང་། །ཤེས་བྱ་རྟོགས་དང་མཁས་པའི་བློ། །ལྷན་ཅིག་སྐྱེས་དང་ལྡན་གྱུར་ཅིང་། །ཇི་སྲིད་འདོད་པའི་སྐལ་བར་གནས། །ཞེས་བྱ་བ་ནི་གང་ལ་སེམས་ལས་སུ་རུང་བ་དང་། ཀུན་ དུ་མི་འཕྲོ་བ་ཡོད་པ་དེ་ནི་སེམས་མཉེན་པ་དང་རྣམ་པར་མི་གཡེང་བ་སྟེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་ཡིན་ནོ། །དེ་ཉིད་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རབ་ཏུ་རྣམ་པར་འབྱེད་པ་དང་སོ་སོར་རྟོག་པའི་ནུས་པའི་བློ་ཚེ་རབས་བྱེ་བ་བརྒྱ་སྟོང་དུ་མ་ནས་གོམས་པར་ 98-135a བྱས་པ་དང་ལྡན་པ་ནི་ཤེས་བྱ་རྟོགས་པ་དང་མཁས་པའི་བློ་ལྷན་ཅིག་སྐྱེས་པ་དང་ལྡན་པར་གྱུར་པ་སྟེ། ཞི་གནས་ཀྱི་ཡན་ལག་དང་ལྡན་པ་ཡིན་ནོ། །དེ་ལྟར་གྱུར་ཅིང་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྟོབས་ཅན་དུ་གྱུར་པ་ཇི་སྲིད་ འདོད་པའི་བསྐལ་པར་གནས་ཏེ། འདིས་ནི་དེའི་ཚེའི་ཚད་བསྐལ་པ་གྲངས་མེད་པར་བྱིན་གྱིས་རློབ་པ་ཉིད་ཀྱིས་ཚེ་ལ་དབང་བ་བསྟན་ཏོ། །གྲངས་མེད་དཔག་ཏུ་མེད་པ་ཡིས། །ཏིང་འཛིན་ངེས་རྟོག་བློ་དང་ལྡན། །ཞེས་བྱ་བ་ནི་འདི་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཏིང་ངེ་ འཛིན་ལ་ངེས་པར་རྟོག་པ་ལ་འཇུག་པས་སེམས་ལ་དབང་བ་ཉིད་ཡིན་ནོ། །འཇིག་རྟེན་ཁམས་ནི་མཐའ་ཡས་དག །རྒྱན་རྣམས་ཀྱིས་ནི་བརྒྱན་པར་བྱེད། །ཅེས་བྱ་བ་འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་དུ་མའི་རྒྱན་གྱིས་བརྒྱན་པ་བྱིན་གྱིས་རློབ་པ་དག་ཀུན་དུ་སྟོན་པའི་ ཚུལ་གྱིས་ཡོ་བྱད་ལ་དབང་བ་ཡིན་ནོ། །བཟོ་དང་ལས་སྔོན་འདུ་བྱེད་དང་། །ལས་ཀྱི་རྣམ་སྨིན་རབ་ཏུ་སྟོན། །ཅེས་བྱ་བ་འདི་ནི་བཟོ་དང་སྒྱུ་རྩལ་དང་ལས་དག་ཅི་འདོད་པར་ཀུན་དུ་སྟོན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དུས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རློབ་པ་ཀུན་དུ་སྟོན་པ་ཉིད་ ཀྱིས་ལས་ལ་དབང་བ་ཡིན་ནོ། །འགྲོ་ལ་ཕན་པ་སྒྲུབ་འདོད་པས། །ཇི་ལྟར་འདོད་པ་རབ་ཏུ་སྐྱེ། །ཞེས་བྱ་བ་ལ་འགྲོ་བ་ལ་ཕན་པ་སྒྲུབ་པར་འདོད་པ་ནི་འགྲོ་བ་ལ་ཕན་པ་བྱེད་པར་འདོད་པ་སྟེ། འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་དུ་སྟོན་པ་ཉིད་ཀྱིས་སྐྱེ་བ་ལ་དབང་བ་ ཡིན་ནོ། །སངས་རྒྱས་སྐུས་ནི་གང་བ་ཡི། །འཇིག་རྟེན་ཁམས་རྣམས་སྟོན་པར་བྱེད། །ཅེས་བྱ་བ་འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བ་ཀུན་དུ་སྟོན་པ་ཉིད་ཀྱིས་མོས་པ་ལ་དབང་བ་ཡིན་ནོ། །ཇི་ལྟར་འདོད་པའི་དུས་དང་ནི། །ཞིང་དུ་ རྫོགས་པར་བྱང་ཆུབ་སྟོན། །ཅེས་བྱ་བ་འདི་ནི་ཇི་ལྟར་འདོད་པའི་དུས་དང་ཞིང་དུ་སངས་རྒྱས་ཀྱི་སྤྲུལ་པ་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་དུ་སྟོན་པ་ཉིད་ཀྱིས་སྨོན་ལམ་ལ་དབང་བ་ཡིན་ནོ། །ཡེ་ཤེས་མིག་གིས་ཤེས་བྱ་ཡི། །དེ་ཉིད་ཐམས་ཅད་སྟོན་པར་བྱེད། །ཅེས་བྱ་བ་ 98-135b འདི་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་དུ་སྟོན་པ་ཉིད་ཀྱིས་ཡེ་ཤེས་ལ་དབང་བ་ཡིན་ནོ། །ཆོས་རྣམས་གཞག་པ་ཉིད་རྟོགས་ཤིང་། །མིང་ལ་སོགས་པ་ཐོབ་པ་ཉིད། །ཅེས་བྱ་བ་འདིས་ནི་མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་དུ་སྟོན་པ་ཉིད་ ཀྱིས་ཆོས་ལ་དབང་བ་བསྟན་ཏོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བམ་པོ་བཅུ་གཉིས་པ། དེ་ནས་གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་མཐའ་ཡས་པ་ཅིག་ཅར་དུ་སྟོན་པ་ནི་རྫུ་འཕྲུལ་ལ་དབང་བ་ཞེས་བརྗོད་དེ། རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཡིས། ། མཐའ་ཡས་ཞིང་དག་གཡོ་བར་བྱེད། །གཡོ་བ་དག་ནི་རབ་ཏུ་འགུལ་བ་སྟེ། གླིང་ལ་སོགས་པ་བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་གྲངས་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་གཡོ་བའོ། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་སྟེ། །རྣམ་པར་བརྩེ་བ་དང་རྣམ་པར་རོལ་ པ་ནི་རྫུ་འཕྲུལ་གྱི་རྐང་པ་ལེགས་པར་བསྒོམས་པའི་ཕྱིར་རོ། །འདི་ནི་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་ཡིན་ནོ། །དུས་གཅིག་གམ་ནི་རིམ་ཡང་རུང་། །ལུས་ལ་འབར་དང་འབེབས་པར་བྱེད། །དུས་མཉམ་དུ་སྟོད་ནས་འབར་བ་དང་། སྨད་ནས་འབེབས་པར་བྱེད་པ་དང་། སྨད་ནས་འབར་བར་ བྱེད་པ་དང་། སྟོད་ནས་འབེབས་པར་བྱེད་པའམ། དུས་ཐ་དད་དུ་མེའི་ཕུང་པོ་ལྟར་འབར་བ་དང་། སྤྲིན་གྱི་ཕུང་པོ་ཆེན་པོ་ལྟར་ཆར་འབེབས་པ་ཡང་ཐ་དད་དུ་བྱེད་པའོ། །ཕྱོགས་ནི་མཐའ་ཡས་ཀུན་དུ་ཡང་། །རང་གི་འོད་ཀྱིས་སྤྲོ་བར་བྱེད། །ཤར་ལ་སོགས་པ་ཕྱོགས་ཀུན་དུ་ཡང་རང་ གི་ལུས་ལས་བྱུང་བའི་འོད་ཟེར་ཉི་མ་དང་ཟླ་བའི་བས་ལྷག་པར་ཀུན་དུ་ཁྱབ་པར་བྱེད་དེ། བཞེད་པ་ཙམ་གྱིས་ལྷ་ལ་སོགས་པ་ཐམས་ཅད་འགྱོད་པ་བསྐྱེད་པའི་ཕྱིར། དམྱལ་བ་ལ་སོགས་པ་རབ་ཏུ་སྟོན་པར་བྱེད་དེ། ཇི་ལྟ་བུར་ཞེ་ན། ལྷ་དང་མི་གང་དག་འདོད་པ་ལ་ཤིན་ཏུ་ ཆགས་ཤིང་ཞེན་ལ་བརྒྱལ་བ་རྣམས་འགྱོད་པ་བསྐྱེད་པའི་ཕྱིར་སྒྲ་དང་བཅས་པའི་མེ་འབར་བའི་ཕྲེང་བ་ཤིན་ཏུ་རྒྱ་ཆེན་པོ་དང་། གསོད་འདོད་པ་ཁྲོས་པའི་བཞིན་གྱིས་སྒྲ་ཆེན་པོ་འཇིགས་པ་དང་བཅས་པས་རལ་གྲི་དང་། འཁོར་ལོ་དང་། སོག་ལེ་ལ་སོགས་པ་ཐོགས་ཤིང་ 98-136a སྙིང་རྗེ་མེད་པའི་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་བསྲུངས་པ་དང་། ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱི་ཚོགས་རྣམས་དང་། འཇིགས་པའི་སྒྲ་སྒྲོགས་པའི་འཇིགས་སུ་རུང་བའི་ཁྱིའི་ཚོགས་དང་། དཔག་ཚད་དུ་མ་ཙམ་གྱི་ཤིན་ཏུ་འབར་ཞིང་བསྐོལ་བའི་ཟངས་ཆེན་པོ་དག་ཏུ་ བཙོས་པར་གྱུར་པ་ན་ངུད་མེ་དང་བཅས་པའི་སྐྱེ་བོ་མང་པོས་བསྐྱེད་པའི་ཀུ་ཅོ་ཆེན་པོ་དང་། རལ་གྲིའི་ནགས་ཚལ་དང་། མེ་མར་མུར་གྱི་འོབས་དང་། ཤལ་མ་རིའི་སྡོང་པོ་དང་། རོ་མྱགས་དང་། ཆུ་བོ་རབ་མེད་དུ་བཅུག་པ་དྲག་ཅིང་རྩུབ་པའི་དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་ ལ་སོགས་པ་ཡང་སྟོན་པར་བྱེད་དོ། །དེ་བཞིན་དུ། ཚད་མེད་རྨད་བྱུང་བསམ་མི་ཁྱབ། །ཡོན་ཏན་རིན་ཆེན་འོད་འབར་བ། །འཇིག་རྟེན་རྩ་ལག་སངས་རྒྱས་རྣམས། །འཁོར་དང་བཅས་པའང་སྟོན་པར་བྱེད། །སྟོབས་དང་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་ སོགས་པ་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རིན་པོ་འོད་ཀྱི་གཟི་བརྗིད་ཅན་རྣམས་དང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་འགྲོ་བའི་རྩ་ལག་ཏུ་གྱུར་པ་རྣམས་དང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་ཀྱང་རྫུ་འཕྲུལ་གྱི་ མཐུས་སྟོན་པར་བྱེད་དོ། །གསེར་དང་ནོར་བུ་བཻ་ཌཱུརྱ། །མུ་ཏིག་རྡོ་རྗེ་མཐོན་ཀ་ཆེར། །རི་བོའི་དབང་པོ་ཆེ་རྣམས་དང་། །མེ་ཉིད་བགྲང་བར་བཞེད་པས་བྱེད། །གསེར་ལ་སོགས་པའི་ངོ་བོ་ཉིད་དུ་རི་ཆེན་པོ་རྣམས་ཀྱང་བཞེད་པ་ཙམ་ཉིད་ཀྱིས་བྱེད་དོ། །བཞེད་པ་ཙམ་ཉིད་ཀྱིས་སྲེག་ པར་བྱེད་པའི་བདག་ཉིད་ཀྱི་མེ་ཡང་ཁ་བ་ལྟར་བསིལ་བར་བྱེད་དོ། །ཆེན་པོར་གྱུར་པའི་ལུས་ཀྱིས་སུ། །རྡོ་རྗེ་སོགས་ལ་མི་ཆགས་པར། །ངོ་མཚར་བྱེད་ཅིང་སྐད་ཅིག་གིས། །ཕྱོགས་ཀུན་དུ་ནི་འགྲོ་ཞིང་འོང་། །ལུས་ཆེན་པོར་གྱུར་པ་ཉིད་ཀྱིས་རི་འབིགས་བྱེད་ལ་སོགས་པ་ ལ་ཡང་མི་ཐོགས་པར་མྱུར་བ་ཉིད་དུ་ངོ་མཚར་དང་བཅས་པར་ཕྱོགས་བཅུ་དག་ཏུ་འགྲོ་ཞིང་འོང་བ་ཡང་སྟོན་པར་བྱེད་དོ། །རང་གི་ལུས་སམ་རྡུལ་ཕྲན་ལ། །དཔག་ཏུ་མེད་པའི་འཇིག་རྟེན་ཁམས། །ཡང་དག་འཛུད་ཀྱང་སེམས་ཅན་ལ། །གནོད་པ་མེད་པའང་སྟོན་པར་བྱེད། ། 98-136b བདག་ཉིད་ཀྱི་ལུས་ཀྱི་ནང་ཉིད་དུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་འཛུད་པར་བྱེད་པའམ། རྡུལ་ཕྲ་རབ་ཀྱི་ནང་དུ་འཇིག་རྟེན་གྱི་ཁམས་དེ་དག་འཛུད་པར་བྱེད་ལ། གང་དག་འཇིག་རྟེན་གྱི་ཁམས་དེ་དག་ལ་བརྟེན་པའི་ལྷ་དང་། མི་དང་། དུད་འགྲོ་ལ་སོགས་པ་དེ་དག་ རྣམས་ལ་ཉམ་ང་བ་དང་། གནོད་པ་མེད་པར་ཡང་སྟོན་པར་བྱེད་དོ། །འཇིག་རྟེན་ཁམས་རྣམས་ཕྲ་རབ་ཏུ། །ཕྲ་རབ་དེ་ཡི་མཚན་ཉིད་དུ། །བསྡུས་པའམ་ནི་རྒྱས་པར་ཡང་། །བཞེད་པ་ཙམ་བྱེད་འོག་སྟེང་ཀྱང་། །བཞེད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་རྣམས་སྡུད་པར་ ཡང་བྱེད་དེ་རྡུལ་ཕྲ་རབ་དང་མཉམ་པར་བྱེད་དོ། །དེ་ཉིད་རྒྱ་ཆེན་པོར་མོས་ན་ཡང་རྡུལ་ཕྲ་རབ་དེ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་ཚད་དུ་ཡང་བྱེད་དོ། །འཇིག་རྟེན་གྱི་ཁམས་དེ་དག་ཉིད་སྟེང་གི་ཆ་གང་ཡིན་པ་དེ་ཡོངས་སུ་བསྒྱུར་ནས་འོག་གི་ཆར་བྱེད་དོ། །འོག་གི་ཆ་ཡོངས་སུ་ བསྒྱུར་ནས་སྟེང་གི་ཆ་ཉིད་དུ་བྱེད་དོ། །དེའི་ཚད་འོད་དང་ཁ་དོག་དང་། །དབྱངས་དང་སྤྱོད་ལམ་ཕུན་ཚོགས་ཀྱིས། །གདུལ་བྱ་འདུལ་བར་འདོད་པའི་ཕྱིར། །ཚངས་པ་ལ་སོགས་འཁོར་དུ་འགྲོ། །ཚངས་པ་ལ་སོགས་པ་དེ་རྣམས་ཀྱི་ཚད་དང་། འོད་དང་། ཁ་དོག་དང་། དབྱངས་དང་། སྤྱོད་ལམ་རྣམས་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཚངས་པའི་དབང་པོ་ལ་སོགས་པའི་འཁོར་དུ་མངོན་པར་འགྲོ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། སྐལ་བ་དང་ལྡན་པ་རྣམས་གདུལ་བར་འདོད་པའི་ཕྱིར་རོ། །སྣང་བར་འགྱུར་ཞིང་མི་སྣང་འགྱུར། །དེ་དག་འགས་ཀྱང་མི་ཤེས་དང་། ། གཞན་གྱི་ཟིལ་གྱིས་གནོན་པར་ཡང་། །བྱེད་དེ་སྙིང་རྗེས་བསྐུལ་བའི་ཕྱིར། །སྣང་བར་འགྱུར་བ་ནི་རང་གི་ལུས་གསལ་པོར་སྟོན་པའོ། །མི་སྣང་བར་འགྱུར་བ་ནི་བསྒྲིབས་པའམ། མི་མཐོང་བར་གྱུར་པ་སྟེ། དེ་དག་གཉི་ག་ཡང་བྱེད་ལ། ཚངས་པ་ལ་སོགས་པ་འགས་ཀྱང་གང་ནས་འོངས་ པ་དང་གང་དུ་སོང་བར་གྱུར་པ་མི་ཤེས་པའོ། །གཞན་དག་གི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་ཡང་བྱེད། སྙིང་རྗེས་བསྐུལ་ནས་ང་རྒྱལ་བཅག་པར་བྱ་བའི་ཕྱིར་ཡིན་གྱི། འགྲན་པ་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །འགྲོ་བའི་གནས་ནི་བརྗོད་རྣམས་སུ། །འགྲོ་བ་དབང་བྱས་ 98-137a དགོད་འདོད་པས། །སྤོབས་སོགས་ཀྱིས་ནི་དམན་པ་ལ། །སྤོབས་པའི་བདེ་བ་རབ་ཏུ་སྟེར། །འགྲོ་བའི་གནས་ནི་གླིང་ལ་སོགས་པ་སྟེ། དེ་དག་གི་དབང་དུ་བྱས་པའི་ཚིག་གི་བྱེ་བྲག་གིས་ཐ་དད་པ་ནི་གྲོང་ཁྱེར་ལ་སོགས་པ་སྟེ། འགྲོ་བའི་གནས་ཞེས་བྱ་བའི་ཐ་ ཚིག་གོ། །དེ་དག་ཏུ་སྐྱེ་བོ་བསམ་པ་ཇི་ལྟ་ཇི་ལྟ་བུར་ཡོད་པ་རྣམས་དབང་དུ་བྱས་ནས་འགོད་པར་བྱེད་དོ། །གང་དག་དེ་ན་སྤོབས་པ་དང་འཛིན་པ་དང་བློས་ཕོངས་པ་དེ་རྣམས་ལ་སྤོབས་པ་ལ་སོགས་པ་དང་། ལུས་ཀྱི་བདེ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ། །དམྱལ་སོགས་སྡུག་བསྔལ་ གྱིས་གདུངས་པ། །འོད་ཟེར་བཏང་བ་ལ་སོགས་ཀྱིས། །ཞི་བར་བྱེད་ཅིང་ལྷ་དབང་སོགས། །སྐལ་བ་མཉམ་པར་འགྲོ་བར་བྱེད། །ཚ་བའི་དམྱལ་བ་བསྟིར་མེད་པ་དང་། ཡང་སོས་དང་། ཐིག་ནག་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་ འབོད་ཆེན་པོ་ཞེས་བྱ་བ་བརྒྱད་དང་། གྲང་བའི་དམྱལ་བ། གས་པ་དང་། ཨུཏྤ་ལ་ལྟར་གས་པ་དང་། ཀུ་མུ་ཏ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་ལ་སོགས་པ་ཚ་བ་དང་། གྲང་བའི་སྡུག་བསྔལ་གྱིས་ཉེན་པའི་སེམས་ཅན་རྣམས་ཀྱི་ སྡུག་བསྔལ་མ་ལུས་པར་ཞི་བར་བྱེད་པའི་ཕྱིར། བསིལ་བ་དང་དྲོ་བའི་འོད་ཟེར་འབྱིན་པར་བྱེད་དེ། འོད་ཟེར་དེ་དག་གིས་རེག་པ་ཙམ་གྱིས་དམྱལ་བ་དེ་དག་དེ་དག་ནས་ཤི་འཕོས་ནས་ལྷའི་དབང་པོ་དང་། འཐབ་བྲལ་དང་། དགའ་ལྡན་ལ་སོགས་པ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བར་བྱེད་པར་འགྱུར་རོ། །གདུལ་བྱ་ཇི་བཞིན་སྤྲུལ་པ་ཡི། །སྤྲུལ་པ་ཡིས་ནི་ཕྱོགས་བཀང་ནས། །བསྟན་པ་རིན་ཆེན་ཆར་བབ་པས། །འཇིག་རྟེན་འདས་པའི་བདེ་བ་སྐྱེད། །གདུལ་བྱ་གང་དང་གང་ལ་སྤྲུལ་པ་གང་གིས་ཡོངས་སུ་སྨིན་པར་ འགྱུར་བའི་ཉན་ཐོས་དང་། རང་སངས་རྒྱས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པའི་སྤྲུལ་པ་དེ་དག་གིས་ཕྱོགས་ཐམས་ཅད་ཁྱབ་པར་བྱས་ནས་སྤྲུལ་པ་དེ་དག་ལས་བྱུང་བའི་བསྟན་པ་རིན་ 98-137b པོ་ཆེའི་ཆར་གྱིས་འཇིག་རྟེན་ལས་ཤིན་ཏུ་འདས་པའི་དགའ་བ་བསྐྱེད་དོ། །དུས་གསུམ་ཚད་མེད་ལུས་ཉིད་དང་། །སངས་རྒྱས་ཞིང་ནི་ཕུན་ཚོགས་དང་། །འཇིག་རྟེན་ཁམས་རྣམས་དཔག་མེད་རྣམས། །འཇིག་པ་དང་ནི་འཆགས་པ་ཡང་། །འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་བའི་དུས་རྣམས་སུ་དཔག་ཏུ་མེད་པའི་ལུས་བྱིན་གྱིས་རློབ་པར་བྱེད། ཡོངས་སུ་མ་དག་པའི་ཞིང་རྣམས་ཡོངས་སུ་དག་པར་བྱིན་གྱིས་རློབ་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་དུས་སུ་མ་ཕྱིན་པར་འཇིག་པ་དང་འཆགས་པར་བྱིན་གྱིས་རློབ་པར་བྱེད་དེ། འཇིག་ པ་རྣམས་ནི་འཆགས་པར་བྱིན་གྱིས་རློབ་པར་བྱེད་དོ། །རང་ལུས་བདེ་བར་གཤེགས་ཞིང་དུ། །དེ་ཡང་རང་ལུས་བདག་ཉིད་དུ། །རང་གི་ཞིང་ནི་བདེ་གཤེགས་སྐུར། །བཞེད་པ་ཙམ་གྱིས་བྱིན་གྱིས་རློབ། །རང་གི་ལུས་སངས་རྒྱས་ཀྱི་ཞིང་དུ་བྱིན་གྱིས་རློབ་པར་བྱེད་དོ། །སངས་རྒྱས་ཀྱི་ ཞིང་དེ་ཡང་རང་གི་ལུས་སུ་བྱིན་གྱིས་རློབ་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་རློབ་པར་བྱེད་དོ། །བ་སྤུའི་ཁུང་དང་འོད་ཟེར་ལས། །ནམ་མཁའ་ལས་ནི་རོལ་མོའི་སྒྲ། །སྤྲུལ་པ་ཡིས་ནི་རབ་བཏང་ནས། །ཐོས་ན་དགའ་བར་འགྱུར་བས་ནི། ། མཐར་ཐུག་པར་ནི་ཁྱབ་པར་འགེངས། །ཀ་ལ་པིངྐའི་སྒྲ་དབྱངས་ནི། །ཟབ་ཅིང་རྒྱ་ཆེ་སྒྲོགས་པ་ཡིས། །འཇིག་རྟེན་རྣམས་ནི་གསུང་གིས་འགེངས། །རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་དང་འོད་ཟེར་ལས་བྱུང་བའི་རྔ་དག་ལས་བརྡུངས་པའམ། མ་བརྡུངས་པར་ནམ་མཁའ་ ལས་བྱུང་བའམ། སྤྲུལ་པ་སྔར་བསྟན་པ་དག་ལས་ངེས་པར་བྱུང་བ་ནི་ཐོས་ན་ཡིད་དགའ་བ་དང་ཁྱབ་པར་བྱེད་ཅིང་འགེངས་པ་དང་། མཐར་ཐུག་པར་བྱེད་པས་ན། མཐར་ཐུག་པ་དང་གསལ་བས་ན་དྲང་བ་དང་། ཀ་ལ་པིངྐའི་དབྱངས་སྙན་པ་དང་། སྐྱེ་བོ་ཐམས་ ཅད་ཀྱིས་དོན་གཟུང་བར་མི་ནུས་པ་དང་། དབྱངས་ཆེན་པོས་གསུང་བ་དང་། ཁྱད་པར་གསུང་བའི་གསུང་དག་གིས་སོ། །ཅི་ཞིག་བྱེད་ཅེ་ན། འཇིག་རྟེན་རྣམས་ལ། མོས་པའི་དབང་དང་དབང་པོ་བཞིན། །ཞི་བ་རོ་གཅིག་ཞི་བ་དང་། །གདུལ་བྱ་རྣམས་ནི་གདུལ་བའི་ཕྱིར། ། 98-138a ཆོས་འདི་རྣམས་ནི་གསུང་བར་མཛད། །མོས་པའི་སྟོབས་དང་དད་པ་ལ་སོགས་པའི་དབང་པོའི་ནུས་པ་དང་ཞི་བ་ཉིད་རོ་གཅིག་པ་འདི་ལ་ཡོད་པས་ཞི་བར་རོ་གཅིག་པའོ། །འཇིགས་པ་ཐམས་ཅད་སེལ་བ་དང་། སྐལ་བ་དང་ལྡན་པའི་སྐྱེ་བོ་ཡོངས་སུ་ སྨིན་པར་བྱ་བའི་ཕྱིར་ཆོས་རྣམ་པ་དུ་མར་སྟོན་པར་མཛད་པའོ། །འདི་དག་ནི་རྫུ་འཕྲུལ་ལ་དབང་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་གྱིས་ཡང་དག་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དབང་བཅུའི་བྱེ་བྲག་ཤེས་པར་འདོད་པ་རྣམས་ཀྱིས། མདོ་སྡེ་དཀོན་མཆོག་སྤྲིན་ ལས་བྱེ་བྲག་རྒྱས་པ་ངེས་པར་ཤེས་པར་བྱའོ། །དེ་ནས་གཞན་ཡང་མངོན་པར་ཤེས་པ་བརྗོད་པར་བྱ་སྟེ། དམན་དང་བག་ལ་ཉལ་བཅས་དག །བདེ་དང་སྡུག་བསྔལ་སོགས་དང་བཅས། །དམན་དང་འབྲིང་དང་མཆོག་རྣམས་དང་། །ཡང་དག་གྱ་ནོམ་སོགས་དེ་རྣམས། ། གང་ལ་ཇི་ལྟར་ཇི་སྲིད་དུ། །ལུས་ཅན་རྣམས་ཀྱི་སེམས་འབྱུང་བ། །དེ་རྣམས་དེ་ལ་དེ་བཞིན་དང་། །དེ་སྙེད་མང་རྣམས་རིག་པར་བྱེད། །དམན་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཉམས་པར་བྱས་པའོ། །བག་ལ་ཉལ་བཅས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ དང་། ང་རྒྱལ་དང་། ལྟ་བ་ཞེས་བྱ་བའི་བག་ལ་ཉལ་གྱི་བག་ལ་ཉལ་དང་བཅས་པའོ། །དག་པ་ནི་ཉོན་མོངས་པའི་བག་ལ་ཉལ་སྤངས་པའོ། །སྡུག་བསྔལ་གསུམ་དང་བྲལ་བ་ནི་བདེ་བ་དང་བཅས་པའམ། དུས་དེ་སྲིད་པའི་ཚོར་བ་བདེ་བ་དང་ལྡན་པའོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་དང་ བཅས་པའོ། །གཉི་གའི་ངོ་བོ་ནི་སྡུག་བསྔལ་དང་བདེ་བ་མ་ཡིན་པ་དང་བཅས་པའོ། །དམན་པ་ནི་ཤིན་ཏུ་སྨད་པ་དང་གཞན་དག་ཀྱང་ངོ་། །འབྲིང་ནི་དེ་བས་མཐོ་བར་གྱུར་པའོ། །མཆོག་ནི་དམ་པ་དང་མཆོག་དང་གྱ་ནོམ་པའོ། །ཐེག་པ་གསུམ་ལ་ཞུགས་པར་གྱུར་པ་ནི་ཡང་དག་པའི་གྱ་ ནོམ་པའོ། །སྲིད་པ་ལ་མངོན་པར་དགའ་བ་ནི་ཕྱིན་ཅི་ལོག་གི་གྱ་ནོམ་པའོ། །སེམས་ཅན་དེ་རྣམས་ཡུལ་གང་ལ་ཇི་ལྟར་དུས་ཇི་སྲིད་དུ་ཞུགས་པའི་སེམས་ཆུང་ངུ་དང་ཡངས་པ་དང་ཆེན་པོར་གཏོགས་པ་དང་། ཚད་མེད་པའི་དབྱེ་བས་སེམས་ཇི་ལྟ་བར་སྐྱེ་བར་གྱུར་པ་དེ་ཐམས་ཅད་ 98-138b རྟེན་དང་བརྟེན་པའི་བྱེ་བྲག་དང་ཞུགས་པར་གྱུར་པའི་བྱེ་བྲག་མང་པོ་དག་སྐད་ཅིག་ལ་ཤེས་པར་འགྱུར་རོ། །འདིས་ནི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་བསྟན་ཏོ། །ལྷའི་མིག་ནི་རྣམ་པ་གཉིས་ཏེ། འཆི་འཕོ་བ་དང་། སྐྱེ་བའི་ཡུལ་ཅན་དང་། གཟུགས་ཀྱི་ཡུལ་ ཅན་ནོ། །དེ་ལ་ཤའི་མིག་དག་པ་ནི་ཕྲ་མོ་དང་བསྒྲིབས་པ་དང་། རིང་བ་དག་ལ་ཐོགས་པ་མེད་པར་འཇུག་ཅིང་འབྱུང་བའི་ཕྱིར་གཟུགས་ཀྱི་ཡུལ་ཅན་ཞེས་བྱ་སྟེ། དེས་རིག་པ་དེ་བསྟན་པའི་ཕྱིར། །ལྷ་དང་སྤྲུལ་པ་ཕྲ་མོ་དང་། །དེ་ལས་བཟློག་པར་གྱུར་པ་དག །ཀུན་དུ་ གཟུགས་ནི་ཐམས་ཅད་ཀྱང་། །ལྷ་ཡི་མིག་གིས་དེ་དག་མཐོང་། །བྱང་ཆུབ་སེམས་དཔའི་ལྷའི་མིག་གང་ཡིན་པ་དེ་ནི་ལྷ་རྣམས་ཀྱིས་མི་ཤེས་སོ། །གང་ཡང་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཏེ། ལྷའི་གནས་ཀྱི་གཟུགས་རྣམས་ཀྱང་མཐོང་ངོ་། ། སྤྲུལ་པ་ནི་དེ་བཞིན་གཤེགས་པ་དང་དགྲ་བཅོམ་པ་རྣམས་ཀྱིའོ། །ཕྲ་མོ་ནི་རྡུལ་ཕྲ་རབ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་ལྷ་ལ་སོགས་པ་ལས་བཟློག་པ་སྟེ། མི་དང་། ལྷ་མ་ཡིན་དང་། དམྱལ་བ་དང་། ཡི་དགས་ལ་སོགས་པ་འཇིག་རྟེན་གྱི་གནས་སོ། །མ་སྤྲུལ་ པ་ནི་རྒྱུ་དང་རྐྱེན་ལས་ཡང་དག་པར་བྱུང་བའོ། །རགས་པ་ནི་ལྷུན་པོ་ལ་སོགས་པ་སྟེ། ཐམས་ཅད་ཀྱི་འགྲོ་བ་ཐམས་ཅད་དང་ལྷག་མ་མ་ལུས་པའི་གཟུགས་དེ་དག་རྣམས་ལྷའི་མིག་གིས་མཐོང་སྟེ། གཟུགས་ཀྱི་ཡུལ་ཅན་ནི་ལྷའི་མིག་ཅེས་བསྟན་ཏོ། །ལྷ་དང་འཕགས་པ་ བཀོད་དང་སྤྲུལ། །གསལ་པོའི་སྒྲ་དང་མིར་བཅས་པ། །རིང་ན་གནས་དང་བཟློག་པ་དག །ལྷ་ཡི་རྣ་བ་འདི་ཡིས་ཐོས། །ལྷ་རྣམས་ཀྱི་སྒྲ་ནི་ལྷ་ཡིན་ནོ། །ཉན་ཐོས་ལ་སོགས་པས་བརྗོད་པ་ནི་འཕགས་པའིའོ། །འོག་མིན་གྱི་ཕོ་བྲང་ན་བཞུགས་པའི་རྒྱལ་བ་རྣམ་པར་སྣང་མཛད་ ཀྱི་སྐུ་ལས་རབ་ཏུ་བྱུང་བའི་བཀོད་པའི་སྒྲ་ནི་བཀོད་པ་སྟེ། སྡོང་པོ་བཀོད་པ་ལས་བསྟན་ཏོ། །འཛམ་བུའི་གླིང་ལ་སོགས་པར་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་གསུང་ནི་སྤྲུལ་པའི་སྒྲའོ། །གསལ་བ་ནི་ཡི་གེ་གསལ་བ་ལ་སོགས་པ་ངེས་པའི་ 98-139a ཚིག་གིས་གསལ་བའོ། །གླིང་བཞི་པར་བྱུང་བ་ནི་མི་རྣམས་ཀྱིའོ། །ཐ་མལ་པའི་རྣ་བའི་དབང་པོའི་ལམ་ལས་འདས་པ་ནི་རིང་བའོ། །མི་གསལ་བ་དང་ཉེ་བ་ནི་བཟློག་པའོ། །དེ་དག་ཐམས་ཅད་ལྷའི་རྣ་བའི་ཁམས་ཀྱིས་འདིས་ཐོས་པར་འགྱུར་རོ། །ལྷའི་རྣ་ བའི་མངོན་པར་ཤེས་པ་བསྟན་ཟིན་ཏོ། །སྔོན་གྱི་གནས་རྣམས་ཐམས་ཅད་དེ། །སེམས་ཅན་རྣམས་དང་བདག་ཉིད་ཀྱི། །མིང་དང་རིགས་ཀྱི་བྱེ་བྲག་རྣམས། །དྲན་ཞིང་གཞན་དག་གི་ཡང་དྲན། །དེས་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་པ་ནས་སྐྱེ་བ་སྟོང་ཕྲག་དུ་མའི་བར་ཡང་རྗེས་སུ་ དྲན་ཏེ། བདག་གི་མིང་ནི་འདི་ཞེས་བྱ། བདག་འདི་དག་ཏུ་ནི་སྐྱེས། བདག་གི་རིགས་ནི་འདི་ཞེས་བྱ། བདག་གི་ཚེའི་ཚད་ནི་འདི་སྙེད་དུ་གནས། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟོས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་མྱོང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ དུ་གཞན་དག་གི་ཡང་དྲན་པར་བྱེད་དེ། འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཞེས་བྱའོ། །ཐ་དད་འགྲོ་བའི་འདོད་པ་དང་། །མི་འདོད་ལས་འབྲས་སྣ་ཚོགས་གནས། །འཆི་དང་འཕོ་དང་སྐྱེ་བ་རྣམས། །ལུས་ཅན་ཀུན་གྱི་རིག་པར་འགྱུར། །ལྷ་དང་། ལྷ་མ་ ཡིན་དང་། མི་དང་། དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་རྣམས་ཉེས་པར་སྤྱད་པ་དང་། ལེགས་པར་སྤྱད་པ་རྣམ་པ་དུ་མའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་དང་འཆི་བ་སྟེ། གནད་སྤྱོད་པའི་སྲིད་པ་ལ་གནས་པ་དང་། འཕོ་བ་སྟེ་སྲིད་པ་བར་མ་ན་གནས་པ་དང་། སྐྱེ་བ་སྟེ་ཉིང་གི་མཚམས་སྦྱོར་བའི་སྲིད་པ་ལ་གནས་པ་དང་། ས་བླ་ས་སྟེང་གི་ལུས་ཅན་མ་ལུས་པའི་འཆི་འཕོ་དང་སྐྱེ་བ་མཐོང་བ་འདི་ནི་སྒོ་དེ་ནས་ལྷའི་མིག་གི་མངོན་པར་ཤེས་པ་བསྟན་པ་ཡིན་ནོ། །སྲིད་པ་བར་མ་ཡོད་པར་སྨྲ་བ་རྣམས་བར་མ་དོན་ཡང་གཟུགས་ཕྲ་བ་ ཡོད་པར་འདོད་པས། སྔར་བསྟན་པའི་གཟུགས་མཐོང་བའི་མངོན་པར་ཤེས་པ་བསྟན་པས་གྲུབ་ལ། གང་དག་སྲིད་པ་བར་མ་དོ་མི་འདོད་པ་དེ་རྣམས་ལ་ནི་སྔ་མ་བཞིན་དུ་གཟུགས་མཐོང་བའི་ཤའི་མིག་དག་པ་བསྟན་ཏོ། །ད་ལྟར་ནི་ཡིད་ཀྱིས་འཆི་འཕོ་དང་སྐྱེ་བ་མཐོང་སྟེ། 98-139b ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ། །དེ་དག་གཉི་ག་ཡང་ཉེ་བར་བསྡུས་ནས་ལྷའི་མིག་གི་མངོན་པར་ཤེས་པ་ཡིན་ནོ་ཞེས་མདོ་ལས་བསྟན་ཏོ། །མིག་ལྔ་ཡོངས་སུ་བསྟན་པ་ལས་གཟུགས་ཀྱི་ཡུལ་ཅན་ནི་ཤའི་མིག་གོ། །འཆི་འཕོ་བ་དང་སྐྱེ་བའི་ཡུལ་ཅན་ནི་ལྷའི་མིག་ཡིན་ནོ་ཞེས་དབྱེ་བ་ བྱས་སོ། །དེ་ནས་གཞན་ཡང་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཁམས་ནི་དཔག་མེད་དུ། །འདི་ཡིས་གདུལ་བྱ་གདུལ་བའི་ཕྱིར། །དགའ་ལྡན་གནས་འཕོས་འཇུག་པ་དང་། །ཡང་དག་བྱང་ཆུབ་མངོན་པར་སྟོན། །སེམས་དང་། བརྩོན་འགྲུས་དང་། འདུན་པ་དང་། སྤྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་གོམས་པར་བྱས་པ་མཐར་ཕྱིན་པར་གྱུར་པས་ས་བཅུའི་དབང་ཕྱུག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གནས་པས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ སངས་རྒྱས་མཐོང་བས་གདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་སྤྲུལ་པ་སྤྲུལ་ཏེ། གང་དགའ་ལྡན་གྱི་གནས་ན་གནས་པ་དང་། འཕོ་བ་དང་། བལྟམས་པ་དང་། བཟོའི་གནས་ཡང་དག་པར་བསྟན་པ་དང་། བཙུན་མོའི་འཁོར་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང་། དམ་པའི་ཆོས་གནས་པ་ལ་སོགས་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྟོན་པར་མཛད་དོ། །ཡང་གང་དག་དེ་ བཞིན་གཤེགས་པ་རྣམས་ལ་མཆོད་པར་འདོད་པ་དེ་དག་ལ་ནི། རང་གི་འདོད་པས་དཔག་མེད་པའི། །འཇིག་རྟེན་ཁམས་ཀྱི་རྡུལ་མཉམ་པ། །སངས་རྒྱས་ཞིང་ཡང་དེ་སྙེད་དུ། །སེམས་ཅན་རྣམས་ཀྱང་དེ་སྙེད་ཀྱི། །གདུལ་བྱ་ཐབས་ཀྱིས་སྤྲུལ་པ་ནི། །རང་གི་ཞིང་ནས་མ་གཡོས་ པར། །རང་གི་འདོད་པར་ལུས་སྤྲུལ་པ། །རེ་རེ་ལས་ཀྱང་དེ་སྙེད་ལག །དེ་སྙེད་པ་ཡི་མགོ་ལས་ལྕེ། །སོ་སོ་ཀུན་ནས་དེ་སྙེད་སྤྲོ། །རང་གི་ཞིང་ནས་མ་གཡོས་བཞིན་དུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ན། 98-140a སེམས་ཅན་དེ་སྙེད་ཡོད་པ་རྣམས་གདུལ་བྱ་ཐབས་ཀྱིས་སྤྲུལ་པའི་ལུས། རང་གི་འདོད་པར་སྤྲུལ་པ་རེ་རེ་ལས་ཀྱང་གྲངས་དེ་སྙེད་ཀྱི་ལག་པ་དང་དེ་སྙེད་ཀྱི་མགོ་དང་མགོ་སོ་སོ་རེ་རེ་ལ་ཡང་དེ་སྙེད་ཀྱི་ལྕེ་སྤྲུལ་ཏོ། །ལག་པ་དེ་དག་གིས་གཟུང་བའི། །མེ་ཏོག་དྲིས་ བཀང་སྣ་ཚོགས་པ། །གང་གཱའི་ཀླུང་གི་བྱེ་མ་སྙེད། །ལྷུན་པོའི་ཚད་ཙམ་དྲི་སྤྲོ་ཞིང་། །རྒྱས་པ་མཆོག་བཟང་དྲི་དག་དང་། །དྲི་གང་དག་ཕྱོགས་ཀུན་དུ་ཁྱབ་པ་དེ་དག་ནི་དྲི་སྤྲོ་བའོ། །མང་བ་དང་མཆོག་དང་བཟང་བ་དྲི་གང་ལ་ཡོད་པ་དེ་ནི་རྒྱས་པ་མཆོག་བཟང་དྲི་སྟེ། ཚད་ནི་རི་རབ་ཀྱི་ ཚད་ཙམ་མོ། །གྲངས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ། དྲིས་བཀང་བ་དང་། མེ་ཏོག་གིས་བཀང་བ་དག་གོ། །རྫོགས་སངས་རྣམ་པར་སངས་རྒྱས་དག །འགྲོ་ལ་ཕན་པ་བྱེད་པའི་མཆོག །ཤིན་ཏུ་གུས་པས་མཆོད་པར་བྱེད། །ལན་ཅིག་མིན་པར་བསྟོད་པས་བསྟོད། །ཡང་དག་པའི་དེ་ ཁོ་ན་ཉིད་རྟོགས་པས་རྫོགས་སངས་དག་དང་། མི་ཤེས་པའི་གཉིད་སངས་པས་ན། སངས་རྒྱས་དག་ལ་འགྲོ་བ་ལ་ཕན་པ་བྱེད་པའི་ཐབས་ཀྱི་སྨོན་ལམ་བྱ་བར་འདོད་པས་དེའི་ཕྱིར་མཆོད་པ་བྱེད་དེ། གུས་པ་ཆེན་པོ་དང་ལྡན་པས། དེས་སྤྲུལ་པའི་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་པ་ དང་། དེ་དག་གི་ལྕེ་རྣམས་ཀྱིས་ཀྱང་རྒྱུན་མི་འཆད་པར་བླ་ན་མེད་པའི་ཡོན་ཏན་བརྗོད་པས་སྟོད་པར་བྱེད་དོ། །གཞན་ཡང་། རིན་ཆེན་གདུགས་དང་བླ་རེ་སོགས། །མུ་ཏིག་དྲ་བས་ཡོངས་བརྒྱན་པ། །ཚད་མེད་རིན་ཆེན་མྱུ་གུ་ལས། །མཆེ་བ་ལྟ་བུའི་འོད་ཟེར་འཕྲོ། །མཐོན་ཀ་ལ་ སོགས་པ་རིན་པོ་ཆེའི་རང་བཞིན་གདུགས་དང་། བླ་རེ་དང་། རྒྱལ་མཚན་ལ་སོགས་པ་དག་ལ་མུ་ཏིག་གི་དྲ་བས་བརྒྱན་པ། ཐ་མལ་པའི་ཚད་ལས་ཤིན་ཏུ་འདས་པ། འོད་དང་བཅས་པ་འཕྲོ་བ་ལྟ་བུར་གནས་པའི་རིན་པོ་ཆེ་རྣམས་ལས། འོད་ཟེར་ཉིད་མྱུ་གུ་ལྟར་གྱུར་པ་སྟེ། དེ་ཉིད་མཆེ་བ་ལྟར་གྱུར་པའོ། །གཞལ་ཡས་ཁང་གི་བསྔགས་པ་བརྗོད་པ། སྟེང་གཡོགས་ཀ་བ་འབར་བས་དགའ། །མུ་ཏིག་ཕྲེང་བ་འཕྱང་བ་དང་། །རིན་ཆེན་སྣ་ཚོགས་དུ་མ་ལས། །སྣ་ཚོགས་ལས་ཀྱིས་བཟོ་སྦྱར་བ། །སྟེང་གཡོགས་དང་ཀ་བ་འབར་བ་གང་ལ་ཉམས་ 98-140b དགའ་བ་ཡོད་པ་དེ་ནི་སྟེང་གཡོགས་ཀ་བ་འབར་བས་དགའ་བའོ། །གང་ལ་མུ་ཏིག་ཕྲེང་བ་འཕྱང་པའི་ངང་ཚུལ་ཡོད་པ་དེ་ནི་མུ་ཏིག་ཕྲེང་བ་འཕྱང་བའོ། །དེ་ཡང་རྣམ་པ་དུ་མའི་རིན་པོ་ཆེའི་ཚོགས་ལས་མངོན་པར་འདུས་བྱས་པ་གང་ལ་ལས་སྣ་ཚོགས་ཀྱི་བཟོ་སྦྱར་བ་ཡོད་པ་དེ་ནི་ སྣ་ཚོགས་ལས་ཀྱིས་བཟོ་སྦྱར་བ་སྟེ། དེ་ལ་གསེར་ལས་བྱས་པའི་ཡ་གད་མཛེས་པ་དང་། འདུག་སྟེགས་ལ་སོགས་པས་མཛེས་པར་བརྒྱན་པའོ། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །འོད་ཟེར་སྒྲོན་མ་བརྒྱ་སྙེད་འབར། །ཤིན་ཏུ་མཐོ་བ་མཁའ་མཉམ་པ། །རིན་ཆེན་འོད་ཀྱིས་ ཕྱོགས་ཁྱབ་བྱེད། །གཞལ་ཡས་ཁང་ནི་གནས་ཀྱི་ཁྱད་པར་རོ། །རིན་པོ་ཆེ་འབར་བ་རྣམས་ཀྱི་འོད་ཉིད་ནི་སྒྲོན་མ་སྟེ། དེ་དག་བརྒྱ་སྙེད་རྟག་ཏུ་འབར་བས་མདངས་དང་ལྡན་པ་ནི་འབར་བའོ། །མཐོ་ཁྱད་ནམ་མཁའ་ལ་རེག་པ་ནི་ཤིན་ཏུ་མཐོ་བ་མཁའ་མཉམ་མོ། །ནོར་བུ་རིན་པོ་ ཆེ་སྣ་ཚོགས་ཀྱི་འོད་ཁ་དོག་དུ་མས་ཕྱོགས་ཁྱབ་པར་བྱེད་པའི་གཞལ་ཡས་ཁང་གི་མཆོད་པས་མཆོད་པར་བྱེད་དོ། །གང་ལ་ཞེ་ན། རྫོགས་པའི་སངས་རྒྱས་ལ་ཞེས་བྱ་བར་འབྲེལ་ཏོ། །དེ་ཡིས་རྣམ་གྲངས་དུ་མ་ཡིས། །བསྟན་པ་རྟག་ཏུ་མཁས་པ་དེས། །ཐོས་ནས་གུས་ པས་གཞན་དག་ལ། །ལྷག་ཆད་མེད་པའི་ཡི་གེས་སྟོན། །མཁས་པ་ལེགས་པར་བསླབས་པ་དེས། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རྣམ་པ་དུ་མས་བསྟན་པ་རྣམས། ཡང་དང་ཡང་དུ་མཉན་ནས་ཐོས་པ་རྣམས་ཇི་ལྟར་ཐོས་པ་བཞིན་དུ་ཡི་གེ་ལྷག་ཆད་ མེད་པས་གཞན་དག་ལ་སྟོན་པར་བྱེད་དོ། །བསྐལ་པ་གྲངས་མེད་དཔག་མེད་པ། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་འཕགས། །ཕ་རོལ་ཕྱིན་རྣམས་ཕ་རོལ་ཕྱིན། །འདི་ནི་འདི་ལྟར་སྐྱེས་བུ་མཆོག །དཔག་ཏུ་མེད་པའི་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ ཀྱིས་འཕགས་ཤིང་ཇི་སྲིད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མིའི་མཆོག་ཡིན་ནོ། །ཅི་ཞིག་བྱེད་ཅེ་ན། སྨྲས་པ། རྫོགས་སངས་ཉི་མར་གྱུར་ནས་ནི། །གདུལ་བྱའི་སེམས་ཅན་པདྨའི་མཚོ། །བསྟན་པའི་འོད་ཀྱིས་རྒྱས་པར་བྱེད། །དྲི་མ་མེད་པས་དྲི་མ་ 98-141a སྦྱོང་། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕ་རོལ་ཏུ་སོང་ནས་འདོད་པ་ཙམ་གྱིས་བྱང་ཆུབ་རྟོགས་པར་མཛད་དེ། དེ་ནས་ནམ་འདོད་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིའི་རྩེ་མོའི་སྤྱོད་ཡུལ་ན་བདེ་བར་གཤེགས་པ་ཉི་མར་གྱུར་ནས་གདུལ་བྱའི་སྐྱེ་བོ་པདྨོའི་འབྱུང་ གནས་ལ་མདོ་སྡེ་ལ་སོགས་པ་གསུང་གི་འོད་ཟེར་རང་བཞིན་དྲི་མ་མེད་པ་སྟོང་གིས་གདུལ་བྱའི་ཡིད་ཀྱི་གཏི་མུག་སེལ་བར་ནུས་པས། སྨོན་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་སད་པར་བྱེད་དོ། །དེ་བཞིན་དུ། གངས་ཕྲེང་བསིལ་བའི་འོད་ཟེར་དང་། །ཙནྡན་པས་ལྷག་གསུང་གི་ཆུས། ལུས་ཅན་ཡིད་ཀྱི་ཉོན་མོངས་མེས། །རབ་ཏུ་གདུངས་པ་ཞི་བར་བྱེད། །གངས་ལ་སོགས་པས་ཞི་བར་བྱས་པའི་ཚ་བ་ནི་རྐྱེན་རྙེད་ནས་སླར་ཡང་འབྱུང་བར་འགྱུར་རོ། །བདེ་བར་གཤེགས་པའི་གསུང་གི་ཆུས་ཤིན་ཏུ་ཞི་བར་བྱས་པའི་ཉོན་མོངས་པའི་མེའི་གདུང་བ་ནི་གཏན་མི་འབྱུང་བའི་ཆོས་ ཅན་དུ་འགྱུར་ཏེ། འདི་ནི་ཁྱད་པར་དུ་འཕགས་པའི་བྱེ་བྲག་ཡིན་ནོ། །གང་ཡང་དེ་དག་གིས་དང་པོ་སེམས་བསྐྱེད་པ་ནས་བཟུང་ནས་ཇི་ལྟར་བདག་རྒལ་ནས་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་བྱ་བ་ལ་སོགས་པའི་སྨོན་ལམ་དེ་འདིས་སྨོན་ལམ་ཡོངས་སུ་རྫོགས་པར་ བྱས་པ་ཡིན་ནོ། །འཁོར་བའི་རྒྱ་མཚོ་ལས་བདག་ཉིད་རྒལ་ཏེ། སྐྱེ་བའི་འཁོར་བའི་དབའ་ཀློང་ཅན། །འཆི་བའི་ཆུ་སྲིན་བཅས་མཚོ་ལས། །ཐེག་པ་གསུམ་གྱི་གྲུ་ཆེན་གྱིས། །འདི་ཡིས་སྐྱེ་བོ་མྱུར་དུ་སྒྲོལ། །འགྲོ་བ་འདི་དག་ཐམས་ཅད་ནི་ཡང་དང་ཡང་དུ་སྐྱེ་ཞིང་འཁོར་ བའི་སྡུག་བསྔལ་སྣ་ཚོགས་ཀྱི་རླབས་དང་། འཆི་བའི་ཆུ་སྲིན་གྱིས་ཀུན་ནས་བསྐོར་བའི་འཁོར་བའི་རྒྱ་མཚོར་ནུབ་པ་ལས། མྱུར་དུ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་གྲུ་བོ་ཆེ་དག་གིས་བསྒྲལ་ནས་བཅིངས་པ་མེད་པའི་རྣམ་པར་གྲོལ་བའི་གླིང་དུ་འགོད་པར་བྱེད་དོ། ། བདག་གི་ལེགས་བཤད་ཆུ་རྒྱུན་གྱིས། །ཐོག་མེད་དུས་ཀྱི་འགྲོ་བ་རྣམས། །ཤིན་ཏུ་སྐོམ་པ་སེལ་བར་བྱེད། །ཡོན་ཏན་གྱིས་ཕོངས་ཀྱང་སེལ་བྱེད། །ཤིན་ཏུ་ཡོན་ཏན་གྱིས་དབུལ་བའི་སྐྱེ་བོ་སྲེད་པའི་དབང་དུ་གྱུར་པ་ལ། དེས་སངས་རྒྱས་ཀྱི་ཡེ་ཤེས་དང་མཐུན་པའི་ལེགས་པར་ 98-141b བཤད་པ་རིན་པོ་ཆེ་རྣམ་པ་དུ་མ་དག་གིས་སྲིད་པའི་སྲེད་པ་དག་རྣམ་པར་གཅོད་པར་བྱེད་ཅིང་དད་པ་ལ་སོགས་པའི་ཡོན་ཏན་གྱི་ནོར་རྣམས་སྡུད་དུ་བཅུག་ནས་ཤིན་ཏུ་དབུལ་བ་སེལ་བར་བྱེད་དོ། །འདིས་ནི་ལམ་མཁན་ཆེན་པོ་ལྟར་སྟོན་པ་ཡིན་ཏེ། སྲིད་པའི་དགོན་པར་ལམ་སྟོར་ བས། །མ་རིག་པས་བསྒྲིབས་ལམ་སྟོན་བྱེད། །འགྲོ་རྣམས་ཤེས་རབ་མིག་ཕྱེ་ནས། །མྱ་ངན་འདས་པར་ཕྱིན་པར་བྱེད། །རང་གི་ལས་ཀྱི་བདག་ཉིད་ཀྱིས་འཁོར་བའི་དགོན་པ་ཐ་དད་དུ་ཡོངས་སུ་འཁོར་བར་གྱུར་ཅིང་མི་ཤེས་པས་བསྒྲིབས་པས་ལམ་ལ་མི་མཁས་པའི་འགྲོ་བ་ རྣམས་ལ་ལམ་ཉེ་བར་བསྟན་ཏེ། ཤེས་རབ་ཀྱི་མིག་རྣམ་པར་ཕྱེ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཁྲིད་པར་བྱེད་དོ། །འདི་ནི་དུག་གིས་ཟིན་པ་ལའང་སེལ་བ་ལ་མཁས་པའི་སྨན་པ་བཞིན་དུ་སྟོན་ཏེ། ཉོན་མོངས་སྦྲུལ་གདུག་མཆེ་བས་བཏབ། །རང་ལ་ཕན་པའི་ཐབས་ ལས་རྒྱལ། །ཡེ་ཤེས་སྨན་ནི་ཡང་དག་པ། །རིག་པ་བསྟན་པས་འགྲོ་རྣམས་གསོ། །འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཉིད་ཀྱི་སྦྲུལ་གདུག་པའི་མཆེ་བས་བཏབ་པར་གྱུར་པ། རང་ལ་ཕན་པར་བྱ་བ་ལས་རྒྱལ་ཞིང་མ་ཤེས་པའི་འགྲོ་བ་རྣམས་ལ་སྟོང་པ་ཉིད་ དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་ཀྱི་ཡེ་ཤེས་ཉིད་ནི་རིག་པ་ཡང་ཡིན་ལ་སྨན་པ་ཡང་ཡིན་ཏེ། དེ་དག་གིས་དེ་གསོ་བར་བྱེད་དོ། །འདིས་ནི་དེ་སད་པར་བྱེད་པའི་རོལ་མོ་བརྡུངས་པ་དང་འདྲ་བར་བསྟན་ཏེ། སྲིད་པར་མགོན་མེད་སྲོག་ཆགས་རྣམས། །ཡུན་ རིང་གཉིད་ཀྱིས་ལོག་པ་ལ། །བསྟན་པ་རྔ་ཡི་སྒྲ་དག་གི། །སྙིང་རྗེ་ཡིས་ནི་སད་པར་བྱེད། །སད་པར་བྱེད་པའི་བདག་པོ་མེད་པར་འགྲོ་བ་རྣམས་འཁོར་བའི་ཁྱིམ་རྣམས་ན་ཐོག་མ་མེད་པ་ནས་མ་རིག་པའི་གཉིད་ཀྱིས་ནོན་པར་གྱུར་པ་ལ་སྙིང་རྗེ་སྐྱེས་པར་གྱུར་པས་དམ་པའི་ཆོས་ བསྟན་པའི་རྔ་བརྡུངས་པའི་སྒྲས་སད་པར་བྱེད་དོ། །དེ་ལྟར་བདག་ཉིད་གྲོལ་བར་བྱས་ནས། ཡུན་རིང་འཁོར་བའི་བཙོན་ར་ན། །སད་པའི་ལྕགས་སྒྲོག་གིས་བསྡམས་པ། །བདུད་བཞི་ལས་ནི་རྒྱལ་བྱས་ནས། །བཅིངས་པ་ལས་ནི་གྲོལ་བར་བྱེད། །སྲེད་པ་རྣམ་པ་དྲུག་གི་ 98-142a ལྕགས་སྒྲོག་གིས་ཡུན་རིང་དུ་འཁོར་བར་སེམས་བཅིངས་པའི་སེམས་ཅན་རྣམས་སྲེད་པའི་བཅིངས་པ་ལས་གྲོལ་བར་བྱེད་དོ། །ཇི་ལྟར་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཕུང་པོའི་བདུད་ལས་རྒྱལ་བར་བྱེད་དོ། །སྟོང་པ་ཉིད་ཀྱིས་ནི་ཉོན་མོངས་པ་ དང་། འཆི་བདག་ལས་རྣམ་པར་རྒྱལ་ལོ། །བྱམས་པས་ནི་ལྷའི་བུའི་བདུད་ལས་རྒྱལ་བར་བྱེད་དོ། །ཤེས་རབ་གཅིག་པུ་བདུད་རྩི་དང་འདྲ་བར་ཚིམ་པར་བྱེད་པ་ཡིན་པས་དེས་ན། བྱིན་ཟ་ངོམས་པ་མེད་པ་བཞིན། །ལྷ་དང་མི་ཡི་ཡུལ་དག་གིས། །ཤེས་རབ་བདུད་རྩིའི་དྲི་བཟང་ པོས། །ལུས་ཅན་རྣམས་ནི་ཚིམ་པར་བྱེད། །ཅེས་བྱ་སྟེ། ཤིན་ཏུ་འབར་བར་གྱུར་པའི་མེ་ནི་ཇི་ལྟ་ཇི་ལྟར་ཤིང་བསྣན་པར་གྱུར་པ་དེ་ལྟ་དེ་ལྟར་ཤིན་ཏུ་ཆེར་འབར་བར་འགྱུར་གྱི་ཞི་བར་མི་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་ལྷ་དང་མིའི་གཟུགས་ལ་སོགས་པ་ཡུལ་རྣམས་ ལ་ཇི་ལྟ་ཇི་ལྟར་ཞུགས་པ་དེ་ལྟ་དེ་ལྟར་སྲེད་པ་འཕེལ་བར་འགྱུར་ཏེ། དེ་དག་རྣམས་ལ་འདིའི་ཤེས་རབ་ཀྱི་བདུད་རྩིའི་རོས་ཚིམ་པར་བྱེད་དོ། །འདིས་ནི་སེང་གེ་དང་འདྲ་བར་སྟོན་ཏེ། འཁོར་དུ་སྟོང་ཉིད་སེང་གེ་ཡི། །སྒྲ་ཆེན་སྒྲ་ནི་བསྒྲགས་པ་ཡིས། །གདུལ་དཀའ་མུ་སྟེགས་ མྱོས་པ་ནི། །ཤེས་པས་མྱོས་པའི་ང་རྒྱལ་སེལ། །ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་གྱི་ཆེ་བར་སེམས་པ་གཞན་སུས་ཀྱང་གདུལ་བར་མི་ནུས་པའི་མུ་སྟེགས་ཉིད་ནི་གླང་ཆེན་མྱོས་པ་སྟེ། མི་ཤེས་པ་ཡིན་ན་ཡང་ཤེས་པར་ང་རྒྱལ་བས་མྱོས་པ་ཡིན་ལ་དེ་བསལ་བའི་ ཕྱིར་སྐྱེ་བོ་མང་པོ་འདུས་པའི་ནང་དུ་སྟོང་པ་ཉིད་ནི་སེང་གེའི་སྒྲ་ཆེན་པོ་ཡིན་ལ། དེར་དེ་སྒྲོགས་པ་ནི་གང་གིས་མུ་སྟེགས་བྱེད་ཀྱི་གླང་པོ་ཤེས་པས་མྱོས་པ་སངས་པར་བྱེད་པའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ བསྟན་པ་ཡིན་ནོ། །ད་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་ཅན་གྱི་སྐུ་བརྗོད་པར་བྱ་སྟེ། དབང་པོ་ཆེན་པོའི་གཞུ་འདྲ་བ། །འདོམ་གང་འོད་ཀྱིས་ཀུན་དུ་བསྐོར། །གཟུགས་གནས་འབར་བ་ཡོངས་རྫོགས་པའི། །མཚན་དང་དཔེ་བྱད་རྣམས་ཀྱི་དཔལ། ། 98-142b དཔལ་ཉིད་རྒྱན་དུ་གྱུར་པ་ཡི། །ཡིད་དང་མིག་ནི་འཕྲོག་བྱེད་པའི། །གཟུགས་ནི་མཉམ་པའི་གཟུགས་མེད་པ། །མཛེས་པ་ཐམས་ཅད་ཟིལ་གྱིས་གནོན། །ལེགས་པར་སྤྱད་པ་དཔག་ཏུ་མེད་པའི་བཟོ་བརྒྱས་བསྒྲུབས་པའི་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་ནི་ཚོན་རྣམ་པ་སྣ་ ཚོགས་ཀྱི་ཕྲེང་བས་བྲིས་པའི་ལྷའི་བདག་པོའི་གཞུ་དང་འདྲ་བའི་འོད་འདོམ་གང་གིས་བསྐོར་བ་དང་རྗེས་སུ་མཐུན་པའི་ཡུལ་ལས་མ་གཡོས་པའི་ཉམས་པ་མེད་ཅིང་མདངས་འབར་བའི་མཚན་དང་དཔེ་བྱད་ཀྱི་དཔལ་རྣམ་པར་འཛིན་པ། རང་གི་དཔལ་ཉིད་ཀྱིས་བརྒྱན་པར་གྱུར་པ། ཡིད་དང་མིག་འཕྲོག་པ། དཔེ་མེད་པའི་སྐུ་གཞན་གྱི་གཟུགས་ཐམས་ཅད་ཀྱིས་མཛེས་པ། ཟིལ་གྱིས་གནོན་པའི་ངང་ཚུལ་ཅན་ཆོས་ཀྱི་སྐུའི་དབང་དང་སྔོན་གྱི་སྨོན་ལམ་ཉིད་ལས་བྱུང་བའོ། །འདིས་ནི་གཟུགས་ཀྱི་སྐུ་དེ་དག་ལས་ཡང་དག་པར་བྱུང་བ་དེ་སྟོན་ཏེ། དེ་ཡིས་རྣམ་ པ་དྲུག་ཅུ་དང་། །ལྡན་པའི་གསུང་དང་ཆོ་འཕྲུལ་དང་། །བཅས་པས་ལྷ་དང་ལྷ་མིན་མི། །ལ་སོགས་ཡིད་ནི་དགའ་བར་བྱེད། རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་། རྗེས་སུ་བསྟན་པ་དང་། ལྡན་པ་ནི་ཆོ་འཕྲུལ་དང་བཅས་པ་སྟེ། འདིའི་རྫུ་འཕྲུལ་ནི་ཁྱབ་པ་དང་། སྙན་པ་དང་། ཟབ་ པ་ལ་སོགས་པའོ། །ཀུན་བརྗོད་པ་ནི་བུ་དང་། བུ་མོ་ལ་སོགས་པ་ཚེ་རིང་བ་ལ་སོགས་པ་སྟོན་པ་དང་། དགེ་བ་དང་མི་དགེ་བ་ལས་འདི་དག་ལས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བྱུང་བར་གྱུར་ཏོ། །འབྱུང་བར་འགྱུར་རོ། །དུས་འདི་སྲིད་དུ་འཁོར་བར་གནས་ནས་ཐར་པ་སྒྲུབ་པར་འགྱུར་རོ་ ཞེས་བྱ་བའོ། །རྗེས་སུ་བསྟན་པ་ནི་ཡང་འདི་ནི་ཆོས་སོ་འདི་ནི་ཆོས་མ་ཡིན་པའོ། །འདི་ལ་ནི་བསླབ་པར་བྱའོ། །འདི་ལ་ནི་སླབ་པར་མི་བྱའོ། །ཆོས་འདི་དག་ནི་སྲིད་པ་སྒྲུབ་པར་བྱེད་པ་སྟེ། འདོད་ཆགས་ལ་སོགས་པའོ། །ཆོས་འདི་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་པའི་ཆོ་འཕྲུལ་བསྟན་པ་རྒྱས་པར་རིག་པར་བྱའོ། །གསུང་དབྱངས་རྣམ་པ་དྲུག་ཅུ་དང་བཅས་པ་ནི་གསུང་དབྱངས་རྣམ་པ་དྲུག་ཅུ་དང་ལྡན་པ་སྟེ། རྣམ་པ་དྲུག་ཅུ་དང་ལྡན་པ་གང་དག་ཅེ་ན། འདི་ལྟ་སྟེ། 98-143a མཉེན་པ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་ དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་ཚིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བ་དང་། བདེ་བ་སྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་དུ་ཤེས་པར་བྱ་བ་དང་། རྣམ་པར་ཤེས་པར་ བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། ཀུན་དུ་དགའ་བར་བྱེད་པ་དང་། ཀུན་དུ་ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་དང་། རིགས་པ་དང་ལྡན་པ་དང་། འབྲེལ་བ་དང་ལྡན་པ་དང་། ཟློས་པའི་སྐྱོན་སྤངས་པ་དང་། སེང་གེའི་སྒྲའི་ཤུགས་དང་། གླང་པོ་ཆེའི་ང་རོའི་སྒྲ་དང་། འབྲུག་གི་དབྱངས་དང་། ཀླུའི་དབང་པོའི་དབྱངས་དང་། མིའམ་ཅིའི་དབྱངས་དང་། རྒྱ་མཚོ་འཁྲུགས་པའི་སྒྲ་དང་། ཀ་ལ་པིངྐའི་སྒྲ་དབྱངས་དང་། ཚངས་པའི་སྒྲ་དབྱངས་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་སྒྲོག་པ་དང་། ལྷའི་དབང་པོའི་ སྒྲ་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་པ་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཕན་པ་དང་། བཅས་ པ་དང་། ཕ་རོལ་པ་དང་བཅས་པ་དང་། སྒྲ་ཐམས་ཅད་རྫོགས་པ་དང་ལྡན་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་རྟབས་པ་དང་། འཁོར་ཀུན་ལ་མཐུན་པར་ཞུགས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་ བ་སྟེ། རྣམ་པ་དྲུག་ཅུ་པོ་འདི་དག་ནི་གསང་བ་བློ་གྲོས་ཀྱི་མདོ་ལས་གསུངས་སོ། །དེ་དག་ཉིད་ཀྱིས། དེ་ཡིས་སྐུ་དང་གསུང་རྣམས་ཀྱིས། །ཡིད་བཞིན་ནོར་བུ་དཔག་བསམ་ལྟར། །གདུལ་བའི་དབང་གིས་ཕྱོགས་ཀུན་དུ། །སྣ་ཚོགས་བདག་པོའི་གཟུགས་སུ་བསྒྱུར། །དེ་ནི་ 98-143b ཇི་ལྟར་བསྟན་པའི་འགྲོ་བ་མོས་པའི་མངོན་པར་འདོད་པའི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སྐུ་དང་། ཇི་ལྟར་བསྟན་པའི་གསུང་དག་གིས། །སེམས་ཅན་གྱི་ཁམས་ཀྱི་མཐས་གཏུགས་པ་ལ་ཕན་པ་མངོན་པར་སྒྲུབ་པའི་སྨོན་ལམ་ གྱིས། གདུལ་བྱ་གང་དང་གང་ལ་གཟུགས་གང་དང་གང་གིས་ཡོངས་སུ་སྨིན་པར་འགྱུར་བ་དེ་དག་གི་ཆེད་དུ་འགྲོ་བ་མ་ལུས་པ་ལ་སྟོན་པའི་དབང་ཕྱུག་ཏུ་གྱུར་པའི་གཟུགས་དུ་མ་སྟོན་པར་མཛད་དོ། །དེ་དག་དེ་ལྟར་སོགས་གྲངས་མེད། །དཔག་མེད་རྨད་དུ་བྱུང་བའི་གནས། ། ཆེ་བའི་བདག་ཉིད་མཁས་པས་ལམ། །འདི་ལ་བརྟེན་ནས་ཐོབ་པར་འགྱུར། །དེ་དག་ཅེས་བྱ་བའི་སྒྲས་ནི་རབ་ཏུ་བྱེད་པ་ཡོངས་སུ་རྫོགས་པ་ཡིན་པར་སྟོན་ཏོ། །དེ་ལྟར་ཞེས་བྱ་བའི་སྒྲས་ནི་ཇི་ལྟར་བསྟན་པའི་ཡོན་ཏན་གྱི་རྣམ་པ་སྟོན་ཏོ། །སོགས་ཞེས་བྱ་བའི་སྒྲས་ནི་འདི་ལྟར་ བསྟན་པ་འདི་ནི་ཉུང་ཟད་ཅིག་ཡིན་གྱི་བརྗོད་པར་བྱ་བ་ནི་མང་དུ་ཡོད་དོ་ཞེས་སྟོན་ཏོ། །བརྒྱ་དང་སྟོང་ལ་སོགས་པ་གྲངས་ལས་འདས་པ་ནི་གྲངས་མེད་པའོ། །མཐུ་ཆེན་པོ་ཉིད་ཀྱིས་ན་དཔག་ཏུ་མེད་པའོ། །ཡིད་ལ་ངོ་མཚར་སྐྱེད་པར་བྱེད་པ་ནི་རྨད་དུ་བྱུང་བའོ། །འདིའི་འབྱུང་ གནས་ནི་དེའི་གནས་སོ། །ཅི་ཞིག་ཅེ་ན། ཆེན་པོར་གྱུར་པའི་ངོ་བོ་ནི་ཆེ་བའི་བདག་ཉིད་དེ། ས་ལ་སོགས་པ་རྟོགས་པའི་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །སུ་ཞིག་གིས་ཤེ་ན། ཀུན་རྫོབ་དང་དོན་དམ་པ་གཉིས་ཤེས་རབ་ཀྱིས་རབ་ཏུ་འབྱེད་པ་དང་ལྡན་པའི་མཁས་པས་སོ། །ཇི་ལྟ་བུ་ཞེ་ ན། བྱང་ཆུབ་སེམས་ནི་མི་གཏོང་དང་། །ཐུབ་པའི་བརྟུལ་ཞུགས་ཡང་དག་བརྟེན། །དེ་ཉིད་ཤེས་པའི་ཚོལ་བ་ནི། །ཞེས་བྱ་བའི་ཚིག་ཇི་སྐད་བསྟན་པའི་ཐེག་པ་ཆེན་པོའི་ལམ་ཆེན་པོ་ལ་བརྟེན་ཅིང་གནས་ནས་འཐོབ་པོ། །གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། རྨད་དུ་ བྱུང་བའི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་བསྟན་པ་ནི་མདོ་སྡེ་དུ་མ་ལས་སྣང་སྟེ། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་མཐའ་དང་དབུས་མེད་པ་ཡོངས་སུ་དག་པ་དང་། རྙོག་པ་མེད་པ་འགྲོ་བ་ཐམས་ཅད་ལ་གཟིགས་པ་མཐའ་དང་དབུས་ལ་མ་ཆགས་པའི་སྤྱན་དང་ 98-144a ལྡན་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ཉིད་དང་། མཐའ་དང་དབུང་མེད་པའི་སྙན་རྣམ་པར་དག་པ་འགྲོ་བ་ཐམས་ཅད་ཀྱི་སྒྲ་རྣམས་བསྒྲིབས་པ་མེད་པར་རྣམ་པར་མཁྱེན་པ་དང་། ཤངས་ཀྱི་སྐྱེ་མཆེད་མཐའ་དང་དབུང་མེད་པ་སངས་རྒྱས་ཀྱི་དབང་རྣམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་བརྙེས་པ་དང་། ལྗགས་ཀྱི་མཆོག་མཐའ་དང་དབུང་མེད་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་དབྱངས་དང་ལྡན་པ་དང་། སྐུའི་ཕྲིན་ལས་ཀྱང་མཐའ་དང་དབུང་མེད་པ་ཉིད་དེ། སེམས་ཅན་གྱི་ཁམས་མ་ལུས་པའི་སེམས་དང་མཐུན་ པར་དེ་བཞིན་གཤེགས་པའི་སྐུ་སྟོན་པར་མཛད་པ་ཉིད་དང་། ཐུགས་ཀྱི་ཕྲིན་ལས་ཀྱང་མཐའ་དང་དབུང་མེད་པ་ཉིད་དེ། ཆོས་ཀྱི་སྐུ་དང་ཐ་མི་དད་པར་དུས་གསུམ་ལ་མ་ཆགས་པའི་རྗེས་སུ་ཞུགས་ཤིང་རྣམ་པར་དག་པ་ཉིད་དང་། སངས་རྒྱས་འབྱུང་བ་སྟོན་པ་ལ་སོགས་ པ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་སྟོན་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པའི་གནས་པ་བསྒྲིབས་པ་མེད་པ་ཡང་མཐའ་དང་དབུང་མེད་པ་དང་། བསམ་པ་རྣམ་པར་དག་པ་ལ་ཇི་ལྟ་བ་བཞིན་དུ་མཐའ་དང་དབུང་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་རྙོག་པ་ མེད་པའི་བཀོད་པ་དང་ལྡན་པ། སྙིགས་མ་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་དུ་བྱིན་གྱིས་བརླབས་ནས་སྟོན་པར་མཛད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་བྱེ་བྲག་དང་སྨོན་ལམ་གྱིས་ཡོངས་སུ་འཕྲུལ་པ་དང་། ཡེ་ཤེས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང་། མངོན་པར་བྱང་ ཆུབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང་མཐའ་དང་དབུང་མེད་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མཐའ་དང་དབུང་མེད་པ་བཅུ་ཡིན་ནོ། །དེ་བཞིན་དུ་སྐད་ཅིག་མ་གཅིག་ལ་སངས་རྒྱས་རྣམས་ཡེ་ཤེས་བཅུ་མངོན་པར་སྒྲུབ་སྟེ། སངས་རྒྱས་རྣམས་ཀྱི་དུས་ལ་མི་འདའ་བ་བཅུ་དང་། སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བཅུ་དང་། སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་མངོན་པར་སྒྲུབ་པའི་ཡེ་ཤེས་བཅུ་དང་། གཞལ་དུ་མེད་པའི་ཁོངས་སུ་གཏོགས་པ་ཉིད་བཅུ་དང་། ཤེས་རབ་ 98-144b འཆལ་པས་བསྙེན་པར་དཀའ་བ་ཆེ་ཞིང་རྒྱས་པའི་ཆོས་བཅུ་དང་། བདག་ཉིད་ཆེ་བ་ཉིད་བཅུ་དང་། ཤིན་ཏུ་རྣམ་པར་དག་པ་བཅུ་དང་། སངས་རྒྱས་རྣམས་ཀྱི་མཛད་པ་བཅུ་དང་། ཡེ་ཤེས་རྒྱ་མཚོའི་རིགས་པ་བཅུ་དང་། སངས་རྒྱས་ཀྱི་འདྲེན་པ་བཅུ་དང་། སངས་རྒྱས་ཀྱི་ ཆོས་བསྟན་པའི་སྒོ་མཐའ་ཡས་པ་བཅུ་དང་། སངས་རྒྱས་ཀྱི་སྙིང་པོའི་ཆོས་བཅུ་དང་། སངས་རྒྱས་རྣམས་ཀྱི་མ་ཆགས་པར་གནས་པ་བཅུ་དང་། སངས་རྒྱས་རྣམས་ཀྱི་རྒྱན་བཅུ་དང་། སངས་རྒྱས་རྣམས་ཀྱི་དབང་ཕྱུག་ལ་དབང་བ་བཅུ་དང་། སངས་རྒྱས་རྣམས་ཀྱི་ཡོངས་སུ་ རྫོགས་པར་མཛད་པ་བཅུ་དང་། སངས་རྒྱས་རྣམས་ཀྱི་ཐབས་ལ་མཁས་པ་བཅུ་དང་། སངས་རྒྱས་རྣམས་ཀྱི་དགོངས་པ་བཅུ་དང་། སངས་རྒྱས་རྣམས་ཀྱི་སྟོབས་བཅུ་དང་། ཆོས་ཀྱིས་ཕྱུག་པའི་ཆོས་བཅུ་དང་། དེ་བཞིན་གཤེགས་པའི་གནས་པ་བཅུ་དང་། ཆོས་ཐམས་ ཅད་མ་ལུས་པར་མཁྱེན་པ་ཉིད་བཅུ་དང་། ཐམས་ཅད་མཁྱེན་པའི་གནས་པ་བཅུ་དང་། དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་རྣམ་པར་དག་པ་བཅུ་དང་། དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའི་ཆོས་བཅུ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་བཅུ་དང་། དེ་བཞིན་གཤེགས་པ་རྣམ་ པར་གཞག་པ་བཅུ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་བཅུ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སུམ་བརྒྱ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་ས་བཅུ་པའི་མདོ་ལས་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །གང་ ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། དཀོན་མཆོག་སྤྲིན་དང་། ས་བཅུ་པ་ལ་སོགས་པའི་མདོ་སྡེ་ལས། དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་ཉེ་བར་བསྟན་པ་རྣམས་ཁྱད་པར་དུ་ཤེས་པར་འདོད་ན་མདོ་སྡེ་དེ་དག་ཉིད་ཀུན་དུ་བལྟ་བར་བྱའོ་ཞེས་བསྟན་ཏོ། །དབུ་མའི་ སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་ལེའུ་སྟེ་གསུམ་པའོ།། །། ༄། །བཞི་པ། ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུའི་འགྲེལ་པ། དེ་ནས་ད་ནི་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་གཏན་ལ་དབབ་པའི་སྐབས་ཀྱི། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཉིད་དུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་བཞི་པ་རྩོམ་པར་བྱེད་དེ། 98-145a དེ་ལྟར་རྣམ་པར་གཞག་པའི་བླ་ན་མེད་པའི་ཆོས་ཡེ་ཤེས་ཟབ་མོས་ཉམས་སུ་མྱོང་བའི་དེ་ཁོ་ན་ཉིད་ནི། རྟོགས་པར་དཀའ་བའི་ལུགས་འདི་ལ། །རྟོགས་པའི་ནུས་པ་ཆུང་གྱུར་པ། །གནས་མིན་སྐྲག་པའི་དམན་མོས་དག །ཡང་དང་ཡང་དུ་རྩོད་པར་རྩོམ། །ཤེས་ བྱའི་སྒྲིབ་པ་སྤང་བའི་ཐབས་ཡོངས་སུ་ཤེས་པ་མེད་པས་འདི་ལ་འཇུག་པར་འགྱུར་བའི་ནུས་པ་ཆུང་བ་ཉིད་ཀྱིས་ཇི་ལྟར་བསྟན་པའི་དེ་ཁོ་ན་ཉིད་ཀྱང་ཤེས་པ་ཚོལ་བའི་ལུགས་འདི་རྟོགས་པར་དཀའ་སྟེ། འདིས་ཕྱིན་པར་བྱེད་པའམ། ཐོབ་པར་བྱེད་པས་ཐེག་པ་སྟེ། ཐེག་པ་ཆེན་ པོའི་ལམ་ནི་ལུགས་ཞེས་བྱ་བ་ལ་དེ་རྟོགས་པའི་ནུས་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་རྣམས་ཉམས་པར་གྱུར་པའི་ཕྱིར་རོ། །དམིགས་པ་མེད་པའི་ལྟ་བ་འཇིགས་པར་བྱ་བའི་གནས་ མ་ཡིན་ལ། ཆད་ལྟ་འདི་ནི་འཇིགས་པར་བྱ་བའི་གནས་ཡིན་ནོ་ཞེས་ནམ་མཁའ་འཇིགས་ཤིང་སྐྲག་པ་བཞིན་དུ་གྱུར་པ་ན། འཇིགས་པ་མེད་པ་གང་ཡང་མ་མཐོང་ཞིང་དངོས་པོར་འཛིན་པའི་གདོན་གྱིས་ཟིན་པའི་དབང་གིས་སེམས་འཁྲུག་པར་གྱུར་པ་རྣམས། མེ་ཁྱེར་གྱི་ འོད་ཀྱིས་ཉི་མ་རྗེས་སུ་དཔོག་པ་དང་། བ་ལང་གི་རྨིག་རྗེས་ཀྱི་རྗེས་སུ་ཞུགས་ནས་རྒྱ་མཚོ་ཆེན་པོ་རྗེས་སུ་དཔོག་པར་བྱེད་པ་ལྟར་ཉན་ཐོས་ཀྱི་ཐེག་པ་རྣམས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་བྲལ་བས་ཐེག་པ་ཆེན་པོ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་སྙམ་སེམས་ ཤིང་དཔོག་པར་བྱེད་པས་འདི་ལ་རིགས་པ་ཡོད་པ་མ་ཡིན་པར་སྒྲུབ་པའི་ཕྱིར་སྨྲས་པ། སྟོན་པའི་རྣམ་པར་མི་རྟོག་བློ། །སྐུ་ལ་བརྟེན་པ་མ་ཡིན་ཏེ། །ལུས་ཅན་ཡིན་ཕྱིར་བ་རྫི་ཡི། །ལུས་ལ་ཇི་ལྟ་བ་བཞིན་ཟེར། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་སེམས་ཀྱི་སྐད་ ཅིག་བཅུ་དྲུག་གིས་རྣམ་པར་གྲོལ་བའི་ལམ་ཐོབ་པའི་ཡེ་ཤེས་ཀྱི་སྐད་ཅིག་ནི་སངས་རྒྱས་ཞེས་བྱ་བའི་སྒྲས་བསྟན་ཏེ། སྡེ་པ་ཐམས་ཅད་ཀྱི་འདོད་པ་ཀུན་དང་ཡང་མི་འགལ་ལོ། །ཡང་རྣམ་པར་མི་རྟོག་པ་ཉིད་ནི་སངས་རྒྱས་ཉིད་དུ་རིགས་པར་འཇུག་པ་ཡིན་ཏེ། 98-145b འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཕྱིར་རང་སངས་རྒྱས་ལ་སོགས་པའི་བློ་བཞིན་ནོ། །རྣམ་པར་མི་རྟོག་པའི་བློ་ནི་རྣམ་པར་མི་རྟོག་པ་ཡིན་ན་ཡང་། རྟེན་གྱི་སྐུ་མཚན་དང་དཔེ་བྱད་དང་ལྡན་པ་ཡང་སངས་རྒྱས་ཉིད་ཡིན་པར་བརྗོད་པ་དེ་ནི་རིགས་པ་མ་ཡིན་པའོ་ཞེས་ཟེར་བའི་ཕྱོགས་ ལ་ཅིའི་ཕྱིར་ལུས་ཅན་ཡིན་པའི་ཕྱིར་ཏེ། གང་དང་གང་ལུས་ཅན་ཡིན་པ་དེ་དང་དེ་ནི་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་རྟེན་མ་ཡིན་ནོ། །དཔེ་ཅི་ཡོད། ཇི་ལྟར་བ་ལང་རྫི་ལ་སོགས་པའི་ལུས་བཞིན་ནོ། །འདིས་ནི་སངས་རྒྱས་ཡེ་ཤེས་ཀྱི་སྐད་ཅིག་མ་ཉིད་ཡིན་པར་སེམས་ཤིང་། ཐེག་པ་ཆེན་པོ་ ལས་རབ་ཏུ་གྲགས་པའི་སྐུ་གསུམ་དུ་རྣམ་པར་གཞག་པ་ནི་མི་འགྲུབ་པར་བསྟན་ཏེ། དེ་ལྟར་གཞན་དག་འདོད་ཅིང་སྒྲོགས་པའི་གཞན་གྱི་ལང་སྨྲ་བའི་ཚིག་ཙམ་ཡང་བདག་ལ་སྡིག་པ་སོགས་པར་མ་གྱུར་ཅིག་ཅེས་བསམས་ནས་སློབ་དཔོན་བདག་ཉིད་ཀྱིས་འདོད་པ་མ་ཡིན་པས་ཟེར་ ཞེས་བྱ་བའི་སྒྲ་བསྟན་པ་ཡིན་ནོ། །གལ་ཏེ་ཐེག་པ་ཆེན་པོ་པ་འདི་སྐད་དུ། རྟག་པའི་སྐུ་དང་དེ་བཞིན་ཆོས་ཙམ་དང་། །རྐྱེན་རྟོགས་པ་དང་སྐྱེ་མེད་རྟོགས་པ་དང་། །ཐམས་ཅད་རྟོགས་པ་བདེ་གཤེགས་བྱང་ཆུབ་སྟེ། །རྣམ་པ་ལྔར་ནི་ཐེག་པ་མཆོག་ལས་བསྟན། །ཞེས་བརྗོད་ན། དེ་དག་ ནི་ལམ་གཞན་དང་གཞན་གྱིས་རྟོགས་པ་ཡིན་པས་དེས་ན་དེ་དག་ནི་གསུང་རབ་ཀྱི་ལུགས་ལ་མཁས་པ་མ་ཡིན་པ་དེའི་ཕྱིར་འདི་ལྟར། ཡང་དག་ལྟ་སོགས་ལམ་གྱིས་ནི། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཆེར། །འདྲེན་བྱེད་ཡང་དག་རབ་རྟོགས་བྱེད། །བྱང་ཆུབ་ཡིན་ ཕྱིར་སློབ་མའི་བཞིན། །ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱི་ འཕགས་པའི་ལམ་ཡན་ལག་བརྒྱད་ནི་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་གི་རིགས་པ་ཡིན་ཏེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཀྱང་ལམ་འདིས་རབ་ཏུ་རྟོགས་ཤིང་ཉམས་སུ་མྱོང་བ་འཐོབ་བོ། །ཆོས་ཐམས་ཅད་ལ་རབ་ཏུ་ 98-146a འབྱེད་པས་རྟོགས་པ་ནི་བྱང་ཆུབ་ཡིན་ཏེ། དེའི་ངོ་བོ་ནི་བྱང་ཆུབ་ཉིད་ཡིན་ནོ། །བྱང་ཆུབ་ཉིད་ཡིན་པ་དེའི་ཕྱིར་གང་དང་གང་བྱང་ཆུབ་ཡིན་པ་དེ་དང་དེ་ནི་ལམ་འདི་དག་ཉིད་ཀྱིས་མངོན་པར་རྟོགས་པར་འགྱུར་གྱི་གཞན་གྱིས་མ་ཡིན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་བཞིན་ནོ། །ཇི་ལྟར་ཉན་ཐོས་ཀྱི་བྱང་ ཆུབ་ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་གྱིས་རྟོགས་པ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་དེ་བཞིན་ནོ། །གལ་ཏེ་ཡང་ལམ་ཐུན་མོང་མ་ཡིན་ན་ཉན་ཐོས་རྣམས་ཀྱི་ཕྱོགས་གཅིག་པ་དང་། གཞན་གྱི་རྐྱེན་གྱིས་ཤེས་པར་འགྱུར་ལ་བཅོམ་ལྡན་འདས་རྣམས་ཀྱི་ནི་གཞན་ལ་རག་མ་ལས་ཤིང་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པ་ཇི་ལྟར་སྲིད་ཅེ་ན། སྟོན་པའི་དབང་པོ་ཁྱད་འཕགས་པས། །ཀུན་མཁྱེན་ཡེ་ཤེས་སྲིད་པ་ཡིན། །ལམ་གཅིག་ན་ཡང་འདོད་པ་བཞིན། །འགའ་ཡིས་སོ་སོ་ཡང་དག་རིག །བཅོམ་ལྡན་འདས་ཀྱི་དད་པ་ལ་སོགས་པའི་དབང་པོ་ནི་ཤིན་ཏུ་རྣོ་བ་ཡིན་ ལ། ཉན་ཐོས་རྣམས་ཀྱི་ནི་རྟུལ་བ་ཡིན། རང་སངས་རྒྱས་རྣམས་ཀྱི་ནི་འབྲིང་པོ་ཡིན་ཏེ། དེས་ན་བཅོམ་ལྡན་འདས་ནི་རང་བྱུང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡིན་གྱི། ཉན་ཐོས་ལ་སོགས་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཇི་ལྟར་ལམ་གཅིག་པ་ཉིད་ཡིན་ན་ཡང་ཉན་ཐོས་རྣམས་ཉིད་ལ་ དབང་པོའི་བྱེ་བྲག་མཐོང་སྟེ། ཤཱ་རིའི་བུ་ཡི་ཤེས་རབ་ལ། །དེ་བཞིན་གཤེགས་པའི་མ་གཏོགས་པ། །སེམས་ཅན་ཀུན་གྱི་ཤེས་རབ་ཀྱིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་དང་། རྫུ་འཕྲུལ་དང་ལྡན་པའི་མཆོག་ནི་མཽད་གལ་གྱི་བུ་ཆེན་པོའོ། །ལྷའི་མིག་དང་ལྡན་པ་ རྣམས་ཀྱི་མཆོག་ནི་མ་འགགས་པའོ། །ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ནི་ཀུན་དགའ་བོའོ། །ཆོས་སྨྲ་བ་རྣམས་ཀྱི་མཆོག་ནི་གང་པོའོ་ཞེས་བྱ་བ་ལ་སོགས་པ་དང་། རང་སངས་རྒྱས་ཀྱི་རྣམ་པ་ལྔ་སྟེ། ཇི་ལྟ་ཞེ་ན། སྨྲས་པ། རང་སངས་རྒྱས་ཀྱི་ས་དག་ནི། །རྣམ་པ་ལྔ་སྟེ་རིགས་ དང་ལམ། །གཞན་ཡང་ཀུན་ནས་འབྱུང་བ་དང་། །གནས་དང་དེ་བཞིན་སྤྱོད་པའོ། །རིགས་ཀྱི་མཚན་ཉིད་གསུམ་ཉིད་དེ། །རང་བཞིན་གྱིས་ནི་འབྱུང་བ་ཉིད། །དང་པོ་ཉིད་ནས་འདོད་ཆགས་ཆུང་། །སྙིང་རྗེ་ཆུང་བའི་རིགས་ཅན་ལ ། །ཁྱད་འཕགས་ང་རྒྱལ་ལ་སྤྱོད་པ། །དེས་ 98-146b ན་དེ་ནི་འདུ་འཛི་དང་། །སེམས་ཅན་དོན་དང་བྱ་བ་ལ། །ཡིད་མི་འཇུག་སྟེ་དེ་ཕྱིར་འདི། །སློབ་དཔོན་མེད་པར་འདོད་པ་ཡིན། །གཉིས་པ་གཞན་མེད་ཁོ་ན་ཡིས། །བྱང་ཆུབ་པ་ཡིན་ལམ་དག་ཀྱང་། །དེ་ཡིས་གསུམ་དུ་རིག་པར་བྱ། །འགའ་ཞིག་བསྐལ་པ་བརྒྱར་སངས་ རྒྱས། །འབྱུང་བ་རྣམས་ལ་ལེགས་མཆོད་ཅིང་། །རང་རྒྱལ་བྱང་ཆུབ་ཕྱིར་བརྩམས་ནས། །སྨིན་པར་བྱེད་དོ་གཞན་དག་ནི། །སངས་རྒྱས་མཉེས་བྱས་ངེས་འབྱེད་ཀྱི། །ཆ་མཐུན་བསྐྱེད་པ་རྫོགས་བྱེད་དོ། །གཞན་ནི་སངས་རྒྱས་འབྱུང་ལ་འབྲས། །འཐོབ་བྱེད་དགྲ་བཅོམ་མངོན་མི་ བྱེད། །ཀུན་ནས་འབྱུང་བ་རྒྱུ་དག་ནི། །གསུམ་པོ་དེ་དག་ཉིད་དག་གིས། །སངས་རྒྱས་མེད་པར་དགྲ་བཅོམ་ཉིད། །སློབ་དཔོན་མེད་པར་ཐོབ་དང་ལྡན། །དང་པོ་ཀུན་འབྱུང་རང་སངས་རྒྱས། །བསེ་རུ་ལྟ་བུར་འདོད་པ་ཡིན། །ལྷག་མ་དག་ནི་ཀུན་འབྱུང་བ། །རྐྱེན་གྱི་རང་རྒྱལ་ཉིད་ཡིན་ནོ། ། དང་པོ་གཅིག་པུར་གནས་པ་སྟེ། །ཟབ་མོ་ལ་ནི་རྟོག་པ་ཡི། །མོས་པ་དང་ལྡན་ལྷག་མ་གཉིས། །ཚོགས་དང་ལྷན་ཅིག་གནས་པ་ཡིན། །ལུས་ལ་སོགས་པ་ལེགས་བསྡམས་ནས། །དེ་ནི་བསོད་སྙོམས་དག་ལ་འཇུག །དམན་པ་རྗེས་སུ་གཟུང་བའི་ཕྱིར། །དེ་ནི་གཅིག་ཏུ་རབ་ ཞི་ལྡན། །དེ་ལྟར་ཤེས་པ་ལ་ཁྱད་པར་ཡོད་ཀྱང་ལམ་ལ་ཐ་དད་པ་མེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡང་བལྟ་བར་བྱའོ། །འོན་ཏེ་ཡང་ཐེག་པ་ཆེན་པོ་པ་དག་ན་རེ་སྒྲིབ་པ་ནི་གཉིས་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང་། གཟུགས་ལ་སོགས་པ་ ཤེས་བྱའི་སྒྲིབ་པ་དག་གོ། །དེ་ལ་ལམ་འདིས་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་གི་ཤེས་བྱའི་སྒྲིབ་པ་སྤོང་བ་ནི་མ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ ཀྱང་ནི། །འོན་ཀྱང་བསྟན་རྣམས་འདི་ལ་འདུན་པ་འདུལ། །ཞེས་བྱ་བ་དང་། དེ་བཞིན་དུ། ཀུན་རྟོག་ལས་ནི་འདོད་སྐྱེ་བས། །འདོད་པའི་རྩ་བར་ཤེས་ཀྱིས་ཏེ། །ཁྱོད་ནི་ཀུན་རྟོག་མ་བྱེད་དང་། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །ཞེས་བྱ་བས་བརྟགས་པ་ཙམ་དང་བྲལ་བ་ནི་ཉོན་མོངས་ 98-147a པ་དང་བྲལ་བ་ཡིན་ནོ། །ཉོན་མོངས་པའི་སྒྲིབ་པ་ཐོག་མ་མེད་པའི་དུས་ནས་གོམས་པར་བྱས་པའི་ཉོན་མོངས་པའི་བག་ཆགས་ནི་ཉན་ཐོས་ལ་སོགས་པ་ལ་ནི་འཇུག་ཅིང་ཡོད་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱི་ལྟ་བ་ཡུན་རིང་དུ་གོམས་པར་བྱས་པས་ཉོན་མོངས་ པའི་དྲ་བའི་དྲི་མ་མ་ལུས་པ་བག་ཆགས་དང་བཅས་པ་རྩ་བ་ནས་སྤངས་པ་ནི་བཅོམ་ལྡན་འདས་ཡིན་ཏེ། དེས་ན་འདི་ནི་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་ཀྱི་ཁྱད་པར་དུ་བསྟན་པ་ཡིན་ནོ་ཞེས་ཟེར་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཤེས་བྱའི་སྒྲིབ་པ་ཟད་བྱེད་པ། །དེ་ཡང་ལམ་འདི་ཉིད་ཀྱིས་ཡིན། ། སེམས་ལས་བྱུང་བའི་སྒྲིབ་ཡིན་ཕྱིར། །ཉོན་མོངས་སྒྲིབ་པ་ཇི་བཞིན་འདོད། །ཤེས་བྱའི་སྒྲིབ་པ་ཟད་བྱེད་པ། །ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཡང་ལམ་འདི་ཉིད་ཀྱིས་ཡིན་ཞེས་བྱ་བ་ནི་དེའི་ཆོས་རབ་ཏུ་སྒྲུབ་པའོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །སྒྲིབ་པ་ནི་བཀག་པ་དང་ གཡོགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཕྱི་རོལ་གྱི་སྒྲིབ་པ་དང་ཆོས་མཚུངས་པས་མ་ངེས་པ་ཉིད་སྤང་བའི་ཕྱིར་གཏན་ཚིགས་ཁྱད་པར་ཅན་དགོད་པ་ནི། སེམས་ལས་བྱུང་བའི་སྒྲིབ་ཡིན་ཕྱིར། །ཞེས་བྱ་བའི་ཉོན་མོངས་པའི་སྒྲིབ་པ་བཞིན་ཞེས་བྱ་བ་ནི་དཔེའོ། །སྒྲིབ་པ་ཉིད་དུ་མཚུངས་ པའི་ཕྱིར་ལམ་གྱིས་ཉོན་མོངས་པ་སྤོང་བར་ནུས་པ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཡང་སྤོང་བར་ནུས་སོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པའི་གཞུང་གིས་ལམ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད། ཐེག་པ་ཆེན་པོའི་གཞུང་གིས་ནི་མ་ཡིན་ ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར། ཐེག་ཆེན་དུ་ཡང་ལམ་འདི་ཡིས། །ཀུན་རིག་ཐུབ་པ་འཐོབ་བྱེད་དེ། །ཐེག་པ་གཞན་ཉིད་ཡིན་པའི་ཕྱིར། །རང་རྒྱལ་ཐེག་པ་བཞིན་དུ་འདོད། །ཐེག་པ་གསུམ་པོ་ཐམས་ཅད་དུ་ཡང་ལམ་འདི་ཉིད་ཁོ་ན་བྱང་ཆུབ་གསུམ་འཐོབ་པའི་རྒྱུ་ཡིན་ གྱི་གཞན་འགའ་ཞིག་འདི་བས་ལྷག་པའི་བྱང་ཆུབ་ཀྱི་ལམ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་མང་དུ་སྨྲས་པས་ཅི་དགོས་ཏེ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཉིད་དང་མི་འགལ་བར་གྱུར་ན་ལྟ་བ་དེ་ལ་དམིགས་པའི་ཕྱོགས་དང་ལྷན་ཅིག་ཏུ་ལམ་མ་ 98-147b ཡིན་ཞེས་དཔྱད་པར་རིགས་པར་གྱུར་ན་དེ་ནི་སངས་རྒྱས་ཀྱི་གསུང་ཉིད་དུ་རིགས་པ་མ་ཡིན་ཏེ། རིགས་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། མདོ་སྡེ་སོགས་སུ་མ་བསྡུས་དང་། །ལམ་གཞན་ཉེ་བར་སྟོན་ཕྱིར་ཡང་། །ཐེག་ཆེན་སངས་རྒྱས་གསུང་མ་ཡིན། །རིག་བྱེད་ མཐའ་ཡི་ལྟ་བ་བཞིན། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྡེ་དང་། འདུལ་བ་དང་། མངོན་པ་རྣམས་སུ་མ་བསྡུས་པ་ཉིད་ཀྱི་ཕྱིར་རོ། །གང་ཅུང་ཞིག་སངས་རྒྱས་ཀྱིས་གསུངས་པ་དེ་ཐམས་ཅད་ནི་མདོ་སྡེ་དང་། མངོན་པ་དང་། འདུལ་བ་རྣམས་ལ་སྣང་ན། ཐེག་པ་ཆེན་པོ་ནི་མིང་ཙམ་ཡང་མདོ་སྡེ་དང་། མངོན་པ་དང་། འདུལ་བ་རྣམས་ལ་མི་དམིགས་ཏེ། དེའི་ཕྱིར་ན་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། རིག་བྱེད་ཀྱི་མཐའི་ལྟ་བ་བཞིན་ནོ། །རིག་བྱེད་ཀྱི་མཐའ་ངེས་པ་ནི་རིག་བྱེད་མཐའ་པ་སྟེ། དེ་ཡང་ འདི་ལྟར་གང་གཱ་ལ་སོགས་པའི་འབབ་སྟེགས་སུ་བཀྲུས་པ་དང་། སྨྱུང་བར་གནས་པ་དང་། ཁམས་གསུམ་པའི་གསང་སྔགས་ལ་སོགས་པ་བཟླས་པས་སྡིག་པ་དག་ཅིང་གྲོལ་བ་ཐོབ་པར་སྨྲ་བའོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ བཅུ་གསུམ་པ། ཐེག་པ་ཆེན་པོ་པ་ཡང་གང་གཱ་དང་། སིན་དྷུ་དང་། པཀྵུ་དང་། ཤཱིཏ་ཞེས་བྱ་བའི་ཆུ་ཀླུང་བཞིའི་ཆུ་ལ་བཀྲུས་པ་དང་འཐུངས་པ་དང་དེར་གནས་པའི་རིམ་གྱིས་གཟུངས་སྔགས་དང་། གསང་སྔགས་ཀླགས་པ་དང་། བཟླས་བརྗོད་ལ་སོགས་པ་བྱས་པས་སྡིག་ པ་ཟད་ཅིང་བསོད་ནམས་ཉེ་བར་འཕེལ་བ་ལ་སོགས་པའི་ལམ་གཞན་ཉེ་བར་བསྟན་པའི་ཕྱིར་རིག་བྱེད་ཀྱི་མཐའ་པའི་ལྟ་བ་དང་འདྲ་བ་ཉིད་དེ། དེའི་ཕྱིར་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱའོ། །ཆད་པར་ལྟ་བ་དེ་བཞིན་དུ། །རྒྱུ་དང་འབྲས་བུ་སྐུར་འདེབས་པས། །དེའི་ ཕྱིར་ཡང་སྟེ། བདག་ཉིད་ཐམས་ཅད་ཐམས་ཅད་དུ་སྟོང་པ་ཉིད་དུ་ཁས་ལེན་པའི་ཕྱིར་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ཀྱང་མེད་པས། ལས་ཀྱང་མེད། བྱ་བ་ཡང་མེད། འབྲས་བུ་ཡང་མེད་དོ་ཞེས་འབྲས་བུ་དང་བཅས་པའི་སྐུ་ལ་སྐུར་པ་བཏབ། ། 98-148a པར་གྱུར་པས་འཇིག་རྟེན་འདི་ཙམ་པའི་ལྟ་བ་དང་། ཐེག་པ་ཆེན་པོ་པའི་གྲུབ་པའི་མཐའ་མཚུངས་པར་འགྱུར་ཏེ། ཆད་པར་ལྟ་བ་པོ་ཡང་མེད། འདི་ལྟར་འཇིག་རྟེན་འདི་ཡང་མེད། འཇིག་རྟེན་ཕ་རོལ་ཡང་མེད། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་ རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པར་མངོན་པར་ཞེན་ཏོ། །གལ་ཏེ་འདི་ཀུན་སྟོང་པ་ན། །སྐྱེ་བ་མེད་ཅིང་འགག་མེད་པས། །འཕགས་པའི་བདེན་པ་བཞི་པོ་རྣམས། །དངོས་པོ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་དབུ་མའི་རབ་ཏུ་བྱེད་པའི་དོན་ཡང་ འདིར་སྦྱར་བར་བྱའོ། །གཞན་ཡང་། སྡེ་པ་བཅོ་བརྒྱད་ཁོངས་སུ་ཡང་། །གཏོགས་པ་མེད་པས་མ་ཡིན་ངེས། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་མ་གཏོགས་པའི་ཕྱིར་རིག་བྱེད་མཐའ་པའི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་ཚད་མ་ཉེ་བར་དགོད་པ་ ཡིན་ནོ། །ཡང་སྡེ་པ་བཅོ་བརྒྱད་པོ་དེ་དག་ནི་གང་ཡིན་པ་དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་བཅུ་དྲུག་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་ རྒྱས་པ་ཞེས་བྱ་བར། རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས། དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེས་རེ་ཞིག་དང་པོར་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པའོ། །དེ་ལ་དགེ་ འདུན་ཕལ་ཆེན་པའི་སྡེ་ཡང་རིམ་གྱིས་དབྱེ་བར་གྱུར་པ་ན། རྣམ་པ་བརྒྱད་དུ་གནས་ཏེ། འདི་ལྟ་སྟེ། དགེ་འདུན་ཕལ་ཆེན་སྡེ་པ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ་པ་དང་། བཏགས་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་ གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པའོ། །གནས་བརྟན་པ་ཡང་རིམ་གྱིས་དབྱེ་བར་གྱུར་པ་ན། རྣམ་པ་བཅུར་འགྱུར་ཏེ། འདི་ལྟ་སྟེ། གནས་བརྟན་པ་ཉིད་ལ། གངས་རི་པ་ཞེས་ཀྱང་བརྗོད་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། རྒྱུར་ 98-148b སྨྲ་བ་དང་། ཁ་ཅིག་མུ་རུན་ཏ་ཀ་པ་ཞེས་ཀྱང་ཟེར་བ་དང་། གནས་མའི་བུ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་པ་ལ་ཁ་ཅིག་ཨ་པན་ཏ་ཀ་པ་ཡང་ཟེར། ཁ་ཅིག་ནི་ཀུ་རུ་ཀུ་ལ་པ་ཞེས་ཀྱང་ཟེར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟངས་ འབེབས་པ་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུངས་པ་ཞེས་ཟེར་བ་དང་། བླ་མ་པ་ལ་ཁ་ཅིག་ནི་འཕོ་བར་སྨྲ་བ་ཞེས་ཟེར་བ་སྟེ། སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་ནི་དེ་དག་གོ། །དེ་ལ་དགེ་འདུན་ཡང་ཡིན་ལ་ཕལ་ཆེ་བ་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། དེ་ཉེ་བར་སྟོན་པར་བྱེད་པ་ནི་དགེ་འདུན་ཕལ་ཆེན་ པའོ། །ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ཐུགས་གཅིག་གིས་རྣམ་པར་མཁྱེན་ཅིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་ཏེ། དེས་ན་ཐ་སྙད་གཅིག་པ་ཞེས་བྱའོ། །འཇིག་ རྟེན་ཐམས་ཅད་ཀྱི་འཇིག་རྟེན་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པར་གྱུར་པས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་ཆོས་མི་མངའོ་ཞེས་སྨྲས་པས་ནི་འཇིག་རྟེན་ལས་འདས་པར་སྨྲ་བའོ། །མང་དུ་ཐོས་པའི་སློབ་དཔོན་གྱི་རྗེས་སུ་སྟོན་པར་བྱེད་པས་ན་མང་དུ་ ཐོས་པར་སྨྲ་བའོ། །འདུས་བྱས་རྣམས་ཕན་ཚུན་བཏགས་པ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་སྨྲ་བའི་ཕྱིར་བཏགས་པར་སྨྲ་བའོ། །མཆོད་རྟེན་ཅན་གྱི་རི་ལ་གནས་བཅས་པ་ཉིད་ནི་མཆོད་རྟེན་པའོ། །ཤར་གྱི་རི་དང་ནུབ་ཀྱི་རི་ལ་གནས་པ་ཉིད་ནི་ཤར་གྱི་རི་བོ་པ་དང་། ནུབ་ ཀྱི་རི་བོ་པའོ། །གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ནི་གནས་བརྟན་པའོ། །དེ་ཉིད་ལ་གངས་རི་པ་ཞེས་ཀྱང་ཟེར་ཏེ། གངས་ཀྱི་རི་ལ་བརྟེན་ནས་གནས་པའི་ཕྱིར་རོ། །གང་ཅུང་ཞིག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཡོད་དོ་ཞེས་སྨྲ་བའི་ཕྱིར་ ཐམས་ཅད་ཡོད་པར་སྨྲ་བའོ། །དེ་དག་ཉིད་ལས་འགའ་ཞིག་ནི་ཡོད་དེ ། འདས་པའི་ལས་འབྲས་བུ་མ་ཕྱུང་བ་གང་ཡིན་པའོ། །ལ་ལ་ནི་མེད་དེ། གང་འབྲས་བུ་མྱོང་ཟིན་པ་དང་། མ་འོངས་པ་དག་གོ་ཞེས་རྣམ་པར་ཕྱེ་ནས་སྨྲ་བར་བྱེད་པའི་ཕྱིར་དེ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་ཞེས་བྱའོ། །དེ་དག་ 98-149a ཉིད་ལས་གང་ཅུང་ཞིག་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་བ་དེ་ཐམས་ཅད་ནི་རྒྱུ་དང་བཅས་པའོ་ཞེས་སྨྲ་བས་རྒྱུར་སྨྲ་བའོ། །དེ་རྣམས་ཉིད་ལས་ཁ་ཅིག་མུ་རུན་ཏའི་རི་ལ་གནས་པའི་ཕྱིར་མུ་རུན་ཏ་ཀ་པ་ཞེས་བྱའོ། །གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་ མ་ཡིན་ལ་དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པ་ནི་གནས་མའི་བུའོ། །སློབ་དཔོན་ཆོས་མཆོག་གིས་རྗེས་སུ་སྟོན་པར་བྱེད་པ་ནི་ཆོས་མཆོག་པའོ། །བཟང་པོའི་ལམ་པའི་སློབ་མ་ནི་བཟང་པོའི་ལམ་པའོ། །ཀུན་གྱིས་བཀུར་བའི་སློབ་དཔོན་ གྱི་ལུགས་སྟོན་པར་བྱེད་པ་ནི་ཀུན་གྱིས་བཀུར་བའོ། །དེ་ཉིད་ལས་ཨ་པན་ཏའི་གྲོང་ཁྱེར་དུ་ཡང་དག་པར་བསྡུ་བ་བྱས་པའི་ཕྱིར་ཨ་པན་ཏ་ཀ་པའོ། །ཁ་ཅིག་ཀུ་རུ་ཀུ་ལའི་རི་ལ་གནས་པའི་ཕྱིར་ཀུ་རུ་ཀུ་ལ་པའོ། །ས་སུའི་སྐད་ཀྱི་དབྱིངས་ལས་རྗེས་སུ་སྟོན་དུ་བསྒྱུར་ཏེ། སྐྱེ་ བོའི་ཚོགས་ཆེན་པོ་ལ་ཡང་སྲིད་པར་མི་འབྱུང་བར་རྗེས་སུ་སྟོན་པར་བྱེད་པ་ནི་མང་སྟོན་པའོ། །སློབ་དཔོན་ཆོས་སྦས་ཀྱི་ཡིན་པར་སྨྲ་བ་ནི་ཆོས་སྦས་པའོ། །རབ་ཏུ་བསྔགས་པའི་དམ་པའི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་ན་ཆར་བཟངས་འབེབས་པའོ། །དེ་ཉིད་སློབ་དཔོན་ འོད་སྲུངས་ཀྱི་ཡིན་པར་སྨྲ་བ་ནི་འོད་སྲུངས་པའོ། །དེ་བཞིན་དུ་བླ་མ་པའི་ཡིན་པར་སྨྲ་བ་ནི་བླ་མ་པའོ། །དེ་ཉིད་ལས་ཁ་ཅིག་ན་རེ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་གང་ཟག་འཕོ་བར་འགྱུར་རོ་ཞེས་སྨྲ་བ་ནི་འཕོ་བར་སྨྲ་བའོ། །དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ ཕལ་ཆེན་ལ་སོགས་པ་བརྒྱད་དང་། ཕྱིས་བསྟན་པའི་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། ཐམས་ཅད་པ་དང་། ཆོས་མཆོག་པ་དང་། འོད་སྲུངས་པ་རྣམས་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་སྟེགས་པའི་འདོད་པས་བཏགས་པའི་བདག་དང་བདག་གི་ དག་ནི་སྟོང་པ་ཡིན་པ་དང་། ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་པར་སྨྲ་བའོ། །ལྷག་མ་གནས་མའི་བུ་ལ་སོགས་པ་སྡེ་པ་ལྔའི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བར་ 98-149b གྱུར་པ་ཡོངས་སུ་གསལ་བར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི་སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་ཡིན་ནོ། །གཞན་ཉིད་ཀྱིས་སྨྲ་བ་ནི་གཞི་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་ སྨྲ་བའོ། །དེ་ལ་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མ་བུའི་སྡེ་པ་ཞེས་བྱའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་སྨྲ་བ་ཞེས་བྱའོ། །གནས་མ་བུ་ཡང་རྣམ་པ་བཞི་སྟེ། མང་པོས་ བཀུར་བ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། གྲོང་ཁྱེར་དྲུག་པ་ཞེས་བྱ་སྟེ། དེ་ལྟར་ན་གནས་བརྟན་པ་ནི་རྣམ་པ་དྲུག་ཏུ་གནས་སོ། །ཡང་དགེ་འདུན་ཕལ་ཆེན་སྡེ་ནི་རྣམ་པ་བརྒྱད་དེ། དགེ་འདུན་ཕལ་ཆེན་པ་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་དང་། རྒྱལ་པོའི་རི་པ་དང་། གངས་རི་པ་དང་། མཆོད་རྟེན་པ་དང་། དོན་གྲུབ་པ་དང་། བ་ལང་གནས་པ་ཞེས་བྱ་བ་སྟེ། དེ་ལྟར་དེ་དག་ནི་དགེ་འདུན་ཕལ་ཆེན་གྱི་དབྱེ་བ་ཡིན་ནོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ། ས་སྟོན་པ་དང་། འོད་སྲུངས་པ་དང་། ཆོས་སྦས་པ་དང་། གོས་ དམར་པོ་ཞེས་བྱའོ། །དེ་ལྟར་འདི་དག་ནི་འཕགས་པའི་སྡེ་པ་རྣམས་རྣམ་པར་དབྱེ་ནས་རྣམ་པ་བཅོ་བརྒྱད་དུ་གྱུར་པའོ། །ཡང་གཞན་དག་ནི་འདི་སྐད་སྨྲ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ནས་བཟུང་ནས་ལོ་བརྒྱ་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་། པདྨ་ཆེན་པོ་ཞེས་བྱ་བས་གྲོང་ཁྱེར་པཱ་ཊ་ལ་པུ་ཏྲའི་ནང་དུ་སྡུད་པ་ལ་སོགས་པའི་འཕགས་པ་ལ་ནི་ཡང་ལེན་པ་མེད་པ་ན་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུངས་ཆེན་པོ་དང་། འཕགས་པ་སྤུ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། བླ་མ་དང་། རེ་པ་ཏ་ལ་སོགས་ པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན་བདུད་སྡིག་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ་གནས་བརྟན་ཀླུ་ཞེས་ 98-150a བྱ་བ་དང་། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གིས་གཞི་ལྔ་བསྔགས་པར་བྱེད། རྗེས་སུ་སྟོན་པར་བྱེད་ཅིང་དེ་གཞན་ལ་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ཞེས་ཟེར་རོ། །དེས་ན་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུག་ལོང་གིས་གནས་སོ། །དེ་ནས་ལོ་བརྒྱ་ཕྲག་གཉིས་པ་འདས་པའི་ རྗེས་ལ་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པ་ན་དགེ་འདུན་ཕལ་ཆེན་ཡང་རྣམ་པ་གཉིས་སུ་བྱུང་བར་གྱུར་ཏོ ། །ཐ་སྙད་པ་དང་བ་ལང་གནས་པ་ཞེས་བྱ་བའོ། །དེ་ལ་ཐ་སྙད་པ་རྣམས་ཀྱི་དམ་ཚིག་གི་རྩ་བ་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ཆོས་ནི་མི་མངའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གསུང་ནི་མི་འཇུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་སྙིང་པོ་ལ་ མངོན་པར་མོས་པའོ། །དེ་བཞིན་གཤེགས་པ་ལ་གནས་དེར་གཟུགས་ཉེ་བར་ལེན་པ་ནི་མི་མངའོ། །བྱང་ཆུབ་སེམས་དཔའི་དུས་ན་ནུར་ནུར་པོ་དང་མེར་མེར་པོ་དང་ལྟར་ལྟར་པོས་འཇུག་པ་མ་ཡིན་ཏེ། གླང་པོ་ཆེར་གྱུར་ནས་ཡུམ་གྱི་སྐུ་ནས་ཞུགས་ནས་རང་ཉིད་ངེས་པར་འབྱུང་ བ་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་ནི་མི་འབྱུང་ངོ་། །ངན་འགྲོ་རྣམས་སུ་བདག་ཉིད་ཀྱི་འདོད་པས་སྐྱེ་བ་བླངས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཡེ་ཤེས་གཅིག་གིས་བདེན་པ་བཞི་རྣམས་ཡོངས་སུ་ཤེས་སོ། །རྣམ་པར་ཤེས་པ་དྲུག་པོ་ རྣམས་ནི་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ། །མིག་གིས་ནི་གཟུགས་རྣམས་མཐོང་ངོ་། །དགྲ་བཅོམ་པ་རྣམས་ཀྱང་གཞན་དག་གིས་བསྟན་པ་སྒྲུབ་པར་བྱེད་དོ། །མི་ཤེས་པ་དང་ཡིད་གཉིས་དང་ཡོངས་སུ་བརྟག་པ་དང་སྡུག་བསྔལ་སྤོང་བའི་ 98-150b ལམ་ཡང་ཡོད་དོ། །མཉམ་པར་གཞག་པའི་ཚེ་ངག་འཇུག་པར་བྱེད་པ་ཡང་ཡོད་དོ། །མི་གཙང་བ་སྤང་བ་ཡང་ཡོད་དོ། །ཡང་དག་པར་སྡོམ་པ་མངོན་དུ་བྱས་པ་ཉིད་ཀྱིས་ཀུན་དུ་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་པའི་ཡང་དག་པའི་ ལྟ་བ་ནི་མི་མངའོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས་བག་ལ་ཉལ་བ་རྣམས་སེམས་དང་མཚུངས་པར་ལྡན་ཞེའམ། མི་ལྡན་ཞེས་བརྗོད་པར་མི་བྱའོ། །བག་ལ་ཉལ་ཡང་གཞན་ལ་ཀུན་ནས་ལྡང་བ་ཡང་གཞན་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་མེད་དོ། །རྒྱུན་དུ་ ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་རྣམས་ནི་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་དབྱེ་བ་ནི་མང་དུ་ཐོས་པ་དང་བཏགས་པར་སྨྲ་བ་པ་ཞེས་བྱ་བའོ། །དེ་ལ་མང་དུ་ཐོས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ངེས་པར་འབྱུང་བའི་ ལམ་ལ་ནི་རྣམ་པར་དཔྱོད་པ་མེད་དོ། །སྡུག་བསྔལ་གྱི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། འཕགས་པའི་བདེན་པ་ནི་བདེན་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་རྣམས་མཐོང་བས་ཡང་དག་པར་སྐྱོན་མེད་པ་ལ་འཇུག་གི །སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་ བསྔལ་མཐོང་བས་ནི་མ་ཡིན་ནོ། །དགེ་འདུན་ནི་འཇིག་རྟེན་ལས་འདས་པའོ། །དགྲ་བཅོམ་པ་རྣམས་ལ་ཡང་གཞན་གྱིས་ཉེ་བར་བསྟན་པ་སྒྲུབ་པ་ཡོད་དོ། །ཡང་དག་པར་བསྒྲགས་པའི་ལམ་ཡང་ཡོད་དོ། །མཉམ་པར་གཞག་པ་ལ་ཡང་དག་འཇུག་པ་ཡང་ཡོད་དོ་ཞེས་བྱ་བ་རྣམས་ནི་ མང་དུ་ཐོས་པ་རྣམས་ཀྱི་དམ་ཚིག་གོ། །ཡང་བཏགས་པར་སྨྲ་བ་རྣམས་ནི་ཕུང་པོ་མེད་པའི་སྡུག་བསྔལ་ཡང་ཡོད་དོ། །ཡོངས་སུ་མ་རྫོགས་པའི་སྐྱེ་མཆེད་ཀྱང་ཡོད་དོ། །འདུ་བྱེད་རྣམས་ནི་ཕན་ཚུན་བཏགས་པ་ཡིན་ནོ། །ཡང་སྡུག་བསྔལ་ནི་དོན་དམ་པར་རོ། །སེམས་ལས་བྱུང་བ་ནི་ལམ་མ་ ཡིན་ནོ། །དུས་མ་ཡིན་པར་འཆི་བ་ནི་མེད་དོ། །སྐྱེས་བུ་བྱེད་པ་ཡང་མེད་དོ། །སྡུག་བསྔལ་ཐམས་ཅད་ནི་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་བཏགས་པར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་བྱེ་བྲག་ལས་གནས་བརྟན་མཆོད་རྟེན་པ་ 98-151a ཞེས་བྱ་སྟེ། དེ་ནི་ལྷ་ཆེན་པོ་ཞེས་བྱ་བའི་ཀུན་དུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རི་ལ་གནས་པ་ཡིན་ཏེ། ཡང་དེ་ནི་དགེ་འདུན་ཕལ་ཆེན་པའི་གཞི་འདོད་པར་གྱུར་པ་ནི་མཆོད་རྟེན་པ་ཞེས་བྱ་བའི་སྡེ་པར་རྣམ་པར་གཞག་སྟེ། དེ་དག་ནི་དགེ་འདུན་ཕལ་ཆེན་པ་ རྣམས་ཀྱི་སྡེ་པ་དྲུག་ཏུ་བཞག་པ་ཡིན་ནོ། །ཡང་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། སྔར་གྱི་གནས་བརྟན་པ་དང་གངས་རི་པ་ཞེས་བྱའོ། །སྔར་གྱི་གནས་བརྟན་པའི་རྩ་བའི་དམ་ཚིག་ནི་དགྲ་བཅོམ་པ་རྣམས་ལ་གཞན་གྱིས་སྟོན་ཅིང་སྒྲུབ་པ་ནི་མེད་དོ། །དེ་བཞིན་དུ་ གཞི་ལྔ་པོ་ཡང་མེད་དོ། །གང་ཟག་ནི་ཡོད་དོ། །སྲིད་པ་བར་མ་ནི་ཡོད་དོ། །དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་པ་ནི་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །མྱ་ངན་ལས་འདས་པའི་དོན་ནི་ཡོད་དོ་ཞེས་བྱ་བ་དག་ནི་གནས་བརྟན་པའི་རྩ་བའི་དམ་ ཚིག་གོ། །དེ་ལ་གངས་རི་པའི་རྩ་བའི་དག་ཚིག་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་སོའི་སྐྱེ་བོ་མ་ཡིན་ཞེས་བྱའོ། །ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ནི་ཡོད་དོ། །ཕུང་པོ་ལས་གང་ཟག་ནི་གཞན་ཡིན་པར་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པར་འགྱུར་བ་ན། གང་དུ་ཕུང་པོ་འགགས་པ་ན་གང་ཟག་ནི་གནས་པའི་ཕྱིར་རོ། །མཉམ་པར་གཞག་པ་ལ་ངག་འཇུག་པ་ནི་ཡོད་དོ། །ལམ་གྱི་སྡུག་བསྔལ་ནི་སྤོང་ངོ་ཞེས་བྱ་བ་དེ་དག་ནི་གངས་རི་པའི་དམ་ཚིག་ཡིན་ནོ། །ཡང་དང་པོའི་གནས་བརྟན་པ་ཡང་རྣམ་པ་གཉིས་སུ་གྱུར་ཏེ། ཐམས་ ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུ་ཞེས་བྱའོ། །དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་ནི་གཉིས་ཀྱིས་ཐམས་ཅད་བསྡུས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ། །དེ་སྐད་སྨྲས་པས་ཅིར་འགྱུར། གང་ཟག་ནི་མེད་ཅེས་བྱ་བ་སྟེ། ཇི་སྐད་དུ། བདག་མེད་པ་ཡི་ ལུས་འདི་འབྱུང་བ་ན། །བྱེད་པ་མེད་ཅིང་རིག་པ་པོ་ཡང་མེད། །ཇི་ལྟར་འཁོར་བའི་ཆུ་ཀླུང་འཇུག་གྱུར་པ། །ཉན་པའི་མཆོག་ཁྱོད་དེ་ནི་བསྟན་གྱིས་ཉོན། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་གོ། །ཡང་དེ་དག་གི་རྩ་བའི་དམ་ 98-151b ཚིག་ནི་མིང་དང་གཟུགས་ཀྱིས་ཐམས་ཅད་བསྡུས་སོ། །འདས་པ་དང་མ་འོངས་པ་ནི་ཡོད་དོ། །རྒྱུན་དུ་ཞུགས་པ་ནི་མི་ཉམས་པའི་ཆོས་ཅན་ཡིན་པར་བརྗོད་པར་བྱའོ། །འདུས་བྱས་རྣམས་ཀྱི་འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ནི་ རིམ་གྱིས་རྟོགས་པར་འགྱུར་རོ། །སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་དག་གིས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སྐད་ཅིག་མ་བཅོ་ལྔས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ། །དགྲ་ བཅོམ་པ་ཡང་ཉམས་པ་སྲིད་དོ། །སོ་སོའི་སྐྱེ་བོ་ལ་ཡང་འདོད་པའི་འདོད་ཆགས་སམ་གནོད་སེམས་སྤོང་བ་ཡོད་དོ། །ཕྱི་རོལ་པ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །ལྷ་རྣམས་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །མདོ་སྡེ་ཐམས་ཅད་ནི་དྲང་བའི་དོན་ཡིན་ནོ། །སྐྱོན་མེད་ པ་ལ་འཇུག་པར་འགྱུར་བ་ནི་འདོད་པའི་ཁམས་ནས་སོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་དམ་ ཚིག་གོ། །ཡང་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་ནོ། །ཡང་རྣམ་པར་ཕྱེ་སྟེ་སྨྲ་བའི་བྱེ་བྲག་པ་ནི་མང་སྟོན་པ་དང་། ཆོས་སྦས་པ་དང་། གོས་དམར་བ་དང་། འོད་སྲུངས་པ་ཞེས་བྱའོ། །དེ་ལ་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འདས་པ་དང་ མ་འོངས་པ་ནི་མེད་དོ། །ད་ལྟར་བྱུང་བའི་འདུས་བྱས་ཉིད་ནི་ཡོད་དོ། །སྡུག་བསྔལ་མཐོང་བས་བདེན་པ་བཞི་ཆར་མཐོང་བར་འགྱུར་རོ། །བག་ལ་ཉལ་ཡང་གཞན་ཡིན་ལ་མངོན་དུ་རྒྱུ་ཡང་གཞན་ཡིན་ནོ། །སྲིད་པ་བར་མ་ནི་མེད་དོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། ། དགྲ་བཅོམ་པ་ཡང་བསོད་ནམས་སོག་གོ། །རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡོད་དོ། །གང་ཟག་ནི་མགོ་ལ་སོགས་པ་ལུས་དང་མཉམ་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པའོ། །སོ་སོའི་སྐྱེ་བོས་ 98-152a ཀྱང་འདོད་པའི་འདོད་ཆགས་སམ། གནོད་སེམས་སྤོང་ངོ་། །སངས་རྒྱས་ནི་དགེ་འདུ་ན་གྱི་ཁོངས་སུ་གཏོགས་པའོ། །དགེ་འདུན་ནི་འབྲས་བུ་ཆེན་པོ་འབྱུང་བར་བྱེད་ཀྱི་སངས་རྒྱས་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ནི་གཅིག་གོ། ། གང་ཟག་ནི་མི་མཐོང་ངོ་། །སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ནི་སྐྱེ་བའི་ཆོས་ཅུང་ཟད་ཙམ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ནི་མེད་པ་ཉིད་དོ། །འདུས་བྱས་ཐམས་ཅད་ནི་སྐད་ཅིག་མའོ། །འདུ་བྱེད་རྒྱས་པར་གྱུར་པ་ལས་ནི་སྐྱེ་བ་ཡིན་ནོ། །འདུ་བྱེད་རྣམས་གནས་ པ་ནི་མེད་དོ། །སེམས་ཇི་ལྟ་བ་དེ་ལྟར་ལས་ཡིན་གྱི། ལུས་དང་ངག་གི་ལས་ནི་མེད་དོ། །ཉམས་པར་མི་འགྱུར་བའི་ཆོས་མེད་དོ། །མཆོད་རྟེན་མཆོད་པ་ལ་ནི་འབྲས་བུ་མེད་དོ། །ད་ལྟར་བྱུང་བ་རྟག་ཏུ་བ་ནི་བག་ལ་ཉལ་བ་ཡིན་ནོ། །འདུས་བྱས་མཐོང་བས་སྐྱོན་མེད་པ་ལ་འཇུག་ པར་འགྱུར་རོ་ཞེས་བྱ་བ་འདི་དག་ནི་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་ཆོས་སྦས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་མ་ཡིན་ནོ། །སངས་རྒྱས་ལ་འབྲས་བུ་ཆེན་པོ་འབྱུང་བ་དེ་ལྟར་དགེ་འདུན་ལས་ནི་མ་ཡིན་ནོ། །ལྷའི་གནས་ ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། །འཇིག་རྟེན་པའི་ཆོས་ནི་ཡོད་དོ་ཞེས་བྱ་བ་དེ་དག་ནི་ཆོས་སྦས་པ་རྣམས་ཀྱི་དམ་ཚིག་ཡིན་ནོ། །དེ་ལ་འོད་སྲུངས་པ་རྣམས་ཀྱི་དམ་ཚིག་ནི་རྣམ་པར་སྨིན་པ་རྣམ་པར་སྨིན་པའི་ཆོས་རྣམས་ཡང་འབྱུང་བར་འགྱུར་བའི་ཆོས་ནི་ཡོད་དོ། །སྤངས་ལ་ ཡོངས་སུ་མ་ཤེས་པ་ཡང་ཡོད་དོ་ཞེས་བྱ་བ་དང་། ཆོས་སྦས་པའི་ཐམས་ཅད་ཀྱང་འདོད་དེ་དེ་དག་ནི་འོད་སྲུངས་པའི་དམ་ཚིག་ཡིན་ནོ། །གོས་དམར་པོ་རྣམས་ཀྱི་དམ་ཚིག་ནི་གང་ཟག་མེད་དོ་ཞེས་བྱ་བའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་བྱེ་བྲག་སློབ་དཔོན་བླ་མའི་གཞུང་སྟོན་ པར་བྱེད་པའི་འཕོ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ཕུང་པོ་ལྔ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བའོ། །ལམ་མ་གཏོགས་པར་ཕུང་པོ་འགག་པ་མེད་དོ། །རྩ་བའི་ལྟུང་བ་དང་བཅས་པའི་ཕུང་པོ་ནི་ཡོད་དོ། །གང་ཟག་ནི་དོན་དམ་པར་མི་དམིགས་སོ། །ཀུན་ཀྱང་ 98-152b མི་རྟོག་གོ་ཞེས་བྱ་བ་དེ་དག་ནི་འཕོ་བ་པའི་དམ་ཚིག་ཡིན་ཏེ། རྣམ་པ་བདུན་པོ་དེ་ལྟ་བུ་དག་ཏུ་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཚིག་དག་གནས་སོ། །ཡང་གནས་མའི་བུའི་དམ་ཚིག་ནི་ཉེ་བར་བླང་བའི་ཉེ་བར་ལེན་པ་དང་ལྡན་པ་ནི་བཏགས་པའོ། །ཆོས་གང་ཡང་འཇིག་ རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་མེད་དོ། །གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕོ་བར་འགྱུར་རོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ་ཡིན་པ་ཡང་ཡོད་དོ། །གང་ཟག་ནི་ཉེ་བར་བླངས་པའི་ཕུང་པོ་ཉིད་དང་གཅིག་པའམ། གཅིག་པ་མ་ཡིན་པར་ བརྗོད་པར་མི་བྱའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་དང་གཅིག་པ་ཉིད་དམ་ཐ་དད་པ་ཉིད་དུ་མི་བརྗོད་དོ། །མྱ་ངན་ལས་འདས་པ་ནི་ཡོད་པ་ཉིད་དམ། མེད་པ་ཉིད་དུ་མི་བརྗོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན། འདོད་ཆགས་ དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གནས་མ་བུ་རྣམས་ཀྱི་དམ་ཚིག་གོ། །ཡང་གནས་མ་བུ་ཡང་རྣམ་པ་གཉིས་ཏེ། རི་ཆེན་པོ་པ་དང་། མང་པོས་བཀུར་བ་པའོ། །དེ་ཡང་མང་པོས་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འབྱུང་བར་འགྱུར་བ་དང་། འབྱུང་བ་དང་། འགག་པར་ འགྱུར་བ་དང་། འགག་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེ་བ་དང་། འཆི་བར་འགྱུར་བ་དང་། འཆི་བ་དང་། བྱེད་པར་འགྱུར་བ་དང་། བྱེད་པ་དང་། ཆད་པར་འགྱུར་བ་དང་། ཆད་པ་དང་། འགྲོ་བར་འགྱུར་བ་དང་། འགྲོ་བ་དང་། རྣམ་པར་ཤེས་པར་འགྱུར་བ་དང་། རྣམ་པར་ཤེས་ པ་ནི་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་ནི་མང་པོས་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་རི་ཆེན་པོ་པ་ཡང་རྣམ་པ་གཉིས་ཏེ། ཆོས་མཆོག་པ་དང་། ལམ་བཟངས་པ་ཞེས་བྱའོ། །ཆོས་མཆོག་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སྐྱེ་ལ་མ་རག་པ་དང་། སྐྱེ་བ་དང་འགག་ པ་ལ་མ་རག་པ་དང་འགག་པའོ། །ལམ་བཟངས་པའི་ཡང་དེ་བཞིན་ནོ། །གྲོང་ཁྱེར་དྲུག་པ་ལ་ཁ་ཅིག་ན་རེ་རི་ཆེན་པོ་པའི་བྱེ་བྲག་ཡིན་ཟེར། གཞན་དག་གིས་སྨྲ་བ་ནི་མང་པོས་བཀུར་བ་པ་དག་གི་བྱེ་བྲག་ཡིན་པར་འདོད་དེ། དེ་ལྟར་དེ་རྣམས་ནི་གནས་མའི་བུའི་སྡེ་པ་རྣམ་པ་ 98-153a བཞིར་གནས་པ་ཡིན་ནོ། །གང་དེ་དག་ནི་སློབ་དཔོན་དག་གི་རྗེས་སུ་འབྲང་བའི་རིམ་གྱིས་རྣམ་པ་བཅོ་བརྒྱད་དུ་གྱུར་པ་ཡིན་ཏེ། དེ་དག་ནི་རྩ་བའི་རྟོག་པ་དག་ཡིན་ནོ། །གཞན་ནང་གསེས་ཀྱི་དབྱེ་བ་ནི་མང་དུ་ཡོད་པས་བརྗོད་པར་བྱའོ། །ཇི་ལྟ་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་གཞུང་གི་བྱེ་བྲག་ཀྱང་དབྱེ་བ་རྣམ་པ་བཞི་སྟེ། དངོས་པོ་དང་། མཚན་ཉིད་དང་། གནས་སྐབས་དང་། གཞན་གཞན་དུ་གྱུར་པ་ཉིད་ཀྱི་བྱེ་བྲག་གིས་སོ། །དེ་ལ་དང་པོ་དངོས་པོ་གཞན་ཉིད་དུ་གྱུར་པ་ནི་བཙུན་པ་ཆོས་སྐྱོབ་ཀྱི་སྟེ། དེ་ནི་ཆོས་ རྣམས་དུས་ཀྱིས་འཇིག་པར་གྱུར་པ་ན་དངོས་པོ་གཞན་དུ་གྱུར་པ་ཉིད་ནི་ཡིན་གྱི་རྫས་གཞན་དུ་གྱུར་པ་ཉིད་ནི་མ་ཡིན་ཏེ། གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱས་པ་ནི་དབྱིབས་གཞན་དུ་གྱུར་པ་ཡིན་གྱི། རྫས་གཞན་དུ་གྱུར་པ་ནི་མ་ཡིན་པ་བཞིན་ནོ། །ཇི་ལྟར་འོ་མ་ལས་ཞོར་གྱུར་པ་ ན་རོ་དང་ནུས་པ་དང་། སྨིན་པ་གཞན་དུ་གྱུར་པ་ལས་ཁ་དོག་ནི་མ་ཡིན་པ་དེ་བཞིན་དུ་ཆོས་རྣམས་ཀྱང་འདས་པའི་དུས་ནས་ད་ལྟར་གྱི་དུས་སུ་བྱུང་བ་ན་འདས་པའི་དུས་ཀྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ནི་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་གྱི་དུས་ནས་མ་འོངས་པ་བྱུང་བ་ན་ ཡང་ད་ལྟར་གྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ཞེས་ཟེར་རོ། །མཚན་ཉིད་གཞན་དུ་གྱུར་པ་ནི་བཙུན་པ་དབྱངས་སྒྲོག་གི་སྟེ། དེ་ན་རེ་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན་འདས་པའི་མཚན་ཉིད་དང་ལྡན་པ་ནི་མ་འོངས་པ་དང་ད་ལྟར་གྱི་མཚན་ཉིད་ དག་དང་མི་ལྡན་པ་ཡང་མ་ཡིན་ལ་མ་འོངས་པ་ཡང་མ་ཡིན་པའི་མཚན་ཉིད་དང་ལྡན་པ་ན་འདས་པ་དང་ད་ལྟར་དག་གི་དང་མི་ལྡན་པ་ནི་མ་ཡིན་ཏེ། དཔེར་ན་སྐྱེས་བུ་བུད་མེད་གཅིག་ལ་ཆགས་པར་གྱུར་པ་ན་ལྷག་མ་རྣམས་ལ་ཡང་ཆགས་པ་དང་བྲལ་བ་ནི་མ་ཡིན་པ་བཞིན་ནོ་ ཞེས་ཟེར་རོ། །གནས་སྐབས་གཞན་དུ་གྱུར་པ་ནི་བཙུན་པ་དབྱིག་བཤེས་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན་གཞན་དང་གཞན་དུ་རྗོད་པར་བྱེད་པ་ནི་གནས་སྐབས་གཞན་དུ་གྱུར་པ་ཡིན་གྱི་རྫས་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། དཔེར་ན་སྡོང་བུ་ 98-153b གཅིག་པུ་བགྲང་བའི་ཚེ་ན་གཅིག་ཅེས་བརྗོད་པར་བྱ་ལ། གྲངས་བརྒྱར་གཏོགས་པའི་ཚེ་ན་བརྒྱ་ཞེས་བྱ། གྲངས་སྟོང་དུ་བགྲང་བའི་ཚེ་ནི་སྟོང་ཞེས་བྱ་བ་དང་འདྲའོ་ཞེས་ཟེར་རོ། །གཞན་གཞན་དུ་གྱུར་པ་ནི་བཙུན་པ་སངས་རྒྱས་ལྷའི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་ པར་གྱུར་ན་སྔོན་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་དུ་བརྗོད་པར་བྱ་སྟེ། དཔེར་ན་བུད་མེད་གཅིག་ལ་མ་ཞེས་ཀྱང་བརྗོད་བུ་མོ་ཞེས་ཀྱང་བརྗོད་པ་བཞིན་ནོ། །བཞི་པོ་དེ་དག་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡོད་དོ་ཞེས་བྱ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་བཞིན་དུ་ཁ་ཅིག་ནི་ རྐྱེན་བདུན་ཏེ། རྒྱུ་དང་དམིགས་པ་དང་དེ་མ་ཐག་དང་། བདག་པོ་དང་ལས་དང་ཟས་དང་རྟེན་ཞེས་བྱའོ། །དེ་བཞིན་དུ་ལ་ལ་ནི་རྟོགས་པའི་སེམས་བཞི་སྟེ། བདེན་པ་སོ་སོ་བའོ། །གཞན་རྣམས་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་བརྒྱད་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ ཤེས་ནི་མ་ཡིན་ནོ་ཞེས་ཟེར་གཞན་རྣམས་ནི་བཅུ་གཉིས་སུ་འདོད་དོ། །དེ་ལས་ཀྱང་གཞན་པ་རྣམས་ནི་བཅུ་དྲུག་ཏུ་འདོད་དོ། །དེ་བཞིན་དུ་སེམས་མེད་པའི་གཉིད་ལ་ནི་སེམས་མ་ཡིན་ནོ། །མཚུངས་པར་ལྡན་པ་ལྷག་མ་རྣམས་ལ་ནི་ཡོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་འདུ་ཤེས་ དང་ཚོར་བ་བཀག་པ་ནི་ཡོད་དོ། །ལྷག་མ་རྣམས་ལ་ནི་མཚུངས་པར་ལྡན་པ་ཡོད་དོ། །ཇི་ལྟར་ཡིད་གཉིས་ཀྱིས་སྐྱོ་བར་འགྱུར་བ་ནི་སྐྱོད་པ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་ལ། དགའ་བས་སྐྱོ་བར་གྱུར་པ་ནི། དགའ་བ་མེད་པའི་བསམ་གཏན་ལ་སྙོམས་ པར་འཇུག །དེ་བཞིན་དུ་འདུ་ཤེས་དང་ཚོར་བས་སྐྱོ་བར་གྱུར་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་ལ། དེ་བཞིན་དུ་ཁ་ཅིག་ན་རེ་སེམས་ཀྱི་ཡུལ་གྱི་ཁྱད་པར་ཐོབ་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་ཕུང་པོ་མེད་པར་གྱུར་པ་མྱ་ངན་ ལས་འདས་པ་ཡིན་གྱི་དངོས་པོའི་དོན་ནི་མ་ཡིན་ནོ་ཞེས་ཟེར། ཁ་ཅིག་ན་རེ་རང་བཞིན་གྱིས་ལུང་བསྟན་དུ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་དོ། །དེ་བཞིན་དུ་ལ་ལ་ན་རེ་ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ་ཡང་ཟེར། ཁ་ཅིག་ན་རེ་འབྲས་བུ་ཆེ་ 98-154a བ་ནི་གསུམ་སྟེ། གཞན་གྱི་སེམས་ནི་འབྲས་བུ་དང་འབྲས་བུ་ཆེ་བ་དང་། ཚད་མེད་ཆེ་བའི་འབྲས་བུ་ཞེས་བྱའོ། །དེ་བཞིན་དུ་ཉོན་མོངས་པའི་དབང་གིས་འགྲོ་བར་འགྲོ་བ་ན་གྲོགས་སུ་གྱུར་པ་ནི་ལས་ཡིན་ནོ། །དེ་བཞིན་དུ་དེ་སྤངས་པར་གྱུར་པ་ནི་འགྲོ་བ་དེ་དག་ ཏུ་འགྲོ་བར་མི་འགྱུར་རོ། །ཡང་ལ་ལ་ན་རེ་སྔར་བྱས་པའི་ལས་རྣམས་ཀྱི་དབང་གིས་དང་པོར་འགྲོ་བར་འདོད་དོ། །ཁ་ཅིག་ན་རེ་ཇི་ལྟར་གོམས་པའི་ལས་རྣམས་ཀྱི་ཡིན་པར་འདོད་དོ། །ལ་ལ་ན་རེ་ནི་རྣམ་པ་ལྔ་གོམས་པས་ཏེ་སྔ་མ་བཞི་དང་རྐྱེན་གྱི་ཁྱད་པར་གོམས་པས་སོ། །ཁ་ ཅིག་ན་རེ་འདས་པའི་ཉེ་བར་ལེན་པ་ལས་མེ་འབར་རོ་ཞེས་ཟེར། ཁ་ཅིག་ན་རེ་ད་ལྟར་གྱི་ལས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སྒྲིབ་པ་ལྔ་པོ་རྣམས་ལས་གང་ཡང་རུང་བ་ལ་མི་མཐུན་པར་སེམས་པ་ལས་སོ་ཞེས་ཟེར། ཁ་ཅིག་ནི་གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་པར་འདོད་དོ། །གཞན་ དག་ནི་ཁ་དོག་གཅིག་པར་འདོད་དོ། །དེ་བཞིན་དུ་གཞན་དག་ནི་གང་ཟག་ཡོད་དེ་དེ་ཡང་ཕུང་པོ་ལས་གཞན་ཡིན་ནོ་ཞེས་ཟེར། ཕུང་པོ་ཙམ་ཡང་མ་ཡིན་ཏེ། ཕུང་པོ་ཉེ་བར་ལེན་པའི་ཉེ་བར་བླངས་པ་དང་ལྡན་པར་བཏགས་པའོ། །ཉེ་བར་ལེན་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པས་ སོ། །འདི་ལྟར་འཕགས་པའི་བདེན་པ་བཞི་ལ་རིམ་གྱིས་བརྟགས་ནས་མངོན་པར་རྟོགས་པར་འགྱུར་ཏེ། བར་མ་དོར་མི་མཐུན་པའི་སེམས་འབྱུང་བ་ནི་མེད་དོ། །སྡུག་བསྔལ་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་གིས་སྐྱོན་མེད་པར་འཇུག་གོ། །འདོད་པར་གཏོགས་པའི་ འདུ་བྱེད་མི་རྟག་པར་ཡིད་ལ་བྱེད་པ་ལ་བརྟེན་པའི་སེམས་བཅུ་གསུམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། ཆོས་དེ་ལ་གནས་པ་ལས་ཉམས་པ་ནི་མེད་དོ། །དེ་བཞིན་དུ་ཞུགས་པ་ཡང་ངོ་། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །སྲིད་པ་བར་ མ་དོ་ཡང་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །གཅིག་ཏུ་དགེ་བའི་ཆོས་ཀྱི་དོན་མྱ་ངན་ལས་འདས་པ་ནི་ཡོད་དོ། །ཕུང་པོ་འགགས་པ་ནི་དུས་ལས་རྣམ་པར་གྲོལ་བ་ཡིན་ནོ། །ལྷ་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །འདོད་པའི་ཁམས་ནས་ 98-154b སྐྱོན་མེད་པར་འགྱུར་རོ། །སོ་སོའི་སྐྱེ་བོས་ཀྱང་འདོད་པའི་འདོད་ཆགས་དང་གནོད་སེམས་སྤོང་ངོ་། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པའམ་བྲལ་བ་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དྲུག་པ་ནི་འདོད་ཆགས་དང་བཅས་པ་དང་། འདོད་ ཆགས་དང་བྲལ་བ་ཡང་ཡིན་ནོ། །དགྲ་བཅོམ་པ་ནི་ཟག་པ་དང་བཅས་པའི་གཟུགས་དང་། སེམས་ཀྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ། །སེམས་ཀྱི་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་གྱི། འདི་ན་གནས་བཞིན་དུ་ཐག་རིང་པོ་ན་གནས་པ་ལ་དམིགས་པར་བྱེད་ དོ། །གཟུགས་མེད་པའི་ཁམས་ལ་ནི་གཟུགས་མེད་དོ། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །དུས་མ་ཡིན་པར་འཆི་བ་ཡོད་དོ། །སྐྱེས་བུའི་བྱེད་པ་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ། །ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །དགྲ་བཅོམ་ པ་ལ་གཞན་གྱིས་བསྟན་ཅིང་སྒྲུབ་པ་མེད་དོ། །མི་ཤེས་པ་མེད་དོ། །ཡིད་གཉིས་མེད་དོ། །གཞན་གྱི་ལ་ཡོངས་སུ་བརྟག་པ་མེད་དོ། །ངག་འཇུག་པའི་སྨྲ་བ་མེད་དེ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་བསྐྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་བྱང་ གི་སྒྲ་མི་སྙན་དང་། བདུད་རིས་དང་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་ནི་མེད་དོ། །རྒྱུན་དུ་ཞུགས་པས་བསམ་གཏན་རྣམས་ཐོབ་པ་མ་ཡིན་ནོ། །མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ། །མཚུངས་པར་མི་ལྡན་པའི་བག་ལ་ཉལ་དང་སེམས་ལས་བྱུང་བའི་བག་ལ་ཉལ་ ཡང་ཡོད་དོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ། །འགག་པར་འགྱུར་བའི་ཉེ་བར་ལེན་པ་ལས་མེ་འབར་བར་འགྱུར་རོ། །སེམས་གཅིག་ཅིག་འཆི་ཞིང་སྐྱེ་བོ་མི་ཤེས་པའི་གཞི་ལས་འཆི་བའི་མཐར་ཐུག་པའི་བར་དུའོ། །འཆི་བའི་རྐྱེན་ བྱེད་པའི་སེམས་གཅིག་པོ་དེ་ཉིད་ཡང་དག་པར་ཞི་བར་བྱའོ། །ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ནོ། །སྙོམས་པར་འཇུག་པ་དྲུག་ཅུ་རྩ་བདུན་གྲུབ་པར་བྱས་ནས་སྙོམས་པར་འཇུག་པ་བཅུ་དགུ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ 98-155a རྣམས་བྱང་ཆུབ་སེམས་དཔས་ཡང་དག་པར་སྦྱོང་བར་བྱེད་དོ། །ཀུན་དུ་སྦྱོར་བ་རྣམས་མ་གཏོགས་པ་ཉིད་ནི་བར་ཆད་མེད་པའི་ལམ་གྱིས་སྤོང་བར་བྱ་བ་རྣམས་སོ། །འགྲོ་བ་དང་བཅས་པའི་ལམ་ནི་ངེས་པར་གཉིས་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ནི་རིམ་གྱིས་ ཐོབ་པ་མ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །འཁོར་བ་གཞན་དུ་འགྱུར་བ་ཡང་ཡོད་དོ། །ཆོས་ཅུང་ཞིག་ཀྱང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མེད་དོ། །ཕུང་པོ་ཉེ་བར་ བླངས་ནས་སེམས་ཅན་ནི་འཕོ་བར་འགྱུར་རོ། །གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་ཡིན་ནོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཁ་དོག་བཅུའམ། ཉ་ལྕིབས་ཀྱི་མདོག་འདྲའོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཞག་ལྔའམ། བདུན་དུ་གནས་པའམ། ཡུན་རིང་པོར་ཡང་ངོ་། །དེ་བཞིན་ དུ་ལས་ནི་ནམ་ཡང་མེད་པར་མི་འགྱུར་རོ། །ཉམས་པར་མི་འགྱུར་རོ། །ཕྲོགས་པར་མི་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་ཉམས་པར་འགྱུར་བ་ནི་མེད་དོ། །སྲིད་པ་ཇི་སྲིད་ཀྱི་བར་དུ་རིགས་ཀྱི་ངོ་བོ་དང་། ལྷན་ཅིག་ཏུ་གནས་སོ། །སྔར་ཉེ་བར་བསགས་པ་དང་ཕྱིས་ཉེ་བར་བསགས་ པའི་ལས་ཀྱི་རྐྱེན་རྙེད་པར་གྱུར་ནས་འགྲོ་བ་རྣམས་སུ་འགྲོ་བར་བྱེད་དོ། །ངེས་པའི་ལས་ནི་བཟློག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སྐྱེས་བུའི་གཟུགས་ཀྱིས་ལྷུམས་སུ་ཞུགས་པ་ཡིན། ཡུམ་གྱི་དཀུ་ནས་གླང་པོ་ཆེར་གྱུར་ནས་ཞུགས་པ་ནི་མ་ཡིན་ཏེ། དེ་ནི་དེའི་རྨི་ལམ་གྱི་རྣམ་ རྟོག་ཡིན་ནོ། །ནུར་ནུར་པོ་དང་། མེར་མེར་པོ་དང་། ལྟར་ལྟར་པོའི་ངོ་བོར་ཡང་འགྱུར་རོ། །སྐྱེ་གནས་ནས་སྐྱེས་ན་ཡང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ནུས་པ་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ལོངས་སྤྱོད་ལ་འཇུག་པར་འགྱུར་རོ། ། སོ་སོའི་སྐྱེ་བོ་ཉིད་ཀྱང་སེམས་རྩེ་གཅིག་གིས་འགོག་གོ། །སེམས་རྩེ་གཅིག་གིས་སྒྲིབ་པ་ཐམས་ཅད་སྤོང་ངོ་། །སེམས་གཅིག་གིས་ཐམས་ཅད་མཁྱེན་པའི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡང་རབ་ཏུ་ཐོབ་བོ། །སེམས་གཅིག་གིས་ཞུགས་པའི་ཆོས་རྣམས་འགག་ 98-155b པར་བྱེད་ཅིང་འབྲས་བུ་ལ་གནས་པ་རྣམས་སྐྱེད་པར་བྱེད་དོ། །རྐྱེན་བཞི་ཉིད་ཀྱིས་རྐྱེན་ཐམས་ཅད་བསྡུས་སོ། །སྡུག་བསྔལ་གྱིས་སྤང་བར་བྱ་བ་ནི་ཀུན་ནས་ལྡང་བ་ལ་གནས་པ་ནི་མཚམས་མེད་པ་དག་བྱེད་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །མཐོང་བས་སྤོང་བར་བྱ་བའི་ བག་ལ་ཉལ་བཞིས་བསྡུས་པས་ཐམས་ཅད་བསྡུས་པ་དེས་དགེ་བའི་རྩ་བ་ཐམས་ཅད་གཅོད་པར་བྱེད་ཀྱི། བསྒོམས་པས་སྤང་བར་བྱ་བ་ནི་མ་ཡིན་ནོ། །བསྒོམ་པའི་རང་བཞིན་ཐམས་ཅད་ལ་ཇི་སྲིད་གནས་ཀྱི་བར་དུ་གཞན་གྱིས་གནོད་པར་བྱེད་པའི་འབད་པས་གནོད་པར་མི་འགྱུར་ གྱི། བདག་ཉིད་ཀྱི་ཚེ་ཟད་པས་དུས་བྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཐམས་ཅད་ནི་བྲལ་བས་འཆི་བར་འགྱུར་གྱི། འཕོ་བས་ནི་འཆི་བ་མེད་དེ་ཇི་སྐད་དུ་ལུས་དང་བྲལ་བས་དུས་བྱེད་པར་འགྱུར་ཏེ། དགྲ་བཅོམ་པ་ནི་ལུས་ཐ་མ་དང་བྲལ་བས་འབྲལ་བའི་ཕྱིར་རོ་ཞེས་གསུངས་ པ་ལྟ་བུ་སྟེ། ལུས་ནི་འདིར་དབང་པོའི་ལུས་ལ་བྱ་བར་བཞེད་དོ། །འབྱུང་བར་འགྱུར་བ་དང་། འབྱུང་བ་དང་། འགག་པར་འགྱུར་བ་དང་། འགག་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེས་པ་དང་། འཆི་བར་འགྱུར་བ་དང་། འཆི་བ་དང་། བྱེད་པར་འགྱུར་བ་དང་། བྱེད་པ་དང་། ཆད་པར་འགྱུར་བ་དང་། ཆད་པ་དང་། འགྲོ་བར་འགྱུར་བ་དང་། འགྲོ་བ་དང་། རྣམ་པར་ཤེས་པར་འགྱུར་བ་དང་། རྣམ་པར་ཤེས་པའོ། །ཕུང་པོ་གསུམ་གྱི་སེམས་ཅན་ཐམས་ཅད་བསྡུས་ཀྱིས་ཆོས་ཐམས་ཅད་ནི་མ་ཡིན་ནོ། །ཚོར་བ་ཐམས་ཅད་ནི་ལས་ བྱུང་བ་ཡིན་ནོ། །སྔར་བྱས་པའི་བསྒོམ་པས་སྤང་བར་བྱ་བའི་ལས་ཐམས་ཅད་ནི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བའི་བར་ཏེ། དེ་ལྟ་བུའི་སྡེ་པའི་དབྱེ་བ་དག་ལ་སྡེ་པ་གཅིག་ཅིག་གི་ཁོངས་སུ་ཐེག་པ་ཆེན་པོ་འདི་གཏོགས་པར་གྱུར་ན་ཡང་སངས་རྒྱས་ཀྱི་གསུང་ཡིན་པར་ རྟོགས་པར་བྱ་ན་ཐེག་པ་ཆེན་པོ་ནི་སྡེ་པ་གཅིག་ཅིག་གི་གསུང་རབ་ཀྱི་ནང་དུ་ཡང་མ་བསྟན་པས་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །འདིའི་ཕྱིར་ཡང་འདི་ནི་སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཡོངས་ 98-156a སུ་མྱ་ངན་ལས་འདས་པའི་དུས་ཉིད་ནི་རྩ་བའི་ཡང་དག་པར་སྡུད་པར་བྱེད་པས་མ་བསྡུས་པའི་ཕྱིར་དང་། ཕྱིས་བྱེ་བར་གྱུར་པ་ན་ཡང་སྡུད་པར་བྱེད་པ་རྣམས་ཀྱིས་མ་བསྡུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་སྟོན་པར་བྱེད་པས་འདུས་ བྱས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་དང་འགལ་བའི་ཡང་ཕྱིར་རོ། །དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པ་ཉིད་དང་། ལེན་པའི་རྣམ་པར་ཤེས་པ་སྟོན་པར་བྱེད་པས་བདག་ཏུ་འཛིན་པ་མ་སྤངས་པའི་ཡང་ཕྱིར་རོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། ། ཞེས་སྟོན་པར་བྱེད་པས་དེ་ལ་ཞི་བ་ཉིད་མེད་པར་བསྟན་པས་ཆོས་ཀྱི་ཕྱག་རྒྱ་གསུམ་དང་འགལ་བའི་ཕྱིར་དང་། ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་དང་། དགྲ་བཅོམ་པ་རྣམས་ལ་ཤིན་ཏུ་སྨོད་པ་དང་། ཁྱིམ་པ་ལ་ཕྱག་བྱ་བ་སྟོན་པ་དང་། དེ་བཞིན་གཤེགས་པ་ལས་ ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ལ་བསྔགས་པར་བྱེད་པའི་ཕྱིར་དང་། ནམ་མཁའ་མཛོད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཀྱང་ཚིག་ཙམ་ཡིན་པའི་ཕྱིར་དང་། ཤཱཀྱ་ཐུབ་པ་སྤྲུལ་པ་ཡིན་པར་སྨྲ་བས་བསྟན་པ་ཐམས་ཅད་ཀྱང་ལོག་པ་ཡིན་པའི་ ཕྱིར་དང་། རྟག་ཏུ་མཉམ་པར་གཞག་པ་ཡིན་ཞེས་བྱ་བར་ཡང་མི་རིགས་པའི་ཕྱིར་དང་། མདོ་སྡེ་མང་པོ་ལས་འབྲས་བུ་མེད་པའི་བསྔགས་པ་སྟོན་པའི་ཕྱིར་ཏེ། ཤིན་ཏུ་སྡིག་པ་ཆེན་པོ་ཡང་རྩ་བ་ནས་འབྱིན་པར་སྨྲ་བས་ལས་ལ་འབྲས་བུ་མེད་པར་སྟོན་པའི་ཕྱིར་ དང་། ཤིན་ཏུ་རྒྱས་པ་ཡང་གཞན་ཉིད་སྟོན་པ་དང་། ཀྲྀ་ཀཱིའི་རྨི་ལམ་གྱི་དབྱེ་བ་ཡང་མ་བསྟན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། འདི་ནི་ངེས་པར་བདུད་ཀྱིས་སྐྱེ་བོ་བློ་གྲོས་ངན་པ་དང་། རྨོངས་པ་རྣམས་བསླུ་བར་བྱ་བའི་ཕྱིར་སྣ་ ཚོགས་པ་མང་པོ་བརྩམས་པ་ཡིན་ནོ། །ཐེག་པ་ཆེན་པོའི་ལྟ་བ་འདི་མངོན་སུམ་ལ་སོགས་པ་དང་ཤིན་ཏུ་འགལ་བར་སྟོན་པ། གཟུགས་ལ་སོགས་པ་དམིགས་པའི་བློ། །རང་རིག་ཉིད་དུ་ཡོད་པས་ཀྱང་། །མངོན་སུམ་གནོད་པ་གང་ཡིན་དེས། །སྐྱེ་མེད་སྨྲ་བ་དེ་ལ་ 98-156b གནོད། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དམིགས་པ་འདི་ལ་ཡོད་པས་དེ་ནི་གཟུགས་ལ་སོགས་པ་ལ་དམིགས་པའི་བློའོ། །ཡུལ་ལ་རྣམ་པར་ཤེས་པ་རྣམས་ཏེ། དེ་ནི་དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ རོ། །རང་གི་རྒྱུད་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཡིན་པས་རང་རིག་གོ། །ཀྱང་ཞེས་བྱ་བའི་སྒྲ་ནི་འགྲོ་བ་མ་ལུས་པ་ཡང་ཡང་དག་པར་རིག་པས་སོ། །བློ་དེ་ནི་ཡུལ་དང་བཅས་པ་ཡིན་པའི་ཕྱིར་ལ་མ་སྐྱེས་པ་ཉིད་དུ་བཏགས་པ་ལ་ནི་རིགས་པ་མེད་པའི་ཕྱིར་མངོན་སུམ་གྱིས་ཀྱང་ གནོད་ལ། འཇིག་རྟེན་གྱི་ཡང་དག་པར་རིག་པ་བཀག་པས་ན། གྲགས་པས་གནོད་པ་ཡང་སྐྱེ་བ་མེད་པར་སྨྲ་བ་ལ་ཡོད་དོ། །སྲིད་པ་རྣམས་ནི་དེ་ཉིད་དུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག །གནོད་པ་འདི་ལ་མེད་ཅེ་ན། ། གལ་ཏེ་དབུ་མ་པ་དག་སྨྲ་བ། མིག་མེད་གཟུགས་ལ་ཡོད་མ་ཡིན། །བར་དང་གཉི་ག་ལ་མི་གནས། །གང་དུ་དེ་ནི་གནས་གྱུར་པ། །ཡོད་པ་མ་ཡིན་མེད་པ་མིན། །ཞེས་བྱ་བ་ལ་སོགས་པས་ཤེས་པ་དམིགས་སུ་མེད་པའི་ཕྱིར་མངོན་སུམ་ཡང་འབྱུང་བ་ཡོད་པ་མ་ཡིན་ལ། འཇིག་རྟེན་ནི་མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པའི་ཕྱིར་འཇིག་རྟེན་གྱི་གྲགས་པ་དང་། མངོན་སུམ་གྱི་གནོད་པ་ཡང་བདག་གིས་དོན་དམ་པ་ཉིད་མི་འབྱུང་ངོ་ཞེ་ན། དེ་ཉིད་བཞད་གད་ཡིན་པར་ལན་གདབ་པར་བྱ་བའི་ཕྱིར། བགྲོད་མིན་ལ་ཡང་ཡང་དག་ཏུ། །བགྲོད་ པར་བྱ་སྟེ་བུད་མེད་ཕྱིར། །བུད་མེད་གཞན་བཞིན་ཟེར་བ་ཡི། །སྐྱོན་བཅས་ཚིག་ཀྱང་སྐྱོན་མེད་འགྱུར། །བུད་མེད་གང་བགྲོད་པར་བྱ་བ་མ་ཡིན་པར་འདོད་པ་དེ་ཡང་དོན་དམ་པར་བགྲོད་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །གཏན་ཚིགས་ཅི་ཡོད། བུད་མེད་ཡིན་པའི་ཕྱིར་རོ། །གང་དང་གང་བུད་མེད་ཡིན་པ་དེ་ནི་བགྲོད་པར་བྱ་བ་ཡིན་ཏེ། ཇི་ལྟ་ཞེ་ན། བུད་མེད་གཞན་བཞིན་ཏེ། རང་གི་ཆུང་མ་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་པའི་དང་ལུང་དག་དང་འགལ་བའི་ཕྱིར་རོ་ཞེ་ན། དོན་དམ་པར་ 98-157a ཞེས་ཁྱད་པར་དུ་བྱས་པའི་ཕྱིར་སྐྱོན་མེད་དོ། །འདི་ནི་རིགས་པ་དང་འགལ་བ་ཡང་ཡིན་ཏེ། ཇི་ལྟར་གདུང་བའི་དབང་གིས་བུད་མེད་ལ་འཇུག་པར་གྱུར་པ་ན་བགྲོད་པར་བྱ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་དག་གིས་གདུང་བ་ཞི་བར་བྱེད་པར་མཉམ་པ་ ཉིད་དོ་ཞེས་དེ་སྐད་དུ་སྨྲ་བ་དེ་དག་ནི་བློ་གྲོས་ངན་པས་སྨྲ་བ་སྟེ། དེ་ལ་ཡང་སྐྱོན་མེད་པར་འགྱུར་ལ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པ་ཁྱེད་ཀྱི་ཚིག་ཀྱང་དེ་དང་འདྲའོ། །སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། །བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར་འགྱུར། ། ནམ་མཁའི་ལྷ་ཡིས་བསྟན་པ་ལྟར། །དེ་ཉིད་ཡིན་པར་མི་འདོད་དོ། །ཐེག་པ་ཆེན་པོ་ལ་ཡང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མ་ཡིན་ལ། སྡུག་བསྔལ་ལ་སོགས་པ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་སྟོན་པའི་ཚིག་ཡོད་པར་ གྲགས་ཏེ། བདེན་པ་མཐོང་བ་དེ་ཁོ་ན་ཉིད་མ་ཡིན་ན་དེ་མ་ཡིན་པའི་དེ་ཁོ་ན་ཉིད་གཞན་གང་ཡིན་ཞེས་བརྗོད་དོ། །ཐེག་པ་ཆེན་པོ་ལས་བསྟན་པའི་དེ་ཁོ་ན་ཉིད་ཡོད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བདེན་པ་མཐོང་བ་ལས་གཞན་ཡིན་པའི་ཕྱིར་ནམ་མཁའི་ལྷས་བསྟན་པ་ བཞིན་ནོ། །དེ་དག་ནི་འདི་ལྟ་དེ་ཁོ་ན་ཉིད་སྟོན་ཏེ། གསེར་གྱི་སྣོད་དུ་གསེར་གྱི་ཁབ་ཀྱིས་གྲོག་མ་ཕུག་ནས་གསད་ན་འཁོར་བ་ལས་གྲོལ་བར་འགྱུར་ལ། དེ་གསོད་པ་པོ་ཡང་ཐར་པའི་ས་བོན་བསགས་པར་འདོད་པ་དང་། བ་ལང་ལ་སོགས་པ་བསད་པ་དང་སྐྱེད་པར་བྱེད་པ་ལ་ ཉལ་པོ་བྱས་པས་མཐོ་རིས་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་བྱ་བའི་མདོའི་དོན་ཡང་གཞན་དུ་བཏགས་ནས་ཕྱི་རོལ་གྱི་སྐྱེ་མཆེད་ལ་སོགས་པ་དགག་པའི་ཕྱིར་སྟོན་པར་བྱེད་པ་ཡང་རིགས་པ་འདིས་ ན་མི་རིགས་ཏེ། ཕྱི་རོལ་སྐྱེ་མཆེད་ཡོད་པ་ལས། །དེར་སྣང་བ་ཡི་བློ་འབྱུང་བས། །ཡོད་པར་རིགས་ཏེ་སེམས་ཉིད་ནི། །ཡོད་ལ་དགའ་བས་ཇི་བཞིན་གྱིས། །ཕྱིའི་སྐྱེ་མཆེད་ནི་ཆོས་ཅན་ནོ། །དེ་རྣམས་ཀྱི་ཆོས་ཡོད་པར་གྱུར་པ་ནི་དེའི་ཆོས་སུ་གཏོགས་པའོ། །ཕྱིའི་སྐྱེ་ 98-157b མཆེད་དེ་རྣམས་ཀྱི་སྣང་བ་ནི་དམིགས་པའི་རྣམ་པའི་རང་གི་ངོ་བོའི་ཁྱད་པར་རོ། །དེ་སྣང་བ་འབྱུང་བ་ནི་དེར་སྣང་བས་འབྱུང་བའོ། །སྣང་བ་འབྱུང་བ་དེ་གང་ལ་ཞེ་ན། བློ་ལ་སྟེ། དབང་པོ་དྲུག་གི་རྣམ་པར་ཤེས་པའོ། །ཡུལ་མེད་པར་རྣམ་པར་ཤེས་པ་འབྱུང་བ་མི་འགྲུབ་པས། ཁྱོད་རང་ གི་གཞུང་ལ་རབ་ཏུ་གྲགས་པའི་སེམས་ཡོད་པར་འདོད་པ་ལ་དགའ་བ་ཇི་ལྟར་སྐྱེ་བ་དེ་དཔེར་བྱས་ནས་དེ་བཞིན་དུ་ཕྱིའི་སྐྱེ་མཆེད་ཡོད་པར་འདོད་པ་ལ་ཡང་དགའ་བ་ཉིད་དུ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་ཡོད་མི་འདོད་ན། །ཁྱོད་ཀྱི་འགྲོ་བ་སེམས་ཙམ་མིན། །འགྲོ་བ་ ཕྱོགས་སུ་བྱ་བ་དང་། །གཏན་ཚིགས་སྒྲུབ་པ་ཁྱོད་ལ་མེད། །ཡང་སེམས་ཙམ་དུ་ཉེ་བར་དམིགས་ན་ནི་ཕྱིའི་སྐྱེ་མཆེད་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་ལ། ཕྱིའི་སྐྱེ་མཆེད་ལ་སོགས་པ་མ་དམིགས་ན་ཡང་སེམས་ཙམ་དུ་ཡང་དམིགས་པར་མི་འགྱུར་བར་འདོད་ན་ ནི་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བྱ་བའི་ལུང་ཡང་ཉམས་པར་འགྱུར་རོ། །གཞན་ཡང་འགྲོ་བ་སེམས་ཙམ་མོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ནི་གང་ཡིན། འདི་ལ་དཔེ་ནི་གང་ཡོད། གཏན་ཚིགས་དང་དཔེ་སྐྱོན་མེད་པ་འདི་ལ་ཡོད་པ་མ་ཡིན་པས་ འདི་དམ་བཅའ་བ་ཙམ་དུ་ཟད་དེ། དམ་བཅའ་བ་ཙམ་གྱིས་ནི་འདོད་པའི་དོན་གང་ཡང་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་བས་ཉེ་བར་སྦྱར་བའི་ཕྱོགས་སྔ་མ་ཡིན་ནོ། །དེ་ལ་སྔར་སྨྲས་རིགས་པ་ནི། །རང་གི་ཕྱོགས་ཉམས་དོགས་པས་གཞན། །མི་འདོད་ གྱུར་པ་གང་སྨྲ་བ། །དེ་ནི་རིགས་པ་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཕྱི་མ་ཉེ་བར་དགོད་པའི་ཐ་ཚིག་གོ། །ས་ལ་སོགས་པ་ནི་འབྱུང་བ་རང་གི་ངོ་བོར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་སྔར་གྱི་རིགས་པ་དང་། རང་གི་སྡེ་སྣོད་གསུམ་གྱི་ལུགས་ཉམས་པར་ དོགས་པས་གཞན་ཏེ་ཉན་ཐོས་ཀྱི་ཐེག་པ་པའོ། །མི་འདོད་གྱུར་པ་ནི་མི་བཟོད་པར་གྱུར་པའོ། །གང་སྨྲ་བ་སྟེ། སྐྱོན་ཉེ་བར་སྟོན་པར་གྱུར་པའོ། །དེ་ནི་རིགས་པ་མ་ཡིན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལན་དག་གིས་སྐྱོན་དང་བཅས་པར་སྟོན་པ་ཡིན་ནོ་ཞེས་བྱ་བའི་ 98-158a བསམ་པས་སོ། །ཕྱོགས་སྔ་མས་དོན་གྱིས་ཚད་མས་འདི་སྨྲས་སོ། །སྟོན་པ་ནི་རྣམ་པར་མི་རྟོག་པའི་བློ་མངའ་བ་སྟེ། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཕྱིར། རང་སངས་རྒྱས་ལ་སོགས་པའི་བློ་བཞིན་ནོ་ཞེས་བྱ་བ་འདིའི་ལན། སྟོན་པ་རྣམ་པར་མི་རྟོག་བློ། ། བདག་མེད་པ་ལ་དམིགས་པར་འདོད། །ཡུལ་ཅན་གྱི་ནི་བློ་མིན་ཕྱིར། །གང་ཟག་བདག་མེད་པ་བཞིན་ནོ། །ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་གང་ཟག་ལ་བདག་མེད་པ་ཡོངས་སུ་མཁྱེན་པས་གང་ཟག་གི་རྣམ་པར་རྟོག་པ་མི་འཇུག་པ་དེ་བཞིན་དུ་ཆོས་ལ་བདག་མེད་པ་ཡོངས་སུ་མཁྱེན་ པས་ཀྱང་ཆོས་ལ་ཡང་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་རོ། །ཆོས་དང་གང་ཟག་ལས་མ་གཏོགས་པ་གཞན་ནི་ཅུང་ཞིག་ཀྱང་མེད་ན་གང་ལ་རྣམ་པར་རྟོག་པར་བྱེད་པས་རྣམ་པར་མི་རྟོག་པ་ཉམས་པར་གྱུར། དེ་ལྟ་ན་སྒྲུབ་པར་བྱེད་པའི་ཚིག་འདིས་ནི་སྔར་སྨྲས་པའི་སྒྲུབ་པར་བྱེད་ པ་ལ་གནོད་པ་ཡིན་ཏེ། དེ་དང་འགལ་བ་ན་ཡང་ཞུགས་པའི་ཕྱིར་རོ། །སྦྱོར་ལས་བྱུང་སོགས་བློ་དག་ནི། །འབྱུང་བ་གལ་ཏེ་འགོག་བྱེད་ན། །འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པར་སྦྱོར་བ་ལས་བྱུང་བའི་བློ་རྣམས་ལ། དག་པའི་འཇིག་རྟེན་པའི་ཡེ་ ཤེས་བརྗོད་པ་ནི་དབུ་མ་པས་ཀྱང་འབྱུང་བར་འདོད་པ་ཉིད་ཡིན་ཏེ། གང་བཅོམ་ལྡན་འདས་ཀྱིས་ལོ་བཞི་བཅུར་ཆོས་བསྟན་པ་ལ་སོགས་པའི་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་གང་ཡིན་པ་དེ། བདག་ཅག་གི་ལྟ་བ་ལས་མེད་པར་རྣམ་པར་བརྟགས་ནས། སྦྱོར་བ་ལས་བྱུང་ བ་ལ་སོགས་པའི་བློ་དེ་རྣམས་འབྱུང་བ་ལ་གཞན་དག་གིས་འགོག་པར་བྱེད་པ་ནི་མི་རིགས་ཏེ། སྐྱོན་མ་ཡིན་པ་ལ་སྒྲོ་འདོགས་པའི་ཕྱིར་རོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་བློའི་དབང་དུ་བྱས་ནས། རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་བསྒྲུབ་པ་དེ་ནི་མི་རིགས་པར་རིགས་ པ་ཉིད་ཀྱིས་བདག་གིས་བསྒྲུབ་པར་བྱ་བ་ཉིད་དེ་འདིར་རིགས་པ་ནི་འདི་ཡིན་ནོ། །ཤེས་བྱ་ཀུན་དུ་མ་གྲུབ་པས། །བློ་གང་གང་གི་རྗེས་འབྱུང་བ། །དེ་ནི་རྟོག་མེད་སྔོན་བྱང་ཆུབ། །ཤེས་བྱ་དེ་ཉིད་མ་ལོག་ཕྱིར། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ 98-158b ཅན་གྱི་ཤེས་བྱ་རྣམས་ངོ་བོ་མེད་པ་ཉིད་དུ་བདག་གིས་སྔར་བསྒྲུབས་སོ། །ཐམས་ཅད་དུ་རང་རང་གི་ངོ་བོ་གྲུབ་པ་མེད་པས་ཤེས་བྱ་མེད་པའི་ཤེས་པ་ཡང་ཇི་ལྟར་འབྱུང་བར་འགྱུར། གང་ཉིད་ལ་དེའི་རྗེས་སུ་བློ་འབྱུང་བར་འགྱུར་བ་དེ་ཡང་རྟོག་པ་མེད་པ་ཉིད་ནི་མངོན་པར་བྱང་ ཆུབ་པ་ཉིད་དུ་འདོད་དེ། ཡོངས་སུ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་ཤེས་བྱའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །དེའི་ཡོངས་སུ་གྲུབ་པ་ནི་སྐད་ཅིག་མ་དང་། སྒྱུ་མ་དང་། རྨི་ལམ་དང་འདྲ་བའི་ཕྱིར་ཕྱིན་ཅི་མ་ལོག་པ་ག་ལ་ཡོད། དེ་ཡི་ངོ་བོ་རྣམ་རྟོག་སོགས། །བྲལ་བའི་ བློས་ནི་མངོན་འདོད་པས། །དེ་ཡི་རྟེན་ནི་འགོག་བྱེད་ན། །གྲུབ་པ་ཉིད་ནི་རབ་སྒྲུབ་བྱེད། །གང་ཡང་རྟོག་པ་མེད་པར་མངོན་པར་བྱང་ཆུབ་པ་གང་ཡིན་པ་དེ་ནི་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ངེས་པར་རྟོགས་པར་བྱེད་པ་ན་དེའི་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་ བྲལ་བ་མངོན་སུམ་གྱི་མཚན་ཉིད་ཅན་ནི་སྟོན་པ་ཉིད་ཡིན་པར་འདོད་དོ། །གལ་ཏེ་དེ་ལ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་མཚན་ཉིད་ཅན་གྱི་སྤྲུལ་པའི་སྐུའི་རྟེན་ཉིད་ནི་མ་ཡིན་ནོ་ཞེས་རབ་ཏུ་སྒྲུབ་པར་བྱེད་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འོག་མིན་ན་བཞུགས་པའི་ལོངས་སྤྱོད་རྫོགས་པའི་ སྐུ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུ་ཡིན་ན་ཞི་བ་དང་། སྟོང་པ་དང་། གཉིས་སུ་མེད་པ་ལ་སོགས་པར་སྟོན་པར་བྱེད་པ་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ། དེ་ནི་ཞི་ཉིད་སོགས་བསྟན་པ། །རྟོགས་པ་རྣམས་ཀྱིས་སྒྲོ་བཏགས་པའོ། །དག་པ་དང་རང་ བཞིན་གྱིས་འོད་གསལ་བ་དང་། དབུལ་བ་དང་། ནད་ཉེ་བར་ཞི་བར་བྱེད་པ་ལ་སོགས་པར་བསྟན་པ་ནི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རང་གི་རྣམ་པར་རྟོག་པས་སྦྱར་བ་ཡིན་ནོ། །ཡང་གལ་ཏེ་གསུང་རབ་ལས་རབ་ཏུ་གྲགས་པའི་ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་རྣམས་ ཀྱིས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བསྟན་ཏོ་ཞེ་ན། བདེན་ཏེ་ལམ་འདི་ཉིད་མི་དམིགས་པའི་ཚུལ་གྱིས་གོམས་པར་བྱས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ། དངོས་པོ་ལ་མངོན་པར་ཞེན་པས་ནི་མ་ཡིན་ནོ། །མི་དམིགས་པར་བསྒོམ་ 98-159a པ་དེ་གང་ཡིན་ཞེ་ན། མཐོང་བ་མེད་པ་རྟོག་མེད་པ། །བརྗོད་པ་མེད་པ་བྱེད་མེད་པ། །འཚོ་བ་མེད་པ་རྩོམ་མེད་པ། །དེ་བཞིན་དགའ་མེད་གནས་མེད་པ། །ཆོས་ཐམས་ཅད་རང་གི་ངོ་བོ་ཡོངས་སུ་གྲུབ་པ་མེད་པས་མཐོང་བ་མེད་པ་ཉིད་ནི་ཡང་དག་པའི་ལྟ་བའོ། ། འདས་པ་དང་། མ་འོངས་པ་དག་གི་སེམས་དག་ནི་ཉམས་ཤིང་མ་སྐྱེས་པའི་ཕྱིར་དང་། ད་ལྟར་བྱུང་བ་ལ་ཡང་གནས་པ་མེད་པས་རྟོག་པ་མེད་པ་ཉིད་ནི་ཡང་དག་པའི་རྟོག་པའོ། །གནས་དང་། བྱེད་པ་དང་། རྩོལ་བ་རྣམས་རེ་རེ་ལའམ། འདུས་པར་གྱུར་པ་ལའམ། ཡི་གེ་སོ་ སོ་ཡང་ངག་ཉེ་བར་མི་དམིགས་པས་ངག་བརྗོད་པ་མེད་པ་ནི་ཡང་དག་པའི་ངག་གོ། །ལུས་དང་། དབང་པོ་དང་། བློའི་ཚོགས་དག་བདག་མེད་པ་ཡིན་པའི་ཕྱིར་དང་། དེའི་དགེ་བའི་ལས་བྱེད་པར་སེམས་པ་ནི་བྱུང་མ་ཐག་ཏུ་འཇིག་པའི་ཕྱིར་ལས་ཉེ་བར་ལེན་པ་ནི་དོན་དམ་པར་ འབྱུང་བར་མི་འགྱུར་བས་བྱ་བ་མེད་པ་ནི་ཡང་དག་པའི་ལས་ཀྱི་མཐའོ། །ཐོག་མ་མེད་པའི་དུས་ནས་གོམས་པར་བྱས་པའི་ཟང་ཟིང་ལ་མངོན་པར་ཞེན་པ་འཕེལ་བར་བྱས་པའི་ལུས་ཀྱི་བཟའ་བ་དང་། བགོ་བ་ལ་སོགས་པ་ལུས་འཕེལ་བར་བྱེད་པ་ལ་དབུ་བའི་གོང་བུ་དང་། ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་གི་སྡོང་པོ་དང་། སྒྱུ་མ་དང་འདྲ་བར་གང་གིས་གང་ཞིག་ལ་ཕན་འདོགས་པར་བྱེད་ཅེས་ཕུང་པོ་དག་ལ་ཡོངས་སུ་བཏགས་པ་ཉིད་ན་འཚོ་བ་མེད་པ་ཉིད་ནི་ཡང་དག་པའི་འཚོ་བའོ། །ལུས་ནི་རྩྭ་དང་། ཤིང་དང་འདྲ་བར་བེམས་པོ་ སེམས་པ་མེད་པ་བྱེད་པ་མེད་པ་ཡིན་ལ། སེམས་ཀྱང་སྒྱུ་མ་དང་འདྲ་བས་དེ་དག་གིས་ཡང་དག་པར་བརྩམས་པ་ཡང་སྐད་ཅིག་མ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་དུ་ན་ཡང་དག་པའི་རྩོམ་པ་མེད་ན་ཡང་ཐ་སྙད་དུ་དགེ་བའི་ཆོས་ལ་མངོན་པར་སྦྱོར་བ་ནི་ཡང་དག་པའི་རྩོལ་བའོ་ཞེས་ཐ་སྙད་ དུ་བྱེད་དོ། །དོན་དམ་པར་ན་དབང་པོ་རྣམས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱིས་ཉམས་སུ་མྱོང་བ་ཅི་ཡང་མེད་པས་དེའི་རྗེས་ལས་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀྱང་ཅི་ཞིག་ལ་རྗེས་སུ་བརྟག་པར་བྱ་སྟེ། བརྟག་པར་བྱ་བའི་ཉམས་སུ་མྱོང་བ་ནི་མེད་པས་ཅི་ཞིག་དྲན་ནས་དྲན་ 98-159b ཞེས་བྱ། འོན་ཀྱང་མི་བརྗེད་པ་ཉིད་ལ་ཀུན་རྫོབ་ཏུ་ཡང་དག་པའི་དྲན་པ་ཞེས་གདགས་སོ། །སེམས་འདས་པ་ནི་ཉམས་པར་གྱུར་པ་ཡིན། མ་འོངས་པ་ནི་མ་སྐྱེས་པ་ཡིན། ད་ལྟར་བྱུང་བ་ཡང་འགག་པ་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་སེམས་སྐད་ཅིག་ཙམ་ཡང་མཉམ་པར་ གནས་པ་ནི་ཡོད་པ་མ་ཡིན་ནོ། །དམིགས་པ་ཡང་རིམ་པ་འདི་ཉིད་ཀྱིས་དམིགས་པར་མི་འགྱུར་བས་སེམས་གནས་པ་མེད་པ་ཉིད་ལ་ཐ་སྙད་དུ་ཡང་དག་པའི་ཏིང་ངེ་འཛིན་ཞེས་འདོགས་སོ། །གང་གི་ཆེ་བྱང་ཆུབ་སེམས་དཔའ་འདི་ཉིད་ཤིན་ཏུ་གོམས་པར་བྱས་ན། དེ་ཚེ་ལམ་ ནི་དེ་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་འདོད་ཕྱིར་བདག །གྲུབ་པ་སྒྲུབ་པའི་སྐྱོན་ཡང་ཡིན། །བསྒོམ་ཉིད་ལ་ཡང་བརྟག་པར་བྱ། །ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་གྱིས་བྱང་ཆུབ་ཐོབ་བོ་ཞེས་བྱ་བ་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། གཞན་དག་ཁས་མི་ལེན་པ་ཉིད་ལ་ཡང་ དག་པའི་ལྟ་བ་ལ་སོགས་པ་ལམ་འདི་དག་ངེས་པར་བཟུང་ནས་བདག་གིས་བརྗོད་པར་བྱ་བ་ཡིན་གྱི། གང་ལ་མ་གོམས་པར་བྱེད་པ་དེ་དག་ལ་ནི་འདིར་རིགས་པས་བརྟག་པར་བྱ་བ་ནི་མ་ཡིན་ནོ། །ཅི་ལམ་དེ་དང་ལྡན་ན་རིགས་པ་དང་ལྡན་པའི་བསྒོམ་པ་ཡིན་ནམ། འོན་ཏེ་མ་ཡིན། ཇི་ ལྟར་ན་འདི་རིགས་པ་དང་ལྡན་པར་འགྱུར་ཞེ་ན། གང་གི་ཚེ་རྗེས་སུ་དཔག་པའི་རྗེས་སུ་འབྲང་ནས་ལུང་དང་མི་འགལ་བར་གྱུར་པས་དེ་ཁོ་ན་ཉིད་གང་ལ་དམིགས་པ་ནའོ། །གལ་ཏེ་ཁྱོད་ཀྱིས་རྗེས་སུ་དཔག་པའི་རྗེས་སུ་འབྲངས་ན་ནི་ལུང་དང་འགལ་བར་འགྱུར་རོ་ཞེ་ན། སྨྲས་པ། ཇི་ལྟར་ལུང་དང་མི་འགལ་བར། །རྗེས་སུ་དཔག་པའི་རྗེས་འབྲང་བ། །འདི་ལྟར་དེ་ཉིད་བསྒོམ་པ་སྟེ། །དེ་ནི་དེ་བཞིན་མཁས་པས་འདོད། །དེ་ཉིད་ཤེས་པ་ཚོལ་བ་ལ་འཇུག་པ་ཞི་བ་དང་། སྟོང་པ་དང་། གཉིས་སུ་མེད་པ་དང་གཞན་ལ་རག་མ་ལས་པ་དང་། མི་དམིགས་ པ་ལ་སོགས་པའི་མཚན་ཉིད་ཅན་ལུང་དང་། རིགས་པ་དང་མི་འགལ་བར་བསྟན་པ་ནི་དེ་ཁོ་ན་ཉིད་དོ་ཞེས་བདག་གིས་བསྒྲུབས་པ་ཟིན་པ་ནི་དེ་ཉིད་དོ། །བསྒོམ་པའི་རིགས་པ་ཡང་བརྗོད་མ་ཐག་པ་ཉིད་དོ། །འདིའི་ལུང་ནི་འཇམ་དཔལ་གང་ཡང་ཆོས་ཐམས་ཅད་མི་མཉམ་པ་མེད་པ་དང་། 98-160a གཉིས་སུ་མེད་པ་དང་། གཉིས་སུ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པ་དང་། ཀུན་དུ་རྟོག་པ་མེད་པར་མཐོང་བ་མེད་པའི་སྦྱོར་བས་མཐོང་བ་དེ་ནི་ཡང་དག་པའི་རྟོག་པའོ། ། གང་གིས་ཆོས་ཐམས་ཅད་བརྗོད་པ་མེད་པར་མཐོང་བས་བརྗོད་པ་མཉམ་པ་ཉིད་དུ་ཤིན་ཏུ་རིག་པ་ཉིད་ནི་ཡང་དག་པའི་ངག་གོ། །གང་གིས་ཆོས་ཐམས་ཅད་བྱ་བ་དང་བྱེད་པ་མེད་པར་མཐོང་བ་འདི་ནི་བྱེད་པ་པོ་མི་དམིགས་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའོ། །གང་གིས་ཆོས་ཐམས་ ཅད་འཕེལ་བ་ཡང་མ་ཡིན། །འགྲིབ་པ་ཡང་མ་ཡིན་པ་དེ་ནི་འཚོ་བ་མེད་པ་མཉམ་པ་ཉིད་ལ་རབ་ཏུ་གནས་པའི་ཕྱིར་ཡང་དག་པའི་འཚོ་བའོ། །གང་གིས་ཆོས་ཐམས་ཅད་སློང་བར་མི་བྱེད། རྩོམ་པར་མི་བྱེད། ཕ་རོལ་གནོན་པའི་སྦྱོར་བ་ཡང་མི་བྱེད་པ་འདི་ནི་ཡང་དག་པའི་རྩོལ་ བའོ། །གང་གིས་ཆོས་ཐམས་ཅད་ལ་དྲན་པར་བྱ་བའི་ལམ་གྱིས་དབེན་པའི་ཕྱིར་དྲན་པ་བྱུང་བ་མེད་པ་ནི་ཡང་དག་པའི་དྲན་པའོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་བཞི་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་ རང་བཞིན་གྱིས་མཉམ་པར་གཞག་པར་མཐོང་བ་དེ་ནི་རྩོམ་པའི་རྣམ་པར་གཡེང་བ་མི་དམིགས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་དེ་ལྟ་བུར་བལྟ་བར་བྱའོ། །དེ་ལྟར་ལམ་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི་རྒལ་བ་དང་། ཕ་ རོལ་ཏུ་ཕྱིན་པ་དང་། ཐང་ལ་ཕྱིན་པ་དང་། ཞི་བ་ཐོབ་པ་དང་། འཇིགས་པ་མེད་པ་ཐོབ་པ་དང་། ཉོན་མོངས་པ་མེད་པ་དང་། དགྲ་བཅོམ་པ་དང་། དགེ་སྦྱོང་དང་། ཚངས་པ་ཡིན་ནོ་ཞེས་སྨྲའོ་ཞེས་བྱ་བ་ལ་སོགས་པ་ཆོས་ཐམས་ཅད་ལ་འཇུག་པར་བསྟན་པའི་མདོ་ལས་ འབྱུང་ངོ་། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་དབེན་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་བརྟེན་པའི་ཡང་དག་པའི་ལྟ་བ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དོ་ཞེས་འབྱུང་པོ། །དེ་ལྟར་ན་མཐོང་བ་མེད་པའི་རྣམ་པར་སྒོམ་པ་འདི་ 98-160b ནི་ལམ་གཞན་ཡིན་པར་བརྗོད་པར་བྱའོ་ཞེ་ན་བརྗོད་པར་མི་བྱའོ། །ལམ་འདི་ཉིད་ཀྱིས་འགྲུབ་པར་བརྗོད་པར་བྱ་སྟེ། ཇི་ལྟ་ཞེ་ན། སྨྲས་པ། ཐར་པའི་མི་མཐུན་པར་གྱུར་པ་མི་དགེ་བའི་ཆོས་ལྟ་བ་ལོག་པ་ལ་སོགས་པ་སྤོང་བར་བྱེད་པའི་གཉེན་པོར་ཡང་དག་པའི་ལྟ་བ་ལ་སོགས་པ་དངོས་པོ་ ཇི་ལྟ་བ་བཞིན་དུ་སྒོམ་པར་བྱེད་དེ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཇི་སྐད་དུ། ཡང་དག་པའི་ལྟ་བ་གང་ཞེ་ན། འཕགས་པ་འཇིག་རྟེན་ལས་འདས་པའི་འཕགས་པའི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཆད་པ་དང་། རྟག་པ་དང་། སྲིད་པ་དང་། སྲིད་པ་མ་ཡིན་པའི་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པར་ལྟ་བས་ཀུན་ནས་མ་བསླངས་པ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བའོ། །དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། གང་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་དུ་རྟོག་པ་མངོན་དུ་འབྱུང་བ་དག་གིས་ཀུན་དུ་རྟོག་པར་མི་བྱེད་ཅིང་། གང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ཀུན་ནས་བསླང་ བའི་ཀུན་དུ་རྟོག་པ་དག་གིས་ཀུན་དུ་རྟོག་པ་ནི་ཡང་དག་པའི་རྟོག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ན་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་རབ་ཏུ་སྤང་བའི་ཕྱིར་མཐོང་བ་མེད་པ་ལ་སོགས་པའི་བསྒོམ་པ་གོམས་པར་བྱའོ། །དེ་ལྟར་བྱས་ན་ཆོས་ཐམས་ཅད་ཀྱི་ དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་རང་བྱུང་གི་ཕྱིན་ཅི་མ་ལོག་པ་སྐད་ཅིག་མ་གཅིག་གིས་བག་ཆགས་དང་བཅས་པའི་རྒྱུན་རབ་ཏུ་སྤོང་ངོ་། །ཤེས་བྱའི་དངོས་པོ་དང་རབ་ཏུ་འབྲེལ་པ་ནི་བག་ཆགས་ཡིན་ནོ། །ཤེས་བྱ་མི་དམིགས་པར་འགྱུར་ན་གང་ལ་བརྟེན་ནས་བག་ཆགས་ འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་ཐེག་པ་ཆེན་པོ་ལ་གོ་རིམས་ཡིན་ནོ། །ཇི་ལྟར་བསྟན་པའི་ལམ་འདི་ཉིད་མཐར་གྱིས་བསྒོམ་པ་ལས་དེ་ཁོ་ན་ཉིད་ཐོབ་པར་འགྱུར་བར་བསྟན་པ། གང་གིས་དེ་རྟོགས་དེ་སངས་རྒྱས། །གཞན་ནི་མ་ཡི་ལ་དུ་མཚུངས། །ཇི་སྐད་བསྟན་པ་ཉིད་ 98-161a ཀྱིས་ལུང་དང་རིགས་པ་དང་ལྡན་པའི་བསྒོམ་པ་གང་གིས་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་དེ་ནི་སངས་རྒྱས་ཞེས་བརྗོད་པར་རིགས་ཏེ། ཡེ་ཤེས་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་རོ། །རིགས་པ་དང་འགལ་བའི་ལུང་ཙམ་གྱི་རྗེས་སུ་འབྲང་བའི་དེ་ཁོ་ན་ ཉིད་དུ་བསྒྲུབ་པ་ནི་བརྟག་མི་བཟོད་པའི་ཕྱིར་བེམས་པོའི་བློ་དང་ལྡན་པ་རྣམས་ལ་མས་བྱིན་པའི་ལ་དུ་བཞིན་དུ། བུད་མེད་འགའ་ཞིག་གིས་བུ་བྱིས་པ་ཆུང་ངུ་ལ་སྨན་ཞུ་བའི་དུས་འདས་ཀྱི་བར་དུ་བྲིད་པའི་ཕྱིར་བུ་རམ་གྱིས་བསྐུས་པའི་རྡེའུ་དག་འདི་ལ་དུ་ཡིན་གྱིས་ཟོ་ཞིག་ཅེས་བྱས་ ནས་བྱིན་ལ། དེ་ཡང་མ་འདི་ནི་བདག་ལ་ནམ་ཡང་ལོག་པར་བྱེད་པ་མ་ཡིན་ནོ་སྙམ་ནས་དྲག་ཏུ་སོ་བཏབ་ཅིང་བཅའ་བར་བརྩམས་པ་དང་སོ་དག་ཀྱང་ཆག་པར་འགྱུར་རོ། །དེ་བཞིན་དུ་ལ་ལ་དག་སྨན་པའི་རྒྱལ་པོས་ཉེ་བར་བསྟན་པའི་སྨན་ཕྱིན་ཅི་མ་ལོག་པ་ཉེ་བར་སྤྱོད་པ་ལྟར། བདེ་བར་གཤེགས་པའི་བསྟན་པ་བརྡ་དང་བཅས་པ་དང་། དགོངས་པ་དང་བཅས་པ་དག་ཇི་ལྟ་བ་བཞིན་དུ་མ་རྟོགས་ནས། ཐུབ་པས་ནི་འདི་ལྟར་བསྟན་པ་ཡིན་ནོ་ཞེས་སྒྲ་ཇི་ལྟ་བ་བཞིན་དུ་བཟུང་ནས། མངོན་པར་ཞེན་པ་བརྟན་པར་བྱེད་པ་དེ་དག་ནི་མས་བྱིན་པའི་ལ་དུ་ཟ་བའི་ ཁྱེའུ་བཞིན་དུ་མཁས་པ་རྣམས་ཀྱིས་བཞད་གད་དུ་བྱ་བ་ཡིན་ནོ། །དེས་ན་ལུང་གི་རྗེས་སུ་འབྲང་བ་ཙམ་དུ་མི་བྱའི། རིགས་པས་རྗེས་སུ་དཔག་པར་བྱའོ། །དེ་ལ་རིགས་པ་ནི་འདི་ཡིན་ཏེ། འཕགས་པ་ཉན་ཐོས་རྣམས་ནི་ཆོས་ཙམ་མཐོང་བའི་མངོན་པར་རྟོགས་པ་ཅན་ཡིན་ ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་ཤེས་པ་ནི་རང་སངས་རྒྱས་རྣམས་སོ། །དེ་དག་ནི་ཇི་ལྟར་བསྟན་པའི་ལམ་གྱི་དངོས་པོ་དག་བསྒོམས་པས་ཡིན་ལ། བཅོམ་ལྡན་འདས་ཀྱིས་ནི་མི་དམིགས་པ་ལ་སྙོམས་པར་ཞུགས་པས་བྱང་ཆུབ་རྟོགས་པ་ཡིན་ནོ། །དེ་ཡང་ དངོས་པོར་འཛིན་པ་རྩ་བ་ནས་མ་སྤངས་ཀྱི་བར་དུ་མ་ཡིན་པས་དེ་ལྟ་བས་ན་མི་དམིགས་པར་བསྒོམས་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པ། ཁྱད་པར་དུ་འཕགས་པའི་ལམ་ཡིན་གྱི། ཉི་ཚེ་བ་ནི་མ་ཡིན་ནོ། །ཐེག་ཆེན་སངས་རྒྱས་གསུང་མིན་ཞེས། ། 98-161b ཟེར་བ་འདི་ཡང་གཏན་ལ་དབབ། །ངེས་པར་སྐྱེད་པས་ཁྲིད་ནས་དོན་རྟོགས་པར་བྱེད་པ་ནི་གཏན་ལ་དབབ་པའོ། །དེ་གང་ཡིན་ཞེ་ན། རིགས་པའི་རྗེས་སུ་འབྲང་བའི་ལུང་དང་མི་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །རྗེས་སུ་དཔག་པ་དང་ འགལ་བ་དེ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དཔེར་ན་ཆད་པར་ལྟ་བ་བཞིན་ནོ། །ཐེག་པ་ཆེན་པོ་ནི་རིགས་པས་གནོད་པ་མ་ཡིན་ཏེ། རིགས་པ་ནི་འོག་ནས་བསྟན་པར་བྱའོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ཡིན་ཏེ་རང་སངས་རྒྱས་ཀྱི་ཐེག་ པ་བཞིན་ནོ། །གཞན་ཡང་། སྔར་བསྟན་པ་ཡི་ལམ་འདི་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་མི་ནུས། །སྡུག་བསྔལ་རྣམ་པ་རྟོགས་བྱེད་ཕྱིར། །རང་སངས་རྒྱས་ཀྱི་ཐེག་པ་བཞིན། །མཐོང་བ་མེད་པར་སྒོམ་པར་བྱེད་པ་ལ་སོགས་པ་མ་གཏོགས་པ་ཞེས་བྱ་བ་ནི་ཚིག་གི་ལྷག་ མའོ། །སྡུག་བསྔལ་ལ་སོགས་པའི་རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་སྟེ། མི་རྟག་པ་སྡུག་བསྔལ་བ་སྟོང་པ་བདག་མེད་པ་ཞེས་བྱ་བ་སྡུག་བསྔལ་གྱི་རྣམ་པ་བཞིའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ཀྱི་རྣམ་པ་རྣམས་ཀྱང་མདོ་ལས་བསྟན་པ་ བཞིན་དུ་སོ་སོར་རྟོགས་པར་བྱའོ། །ཡང་ན་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་དང་། ཡོངས་སུ་ཤེས་པར་བྱ་བ་དང་། རབ་ཏུ་སྤང་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བ་རྣམས་དང་། ཡོངས་སུ་ཤེས་པ་དང་། རབ་ཏུ་སྤངས་ པ་དང་། མངོན་དུ་བྱས་པ་དང་། བསྒོམས་པ་ཞེས་བྱ་བ་རྣམ་པ་བཅུ་གཉིས་རྟོགས་པ་ཡིན་ཏེ། རང་སངས་རྒྱས་ཀྱི་ལམ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ནི་སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་སོ་ཞེས་བསམས་ པའོ། །རྗེས་སུ་དཔག་པས་གནོད་པ་ཡང་། །གཞན་གྱི་ཕྱོགས་ལ་འབྱུང་བར་འགྱུར། །དཔེ་ནི་མ་གྲུབ་པ་ཉིད་ཀྱང་། །དེ་ལ་ཞུགས་པ་བཟློག་པར་དཀའ། །གང་དག་གིས་དེ་དག་ཏུ་ལམ་འདི་དག་ཉིད་ཀྱིས་ཤེས་བྱའི་སྒྲིབ་པ་ཟད་པར་བྱེད་དོ་ཞེས་ཟེར་བ་འདི་ཡང་བསྒོམ་པ་ཁྱད་པར་ཅན་ 98-162a མེད་པར་ཤེས་བྱའི་སྒྲིབ་པ་སྤོང་བ་མི་སྲིད་དོ། །བཅོམ་ལྡན་འདས་ཀྱང་ལམ་འདིས་ཤེས་བྱའི་སྒྲིབ་པ་ཟད་པར་མཛད་པ་མ་ཡིན་ཏེ། བསྒོམ་པའི་ཁྱད་པར་གཞན་གྱིས་སྤངས་པའི་ཕྱིར་རོ། །གལ་ཏེ་ཡང་ལམ་འདི་ལ་ཤེས་བྱའི་སྒྲིབ་པ་སྤོང་བའི་ནུས་པ་ཡོད་པར་ གྱུར་ན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་སྒྲིབ་པ་གཉིས་ཟད་པར་བྱས་ནས་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པར་སྤོང་བར་འགྱུར་བ་ཞིག་ན་དེ་ལྟ་བུ་ནི་མི་སྲིད་དོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ལས་བསྟན་པའི་ལམ་བསྒོམ་པའི་ཁྱད་པར་ཁོ་ནས་ཤེས་བྱའི་སྒྲིབ་པ་རབ་ ཏུ་སྤོང་བ་ཡིན་ནོ། །གཞན་ཡང་། མི་སྐྱེ་ཟད་པར་ཤེས་པ་ནི། །ཇི་བཞིན་དོན་གྱི་དོན་དམ་མིན། །འཁྲུལ་བཞིན་རྣམ་རྟོག་བཅས་པའི་ཕྱིར། །དེ་རྟོགས་ཇི་ལྟར་དེ་ཉིད་ཡིན། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་ སུ་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ལ་ཆོས་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་ཞེས་བྱ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་མཐར་ཕྱིན་པས་ཕུང་པོ་མི་སྐྱེ་བར་ཤེས་པ་དང་། ཉོན་མོངས་ པ་ཟད་པར་ཤེས་པ་འབྱུང་བར་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་པོ་ཞེས་གཞན་གྱིས་འདོད་པ་དེ་རྗེས་སུ་མཐུན་པ་མ་ཡིན་པས་དགག་པར་བྱ་བའི་ཕྱིར་སྨྲས་པ། དེ་དག་ནི་དོན་དམ་པར་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །གཏན་ཚིགས་ཅི་ཡོད་ཅེ་ན། རྣམ་པར་ རྟོག་པ་དང་བཅས་པའི་ཕྱིར་འཁྲུལ་པ་དང་བཅས་པའི་ཤེས་པ་བཞིན་ནོ། །འདིས་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་དག་འཁྲུལ་པའི་ཤེས་པ་དང་འདྲ་བའི་ཕྱིར་དང་། ཕྱིན་ཅི་ལོག་ལ་དམིགས་པའི་ཕྱིར་ཡོངས་སུ་ཤེས་པ་གང་ཞིག་རིགས་པ་དང་ལྡན་པ་ཡིན་ཞེས་བསྟན་ཏོ། །ཐེག་པ་ གཞན་ཉིད་རྒྱུ་ཡིན་ཞེས། །ཟེར་བ་དེ་ཡི་ལན་ཡང་བཏབ། །ཉན་ཐོས་ཀྱི་ཐེག་པར་བསྟན་པའི་ལམ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་མ་ཡིན་ཏེ། བསྒོམ་པ་དང་བྲལ་བས་དེས་ནི་ཤེས་བྱའི་སྒྲིབ་པ་སྤོང་བར་མི་ནུས་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པར་བསྟན་པའི་ 98-162b ལམ་བཞིན་ནོ་ཞེས་བྱ་བར་འབྲེལ་ཏོ། །ཇི་ལྟར་སྒྲིབ་པ་ཡོད་བཞིན་དུ། །དགྲ་བཅོམ་མྱ་ངན་འདའ་བར་རིགས། །སྒྲིབ་པ་ཡང་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་ཡང་རྣམ་པ་གཉིས་ཏེ། འཆིང་བར་བྱེད་པ་ དང་། བག་ཆགས་ཀྱི་ངོ་བོའོ། །ཡང་ཤེས་བྱའི་སྒྲིབ་པ་ནི་འཆིང་བར་བྱེད་པའི་བདག་ཉིད་ཁོ་ནའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་དག་གིས་ནི་ཉོན་མོངས་པའི་འཆིང་བ་ཙམ་སྤངས་ཀྱི་ཉོན་མོངས་པའི་བག་ཆགས་ཀྱང་མ་ཡིན་ལ། ཤེས་བྱའི་སྒྲིབ་པ་གཉི་གའི་ངོ་བོ་ཉིད་ ཀྱང་མ་ཡིན་པས་དེའི་ཕྱིར་དགྲ་བཅོམ་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་མ་ཡིན་ཏེ། སྒྲིབ་པ་ཡོད་པའི་ཕྱིར་རྒྱུན་དུ་ཞུགས་པ་ལ་སོགས་པ་བཞིན་ནོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་བག་ཆགས་ཀྱི་དྲི་མ་དག་པར་བྱས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་ རྫོགས་པར་བྱས་ནས་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་མི་ཤེས་པ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ཅན་ནི་བདག་ཏུ་ང་རྒྱལ་བ་དང་། རྟག་ཏུ་རྨོངས་པ་དང་། བདག་ ལ་ཆགས་པ་ལ་སོགས་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་དེ་ནི་བག་ཆགས་ཀྱི་ངོ་བོ་སྟེ། ཇི་སྐད་དུ་མཆོག་འདོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བསྟན་པ་ལས། མ་རིག་འདི་ནི་རྣམ་གཉིས་ཏེ། །འཇིག་རྟེན་པ་ཡི་འཕགས་པར་ཤེས། །འཇིག་རྟེན་པས་ནི་འདུ་བྱེད་སྐྱེད། ། རིང་དུ་གྱུར་པ་འཕགས་པ་ཡི། །སློབ་མ་འགོག་ལ་གནས་པ་ལ། །གང་ཚེ་ཡིད་ནི་བཞག་གྱུར་པ། །དེ་ཚེ་འདི་ཡི་ཉེར་ལེན་མེད། །སྲིད་པར་འཇུག་པ་ཡང་མི་འགྱུར། །དེ་ནི་འགོག་བྲལ་ལ་གནས་པ། །མ་རིག་པ་ཡིས་འཕགས་དེ་རྨོངས། །རྣམ་ཤེས་ཉེར་ལེན་དང་བྲལ་བ། ། གྲོལ་བ་ཡིན་ཞེས་རྗོད་པར་བྱེད། །རྨོངས་འདི་གྲོལ་བ་ག་ལ་ཡིན། །ཡང་དག་ཏུ་ན་ཀུན་ལ་རྨོངས། །ཆོས་ཀྱི་སྐྱེ་མཆེད་ཕུག་དག་ཏུ། །འདི་ཡི་རྣམ་ཤེས་རབ་ཏུ་སྦས། །ཡང་སྲིད་འཇུག་པའང་མ་ཡིན་ལ། །མཐར་ཐུག་སངས་པའང་འདི་མ་ཡིན། །སངས་རྒྱས་ཆོས་ཀྱི་ 98-163a སྐུ་ཉིད་དུ། །གྱུར་ན་འདི་བཟོད་མྱ་ངན་འདས། །སངས་རྒྱས་ཆོས་ཀྱི་སྐུ་འདི་ནི། །མྱ་ངན་འདས་ཡིན་དེ་ཉིད་ནི། །སངས་རྒྱས་ཁོ་ནས་མངོན་པར་མཁྱེན། །དེ་ཕྱིར་བྱིན་གྱིས་བརླབས་ནས་ཞུགས། །ཞེས་བསྟན་པ་ལྟ་བུའོ། །དེ་ལ་ཉོན་མོངས་པ་ཅན་གྱི་མི་ཤེས་པ་ ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་ལྷག་མ་མ་ལུས་པར་རབ་ཏུ་སྤངས་ཏེ། གང་ཟག་ལ་བདག་མེད་པ་རྟོགས་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་གྲོལ་བ་ལ་སྒྲིབ་པར་བྱེད་པ་མ་ཡིན་པར་ཡོད་བཞིན་དུ་ཡང་འདིར་ཟད་པ་དང་། མི་སྐྱེ་བ་ཤེས་པ་ཐོབ་པར་འགྱུར་ཞེས་བྱའོ། ། མ་རིག་ཉོན་མོངས་ཅན་སྤངས་པ། །དེ་ནི་གྲོལ་འགྱུར་སངས་རྒྱས་བཞིན། །དེ་ནི་མི་བདེན་མེད་པའི་ཕྱིར། །དངོས་དང་སྤྲུལ་པའི་སངས་རྒྱས་ལ། །བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ནས་སངས་རྒྱས་བཅོམ་ལྡན་འདས་དེས་སྒྲའི་རྗེས་སུ་འཇུག་པའི་ལུགས་སུ་འབྱུང་བ་སྐྱེ་བ་མེད་ པའི་ཆོས་ལ་བཟོད་པ་རྟོགས་པས་ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤངས་པར་གྱུར་པ་ཡིན་གྱི། གཙོ་བོ་ཆོས་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དག་གིས་ནི་ཡང་ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤོང་བར་མི་སྲིད་པས་སངས་རྒྱས་ཀྱི་དང་། དེའི་ཐར་པ་ནི་འདྲ་བར་རིགས་པ་མ་ཡིན་ནོ། །གཞན་ ཡང་ཐེག་པ་ཆེན་པོའི་ལུགས་འདི་ལ་ནི་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་ལམ་བསྒོམ་པ་དང་། མངོན་པར་རྟོགས་པ་བསྟན་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པར། ཡང་དག་ཏུ་ན་ཐེག་ཆེན་གྱི། །ལམ་གྱིས་སངས་རྒྱས་བྱང་ཆུབ་དག །སྒྲུབ་མིན་རྟོག་བཅས་ མཚན་བཅས་མིན། །འཇིག་རྟེན་པ་ཡི་ལམ་བཞིན་ནོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ནི་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་། མཚན་མ་དང་ལྡན་པའི་ཕྱིར་ལམ་ནི་བྱང་ཆུབ་ཀྱི་རྒྱུ་མ་ཡིན་ཏེ། ལྷ་དང་མིའི་འགྲོ་བར་འཇུག་པར་བྱེད་པའི་དགེ་བའི་ལས་བྱེད་ པའི་ལམ་བཞིན་ནོ། །གལ་ཏེ་ཡང་ལམ་གོམས་པར་བྱེད་པ་ནི་ཉོན་མོངས་པ་ཟད་པར་བྱ་བའི་དོན་དུ་ཡིན་ན་གང་གི་ཚེ་དེ་ཉིད་མི་བདེན་པར་གྱུར་ནས་གང་གིས་ཉོན་མོངས་པ་ཟད་པར་བྱེད། སྡོང་དུམ་ལ་མི་ཡིན་པར་ཉམས་སུ་མྱོང་བར་གྱུར་པས་ཐེ་ཚོམ་མེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ 98-163b ནི་གཞན་གྱི་བསམ་པ་སྨྲས་པ་ཡིན་ནོ། །དེ་ལྟར་ན་ཇི་ལྟ་བ་བཞིན་མ་ཡིན་པའི་ལམ་གྱིས་ཉོན་མོངས་པ་ཟད་པར་བྱེད་པ་ཡང་མེད་དེ། ཡང་དག་པ་མ་ཡིན་པའི་ཕྱིར་སྡོང་དུ་མ་ལ་མིར་ཤེས་པས་དེ་དང་མི་འབྲལ་བས་རང་གི་བསམ་པ་སྨྲས་པ། ཇི་སྲིད་འགའ་ཞིག་སྐྲག་པ་ཡིས། ། ཐག་པ་ལ་ནི་སྦྲུལ་ཞེས་འཁྲུལ། །འཁྲི་ཤིང་བསྡོགས་པར་ཤེས་པ་ནི། །གཉེན་པོའི་ཕྱོགས་ཀྱི་ཤེས་པར་འབྱུང་། །འཁྲུལ་པར་གྱུར་པས་དང་པོར་ནི་ཐག་པ་ལ་སྦྲུལ་ཡིན་གྱི། ཐག་པ་ཡིན་པར་མི་ཤེས་པར་འགྱུར་ལ། ཡང་དེ་ཉིད་ལ་འདིའི་འཁྲི་ཤིང་བསྒྲིལ་པ་ཡིན་གྱི། ཐག་པ་ ཡང་མ་ཡིན་པ་ལ་ཡང་མ་ཡིན་ནོ་ཞེས་ཡང་དག་པ་མ་ཡིན་པའི་འཁྲི་ཤིང་བསྡོགས་པར་ཤེས་པས་ཀྱང་སྦྲུལ་དུ་འཁྲུལ་པའི་གཉེན་པོར་གྱུར་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ལ་དང་པོ་ནི་འཁྲུལ་པས་ལྟ་བ་ངན་པ་རྟོགས་པ་ངན་པས་ཞེན་པ་འབྱུང་ལ། ཡང་དེ་དག་ལ་འཁྲུལ་པ་ཉིད་ ཤེས་པས་ཡང་དག་པའི་ལྟ་བ་ལ་སོགས་པའི་གཉེན་པོའི་ལྟ་བ་སྐྱེས་པ་ན་དེ་དག་གཉི་ག་ཡང་དངོས་པོར་འཛིན་པས་ཡང་དག་པ་མ་ཡིན་པར་ཤེས་ཀྱིས། མཐོང་བ་མེད་པ་ནི་ཡང་དག་པ་ཉིད་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ལས་གཞན་མེད་པའི་ཕྱིར་རོ། །དེ་ཡང་ཇི་སྐད་ དུ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུངས་འདི་ལྟ་སྟེ། སྐྱེས་བུ་འགའ་ཞིག་མི་བདེན་པའི་ཐེ་ཚོམ་གྱི་དུག་གིས་གདུངས་པར་གྱུར་ཅིང་བདག་གིས་དུག་ཟོས་སོ་བདག་གིས་དུག་ཟོས་སོ་ཞེས་ཟེར་ཞིང་ངུ་བར་བྱེད་བྲང་རྡུང་བར་བྱེད་པ་དེ་ལ་སྨན་པ་ཐབས་ལ་མཁས་ པས་ཡང་དག་པ་མ་ཡིན་པའི་དུག་འབྱིན་པ་ལྟར་བྱས་པས་དེས་དེའི་ཐེ་ཚོམ་གྱི་དུག་གི་འདུ་ཤེས་དེ་ལྡོག་པར་འགྱུར་ཏེ། དེས་དེ་ཡོངས་སུ་གདུང་བ་ལས་གྲོལ་བར་འགྱུར་རོ། །འོད་སྲུངས་དེ་ཇི་སྙམ་དུ་སེམས། དེ་ལ་སྨན་པ་གང་གིས་ཡང་དག་པ་མ་ཡིན་པའི་དུག་གཞན་འབྱིན་པ་ ལྟར་མ་བྱས་ན་སྐྱེས་བུ་དེ་འཚོ་བར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །ཇི་ལྟར་ཡང་དག་པ་མ་ལགས་པའི་དུག་གི་སོམ་ཉིས་གདུངས་པར་གྱུར་པ་ལ་དེ་བཞིན་དུ་ཡང་དག་པ་མ་ལགས་པའི་དུག་གཞན་བསལ་བར་བགྱིའོ། །བཅོམ་ལྡན་འདས་ 98-164a ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཉོན་མོངས་པས་ཉོན་མོངས་པར་གྱུར་པ་རྣམས་ལ་ཡང་དག་པ་མ་ཡིན་པའི་ཚུལ་གྱིས་ཆོས་སྟོན་པར་མཛད་དོ། །གསོལ་པ་བཅོམ་ལྡན་འདས་ནི་བདེན་པ་གསུང་བ་མ་ལགས་ སམ། དེ་བཞིན་གཤེགས་པ་ཇི་ལྟར་ན་བདེན་པ་མ་ལགས་པ་གསུང་བ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་ཇི་སྙམ་དུ་སེམས། ཁྱོད་བདེན་པས་རྣམ་པར་གྲོལ་ལམ། བདེན་པ་མ་ཡིན་པས་ཡིན། གསོལ་པ་བདག་ནི་བདེན་པ་མ་ལགས་ པས་གྲོལ་གྱི། བདེན་པས་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མི་བདེན་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་གོ། །བཅོམ་ལྡན་འདས་གལ་ཏེ་འདོད་ཆགས་བདེན་པ་ཞིག་ཏུ་འགྱུར་ན་ནི་མི་སྡུག་པས་ཀྱང་ འདོད་ཆགས་དང་འབྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་ཞེ་སྡང་ཡང་དག་པ་ཞིག་ཏུ་གྱུར་ན་ནི་བྱམས་པས་ཀྱང་ཞེ་སྡང་དང་འབྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་གཏི་མུག་ཡང་དག་པ་ཞིག་ཏུ་གྱུར་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་ཀྱང་ གཏི་མུག་དང་འབྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གང་གི་སླད་དུ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡང་དག་པ་མ་ལགས་པ་དེའི་སླད་དུ་མི་སྡུག་པ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་འབྲལ་བར་འགྱུར་ བ་ལགས་སོ། །བཅོམ་ལྡན་འདས་ཉོན་མོངས་པ་ཐམས་ཅད་ཀྱང་ཡང་དག་པ་མ་ལགས་པས་ན་ཡང་དག་པ་མ་ལགས་པའི་ཡོངས་སུ་ཤེས་པས་ཡོངས་སུ་སྤོང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལ་ཉོན་མོངས་པ་གང་གིས་ཡང་དག་པར་སྤོང་བར་འགྱུར་བ་དེ་ གཉི་ག་ཡང་ཡང་དག་པ་མ་ལགས་པ་བདེན་པ་མ་ལགས་པའི་སླད་དུ་ཡང་དག་པ་མ་ལགས་པའི་ཉོན་མོངས་པ་ཡང་དག་པ་མ་ལགས་པའི་ཡོངས་སུ་ཤེས་པས་འབྲལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ན་གཏན་ཚིགས་མ་ངེས་བཅས། ། 98-164b རྒོལ་བའི་སྨྲ་བ་སྤངས་པ་ཡིན། །གང་དག་ཡང་དག་པ་མ་ཡིན་པའི་ཕྱིར་སྡོང་དུམ་ལ་མིར་ཤེས་པ་བཞིན་ནོ་ཞེས་ཟེར་བའི་ཡང་དག་པ་མ་ཡིན་པས་ཡང་དག་པ་མ་ཡིན་པའི་འཁྲུལ་པ་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ། ཡང་དག་པ་མ་ཡིན་པ་ཉིད་ཀྱིས་ཅི་ཐག་པ་ལ་འཁྲི་ ཤིང་བསྡོགས་པར་ཤེས་པ་སྦྲུལ་དུ་འཁྲུལ་པ་སྤོང་བར་འགྱུར་བ་ཉིད་ཡིན་ནམ། འོན་ཏེ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་སྡོང་དུ་མ་ལ་མིར་འཁྲུལ་པ་བྲལ་བར་མི་འགྱུར་བ་ཞེས་བྱ་བ་ནི་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ཡང་གཞན་གྱིས་ཁས་བླངས་པའི་ཡང་དག་པའི་ལམ་གྱིས་ཡང་དག་པའི་ ཉོན་མོངས་པ་བསགས་པ་ཟད་པར་འགྱུར་རོ་ཞེས་བྱ་བ་དེ་ཡང་དཔེ་འདིས་ཡང་དག་པ་མ་ཡིན་པའི་འདི་གཉིས་བྲལ་བར་བྱེད་པས་ཉན་ཐོས་ཀྱི་ཐེག་པར་སྨྲ་བ་དེ་སྤོང་བ་ཡིན་ནོ། །གཞན་ཡང་། ཀུན་ནས་ཉོན་མོངས་གཉེན་པོའི་ཕྱིར། །འདིས་ནི་ལན་ཡང་བཏབ་པ་བྱས། ། ཡང་གལ་ཏེ་གཞན་དག་ན་རེ་ལམ་ནི་ཡང་དག་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་མུན་པའི་གཉེན་པོའི་སྣང་བ་བཞིན་ནོ་ཟེར་ན། དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ནས་ཉོན་མོངས་པ་ཡང་དག་པ་མ་ཡིན་པའི་གཉེན་པོས་སྤོང་བར་བྱེད་དོ་ ཞེས་བྱ་བ་ཐག་པ་དང་སྦྲུལ་དང་འཁྲི་ཤིང་བསྡོགས་པའི་དཔེ་འདི་དག་ཉིད་ཀྱིས་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །གཏན་ཚིགས་མ་ངེས་པ་ཉིད་དུ་རྒོལ་བ་ཡང་སྤངས་པ་ཡིན་ནོ། །འདིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་སྔར་བདག་ཅག་ གིས་བསྒྲུབས་ཟིན་པས་དེའི་ཕྱིར་ན་ལུང་མེད་པའི་ཐེག་པ་ཆེན་པོར་བསྟན་པ་ནི་རིགས་པ་མ་ཡིན་ཏེ། ཚད་མའི་རྟོག་གེ་སྐོམ་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་བའི་ལན་གདབ་པར་བྱ་བའི་ཕྱིར་ཕྱོགས་སྔ་མ་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་བརྗོད་པ། ཐེག་ཆེན་སངས་རྒྱས་ གསུང་ཡིན་ཏེ། །བདག་མེད་ལ་སོགས་སྟོན་པ་དང་། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ། །སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། །འབྲས་བུ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བའི་ལམ་དང་། དེ་སྟོན་པར་བྱེད་པའི་གཙུག་ལག་ཀྱང་ཐེག་ 98-165a པ་ཆེན་པོ་ཞེས་བྱ་སྟེ། འདི་ནི་ཆོས་ཅན་ནོ། །དེ་སངས་རྒྱས་ཀྱིས་གསུངས་པའི་གསུང་ཡིན་པས་སངས་རྒྱས་ཀྱི་ཞེས་བྱ་བ་ནི་ཆོས་ཡིན་པར་བསྒྲུབ་པར་བྱའོ། །ཆོས་ཅན་དང་ཆོས་བསྡོམས་པ་ནི་ཕྱོགས་སོ། །མུ་སྟེགས་བྱེད་གཞན་དག་གིས་བདག་ ལ་སོགས་པར་བཏགས་པ་དག་ལས་འདས་པས་བདག་མེད་པ་སྟེ། བདག་མེད་པའི་ངོ་བོ་ནི་བདག་མེད་པ་ཉིད་དོ། །གང་དག་ལ་བདག་མེད་པ་ལ་སོགས་པ་སྟེ། སྟོང་པ་དང་མི་རྟག་པ་ལ་སོགས་པ་ཡོད་པ་དེ་ནི་བདག་མེད་པ་ལ་སོགས་སོ། །དེ་རྣམས་སྟོན་པར་ བྱེད་པ་ནི་བདག་མེད་པ་ལ་སོགས་པ་སྟོན་པའོ། །རྙེད་པར་དཀའ་བའི་དོན་དང་དགའ་བར་བྱེད་པའི་དོན་གྱིས་ན་དཀོན་མཆོག་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ། །དཀོན་མཆོག་རྣམས་ནི་གསུམ་ཡིན་པས་དཀོན་མཆོག་གསུམ་མོ། །དེ་ཆེ་བའི་བདག་ཉིད་ཀྱི་ངོ་བོ་ ཉིད་ནི་ཆེ་བའི་བདག་ཉིད་དེ་དཀོན་མཆོག་གསུམ་གྱི་བདག་ཉིད་ཆེའོ། །དེ་སྟོན་པར་བྱེད་པ་ནི་དཀོན་མཆོག་གསུམ་གྱི་ཆེ་བའི་བདག་ཉིད་སྒྲོགས་པའོ། །གང་དང་གང་བདག་མེད་པ་ལ་སོགས་པ་རྣམས་སྟོན་པ་དང་། དཀོན་མཆོག་གསུམ་གྱི་ཆེ་བའི་བདག་ཉིད་ སྒྲོགས་པ་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དཔེར་ན་སློབ་མའི་ཐེག་པ་བཞིན། །སློབ་མའི་ཐེག་པ་དང་འདྲ་བས་སློབ་མའི་ཐེག་པ་བཞིན་ཏེ། དེས་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །མ་ཡིན་ཏེ། སྡེ་སྣོད་གསུམ་པོ་ཉིད་ཐེག་པ་གསུམ་ཐོབ་ པའི་རྒྱུ་ཡིན་གྱི་ཐེག་པ་ཆེན་པོ་ཡང་བདག་ཅག་ལ་མ་གྲགས་ལ། དེ་སངས་རྒྱས་ཀྱི་གསུང་ཡིན་པར་ཡང་མ་གྲུབ་པས་ཕྱོགས་གཉིས་ཀ་ལ་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་རང་བྱུང་ཕྱིན་ཅི་མ་ལོག་པར་སྐད་ཅིག་ མ་གཅིག་གིས་ཆོས་ཐམས་ཅད་མངོན་པར་རྟོགས་པའི་ཡེ་ཤེས་ཀྱིས་རབ་ཏུ་སྤངས་ཤིང་མི་དམིགས་པ་ལ་གོམས་པར་བྱས་པས་ཤིན་ཏུ་བྲལ་བར་གྱུར་པ་ནི་ཐེག་པ་གཞན་ཉིད་དུ་འདི་སངས་རྒྱས་ཀྱིས་གསུངས་པ་ཡིན་པས་གཉི་ག་ལ་མ་གྲུབ་པ་ཡིན་ནོ། །ཕྱིར་རྒོལ་ཚད་མས་ 98-165b གནོད་པའི་ཕྱིར། །དེ་ཡི་གཏན་ཚིགས་མ་གྲུབ་ཉིད། །གང་དག་གིས་ཕྱོགས་སྔ་མར། ཐེག་ཆེན་སངས་རྒྱས་གསུང་མ་ཡིན། །མདོ་སྡེ་སོགས་སུ་མ་བསྡུག་ཕྱིར། །རིག་བྱེད་མཐའ་པའི་ལྟ་བ་བཞིན། །ཞེས་གང་སྨྲས་པའི་ཚད་མ་དེ་ལ་ཡང་ལན་བཏབ་པའི་ཕྱིར་གང་གིས་འདི་ལ་ གནོད་པར་འགྱུར་བ་སྒྲུབ་ཅིང་བརྗོད་པར་བྱའོ། །གང་གིས་མདོ་སྡེ་ལ་སོགས་པར་མ་བསྡུས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་ནི་མ་གྲུབ་པ་ཉིད་དེ། ཇི་ལྟ་ཞེ་ན། ཐེག་པ་ཆེན་པོར་བསྟན་པའི་བདེན་པ་ལ་སོགས་པ་ནི་འདུ་བ་ལ་སོགས་པའི་ནང་དུ་བསྡུས་པའི་ཕྱིར་ཏེ། གང་འདི་ལྟར་ སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ ལ་སོགས་པ་ཐེག་པ་ཆེན་པོར་བསྟན་པ་དེ་དག་ཉིད་འདུལ་བ་དང་། མདོ་སྡེ་དང་། ཆོས་མངོན་པ་རྣམས་སུ་ཡི་གེ་དེ་དང་། ཚིག་དེ་དག་དང་གསལ་བྱེད་དེ་དག་ཉིད་ཀྱིས་བསྟན་ཏེ། དེ་རྣམས་བསྒོམས་པས་ཉོན་མོངས་པ་སྤོང་བར་ཀུན་ཀྱང་མཚུངས་སོ། །ཁྱད་པར་ནི་ཐེག་པ་ ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་བྱའི་སྒྲིབ་པ་སྤངས་པ་ནི་བཅོམ་ལྡན་འདས་འབའ་ཞིག་ཡིན་ནོ། །འདིས་ནི་འདུལ་བ་ལ་སོགས་པར་བསྟན་པའི་བདེན་པ་ལ་སོགས་པར་ནི་ཐེག་པ་ཆེན་པོ་ཐམས་ཅད་དུ་བསྟན་པ་ཡིན་པས་མདོ་སྡེ་ལ་སོགས་པ་དང་ཐེག་པ་ཆེན་པོ་ཕན་ཚུན་ བསྡུས་པ་ཡིན་ཏེ། དོན་གྱིས་ན་མདོ་སྡེ་ལ་སོགས་པའི་ནང་དུ་ཐེག་པ་ཆེན་པོ་བསྡུས་པ་ཡིན་པས་གཞན་གྱི་གཏན་ཚིགས་མ་གྲུབ་པར་སྟོན་ཏོ། །ཡང་འདིར་འཕགས་པའི་བདེན་པ་ལ་སོགས་པ་ཁ་ཅིག་དང་ཐེག་པ་ཆེན་པོ་ལྡན་དུ་ཟིན་ཀྱང་སྡེ་པ་ཐ་དད་ཀྱི་གཙུག་ལག་མང་ པོས་ཕྱོགས་སྔ་མར་བདག་ཅག་གིས་བཀོད་པ་གང་ཡིན་པ་དེ་དག་དང་འགལ་ལོ་ཞེ་ན། བརྗོད་པར་བྱ་སྟེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་བློ་བསྒོས་པ་ཁྱོད་ཀྱིས་ཐེག་པ་ཆེན་པོའི་གཙུག་ལག་གི་དོན་ངེས་པར་མ་བཟུང་བར་སྨྲ་བར་བྱེད་པ་དེ་ལ་བདག་གིས་ 98-166a བརྗོད་པར་བྱའོ། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཉིད་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་བའི་ཕྱིར་དང་། གང་འཕགས་པའི་བདེན་པའི་མདོ་སྡེ་ལ་ཡང་འཇུག །ཉོན་མོངས་པ་འདུལ་བ་ལ་ཡང་ཡང་དག་པར་མཐོང་། རྟེན་ ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་ཡང་མི་འགལ་བ་ཉིད་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་དེ་ཐམས་ཅད་ཐེག་པ་ཆེན་པོ་ལ་གྲུབ་པའི་ཕྱིར་རོ། །ཡང་ན་སྡེ་པ་བཅོ་བརྒྱད་པོ་རྣམས་ཀུན་གྱི་ཡང་རང་རང་གི་མདོ་སྡེ་ལ་སོགས་པ་ལ་འཇུག་པ་ཡིན་གྱི། ཕན་ཚུན་ནི་ འགལ་བ་ཆེར་ཡོད་པ་ཡིན་ནོ། །ཐེག་པ་ཆེན་པོ་ཡང་གཞན་ལ་ཕན་པའི་དབང་དུ་བྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱིས་ཉན་ཐོས་ཀྱི་མདོ་སྡེ་ལ་སོགས་པའི་སྡེ་སྣོད་ལ་འགའ་ཞིག་མི་འཇུག་ཏུ་ཟིན་ཀྱང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་འཇུག །བྱང་ཆུབ་སེམས་དཔའི་བསླབ་ པའི་གནས་བདུན་བརྒྱ་ལ་ཡང་སྣང་། སྟོང་པ་ཉིད་དུ་བསྟན་པའི་ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཆོས་ཀྱི་ཕྱག་རྒྱ་དང་འགལ་བ་མེད་དོ། །འདིའི་ཕྱིར་ཡང་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་དུ་བཟང་པོ་ དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤིང་ཤ་པའི་ ཚལ་གྱི་མདོ་ལས། ཀུན་དགའ་བོ་ཤིང་ཤ་པའི་ཚལ་འདི་ལ་འདབ་མ་ཇི་སྙེད་པ་ཡོད་པ་བས་ལྷག་པར་མང་བའི་ཆོས་ངས་རྟོགས་པར་གྱུར་ན་ཡང་ཁྱེད་ལ་ནི་ངས་མ་བསྟན་ཏེ། དེ་སྙེད་ཉིད་ཀྱིས་དོན་བྱ་བ་བྱས་པའི་ཕྱིར་དེ་དག་ཉིད་ཀྱིས་ནི་ཁྱེད་སྐྱོ་བར་ཡང་མི་འགྱུར། འདོད་ ཆགས་དང་བྲལ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ། བླ་མ་ཀུན་དགའ་པ་ཏ་ལི། །སྡུག་བསྔལ་ཕུང་པོ་ས་པ་དང་། །འཆར་བྱེད་སྟོང་པ་འཆར་བ་དང་། །གང་པོ་སྤངས་པ་རམ་པ་དང་། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང་། །ཞེས་བྱ་གཞན་ཡང་འགྲོ་བའི་ 98-166b མདོ། །རྩ་བའི་སྡུད་པར་མ་ཚང་བས། །རྒྱས་པ་མིན་པར་རྟོགས་པར་བྱ། །འདི་ལྟར་བླ་མའི་མདོ་སྡེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་བླ་མ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཇི་སྙེད་ཅིག་འཛམ་བུའི་གླིང་ན་རབ་ཏུ་གནས་པ་ཐམས་ཅད་ཀྱི་སེམས་ལ་བལྟས་ན་ ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བྱེད་པ་ནི་བཙུན་པ་བླ་མ་ཁྱོད་མ་གཏོགས་པ་དགེ་སློང་གཅིག་ཀྱང་མེད་ཀྱི། བཙུན་པ་བླ་མ་ཁྱོད་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཡིན་གྱི། ཁྱོད་ཀྱིས་ཟུང་ཤིག་ཅེས་བྱ་བ་སྟེ། འདིའི་རྗེས་སུ་དཔག་ ནས་གཞན་དག་ཀྱང་དེའི་དུས་ན་མེད་པར་ཤེས་པར་བྱའོ། །གང་ཡང་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་དང་། འཕགས་པ་ཀུན་དགའ་བོ་ཡང་ཡོད་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་རབ་ཏུ་ཤེས་པ་དང་ཤེས་པར་གྱུར་པ་མེད་ན་ད་ལྟར་ལྟ་ག་ལ་ཡོད། གཞན་ ཡང་ཀུན་དགའ་བོའི་མདོ་ལས། བཅོམ་ལྡན་འདས་བགྲེས་པར་གྱུར་པའི་གནས་སྐབས་ན། འཕགས་པ་ཀུན་དགའ་བོ་ལ་བསྙེན་བཀུར་བར་བཀའ་སྩལ་ཏེ། ངས་བསྟན་པའི་ཆོས་རྣམས་ཀྱང་འཛིན་པར་ནུས་སོ་ཞེས་བྱ་བ་ནས་དེས་གསོལ་པ། བདག་ལོ་ཉི་ཤུ་ལྷག་ ཙམ་ཞིག་བཅོམ་ལྡན་འདས་ཀྱི་ཐད་དུ་གནས་པར་བགྱི་ལགས་སོ་ཞེས་བྱ་བ་དང་། དེ་ཉིད་ལས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཞིག །བཅོམ་ལྡན་འདས་ཀྱི་ཐད་ནས་བདག་གིས་བཟུང་བས་སོ། །གཉིས་ནི་དགེ་སློང་དག་ལས་སོ་ཞེས་བྱ་བ་སྟེ། འདིས་ནི་འདི་ལྟར་ རྟོགས་པར་བྱ་སྟེ། གང་བཅོམ་ལྡན་འདས་ཀྱིས་སྔར་བསྟན་པ་དེ་དག་དེས་མ་བཟུང་བ་ཉིད་ཡིན་ལ། དེ་ཉིད་དེ་ལ་ཡང་བསྟན་ཏོ་ཞེས་བྱ་བ་ཡང་མི་རིགས་ཏེ། གང་དགེ་སློང་དག་ལ་བཟུང་བས་སོ། །ལོ་བཞི་བཅུའི་བར་གྱི་དུས་དེ་སྲིད་ཅིག་ཆོས་ཉུང་ཟད་ཅིག་བསྟ་པར་ཡང་ མི་རིགས་སོ། །གལ་ཏེ་འཕགས་པ་ཀུན་དགའ་བོས་ཐམས་ཅད་རྟོགས་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་བླ་མའི་མདོ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བྱེད་པའི་དགེ་སློང་ནི་གཅིག་ཀྱང་མེད་དོ་ཞེས་སྨྲ་བར་མི་འགྱུར་རོ། །དེ་ལྟ་བས་ན་ 98-167a ཀུན་དགའ་བོས་ཐམས་ཅད་བཟུང་བ་མ་ཡིན་ནོ། །དེའི་ཕྱིར་དེས་བསྟན་ཅིང་ཡང་དག་པར་བསྡུས་པས་ཡང་དག་པར་བསྡུས་པ་དེར་ནི་སངས་རྒྱས་ཀྱི་བཀའ་རྒྱས་པར་མཐོང་བ་མ་ཡིན་ནོ། །པ་ཏ་ལིའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པ་ཏ་ལི་གང་གི་ཚེ་འཁོར་ཉུང་ཟད་དང་ལྷགས་པར་གྱུར་པ་དེའི་ཚེ། གང་ནས་དགེ་སློང་གི་དགེ་འདུན་ལ་རྟ་ཅང་ཤེས་བཟང་པོའི་རྟེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མདོ་དེ་ཡང་མ་མཐོང་ངོ་། །གཞན་ཡང་སྡུག་བསྔལ་གྱི་ཕུང་པོ་ ལས། བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལས་བརྩམས་ནས། ང་དུས་གཅིག་གི་ཚེ་ན་རྒྱལ་པོའི་ཁབ་ན་གནས་པ་ལས། རིའི་ལམ་ནས་ང་རི་ངོས་བཟངས་ལ་གཤེགས་པ་ན། དེར་ངས་གཅེར་བུ་པ་མགོ་ཐུར་དུ་བསྟན་པ་ངས་མཐོང་སྟེ། དེ་ལ་ངས་འདི་སྐད་ཅེས་སྨྲས་ སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་མདོ་སྡེ་དེ་ལྟ་བུ་ཡང་མ་མཐོང་ངོ་། །ས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གཅིག་ན་ང་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་རི་ལ་འགྲོ་བའི་ལམ་དུ་གཞན་མུ་སྟེགས་བྱེད་ཀུན་དུ་རྒྱུ་མང་པོ་ཞིག་ངའི་ཐད་དུ་ལྷགས་ སོ། །ལྷགས་ནས་ང་ལ་དོན་འདི་དག་འདྲི་བར་སེམས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་མདོ་སྡེ་དེ་ཡང་མ་མཐོང་ངོ་། །ཡང་འཆར་བྱེད་ཀྱི་མདོ་ལས། རྣམ་གྲངས་ཀྱང་ཡོད་དེ། གང་ངས་ཚོར་བ་བཞི་བསྟན་པའོ་ཞེས་བྱ་བའི་མདོ་དེ་ཡང་མ་མཐོང་ངོ་། །སྟོང་པ་ཉིད་ ཀྱི་མདོ་ལས་ཀྱང་། འཕགས་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ཚོང་དུས་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ཀུན་ཤེས་ཏེ་ཞེས་བྱ་བ་ནས། ཀུན་དགའ་བོ་ང་ནི་སྟོང་པ་ཉིད་ལ་མང་དུ་གནས་སོ་ཞེས་བྱ་ བ་ལ་སོགས་པ་འབྱུང་སྟེ། མདོ་དེ་ཡང་མ་མཐོང་ངོ་། །འཆར་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ངས་དྲན་ཏེ་དུས་གཅིག་ཏུ་ཐམས་ཅད་ཤེས་པ་དང་ཐམས་ཅད་མཐོང་བའི་དགེ་སྦྱོང་ངམ་བྲམ་ཟེ་འགའ་ཡང་མ་བྱུང་འབྱུང་བར་མི་འགྱུར་ 98-167b ད་ལྟར་མི་འབྱུང་སྟེ། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་སྟེ། མདོ་དེ་ཡང་མ་མཐོང་ངོ་། །གང་པོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཞེས་བྱ་བ་དགེ་སློང་གནས་བརྟན་བྱམས་མ་ཞེས་བྱ་བའི་བུ་སྔོན་གསར་བུར་གྱུར་པ་ན་འདི་ལྟ་བུར་ཟབ་པ་ཟབ་པའི་ ངོ་བོའི་ཆོས་ཀྱི་གཏམ་བརྗོད་པ་དང་ལྡན་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་བའི་མདོ་སྡེ་དེ་ཡང་མ་མཐོང་ངོ་། །སྦས་པའི་མདོ་ལས། ལོ་བྱེད་ཀྱིས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་ནི་ཏ་ཀ་ན་བཞུགས་པའི་དུས་གཅིག་ན་གུ་འཛི་ཀའི་བསྟི་གནས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ན་དེར་ཇི་སྐད་དུ། བཅོམ་ལྡན་ འདས་གཽ་ཏ་མས་ཐམས་ཅད་ལ་བསམ་གཏན་བསྔགས་པར་མཛད་དོ་ཞེས་བྱ་བ་ལ་སོགས་པའི་མདོ་དེ་ཡང་མ་མཐོང་ངོ་། །རམ་པ་ཀའི་མདོ་ལས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་ལས་བརྩམས་ཏེ་བཀའ་སྩལ་པ། ང་སྔོན་རབ་ཏུ་མ་བྱུང་ཞིང་ཁྱིམ་པར་གྱུར་པ་ན་འདི་ལྟར་ བསམས་ཤིང་བསླབས་ཏེ། ཁྱིམ་ན་གནས་པ་ནི་གནོད་པ་དང་བཅས་པར་གྱུར་པའོ་ཞེས་རྒྱས་པར་འབྱུང་བའི་མདོ་དེ་ཡང་མ་མཐོང་ངོ་། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་མ་འགགས་པ་ལ་སྨྲས་པ། ངས་བཅོམ་ ལྡན་འདས་ཀྱི་ཐད་ནས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཤིང་གཡོ་བ་མེད་པའི་ཞི་བ་རྟོགས་ནས་མིག་དང་ལྡན་པ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་འབྱུང་བའི་མདོ་དེ་ཡང་མ་ མཐོང་ངོ་། །འཕགས་པ་ཡུལ་འཁོར་སྐྱོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཁྱེན་ཅིང་གཟིགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐྱོ་བར་འགྱུར་བའི་ལམ་བཞི་པོ་འདི་གསུངས་ཏེ། ཇི་སྲིད་དམའ་བར་གྱུར་པ་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་ངོམས་པ་མེད་པ་སྲེད་པའི་ཁོལ་པོའོ་ཞེས་བྱ་བའི་བར་དུ་སྟེ་མདོ་དེ་ཡང་མ་མཐོང་ངོ་། །འགྲོ་བའི་མདོ་ལས་ཀྱང་། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་སུམ་དུ་ཐོས་ 98-168a ཤིང་མངོན་སུམ་དུ་བཟུང་སྟེ། ཀུན་དགའ་ར་བ་བྱས་ནས་སྔོ་བར་བྱེད་པའི་སེམས་ཅན་ཡང་ཡོད་དེ། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་ཕན་ཡོན་སྟོན་ཅིང་སྦྱིན་རབས་བརྗོད་པའི་ རྒྱུས་སྐྱེ་བ་ཡང་ཡོད་དོ་ཞེས་བྱ་བའི་བར་དུ་འབྱུང་བའི་མདོ་དེ་ཡང་མ་མཐོང་ངོ་། །དེ་བཞིན་དུ་མདོ་གཞན་དག་ཀྱང་ཤེས་པར་བྱ་སྟེ། མི་སྨྲ་བའི་དངོས་པོའི་མདོ་ལས། མཽད་གལ་གྱི་བུ་ལ་སངས་རྒྱས་ཀྱི་གསུང་གིས་སྔར་བཀའ་སྩལ་པ་བཞིན་དུ་མཽད་གལ་གྱི་བུ་ཁྱོད་ཀྱིས་འཕགས་པའི་མི་སྨྲ་བ་སྒོམས་ ཤིག །བག་མེད་པར་མ་བྱེད་ཅིག་ཅེས་བྱ་བ་དང་། གནས་པར་བྱ་བའི་མདོ་ལས། འཕགས་པའི་གནས་པ་འདི་ལ་བག་མེད་པར་མ་བྱེད་ཅིག །ཅེས་བྱ་བ་འབྱུང་བའི་མདོ་དེ་དག་ཀྱང་མ་མཐོང་ངོ་། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མདོ་ད་ལྟར་ཡོད་པའི་མདོ་མང་པོ་ རྣམས་ཀྱང་མདོ་ཐ་དད་ཀྱི་ནང་ནས་ཚིག་སོ་སོར་འབྱུང་ངོ་། །དེ་ལྟ་བས་ན་དེ་དག་དང་གཞན་ཡང་མདོ་མང་པོ་དག་ཉན་ཐོས་ཀྱི་ཐེག་པ་ལ་ད་ལྟར་སངས་རྒྱས་ཀྱིས་གསུངས་པ་རྒྱས་པར་མི་སྣང་བ་ཡིན་པས་ཤེས་པར་བྱེད་པས་ཤེས་པར་བྱའོ། །གང་ཡང་རྩ་བའི་སྡུད་པར་བྱེད་པ་པོ་འོད་ སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པས་བྱས་པ་དེ་ནི་འདི་ལྟར་ཉམས་ཏེ། སྡེ་པ་ཐ་དད་ཀྱི་ལུང་ལས་ཚིག་གི་མདོ་རྣམས་རྣམ་པར་གཞག་པ་ཐ་དད་པའི་ཕྱིར་རོ། །ལུང་གི་ཚིག་དེ་དག་གི་ཁྱད་པར་བསྡུས་པའི་མདོ་དེ་དག་གི་ཚིག་གི་དོན་བསྡུས་པ་རྣམས་ཀྱང་། ཡང་ཐ་དད་དུ་འདོན་ པའི་ཕྱིར་དང་། མདོ་གཞན་ཡང་མ་གཏོགས་ཤིང་མི་འགལ་བ་མངལ་དུ་འཇུག་པ་དང་། དགའ་བ་ཅན་དང་། ཚེའི་མཐར་ཐུག་པ་ཞེས་བྱ་བའི་མིང་ཅན་རྣམས་ཉེ་བར་མཐོང་སྟེ། དེ་ལྟར་ན་སྡུད་པར་བྱེད་པ་ཡང་འཆོལ་བར་གྱུར་པས་དེ་ལྟ་བུ་དག་ལ་སངས་རྒྱས་ཀྱི་བཀའ་རྒྱས་པར་བཞུགས་ པར་ཇི་ལྟར་ཡིད་ཆེས་པར་ནུས། གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཐོས་པ་གཅིག་ལས་འཕྲོས་པ་ཡང་བརྒྱའི་བར་དུ་ཡང་ཡོད་དོ་ཞེས་ཐོས་སོ། །གཞན་ཡང་ཐེག་པ་ཆེན་པོ་ལ་ཡང་། གསུང་རབ་གཞན་ཉིད་ཡིན་ན་ཐ་དད་ཀྱི་སྡུད་པར་བྱེད་པས་ག་ལ་སྡུད་པར་འགྱུར་ཏེ། ཕན་ཚུན་ 98-168b འགལ་བས་ན་སྡུད་པར་བྱེད་པ་ཐ་དད་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ལྟར་དོན་དམ་པར་སྟོང་པ་ཉིད་ལ་སོགས་པ་བདག་མེད་པ་དང་ལྡན་པའི་མདོ་ནི་འཕགས་པ་མང་པོས་བཀུར་བ་རྣམས་ཁས་མི་ལེན་ཏེ། བར་མ་དོའི་སྲིད་པ་སྲིད་པ་བདུན་པ་དང་ལྡན་པ་ལ་སོགས་པ་ནི་ས་སྟོན་ སྡེ་པ་ལ་སོགས་པ་ཁས་མི་ལེན་ཏོ། །དེ་བཞིན་དུ་འདུལ་བ་ལས་ཀྱང་། གནས་མ་བུ་རྣམས་ཀྱི་ལས་ནི་དུས་མ་ཡིན་པར་བུ་རམ་བཟའ་བ་ལ་སོགས་པ་བཀག་གོ། །ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་ལས་ནི་བཟའ་ཤིང་ལོངས་སྤྱོད་པར་སྣང་ངོ་། །དེ་དག་གི་མདོ་ལས་ནི་བདག་ ཡོད་པ་ཉིད་དུ་རྗེས་སུ་བསྔགས་སོ། །ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱིས་ནི་སྤོང་ངོ་། །དེ་བཞིན་དུ་ཁ་ཅིག་ནི་བདག་མེད་པར་སྨྲ་བའོ། །ཁ་ཅིག་ནི་གང་ཟག་ཏུ་སྨྲ་བའོ། །ཁ་ཅིག་ནི་འདུས་བྱས་ཐམས་ཅད་སྐད་ཅིག་མར་འདོད་དོ། །ལ་ལ་ནི་སྐད་ཅིག་མ་གཉིས་སུ་ འདོད་དོ། །ལ་ལ་ནི་ས་འདི་བསྐལ་པའི་མཐར་གནས་པར་འདོད་དོ། །ལ་ལ་ནི་མྱ་ངན་ལས་འདས་པ་རྫས་སུ་ཡོད་པར་འདོད་དོ། །ཁ་ཅིག་ནི་མིང་ཙམ་དུའོ། །ཁ་ཅིག་ནི་སྲིད་པ་བར་མ་འདོད་དོ། །གཞན་དག་ནི་མི་འདོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་མངོན་པར་རྟོགས་པ་ སྐད་ཅིག་མ་གཅིག་ཏུ་འདོད་དོ། །གཞན་དག་ནི་སྐད་ཅིག་མ་བཅུ་དྲུག་ཉིད་དུ་འདོད་དེ། དེ་ལྟར་ན་སྔ་མ་བཞིན་དུ་འགལ་བར་གྱུར་པས་སྡེ་པ་ཐ་དད་ཀྱི་གསུང་རབ་རྣམས་སྣ་ཚོགས་སུ་གྱུར་པས་ན་གཙུག་ལག་ཉིད་ཀྱང་རེ་ཞིག་བསྒྲུབ་པར་དཀའ་བས་སྡུད་པར་བྱེད་པ་ཐ་དད་ཀྱིས་ བསྡུས་པས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་ནོ། །གཞན་ཡང་གང་དག་དེ་བཞིན་གཤེགས་པ་ནི་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་ཡིན་གྱི་དེ་ལས་གཞན་དུ་མ་ཡིན་པས་མངོན་པར་རྟོགས་པ་རྟག་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་རྟག་པ་ཞེས་བསྟན་གྱི་མི་འགྱུར་ བ་ནི་མ་ཡིན་ནོ། །ཁྱད་པར་དུ་ཤེས་པར་འདོད་ན་ལང་ཀར་གཤེགས་པའི་མདོ་ལས་བལྟ་བར་བྱའོ། །རྒྱུན་གྱི་རྗེས་སུ་འཇུག་པ་སྐད་ཅིག་གིས་འཇིག་པའི་ངོ་བོ་ལ་ཡང་རྟག་པ་ཞེས་བྱ་བའི་སྒྲ་ཡོད་དེ། ཇི་ལྟར་ཆུ་ཀླུང་ནི་རྟག་ཏུ་འབབ་པོ། །མེ་ནི་རྟག་ཏུ་འབར་རོ་ཞེས་བྱ་བ་སྟེ། དེ་ལྟར་ 98-169a ན་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་དང་མི་འགལ་ལོ། །དེ་བཞིན་གཤེགས་པ་ནི་ཁྱབ་པའོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཤེས་བྱ་མ་ལུས་པ་ལ་ཁྱབ་པས་ཡིན་གྱི། ཁྱབ་འཇུག་དང་འདྲ་བར་ཐམས་ཅད་དུ་གནས་པ་ཉིད་ནི་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་སྙིང་པོ་ཅན་ཞེས་བྱ་བ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཡིན་གྱི། ནང་གི་བྱེད་པའི་སྐྱེས་བུ་རྟག་པ་ཐམས་ཅད་དུ་ཁྱབ་པ་ལྟ་བུ་ནི་མ་ཡིན་ཏེ། ཇི་སྐད་དུ། ཆོས་ཐམས་ ཅད་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ། གང་སྟོང་པ་ཉིད་དང་། མཚན་མ་དང་། སྨོན་པ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །ལེན་པའི་རྣམ་པར་ཤེས་པ་ཡང་འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུར་གྱུར་ པ། ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་འབབ་པས་འཇུག་ཏུ་ཟིན་ཀྱང་། སྐད་ཅིག་མ་ཉིད་ཀྱི་རྒྱུན་གྱིས་འཇུག་པ་ཡིན་གྱི། བདག་དང་འདྲ་བར་ནི་མ་ཡིན་པའི་ཕྱིར་བདག་མེད་པའི་ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་ལོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་བྱ་བ་དང་། ཉོན་ མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་སུ་ཟིན་ཀྱང་གདུལ་བའི་སྐྱེ་བོ་ལ་ལྟོས་ནས་ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་བས་ཁ་ཅིག་ཏུ་ནི་འབར་བ་མཛད་པ། ཡང་གང་དག་ཏུ་གདུལ་བའི་སྐྱེ་བོའི་ཞིང་མེད་པར་གྱུར་པ་དེ་དག་ཏུ་ནི་མྱ་ངན་ལས་འདས་པར་ཡང་སྟོན་ཏེ། འགྲོ་ བ་གཞན་དག་ཏུ་ཤིང་མེད་པའི་མེ་བཞིན་ནོ། །ཡང་གཞན་དག་ཏུ་ཇི་ལྟར་བཞེད་པས་སངས་རྒྱས་ཀྱི་མཛད་པ་དང་། མྱ་ངན་ལས་འདས་པ་ཡང་སྟོན་པ་ཡིན་གྱི། གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་མ་ལུས་པ་མཐར་ཐུག་པར་ བསྒྲུབ་པར་བྱའོ་ཞེས་སྨོན་ལམ་བཏབ་པ་ཡོད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདའ་བ་བསྟན་པས་འདུལ་བ་རྣམས་སྐྱོ་བ་སྐྱེད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་མྱ་ངན་ལས་འདས་པ་ཡང་ཡོད་པའི་ཕྱིར་རམ། འཁོར་བ་དང་ཞི་བ་ལ་མི་གནས་པའི་མྱ་ 98-169b ངན་ལས་འདས་པ་ཡང་ཡོད་པའི་ཕྱིར་ཏེ། དངོས་པོས་མྱ་ངན་ང་མི་འདའ། །མཛད་པ་ཉིད་དང་མཚན་གྱིས་མིན། །ཤེས་དང་ཤེས་བྱའི་རྣམ་རྟོག་ལས། །འདས་པས་ང་ནི་མྱ་ངན་འདའ། །ཞེས་བྱ་བས་རྣམ་པར་རྟོག་པ་སྤངས་པའི་མྱ་ངན་ལས་འདས་པ་ཁས་བླངས་པའི་ཕྱིར་མྱ་ངན་ལས་ འདས་པ་ཞི་བ་དང་འགལ་བ་ཡང་མ་ཡིན་ནོ། །ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་ཡང་སངས་རྒྱས་ཀྱི་བཀའ་མ་ཡིན་པ་མ་ཡིན་ཏེ། ཉན་ཐོས་གང་དག་གི་རིགས་ལ་དགོངས་ནས་ལུང་བསྟན་པ་ཡིན་ཏེ། སེམས་ཅན་གྱི་རིགས་གང་དབང་པོ་རྣོ་བ་གང་ཡིན་པ་དེ་ལྟ་བུས་གཞན་གྱི་དོན་རབ་ཏུ་ སྒྲུབ་པའི་ཐབས་ལ་མཁས་པ་བླ་ན་མེད་པའི་འབྲས་བུ་ཁྱད་པར་ཅན་ཐོབ་པར་འདོད་པས་འབྲས་བུའི་མཆོག་འདོད་པ་ཉིད་ཀྱིས་མཆོག་ཉིད་དུ་གྱུར་པ་ཡང་ཡོད་དེ། བྱང་ཆུབ་སེམས་དཔའ་བཞིན་ནོ། །སེམས་ཅན་གྱི་རིགས་གང་དབང་པོ་རྟུལ་བ་བདག་གི་དོན་སྒྲུབ་པར་བྱེད་པས་གང་ཟག་ ལ་བདག་མེད་པ་ཙམ་གོམས་པར་བྱས་པས་འབྲས་བུ་དམན་པ་ཉིད་ཀྱིས་དམན་པའི་ཁྱད་པར་ཉིད་ཐོབ་པར་གྱུར་པ་ཡང་ཡོད་དེ། ཉན་ཐོས་དང་། རང་སངས་རྒྱས་བཞིན་ནོ། །སེམས་ཅན་གྱི་རིགས་གང་དག་ཁྱད་པར་ཅན་ལ་འདོད་པ་བསྐྱེད་པ་ན་ཡང་འབྲས་བུ་དམན་པ་ཐོབ་པ་ཡང་ཡོད་ དེ། ཇི་ལྟར་རང་སངས་རྒྱས་བསེ་རུ་ལྟར་སྤྱོད་པ་དག་གིས་བྱང་ཆུབ་ཀྱི་ཚོགས་བསྐལ་པ་བརྒྱའི་བར་དུ་བསགས་ནས་རྐྱེན་འགའ་ཞིག་གིས་བྱང་ཆུབ་ཆེན་པོ་ལས་ཕྱིར་ལོག་པར་འགྱུར་བ་ལྟ་བུའོ། །སེམས་ཅན་གྱི་རིགས་གང་དག་དབང་པོ་རྣོན་པོ་དང་ལྡན་དུ་ཟིན་ན་ཡང་དམན་པའི་ཁྱད་ པར་འདོད་ཅིང་ཐབས་ལ་མི་མཁས་པར་གྱུར་པས་དང་པོར་ཉོན་མོངས་པ་སྤོང་བར་བྱེད་པ་ལ་གང་གི་ཚེ་བྱང་ཆུབ་ཆེན་པོའི་བསྐལ་པ་ཡོད་པར་མཐོང་བ་ན་དེ་བཞིན་གཤེགས་པས་ལུང་ནོད་པར་མཛད་དེ། དེ་དེའི་རྗེས་ལ་ལས་དང་ཉོན་མོངས་པ་སྤངས་ན་ཡང་ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་ བ་བྱང་ཆུབ་ཆེན་པོའི་ཚོགས་ཁྱད་པར་ཅན་ཉིད་བསགས་ནས་ཁྱད་པར་ཅན་གྱི་རྟོགས་པ་ཐོབ་པར་འགྱུར་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་བཞིན་ཏེ། དེ་དག་ནི་ཆོས་བཅུ་པའི་མདོ་ལས་བསྟན་ཏོ། །ཡང་ན་སྔར་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱས་ནས་ཕྱིས་ཤེས་བྱའི་ 98-170a སྒྲིབ་པ་སྤོང་བས་ཡོངས་སུ་སྦྱང་བ་བྱས་ནས། ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ། །གང་ཡང་ས་བོན་མེས་ཚིག་པ་ལ་མྱུ་གུ་འབྱུང་བར་མི་འགྱུར་བ་བཞིན་ནོ་ཞེས་ཟེར་བ་ཡང་མི་རིགས་ཏེ། བདག་ཅག་ཀྱང་ཡང་དེ་ཉོན་མོངས་པའི་སྐྱེ་བའི་མྱུ་གུས་ཡང་ འབྱུང་བར་མི་འདོད་དོ། །དེ་ལྟ་ན་ཡང་ཉོན་མོངས་པ་མེད་པའི་ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྐུལ་བ་ན་རབ་ཏུ་སྦྱོར་བར་བྱེད་དེ། དེས་དང་པོར་ནི་ལྷག་པའི་བསམ་པ་དག་པའི་ས་ནས་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉོན་མོངས་པ་ ཅན་ལྟར་སྤྱོད་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་བལྟ་བར་བྱའོ། །གང་འདི་སྐད་དུ་ས་བདུན་པ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། ཉོན་མོངས་པ་མེད་པ་ཡང་མ་ཡིན་ཞེས་ཟེར་བ་ནི་ཉོན་མོངས་པའི་ཀུན་དུ་རྒྱུ་བ་མེད་པས་ཉོན་ མོངས་པ་དང་བཅས་པ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་འདོད་པའི་བསམ་པ་རྫོགས་པར་མ་གྱུར་པས་ཉོན་མོངས་པ་མེད་པ་ཡང་མ་ཡིན་ཞེས་བརྗོད་པར་བྱའོ། །བསྐལ་པ་གྲངས་མེད་པ་གཉིས་པས་ཡོངས་སུ་རྫོགས་པའི་ས་བརྒྱད་པ་ལ་ནི་སྦྱོར་བ་ལས་བྱུང་ བའི་སྤྱོད་པ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཉོན་མོངས་པ་དང་བཅས་པའི་སྤྱོད་པ་ཡོངས་སུ་རྫོགས་མ་ཐག་ཉིད་དུ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་དབེན་པ་ལ་གནས་པ་ཐོབ་པར་འགྱུར་རོ། །དེ་ནི་འགོག་ པ་ལ་སྙོམས་པར་ཞུགས་པའི་དགྲ་བཅོམ་པ་བཞིན་དུ་གང་གི་ཚེ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ལ་གནས་པ་དེའི་ཚེ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསླང་བར་མ་མཛད་ན་དེ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །སྐྱེ་བ་མེད་པའི་ ཆོས་ལ་བཟོད་པ་དེའི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་དགྲ་བཅོམ་པ་དང་འདྲ་བས་བསིལ་བར་གྱུར་ཅིང་། འཁོར་བར་འཇུག་པ་དང་བྲལ་བ་ཚེ་ལ་དབང་བ་སོགས་པ་དབང་བཅུ་རབ་ཏུ་ཐོབ་པ་དེ་ལ་དབང་བར་གྱུར་ཅིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་གོམས་པས་བདུད་བཞི་ལས་ 98-170b རྣམ་པར་རྒྱལ་ཞིང་སེམས་ཅན་གྱི་དོན་ལ་རོ་གཅིག་པར་གྱུར་པ་སྒྲིབ་པ་མེད་པའི་བྱམས་པ་ལ་གནས་པ་ཡིད་བཞིན་གྱི་ནོར་བུ་དང་། སྨན་གྱི་སྡོང་བུ་དང་། དཔག་བསམ་གྱི་ཤིང་ལྗོན་པ་དང་འདྲ་བའི་ལུས་ཀྱིས་གང་དང་གང་སེམས་ཅན་ལ་མངོན་པར་བསྒྲུབ་པ་དེ་དང་དེ་སེམས་ཅན་གྱི་རྒྱུད་ལ་ བསམས་པ་བཞིན་དུ་འབྲས་བུ་རྩོལ་བར་འགྱུར་ཏེ་མིག་དུག་ཅན་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། དོན་འདི་ཉིད་བསྟན་ཏེ། ལྷའི་བུ་གཞན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ། དབང་པོ་རྣོན་པོ་ལ་སོགས་པ་དེ་དག་ནི་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནུས་པ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་འཁོར་བར་འཇུག་ པའི་མཚམས་བཅད་པའི་ཕྱིར་རོ། །གང་ཡང་བསེ་རུ་དང་དམན་པའི་རིགས་ཀྱི་འབྲས་བུ་ཅན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན། དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །གང་ཡང་ཁྱད་པར་ཅན་གྱི་རིགས་དག་ཐབས་ལ་མི་མཁས་ པ་ཉིད་ཀྱིས་ཉོན་མོངས་པ་སྤངས་པར་གྱུར་ན་ཡང་དམན་པ་ལས་ཁྱད་པར་ཅན་གྱིས་རྟོགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པའི་ཆོས་ལས་ཁྱད་པར་དུ་འཕགས་ཤིང་འཇིག་རྟེན་ལས་ཤིན་ཏུ་འདས་ཤིང་ཁྱད་པར་དུ་འཕགས་པའི་མཆོག །རྣམ་པ་ཐམས་ ཅད་མཁྱེན་པའི་ཆོས་ལ་དམིགས་པར་བྱེད་པས་སོ། །དེ་ལྟར་ན་ཉན་ཐོས་ལ་སོགས་པ་ལུང་བསྟན་པ་མི་རིགས་པ་མ་ཡིན་ནོ། །ཡང་ན། གཟུགས་ནི་གང་དང་གང་རྣམས་ཀྱིས། །ལུས་ཅན་རྣམས་ནི་འདུལ་གྱུར་པ། །སྙིང་རྗེའི་དབང་གིས་དེ་དང་དེར། །དེ་བཞིན་གཤེགས་ པ་སྟོན་པར་མཛད། །གང་གི་ཕྱིར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཁོ་ན་ཉོན་མོངས་པ་དང་བྲལ་བ་དགྲ་བཅོམ་པ་དང་འདྲ་ན་ཡང་ཐབས་ཀྱིས་འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་གྲོས་སུ་མཛད་དེ། རྒྱ་ཆེ་ཞིང་རྣམ་པ་མང་བའི་ཉོན་མོངས་པ་ 98-171a ཅན་ལྟ་བུའི་སྤྱོད་པ་ཡང་སྟོན་པར་མཛད་དེ། སེམས་ཅན་རྣམས་སྐྱོ་བ་སྐྱེད་པའི་ཕྱིར་གླིང་བཞི་པ་དག་ཀྱང་ཡོངས་སུ་གཏོང་སྟེ། ཇི་སྐད་དུ་འབར་རུ་ཙེས་སངས་རྒྱས་ཀྱི་མཛད་པ་ལས། བདག་ཉིད་གཅིག་ལས་མང་པོ་ཉིད། །མཆོག་ཏུ་ལེགས་པར་མཛད་པས་ སྤྲུལ། །ཐ་དད་མ་གྱུར་བདེན་དངོས་ལས། །བདག་དང་ལྷན་ཅིག་དགའོ་ཞེས། །མྱོས་པ་རྣམས་དང་ལྷན་ཅིག་དེ། །རྒྱགས་ཤིང་མྱོས་པས་མྱོས་མ་དང་། །འདོད་པའི་རྒྱགས་པ་ལས་རྒལ་ཀྱང་། །འདོད་པས་མྱོས་མ་རྣམས་དང་རྩེ། །རྣལ་འབྱོར་ཡེ་ཤེས་མེ་ཡིས་ནི། །འདོད་པའི་ འདོད་ཆགས་བསྲེགས་གྱུར་ཀྱང་། །དེ་ཡིས་སེམས་ལ་འདོད་པ་ནི། །འབྱུང་བ་ལྟ་བུ་ཉིད་དུ་སྟོན། །དེ་ལྟར་དེ་ནི་སྤྱོད་པ་དང་བཅས་རྨི་ལམ་སྒྱུ་མ་ལྟར། །མྱོས་པའི་དབང་གྱུར་དེ་དག་འདུན་ཕྱིར་རྩེབ་ཉིད་དུ་བྱེད། །མི་གཡོ་བརྟན་པའི་སེམས་ཅན་སེམས་ཅན་ཀུན་གྱི་སེམས་ཅན་གཅིག ། ལེགས་པར་སྤྱད་པས་གཉིད་སྤངས་གཉིད་ཅེས་བྱ་བའི་གཉིད་ཀྱིས་ལོག །ཅེས་འབྱུང་བས། དེ་ལྟ་བས་ན་འདོད་ཆགས་དང་བྲལ་བར་གྱུར་ན་ཡང་སྙིང་རྗེའི་དབང་གིས་ཉོན་མོངས་པའི་སྤྱོད་པ་སྤྲུལ་པའི་གར་སྟབས་སྟོན་པར་མཛད་དོ། །གང་དག་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ལ་གནས་པ་ནི་ འདོད་པ་ལ་དགའ་བ་བསྟན་པར་གྱུར་ནས་སྲས་ཀྱང་བལྟམས་པར་གྱུར་ཏོ་ཞེས་ཟེར་བ་དེ་དག་གི་ལྟར་ན་ནི་སངས་རྒྱས་ཉིད་ཀྱང་མེད་དེ། ཚུལ་ཁྲིམས་འཆལ་བར་གྱུར་པས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་གྱུར་ན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པས་ཕ་ རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་མེད་དེ། གང་གི་ཕྱིར་ཚུལ་ཁྲིམས་འཆལ་པ་ལ་ནི་སྦྱིན་པ་མེད་དོ། །བཟོད་པ་ཡང་མེད་དོ། །བརྩོན་འགྲུས་ཀྱང་མེད་དོ། །བསམ་གཏན་ཡང་མེད་དོ། །ཤེས་རབ་ཀྱང་མེད་དོ་ཞེས་གསུངས་པ་སྟེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་མེད་པས་སངས་ རྒྱས་ཀྱང་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་མི་རིགས་པ་མང་དུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་ཅིང་མཐུ་ཕུན་སུམ་ཚོགས་པར་གྱུར་པ་གང་གིས་ཡུམ་གྱི་ལྷུམས་སུ་འཇུག་ཅིང་འབྱུང་བ་དེ་དག་གི་ཚེ་འཇིག་རྟེན་ཐམས་ཅད་དུ་སྣང་བ་རྒྱ་ཆེན་པོས་གསལ་ 98-171b བར་གྱུར་ན་ཡང་ཐོས་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་དབང་ཐོབ་པ་མ་ཡིན་ཞིང་ཉོན་མོངས་པའི་ཀུན་དུ་རྒྱུ་ཐམས་ཅད་མ་སྤངས་པ་ཡང་མི་རིགས་སོ། །དེ་ལྟར་གྱུར་ན་ཡང་ཉོན་མོངས་པའི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བ་བཞེས་ཤིང་ལྷུམས་སུ་འཇུག་པ་ དང་། དེ་ན་གནས་པ་ཡང་རིགས་པ་མ་ཡིན་ནོ། །བལྟམས་ནས་རིང་པོ་མ་ལོན་པ་ན་བྱང་ཆུབ་སེམས་དཔའ་སུས་ཀྱང་མ་བརྟེན་པར་གོམ་པ་བདུན་དུ་གཤེགས་པ་དང་། ཕྱོགས་བཞིར་གཟིགས་ནས་བདག་གི་སྐྱེ་བ་ཐ་མ་འདི་ཡིན་ནོ་ཞེས་གསུངས་པ་ཡང་བརྗོད་པར་མཛད་ དེ་ཕྱིས་སྐུ་རྒྱས་པར་གྱུར་ཅིང་དབང་པོ་ཡང་ཡོངས་སུ་སྨིན་པ་ན་འདོད་པའི་དགའ་བ་ལ་ལོངས་སྤྱོད་ཅིང་བག་མེད་པར་གྱུར་ཏོ་ཞེས་བྱ་བ་ཡང་མི་རིགས་སོ། །རང་བཞིན་གྱིས་སྐྱེ་བ་དུ་མ་རྗེས་སུ་དྲན་པས། བཅོམ་ལྡན་འདས་འོད་སྲུངས་ལས་ཚངས་པར་སྤྱོད་པ་སྤྱད་པར་བྱོས་ཤིང་། བྱང་ཆུབ་ ཀྱི་ལམ་གོམས་པར་བྱས་ནས་དགའ་ལྡན་དུ་ལྷའི་རིགས་དྲུག་ལ་བོས་ནས་འདིར་བྱོན་པ་དང་། བདག་དང་། གཞན་གྱི་དགའབ་དང་། ན་བ་དང་། འཆི་བའི་ཆོས་ཀྱི་དེ་ཉིད་མི་མཁྱེན་པ་དང་། མུ་སྟེགས་བྱེད་གཞན་ལས་བྱང་ཆུབ་ཀྱི་ལམ་བཙལ་བ་བྱས་པ་དང་། བདག་ཉིད་ གདུང་བ་ལ་རྗེས་སུ་སྦྱོར་བས་གནས་པ་ལ་ལམ་གྱི་འདུ་ཤེས་བྱས་ནས་དཀའ་ཐུབ་ཀྱི་སྡུག་བསྔལ་གྱིས་གདུང་བར་བྱེད་པ་ཡང་མི་རིགས་སོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅོ་ལྔ་པ། ཡང་སྐྱེ་བ་དྲན་པ་ཡང་མ་ཡིན་ཏེ། བསྐལ་པ་མི་ ཉུང་བར་བསོད་ནམས་ཀྱི་ཚོགས་བསགས་པ་དང་ལྡན་ཞིང་། དྲན་པ་དང་བློ་དང་སྟོབས་ཆེན་པོ་ཡང་ཐོབ་ནས། ལྷུམས་སུ་ཞུགས་པ་དྲན་པ་བསྙེལ་ཞིང་འཁྲུངས་པ་ཙམ་གྱིས་དེ་ལྟ་བུའི་གསུང་བརྗོད་པ་ཡང་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་བསམ་གཏན་ དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཉམས་པར་གྱུར་པའོ་ཞེས་བྱ་བ་ཡང་མི་རིགས་པའམ་ཉམས་པར་མ་གྱུར་ན་ཡང་དཀའ་ཐུབ་སྤྱད་པས་དག་པར་འགྱུར་བར་འདོད་ཅིང་། འདོད་པ་ན་སྤྱོད་ཅིང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་མཆོག་ཏུ་ 98-172a འཛིན་པ་ཡང་མི་རིགས་སོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ནི་བློ་སྔོན་དུ་བཏང་ནས་སེམས་ཅན་གདུལ་བའི་ཐབས་ཀྱི་བྱེ་བྲག་བཟུང་བའི་དོན་གྱིས་ཇི་སྐད་སྨྲས་པ་དེ་དག་ཐམས་ཅད་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟ་བུ་ཐམས་ཅད་ནི་སྤྲུལ་པ་ཉིད་ཀྱིས་ཀྱང་མཛད་པར་ སྐྱོད་དོ། །དེ་ལྟ་བས་ན་གློ་བུར་དུ་སྐྱེ་བ་ཡོངས་སུ་འཛིན་པ་ཡང་མི་རིགས་ལ་འདོད་པའི་བསོད་ནམས་ཀྱི་མཐའ་ལ་སྦྱོར་བ་དང་། བདག་ཉིད་དུབ་པའི་མཐའ་ལ་སྦྱོར་བ་ཡང་མི་རིགས་པས་བརྗོད་པར་མི་བྱའོ། །གལ་ཏེ་འདི་དག་ཐམས་ཅད་སྤྲུལ་པ་ཡིན་ན་དཀའ་བའི་སྤྱད་པ་སྤྱོད་པའི་དུས་ ན་ལས་ཀྱི་འབྲས་བུ་ཡིན་ཏེ། ང་སྔོན་བྲམ་ཟེ་བླ་མ་ཞེས་བྱ་བར་གྱུར་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀའ་བས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ངག་ཏུ་བརྗོད་པའི་ལས་དེའི་རྣམ་པར་སྨིན་ པས་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཡིན་ནོ་ཞེས་ཅིའི་ཕྱིར་གསུངས་པར་གྱུར་ཅེ་ན། ད་ནི་དེ་ལྟར་ཤིན་ཏུ་མུན་པར་གྱུར་པའི་རིགས་དག་བསལ་བར་བྱའོ། །ཇི་ལྟར་ན་དེ་ལྟ་བུའི་དགོངས་པ་ཅན་དག་ལ་དྲང་ཐད་དུ་དད་པར་གྱུར་ནས་སྤྲོ་བར་བྱེད། གང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ སངས་རྒྱས་ཞེས་བྱ་བའི་སྒྲ་སྔ་ན་མ་ཐོས་པ་ཐོས་པ་ན་བ་སྤུ་ཐམས་ཅད་ལངས་པར་གྱུར་ཅིང་མཆོག་ཏུ་དགའ་བ་དང་བདེ་བ་སྐྱེས་ཏེ། ཤིན་ཏུ་མཐོང་བར་འདོད་པར་གྱུར་ཏོ་ཞེས་བྱ་བ་དང་། ཡང་བྲམ་ཟེ་བླ་མས་སངས་རྒྱས་ལ་སྐུར་པ་བཏབ་པ་ཡང་གཞན་དུ་མ་ཡིན་ལ་སྐྱེ་བ་གསུམ་པ་ལ་སངས་ རྒྱས་སུ་གྱུར་ཏོ་ཞེས་བྱ་བ་དང་། མྱ་ངན་ལས་འདའ་བའི་སྒྲ་ཡང་ཀུན་དུ་སྒྲོགས་ཤིང་བདུད་ཀྱི་དགྲའི་རྒྱལ་པོ་དེ་བཞིན་གཤེགས་པས་དྲིལ་ཆེན་གྱི་སྒྲས་བདུད་བཞི་ལས་རྒྱལ་བར་གྱུར་ཅིང་། འཆི་བདག་ཀྱང་ཤིན་ཏུ་ཕམ་པར་བྱས་ན། ཅི་ཞིག་བྱེད་ན་མཐར་བྱེད་པའི་དགྲ་བོའི་གནོད་པ་དང་འབྲེལ་ པར་གྱུར། ཡང་བཅོམ་ལྡན་འདས་དེ་སྐུ་ཚེ་ཐུང་ངུན་དུ་འཇུག་པའི་ཕྲིན་ལས་ཅི་ཞིག་མཛད་ནས་མི་རྣམས་ཀྱི་ཚེ་ཚད་ཙམ་དུ་ཡང་འདི་མ་གྱུར་ཅིང་འཆི་བདག་གི་དབང་དུ་གྱུར་པ་དང་། སོ་སོའི་སྐྱེ་བོ་བཞིན་དུ་གསུང་བར་ཡང་མཛད་དེ། ཀུན་དགའ་བོ་འཛམ་བུའི་གླིང་འདི་ནི་དགའ་བར་བྱ་བའོ། ། 98-172b རིའི་ལམ་གྱི་རི་འདི་ནི་དགའ་བར་བྱ་བའོ། །འདོད་པ་ཐམས་ཅད་དང་། ཡིད་དུ་འོང་བ་དང་། མཛེས་པ་དང་། ཡིད་དང་འཐད་པའི་དངོས་པོ་སྣ་ཚོགས་ཀྱང་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཐ་དད་དུ་གྱུར་པའོ་ཞེས་གསུང་བསྒྲགས་པ་དང་། དགེ་སློང་དག་ངའི་མདུན་དུ་མ་འདུག་ཅིག་ ཅེས་སྙུང་བ་ན་ཚོར་བས་ཉེན་པའི་ཐུགས་སྐྱོ་བའི་ཚིག་གསུང་བ་དང་། ཀུན་དགའ་བོ་ལ་ཆུ་བླངས་པ་ན་རིང་དུ་འགོར་རོ་ཞེས་མ་དགྱེས་པར་གྱུར་པས་གསུང་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དག་གིས་ཉམས་པར་གྱུར་ཅིང་ནོན་ནས། ཁ་རླངས་ཀྱི་དུ་བས་མུན་པར་གྱུར་ཅིང་། །གདོང་ གཡོགས་པར་གྱུར་པའི་དགྲ་བཅོམ་པ་སྟོང་སྙེད་ཀྱི་བུ་དག་སྨྲེ་སྔགས་སྣ་ཚོགས་འདོན་ཅིང་ངུ་བ་དང་། སོ་སོ་སྐྱེ་བོའི་དགེ་སློང་གི་ཚོགས་བརྒྱ་སྟོང་སྙེད་དུ་ངུ་བ་དང་བཅས་པ་དང་། ཀུན་ནས་མཐའ་ཡས་པའི་དགེ་སློང་གི་དགེ་འདུན་ལས་ལུས་འབོར་བ་དང་། དགེ་བསྙེན་དང་དགེ་བསྙེན་མའི་ཚོགས་ སྟོང་ཕྲག་སྙེད་ཀྱིས་སྟོད་གཡོགས་དང་རྒྱན་རྣམས་འབོར་བར་བྱེད་ཅིང་། མགོ་དང་ལུས་རྡུལ་གྱིས་གཡོགས་པར་གྱུར་ཅིང་མཆི་མས་གདོང་གི་པདྨ་བངས་པར་གྱུར་པ་དང་། སྐྲ་འབལ་བ་དང་སྤྱི་གཙུག་ཏུ་རྡེ་བས་ཤིང་སྙིང་རྗེ་རྗེ་ལྟར་ངུ་བར་བྱེད་ཅིང་བཞིན་མི་སྡུག་པས་སྨྲེ་བ་དང་། ལྷའི་བུ་བརྒྱ་སྟོང་རྒྱན་དང་། ཕྲེང་བ་དང་། ལུས་ཀྱི་རྒྱན་དང་། ཅོད་པན་དང་། གདུབ་འཁོར་དང་། གོས་དང་། མགོ་རྒྱན་དག་སྒྱུར་བར་བྱེད་ཅིང་། ལག་པ་དབྱུག་པ་ལྟར་སྒྲེང་བ་ཀུན་དུ་གཡོབ་པར་བྱེད་པས། བདག་ཉིད་ལ་མགོན་སྐྱབས་མེད་པར་སེམས་ཤིང་མྱ་ངན་བྱེད་པ་ དང་། ཤིན་ཏུ་གཡོ་བའི་མར་མེའི་རྩེ་མོ་ལ་རླུང་གི་ཤུགས་ཀྱིས་བརྒྱབ་པ་ལྟར་མི་རྟག་པའི་རླུང་གི་ཤུགས་ཀྱིས་བརྒྱབ་པའི་ཚེའི་མཐའ་མི་རྟག་པ་ཉིད་ཀྱི་ཆུ་སྲིན་གྱི་ལྟོར་ཞུགས་པ་ནི་གང་འདི་སྐད་བསྟན་པ་དང་འགལ་བ་ཡིན་ཏེ། སྐྱེས་བུ་གང་ཟག་འགའ་ཞིག་སྲོག་གཅོད་པ་རབ་ཏུ་སྤངས་ ནས། གང་གི་ཚེ་སྦྱིན་པ་སྦྱིན་པར་བྱེད་པ་དེའི་ཚེ་ཕུན་སུམ་ཚོགས་པ་གཉིས་འཛིན་པ་ཡིན་ཏེ། ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་སྒྲུབ་པ་དང་། ཚེ་རིང་བ་ཕུན་སུམ་ཚོགས་པ་སྒྲུབ་པའོ། །འདིར་བཅོམ་ལྡན་འདས་ནི་ཐམས་ཅད་དུ་སྲོག་གཅོད་པ་ལས་ཤིན་ཏུ་ལོག་ཅིང་སྤངས་ 98-173a པར་གྱུར་པས་དག་པར་བྱས་ནས་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གྲངས་མེད་པ་ཡོངས་སུ་བཏང་བས་མཆོད་སྦྱིན་ཆེན་པོ་རྩོམ་པ་མཛད་པའི་སྐུ་ཚེ་རིང་པོའི་ལས་བསགས་པའི་རྣམ་པར་སྨིན་པ་ཅུང་ཞིག་ཀྱང་མཐོང་བར་མ་གྱུར་པ་དེ་གང་དུ་ཟད་པར་གྱུར། གྲངས་མེད་ པ་གསུམ་དུ་བསགས་པ་ལས་ལོ་བཞི་བཅུ་རྩ་ལྔས་འབྲས་བུ་འབྱུང་བར་མ་གྱུར་པ་ཡང་མི་རིགས་སོ། །བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཀྱི་དབང་གིས་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ནི་འཇིགས་པ་ཐམས་ཅད་ལས་གྲོལ་བར་གྱུར་པ་ཡིན་ན་ཕྲིན་ལས་ཀྱི་དབང་གིས་འཇིགས་པ་མངའ་ བའོ་ཞེས་བྱ་བ་འདི་མི་རིགས་སོ། །རྒྱུན་མི་འཆད་པར་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པའི་སྐུ་ཚེ་རིང་བར་འཇུག་པའི་ལས་རྣམས་མི་དགེ་བའི་ལས་འགའ་ཞིག་གིས་ཟིལ་གྱིས་མནན་ནས་སྐུ་ཚེ་ཐུང་བའི་ལས་ཀྱི་རྗེས་སུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བ་ནི་གཞན་དག་ཟིལ་གྱིས་མནན་ནས་དེ་ དག་གཅིག་པུ་སྨིན་པར་འགྱུར་ཞེས་བྱ་བ་འདི་ལྟ་བུ་ནི་ཤིན་ཏུ་རྨོངས་པར་གྱུར་པ་རྣམས་ཀྱིས་གཟུང་བར་བྱ་བ་ཡིན་ནོ། །རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་པའི་བཅོམ་ལྡན་འདས་ཀྱི་སྐུ། མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་གྱུར་པ་ལ་སྙུན་མངའ་བར་གྱུར་ནས་མཽད་གལ་གྱི་བུ་འཚོ་བྱེད་ ལ་རྨེད་དུ་བཏང་བ་ན། དེས་གནས་བརྟན་ཞུན་མར་རོ་ཞེས་བྱ་བའི་བར་གྱིས་ཐམས་ཅད་མཁྱེན་པས་འཚོ་བྱེད་ལ་རྨེད་པར་བྱེད་པ་ཡང་རིགས་པ་མ་ཡིན་ནོ། །འདི་ལྟར་ཡང་གྲགས་ཏེ། གནས་བརྟན་བ་ཀུ་ལས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྨྲས་པ། ཚེ་དང་ ལྡན་པ་དག་བདག་གིས་བསྙེན་པར་རྫོགས་ནས་ལོ་བརྒྱད་ཅུ་ལྷག་ཅིག་ལོན་ན་མགོ་ན་བ་ཙམ་ཡང་ནམ་ཡང་བྱུང་བར་མ་དྲན་ཏེ་ཞེས་སྨྲས་པ་དང་། དེ་ནི་སྨན་ཨ་རུ་ར་གཅིག་ནད་པ་ལ་སྦྱིན་པ་བྱས་པས་རྣམ་པ་དེ་ལྟ་བུར་གྱུར་ཏོ་ཞེས་སེང་གེའི་སྒྲ་བསྒྲགས་པར་གྱུར་ཏོ། །ནད་པ་ལ་ ཨ་རུ་ར་གཅིག་ཙམ་བྱིན་པའི་རྣམ་པར་སྨིན་པ་ཡང་དེ་དང་འདྲ་ན། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འགལ་ལོ། །དེ་ལྟ་བས་ན་འདི་དག་ཐམས་ཅད་ནི་སེམས་ཅན་གྱི་དོན་གྱི་ཆེད་དུ་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཡིན་ 98-173b ཏེ། དེ་ལྟར་ན་བདག་ཉིད་ཉན་ཐོས་སུ་སྤྲུལ་པ་ལུང་བསྟན་པ་ཡིན་པའམ། ཉན་ཐོས་ཀྱི་ཆ་བྱད་འཛིན་པ་ཤཱ་རིའི་བུ་ལ་སོགས་པའི་མིང་གིས་བརྗོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། གཅིག་ནི་ངེས་པར་བཞུགས་པ་དང་། །གཞན་དག་ངེས་པར་ གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་འབྱུང་བ་བཞིན་ནོ། །ཡང་གཞན་དག་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པར་སྤངས་པས་གྲོལ་བ་ནི་དེ་བཞིན་གཤེགས་པ་གཅིག་པུ་ཡིན་གྱི། ཉན་ཐོས་ དང་རང་སངས་རྒྱས་རྣམས་ནི་མ་ཡིན་ཏེ། དེ་དག་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པའི་ཕྱིར་རོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་བྱའི་སྒྲིབ་པ་སྤངས་པས་བག་ཆགས་དང་བྲལ་བར་གྱུར་ནས། དེ་བཞིན་གཤེགས་པའི་མི་རྟོག་པའི་ཡེ་ ཤེས་ཐོབ་པར་འགྱུར་ཏེ། དེ་དག་གི་ཡེ་ཤེས་རྣམ་པར་མི་རྟོག་པ་དེས་འབད་པ་མེད་ན་ཡང་སྔོན་མངོན་པར་བསྒྲུབས་པའི་སྨོན་ལམ་གྱི་མཐུས་འཁོར་བའི་མཐའི་བར་དུ་སེམས་ཅན་ལ་ཕན་པ་བསྒྲུབ་ཅིང་གནས་སོ་ཞེས་ཟེར་རོ། །རྟག་པ་ཉིད་དང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ ཡིན་པ་ཉིད་དང་། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཕྱིར་ཉན་ཐོས་ལ་སོགས་པ་ལུང་བསྟན་པ་ཉིད་ནི་ཡང་འཚམ་ཞིང་རིགས་པ་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །ཐེག་པ་ནི་གཅིག་སྟེ་གཉིས་དང་གསུམ་དུ་མེད་དོ་ཞེས་བྱ་བ་ལ་སོགས་པ་མ་ལུས་པའི་ལུང་དུ་དམ་པའི་ཆོས་པདྨ་དཀར་པོའི་ མདོ་སྟོན་པར་བྱེད་དོ། །འདི་ལྟ་སྟེ། ཡི་གེ་ཞེས་བྱ་བ་ནི་གང་ཇི་ལྟར་ཐེག་པ་རྣམ་པར་གཞག་པ་སྟོན་པར་བྱེད་པ་ཡིན་ནོ། །དོན་ཞེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པའི་ཡེ་ཤེས་ཀྱི་ཚུལ་གཅིག་པུའོ་ཞེས་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་ངོ་། །དེ་ བཞིན་དུ་ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་འདུ་བར་འགྱུར་རོ་ཞེས་བློ་གྲོས་རྒྱ་མཆོའི་མདོ་ལ་སོགས་པ་རྣམས་ལས་ཀྱང་འདོན་པར་བྱེད་དོ། །ཡང་ཐེག་པ་ཆེན་པོ་འགའ་ལས་ཀྱང་དགྲ་བཅོམ་པ་རྣམས་ལ་དམོད་པའི་བྱེད་པ་ནི་མེད་དེ། གང་ཡང་བུ་མོ་བློ་གྲོས་བཟང་མོའི་མདོ་ལས་ 98-174a ཡུངས་ཀར་དང་། རི་རབ་དང་། མེ་ཁྱེར་དང་། ཉི་མ་དང་། ཝ་དང་། སེང་གེ་དང་། ཨེ་རཎྜ་དང་། ཙནྡན་བཞིན་དུ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཁྱད་པར་བསྟན་པ་དེ་ཡང་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་གནས་པ་ཙམ་སྨྲས་པ་བྱས་པ་ཡིན་གྱི། གང་ལ་ཡང་སྨད་པའམ་བསྟོད་པར་བྱས་པ་མེད་དེ། གང་ཡང་ནོར་བུ་མཆིང་བུའི་འོད་པས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་ཤིན་ཏུ་ཆེན་པོར་འབྱུང་བ་ཡིན་ནོ་ཞེས་ཟེར་ན། ཅི་དེས་ནོར་བུ་མཆིང་བུ་ལ་སྨད་པའམ། ཡིད་བཞིན་གྱི་ནོར་བུ་ལ་བསྟོད་པ་ཡིན་ནམ། ཡང་རྨོངས་ པ་གང་དག་རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུ་སྙོམས་པར་བྱེད་ཅིང་། བ་ལང་གི་རྨིག་རྗེས་ཀྱི་ཆུ་ལ་འདི་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ་ཞེས་སྨྲ་བར་བྱེད་ན་ཅི་དེ་བཞད་གད་དུ་བྱ་བ་མ་ཡིན་ནམ། དེ་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དག་ནི་དོན་ཉུང་ བ་དང་། བྱ་བ་ཉུང་བ་དང་། གཞན་ལ་ཕན་པ་ལ་རྒྱབ་ཀྱིས་ཕྱོགས་པ་བདག་ཉིད་དུལ་བ་དང་། ཞི་བ་ལ་མངོན་པར་སྦྱོར་བ་དང་ཐར་པའི་ས་བོན་ཅུང་ཞིག་ལ་བརྟེན་ནས་ཡུངས་ཀར་གྱི་ནང་སྲིན་བུས་ཟོས་པའི་ནམ་མཁའི་ཚད་ཙམ་གྱི་ཟག་པ་མེད་པའི་ཡེ་ཤེས་ཐོབ་པ་དེ་རྣམས་སུ་ཞིག་གིས་སྨད་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་སུ་དགེ་བའི་རྩ་བ་ཉེ་བར་བསགས་པ། གཞན་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པ་སེམས་ཅན་མ་ལུས་པ་གྲོལ་བར་བྱ་བའི་ཕྱིར་དད་པ་དང་ལྡན་པའི་བློ་ཅན་ནམ་མཁའི་ཁམས་མ་ལུས་པ་དང་མཉམ་པའི་ ཟག་པ་མེད་པའི་ཡེ་ཤེས་ཀུན་ནས་སྒྲུབ་པའི་ཕྱིར་བརྩོན་པ་དང་ལྡན་པ་རྣམས་ནི་བདག་ཉིད་མཐུ་ཆེན་པོ་མཐའ་མེད་པ་དང་ལྡན་པར་གྱུར་པ་དེ་རྣམས་ནི་སུ་ཞིག་གིས་བསྟོད་པ་ཡིན་ཏེ། ཇི་སྐད་དུ། ཀུན་ཀྱང་ས་བོན་ཆུང་ངུ་ལས། །འབྲས་བུ་ཤིན་ཏུ་ཡངས་པ་འབྱུང་། །སངས་རྒྱས་རྒྱུ་ནི་ དཔག་མེད་ལས། །འབྲས་བུ་དཔག་མེད་བསམ་ཅི་དགོས། །ཞེས་ཀྱང་འབྱུང་ངོ་། །ཁྱིམ་པ་ལ་ཕྱག་བྱེད་པ་འབྱུང་བས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་བྱ་བ་ཡང་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཁྱིམ་པ་མ་ཡིན་ཏེ། 98-174b ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པ་དང་། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བསྡམས་པའི་ཕྱིར་རོ། །གང་ཡང་དེ་དག་ཁྱིམ་པ་ལ་སོགས་པའི་གཟུགས་སུ་གནས་པ་ནི་སྤྲུལ་པ་སྟོན་ པ་ཡིན་ཏེ། དེ་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡིན་པས་དེ་དག་ནི་ཁྱིམ་པ་ཡང་མ་ཡིན་ལ་ཕྱག་མི་བྱ་བར་གྱུར་པ་ཡང་མ་ཡིན་ཏེ། ཇི་ལྟར་རྒྱལ་པོ་ཀ་པི་ན་གདུལ་བར་བྱ་བའི་ཕྱིར་ཐུབ་པས་འཁོར་ལོས་སྒྱུར་བར་སྤྲུལ་ན་ཡང་ཁྱིམ་པ་ཡང་མ་ཡིན་ཞིང་ཕྱག་མི་བྱ་བ་ ཡང་མ་ཡིན་པར་ཡང་འདོད་པ་བཞིན་ཏེ། གང་གི་ཕྱིར་དེར་འཁོར་ལོས་སྒྱུར་བའི་གཟུགས་སུ་བཅོམ་ལྡན་འདས་རྒྱན་རྣམས་ཀྱང་བཟུང་ཞིང་། དེ་ན་རེ་ཁྱོད་ཀྱིས་མདའ་འཕོངས་དང་ཞེས་ཟེར་བ་ན་མདའ་དང་བཅས་པའི་གཞུ་བླངས་ནས་བཀང་བ་དང་། འཁོར་དེའི་ཉན་ཐོས་ཆེན་པོ་ཐམས་ ཅད་ཀྱང་བློན་པོའི་གཟུགས་འཛིན་པར་གྱུར་ཅིང་རྒྱན་རྣམ་པ་སྣ་ཚོགས་རབ་ཏུ་བྱུང་བ་ལ་མ་གནང་བ་ཐོགས་པར་གྱུར་པ་ཉིད་དང་། མཉན་ཡོད་དེ་ཉིད་དུ་བྲམ་ཟེ་རྒྱུ་ཅན་ཞེས་བྱ་བ་འདུལ་བའི་དུས་སུ་བཅོམ་ལྡན་འདས་ཚངས་པའི་གཟུགས་ཞལ་བཞི་པ་རལ་པའི་ཅོད་པན་འཆང་བ་ཞིག་ཏུ་གྱུར་ཏེ་ ཞེས་ཀྱང་འབྱུང་བ་དང་། འབའ་ཤི་ཏའི་རིགས་ཀྱི་བྲམ་ཟེ་མོ་གདུལ་བའི་ཕྱིར་མཉན་ཡོད་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་གཟུགས་སུ་མཛད་ནས་བུད་མེད་ཤི་བའི་རོ་གཅིག་བཟུང་སྟེ། འདི་ནི་བདག་གི་ཆུང་མའོ་ཞེས་གསུངས་པ་དང་། ཀོ་ས་ལར་གར་མཁན་གདུལ་བའི་དོན་དུ་བཅོམ་ ལྡན་འདས་གར་མཁན་གྱི་གཟུགས་སུ་མཛད་ནས་རྫ་རྔ་བརྡུངས་སོ་ཞེས་འབྱུང་བ་དང་། རྩེ་ལྔའི་དྲི་ཟ་གདུལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དྲི་ཟའི་གཟུགས་ཐ་མལ་པ་བཟུང་ནས་པི་ཝང་བླངས་ཤིང་བརྡུང་བ་དང་། དེ་བཞིན་དུ་རབ་ཏུ་བྱུང་བ་དང་འགལ་བ་འདུལ་བ་ལས་བཀག་པ། གཞན་དང་ གཞན་རྫ་མཁན་གྱི་གཟུགས་དང་། ལྕགས་མགར་གྱི་གཟུགས་དང་། སྟོབས་འགྱེད་པའི་གཟུགས་དང་། རྔོན་པ་གཟུགས་མི་སྡུག་པ་ལ་སོགས་པ་ཁྱིམ་པ་ཐ་མལ་པའི་གཟུགས་དང་། སྤྱོད་པ་དང་། སྨྲ་བ་ལྟར་མཛད་ན་ཡང་བཅོམ་ལྡན་འདས་དང་ཉན་ཐོས་དེ་དག་ནི་ཕྱག་མི་བྱ་བར་འོས་ 98-175a པ་མ་ཡིན་ཏེ། ཇི་སྐད་དུ། རྒྱན་གྱིས་བརྒྱན་པར་གྱུར་ཀྱང་ཆོས་སྤྱོད་དེ། །ཞི་དང་དུལ་དང་ཡང་དག་སྡོམ་ཚངས་སྤྱོད། །སེམས་ཅན་ཀུན་ལ་ཆད་པ་སྤངས་པ་ནི། །དེ་དེ་བྲམ་ཟེ་དགེ་སྦྱོང་དེ་དགེ་སློང་། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་ཁྱིམ་པའི་གཟུགས་ལ་ནི་ཁྱིམ་པ་ ཁོ་ནས་ཕྱག་བྱ་བ་ཡིན་གྱི། རབ་ཏུ་བྱུང་བ་ནི་མ་ཡིན་ནོ་ཞེ་ན། ཡོན་ཏན་གཙོ་བོར་གྱུར་པའི་ཕྱིར་ཕྱག་བྱ་བར་འོས་པ་ཡིན་པས་རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་ཕྱག་བྱ་བ་ཁོ་ན་སྟེ། ཡོན་ཏན་གཙོ་བོར་གྱུར་པ་ལ་ཕྱག་བྱའི་རྟགས་ལ་ནི་མ་ཡིན་ཏེ། ཡོན་ཏན་དང་བྲལ་བར་གྱུར་པའི་རྟགས་ནི་ཤིན་ཏུ་ སྨད་པ་ཡིན་ཏེ། ཇི་སྐད་དུ། གང་དག་རབ་ཏུ་བྱུང་ཡང་དངོས་པོ་ཀུན་ནས་ངེས་མ་བྱུང་། །གང་དག་ངུར་སྨྲིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །གང་དག་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །རྟགས་འཛིན་བྱེད་ཀྱང་ཁྱིམ་པ་མ་ཡིན་དགེ་སློང་མིན། །ཆར་པ་མེད་པའི་སྤྲིན་བཞིན་ཆུ་མེད་ཁྲོན་པ་བཞིན་དུ་དང་། །ལོ་ཏོག་ཉམས་པ་བཞིན་དུ་མྱུ་གུ་མི་འབྱུང་ས་བོན་བཞིན། །དགེ་སློང་ཉམས་པའི་དགེ་སློང་དེ་འདྲ་བདེ་གཤེགས་གསུངས། །རི་མོའི་མར་མེ་བཞིན་དུ་དེ་ནི་ཡོད་མིན་མེད་མ་ཡིན། །ཞེས་བྱ་བས་གང་དག་རྟགས་བླངས་པ་ཙམ་གྱིས་དྲེགས་པར་ཅིའི་ཕྱིར་བྱ་སྟེ། རབ་ཏུ་བྱུང་བའི་རྟགས་བླངས་པའི་དོན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་དང་། ཤིན་ཏུ་དབུལ་པོར་གྱུར་པ་དང་། ནོར་ཆེན་པོ་དང་ལྡན་པ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་སྟེ། དེ་དག་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་རྩ་བ་བསགས་པས་ལེགས་པར་བསྡམས་པ་དང་། ཐེག་པ་ཆེན་པོའི་གཞིར་གྱུར་པའི་བཞོན་པ་ཆེན་པོ་ཅན་གྱི་དེད་དཔོན་ཆེན་པོ་བཞིན་དུ་སྐྱེ་བོའི་ཚོགས་མང་པོ་དང་ཐུན་མོང་དུ་གྱུར་པའི་ནོར་ཅན་ནི་སྐྱེས་བུ་དབུལ་པོ་ལེ་ལོ་ཅན་ལྟ་བུའི་ཉན་ཐོས་རྣམས་དང་ཡང་མཚུངས་པ་མ་ཡིན་ན་རྟགས་ཙམ་དང་ལྡན་པའི་རྨོངས་པ་གཞན་དག་དང་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་ཡོན་ཏན་དང་ལྡན་པའི་ཁྱིམ་པ་རྣམས་ནི་ཡོན་ཏན་གྱིས་དབུལ་བར་གྱུར་པའི་རབ་ཏུ་བྱུང་བ་དག་གིས་ཕྱག་བྱ་བ་ཁོ་ན་ཡིན་ཏེ། སྡེ་པ་བཅོ་བརྒྱད་ཕལ་ཆེན་གྱི་གཞུང་ལས་ཀྱང་། བྱང་ཆུབ་སེམས་ 98-175b དཔའ་ལ་ཕྱག་བྱ་བར་རབ་ཏུ་གྲགས་ཏེ། ཅི་ལྟར་དགེ་འདུན་ཕལ་ཆེན་སྡེའི་ནང་ཚན་དོན་གྲུབ་པ་རྣམས་རིག་པ་འཛིན་པའི་སྡེ་སྣོད་འདོན་པ་ན་དགེ་སློང་དག་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བྱམས་པ་འདི་ལ་དད་པས་གང་བྱམས་པ་ལ་མངོན་པར་ཕྱག་བྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ལ་ཕྱག་བྱས་པ་དང་མཆོད་པ་བྱས་པར་འགྱུར་རོ། །ང་གང་དག་གི་སྟོན་པ་ཡིན་པ་དང་། གང་དག་གི་མཆོད་གནས་བླ་ན་མེད་པ་ཡིན་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ལ་ཡང་ཕྱག་བྱ་བ་དང་མཆོད་པ་བྱ་བ་ཡང་ཡིན་ནོ། །དགེ་སློང་ དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། འཁོར་བཞི་པོ་ཐམས་ཅད་ཀྱིས་ཀྱང་རྒྱལ་ཚབ་བྱམས་པ་འདི་ལ་ཡང་ཕྱག་བྱའོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་བཀའ་ཐོས་ནས་དགྲ་བཅོམ་པ་སྟོང་ཉིས་བརྒྱ་ལྔ་བཅུས་དུས་གཅིག་དང་དབྱངས་གཅིག་གིས་འདི་སྐད་ཅེས། རྒྱལ་ཚབ་ཏུ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཅག་སོ་སོ་ནས་ཕྱག་བགྱིའོ། །ལྷ་སྦས་དང་ལམ་སྦས་ན་གནས་པ་དེ་དག་ལ་ཡང་ཕྱག་བགྱིའོ་ཞེས་བྱ་བ་དང་། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་ བརྟན་རབ་འབྱོར་གང་དེ་བཞིན་གཤེགས་པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞིག་མཁྱེན་པ་དེ་ཁྱོད་ཀྱིས་ཤེས་སམ། རྟོགས་སམ། མཐོང་ངམ། དེ་དག་དང་མཐུན་པར་གཏམ་རྗོད་པར་བྱེད་ནུས་སམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །སྨྲས་པ། གནས་བརྟན་ཏིང་ ངེ་འཛིན་གང་ལ་སྙོམས་པར་ཞུགས་ཤིང་གནས་ན་སེམས་ཅན་ཐམས་ཅད་ལྟ་བ་དང་། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལྟ་བར་བྱེད་པ་དང་། ཤེས་པར་གྱུར་ནས་ཇི་ལྟར་འོས་པ་བཞིན་དུ་ཆོས་སྟོན་པར་འགྱུར་བའི་ཏིང་ངེ་འཛིན་དེ་ལ་ཁྱོད་མཉམ་པར་འཇོག་ནུས་སམ། སྨྲས་པ། འཇམ་དཔལ་ དེ་ནི་མ་ཡིན་ནོ། །དེ་ནས་ཡང་གནས་བརྟན་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཡང་བྱང་ཆུབ་སེམས་དཔའ་འགའ་ཞིག་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཤེས་པ་དང་། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་ 98-176a རྗེས་སུ་མཐུན་པར་ཆོས་སྟོན་པར་བྱེད་པ་འགའ་ཞིག་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་རབ་འབྱོར་བཅོམ་ལྡན་འདས་ལ་ཞུས་ཤིག །བཅོམ་ལྡན་འདས་ཀྱིས་སྟོན་པར་འགྱུར་རོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡང་དག་པར་འཚལ་ཞིང་། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་མཐུན་པར་ཆོས་སྟོན་པར་བགྱིད་པ་འགའ་ཞིག་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མཉམ་པར་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་དེ་ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ནི་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡང་དག་པར་ཤེས་ཤིང་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་མཐུན་པར་ཆོས་སྟོན་པར་ཡང་བྱེད། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མ་ཡིན་པ་ཐམས་ཅད་ཀྱང་ཤེས་པར་གྱུར་པ་ཡང་ཡོད་དོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ རྣམས་ནི་ངོ་མཚར་དུ་བགྱི་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་རྨད་དུ་བྱུང་བའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ལགས་པ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལགས་སོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་མ་ མཆིས་པའི་རྫུ་འཕྲུལ་བྱང་ཆུབ་སེམས་དཔའ་རྣམས་ལ་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བགྱིའོ་ཞེས་འཕགས་པ་དགེ་འདུན་ཕལ་ཆེན་སྡེའི་ཤར་གྱི་རི་བོ་ལ་གནས་པ་གང་དག་ལ་ལས་ཀྱི་ཡུལ་འཁོར་ན་གནས་པ་ཞེས་ཀྱང་བྱ་བ་རྣམས་ཀྱི་བྱང་ ཆུབ་སེམས་དཔའི་སྡེ་སྣོད་ལས་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུ་ཅིའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་དྲ་ 98-176b བ་ཅན་གྱི་འོད་ཁ་དོག་གཅིག་པ་སྟེ། དེའི་འཁོར་ཡང་འདི་ལྟར་གསེར་གྱི་ཁ་དོག་ཏུ་འགྱུར་རོ། །དེའི་འཁོར་རྣམས་ཀྱི་མོས་པ་ཡང་གཅིག་ཏུ་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པར་འགྱུར་རོ། །དེར་ཉན་ཐོས་དང་། རང་སངས་རྒྱས་ནི་མིང་ཡང་མེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ལྡན་པའི་སངས་རྒྱས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་མཚར་དུ་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་རྨད་དུ་བྱུང་བའོ། །བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ལགས་པ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལགས་སོ། །ཉན་ཐོས་དང་། རང་སངས་རྒྱས་ལ་མ་མཆིས་པའི་རྫུ་འཕྲུལ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ ལ་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བགྱིའོ་ཞེས་བྱ་བ། འཕགས་པ་དགེ་འདུན་ཕལ་ཆེན་སྡེའི་ནུབ་ཀྱི་རི་བོ་ལ་གནས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འདོན་ཏོ། །སྟོབས་དང་མངོན་ཤེས་དབང་ཐོབ་པ། །ཐུབ་པ་ཉི་མ་རྣལ་ འབྱོར་པ། །ཀུན་དུ་བཟང་ལ་སོགས་པ་ནི། །ས་བཅུ་པོ་ལ་གནས་བཅས་ནས། །ཁམས་གསུམ་སྨྲ་བའི་རྟག་གྱུར་པར། །སྨྲ་བ་ཐམས་ཅད་ཕམ་མཛད་པ། །གང་དག་ཉན་ཐོས་རང་སངས་རྒྱས། །རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། །ཆོས་དེ་སེམས་ཅན་རྣམས་ལ་ནི། །ཆོས་ གསུང་ལྡན་པ་སྟོན་པར་མཛད། །ཅེས་བཅོམ་ལྡན་འདས་ལ་གསོལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་སྐྱོབ་པ་གང་རྣམས་ཀྱི། །ཆོས་ལྟ་བཅོམ་ལྡན་ཤིན་ཏུ་རིང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་། ། བདག་གིར་གྱུར་པ་མ་ལགས་སོ། །བཅོམ་ལྡན་དེ་སླད་བདག་ཅག་ནི། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ཀུན་ལ་ཐལ་སྦྱོར་དངོས་ཀུན་གྱིས། །ལེགས་པར་བཏུད་ནས་ཕྱག་བགྱིའོ། །ཞེས་དགེ་འདུན་ཕལ་ཆེན་སྡེ་པའི་བཟང་པོའི་ལམ་པ་ཕོ་བྲང་དཔལ་ཡོན་ཅན་ན་གནས་པ་རྣམས་ 98-177a ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་འདོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་གསང་བ་གང་དག་ཡིན་པ་དང་། གསུང་གི་གསང་བ་གང་དག་ཡིན་པ་དང་། ཐུགས་ཀྱི་གསང་བ་གང་དག་ཡིན་པ་དེ་དག་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་འཇུག་ པ་མ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ལྔ་བརྒྱ་ཙམ་ཡང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཡོངས་སུ་ཤེས་པར་མི་ནུས་སོ། །གང་ཡང་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ མེད་དེ། ཀུན་དགའ་བོ་གང་མིང་འཛིན་པ་ཙམ་ཞིག་བྱེད་པའི་སེམས་ཅན་དེ་ཐམས་ཅད་ཀྱང་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་དཔའ་བོ་ནི། །མི་ འཇིགས་སྙིང་རྗེའི་བདག་ཉིད་ཅན། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་ནི། །ཐུབ་པ་ཆེ་ལ་རབ་ཏུ་འདུད། །ཅེས་དགེ་འདུན་ཕལ་ཆེན་སྡེའི་གངས་ཀྱི་རི་ལ་གནས་པ་རྣམས་ཀྱི་སྐྱེས་པ་རབས་ཀྱི་སྡེ་སྣོད་ལས་འདོན་ཏོ། །འོད་སྲུངས་ཆེན་པོས་གསོལ་པ། འགྲོ་བའི་མགོན་ཁྱོད་གང་གི་ཚེ། ། སེམས་ཅན་ཀུན་ལ་སྨན་བཞེད་ནས། །སྤྱན་ནི་ཕྱུང་ནས་སྦྱིན་མཛད་པ། །དེ་ཚེའི་ཕྱག་འོས་དེ་ཕྱག་བགྱིད། །གང་གི་ཕྲིན་ལས་རྟོགས་བརྗོད་པ། །སྐུ་ཚེ་སྔ་མའི་ཐོས་གྱུར་གང་། །མགོན་པོ་ཐུབ་པ་ཆེན་པོ་ཡི། །སྐྱེས་པའི་རབས་ལ་ཕྱག་བགྱིའོ། །གང་ཚེ་དགའ་ལྡན་གཙོར་གྱུར་དང་། །ཤཱཀྱའི་ རིགས་སུ་འཁྲུངས་པ་དང་། །གང་ཚེ་ཁྱོད་ནི་རྫོགས་སངས་རྒྱས། །ཐུབ་པ་ཁྱོད་ཀྱི་དེ་དག་འདུད། །ཅེས་འཕགས་པ་དགེ་འདུན་ཕལ་ཆེན་གྱི་མདོ་སྡེའི་སྡེ་སྣོད་ལས་འདོན་ཏེ། འཇིག་རྟེན་འདས་པ་ཞི་བ་དང་། །དོན་གྲུབ་པ་དང་རི་གཉིས་གནས། །བཟང་པོའི་ལམ་པ་གངས་རི་པ། ། དགེ་འདུན་ཕལ་ཆེན་རྩ་བའི་དྲུག །དེ་རྣམས་ཀྱི་ཡིན་ནོ། །སངས་རྒྱས་སྲས་པོ་བྱང་ཆུབ་སེམས། །འཇིག་རྟེན་ཀུན་གྱིས་ཕྱག་བགྱིའོ། །ཤེས་རབ་དཔག་ཏུ་མེད་པ་དང་། །ཚུལ་ཁྲིམས་ཤེས་རབ་རྣམ་གྲོལ་དག །གོ་ཆ་ཆེན་པོའི་གོ་བགོས་ནས། །བསམ་གྱིས་མི་ཁྱབ་དབང་ཐོབ་ཅིང་། །ཕ་རོལ་ 98-177b ཕྱིན་བཅུ་རྫོགས་གྱུར་ནས། །སངས་རྒྱས་ཆོས་རྣམས་མངོན་གྱུར་པ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་ལ། །འཇིག་རྟེན་ཀུན་གྱིས་ཕྱག་བགྱིའོ། །ཤེས་རབ་ཚུལ་ཁྲིམས་ཏིང་འཛིན་གྱི། །དེ་དང་མཉམ་པའི་དགེ་འདུན་མེད། །འཇིག་རྟེན་ཀུན་གྱིས་ཕྱག་བགྱིས་པ། །སངས་རྒྱས་ཀུན་མཁྱེན་ མ་གཏོགས་པའི། །ལྷ་དང་བཅས་པའི་འཇིག་རྟེན་ནི། །འགས་ཀྱང་ཕྱག་མི་བྱ་བ་མིན། །ཞེས་འཕགས་པ་གནས་བརྟན་པ་འཇིགས་མེད་རི་ལ་གནས་པ་རྣམས་ཀྱི་སངས་རྒྱས་ཀྱི་རིགས་ཁྲི་ཉིས་སྟོང་ལས་འདོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་མཐོང་ བས། བཅོམ་ལྡན་འདས་ལ་སེམས་ཤིན་ཏུ་དང་བར་གྱུར་ནས། བཅོམ་ལྡན་འདས་དེ་ག་ལ་བདེ་སོགས་སུ་ཐལ་མོ་སྦྱར་བས་ཕྱག་འཚལ་ཏེ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། བག་ཆགས་བཅས་པའི་སྐྱོན་ལས་རྒྱལ། །མུ་སྟེགས་མ་ལུས་ཀུན་ལས་རྒྱལ། །ཆོ་འཕྲུལ་ བསྟན་པས་ལྷ་རྣམས་ཀྱི། །འཇིག་རྟེན་འོག་མིན་མཐར་ཐུག་མཛེས། །འཇིག་རྟེན་ཕྲ་རབ་རྡུལ་སྙེད་ཀྱིས། །དཔའ་བོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་བསྐྱེད་ལས་བརྩམས་ནས། །དྲང་སྲོང་ཆེ་ལ་བདག་ཕྱག་འཚལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པར་མཛད་པ་དེ་ལ་ཡང་ཕྱག་ འཚལ་ལོ། །མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ཡང་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དེ་ལ་ཡང་ཕྱག་བགྱིད་དོ། །བསིལ་བར་གྱུར་པ་ལ་ཡང་ཕྱག་འཚལ་ལོ་ཞེས་བཏགས་པར་སྨྲ་བའི་མང་དུ་ཐོས་པ་པ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །དེ་ནས་ཚེ་དང་ ལྡན་པ་གང་པོས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དེ་མཐོང་བས། བཅོམ་ལྡན་འདས་ལ་སེམས་ཤིན་ཏུ་དང་བར་གྱུར་ནས་འདི་སྐད་ཅེས་གསོལ་ཏོ། །མགོན་པོ་ཁྱོད་ནི་བྱང་ཆུབ་སེམས་དཔར་གྱུར་པས་ཆོ་འཕྲུལ་བརྒྱ་སྟོང་མཛད་པ་དེ་ལ་ཡང་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔར་གྱུར་ པའི་སྐྱེ་བ་རྣམས་ཆོ་འཕྲུལ་བརྒྱ་སྟོང་གི་འབྱུང་གནས་སུ་གྱུར་པ་ལ་ཡང་ཕྱག་འཚལ་ལོ། །མགོན་པོ་ཁྱོད་གཤེགས་པ་ན་ཡང་ཕྱག་འཚལ་ལོ། །མགོན་པོ་ཁྱོད་བཞུགས་པ་ན་ཡང་ཕྱག་འཚལ་ལོ། །མགོན་པོ་ཁྱོད་སྐུ་གཡོ་བ་ན་ཡང་ཕྱག་འཚལ་ལོ། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །སངས་ 98-178a རྒྱས་མཛད་པ་ཐམས་ཅད་ཀྱིས། །སེམས་ཅན་ཀུན་ལ་སྨན་མཛད་པ། །ཕྱག་འོས་ཕྱག་བགྱི་ཁྱོད་ཕྱག་འཚལ། །ཞེས་འཕགས་པ་མཆོད་རྟེན་པའི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་གཞོན་ནུས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་ བསྟན་པ་དེ་མཐོང་ནས་སེམས་ཤིན་ཏུ་དང་བར་གྱུར་པས། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས་ཕྱག་འཚལ་ནས། ཚིགས་སུ་བཅད་པས་བཅོམ་ལྡན་འདས་ལ་བསྟོད་པ། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་པར་མཛད་པ་དང་། །བལྟམས་དང་བལྟམས་པར་ གྱུར་པ་ན། །ཆོ་འཕྲུལ་དག་ནི་སྟོན་མཛད་པ། །ཕྱག་འོས་ཀུན་གྱིས་ཕྱག་བགྱིས་པ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཟག་མེད་དྲང་སྲོང་གྱུར་པ་ཡི། །ལམ་མཁན་དེད་དཔོན་མཆོག་གྱུར་དང་། །སྐྱེ་བ་སྤངས་པ་ཡང་སྲིད་མེད། །རྒལ་ནས་དགོན་པ་ལས་སྒྲོལ་བ། །ཆོ་འཕྲུལ་བཅས་པ་ སྟོན་མཛད་པ། །བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ། །འོད་སྲུངས་ཆེན་པོས་གསོལ་པ། དཔའ་བོ་ཞབས་ནི་བརྐྱང་མཛད་ཅིང་། །ད་ལྟར་འཇིག་མེད་ཕྱག་འཚལ་ལོ། །མགོན་ཁྱོད་བལྟམས་པ་ལ་ཕྱག་འཚལ། །བླ་མེད་རྫོགས་པར་བྱང་ཆུབ་དང་། །ཆོས་ཀྱི་འཁོར་ལོ་ལ་ཕྱག་འཚལ། ། ཐུབ་པ་མྱ་ངན་འདས་པ་དང་། །སྐྱེས་པའི་རབས་ནི་ཐམས་ཅད་དང་། །སྐུ་གདུང་བཞུགས་པ་ཐམས་ཅད་དེ། །མགོན་པོ་ཀུན་ལ་ཕྱག་འཚལ་ལོ། །ཞེས་འཕགས་པ་བ་ལང་གནས་ཆེན་པོ་མཆོད་རྟེན་པ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །འཕགས་པ་ཤཱ་རིའི་བུས་ གསོལ་པ། གང་ནས་བཟུང་སྟེ་ཐུབ་པ་ཁྱོད། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་པ། །དེ་ནས་བཟུང་སྟེ་སྤྱི་བོས་བདག །མི་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་བདེ་དོན་ཀུན་འདྲེན་པ། །བྱང་ཆུབ་བརྙེས་པའི་ཀུན་མཁྱེན་ལ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ནས། །བརྒྱ་ ཕྲག་མང་པོར་བདག་ཕྱག་འཚལ། །གང་ཚེ་དོན་འདོད་པ་ལ་དོན། །ཉིད་ཀྱི་ཤ་ཡང་སྩོལ་མཛད་པ། །དེ་ཚེ་ཉིད་དུ་ཕྱག་འོས་ནི། །ཀུན་གཙོ་མཆོད་གནས་མངའ་བདག་གྱུར། །མངོན་ཤེས་དྲུག་པོ་མངོན་ཤེས་ཆེ། །རྐྱེན་རྒྱལ་གཙོ་བོ་རྣམས་ཀྱིས་ཀྱང་། །དེ་ཚེ་གཙོ་བོར་གྱུར་པ་ཁྱོད། ། 98-178b ཕྱག་དང་མཆོད་པ་བྱས་པ་ཡིན། །ཞེས་འཕགས་པ་འོད་སྲུངས་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་རེ་བཏས་གསོལ་པ། དཔའ་ཆེན་ཁྱོད་ཀྱི་སྤྱོད་པ་ནི། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །ཁམས་གསུམ་ཕྱག་འོས་ཕྱག་བགྱིས་པའི། །སྐྱེས་པའི་རབས་ ལ་བདག་ཕྱག་འཚལ། །ཞེས་འཕགས་པ་གོས་དམར་པོའི་སངས་རྒྱས་ཀྱིས་གསུངས་པ་ལས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། འོད་ཟེར་མཛེས་པའི་ཁ་དོག་གིས། །དགའ་ལྡན་གནས་ནི་སྣང་མཛད་ནས། །བྱང་ཆུབ་སེམས་དཔའ་འདིར་གཤེགས་པ། །ཤཱཀྱ་ ཐུབ་ལ་བདག་ཕྱག་འཚལ། །ཤཱཀ་རིགས་གཞོན་ནུར་འཁྲུངས་པ་ལ། །གང་འདི་རྒྱན་གྱིས་བརྒྱན་པའི་གཙོ། །དྲན་དང་ཤེས་བཞིན་གྱིས་བསྡམས་པའི། །ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །གང་ཞིག་འཛམ་བུའི་གྲིབ་མ་ལ། །བཞུགས་ཚེ་ཉི་མ་ཡོལ་གྱུར་ཀྱང་། །མཉམ་མེད་གྲིབ་མས་མ་ བཏང་བ། །ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །ཞེས་འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུ་ལའི་གནས་པ་རྣམས་ཀྱིས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། ཚོགས་ནི་ཡོངས་སུ་རྫོགས་པ་ལས། །ཤཱཀྱའི་རྒྱལ་རིགས་འཁྲུངས་པ་ལ། །ལྷ་མིའི་ཚོགས་ཀྱིས་མཆོད་ གྱུར་པ། །ཕྱག་འོས་དེ་ལའང་ཕྱག་བགྱིའོ། །བྱང་ཆུབ་ཤིང་གི་རྩར་བཞུགས་ནས། །སྡེར་བཅས་བདུད་ལས་རྒྱལ་བྱས་ཏེ། །གང་ཚེ་ཀུན་མཁྱེན་ཉིད་གྱུར་པ། །དེའི་ཚེ་ཕྱག་འོས་དེ་ཕྱག་བགྱི། །བཱ་རཱ་ཎ་སཱིའི་དྲང་སྲོང་ཚལ། །བདུད་རྩིའི་གོ་འཕང་མཁྱེན་གྱུར་ནས། །བདུད་རྩིའི་འཁོར་ལོ་ བསྐོར་མཛད་པ། །དེ་ཚེའི་ཕྱག་འོས་དེ་ཕྱག་བགྱི། །ཞེས་འཕགས་པས་སྟོན་པ་རྣམས་ཀྱིས་ཚོམས་བརྒྱད་པ་ལས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་ནག་པོ་འཆར་ཀས་གསོལ་པ། སེམས་ཅན་ཀུན་ལ་སྨན་སླད་དུ། །སྤྱི་གཙུག་ནོར་ལྡན་པ་ཡི་དབུ། །གང་ཚེ་ཁྱོད་ཀྱིས་སྔོན་བཏང་བ། ། དེ་ཚེའི་གཙོ་བོ་དེ་ཕྱག་བགྱི། །ཞེས་འཕགས་པ་རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ལས་འདོན་པར་བྱེད་དོ། །གང་ཚེ་མར་མེ་མཛད་ཀྱིས་ནི། །ང་ནི་ལུང་བསྟན་གྱུར་དེ་ཚེ། །ས་བརྒྱད་པ་ནི་ངས་ཐོབ་ཅིང་། །དབང་བཅུ་དག་ཀྱང་ཐོབ་གྱུར་ལ། །འཇིག་རྟེན་མགོན་གྱིས་ 98-179a མངོན་སུམ་དུ། །ང་ལུང་བསྟན་པར་གྱུར་ཐོས་ནས། །ལྷ་དང་བཅས་པའི་འཇིག་རྟེན་གྱིས། །གུས་བཅས་ང་ལ་ཕྱག་ཀྱང་བགྱིས། །ང་ཡི་རལ་པའི་ཕུང་པོ་ལ། །སངས་རྒྱས་ཞབས་ཀྱིས་མནན་མཛད་དེ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས། །ཕྱག་འོས་འདི་ལ་ ཕྱག་གྱིས་ཤིག །སྤུན་ཟླ་ས་གཉིས་གནས་པ་དང་། །སངས་རྒྱས་ཀུན་མཁྱེན་མ་གཏོགས་པ། །འདི་ལ་ཕྱག་བྱེད་རིགས་མིན་པ། །འཇིག་རྟེན་འདི་ན་འགའ་མེད་གསུངས། །ཞེས་འཕགས་པ་ཆོས་སྦས་པ་རྣམས་ཀྱིས་ཆོས་ཀྱི་རྐང་པ་ལས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ གསོལ་པ། གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་དགའ་ལྡན་གྱི་གནས་ནས་འཕོས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེ་ཡང་བཅོམ་ལྡན་འདས་བདག་གིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ལགས་སོ། །དེ་ལ་ འདི་སྐད་ཅེས་བྱ་སྟེ། གང་ཞིག་དགའ་ལྡན་གནས་འཕོས་ནས། །དྲན་ལྡན་ཤེས་བཞིན་ལྡན་པར་ནི། །ཡུམ་གྱི་ལྷུམས་སུ་གཤེགས་པ་དང་། །ལྷུམས་གནས་དེ་ལ་བདག་ཕྱག་འཚལ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པར་གྱུར་པ་ན་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་འོད་ཀྱིས་གསལ་བར་མཛད་པ་དང་ལྡན་པ་དེ་ཡང་བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ལགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཡང་བལྟམས་ཚེ་སྟོང་གསུམ་འདི། །འོད་ཀྱིས་གསལ་བར་མཛད་དང་ ལྡན། །ཉི་མ་བྱེ་བ་མཚུངས་པ་ཡི། །བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །གང་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་མ་ཐག་ཏུ་གོམ་པ་བདུན་དུ་གཤེགས་པ་འདི་ཡང་བདག་གིས་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ཏོ། །དེ་ལ་ འདི་སྐད་ཅེས་བྱ་སྟེ། བལྟམས་མ་ཐག་ཏུ་གོམ་པ་བདུན། །པདྨ་ལ་ནི་གནས་པ་དང་། །བན་གླང་རོལ་པ་ལྟར་གཤེགས་པ། །གཽ་ཏ་མ་ལ་ཕྱག་འཚལ། །ཞེས་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་ཆོས་རྨད་དུ་བྱུང་བ་ལས་འདོན་ཏོ། །དེ་ལྟར་ན་སྡེ་པ་བཅོ་བརྒྱད་ཀྱི་གཞུང་ལས་དང་ 98-179b པོ་སེམས་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་བར་གྲུབ་པས་ཐེག་པ་ཆེན་པོ་སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་རིག་པར་བྱའོ། །ཅི་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་ཁྱིམ་པ་ཀུན་ལ་ཡང་རབ་ཏུ་བྱུང་བས་ཕྱག་བྱ་བ་ཡིན་ནམ་ཞེ་ན། མ་ཡིན་པར་བརྗོད་པར་བྱ་སྟེ། གང་དག་ས་ལ་བཞུགས་པ་དང་། ལུང་བསྟན་པ་ཐོབ་པ་ཡིན་པར་ཐོས་པ་དེ་དག་ནི་གང་དག་རི་བོང་དང་ངང་པའི་རྒྱལ་པོ་ལ་སོགས་པ་དུད་འགྲོར་གྱུར་པ་ལ་ཡང་ཕྱག་བྱ་བ་ཡིན་ན་མི་ལ་སོགས་པར་གྱུར་པ་ལ་ལྟ་སྨོས་ཀྱང་ཅི་དགོས། གང་ཡང་དགེ་སློང་གིས་ ཕྱག་བྱ་བ་ནི་གཉིས་ཏེ། སངས་རྒྱས་དང་དགེ་སློང་རྒན་པའོ་ཞེས་བྱ་བ་དེ་ལ་ཡང་སངས་རྒྱས་ཀྱི་ནི་གཉིས་ལ་ཕྱག་བྱ་བ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱི་ཡོན་ཏན་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱིས་རྟོགས་པའོ། །གང་དེ་དག་གཉི་གའི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་བ་ལ་སོགས་པ་དང་། སྦྱིན་པ་ལ་སོགས་པ་དེ་རྣམས་ནི་བྱང་ཆུབ་ཀྱི་ སེམས་ཀྱི་རྩ་བ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་དེ་དག་ནི་མི་ཟད་པ་ཡིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ནི་གཟུགས་ཅན་གྱུར། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་བྱ་བ་ལ་ སོགས་པ་ཡང་འབྱུང་ངོ་། །དེ་ཁོ་ན་ཉིད་རྟོགས་པ་མེད་དུ་ཟིན་ཀྱང་དེའི་རྟེན་བྱང་ཆུབ་ཀྱི་སེམས་བརྟན་པར་ཡོད་ན་ཕྱག་བྱ་བ་ཁོ་ན་ཡིན་ནོ། །མངོན་པར་རྟོགས་པ་ཡང་ས་དང་པོ་ལ་ནི་སྒྲའི་རྗེས་སུ་འགྲོ་བའི་བཟོད་པའོ། །དྲུག་པ་ལ་ནི་རྗེས་སུ་མཐུན་པའོ། །བརྒྱད་པ་ལ་ནི་སྐྱེ་བ་མེད་ པའི་ཆོས་ལ་བཟོད་པ་ཞེས་བྱའོ། །མངོན་པར་རྟོགས་པའི་མཐུ་ནི་འཇིག་རྟེན་གྱི་ཁམས་བརྒྱ་སྙེད་རྫུ་འཕྲུལ་གྱིས་གཡོ་བ་དང་། སྣང་བ་དང་། གཤེགས་པ་དང་། བསྐལ་པ་བརྒྱར་གནས་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ལ་འཇུག་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་ 98-180a པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཡིན་པས་དང་པོ་སེམས་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གང་ལ་ཡང་ཕྱག་མི་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དང་འགལ་བ་ཅི་ཡོད། །སངས་རྒྱས་ལ་ཕྱག་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ ཕྱག་བྱ་སྟེ། རྒྱུད་ཐ་དད་པ་མ་ཡིན་པའི་ཕྱིར་ནྱ་གྲོའི་མྱུ་གུ་དང་། ཆེན་པོར་གྱུར་པ་ལྟ་བུའམ། འཁོར་ལོས་སྒྱུར་བའི་བུ་ལ་ཕྱག་བྱེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ལས་སངས་རྒྱས། །རྫོགས་སངས་རྒྱས་ལས་ཆོས་ཡིན་ཏེ། །ཆོས་ལས་འཕགས་པའི་ཚོགས་འབྱུང་ངོ་། །དེ་ལས་ དཀོན་མཆོག་གསུམ་འབྱུང་ཕྱིར། །བྱང་ཆུབ་སེམས་དཔའ་ལ་གང་སྡང་། །དེ་ནི་དཀོན་མཆོག་གསུམ་ལ་སྡང་། །དཀོན་མཆོག་གསུམ་པོ་གང་སྤང་བ། །དགེ་སློང་མེད་ཅིང་སྡོམ་པ་མེད། །མ་གོལ་ལ་སོགས་པ་བསྟོད་པ་བྱེད་པ་ཕལ་ཆེར་གྱིས་ཀྱང་། བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མ་རྣམས་ཀྱི་ མཛད་སྤྱོད་ལ་མངོན་པར་བསྟོད་པ། ཡང་དག་རྫོགས་པའི་བྱང་ཆུབ་རྒྱུ། །སེམས་ནི་རིན་ཆེན་དེ་ཉིད་ཀྱང་། །དཔའ་བོ་ཁྱོད་ཀྱིས་སྙིང་པོར་མཁྱེན། །དེ་ལས་གཞན་པས་རིང་བར་གྱུར། །དང་པོར་ཁྱོད་ལ་ཕྱག་བགྱི། འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་ རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་ལས་ཀྱང་དེ་བཞིན་གཤེགས་པའི་སྔོན་གྱི་སྦྱོར་བའི་ཡོན་ཏན་རྗེས་སུ་དྲན་པ་ལས་གསུངས་ཏེ། སྔོན་གྱི་སྦྱོར་བ་ཡང་སེམས་དང་པོ་བསྐྱེད་པ་ནས་བཟུང་ སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པའོ། །གལ་ཏེ་ཡང་སྔོན་གྱི་སྦྱོར་བ་རྗེས་སུ་དྲན་པས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་འགྱུར་བ་ཡིན་ན། སངས་རྒྱས་ལ་ཕྱག་བྱ་བ་ཡིན་ཞིང་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་བ་མ་ཡིན་པར་ཇི་ལྟར་འགྱུར། གང་ཡང་ཐེག་པ་ཆེན་པོའི་ མདོ་སྡེ་ཁ་ཅིག་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་རྣམས་ལ་བཙུན་པ་ཞེས་བྱ་བ་གུས་པའི་ཚིག་གིས་སྤྱོད་པར་བྱེད་ཅིང་ཕྱག་བྱས་པ་དང་། ཉན་ཐོས་རྣམས་ཀྱིས་ཀྱང་དེ་དག་ལ་རིགས་ཀྱི་བུ་ཞེས་བྱ་བའི་ཚིག་གིས་གཏམ་རྗོད་པར་བྱེད་པ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་ 98-180b བ་ཡིན་ནོ། །འདི་ལྟར་བཟོད་པ་རྟོགས་པར་གྱུར་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཐོབ་པ་སངས་རྒྱས་ཀྱི་སྤྲུལ་པ་སྟོན་པར་མཛད་པ་དེ་དག་ནི་དགྲ་བཅོམ་པ་ལ་སོགས་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བ་ཡིན་ནོ། །གལ་ཏེ་དེ་དག་ཉན་ཐོས་ལ་སོགས་པའི་ཕྱག་བྱ་བའི་གནས་མ་ཡིན་ན་ ནི། དེ་དག་གིས་སངས་རྒྱས་ཀྱི་སྤྲུལ་པ་ཡང་སྟོན་པར་མི་འགྱུར་ལ། དེ་དག་གིས་ཕྱག་བྱ་བ་ཡང་བདག་གིར་བྱེད་པར་མི་འགྱུར་ཏེ། འཕགས་པ་ཉེར་སྦས་ཀྱིས་བདུད་ལ་སྨྲས་ནས་སངས་རྒྱས་ཀྱི་སྤྲུལ་པ་བྱས་པ་ལྟ་བུའོ། །ཁྱད་པར་རྟོགས་པར་འདོད་པས་ནི་ཐེག་པ་ཆེན་པོའི་གསུང་རབ་ཟབ་ མོ་རྣམས་བལྟ་བར་བྱ་བའི་ཕྱིར་རབ་ཏུ་སྡང་བ་རྩོམ་པ་དང་འབྲལ་བའི་ངན་འགྲོར་འགྲོ་བའི་རྒྱུ་ཚིག་ངན་པ་མང་པོ་སྨྲ་བར་བྱ་བ་མ་ཡིན་ནོ། །གང་ཡང་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བཟུང་བའི་བསོད་ནམས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བཟུང་བའི་བསོད་ནམས་མཉམ་པར་གསུངས་པ་དང་། གང་ཡང་དཀོན་མཆོག་བརྩེགས་པའི་མདོ་ལས། ཟླ་བ་ཚེས་པ་དང་ཉ་བའི་དཔེས་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་དུ་བསྔགས་པར་འབྱུང་བ་ཡང་དེ་ལས་འཕགས་པ་འབྱུང་ཞིང་སྟེར་བ་ཡིན་པའི་ཕྱིར་དང་། ཕར་གྱུར་པའི་ཕྱིར་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པས་དང་པོའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་ཕྱིར་དང་། བྱང་ཆུབ་ཀྱི་ས་བོན་རབ་ཏུ་འབྱུང་བ་ཡིན་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །ནམ་མཁའ་མཛོད་ཀྱི་སྨོན་ལམ་ལ་སོགས་པ་ཡང་ཚིག་ཙམ་མ་ཡིན་ཏེ་འབྲས་བུ་ མཐོང་བའི་ཕྱིར་རོ། །ད་ལྟར་ཅིའི་ཕྱིར་མཐོང་བར་མ་གྱུར་ཅེ་ན། དགེ་བའི་རྩ་བས་དབུལ་བར་གྱུར་པའི་རྒྱུད་ལ་འབྲས་བུ་ཡོད་བཞིན་དུ་ཡང་བར་དུ་ཉམས་པར་འགྱུར་བའམ། ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ཏེ། གང་གཱའི་ཆུ་ཀླུང་སྐམས་པའམ། རྣག་གམ། མེ་མར་མུར་དུ་མཐོང་བ་བཞིན་ཏེ། ཇི་ལྟར་ཆུ་བོ་གང་གཱའི་འགྲམ་ན་ཡི་དྭགས་བརྒྱ་སྟོང་མང་པོ་གནས་པ་རྣམས་བདག་ཉིད་ལ་སྐལ་བ་མེད་པར་གྱུར་པའི་དབང་གིས་གང་གཱའི་ཆུ་ཀླུང་ཡོངས་སུ་སྐམས་པའམ། རྣག་གམ་མེ་མར་མུར་དུ་འབར་བ་མཐོང་བ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་ཡོངས་སུ་བྱུང་བའི་ 98-181a ནོར་གྱི་ཆར་ཕབ་པར་གྱུར་ཀྱང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་གྱི་ཁམས་རྣམས་ལ་འབབ་པར་མི་འགྱུར་ཏེ། ནམ་མཁའ་ཉིད་དུ་མེད་པར་འགྱུར་བའམ་ཐོག་ལ་སོགས་པའི་ངོ་བོར་གྱུར་ནས་འབབ་པར་འགྱུར་ཏེ། ཇི་ལྟར་ཆུ་འཛིན་དང་བྲལ་བར་གྱུར་པའི་ནམ་མཁའི་ དཀྱིལ་དུ་འོད་ཟེར་སྟོང་འགྱེད་པའི་ཉི་མ་ཤར་བར་གྱུར་ཀྱང་དམུས་ལོང་གིས་སྔོན་གྱི་ལས་ཀྱི་དབང་གིས་འོད་ཟེར་གཅིག་ཙམ་ཡང་མཐོང་བར་མི་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ནམ་མཁའི་དཀྱིལ་ནས་རིན་པོ་ཆེའི་ཕུང་པོ་འབབ་པར་གྱུར་ཀྱང་སྐྱེ་བོ་བསོད་ནམས་ཆུང་བ་དག་གི་སྔོན་གྱི་ལས་ཀྱི་ཉེས་པས་ཅུང་ཟད་ཅིག་ཀྱང་དེའི་ཉེ་བར་ལོངས་སྤྱོད་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་རང་གི་མཐུ་ཉིད་ཀྱིས་འབྱོར་པ་དང་རྒུད་པ་དག་ཏུ་འགྱུར་བ་ཡིན་ན་ནི་དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་དག་ལ་ནུས་པ་མེད་པར་གྱུར་པ་ཡིན་ནོ་ཞེ་ན། གཞན་ལ་ཕན་པ་འབྱུང་བ་ནི་ཚོགས་པ་ལས་བྱུང་བ་ཡིན་པའི་ཕྱིར་ནུས་པ་མེད་པ་མ་ཡིན་ཏེ། ཇི་ལྟར་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་གི །རྐྱེན་གཅིག་མ་ཚང་ན་ཡང་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་གཏོང་བ་དང་། སེར་སྣ་སྤངས་པ་དང་། འདོད་པ་མེད་པ་མང་དུ་གོམས་པ་དང་། མཉམ་ པའི་སེམས་དང་། འདོད་པ་ལ་སྦྱིན་པ་རྫོགས་པར་བྱེད་པ་དང་། ལན་དུ་ཕན་འདོགས་པ་ལ་རེ་བ་མེད་པ་དང་། འབྲས་བུ་ལ་འདོད་པ་མི་སྐྱེད་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་པའི་སྦྱིན་པ་བས་ནི་ནོར་གྱི་ཆར་པ་འབབ་པ་ལ་སོགས་པ་ཐོབ་པར་འགྱུར་བའི་འབྲས་བུ་རྣམ་ པར་སྨིན་པར་ཡོངས་སུ་འཛིན་ཅིང་གསལ་བར་བྱེད་པ་ཡིན་གྱི། དེ་ལས་རྐྱེན་གང་ཡང་རུང་བ་ཞིག་མ་ཚང་ན་འབྱུང་བར་མི་འགྱུར་རོ། །དེ་ལྟ་བས་ན་ནམ་མཁའ་མཛོད་ལ་སོགས་པའི་སྨོན་ལམ་ནི་འབྲས་བུ་དང་བཅས་པ་ཁོ་ན་ཡིན་ནོ། །ཤཱཀྱ་ཐུབ་པ་ཡང་སྤྲུལ་པ་ཁོ་ན་ཡིན་པར་རིགས་ཏེ། འོག་མིན་གྱི་སྤྱོད་ཡུལ་ཅན་ཆོས་ཀྱི་སྐུ་ལ་བརྟེན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལས་རབ་ཏུ་བྱུང་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དག་ནི་རྣམ་པར་རྟོག་པ་མི་མངའ་བ་ཡིན་ལ་དེ་དག་ལ་རྣམ་པར་རྟོག་པ་མི་མངའ་ན་ཡང་སྤྲུལ་པའི་སྐུ་ག་ལས་འབྱུང་བར་འགྱུར་ 98-181b ཏེ། མ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་སྨོན་ལམ་བཏབ་པ་ཡིན་ཏེ། བདག་གིས་རྣམ་པར་མི་རྟོག་པའི་ཆོས་ཉིད་ཐོབ་ནས་སྤྱོད་པ་གང་དག་དང་སྐད་ཀྱི་རྣམ་པ་གང་དག་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་སྤྱོད་པ་དེ་ དག་དང་། ཆ་བྱད་དེ་ལྟ་བུ་དང་། སྐད་ཀྱི་རྣམ་པ་དེ་དག་གིས་རྣམ་པར་རྟོག་པའི་རྩོལ་བ་མེད་བཞིན་དུ་ཡང་འཇུག་པར་གྱུར་ཅིག་ཅེས་བྱ་བའི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས། རྩ་བའི་དེ་བཞིན་གཤེགས་པའི་སྐུ་ལས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་མྱ་ངན་ལས་འདས་ པའི་བར་གྱི་སེམས་ཅན་ལ་ཕན་པའི་ཐབས་སུ་གྱུར་པ་རྣམས་འཇུག་པར་འགྱུར་བ་ཡིན་ཏེ། སྤྲུལ་པའི་སྐུ་མེད་པར་ནི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་འཕོ་བ་དང་། འཇུག་པ་དང་། བལྟམས་པ་དང་། བཟོའི་གནས་བསླབ་པ་བསྟན་པ་དང་། བཙུན་མོའི་འཁོར་ན་གནས་པ་དང་། མངོན་པར་འབྱུང་བ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པར་སྟོན་པས་འདུལ་བའི་སེམས་ཅན་རྣམས་འདུལ་བར་ནུས་པ་མ་ཡིན་ནོ། །སྡེ་པ་ཐ་དད་ཀྱི་གཞུང་ལས་ཀྱང་། སངས་རྒྱས་ཀྱི་སྤྲུལ་ པ་སྟོན་པ་ཡོད་དེ། ཇི་ལྟར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་རྔོན་པ་གདུལ་བའི་ཕྱིར་རྔོན་པའི་གཟུགས་སུ་སྤྲུལ་པ་དང་། མི་དབང་པདྨ་སྐྱེས་བུས་གདུལ་བའི་ཕྱིར་རྒན་པོའི་གཟུགས་སུ་སྤྲུལ་པ་དང་། ལྷའི་མིག་གིས་ཅི་ཞིག་མཐོང་ཞེས་དྲིས་པ་ན་འཕགས་པ་མ་འགགས་པས་སྨྲས་ པ། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། སྲིད་པ་བར་མའི་སེམས་ཅན་གྲངས་མེད་པ་དག་མཐོང་ངོ་ཞེས་བྱ་བ་ནི་ཇི་ལྟར་སྤྲུལ་པ་དེ་དག་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ལྟར་སྤྲུལ་ནས་འཇུག་པ་ཡིན་ནོ། །དེ་བཞིན་དུ། ཤཱཀྱ་ཐུབ་པའི་སྤྲུལ་པ་ཡང་འཇུག་པ་ཡིན་ལ། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པའི་སྒྱུ་མ་དང་འདྲ་བ་ཡང་མ་ཡིན་ཞིང་། གནས་གཙང་མ་ན་གནས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་པ་ཡང་ཡིན་ལ། སྤྲུལ་པའི་སངས་རྒྱས་དེ་རྣམས་ཐ་དད་པའི་སངས་རྒྱས་ཀྱང་མ་ཡིན་ཏེ། རྟེན་གཅིག་ 98-182a པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལས་རབ་ཏུ་བཀྱེ་བའི་འོད་ཟེར་ལྟ་བུའམ། མིའི་བདག་པོ་ལ་བརྟེན་པའི་བྱ་བ་བྱེད་པའི་སྐྱེས་བུ་མང་པོ་བཞིན་དུ་སྤྲུལ་པ་རྣམས་མང་པོ་ཉིད་ཡིན་ན་ཡང་མཛད་པ་གཅིག་པའི་ཕྱིར་དེ་བཞིན་གཤེགས་པ་ནི་མང་པོ་ཉིད་མ་ཡིན་པར་འདོད་དེ། དེས་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་མང་པོ་འབྱུང་བ་ནི་གནས་མེད་ཅིང་སྐབས་མེད་དོ་ཞེས་བྱ་བ་དང་ཡང་མི་འགལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་གྱི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནི་མ་ཡིན་པས་སོ། །ཇི་ ལྟར་ཆོས་སྦས་པ་རྣམས་ཀྱང་། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པའི། །སྐུ་ཀུན་ལ་ཡང་དེ་བཞིན་ཏེ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཆོས་ཀྱི་ འཁོར་ལོ་བསྐོར་བ་དང་། །གང་དུ་ཟག་མེད་མྱ་ངན་འདས། །གང་དུ་གནས་དང་འཆག་པ་དང་། །དེ་བཞིན་གཤེགས་པ་བཞུགས་པ་དང་། །སེང་གེ་ལྟ་བུར་གཟིམས་བཤམས་པའི། །གནས་དེ་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ན་ བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་ཏེ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་སྟོད་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་འདོན་པར་བྱེད་དོ། ། ཡང་གནས་བརྟན་ཤཱ་རིའི་བུས་བཞག་པའི་སྐྱེ་རགས་གནས་བརྟན་མཽད་གལ་གྱི་བུས་རྫུ་འཕྲུལ་གྱིས་བཏེག་པར་མ་ནུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ནི་རྫུ་འཕྲུལ་ལས་ཉམས་པ་མ་ཡིན་གྱི། འོན་ཀྱང་དགེ་སློང་ཤཱ་རིའི་བུས་རང་གི་ཤེས་རབ་ཀྱི་སྟོབས་ བསྐྱེད་པས། དེ་བཞིན་གཤེགས་པ་བསྟེན་པར་དཀའ་བའི་སེང་གེའི་ཁྲི་ལ་སྐྱེ་རགས་ཀྱི་སྣ་བཏགས་ཤིང་བསྟེན་པ་ཡིན་ནོ་ཞེས་གསུངས་པ་དང་། གསེར་མགར་དང་ཤིང་མཁན་གྱི་གཏམ་རྒྱུད་ཀྱིས་སངས་རྒྱས་དང་བཅས་པ་དང་། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་ 98-182b རྣམས་ཉེ་བར་བསྟན་པར་ཤེས་པར་བྱའོ། །ཡང་གསུངས་པ། གང་དག་འདས་པའི་རྫོགས་སངས་རྒྱས། །གང་དག་མ་བྱོན་སངས་རྒྱས་དང་། །གང་ཡང་ད་ལྟར་རྫོགས་སངས་རྒྱས། །མྱ་ངན་སེལ་མཛད་མང་པོ་རྣམས། །ཀུན་ཀྱང་ཆོས་ལ་རིམ་གྲོ་ཡིས། །གནས་པར་གྱུར་ ཅིང་གནས་མཛད་ལ། །ད་དུང་དུ་ཡང་གནས་མཛད་དེ། །འདི་ནི་རྫོགས་སངས་ཆོས་ཉིད་དོ། །ཞེས་ཀྱང་འབྱུང་བས། གང་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་ནི་གཅིག་ཅིག་བཞུགས་སོ་སྙམ་སེམས་པ་དེ་དག་གིས་ནི་གསུང་རབ་ཀྱི་དོན་མི་ཤེས་པ་ཡིན་ཏེ། ཇི་ སྐད་དུ་མར་མེ་མཛད་དང་། རིན་ཆེན་གཙུག་ཏོར་ཅན་ལ་སོགས་པ་སངས་རྒྱས་མང་པོ་ཞིག་ནི་འདས་པར་གྱུར། སེང་གེ་དང་། རྒྱལ་ལ་སོགས་པ་མང་པོ་ཞིག་ནི་འབྱུང་བར་འགྱུར་ཞེས་ཀྱང་འདོན་པ་དང་ལུང་གི་མདོ་ལས་ཀྱང་འདོན་པར་བྱེད་དེ། ཇི་ལྟར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་ཇི་སྙེད་ ཅིག་ཅེ་ན། གང་གཱའི་ཀླུང་གི་བྱེ་མ་སྙེད་དོ། །མ་བྱོན་པ་ཇི་སྙེད་ཅིག་ཅེ་ན། གང་གཱའི་ཀླུང་གི་བྱེ་མ་སྙེད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་འཇིག་རྟེན་གྱི་ཁམས་མང་པོ་དག་ཏུ་མང་པོ་འབྱུང་བར་རིགས་པ་ཉིད་ཡིན་གྱི་གཅིག་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་ ཉིད་ཡིན་ན་ཡང་། དུས་གསུམ་དུ་གཟིགས་པས་གཟིགས་པར་མཛད་པ་ཉིད་དོ། །ཞེས་གསུངས་པ་ནི་འཇིག་རྟེན་གྱི་རྗེས་སུ་མཐུན་པར་ཞུགས་པ་ཡིན་ཏེ། མཉམ་པར་བཞག་པ་ཉིད་ན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་མཛད་པ་འདི་དག་ཐམས་ཅད་འཇུག་པར་འགྱུར་བ་ཡིན་གྱི། རྣམ་པར་རྟོག་པ་མཛད་པ་ནི་མ་ཡིན་ཏེ། ཆུའི་ཡུར་བ་རྐ་སྣ་ཚོགས་སུ་དང་པོ་བཀྱེ་ཞིང་། འདོད་པའི་ཕྱོགས་སུ་བཏང་བ་བྱས་ནས་ཕྱིས་བྱ་བ་མེད་པར་སྡོད་པར་བྱེད་པའི་ཆུན་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་མ་ཡིན་ནོ། །གང་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཕན་ ཡོན་མང་དུ་འབྱུང་བར་བསྔགས་པར་ཡང་ཕལ་ཆེར་ནི་ཕྱི་མའི་འབྲས་བུ་ཡིན་ལ། གང་དག་མཐོང་བའི་ཆོས་ཀྱི་ཕན་ཡོན་ཁ་ཅིག་འབྱུང་བ་དེ་ཡང་དད་པ་དང་ལྷག་པའི་བསམ་པ་ཉམས་པས་དགེ་བ་སྤངས་ཤིང་མི་དགེ་བ་སྤྱོད་པར་གྱུར་པ་དང་། མཐོང་བའི་ཆོས་ཉིད་ལ་སྡིག་པ་ཀུན་དུ་སྤོང་བ་ཤིན་ཏུ་སྟོབས་ 98-183a དང་ལྡན་པར་གྱུར་པས་གནོད་པར་གྱུར་ཅིང་ཟིལ་གྱིས་མནན་པས་གང་དག་གི་དད་པ་ཡང་ཆུང་བར་འགྱུར་ལ། ལྷག་པའི་བསམ་པ་ཡང་སྤངས་པར་གྱུར་པས་དེ་དག་གི་ཕན་ཡོན་ཡང་ཉི་མ་འོད་ཟེར་བརྒྱ་སྟོང་འགྱེད་པ་ཤར་བར་གྱུར་པ་ན་སྐར་མ་རྣམས་མཐོང་བར་ཡང་མི་འགྱུར་བ་ བཞིན་ནོ། །ཡང་ཁ་ཅིག་དམ་པའི་ཆོས་སྤངས་པ་དང་། འཕགས་པ་ལ་སྐུར་པ་བཏབ་པ་དང་། དཀོན་མཆོག་གསུམ་ལ་གནོད་པར་བྱས་པ་རྣམས་ཀྱིས་དགེ་བའི་རྩ་བ་བཟང་པོ་ཡང་མང་དུ་བསགས་ན་ཡང་ཐལ་བས་བཀབ་པ་ལྟར་གྱུར་པས་དེ་རྣམས་ནི་ངན་སོང་གསུམ་གྱི་ལམ་ལ་གནས་པར་གྱུར་པ་ལ་ཕན་ཡོན་ཡང་ཇི་ལྟར་ག་ལ་འབྱུང་བར་འགྱུར། གང་དག་སྡིག་པ་ཤིན་ཏུ་ཆུང་བ་ལ་ཡང་འཇིགས་པར་ལྟ་ཞིང་གཅིག་ཏུ་དགེ་བའི་ཕྱོགས་ལ་སྤྱོད་པར་གྱུར་པས་ཐེག་པ་ཆེན་པོའི་ཡི་གེ་བྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། སེམས་པ་དང་། སྒོམ་པ་དང་། ཉན་པ་དང་། སྦྱིན་ པ་དང་། རབ་ཏུ་སྟོན་པ་དང་། མཆོད་པ་ཞེས་བྱ་བ་རྣམ་པ་བཅུ་རབ་ཏུ་སྒྲུབ་པས་ནན་ཏན་བྱེད་པ་དེ་ནི་གཉེན་པོའི་ཕྱོགས་ཟིལ་གྱིས་གནོན་པར་མི་འགྱུར་བས་ཇི་སྐད་བསྟན་པའི་ཕན་ཡོན་རྣམས་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ། ཇི་ལྟར་གཙུག་ལག་རྣམ་པ་གསུམ་ལ་བརྟེན་ནས་གོམས་པར་བྱས་པས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་གནོད་པ་དང་བྲལ་བའི་བདུད་རྩིའི་གོ་འཕང་འཐོབ་པ་ངེས་པ་བཞིན་ནོ། །གལ་ཏེ་དེ་ནི་བདེན་ན་འདྲ་བ་ཉིད་མ་ཡིན་ཏེ། གང་གི་ཕྱིར་སྡེ་སྣོད་གསུམ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྟན་པ་རྟེན་དུ་གྱུར་པ་དེ་གོམས་པར་ བྱས་པ་ལས་ནི་བྱང་ཆུབ་ཀྱང་རྟོགས་པར་འགྱུར་ཞིང་། ཉོན་མོངས་པ་ཟད་པ་ཡང་རྙེད་དཀའ་བ་མ་ཡིན་ནོ། །ཐེག་པ་ཆེན་པོ་ལས་ཡི་གེ་དང་དོན་ཤེས་པར་མི་རུང་བའི་གཟུངས་སྔགས་དང་། གསང་སྔགས་དང་། རིག་སྔགས་ལ་སོགས་པ་ཕན་ཡོན་མང་པོ་ཅན་བྱིས་པའི་སྐྱེ་བོ་སླུ་བར་ བྱེད་པ་བསྟན་པ་དེ་རྣམས་ནི་གཞན་གྱི་རིག་བྱེད་དང་འདྲའོ། །བསྒོམ་པ་མེད་པ་ནི་སྐྱོན་ཕྲ་རབ་ཙམ་ཡང་ཟད་པར་བྱེད་ནུས་པ་མ་ཡིན་ཏེ། ཉོན་མོངས་པ་བསགས་པ་དང་དེའི་རྩ་བ་ཡོད་ན་སྡིག་པ་ཟད་པ་ག་ལ་འབྱུང་བར་འགྱུར། གཟུངས་སྔགས་ཀྱིས་ཀྱང་སྡིག་པ་ཞི་བར་བྱེད་པ་མ་ཡིན་ 98-183b ཏེ། དེའི་རྒྱུ་དང་མི་འགལ་བ་ཉིད་ཀྱི་ཕྱིར་འཚེ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱིས་ཀྱང་སྡིག་པ་ཟད་པར་བྱེད་པ་མ་ཡིན་ཏེ། སྐད་གཞན་གྱིས་བརྗོད་པའི་ཕྱིར་ཀླ་ཀློ་ལ་སོགས་པའི་སྐད་བཞིན་ནོ་ཞེས་ཀྱང་སྨྲ་བར་ནུས་སོ་ཞེ་ན། གང་ཡང་ཐེག་པ་ཆེན་པོའི་ གཟུངས་སྔགས་ལ་སོགས་པ་ཡི་གེ་སྦྱར་བ་ཙམ་དུ་འདོད་པ་འདི་ལ་བརྗོད་པར་བྱའོ། །རེ་ཞིག་གཟུངས་སྔགས་ནི་བསྒོམ་པའི་རྣམ་པ་ཉིད་ཡིན་ཏེ། ཇི་སྐད་དུ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། གཟུངས་འདི་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་འདུས་བྱས་དང་ འདུས་མ་བྱས་ཀྱི་ཆོས་རྟོགས་པར་ཡང་མི་བྱེད། ལེན་པར་ཡང་མི་བྱེད། གནས་པར་ཡང་མི་བྱེད། མངོན་པར་ཞེན་པར་མི་བྱེད། ཐ་སྙད་འདོགས་པར་ཡང་མི་བྱེད། སངས་རྒྱས་རྗེས་སུ་དྲན་པ་འབའ་ཞིག་སྒོམ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ དང་།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་དྲུག་པ། དེ་བཞིན་དུ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། ཀླུའི་རྒྱལ་པོ་གང་ཡང་བསྟན་པ་ཐམས་ཅད་ནི་མི་ཟད་པ་སྟེ། འདི་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡིན་ནོ། །སོ་ སོ་ཡང་དག་པར་རིག་པ་དང་། ཡེ་ཤེས་དང་། ཤེས་རབ་དང་། སྤོབས་པ་བཞི་ཡང་མི་ཟད་པར་རྗེས་སུ་འབྱུང་བ་དང་། དེ་བཞིན་དུ་ཤིན་ཏུ་རྟོགས་པར་དཀའ་བ་དང་། ངོམས་པ་མེད་པའི་བརྩོན་འགྲུས་འབར་བ་དང་། མཐར་ཐུག་པ་མེད་པ་དང་། མཐོང་བ་མེད་པ་དང་། རྟོན་པ་མེད་པ་དང་། དམོད་པ་མེད་པ་དང་། འཇིགས་པ་མེད་པ་བཞི་པོ་རྣམས་དང་། སྙིང་པོ་དང་། ངེས་པར་འབྱེད་པ་དང་། སྣང་བ་དང་། སྟོབས་ཀྱི་གཏེར་བཞི་འབྱུང་བ་དང་། དེ་བཞིན་དུ་གང་ཡི་གེའི་ལུགས་དང་། མིང་དང་། བརྡ་དང་། ཆོས་ཀྱི་བརྡའི་རྗེས་སུ་འཇུག་པ་དེ་ དག་ཐམས་ཅད་ཀྱང་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདིའི་རྗེས་སུ་ཞུགས་པའི་བྱང་ཆུབ་སེམས་དཔས་ཤེས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་གདོད་མ་ནས་དག་པའོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་གཟུངས་སྔགས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡི་གེ་ཁོ་ 98-184a ན་ལས་བྱང་ཆུབ་ཚོལ་བར་བྱེད། རྗེས་སུ་འཇུག་པར་བྱེད་དེ། ཡི་གེ་ནི་སྟོབས་སོ། །དགོད་པ་ནི་ལུས་སོ། །ཆོས་ཀྱི་སྒོ་ལ་འཛུད་པའི་མགོ་བོ་བལྟ་བ་ནི་དཔྲལ་བའོ། །ཤེས་རབ་ནི་མིག་གོ་ཞེས་བྱ་བ་ལ་སོགས་པས་བསྒོམ་པའི་རྩ་བ་ནི་ཤེས་རབ་ཡིན་ལ། ཤེས་རབ་ཡོད་ པའི་ཕྱིར་གཏི་མུག་མེད་པར་འགྱུར་རོ། །རྩ་བ་མེད་ན་འདོད་ཆགས་དང་ཞེ་སྡང་འབྱུང་བར་མི་འགྱུར་ཏེ། རྩ་བ་དང་འགལ་བ་ཡོད་པའི་ཕྱིར་རོ། །དེས་ན་རྩ་བ་དང་འགལ་བ་མེད་པའི་ཕྱིར་ཞེས་བྱ་བའི་དོན་མ་གྲུབ་པ་ཡིན་ནོ། །ཕྱིར་རྒོལ་བའི་རྟོག་གེས་ཀྱང་བསྒྲུབ་པར་བྱ་བ་ལ་གནོད་པ་ཉིད་དེ། གཟུངས་སྔགས་ཀྱིས་ནི་སྡིག་པ་ཞི་བར་འགྱུར་བ་ཉིད་ཡིན་ཏེ། བསྒོམ་པའི་རྣམ་པ་ཡོད་པ་ཉིད་ཀྱི་ཕྱིར་དེའི་རྩ་བ་དང་འགལ་བར་གྱུར་པ་ཉིད་ཀྱི་མི་སྡུག་པ་ལ་སོགས་པ་བསྒོམ་པ་བཞིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གསང་བ་སྟོན་པར་བྱེད་པའི་སྦས་ པའི་ཡི་གེ་སྦྱོར་བ་ངོ་བོས་བསྒོམ་པ་ལ་རབ་ཏུ་འཇུག་པ་རྒྱུད་ལ་གནས་པས་ཇི་ལྟར་འདོད་པའི་བསམ་པ་ཡང་དག་པར་སྒྲུབ་པར་ནུས་པ་ཡིན་ཏེ། མཐུ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་དཔག་བསམ་གྱི་ཤིང་བཞིན་ནོ། །རིག་སྔགས་ཀྱང་ཕལ་ཆེར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། འཕགས་པའི་བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་པའི་ཡི་གེ་དང་དོན་གྱིས་ཉོན་མོངས་པ་ཟད་པར་བྱེད་པ་སྟོན་པར་བྱེད་པ་ཉིད་ཡིན་ཏེ། ཇི་ལྟར་ཤ་མ་ཡ་ཤ་མ་ཡ། དནྟེ་ཤཱནྟེ་དྷརྨ་རཱ་ཛ། བྷ་ཥི་ཏེ་མ་ཏེ་མ་ཧཱ་བཱིདྱ། སརྦཱརྠ་སཱ་དྷ་ན་ནི། ཞེས་བྱ་བ་ལྟ་བུ་དང་། དེ་བཞིན་དུ་ཆོས་ཀྱི་མཆོག་ལས་ བྱུང་བ་ནི་ཏཱ་རེ། དང་པོའི་ཆོས་ལས་བྱུང་བ་ནི་ཏུཏྟཱ་རེ། བརྗོད་དུ་མེད་པའི་ཆོས་ལས་བྱུང་བ་ནི་ཏུ་རེ་ཞེས་བྱ་བ་ལྟ་བུ་ནི་མངོན་པར་རྟོགས་པ་གསལ་བར་བྱེད་པ་སྟེ། བདག་མ་རིག་པ་དང་བྲལ་བར་གྱུར་པས་གཞན་དག་གི་རིག་པ་ཡང་བསྐྱེད་པར་ནུས་པ་ཡིན་ན་དེ་བསྟེན་པར་གྱུར་ན་ཅིའི་ཕྱིར་སྡིག་ པ་བཞི་དང་བཅས་པ་ཞི་བར་མི་འགྱུར་ཏེ། དེའི་ནུས་པ་དང་ལྡན་པའི་ཕྱིར་བྱམས་པ་ལ་སོགས་པ་བཞིན་ནོ། །རིག་པའི་ཚིག་གང་དག་གི་དོན་རྟོགས་པར་མ་གྱུར་པ་ནི་དེ་དག་འཇིག་རྟེན་ལས་འདས་པའི་སྐད་ཀྱིས་བསྟན་པའི་ཕྱིར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་སྐད་ཀྱིས་ 98-184b བསྟན་པའི་ཕྱིར་རོ། །ཆོས་ཉིད་སྟོན་པར་མི་བྱེད་པ་ཡང་མ་ཡིན་པས་དམ་ཚིག་རིག་པ་དང་། གཟུངས་ཐོབ་པར་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་ཡང་ཡིན་ཏེ། ཇི་སྐད་དུ་གསང་བ་བློ་གྲོས་ཀྱི་མདོ་ལས། གང་འདི་ན་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་ བྱ་བ་རྣམས་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནི་ཨེ་ནེ་དང་། མེ་ནེ་དང་། དམ་པོ་དང་། ད་དམ་པོ་ཞེས་བྱ་བ་ལ་སོགས་པར་བརྗོད་དོ་ཞེས་འབྱུང་བས་འཇིག་རྟེན་པའི་དོན་སྟོན་པར་བྱེད་པ་བཟོད་པར་དཀའ་བའི་ཉོན་མོངས་པ་བདོ་བས་འཁྲིགས་པ་ཙ་མུཎྜ་ལ་སོགས་པའི་རིག་པ་དག་དང་། སྒྲོལ་མ་ལ་སོགས་པའི་དོན་དམ་པའི་རིག་པ་རྣམས་འདྲ་བ་ལྟ་ག་ལ་ཡིན། དེས་ན་དཔེ་མ་གྲུབ་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་དང་མི་ལྡན་པའི་ཕྱིར་རོ། །འདི་སྐད་བརྗོད་པར་ཡང་ནུས་ཏེ། གཟུངས་སྔགས་དང་། གསང་སྔགས་དང་། རིག་སྔགས་རྣམས་དེ་བཞིན་གཤེགས་པའི་མན་ངག་ བཞིན་དུ་ངག་ཏུ་བརྗོད་པ་དང་། བསམས་པ་དང་། བསྒོམས་པས་སྡིག་པ་རྒྱུ་དང་བཅས་པ་ཞི་བར་བྱེད་པ་ཡིན་ཏེ། ལམ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་མདོ་སྡེ་ལ་སོགས་པའི་གསུང་རབ་བཞིན་ནོ། །སྡིག་པ་ཤིན་ཏུ་ཆེན་པོ་ཡང་རྩ་བ་ནས་འབྱིན་པ་ཞེས་བྱ་བ་ཡང་མི་རིགས་པ་མ་ཡིན་ཏེ། འདི་ ལྟར། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཞེས་བྱ་བའི་བསྐལ་པ་བརྒྱར་ཡང་ཞེས་བྱ་བ་དང་། གང་གི་སྒྲ་གཉིས་པས་ནི་ཉམས་པར་འགྱུར་བ་ཡང་སྟོན་པ་ཡིན་ཏེ། གང་གིས་ཤེ་ན། སྡོམ་པར་བྱེད་པ་དང་། གཉེན་པོའི་ཕྱོགས་རྙེད་པ་དང་། སྡིག་པ་བཤགས་ པ་དང་། རྟེན་གྱི་སྟོབས་ཀྱིས་རབ་ཏུ་འཐོབ་པ་ཡིན་ཏེ། ཇི་སྐད་དུ། བྱམས་པ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྡིག་པ་བྱས་ཤིང་བསགས་པ་ཡང་ཟིལ་གྱིས་གནོན་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ ཀུན་དུ་སྤྱོད་པ་ནི། མི་དགེ་བའི་ལས་གང་བྱས་པ་དེ་ལ་འགྱོད་པ་རབ་ཏུ་མང་བ་ཡིན་ནོ། །གཉེན་པོ་ཀུན་དུ་སྤྱོད་པ་ནི་མི་དགེ་བའི་ལས་གང་བྱས་པ་དེ་དག་ཆེས་ཤིན་ཏུ་མང་བའི་དགེ་བའི་ལས་ལ་སྦྱོར་བའོ། །ཕྱིར་མི་ལྡོག་པའི་སྟོབས་ནི་སྡོམ་པ་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །རྟེན་གྱི་ 98-185a སྟོབས་ཀྱིས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་མི་འདོར་བ་སྟེ། ཆོས་བཞི་པོ་འདི་རྣམས་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་སྡིག་པ་ལྷག་མ་མ་ལུས་པར་བྲལ་བར་འགྱུར་ཞིང་འབྲས་བུ་འབྱུང་བར་མི་ འགྱུར་རོ་ཞེས་གསུངས་སོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། ཚོགས་དང་དུས་ནི་རྙེད་གྱུར་ནས། །ཞེས་བྱ་བ་ནི་ཇི་ལྟར་ས་བོན་མཐུ་མ་ཉམས་པ་དང་ལྡན་པ་ལ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་རྐྱེན་རྣམས་ཚོགས་ན་དུས་ཇི་ལྟ་བ་བཞིན་དུ་མྱུ་གུ་མངོན་པར་ སྒྲུབ་པར་བྱེད་དོ། །རྐྱེན་ཉེ་བར་གནས་སུ་ཟིན་ཀྱང་ས་བོན་ཚིག་གམ་རུལ་ལམ་སྣད་པ་ལས་ཀྱང་མ་ཡིན་ལ། རྐྱེན་གང་ཡང་རུང་བ་ཞིག་མ་ཚང་བ་ན་མྱུ་གུ་མངོན་པར་འབྱུང་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་དགེ་བ་དང་། མི་དགེ་བའི་ལས་མཐུ་མ་ཉམས་པ་དང་། ཕན་པ་བྱེད་ པ་དང་། གནོད་པ་བྱེད་པའི་སེམས་ཅན་གྱི་འགྲོ་བ་དང་། ཡུལ་དང་། ལུས་ཀྱི་རྐྱེན་རྙེད་ནས་མཐོང་བའི་ཆོས་དང་། རྣམ་གྲངས་གཞན་དང་། སྐྱེས་ནས་མྱོང་བར་ངེས་པའི་དུས་ཐོབ་པར་གྱུར་ན་གང་ཡང་རུང་བ་ཞིག་གི་འབྲས་བུ་མངོན་པར་སྒྲུབ་པར་བྱེད་ཀྱི། གང་གི་ཚེ་དགེ་བ་ཡང་ ལྟ་བ་ལོག་པ་དང་། གནོད་སེམས་ཀྱིས་ཉམས་པར་གྱུར་པའམ་མི་དགེ་བ་ཡང་དམོད་པ་དང་། སྡོམ་པ་དང་། འཆགས་པ་ལ་སོགས་པའི་གཉེན་པོས་སྟོབས་ཉམས་པར་གྱུར་པ་དེ་དག་ནི་རྐྱེན་ཚོགས་པ་ཡོད་དུ་ཟིན་ཀྱང་དགེ་བ་དང་། མི་དགེ་བའི་ས་བོན་གྱི་ནུས་པ་ཉམས་པ་གང་ལས་ འབྲས་བུ་གང་ཞིག་འབྱུང་བར་འགྱུར། རྐྱེན་ཚོགས་པ་མེད་པས་དུས་གང་གཞན་དུ་གྱུར་ན། ཇི་ལྟར་ན་རྩ་བ་ནས་ཤིན་ཏུ་འབྱིན་པ་ཡང་མ་ཡིན་ཏེ། ཇི་སྐད་དུ་དམ་པའི་ཆོས་འཛིན་པར་བྱེད་པ་དེའི་མྱོང་བར་ངེས་པའི་སྡིག་པ་ཡང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ་ཞེས་བྱ་བ་དང་། གཞན་ ཡང་། གང་ཡང་ངན་འགྲོར་འགྲོ་བའི་ལས་རྣམས་དེ། །འདིར་ནི་མགོ་བོ་ཚ་བ་ཙམ་དུ་འགྱུར། །ཞེས་ཀྱང་འབྱུང་ངོ་། །གལ་ཏེ་མགོ་བོ་ཚ་བ་ཙམ་དུ་འགྱུར་བའི་འབྲས་བུ་ཡོད་ན་རྩ་བ་ནས་ཕྱུང་བ་ཇི་ལྟར་ཡིན་ཞེ་ན། སྡིག་པའི་ལས་རྣམས་ཀྱི་འབྲས་བུ་མ་ལུས་པར་རྫོགས་པ་དམྱལ་བའི་སྡུག་ 98-185b བསྔལ་ཉམས་སུ་མྱོང་བར་འགྱུར་བ་ལས་གང་དག་གིས་དམྱལ་བའི་སྡུག་བསྔལ་ཕྲ་མོ་ཙམ་ཡང་ཉམས་སུ་མྱོང་བར་མ་གྱུར་པ་དེ་ཉིད་ཤིན་ཏུ་རྩ་བ་ནས་ཕྱུང་བ་ཇི་ལྟར་མ་ཡིན། མགོ་བོ་ཚ་བ་ལ་སོགས་པ་འདི་ལ་འབྱུང་བས་འབྲས་བུ་ཡེ་མེད་པར་འབྱུང་བ་ཡང་ཇི་ལྟར་ཡིན། གལ་ཏེ་ སྡིག་པ་ཤིན་ཏུ་ཟད་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ་ཞེས་བསྟན་ཅེ་ན། དམུས་ལོང་དང་། མིག་གཅིག་པ་དང་། ཞ་བོ་དང་། ཐེང་པོ་དང་། ལྐུགས་པ་དང་། འོན་པ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པའི་རྒྱུད་འབྲས་བུ་ཉེ་བར་ལོངས་སྤྱོད་ པ་ལས་དགོངས་ནས་བསྟན་པ་ཡིན་ཏེ། གང་གི་ཕྱིར་རྣམ་པར་སྨིན་པའི་གནས་སྐབས་ཀྱི་ངོ་བོར་གྱུར་པའི་ལས་རྣམས་ཀྱི་འབྲས་བུ་ནི་ཡོངས་སུ་ཟད་པར་ནུས་པ་ཡོད་པ་མ་ཡིན་ནོ། །རྒྱུར་གྱུར་པའི་སེམས་པས་མངོན་པར་འདུས་བྱས་པ་ནི་སེམས་པའི་ཁྱད་པར་གཞན་ཐོབ་པ་ན་ཡོངས་སུ་ཟད་པར་ འགྱུར་བ་ཡིན་ཏེ། ཇི་ལྟར་སོར་མོའི་ཕྲེང་བ་དང་། མ་སྐྱེས་དགྲ་དང་། སྭ་ཀ་དང་། ཕག་གསོད་པ་དང་། མྱ་ངན་མེད་པ་ལ་སོགས་པ་དག་ལ་བརྟེན་པ་བཞིན་ནོ། །གལ་ཏེ་མ་སྐྱེས་དགྲ་དང་། མ་གསོད་པ་དག་ལ་དགེ་བའི་སེམས་པ་གཞན་སྐྱེས་པ་ཡོད་བཞིན་དུ་ཅིའི་ཕྱིར་ལས་ཟད་པར་མ་ གྱུར་ནས་མནར་མེད་པ་དག་ཏུ་སྐྱེས་ཤེ་ན། དེའི་ལས་དང་འབྲས་བུ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་མནར་མེད་པ་ལ་སོགས་པར་སྐྱེ་བ་བསྟན་པ་ཡིན་གྱི། ལས་རྣམས་ལྷག་མ་མ་ལུས་པར་མ་ཟད་པ་ནི་མ་ཡིན་ཏེ། དར་གྱི་ཕོ་ལོང་བརྡབས་པ་ལས་འཕར་བ་བཞིན་དུ་དེར་སྐྱེས་ཤིང་ཐར་ པ་ཡིན་ལ། དམྱལ་བའི་མེའི་ཕྲེང་བ་ལ་སོགས་པས་ཀྱང་རེག་པ་མ་ཡིན་ཏེ། དེ་ལྟར་སྡིག་པ་ཤིན་ཏུ་རྩ་བ་ནས་འབྱིན་པར་ཡང་གྲུབ་ལ། ལས་ལ་འབྲས་བུ་མེད་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་རིག་པ་རྣམས་འདི་སྙམ་དུ་སེམས་ཏེ། གཉེན་པོ་ཐོབ་པར་གྱུར་ན་ནི་ལས་རྣམས་ཤིན་ཏུ་ རྩ་བ་ནས་འབྱིན་གྱི། གཉེན་པོས་ཟིལ་གྱིས་མ་མནན་པ་ནི་ཉམས་པར་མི་འགྱུར་རོ་སྙམ་སྟེ། ཇི་ལྟར་ཐབས་ལ་མཁས་པ་དང་མི་ལྡན་པ་ལ་ནི་སྡིག་པ་ཆུང་ངུ་ཡང་རྣམ་པར་སྨིན་པར་འགྱུར་བར་མཐོང་སྟེ། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་བཞིན་ནོ། །དགེ་བའི་རྩ་བ་ཆེན་པོ་བསགས་སུ་ཟིན་ན་ 98-186a ཡང་ཡིད་ཀྱི་ཉེས་པས་ཐལ་བ་བཞིན་དུ་བྱེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་བསྟན་པ་ལ་ཞལ་ཏ་བྱེད་པའི་དགེ་སློང་བཞིན་ནོ། །དེས་ནི་སྔོན་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱི་བསྙེན་བཀུར་དང་པོར་བྱས་པ་ལས་ཕྱིས་འདོད་པ་མི་བཟད་ པས་ཟིལ་གྱིས་མནན་ཏེ། ཚོགས་ཀྱི་དཀོར་བརྐུས་ཤིང་སྡང་བར་གྱུར་པའི་ཡིད་ཀྱིས་ཁྲོས་པའི་ཚིག་དག་གིས་ཀྱང་གཤེས་ཏེ། དེ་ལས་དེས་མི་གཙང་བ་ཟ་བའི་སྲིན་བུ་ཤིན་ཏུ་གདོན་པར་དཀའ་བའི་གནས་སུ་སྐྱེས་ཤིང་དགེ་བའི་རྩ་བ་ཡང་ཅུང་ཟད་ཙམ་ཡང་མ་ལུས་པར་གྱུར་ཏེ། རྟོགས་པ་ བརྗོད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐབས་ལ་མཁས་པའི་སྟོབས་དང་ལྡན་པ་རྣམས་ཀྱིས་ནི་མི་དགེ་བའི་ཕུང་པོ་ཆེན་པོ་ཡང་ཤིན་ཏུ་ཟད་པར་བྱེད་ཅིང་། དགེ་བའི་རྩ་བ་ཆུང་ངུ་ཐོབ་པ་ཡང་ཉམས་པར་མི་འགྱུར་རོ་ཞེས་གསུངས་པ་དང་། མདོ་སྡེ་ལས་ཀྱང་ཇི་སྐད་དུ། དགེ་སློང་དག་ འདི་ལྟ་སྟེ། སྐྱེས་བུ་ཞིག་གིས་ཆུ་ཉུང་ངུ་ཞིག་ཏུ་ལན་ཚྭ་སྲང་གཅིག་བླུགས་ན་དེ་ནི་བཏུང་དུ་མི་རུང་བར་འགྱུར་རོ། །དེ་ནས་སྐྱེས་བུ་གཞན་ཞིག་གིས་ཆུ་ཤིན་ཏུ་ཆེན་པོའི་ནང་དུ་ལན་ཚྭ་སྲང་གཅིག་བླུགས་ན་དེ་ནི་ཤེས་པར་ཡང་མི་འགྱུར་ན་ཡང་དེ་བཏུང་དུ་མི་རུང་བར་ག་ལ་འགྱུར་དེ་ཅིའི་ཕྱིར་ཞེ་ ན། དགེ་སློང་དག་ཆུ་ཤིན་ཏུ་མང་པོའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་གང་འདི་ལྟར་སྐྱེས་བུ་གང་ཟག་འགའ་ཞིག་སྡིག་པའི་ལས་བྱེད་པ་དེ་དག་དེ་ཉིད་ཕྱོགས་གཉིས་པོ་འདི་ལ་གནས་པ་ཡོད་པ་ཡིན་ནོ། །དེ་བཞིན་དུ། རྫིང་ཆེན་ནང་དུ་ཚྭ་ནི་སྲང་གཅིག་བླུགས། །ཇི་ལྟར་ཆུ་དེ་བཏུང་དུ་མི་ འདོད་མིན། །ཁྱོར་གང་ཆུ་ལ་ཚྭ་ནི་སྲང་གཅིག་བླུགས། །ཁྱོར་གང་ཆུ་དེ་བཏུང་དུ་འདོད་མི་འགྱུར། །དེ་བཞིན་གང་གིས་བསོད་ནམས་རྒྱ་ཆེན་བསགས། །མི་དེ་སྡིག་པའི་དུག་ནི་ཆུང་གྱུར་པས། །གང་ཕྱིར་ངན་འགྲོ་དག་ཏུ་འཁྲིད་མི་ནུས། །སྒོ་དེ་ནས་ནི་འབྲས་བུ་འགའ་ཞིག་ཡིན། །གང་དག་ བསོད་ནམས་ཆུང་ངུ་མ་བསགས་ཤིང་། །མི་དགེ་མང་དུ་ཡང་ཡང་བསགས་པའི་མི། །ཐེ་ཚོམ་མེད་པར་ཤིན་ཏུ་ཆུང་བས་ཀྱང་། །ཉོན་མོངས་དེ་ནི་འོག་ཏུ་འཁྲིད་པར་བྱེད། །ཅེས་གསུངས་ཏེ། མི་འཕྲོད་པའི་ཟས་ཅུང་ཟད་ཅིག་ཟོས་པ་བཞིན་དུའོ་ཞེས་བྱའོ ། །གལ་ཏེ་དེ་ལྟར་སེམས་དང་པོ་བསྐྱེད་ 98-186b པ་ཉིད་ཀྱིས་ཀྱང་ལས་ཐམས་ཅད་ཟད་པར་འགྱུར་བ་ཡིན་ན། མངོན་པར་རྫོགས་པར་བྱང་ཆུབ་པའི་བཅོམ་ལྡན་འདས་ལ་སེང་ལྡེང་གི་ཚལ་པས་ཟུག་པ་དང་། མཛེས་མ་བསད་པ་དང་། དྲེགས་མས་སྐུར་པ་བཏབ་པ་དང་། ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་ཕྱིར་གཤེགས་པ་དང་ ཟླ་བ་གསུམ་དུ་ནས་ཀྱིས་ཆོས་སྟོན་མཛད་པ་དང་། བ་ར་དྭ་ཛ་ཁྲོས་པས་ངན་དུ་སྨྲ་བ་དང་། བསྙུང་བར་གྱུར་པ་དང་། ལྷ་སྦྱིན་གྱིས་རྡོའི་སྒྱོགས་འཕངས་པ་ལ་སོགས་པའི་ལས་ཀྱི་རྣམ་པར་སྨིན་པའི་ཆ་མངའ་བར་གྱུར་པ་ཇི་ལྟ་བུ་ཞེ་ན། འདི་དག་ཐམས་ཅད་ནི་ཐབས་ལ་མཁས་པས་སེམས་ ཅན་གདུལ་བར་མཛད་པའི་ཕྱིར་བསྟན་པ་ཡིན་གྱི། བཅོམ་ལྡན་འདས་ལ་ནི་ཕྲིན་ལས་ཀྱི་ཆ་ཤིན་ཏུ་ཕྲ་བ་ཡང་མི་མངའ་སྟེ། ཇི་ལྟར་ཐབས་ལ་མཁས་པའི་མདོ་དང་། འཇིག་རྟེན་ལས་འདས་པའི་ལེའུ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ལས་ཀྱི་རྣམ་པར་སྨིན་པ་བཅུ་བསྟན་ པ་འདི་དག་ནི་ཐབས་ལ་མཁས་པ་དང་ལྡེམ་དགོངས་ཀྱི་བཀའ་ཡིན་པར་རྟོགས་པར་བྱའོ། །འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། ཇི་སྲིད་སྐྲའི་རྩེ་མོས་གཟུགས་པའི་ཚད་ཀྱིས་བསྟན་པ་ཙམ་གྱིས་མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་ཤིང་ དྲུང་དུ་འདུག་པ་ནི་གནས་མ་ཡིན་པར་ཤེས་ཏེ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་གྱུར་པའི་དེ་བཞིན་གཤེགས་པ་མི་དགེ་བ་ཐམས་ཅད་སྤངས་པར་གྱུར་པ། བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པ་ཡང་སྤངས་པའི་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི་སྐྱོན་ལྟ་འབྱུང་ བར་ག་ལ་འགྱུར། འོན་ཀྱང་སེམས་ཅན་ཕལ་ཆེར་ལས་ཀྱི་རྣམ་པར་སྨིན་པ་ཆུད་གསོན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ་དེ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཕྲིན་ལས་ཀྱི་རྣམ་པར་སྨིན་པ་བསྟན་ཏེ། ཆོས་ཀྱི་རྒྱལ་པོ་ ང་ལ་ཡང་རེ་ཞིག་ལས་ཀྱི་རྣམ་པར་སྨིན་པ་འབྱུང་ན། ཁྱེད་རྣམས་ལ་ལྟ་ལས་ཀྱི་རྣམ་པར་སྨིན་པ་ཅིའི་ཕྱིར་མི་འབྱུང་ཞེས་བསྟན་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ནི་ཅུང་ཞིག་ཀྱང་མི་མངའ་སྟེ། འདི་ལྟར་ལེགས་པར་བསླབས་པའི་སྨན་པ་བདག་ཉིད་ལ་ནད་མེད་བཞིན་དུ་ 98-187a ཡང་ན་བ་ལྟར་བསྟན་ནས་སྨན་ཁ་བ་དང་ཚ་བ་དག་བསྟེན་པར་བྱས་པས་དེའི་རྗེས་སུ་སློབ་པའི་ནད་པ་དག་ཡོངས་སུ་སོས་པར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་གནོད་པ་ཐམས་ཅད་ཞི་བར་མཛད་པས་ཀྱང་སྒྲིབ་པ་མི་མངའ་ན་ཡང་ངའི་ལས་འདིའི་ རྣམ་པར་སྨིན་པ་ནི་འདིའོ་ཞེས་ཕྲིན་ལས་སྟོན་པར་མཛད་དེ། ཇི་ལྟར་ན་སེམས་ཅན་རྣམས་ལས་ཀྱིས་འཇིགས་ཤིང་སྐྲག་པར་གྱུར་ན། ལུས་དང་ངག་དང་ཡིད་རྣམས་ཡོངས་སུ་དག་པར་འགྱུར། །ཞེས་ཀྱང་གསུངས་སོ། །ཐབས་ལ་མཁས་པའི་མདོ་ལ་སོགས་པ་འཁོར་བ་ གྲོལ་བར་བྱེད་པ་དང་འདྲ་བ་ཡང་མ་ཡིན་ཏེ། སེམས་གཏི་མུག་མེད་པ་ལ་སོགས་པས་ཀུན་ནས་བསླང་བའི་ཕྱིར་རོ། །གང་གཞན་དག་མཚམས་མེད་པ་བྱེད་པ་ལ་མངོན་པར་ཕྱོགས་པ་མཐོང་ནས་དེ་ནི་ལས་དེས་ཡུན་རིང་དུ་སྡུག་བསྔལ་བར་འགྱུར་རོ་སྙམ་ནས་སྙིང་རྗེའི་དབང་གིས་དེ་གསོད་ པར་བྱེད་པ་ནི་བདག་ཉིད་དམྱལ་བར་སྐྱེ་བར་ངེས་པར་ཤེས་ཀྱང་དེ་བསྐྱབ་པའི་ཕྱིར་དགེ་བའམ། ལུང་དུ་མ་བསྟན་པའི་སེམས་ལ་གནས་པར་བྱས་ནས་གསོད་པར་བྱེད་དེ། བདག་ཉིད་དམྱལ་བར་སྐྱེ་བ་ནི་འདོད་ཀྱི། འདི་སྡུག་བསྔལ་ཆེན་པོ་དང་ཡུན་རང་དུ་ལྡན་པར་མ་གྱུར་ཅིག་ ཅེས་བྱ་བ་དེ་ལྟ་བུ་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ཉིད་ནི་དགེ་བ་ཡིན་ཏེ། གང་གི་ཕྱིར་མ་ཆགས་པ་ལ་སོགས་པའི་སེམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གལ་ཏེ་མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བའི་སྲོག་གཅོད་པ་ཡང་སྨད་པ་ཞིག་ཡིན་ན་ནི་གཤེ་བ་དང་། མཛའ་བ་དབྱེ་བ་ལ་སོགས་པ་ཡང་བཀག་པར་འགྱུར་བ་ཞིག་ན། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་འཆར་ཀ་དང་ཀིམ་པ་ལ་སོགས་པའི་མདོ་ལས་གཤེ་བ་མ་བཀག་སྟེ། ཇི་སྐད་དུ་རྨོངས་པ་ལྷ་སྦྱིན་ཞེས་བྱ་བ་དང་། བདུད་སྡིག་ཅན་དེ་ཞེས་གསུངས་པས་སོ། །ཡང་ སྙིང་རྗེའི་དབང་གིས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་ནི་སྨད་པར་བྱ་བ་མ་ཡིན་ཏེ། ཞེ་སྡང་གི་བསམ་པས་བསྐྱེད་པ་མ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པས་གསུངས་པའི་ཚིག་བཞིན་ནོ་ཞེས་ཀྱང་སྨྲ་བར་ནུས་སོ། །རིན་ཆེན་ཏོག་དང་ཟླ་བའི་སྒྲོན་མ་ལ་སོགས་པའི་ 98-187b ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་ལས་ཀྱང་སྡིག་པ་ཤིན་ཏུ་ཆེན་པོ་ཡང་རྩ་བ་ནས་འབྱིན་པར་བསྟན་ལ། སྡེ་པ་གཞན་དག་གི་མདོ་ལས་ཀྱང་ཕྱི་མའི་དུས་ན་དགེ་སློང་རྣམས་བསམ་པ་ཇི་ལྟ་བུས་འདིར་ནི་དེ་བཞིན་གཤེགས་པ་བལྟམས་པར་འགྱུར་རོ། །འདིར་ནི་དེ་བཞིན་གཤེགས་པ་མངོན་ པར་བྱང་ཆུབ་པའོ། །འདིར་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པའོ། །འདིར་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་མཆོད་རྟེན་རྣམས་ལ་ཕྱག་བྱེད་ཅིང་རྒྱུ་བར་འགྱུར་བ་དེ་དག་ནི་བར་མ་དོར་དུས་བྱས་པར་གྱུར་ན་ཡང་ཁུར་ ལྕི་བ་བོར་བ་བཞིན་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། །སྲིད་པ་ཐ་མ་པ་མ་གཏོགས་པ་གཞན་མཚམས་མེད་པ་བྱས་པ་ཡང་བསལ་ཞིང་བོར་བ་མེད་དོ། །གཞན་ཡང་ཁྱོད་ཉིད་ཀྱི་ལྟ་བའི་འདུལ་བ་ལས་ལྟུང་བ་ལས་ལྡང་བར་བསྟན་པ་དག་དང་ཡང་འགལ་ཏེ། དེ་ལས་ནི་གང་ཟག་རྣམ་པ་གཉིས་ནི་ལྟུང་བ་མེད་པར་དུས་བྱས་པར་འགྱུར་ཏེ། གང་ལྟུང་བ་ཡེ་མི་འབྱིན་པ་དང་ལྟུང་བ་བྱུང་བ་རྣམས་ཆོས་ཇི་ལྟ་བ་བཞིན་དུ་འཆགས་པར་བྱེད་པའོ་ཞེས་གསུངས་པས་སོ། །རིགས་པ་ཡང་ཡོད་དེ། གང་དང་གང་ཅུང་ཟད་ཟད་པར་འགྱུར་བ་དེ་དང་དེ་ནི་རིམ་གྱིས་ཤིན་ཏུ་ཟད་པར་འགྱུར་བ་མཐོང་སྟེ། སྟོབས་དང་ལྡན་པའི་ཐབས་རྙེད་པར་གྱུར་པའི་ཕྱིར། དཔེར་ན་ཆུའི་ནང་དུ་བཞག་པའི་ལན་ཚྭ བཞིན་དུའམ། མེའི་ནང་དུ་བཞག་པའི་མར་སར་བཞིན་ནོ། །གཞན་ཡང་དེ་ལྟ་བས་ན་གང་ཐབས་ཤེས་པར་གྱུར་པ་དེས་ནི་བསྐལ་པ་དཔག་ཏུ་མེད་པ་སྟོང་དུ་བསགས་ པར་གྱུར་པའི་སྡིག་པ་ཡང་ལྷག་མ་མ་ལུས་པར་ཟད་པར་བྱེད་དེ། གཉེན་པོའི་ཕྱོགས་སྟོབས་དང་ལྡན་པའི་ཕྱིར། ལེགས་པར་རབ་ཏུ་འབར་བའི་མར་མེ་བྱུང་མ་ཐག་ཏུ་ཤིན་ཏུ་མུན་ནག་ཏུ་གྱུར་པའི་གནས་ཀྱི་མུན་པའི་སྒྲིབ་པ་མེད་པར་འགྱུར་བ་བཞིན་ནོ། །ཐབས་དང་བྲལ་བར་གྱུར་ པའི་དགེ་བ་ཡང་ཤིན་ཏུ་ཟད་པར་འགྱུར་ཏེ། མཚན་མོ་ཉི་མའི་སྣང་བ་མེད་པ་བཞིན་ནོ། །ཡང་གང་དང་གང་ཉིན་རེ་ཞིང་སོགས་པ་ཡོད་པ་དེ་དང་དེ་ནི་འཕེལ་བར་འགྱུར་བ་ཉིད་ཡིན་གྱི་ཉམས་པར་མི་འགྱུར་ཏེ། ཇི་ལྟར་སྦྲང་རྩི་བྱེད་པའི་སྦྲང་མའི་སྦྲང་རྩི་བཞིན་དུའམ། ཡར་གྱི་ 98-188a ངོའི་ཟླ་བའི་གཟུགས་བཞིན་ཏེ། ལས་ཀྱིས་ཉམས་པར་འགྱུར་བ་དང་། ཉམས་པར་མི་འགྱུར་བ་ཡང་རྒྱུ་ལ་ལྟོས་པ་ཡིན་གྱི། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་པ་ཡང་བདག་ཉིད་ཀྱིས་འགྱོད་ཅིང་དམོད་པ་ དང་། བཤགས་ཤིང་བསྒྲགས་པ་དང་། ཕྱིན་ཅད་བསྡམས་པ་བྱས་པས་བསྲབས་པར་འགྱུར་ཞིང་རྩ་བ་ནས་འབྱིན་པར་འགྱུར་བ་འདི་ནི་གྲུབ་པ་ཡིན་ནོ། །གང་ཡང་ཤིན་ཏུ་རྒྱས་པ་ཡང་གཞན་ཉིད་སྟོན་པའི་ཕྱིར་ཞེས་ཟེར་བ་ཡང་དོན་གྱི་རྗེས་སུ་ཞུགས་པའི་མིང་གིས་ཤིན་ཏུ་རྒྱས་པའི་ངོ་བོ་ཉིད་ནི་ཤིན་ཏུ་ རྒྱས་པ་ཞེས་བྱ་བ་ཡིན་པས་ཐེག་པ་ཆེན་པོ་ལྷག་པར་ཤིན་ཏུ་རྒྱས་པ་ཡིན་པ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ལ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱོད་ཤིན་ཏུ་རྒྱས་པ་གཞན་ཞིག་འདོད་ན་ནི་མིང་ཙམ་དུ་འདོད་ལ་རག་གོ། །བདག་ཅག་ནི་ཐེག་པ་ཆེན་པོའི་གསུང་རབ་མ་ལུས་པ་རྣམས་ནི་གཞུང་དང་དོན་ ཤིན་ཏུ་རྒྱས་པའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་བར་འདོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ནི་ཤིན་ཏུ་རྒྱས་པའོ། །འདི་ནི་མ་ཡིན་ནོ་ཞེས་ངེས་པར་དབྱེ་བ་མཛད་པ་ནི་མི་མངའ་བས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་བརྗོད་པ་ལ་ཡིད་རབ་ཏུ་སྡང་བར་གྱུར་པ་ཁྱེད་ཀྱིས་གང་ སྨྲ་བ་དེ་ནི་ཁོ་བོ་ཅག་ལ་ཚད་མར་གྱུར་པ་མ་ཡིན་པས་དེས་ན་ཐེག་པ་ཆེན་པོ་འདི་ནི་ཤིན་ཏུ་རྒྱས་པ་ཉིད་ཡིན་པར་གྲུབ་བོ། །གལ་ཏེ་བཅོམ་ལྡན་འདས་འོད་སྲུངས་ལ་རྒྱལ་པོ་ཀྲྀ་ཀཱིས་རྨི་ལམ་གསོལ་པ་ན། བཀའ་སྩལ་པ། སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ ཞེས་བྱ་བ་འབྱུང་བ་དེའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་རོ་ཞེས་བསྟན་པའི་དབྱེ་བར་ཐེག་པ་ཆེན་པོ་མ་བསྟན་ཏོ་ཞེ་ན། ཐེག་པ་ཆེན་པོ་ནི་ངེས་པར་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སེམས་ཅན་གྱི་བསམ་པ་དང་ལྷག་པའི་བསམ་པའི་དབང་དུ་བྱས་ནས་སྡེ་པ་བཅོ་བརྒྱད་ ལ་ཐུན་མོང་དུ་བསྟན་པ་ཡིན་ཏེ། གཙུག་ལག་གི་གསུང་རབ་རྣམས་ལས་སྐྱེ་བ་དང་། ན་ཚོད་དང་། མདོག་དང་། ཡུལ་དང་། དུས་ཐ་དད་པ་མེད་པར་བསྟན་པ་བཞིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ 98-188b ཐེག་པ་དང་། ཐེག་པ་ཆེན་པོའི་དབྱེ་བ་ནི་ཡོད་པ་ཁོ་ན་ཡིན་ལ། བསྟན་པ་ཐ་དད་ཀྱི་དབྱེ་བ་ནི་ཤཱཀྱ་ཐུབ་པ་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་ཡོད་པ་མ་ཡིན་ཞིང་། ལོག་པར་དད་སེལ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཐེག་པ་ཐ་དད་དུ་དབྱེ་བ་མཛད་པ་ནི་ཡོད་པ་ཡིན་པས་འོད་སྲུངས་ ཀྱིས་མ་བསྟན་པ་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ཉན་ཐོས་ལ་སོགས་པ་རང་ལ་གསུངས་པ་ལ་ཡོངས་སུ་ཞེན་ཅིང་། དེ་ཆེད་དུ་བྱེད་པའི་སྡུད་པ་པོས་ཇི་ལྟར་ དབང་བ་བཞིན་དུ་ཡང་དག་པར་བསྡུས་པ་ན་ཐེག་པ་ཆེན་པོའི་གསུང་རབ་ནི་སྣོད་དུ་གྱུར་པ་སུ་ཡང་མེད་པས་གང་གིས་ཀྱང་མ་བསྡུས་ཏེ། བདེ་བར་གཤེགས་པ་ལ་མངོན་པར་དགའ་བའི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྡུས་ནས་ཀླུའི་འཇིག་རྟེན་དང་ལྷ་ལ་སོགས་པར་བཞུགས་སུ་ གསོལ་བ་ལས་དེའི་སྣོད་དུ་གྱུར་པས་སངས་རྒྱས་ཀྱིས་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རབ་ཏུ་རྒྱས་པར་མཛད་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། རྗེས་སུ་མཐུན་པའི་ཐེག་པ་ཆེན་པོའི་བསྟན་པ་ནི་བདུད་ ཀྱི་སྤྱོད་ཡུལ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་རིང་དུ་སྤོང་བར་བྱེད་ཅིང་སུན་འབྱིན་པ་ནི་རིགས་པ་མ་ཡིན་ནོ། །བློས་དཔྱོད་པར་ནུས་པ་ཡོད་ན་རིགས་པ་དང་རིགས་པས་དེ་བརྟག་པར་གྱིས་ཤིག །ཤིན་ཏུ་སྤྲོས་པས་ཆོག་གོ། །སྐབས་སུ་བབ་པ་ཉིད་ཀྱི་དབང་དུ་བྱས་ཏེ། ཐམས་ཅད་ མཁྱེན་ཉིད་ཐོབ་པའི་ལམ། །ཡང་དག་ལྟ་བ་སྔོན་འགྲོ་བ། །གང་ཕྱིར་ཐེག་ཆེན་ལས་གསུངས་པ། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། བློ་གྲོས་མི་ཟད་པ་དང་། བློ་གྲོས་རྒྱ་མཚོ་དང་། ནམ་མཁའ་མཛོད་དང་། གཟུངས་ ཀྱི་དབང་ཕྱུག་རྒྱལ་པོ་དང་། གཙུག་ན་རིན་ཆེན་དང་། རྒྱ་མཚོས་ཞུས་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེ་བ་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་འདི་དག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྟན་གྱི། ལམ་ཞན་ཉིད་བསྟན་པ་ནི་མེད་པས་དེའི་ཕྱིར་ལམ་ 98-189a གཞན་ཉིད་ཉེ་བར་སྟོན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །འདིར་གང་གཱ་ལ་སོགས་པའི་འབབ་སྟེགས་སུ་ཁྲུས་བྱས་པ་དང་། སྨྱུང་བར་གནས་པ་ལ་སོགས་པའམ། གཞན་བསྟན་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་གང་གཱ་དང་། སིནྡྷུ་དང་། པཀྵུ་དང་། ཤཱི་ཏ་ཞེས་བྱ་བ་ཆུ་བོ་བཞི་རྣམས་ཀྱི་ཆུ་ལ་བཀྲུས་པ་དང་། འཐུངས་པ་དང་། དེའི་ནང་དུ་བཞུགས་པ་དང་། དེའི་ནང་དུ་གནས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་དབང་གིས་གསུངས་པ་ཡིན་གྱི། ཆུ་ལ་སྡིག་པ་ལ་སོགས་པ་ཟད་པར་བྱེད་པའི་ནུས་པ་ཡོད་ པ་ནི་མ་ཡིན་ཏེ། འདི་ལྟར་མ་དྲོས་པའི་མདོ་ལས། ཀླུའི་རྒྱལ་པོ་མ་དྲོས་པས་ལས་དང་སྐྱེ་བ་ལ་དབང་ཐོབ་པ་ཡོངས་སུ་བཟུང་ནས། པ་ན་ས་ཞེས་བྱ་བའི་མཚེའུ་ཆེན་པོའི་ནང་དུ་སྐྱེ་བ་བླངས་པར་གྱུར་ཏེ། དེའི་སྨོན་ལམ་ནི་གང་སྲོག་ཆགས་གང་དང་གང་དག་གིས་བདག་གི་མཚེའུ་འདི་ ལས་འབབ་པར་གྱུར་པའི་ཆུ་ཀླུང་རྣམས་ལ་ཁྲུས་བྱས་པ་དང་། འཐུངས་པ་དང་། ཞུགས་ནས་གནས་པར་བྱེད་པ་དེ་རྣམས་ལ། དེ་དག་ཉིད་དེ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་ལ། དེ་དག་ཐམས་ཅད་ཀྱང་རིམ་གྱིས་བདག་གིས་སངས་རྒྱས་ཉིད་ལ་འགོད་པར་གྱུར་ཅིག་ཅེས་གསུངས་པ་ཡིན་ པས། དེ་དག་ཉིད་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ནས་སངས་རྒྱས་སུ་འགྱུར་བ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །སྨྱུང་བ་ལ་སོགས་པ་ཡང་རིག་སྔགས་སྤྱོད་པའི་ལུས་ལ་སོགས་པ་ཡོངས་སུ་སྦྱངས་ནས། རིག་སྔགས་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ཡིན་གྱི་གྲོལ་བར་ འདོད་པའི་ཕྱིར་ནི་མ་ཡིན་ནོ། །ཅི་ལྟར་དེ་ལམ་གཞན་ཡིན། དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་བཟློག་པར་དཀའ་བ་ཡིན་ནོ། །དེ་ལྟར་ནི་བདེན་ན་ཡང་ཐེག་པ་ཆེན་པོར་ལམ་དེ་དག་ཉིད་བསྟན་ཀྱང་འབྲས་བུ་མེད་པ་ཡིན་ཏེ། སྡུག་བསྔལ་ཤེས་པས་མྱ་ངན་ལས་མི་འདའ་ བས། སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་དང་འགལ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་དང་པོར་ཁྱོད་ཀྱིས་སྟོན་པའི་བཀའ་འདི་བལྟ་བར་བྱ་བ་ཡིན་ཏེ། དེ་ཡང་གང་འཕགས་པའི་བདེན་པ་བཞིའི་མཉམ་པ་ཉིད་གང་ཡིན་པ་དེ་རྣམ་པར་བྱང་བ་ཡིན་ནོ་ཞེས་གསུངས་ 98-189b པའོ། །ཡང་མཉམ་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །སྡུག་བསྔལ་ལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་དཔྱད་པ་ནི་འདི་ཡིན་ཏེ། སྡུག་བསྔལ་སྐྱེ་བ་བཀག་བསྟན་པས། །མ་སྐྱེས་སྡུག་བསྔལ་ཡིན་མི་འདོད། །སྐྱེས་པ་སྡུག་ བསྔལ་ངོ་བོ་ན། །དེ་སྟོང་ཅི་ཡི་ཕྱིར་མི་ལེན། །བདག་དང་གཞན་དང་གཉི་ག་དང་། །རྒྱུ་མེད་པ་ལས་སྐྱེ་བ་བཀག་པས་མ་སྐྱེས་པ་ལ་སྡུག་བསྔལ་གྱི་བདེན་པ་ཇི་ལྟར་གཟུང་བར་བྱ། རྒྱུ་དང་རྐྱེན་ལས་ཀུན་དུ་བྱུང་ཞིང་སྐྱེས་པར་མཐོང་བའི་ཕུང་པོ་ལྔ་པོའི་རྣམ་པ་འདི་དག་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་ ཅིའི་ཕྱིར་ངེས་པར་གཟུང་བར་མི་བྱ་ཞེས་བྱ་བ་འདི་ལྟ་བུ་ནི་ཕྱོགས་ཡིན་ནོ། །ཡང་གཏན་ཚིགས་དང་དཔེ་ནི། འདུས་བྱས་ཡིན་ཕྱིར་སྒྱུ་མའམ། །ཟག་མེད་ཕུང་པོ་ཇི་བཞིན་ནོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །དེ་ལྟ་བས་ན་འདི་དག་ ནི་ངོ་བོ་ཉིད་ཀྱིས། ཁྱོད་ཀྱི་སྡུག་བསྔལ་བདེན་འདོད་པ། །ཡང་དག་ལྟ་བའི་བློས་འདོད་པ། །བསླུ་བ་མེད་པ་ནི་བདེན་པ་ཡིན་པར་རིགས་ཀྱི་སྡུག་བསྔལ་གྱི་ངོ་བོ་ཅུང་ཞིག་ཡོད་པ་ནི་མ་ཡིན་ནོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་བསླུ་བ་མེད་པ་ཡིན་པས་འདི་ནི་སྡུག་བསྔལ་གྱི་བདེན་པ་ཉིད་དོ་ ཞེས་ཡང་དག་པར་བལྟ་བར་བྱའོ་ཞེས་བྱ་བའི་བློ་གང་ལ་ཡོད་པ་དེ་ནི་ཡང་དག་ལྟ་བའི་བློ་ཡིན་ན། དེ་གང་གི་ཕྱིར་བསླུ་བ་མེད་པ་ཡིན་པར་འདོད། གཞན་ཡང་། ཚོར་བ་སྡུག་བསྔལ་སྡུག་བསྔལ་ཡིན། །སྐྱེ་སོགས་སྡུག་བསྔལ་ཉིད་ཅི་ལྟར། །གང་སྐྱེས་པ་ན་བྲལ་བར་འདུན་པ་འབྱུང་བའི་ ཉམས་སུ་མྱོང་བའི་སྡུག་བསྔལ་འདི་མ་ཡིན་པ་ཉམས་སུ་མྱོང་བ་གཞན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་ལ་སོགས་པ་རྣམས་ཅིའི་ཕྱིར་སྡུག་བསྔལ་ཡིན། མི་རྟག་ཕྱིར་ན་སྡུག་བསྔལ་ན། །རྒྱུ་དང་ལམ་ཡང་སྡུག་བསྔལ་ཉིད། །གང་དང་གང་མི་རྟག་པ་དེ་དང་དེ་ སྡུག་བསྔལ་ཡིན་ན་ཀུན་འབྱུང་བ་དང་ལམ་ཡང་སྡུག་བསྔལ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ནི་སྡུག་བསྔལ་དང་འགོག་པ་ཞེས་བྱ་བ་བདེན་པ་གཉིས་སུ་འགྱུར་རོ། །སྡུག་བསྔལ་རྒྱུ་ཡིན་ཕྱིར་ཞེ་ན། །ཀུན་འབྱུང་སྡུག་བསྔལ་ཉིད་དུ་འགྱུར། །གང་གི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་ 98-190a སྡུག་བསྔལ་ཉམས་སུ་མྱོང་བའི་རྒྱུར་གྱུར་པ་ཡིན་པས་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་སྐྱེ་བ་ལ་སོགས་པ་ཡང་སྡུག་བསྔལ་ཉིད་དུ་འདོད་དོ་ཞེ་ན། གང་དང་གང་སྡུག་བསྔལ་ཉམས་སུ་མྱོང་བའི་རྒྱུར་གྱུར་པ་དེ་དང་དེ་སྡུག་བསྔལ་ཞེས་བྱ་བ་ནི། མ་རིག་པ་དང་། སྲེད་ པ་དང་ལས་རྣམས་ལ་ཀུན་འབྱུང་ཞེས་བྱ་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་རྒྱུར་གྱུར་པ་རྣམས་ཀྱང་སྡུག་བསྔལ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་གྱུར་ན་ནི་སྡུག་བསྔལ་དང་། འགག་པ་དང་། ལམ་ཞེས་བྱ་བ་བདེན་པ་གསུམ་དུ་འགྱུར་རོ། །གཞན་ཡང་། སྡུག་བསྔལ་ཉིད་ནི་ཚིག་ཙམ་ ཕྱིར། །དེ་ཤེས་ཅི་ལྟར་སྡུག་བསྔལ་ཤེས། །བཏགས་པ་དང་ཚིག་ཙམ་དང་ཀུན་རྫོབ་དང་ཉེ་བར་བཏགས་པ་ཞེས་བྱ་བ་སྟེ། ཚིག་ཙམ་དུ་ཉེ་བར་བཏགས་པ་ཉིད་ནི་ཚིག་ཙམ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་ལ་སོགས་པ་རྣམས་ངོ་བོ་ཉིད་ཀྱིས་སྡུག་བསྔལ་མ་ཡིན་ཡང་། ཚིག་ཙམ་དུ་ཐ་ སྙད་ཀྱིས་ཉེ་བར་བཏགས་ནས་སྡུག་བསྔལ་ཞེས་རྗོད་པར་བྱེད་ན་ནི་གང་དང་གང་སྐྱེ་བ་ལ་སོགས་པ་སྡུག་བསྔལ་ཤེས་པ་དེ་དང་དེ་ཡང་ཉེ་བར་བཏགས་པ་མ་ཡིན་གྱི། ཡང་དག་པ་མ་ཡིན་པས་དེ་བདེན་པ་ཉིད་དུ་ཇི་ལྟར་འགྱུར། དེ་ལྟ་བུའི་སྡུག་བསྔལ་ལ་སོགས་པ་ཤེས་པ་ནི་དོན་ཇི་ལྟ་བ་ བཞིན་མ་ཡིན་པར་ཚད་མས་ཀྱང་བསྒྲུབ་པར་བྱ་སྟེ། སྡུག་བསྔལ་ཡུལ་ཅན་ཤེས་པ་དེ། །དེ་ཉིད་དུ་ན་བདེན་པ་མིན། །སྡུག་བསྔལ་ཉིད་དུ་དེ་ཤེས་ཕྱིར། །ཕུག་སོགས་སྡུག་བསྔལ་བློ་བཞིན་ནོ། །འདི་ནི་སྡུག་བསྔལ་ལོ་ཞེས་གང་ཤེས་པ་སྐྱེ་བར་འགྱུར་བ་དེ་ནི་ཡང་དག་པ་ཉིད་ དུ་བདེན་པ་མ་ཡིན་ཏེ། དེས་སྡུག་བསྔལ་གྱི་རྣམ་པར་ཡོངས་སུ་ཤེས་པའི་ཕྱིར་དཔེར་ན་དམྱལ་བ་པའམ། གང་གཡུལ་དུ་ཞུགས་པ་རྣམས་མདའ་དང་། མདུང་དང་། རལ་གྲི་རྣོན་པོས་ཕུག་ཅིང་བཅད་པ་དང་། བསྣུན་པ་ལ་སོགས་པས་གནད་པར་བྱས་པ་ལ་སོགས་པའི་བདེ་ བའི་མི་མཐུན་པར་གྱུར་པའི་སྡུག་བསྔལ་དེ་ལྟ་བུ་དང་ལྡན་པའི་བློ་བཞིན་ནོ། །དེ་ལྟར་སྡུག་བསྔལ་གྱི་བདེན་པ་བཀག་ནས་ཀུན་འབྱུང་གི་བདེན་པ་དགག་པ་བརྩམ་པར་བྱ་སྟེ། རྒྱུ་ནི་སྡུག་བསྔལ་རྒྱུ་ཉིད་དུ། །མི་རིགས་ཀུན་འབྱུང་བདག་ཉིད་ཕྱིར། །རལ་གྲིས་གཤགས་སོགས་བཞིན་ 98-190b དུའམ། །སེམས་འབྱུང་ཡིན་ཕྱིར་ལམ་བཞིན་ནོ། །མ་རིག་པ་དང་། སྲེད་པ་དང་། ལས་ཞེས་བྱ་བ་གང་རྣམས་སྡུག་བསྔལ་གྱི་རྒྱུར་འདོད་པ་དེ་རྣམས་ནི་འདི་དག་ཀུན་དུ་འབྱུང་བའི་ཕྱིར་ཀུན་འབྱུང་བ་ཡིན་ན་ཞེས་བྱ་བར་མི་རིགས་ཏེ། སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར། རལ་ གྲིས་གཤགས་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་གྱུར་པ་བཞིན་ནོ། །ཡང་ན་ཀུན་འབྱུང་ཡང་སེམས་ལས་བྱུང་བ་ཡིན་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་འབྱུང་བའི་རྒྱུ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ། སྡུག་བསྔལ་རྒྱུ་ཡི་ཡུལ་ཅན་གྱི། །བློ་དེ་བརྫུན་པ་ ཉིད་དུ་འདོད། །རྒྱུ་སོགས་རྣམ་པར་རྟོག་པའི་ཕྱིར། །སྡུག་བསྔལ་རྒྱུ་ཡི་བློ་ཅན་བཞིན། །གང་དང་གང་སྡུག་བསྔལ་གྱི་རྒྱུའི་ཡུལ་ཅན་གྱི་བློ་ཡིན་པ་དེ་དང་དེ་ནི་ཡང་དག་པར་བདེན་པ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུས་སྡུག་བསྔལ་རབ་ཏུ་འབྱུང་བ་ཡིན་ནོ་ཞེས་དེས་རྟོགས་པའི་ཕྱིར་ དཔེར་ན་རལ་གྲིས་གཤགས་པ་ལ་སོགས་པ་ལ་འདི་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་རྟོག་པའི་བློ་བཞིན་ནོ། །ཀུན་འབྱུང་བ་རབ་ཏུ་བཀག་ནས་འགོག་པའི་བདེན་པ་དགག་པར་བྱ་བའི་ཕྱིར། སྐྱེ་མེད་འགག་པ་ཡོད་མིན་ཏེ། །སྔར་སྨྲས་པ་ཡི་དགག་པ་ཉིད། །ཅེས་བྱ་བ་སྨྲས་ཏེ། སྔར་བསྟན་ བཅོས་འདི་ཉིད་དུ་སྐྱེ་བ་ཐམས་ཅད་རེ་ཞིག་བཀག་པས་དེའི་ཕྱིར་མ་སྐྱེས་པ་ལ་འགག་པ་ཡང་མེད་པར་རབ་ཏུ་བསྒྲུབས་པ་ཡིན་ཏེ། དེ་མེད་ན་ཡང་དག་པར་ནི་འགོག་པ་ཉིད་ཀྱང་ཡོད་པ་མ་ཡིན་ན་དེ་བདེན་པའི་དོན་ཡིན་པར་ལྟ་ག་ལ་འགྱུར། དེ་ལྟ་བས་ན། སྐྱེས་པ་འགགས་ན་མ་སྐྱེས་ལ། ། ནམ་མཁའི་མེ་ཏོག་བཞིན་མི་རིགས། །སྐྱེས་པ་ཉིད་ནི་ཀུན་རྫོབ་ཏུ་འགག་པའི་རྒྱུར་གྱུར་པ་ཡིན་ཏེ། ཀོང་བུ་དང་སྣུམ་དང་སྡོང་བུ་ལ་སོགས་པ་ཚོགས་པ་ལས་མར་མེ་འབྱུང་ལ། རྐྱེན་དང་བྲལ་བར་གྱུར་པ་ལས་འགོག་པར་མཐོང་བ་བཞིན་ནོ། །ཡང་ནམ་མཁའི་མེ་ཏོག་ལ་སོགས་པ་རྣམས་ནི་སྐྱེ་བ་ མེད་པས་འགག་པ་ཡང་མེད་པ་ཉིད་དུ་བསྟན་པ་ཡིན་ཏེ། དེའི་ཕྱིར་ན་མ་སྐྱེས་པ་ལ་འགག་པ་ཡོད་པར་ག་ལ་འགྱུར། གཞན་ཡང་། གང་ཚེ་སྐྱེ་བས་དེ་མ་སྐྱེས། །འགོག་པ་ཉིད་ཀྱིས་འགོག་ཡིན་པར། །མི་འདོད་དེ་ཚེ་མཁས་པ་ཁྱོད། །ཅི་ཞིག་བདེན་པར་ཡོད་པ་སྨྲོས། །སྐྱེས་པར་ 98-191a གྱུར་པའི་དངོས་པོའི་འགག་པར་འགྱུར་བ་ལ་འགག་པ་ཞེས་བྱ་བ་ཡིན་པས་དངོས་པོ་ཉམས་པར་འགྱུར་བ་ལ་འགག་པ་ཞེས་བྱ་བའི་ཚིག་ཏུ་བརྗོད་པར་གྱུར་ན། གང་དེ་སྐྱེ་བ་ཉིད་དུ་མ་སྐྱེས་པར་བདག་གིས་བསྒྲུབས་ཟིན་པ་སྟེ། ཀྱེ་མཁས་པར་ང་རྒྱལ་བྱེད་པ་ཁྱོད་དེ་ལ་ཅི་ཞིག་ཡང་དག་ པར་བདེན་པ་ཉིད་དུ་ཡོད་པ་དེ་སྨྲ་དགོས་སོ། །ཡང་ན་སྐྱེ་བ་མེད་ཀྱང་དེ་ཁོ་ན་ཉིད་དུ་འགོག་པ་ཁྱོད་འདོད་ན་དེ་ལྟ་བུ་དེ་འགེགས་པར་བྱེད་པའི་རྗེས་སུ་དཔག་པར་བྱེད་པ་བྱ་བ་ཉིད་དེ། མ་སྐྱེས་པ་ཡི་འགོག་པ་ཡང་། །ཡང་དག་ཏུ་ན་འགོག་པ་མིན། །མ་སྐྱེས་པ་ཡི་འགོག་ཡིན་ཕྱིར། །སོ་སོར་བརྟགས་མིན་འགོག་པ་བཞིན། །གང་འགོག་ལ་མི་འབྲལ་བ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཡིན་ལ། དེ་ནི་བདེན་པ་མ་ཡིན་ཏེ། ཤེས་རབ་ཀྱིས་མངོན་དུ་མ་བྱས་ན་ཡང་ངོ་བོ་ཉིད་ཀྱིས་སྐད་ཅིག་མའི་འཇིགས་པས་འཇིག་པའི་འདུས་བྱས་ཐམས་ཅད་ཀྱི་འགོག་པ་ཡོད་པས་སོ། །གང་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་འགོག་པ་ཐོབ་པ་དེ་དག་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། དེས་ནི་འབྲལ་བར་བྱེད་པ་ཡིན་པས་ཡང་དག་པ་ཡིན་ཏེ། ཤེས་རབ་སྔོན་དུ་སོང་བའི་ཕྱིར་རོ། །དེ་དག་གཉི་ག་ཡང་སྐྱེ་བ་མེད་པའི་ངོ་བོ་ཉིད་ལ་འགོག་པ་ཡིན་པར་བརྟགས་པ་དེ་ལ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བཞིན་དུ་སོ་སོར་བརྟགས་པའི་འགོག་པ་ཡང་དོན་དམ་པ་པ་མ་ཡིན་ནོ་ཞེས་རིག་པར་བྱ་བ་ཡིན་ནོ། །དེ་ལྟར་འགོག་པའི་བདེན་པ་བཀག་ནས་ལམ་གྱི་བདེན་པ་ཡང་དགག་པར་བྱ་བའི་ཕྱིར། འགོག་པ་ངོ་བོ་ཉིད་མེད་ན། །ཁྱོད་ཀྱི་ལམ་གྱིས་ཅི་ཞིག་ལེན། །མ་སྐྱེས་ལམ་ཡང་ཇི་ལྟར་ཡིན། །གང་གིས་ཅི་ཞིག་ཐོབ་པར་བྱེད། །འགོག་པ་ཐོབ་པར་བྱེད་པའི་རྒྱུ་ནི་ལམ་ཡིན་པར་འདོད་ན་གང་གི་ཚེ་དེ་ལྟར་བརྟག་པར་བྱས་པ་ན་འགོག་པའི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་པ་དེའི་ཚེ་ཅི་ཞིག་ཚོལ་ཞིང་ཐོབ་པར་བྱེད་ན་ལམ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད། ལམ་འདི་ཡང་རང་གི་ངོ་བོར་མ་སྐྱེས་པས་མ་སྐྱེས་པའི་རྣལ་འབྱོར་གང་གིས་མ་སྐྱེས་པའི་འགོག་པའི་བདེན་པ་གང་ཞིག་འཐོབ་པར་འགྱུར། ཚད་མས་ཀྱང་འདི་ལྟར་བསྒྲུབ་སྟེ། ལམ་གྱི་ངན་གྲོལ་ཐོབ་མིན་ཏེ། །འདུས་བྱས་ཡིན་ཕྱིར་གཞན་བཞིན་ནམ། །འགོག་པ་ལ་ནི་དམིགས་པའི་ཕྱིར། །དེ་ལས་གཞན་པའི་འགོག་པ་བཞིན། །ངན་པ་ཞེས་བྱ་བ་ནི་སྨད་པ་སྟེ། འདོད་པ་དང་། 98-191b གཟུགས་དང་། གཟུགས་མེད་པའི་ཁམས་ལ་བརྟེན་པའི་སེམས་སོ། །སྤངས་པའི་ཕྱིར་ངན་གྲོལ་ཏེ་ཐར་བའོ། །དེ་ཐོབ་པར་འགྱུར་བའི་རྒྱུ་ནི་ལམ་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་དགེ་བ་བཅུ་ཞེས་བྱ་བ་མཐོ་རིས་ཀྱི་ལམ་བཞིན་ནམ། འགོག་པ་མངོན་དུ་བྱ་བའི་ཕྱིར་གོམས་པར་བྱེད་པའི་ལམ་འདི་ནི་འགོག་པ་ལ་དམིགས་པར་བྱེད་པ་ཉིད་ཡིན་པས་འགོག་པ་ལ་དམིགས་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་བློ་བཞིན་ནོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་རྣམས་སོ་སོར་དགག་པར་བྱ་བའི་ཕྱིར། སྤྱི་ལ་དམིགས་པ་ཡིན་ཕྱིར་རམ། །འདུས་བྱས་ཡིན་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་མཐོང་བ་བརྫུན། །བརྫུན་པའི་ཤེས་པ་བཞིན་དུ་འདོད། །ཅེས་བྱ་བ་སྨྲས་ཏེ། གང་སྡུག་བསྔལ་ཡང་སྡུག་བསྔལ་ཉིད་དུ། ཀུན་འབྱུང་ཡང་ཀུན་འབྱུང་ཉིད་དུ། འགོག་པ་ཡང་འགོག་པ་ཉིད་དུ་ཤེས་པ་ནི་ཡང་དག་པའི་ལྟ་བ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་སོགས་པ་མཐོང་བ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེའི་ཆོས་བརྫུན་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །མི་རྟག་པ་དང་། བདག་མེད་པ་དང་། སྟོང་པ་ལ་སོགས་པ་སྤྱི་ལ་དམིགས་པའི་ཕྱིར་རམ། རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བརྫུན་པའི་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །འདིས་ནི་ཡང་དག་རྟོག་པ་དང་། །རྩོལ་བ་སོགས་ཀྱང་བརྫུན་ཉིད་ཕྱིར། །ལམ་གྱི་བདེན་པ་དོན་དམ་དུ། །མི་བདེན་པར་ནི་གྲུབ་པ་ཡིན། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ལ་སོགས་པ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པར་ནི་བརྫུན་པ་ཡིན་ཏེ། སྤྱི་ལ་དམིགས་པ་ཡིན་པའི་ཕྱིར་རམ། །འདུས་བྱས་ཡིན་པའི་ཕྱིར་ཕྱིན་ཅི་ལོག་གི་རྟོག་པ་བཞིན་ནོ། །དེ་ལྟར་བྱས་ན་ལམ་གྱི་བདེན་པ་ནི་དེ་དོན་དམ་པར་བདེན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པའོ། །དེ་ལྟར་ཇི་ལྟར་བྱས་ན་ལམ་བདེན་པ་ཉིད་དུ་རིགས་པ་ཡིན། དེས་ན་བསྒོམ་དེ་མི་རིགས་ལ། །སྡུག་བསྔལ་ལ་སོགས་མ་མཐོང་རིགས། །མཐོང་བ་རྣམས་ཀྱི་མ་མཐོང་གཟུགས། །ཐམས་ཅད་དུ་ཡང་དེ་བཞིན་གནས། །དངོས་པོ་ལ་མངོན་པར་ཞེན་པ་ཁྱེད་ཀྱི་ཉན་ཐོས་ཀྱི་ཐེག་པར་ལམ་བསྒོམ་པ་ཇི་ལྟ་བ་བསྟན་པ་དེ་བདག་གིས་བརྟག་པའི་རིམ་ 98-192a པ་འདིས་དེ་དག་ཡང་དག་པའི་ལྟ་བ་ལ་སོགས་པའི་རྣམ་པ་དེས་ཐེག་པ་ཆེན་པོར་རིགས་པ་མ་ཡིན་ནོ། །སྡུག་བསྔལ་ལ་སོགས་པ་རྣམས་མཐོང་བ་མེད་པའི་བསྒོམ་པ་ནི་རིགས་པ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། མཐོང་བ་སྟེ། སྡུག་བསྔལ་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་རྫོགས་པ་ རྣམས་ཀྱིའོ། །མ་མཐོང་གཟུགས་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་ནི་ཐམས་ཅད་དུ་སྟེ། དུས་ཀུན་དུ་དེའི་རྣམ་པ་དེ་བཞིན་དུ་རབ་ཏུ་གནས་པ་ཡིན་ནོ། །གཞན་གྱི་བསམ་པ་བླངས་ནས་ཕྱོགས་སྔ་མ་ཉེ་བར་འགོད་པར་བྱེད་པ་ནི། གལ་ཏེ་བློ་ངན་འགའ་ཞིག་ནི། །བདེན་པ་མཐོང་བ་མི་འདོད་ཕྱིར། །ཁྱོད་ནི་ཐར་པར་རིགས་མིན་སྟེ། །བྱིས་པའི་སྐྱེ་བོ་བཞིན་ཞེ་ན། །ཞེས་བྱ་བ་སྨྲས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་ལ་སྡང་བའི་ཐེག་པ་ཆེན་པོ་པ་རྣམས་ནི་ཐར་པར་རིགས་པ་མ་ཡིན་ཏེ། བདེན་པ་མཐོང་བ་མེད་པའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་བཞིན་ནོ། །ཉན་ཐོས་ཀྱི་ཐེག་པ་པ་གང་དག་རྨ་བཏོད་པའི་བསམ་པས་དེ་སྐད་སྨྲ་བར་བྱེད་པ་དེ་དག་ལ་ལན་བརྗོད་པར་བྱ་བའི་ཕྱིར། སྡུག་བསྔལ་དེས་སྡུག་མ་སྐྱེས་ཕྱིར། །སུ་ཞིག་ཐར་པ་ག་ལ་འདོད། །གྲོལ་བའང་སྒྱུ་མ་བྱས་པ་བཞིན། །འཁྲུལ་པའི་དབང་གིས་བསྟན་པ་ཡིན། །སྔར་བསྟན་པའི་རིགས་པས་སྡུག་བསྔལ་སྐྱེ་བ་མེད་པ་ཡིན་པའི་ཕྱིར། སྡུག་བསྔལ་དེས་སྡུག་བསྔལ་བར་གྱུར་པ་ཡང་སྐྱེ་བ་མེད་པ་ཡིན་ལ་སུ་ཞིག་སྐྱེ་བ་མེད་པའི་འཁོར་བ་ན་བསྡམས་པ་ཡོད་ནས། སྐྱེ་བ་མེད་པའི་ངེས་པར་འབྱུང་བ་གང་ཞིག་ཡོད་པ་ལ་འདོད་པ་སྐྱེད་པར་བྱེད། འོན་ཀྱང་རྒྱུ་དང་རྐྱེན་གཞན་གྱི་དབང་ལ་བརྫུན་པའི་བདག་ཉིད་མི་བདེན་པའི་ཀུན་དུ་རྟོག་པའི་འཆིང་བས་བཅིངས་པ་དག་སྒྱུ་མ་བྱས་པ་བཞིན་དུ་འཁྲུལ་པའི་དབང་གིས་གྲོལ་བར་བརྗོད་པར་བྱའི། དོན་དམ་པར་ནི་སུ་ཡང་བཅིངས་པའམ་ཐར་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཡང་། སྡུག་བསྔལ་ལ་སོགས་གང་དག་རྣམས། །གཏན་དུ་མ་མཐོང་གྲོལ་བར་འདོད། །དེ་ཕྱིར་དཔེ་ཡང་ཡོད་མིན་ལ། །དེ་བཞིན་གཏན་ཚིགས་མ་གྲུབ་ཉིད། །སྡུག་བསྔལ་ལ་སོགས་པ་རྣམས་རྣམ་པ་གང་གིས་ཀྱང་གཏན་དུ་མ་མཐོང་བ་ནི་གྲོལ་བ་ཡིན་ནོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཕྱོགས་འདི་ལ་བསྟན་པ་ཡིན་ཏེ། དེའི་མཐོང་བ་མེད་པ་དེ་ནི་ཆོས་ཙམ་མཐོང་བའི་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་གང་ཕྱོགས་སྔ་མར་སློབ་མའི་བྱང་ཆུབ་བཞིན་ 98-192b ཞེས་བྱ་བའི་དཔེ་ཉེ་བར་བསྟན་པའི་དཔེ་ཡང་ཡོད་པ་མ་ཡིན་ལ། དེ་བཞིན་དུ་ལམ་བསྒོམ་པ་ཕུལ་དུ་བྱུང་བས་བསྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཡིན་གྱི། དབང་པོ་ཁྱད་པར་དུ་འཕགས་པས་ནི་མ་ཡིན་ཏེ། དེས་ན་དབང་པོ་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་གཏན་ཚིགས་བདག་ཅག་ལ་སྨྲས་པ་འདི་མ་གྲུབ་པ་ཡིན་ནོ། །ལམ་གྱི་ཁྱད་པར་གཞན་བསྟན་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱང་འདི་ལྟར་མ་གྲུབ་པ་ཡིན་ཏེ། ཇི་ལྟ་ཞེ་ན། ཡང་དག་ལྟ་བ་སྔོན་འགྲོ་བའི། །ཇི་ལྟར་འབྱུང་བའི་ལམ་འདི་ཉིད། །ཐེག་ཆེན་དུ་ཡང་ཉེར་བསྟན་པས། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །ཡང་དག་པའི་ལྟ་བ་ལ་སོགས་པའི་རྣམ་པའི་མཚན་ཉིད་ཇི་ལྟ་བ་ཉིད་ཀྱིས་ཀུན་རྫོབ་ཏུ་བསྒོམ་པར་བྱ་བ་ཡིན་ལ། དེ་ཁོ་ན་ཉིད་རྟོགས་པའི་དུས་སུ་ནི་མཐོང་བ་མེད་པ་ལ་སོགས་པའི་རྣམ་པར་བསྒོམ་པར་བྱ་བ་ཡིན་པས་དེས་ན་ཐེག་པ་ཆེན་པོ་འདིར་བསྒོམ་པ་བྱེ་བྲག་ཏུ་བསྟན་པ་ཡིན་གྱི། ཡང་ལམ་གཞན་ནི་མ་ཡིན་པས་དེའི་ཕྱིར་ལམ་གཞན་ཉེ་བར་བསྟན་པས་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན། བདེན་པ་གཉིས་ལ་ཉེར་བརྟེན་ནས། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དོན་དམ་ཉིད་ཀྱི་བདེན་པའོ། །བཅོམ་ལྡན་འདས་ཀྱིས་རྩོམ་པ་ནི་འཇིག་རྟེན་ལ་ཕན་པ་ཡིན་པའི་ཕྱིར་ཡིན་པས་དེ་ཁོ་ན་ཉིད་མཆོག་ཏུ་འཛིན་པར་མི་མཛད་ཀྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་བྲལ་བ་དང་རྗེས་སུ་མཐུན་པ་ཉིད་དང་། སེམས་ཅན་གཡེང་བའི་བསམ་པ་ཅན་ལ་ལྟོས་ནས་དོན་ཁ་ཅིག་ཡང་དག་པ་མ་ཡིན་དུ་ཟིན་ཀྱང་དོན་དམ་པ་ཉིད་དུ་རྣམ་པར་བྱང་བ་དང་རྗེས་སུ་མཐུན་པར་སྟོན་པར་མཛད་དེ། ཇི་ལྟ་བུ་ཞེ་ན། གསུངས་པ། དགེ་སློང་རྣམས་ཁྱེད་རྣམས་ཀྱིས་འདི་ལྟར་བུད་མེད་མ་དང་འདྲ་བར་མཐོང་ན་ནི་མའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་བཞིན་དུ་སྲིང་མོ་དང་འདྲ་བའི་བུད་མེད་དམ་བུ་མོ་དང་འདྲ་བའི་བུད་མེད་མཐོང་བ་ན་བུ་མོའི་འདུ་ཤེས་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་དང་དེ་བཞིན་དུ་སེམས་ཅན་རྫུས་ཏེ་སྐྱེ་བ་ཡོད་དོ་ཞེས་བྱ་བ་དང་། གང་ཟག་གཅིག་འཇིག་རྟེན་དུ་བྱུང་བར་གྱུར་ཅིང་བྱུང་ན་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ནི་ཟས་ཀྱི་གནས་སོ་ཞེས་བྱ་བ་དང་། ང་ནི་རྒས་ཤིང་འཁོགས་སོ་ཞེས་བྱ་བ་ལྟ་བུ་དག་གོ། །ཇི་ལྟར་དྲི་མ་ཁ་ 98-193a ཅིག་ནི་ས་དང་ཐལ་བ་དང་ལྕི་བ་ལ་སོགས་པའི་དྲི་མས་དག་པར་བྱེད་པར་ནུས་ལ། དུ་བ་དང་སྣུམ་དང་འདམ་ལ་སོགས་པའི་དྲི་མ་ཁ་ཅིག་ནི་ཉེ་བར་སོགས་པར་བྱེད་པ་ཡིན་པ་དེ་བཞིན་དུ་རྣམ་པར་རྟོག་པ་ཡང་ཕན་པ་དང་མི་ཕན་པའི་རྒྱུ་ཉིད་དུ་འགྱུར་བ་ཡིན་ཏེ། འདི་ལྟར་བླ་མའི་ཆུང་མ་ ལ་མ་དང་སྲིང་མོ་ལྟར་རྣམ་པར་རྟོག་པ་ནི་ཕན་པའི་རྒྱུ་ཡིན་ལ། དེ་ཉིད་ལ་ཆུང་མར་མི་བདེན་པར་བཏགས་པ་ནི་མི་འདོད་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །འདིར་གསུངས་པ། མཁས་པས་དྲི་མ་དང་བྲལ་ན། །གོས་ནི་ཤིན་ཏུ་དག་པར་འགྱུར། །དེ་བཞིན་དངོས་པོ་ཀུན་རྫོབ་ཏུ། །ཀུན་རྫོབ་མཆོག་ཏུ་དབྲལ་བ་ཡིན། །ཞེས་ཀྱང་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་ཉིད་རྣམ་པ་སྣ་ཚོགས་སྤྲུལ་པའི་སྦྱོར་བས་ལེགས་པར་གསུངས་པ་འཇིག་རྟེན་དུ་གྲགས་པར་མཛད་པ་ཡིན་ནོ་ཞེས་བྱ་བར། རིག་བྱེད་མཐའ་ཡང་ལེགས་བསྟན་གང་། །དེ་ཀུན་སངས་རྒྱས་གསུངས་པ་ཡིན། །དེ་ཕྱིར་དཔེ་ནི་མ་གྲུབ་སྟེ། །ཐེ་ཚོམ་ཟ་ན་བརྟག་པར་གྱིས། །ཞེས་བྱ་བ་སྨྲས་ཏེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། རིག་བྱེད་མཐའ་པའི་ལྟ་བ་བཞིན་ནོ་ཞེས་སྔར་གང་སྨྲས་པ་དེ་ལ་རིག་བྱེད་ཀྱི་མཐའ་དཔེར་བརྗོད་པ་ནི་བསྒྲུབ་བྱའི་ནང་དུ་འདུས་པས་བསྒྲུབ་བྱ་དཔེ་མ་གྲུབ་པའི་སྐྱོན་ཡོད་དོ། །མ་ཡིན་ཏེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་ངན་པར་སྨྲས་པ་མང་པོ་སྨྲ་བར་བྱེད་པའི་རིག་བྱེད་ཀྱི་ཡན་ལག་དེ་དག་དཔེར་འགྱུར་རོ་ཞེ་ན། ཐེག་པ་ཆེན་པོར་དེ་ལྟ་བུ་མ་བསྟན་པས་སྐྱོན་ཡོད་པ་མ་ཡིན་ནོ། །ཐེག་པ་ཆེན་པོ་ནི་གཙུག་ལག་གསུམ་གྱི་གསུང་རབ་དང་ཡང་འགལ་བ་ཡང་མ་ཡིན་ལ། ཆོས་ཉིད་དང་ཡང་འགལ་བར་བསྟན་པ་ཡང་མེད་དེ། ཇི་ལྟར་སྔར་བསྒྲུབས་པ་བཞིན་ནོ། །གང་སངས་རྒྱས་ཀྱི་བཀའ་དང་མི་འགལ་བའི་ལེགས་པར་སྨྲས་པའི་རིག་བྱེད་ནི་གཟུང་བར་བྱ་བ་ཡིན་ལ་ཉེས་པར་སྨྲས་པ་ནི་གཟུང་བར་བྱ་བ་མ་ཡིན་ཏེ། ཐེ་ཚོམ་ཟ་ན་ཡོངས་སུ་དཔྱོད་ ཅིང་དེ་ལྟ་བས་ན་རིགས་པ་ནི་གཟུང་བར་བྱ་ལ། མི་རིགས་པ་ནི་གཟུང་བར་བྱ་བ་མ་ཡིན་ནོ། །གང་ཡང་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པས་ཐེག་པ་ཆེན་པོ་པ་ནི་མེད་པར་ལྟ་བ་དང་འདྲའོ་ཞེས་ཟེར་བ་དེ་ལ་ལན་གདབ་པར་བྱ། ཡོད་དང་མེད་པའི་རྟོག་བྲལ་ཞིང་། །ཤེས་རབ་སྤྱོད་པས་གནས་པ་ 98-193b ལ། །རྒྱུ་དང་འབྲས་བུ་སྐུར་འདེབས་པའི། །ལྟ་བ་གང་ཡོད་འདོད་པ་གང་། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་བདག་ཅག་ཡོད་པའི་ཕྱོགས་སྤངས་ཏེ་མེད་པའི་ཕྱོགས་ལེན་པར་བྱེད་ན་ནི་མེད་པ་པ་ཉིད་ཡིན་ན་འདི་ལྟར་བདག་ཅག་ཡོད་པ་དང་མེད་པའི་མཐའ་གཉིས་ཀ་བཏང་ནས་དབུ་མར་སྒྲུབ་པར་ བཟུང་བ་ལ་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ན་དེ་ལ་ཇི་ལྟར་ན་བདག་ཅག་མེད་པར་ལྟ་བ་པ་ཡིན་ནོ་ཞེས་སྒྲོ་འདོགས་པར་བྱེད། གང་གི་ཕྱིར་ཤེས་རབ་ལ་སྤྱོད་པས་ཡོད་པ་དང་མེད་པའི་རྟོག་པ་དང་བྲལ་བར་བྱེད་པ་དེ་ནི་ཡོད་པ་དང་མེད་པའི་རྟོག་པ་དང་བྲལ་ཞིང་ཤེས་རབ་སྤྱོད་པ་སྟེ། གང་དག་ལ་ངང་ཚུལ་འདི་རྣམས་ཡོད་པ་དེ་ནི་ཡོད་པའི་རྟོག་པ་དང་བྲལ་ཞིང་ཤེས་རབ་སྤྱོད་པས་གནས་པ་ལའོ། །དེ་དག་ནི་ཡོད་པ་དང་མེད་པ་དང་གཉི་གའི་མཐའ་སྤངས་པས་ལྟ་བ་ལ་མངོན་པར་ཞེན་ཅིང་དངོས་པོ་ཅི་ཞིག་མངོན་པར་འཛིན་པ་སྐྱེ་བར་འགྱུར་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་མངོན་པར་སྤངས་པ་ལ་དོན་དམ་པ་ཉིད་དུ་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་འདི་ལྟ་བུ་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི། རྒྱུ་དང་འབྲས་བུ་འབྲེལ་པ་དག །འཇིག་རྟེན་གྲགས་པ་ཇི་ལྟ་བར། །དེ་བཞིན་དེ་ནི་འགོག་པ་མིན། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །འཇིག་རྟེན་འདི་ཡང་མེད། འཇིག་རྟེན་ཕ་རོལ་ཡང་མེད། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་ཅེས་བྱ་བའི་ལོག་པར་ལྟ་བ་སྤངས་ནས་འཇིག་རྟེན་འདི་ཡང་ཡོད། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད་དོ་ཞེས་བྱ་བར་རང་གིས་ཉེ་བར་བསགས་པའི་ལས་རྣམས་ཡོངས་སུ་སྨིན་པར་གྱུར་པ་ཐོབ་ནས་དུས་གཞན་འབྲས་བུ་ཉམས་སུ་མྱོང་ངོ་ཞེས་འཇིག་རྟེན་ལ་ཇི་ལྟར་གྲགས་པ་དེ་ནི་བདག་ཅག་གིས་ཀྱང་མི་འགོག་པས་དེའི་ཕྱིར་ན་བདག་ཅག་ལ་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་གཏན་ཚིགས་སྨྲས་པ་དེ་མ་གྲུབ་པ་ཉིད་དོ། །མེད་པར་ལྟ་བ་མདོར་བསྡུ་ན། །འབྲས་བུ་མེད་དེ་དེ་བཞིན་ལས། །བསོད་ནམས་མེད་པ་ངན་འགྲོ་བ། །ལོག་པར་ལྟ་བ་ཞེས་བརྗོད་དོ། །ཡོད་པར་ལྟ་བ་མདོར་བསྡུ་ན། །འབྲས་བུ་ཡོད་དོ་ལས་རྣམས་ཀྱི། །བསོད་ནམས་བདེ་འགྲོའི་རྒྱུ་མཐུན་པ། །ཡང་དག་ལྟ་བས་འདི་དྲན་ 98-194a བྱ། །མེད་པ་ལ་ནི་ངན་འགྲོར་འགྲོ། །མེད་ལས་གཞན་པ་བཟང་འགྲོ་སྟེ། །གཉི་ག་ཡོངས་སུ་སྤངས་པ་ཡི། །གཉིས་མེད་བརྟེན་པ་ཐར་བར་འགྱུར། །ཞེས་ཀྱང་གསུངས་པས། དེས་ན་གཉིས་སུ་མེད་པར་སྨྲ་བ་བདག་ཅག་ནི་མེད་པ་པ་མ་ཡིན་ནོ། །འདི་དག་ཉིད་སྒྲུབ་ པར་བྱེད་པ་དབུ་མའི་རྩ་བ་ལས་ཀྱང་བསྟན་ཏེ། དབུ་མར་སྨྲ་བ་རྣམས་མེད་པ་པ་དང་འདྲའོ་ཞེས་བྱ་བ་དེ་ཐ་སྙད་ཀྱི་དུས་སམ་དེ་ཁོ་ན་ཉིད་མཐོང་བའི་དུས་གང་ལ་བརྟག་པར་བྱ། དེ་ལ་རེ་ཞིག་མེད་པ་པ་ནི་ཐ་སྙད་ཀྱི་དུས་ཀྱི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ལ་མངོན་པར་ཞེན་ཅིང་དཀར་པོའི་ཕྱོགས་མ་ལུས་པ་དྲུངས་ནས་ཕྱུང་ཞིང་མི་དགེ་བའི་ལས་ཐམས་ཅད་ལ་ཞུགས་ནས་ཡང་དག་པའི་ཐ་སྙད་ཀྱི་བདེན་པ་ལ་གནོད་པ་ཡིན་ན་བདག་ཅག་ནི་སྒྱུ་མ་དང་སྨིག་སྒྱུ་ཙམ་དུ་བཏགས་པའི་རྒྱུ་དང་འབྲས་བུ་འབྲེལ་པ་ལ་སྐུར་པ་ཡང་མི་འདེབས་པས་མི་དགེ་བའི་ལམ་ལ་ཞུགས་པ་ཡང་མ་ཡིན་ཞིང་། ཟག་པ་དང་བཅས་པའི་ཕུང་པོ་འདི་ལས་ཡང་སྲིད་པའི་ཕུང་པོ་འབྱུང་བར་མི་འདོད་པ་ཡང་མ་ཡིན་པས་ཕུང་པོ་རྣམས་ནི་ཕུང་པོ་གཞན་འགག་པ་སྔོན་དུ་སོང་བ་ལས་ད་ལྟར་གྱི་དང་མ་འོངས་པའི་འབྱུང་བར་མི་སྒྲུབ་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སྒྱུ་མ་དང་རྨི་ལམ་བཞིན་དུ་འདོད་པས་ཐ་སྙད་ཀྱི་དུས་ན་མེད་པ་དང་བདག་ཅག་འདྲ་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བའི་དུས་ན་ཡང་མ་ཡིན་ཏེ། འདི་ལྟར་ཡང་མེད་པ་པ་རྣམས་ཀྱི་མེད་པ་ནི་མེད་པའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ཅིང་དངོས་པོའི་དོན་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པའི་ཕྱིར་ཕྱིན་ཅི་ལོག་གི་ཤེས་པས་དེ་ཚུལ་ ཁྲིམས་འཆལ་བའི་དྲི་མས་བསྒོས་པར་གྱུར་པས་སྡུག་བསྔལ་ཞི་བར་མི་འགྱུར་རོ། །བདག་ཅག་གི་དེ་ཁོ་ན་ཉིད་མཐོང་བའི་དུས་ན་ནི་གང་གི་ཕྱིར་གཟུགས་ལ་སོགས་པའི་དངོས་པོའི་ཡུལ་ལ་སྔར་བདེན་པའི་བློ་སྐྱེས་པར་གྱུར་པ་དེ་གཟུགས་ལ་སོགས་པའི་དངོས་པོ་དེ་དག་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་འདི་ནི་གཟུགས་ལ་སོགས་པའི་དངོས་པོ་བདེན་པའོ་སྙམ་པ་དེ་ལྡོག་པར་འགྱུར་རོ། །དོན་གྱི་ཤུགས་ཀྱིས་བྱུང་བའི་བློ་མེད་པའི་བློ་ཡང་འཇུག་པར་མི་འགྱུར་ཏེ། གཟུགས་ལ་སོགས་པའི་ཡུལ་འདི་ནི་མེད་པ་ཡིན་ནོ་ཞེས་བྱ་བའི་བློ་དེ་ཡང་དོན་དམ་པ་ཇི་ལྟ་བ་བཞིན་གྱི་དོན་དམ་པ་མ་ཡིན་ཏེ། བློ་ཡིན་ 98-194b པའི་ཕྱིར་ཡོད་པའི་བློ་བཞིན་ནོ་ཞེས་བྱ་བ་ནི་སུན་དབྱུང་བ་ཡིན་ནོ། །ཡང་ན་སྲིད་པར་སྣང་བ་གང་ལ་བློ་སྐྱེ་བར་འགྱུར་བ་དགག་པར་བྱ། དེ་ལ་མེད་པའི་བློ་འབྱུང་བའི་སྐབས་ཡོད་པར་འགྱུར་བ་འདི་ལྟར་དགག་པར་བྱ་བའི་ངོ་བོ་མེད་པའི་ཕྱིར་མི་བདེན་པར་རྟོག་པའི་སྒོ་ནས་མེད་པའི་བློ་ཡང་ལྡོག་པར་འགྱུར་རོ། །འཕྲོག་པ་མེད་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་དང་། རབ་ཏུ་དབེན་པར་གྱུར་པ་ལ་མེད་དོ་ཞེས་བྱ་བ་བློ་ཡང་སྐྱེ་བར་མི་འགྱུར་བས་མེད་པ་ཞེས་བྱ་བའི་སྒྲ་ཙམ་ཡང་མཐུན་པ་ཡང་མེད་པ་པ་དང་། དབུ་མར་སྨྲ་བ་ལ་ཡོད་པ་མ་ཡིན་ནོ། །སྟོན་པའི་དུས་ན་ཡང་ཡོད་པ་ཉིད་དགག་པ་ཙམ་བྱེད་ཀྱི་མེད་པ་ཉིད་སྒྲུབ་པ་ནི་མ་ཡིན་པས་ཡུངས་ཀར་དང་རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་བར་ཡོད་པ་ཡིན་ཏེ། ཇི་སྐད་དུ། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །སྔོན་པོ་མིན་ཞེས་བརྗོད་པ་ཡིས། །དཀར་པོ་ཡིན་ཞེས་བརྗོད་དམ་ཅི། །ཞེས་གསུངས་པས། དེའི་ཕྱིར་ན་ལྟ་བ་རྣམ་པ་གཉི་ག་ཡང་སྤྲོས་པ་མ་ལུས་པ་སྤངས་པས་ཞི་བའི་བདེ་བ་འདོད་པའི་མཁས་པ་རྣམས་ལ་སྡུག་བསྔལ་དུ་གྱུར་པ་ཡིན་ནོ། །ཅི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་རབ་ཏུ་ཐོབ་པའི་བདག་ ཉིད་ཀྱི་དངོས་པོ་གང་དག་གིས་ཐ་སྙད་དུ་བྱ་བར་འོས་པ་དེ་དག་གལ་ཏེ་འདིར་རང་རང་གི་ངོ་བོར་དོན་དམ་པར་ཡོད་པར་གྱུར་ན་ནི་དགེ་བ་དང་མི་དགེ་བའི་ཆོས་བསྐྱེད་པ་དང་མི་བསྐྱེད་པའི་ཕྱིར་འབད་པ་དོན་མེད་པར་འགྱུར་ཏེ། བདེན་པར་ཡོད་པའི་ཕྱིར་ཡོད་པར་གྱུར་པའི་བུམ་པ་དང་། རས་ཡུག་བཞིན་ ཏེ་བདེ་བ་ཅན་ཡང་བདེ་བའི་ཁྱད་པར་ལས་ཉམས་པར་མི་འགྱུར་ལ། སྡུག་བསྔལ་ཅན་ཡང་སྡུག་བསྔལ་ལས་ཉམས་པར་མི་འགྱུར་ཏེ། རྩིག་ངོས་ལ་བྲིས་པའི་རི་མོ་བཞིན་དུ་སྐྱེ་བ་དང་ན་ཚོད་དང་ཚད་དང་སྤྱོད་ལམ་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་སྲོག་ཆགས་རྣམས་ལ་རྗེས་སུ་འབྲེལ་བར་ འགྱུར་རོ། །འོན་ཏེ་མེད་པའི་ངོ་བོ་ཉིད་ཡིན་ན་ཡང་ཁམས་གསུམ་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བ་དང་མི་དགེ་བའི་ཆོས་རྣམས་བསྐྱེད་པ་དང་མི་བསྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཡང་དེ་བཞིན་ཏེ། སེམས་ཅན་མེད་པའི་ཕྱིར་ཇི་ལྟར་རི་བོང་གི་རྭ་རྣོ་བར་སྒྲུབ་པ་དེ་བཞིན་ཏེ་དེས་ 98-195a ནི་ཐ་སྙད་ཆད་པར་ཐལ་བར་འགྱུར་རོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་བདུན་པ། གང་གི་ཕྱིར་ལྟ་བ་ངན་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་གྱུར་པ་ལ་འདི་སྐད་ཅེས། གང་གིས་སྲིད་རྣམས་ཡོད་ཉིད་དང་། །མེད་པ་ ཉིད་མཐོང་བློ་དམན་པ། །དེས་ནི་མཐོང་བའི་ཉེར་ཞི་དང་། །ཞི་བ་མཐོང་བ་མ་ཡིན་ནོ། །ཞེས་བརྗོད་པ་དང་། མདོ་སྡེ་ལས་ཀྱང་འདི་སྐད་དུ་གསུངས་ཏེ། གང་གིས་ཡོད་ཉིད་སྒྲུབ་པ་ཡི། །རྐྱེན་ཉིད་གང་ཕྱིར་མེད་པ་ལ། །ལྟ་ངན་ཡོད་པར་སྨྲ་བ་ཡི། །མེད་དང་ཡོད་པར་རབ་ཏུ་བསྟན། །དེ་ བཞིན་ཡོད་མེད་ཡོད་མེད་མིན། །གང་ཚེ་འཇིག་རྟེན་འདི་མཐོང་བ། །དེ་ཚེ་སེམས་ནི་ལྡོག་གྱུར་ནས། །བདག་མེད་པར་ནི་རྟོགས་པར་འགྱུར། །ཞེས་གསུངས་པ་དང་། དེ་བཞིན་དུ་འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་སྟེ་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་ པའོ། །གང་མཐའ་འདི་གཉིས་ཀྱི་དབུས་དེ་ནི་གཟུགས་མེད་པ། བལྟར་མེད་པ། ཕྲད་པ་མེད་པ། སྣང་བ་མེད་པ། དམ་པས་ཤེས་པར་བྱ་བ་མ་ཡིན་པ། གནས་པ་མེད་པ། རྟེན་མེད་པ་འདི་ནི་དབུ་མར་སྒྲུབ་པ་ཆོས་རྣམས་ཀྱི་ཡང་དག་པ་ལ་སོ་སོར་རྟོག་པ་ཞེས་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཀ་ཏ་ཡ་ན་གང་འཇིག་རྟེན་འདི་ནི་ཁྱད་པར་ལས་ཀྱང་ཁྱད་པར་ཅན་དུ་འགྱུར་བར་འདོད་པ་ཉེ་བར་བཟུང་བས་འདི་ལྟ་སྟེ། ཡོད་པ་དང་མེད་པ་ལ་རྟེན་པར་བྱེད་པ་ཆོས་འདི་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་གསུངས་པ་དང་། དེ་བཞིན་དུ་ཀུན་དགའ་བོ་ཡོད་ཅེས་ཟེར་བ་ནི་རྟག་པ་ཉིད་དུ་ལྟུང་བར་འགྱུར་རོ། །མེད་པ་ནི་ཆད་པར་རོ། །གང་མཐའ་འདི་གཉིས་སྤངས་ན་དབུ་མའི་བསྒྲུབ་པས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་དེ། འདི་ལྟ་སྟེ་འདི་ད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་པས། དབུ་མར་སྒྲུབ་པ་ལ་བརྟེན་པའི་ཐེག་པ་ཆེན་པོ་པ་དབུ་མར་སྨྲ་བ་རྣམས་ནི་མེད་པ་པ་མ་ཡིན་ནོ། །དེ་ལྟར་ན་དཔེ་མ་གྲུབ་པས་བསྒྲུབ་པར་བྱ་བ་རྗེས་སུ་འཇུག་པ་མ་ཡིན་ནོ། །གང་ཡང་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། མངོན་སུམ་ལ་སོགས་པ་དང་འགལ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། དངོས་པོ་མངོན་སུམ་སྤྱོད་ཡུལ་གྱི། །ཀུན་རྫོབ་བྱིས་པས་བཟུང་བ་འདི། ། 98-195b འདིར་ནི་ལན་ཡང་སྔ་མ་བཞིན། །དེ་ཡི་གནོད་པས་མི་གནོད་དོ། །མངོན་སུམ་གྱིས་གནོད་པ་བསྐྱེད་པར་འདོད་པ་གང་གིས་ཀྱང་མངོན་སུམ་མངོན་སུམ་ཞེས་བྱ་བ་ཉིད་ཉེ་བར་བཏགས་ནས་གདོད་བརྩད་པར་རིགས་པ་ཡིན་ནོ། །དོན་དམ་པ་ཉིད་དུ་ན་དབང་པོ་ནི་སེམས་པ་མེད་པ་ཡིན་པ་དང་། འདུ་བྱེད་ རྣམས་ཀྱང་བེམས་པོ་ཡིན་པའི་ཕྱིར་དང་། སྐད་ཅིག་མ་ཡིན་པའི་ཕྱིར་དབང་པོ་རྣམས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་ལ་ཉེ་བར་དམིགས་པའི་ནུས་པ་ཡོད་པ་མ་ཡིན་ནོ། །འོན་ཀྱང་ཀུན་རྫོབ་ཏུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་དང་། ཡུལ་ ཡང་ཀུན་རྫོབ་ཁོ་ན་སྟེ། བྱིས་པའི་བློས་བཟུང་བ་ལ་མངོན་སུམ་ཞེས་ཉེ་བར་གདགས་སོ། །དོན་དམ་པར་ནི་མཐོང་བ་མེད་པ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། ཇི་ལྟར་སྔར། མིག་གི་དབང་པོའི་གཟུང་བ་ནི། །དོན་དམ་ཉིད་དུ་གཟུགས་མིན་ཏེ། །བསགས་པའི་ཕྱིར་ན་སྒྲ་བཞིན་ནམ། ། ཡང་ན་འབྱུང་ལས་གྱུར་པ་བཞིན། །ཞེས་བྱ་བ་ལ་སོགས་པས་བསྒྲུབས་པ་ཡིན་ནོ། །ཇི་ལྟར་འཇིག་རྟེན་དང་འགལ་བ་ཡང་མེད་པ་དེ་ལྟར་བརྗོད་པར་བྱ་སྟེ། མཁས་པའི་ལུགས་ཀྱིས་བརྟགས་པ་ལ། །གྲགས་པས་གནོད་པ་མ་ཡིན་ཏེ། །ཇི་ལྟར་ཆོས་བདག་མེད་པ་དང་། །སྐད་ཅིག་མ་ ཞེས་བརྗོད་པ་བཞིན། །གལ་ཏེ་བདག་ཅག་གིས་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པར་སྨྲས་པ་ལ་གྲགས་པས་གནོད་པར་གྱུར་ན་ནི། དེ་ལྟ་ན་སྡེ་པ་གཞན་གྱིས་སྨྲས་པའི་ཆོས་ཐམས་ཅད་བདག་མེད་པ་དང་། སྐད་ཅིག་མའོ་ཞེས་བྱ་བ་ལ་ཡང་གྲགས་པས་གནོད་པར་འགྱུར་ རོ། །གལ་ཏེ་དེ་ལ་གྲགས་པ་དང་འགལ་བས་གནོད་པར་མི་འགྱུར་རོ་ཞེ་ན་ནི་བདག་ཅག་གིས་ཆོས་རྣམས་སྐྱེ་བ་མེད་པའོ་ཞེས་སྨྲ་བ་ལ་ཡང་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཅི་ཞིག་ཡོད། རྗེས་སུ་དཔག་པས་ཀྱང་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཡོད་པ་མ་ཡིན་པར་བསྟན་ཏེ། གང་གི་ ཕྱིར། གཟུགས་ཀྱི་དེ་ཉིད་བྱིས་རྣམས་ཀྱི། །ཡུལ་ཉིད་འགྱུར་བ་མ་ཡིན་ཏེ། །ནང་ལ་རིག་པ་མ་སྦྱངས་ཕྱིར། །བདག་སོགས་སྟོང་པ་ཇི་བཞིན་ནོ། །གང་གཟུགས་ལ་སོགས་པའི་དོན་དམ་པ་དེ་ནི་བྱིས་པ་རྣམས་ཀྱི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། ལུས་ཀྱི་དབང་པོ་དང་བློའི་ན་བདག་གོ། །བདག་ 98-196a གི་དབང་དུ་བྱས་པས་ནང་སྟེ། ནང་གི་བདག་ཉིད་ལ་རིག་པ་གང་ཡིན་པའོ། །དེ་གོམས་པར་མ་བྱས་པས་ན་མ་སྦྱངས་པ་སྟེ། ནང་ལ་རིག་པ་མ་སྦྱངས་པ་དེའི་ཕྱིར་ན་ནང་ལ་རིག་པ་མ་སྦྱངས་པ་ཞེས་བྱ་སྟེ། གང་དང་གང་ནང་ལ་རིག་པ་སྦྱངས་པ་མེད་པའི་བྱིས་པ་དེ་དང་དེ་དག་གི་ཡུལ་དུ་ འགྱུར་བ་མ་ཡིན་ཏེ། དཔེར་ན་བདག་ལ་སོགས་པའི་སྟོང་པ་བཞིན་ནོ། །བྱིས་པ་རྣམས་བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ལ་ཆགས་པའི་དབང་དུ་གྱུར་པ་རྣམས་འཇིག་ཚོགས་ཀྱི་ལྟ་བ་ལ་མངོན་པར་ཞེན་པས་བདག་ཏུ་འཛིན་པ་དམ་དུ་འཇུག་པར་འགྱུར་བ་དེ་དག་ལ། བདག་ལ་སོགས་པའི་སྟོང་པ་ཉིད་ཡུལ་དུ་བྱས་པའི་བློ་ལྟ་ག་ལ་འབྱུང་བར་འགྱུར། དེ་བཞིན་དུ། བྱིས་རྣམས་བློ་ལ་ཡང་དག་ཏུ། །གཟུགས་ཀྱི་དེ་ཉིད་ལྡན་པ་མིན། །མ་རིག་རབ་རིབ་ཀྱིས་བསྒྲིབས་ཕྱིར། །མྱ་ངན་འདས་པའི་སྤྱོད་ཡུལ་བཞིན། །གཟུགས་ཀྱི་དེ་ཁོ་ན་ཉིད་དོན་དམ་པར་བྱིས་པ་རྣམས་ ཀྱི་བློའི་ཡུལ་དུ་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་ཡིན་ནོ། །ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་མི་ཤེས་པ་ནི་མ་རིག་པའོ། །དེ་ཉིད་ནི་རབ་རིབ་སྟེ། མི་མཐོང་བར་བྱེད་པའི་ཕྱིར་རོ། །དེས་བསྒྲིབས་པ་ནི་མ་རིག་རབ་རིབ་ཀྱིས་བསྒྲིབས་པ་སྟེ། དེའི་ངོ་བོ་ནི་མ་རིག་པའི་ རབ་རིབ་ཀྱིས་བསྒྲིབས་པ་ཉིད་དོ། །དེའི་ཕྱིར། མ་རིག་རབ་རིབ་ཀྱིས་བསྒྲིབས་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཡིན་ནོ། །མྱ་ངན་ལས་འདས་པའི་སྤྱོད་ཡུལ་བཞིན་ཞེས་བྱ་བ་ནི་དཔེ་ཡིན་ཏེ། ཇི་ལྟར་མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་གྱི་བློ་བྱིས་པ་རྣམས་ལ་མི་ལྡན་པ་དེ་བཞིན་དུ་གཟུགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་བློ་དང་ཡང་དེ་རྣམས་ལྡན་པ་མ་ཡིན་ཏེ། གང་གི་ཕྱིར་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་ཕྱིར་ཞེས་བྱ་བས་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཡང་མེད་དོ། །དེས་ན་འདི་ལྟར། སྲིད་པ་རྣམས་ནི་ཡང་དག་ཏུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག །གནོད་པར་བསྟན་པས་གནོད་པ་མེད། །འདི་དག་ནི་སྔར་ཡང་ལན་བཏབ་པ་ཉིད་ཡིན་ཏེ། ཡང་དག་པར་ཞེས་བྱ་བའི་དམ་བཅའ་བ་ཁྱད་པར་ཅན་ལ་མངོན་སུམ་དུ་གྲགས་པས་གནོད་པ་འབྱུང་བ་མེད་བཞིན་དུ་མི་བདེན་པའི་སྐྱོན་གྱིས་སྒྲོ་འདོགས་པ་ལ་མངོན་པར་ཞེན་པ་དག་ཡང་དང་ཡང་དུ་ 98-196b བརྟགས་ནས་གནོད་པར་སྨྲ་བ་དེས་ནི་བདག་ཅག་ལ་གནོད་པ་མ་ཡིན། སྔར་སུན་འབྱིན་པ་བསྟན་པའི་ཤུགས་ཀྱིས་སོ་ཞེས་བྱ་བའི་བསམ་པས་སོ། །གང་ཡང་བགྲོད་མིན་ལ་ཡང་ཡང་དག་ཏུ། བགྲོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲ་བའི་ལན། ཡང་དག་པར་ན་ཆོས་རྣམས་ནི། །ཞི་ཞིང་ མཁའ་དང་མཉམ་པ་ལ། །བུད་མེད་ཉིད་ཀྱང་མ་གྲུབ་ན། །དཔེ་ཡིས་གནོད་པ་ཇི་ལྟར་འདོད། །འདིའི་མངལ་དུ་འཛིན་པར་བྱེད་པས་བུད་མེད་དེ། དེ་ནི་དོན་དམ་པར་བྱེད་པ་པོ་དང་ལས་དང་དབང་དུ་བྱ་བར་མ་གྲུབ་པས་བྱ་བ་ཐམས་ཅད་ལྡོག་པར་གྱུར་པའི་ནམ་མཁའ་དང་མཉམ་པར་གྱུར་པའི་ཆོས་ རྣམས་ལ་མི་འགྲུབ་པོ། །དེ་མ་གྲུབ་ན་དོན་དམ་པར་དཔེ་གང་གིས་གང་ཞིག་ཇི་ལྟར་རྗེས་སུ་དཔག་པར་འདོད། དེ་ལྟ་ན་ཡང་། བགྲོད་བྱ་བགྲོད་པ་བགྲོད་པོ་དང་། །གསུམ་པོ་ཇི་ལྟར་ཡོད་བཞིན་དུ། །བགྲོད་མིན་བགྲོད་པར་སྒྲུབ་བྱེད་པ། །དེ་བཞིན་སྐྱོན་ཞིག་འདོགས་པར་འདོད། །བགྲོད་ བྱ་ནི་ཡང་དག་པར་མཐུན་པར་བྱ་བའི་བུད་མེད་དོ། །དེ་ལ་འཇུག་པ་ནི་དེ་ལ་བགྲོད་པ་སྟེ། གཉིས་ཀྱིས་གཉིས་སྤྲོད་པའོ། །བགྲོད་པོ་ནི་འདོད་པ་སྟེ། དེ་ལྟར་གསུམ་པོ་འདི་དག་ཡོད་པ་ཉིད་དུ་འཇིག་རྟེན་དུ་གྲགས་སོ། །དེ་ལྟ་ན་ཡང་བགྲོད་པར་བྱ་བ་མ་ཡིན་པ་སྐྱེད་བྱེད་ལ་སོགས་པ་ལ་ཡང་ བགྲོད་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་ཁྱོད་ཀྱིས་བདག་ལ་སྐྱོན་སྦྱིན་པར་འདོད་ཅིང་གྲུབ་པ་ཇི་ལྟ་བུ་ཡིན། གྲགས་པས་གནོད་པ་ཉིད་ནི་བདེན། །ཁྱད་པར་ཅན་ལ་མ་གྲུབ་ཕྱིར། །དེས་ན་མི་མཐུན་ཕྱོགས་འདི་ལ། །བདག་གི་ཕྱོགས་གནོད་ནུས་པ་མེད། །གང་བགྲོད་པར་བྱ་བ་མ་ ཡིན་པའི་བུད་མེད་ལ་ཡང་བགྲོད་པར་བྱ་སྟེ། བུད་མེད་ཡིན་པའི་ཕྱིར་བུད་མེད་གཞན་ཞིག་ཡིན་ནོ་ཞེས་སྨྲས་པ་ནི་བདེན་ཏེ། འདི་ལྟ་བུ་ནི་གྲགས་པས་གནོད་པ་ཡིན་ནོ། །གང་དག་དོན་དམ་པར་ཞེས་ཁྱད་པར་ཅན་དུ་བྱས་པ་ལ་ནི་དེ་མ་གྲུབ་སྟེ། དོན་དམ་པར་བུད་མེད་ཉིད་ཀྱང་མ་གྲུབ་ པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཁྱོད་ཀྱིས་རྗེས་སུ་དཔག་པ་ལྟར་སྣང་བ་བསྟན་པ་དེ་ལ། བདག་ལ་གཏད་ནས་གྲགས་པ་དང་འགལ་བ་སྒྲུབ་པར་འདོད་པའི་ནུས་པ་མེད་ཅིང་མཐུ་མེད་དོ། །གང་ཡང་འདི་སྐད་དུ། བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར་འགྱུར། །ཞེས་ 98-197a བྱ་བ་ལ་སོགས་པ་དེ་ལ་ཡང་། སྤྲོས་པ་མེད་ཅིང་རང་རིག་པ། །རྣམ་རྟོག་དྲི་མ་དང་བྲལ་བ། །དུ་མ་ཉིད་དང་གཅིག་ཉིད་བྲལ། །ཞི་བ་དེ་ཉིད་མཁས་རིག་པ། །ངག་གི་བརྗོད་པ་ཐམས་ཅད་ཀྱིས། །སྤྲོ་བར་མི་ནུས་པས་སྤྲོས་པ་མེད་པའོ། །མངོན་སུམ་གྱི་ཤེས་པས་རྟོགས་ པར་བྱ་བའི་ཕྱིར་རང་རིག་པའོ། །དེ་ཉིད་ཀྱི་ཕྱིར་ངེས་པར་རྟོག་པར་བྱེད་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཕྱིར་དུ་མ་ཉིད་དང་བྲལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་ཅི་ཡང་མ་ཡིན་པའི་ཕྱིར་གཅིག་ ཉིད་དང་བྲལ་བའོ། །སྐྱེ་བ་དང་། འགག་པ་དང་། འགྲོ་བ་དང་། འོང་བ་ལ་སོགས་པའི་བྱ་བ་དང་མངོན་པར་བྲལ་བས་ཞི་བའོ། །དེ་ལྟ་བུའི་རྣམ་པ་ནི་དེ་ཁོ་ན་ཉིད་དེ་དོན་དམ་པའོ། །མཁས་པ་ནི་ཁྱད་པར་དུ་ཤེས་པ་དང་ལྡན་པའོ། །རིག་པ་ནི་དེ་བཞིན་གཤེགས་པའམ། དེའི་མན་ངག་བསྟན་ པ་ལས་སྐྱེས་པ་ཡང་ཡིན་ནོ། །མཚན་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་པ་མཛད་པའི་འཕགས་པའི་བདེན་པ་ལས་མ་གཏོགས་པའི་བདེན་པ་གཞན་ཞིག་ནི་བདག་ཅག་ལ་མེད་དོ། །འོན་ཀྱང་ཉན་ཐོས་དང་རང་སངས་རྒྱས་དག་གིས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་རང་གི་ངོ་བོ་ཙམ་ ཡོངས་སུ་ཤེས་པ་ཡིན་ལ། དེ་བཞིན་གཤེགས་པས་ནི་སྡུག་བསྔལ་ལ་སོགས་པའི་མཉམ་པ་ཉིད་རྟོགས་སོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱིས་མྱ་ངན་ལས་འདས་པ་མ་ཡིན་གྱི། འོན་ཀྱང་འཕགས་པའི་བདེན་པ་བཞི་པོ་འདི་དག་ཉིད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ནམ་མཁའི་ལྷ་ཡིས་བསྟན་པ་ཉིད། །དེ་ཉིད་ཡིན་པར་མི་རིགས་ཀྱང་། །ཚངས་པ་དང་པོའི་ལྷ་ལས་བྱུང་། །ལྷ་དེ་ལ་གུས་ དེ་སྐད་སྨྲ། །ནམ་མཁའི་ལྷ་ལ་གུས་པས་དེ་དག་འདི་སྐད་སྨྲ་སྟེ། ཚངས་པ་ཞེས་བྱ་བའི་ལྷ་ནི་དང་པོའི་ལྷ་ཡིན་ལ་ཚངས་པ་དེའི་མཐུས་བསྐྱེད་པ་ནི་ནམ་མཁའི་ལྷ་ཡིན་ཏེ། དེས་ནི་བ་ལང་གསོད་པ་ལ་སོགས་པ་དེ་ཁོ་ན་ཉིད་དུ་བསྟན་ཏོ། །ཚངས་པ་ཡང་མཆོག་ཏུ་འཛིན་པའི་ལྟ་བ་ལ་མངོན་པར་ཞེན་ 98-197b པས་འགྲོ་བ་རྣམས་བདག་གིས་བསྐྱེད་དོ་སྙམ་དུ་སེམས་ཀྱང་རང་ཉིད་ཀྱིས་ཀྱང་དེ་ཁོ་ན་ཉིད་རྟོགས་པ་མེད་ན་དེའི་ལྟ་བའི་རྗེས་སུ་འབྲང་བ་ནམ་མཁའི་ལྷ་དེ་ཁོ་ན་ཉིད་ཇི་ལྟར་རིག་པར་འགྱུར། དེ་ལྟ་བས་ན་ཇི་སྐད་བསྟན་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ལས་བསྟན་པ་དང་། ནམ་མཁའི་ལྷ་ཡིས་བསྟན་པ་འདྲ་བ་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི། གཟུགས་སོགས་སྐྱེ་མཆེད་སྣང་བ་ཉིད། །བློ་ཡི་ཡུལ་དུ་འདོད་པ་ཡིན། །དེ་ཡི་ཡོད་པ་ཐུན་མོང་ཉིད། །བསྒྲུབ་བྱ་ཞེ་ན་ང་ཡང་འདོད། །གཟུགས་ལ་སོགས་པ་རྣམས་ཀྱི་སྐྱེ་མཆེད་རྣམས་ཀྱི་སྣང་བ་ནི་གཟུགས་ལ་སོགས་པའི་སྐྱེ་མཆེད་ ཀྱི་སྣང་བའོ། དེའི་ངོ་བོ་ནི་གཟུགས་སོགས་སྐྱེ་མཆེད་སྣང་བ་ཉིད་དོ། །དེ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་ཡིན་པར་བདག་ཅག་ཀྱང་འདོད་དེ། དེ་ལྟར་ན་རྫས་སུ་བདེན་པར་འདོད་པ་ལ་སོགས་པའི་ཁྱད་པར་དང་བྲལ་བའི་གཟུགས་ལ་སོགས་པའི་སྐྱེ་མཆེད་ཐུན་མོང་བ་ཉིད་ ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཁྱོད་འདོད་ན་བདག་ཅག་ཀྱང་འདོད་པ་ཁོ་ན་ཡིན་ཏེ། གྲུབ་པ་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡང་ཁྱད་པར་ཅན་དུ་འདོད་ན་ནི། འབྱུང་ལས་གྱུར་སོགས་ངོ་བོ་ཡིས། །གཟུགས་སོགས་སྐྱེ་མཆེད་ཡོད་ཉིད་ནི། །བསྒྲུབ་བྱའོ་ཞེ་ན་དཔེ་ཡང་ མེད། །ཕྱིར་རྒོལ་རྟོག་གེས་གནོད་པའང་ཡོད། །འབྱུང་བ་ལས་གྱུར་པ་ལ་སོགས་པའི་ངོ་བོ་གཟུགས་ལ་སོགས་པའི་སྐྱེ་མཆེད་ནི་ཡོད་དེ། རྫས་ཡིན་པའི་ཕྱིར་དང་། ཤེས་བྱ་ཡིན་པའི་ཕྱིར་དང་། བརྗོད་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་སོ། །དཔེ་ནི་མེད་དེ་ ཐམས་ཅད་བསྒྲུབ་པར་བྱ་བའི་ཁོངས་སུ་འདུས་པའི་ཕྱིར་རོ། །གལ་ཏེ་གཞན་དག་ན་རེ་གཞན་དུ་བསྟན་པ་ལས་ཀྱང་དཔེ་རྙེད་པ་སྲིད་པས་ཆོས་མི་མཐུན་པ་ཉིད་ཅན་གྱིས་བསྒྲུབ་པར་འགྱུར་བ་ཉིད་ཡིན་ཏེ། གང་དང་གང་འབྱུང་བ་ལས་གྱུར་པའི་ངོ་བོ་མ་ཡིན་པ་དེ་དང་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭའམ་ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་བསྒྲུབ་བྱ་གྲུབ་པ་ཡིན་ནོ་ཞེས་སྨྲ་ན། དེ་ལྟ་ན་ཡང་བདག་ཅག་གིས་ལན་གྱི་རྟོག་གེ་བསྟན་པས་གནོད་པར་འགྱུར་བ་ནི། གཟུགས་སོགས་སྐྱེ་མཆེད་འབྱུང་བ་དང་། །འབྱུང་བ་ལས་གྱུར་མཚན་ཉིད་མིན། །རང་ 98-198a བདག་རྣམ་པར་སྣང་བའི་བློ། །སྐྱེད་པའི་རྒྱུ་ཕྱིར་ཡིད་བཞིན་ནོ། །གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ནི་ཆོས་ཅན་ནོ། །དེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་མ་ཡིན་ཞེས་བྱ་བ་ནི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །རང་གི་བདག་ཉིད་ནི་རང་གི་བདག་ཉིད་དེ་ཁ་དོག་དང་དབྱིབས་ལ་ སོགས་པ་གཟུགས་ཀྱི་རང་གི་ངོ་བོའོ། །ཟིན་པ་དང་མ་ཟིན་པ་ལ་སོགས་པ་ནི་སྒྲའིའོ། །དྲི་ཞིམ་པ་དང་དྲི་མི་ཞིམ་པ་ལ་སོགས་པ་ནི་དྲིའི་སྟེ། དེ་ལྟ་བུ་ལ་སོགས་པ་རང་གི་བདག་ཉིད་ཀྱི་རྣམ་པའི་ཁྱད་པར་མངོན་པར་འཇུག་པའི་བློ་ནི་རང་བདག་རྣམ་པར་སྣང་བའི་བློའོ། །རང་གི་བདག་ཉིད་ཀྱི་རྣམ་པར་ སྣང་བའི་བློ་གང་སྐྱེད་པ་དེ་ནི་རང་བདག་རྣམ་པར་སྣང་བའི་བློ་བསྐྱེད་པའོ། །རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་བསྐྱེད་པའི་རྒྱུ་གཟུགས་ཀྱི་སྐྱེ་མཆེད་རྣམས་ནི་རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་བསྐྱེད་པའི་རྒྱུའོ། །དེའི་ངོ་བོ་ནི་རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་སྐྱེད་པའི་རྒྱུ་ཉིད་དེ།དེའི་ཕྱིར་ན། རང་བདག་རྣམ་པར་སྣང་བའི་བློ། །སྐྱེད་པའི་རྒྱུ་ཕྱིར་ཞེས་བྱ་སྟེ། །གང་དང་གང་རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་སྐྱེད་པའི་རྒྱུ་ཡིན་པ་དེ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་སྐྱེ་མཆེད་བཞིན་ཏེ། དོན་དམ་པ་ཉིད་དུ་སྐྱོན་དང་ བྲལ་བའི་ཕྱོགས་དང་། གཏན་ཚིགས་དང་དཔེ་ཡོད་པར་གྱུར་པའི་རྟོག་གེས་གནོད་པ་ཡིན་ནོ། །གང་ཡང་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བྱ་བ་འགྲོ་བ་ཕྱོགས་སུ་བྱ་བ་འདི་ལ་གཏན་ཚིགས་དང་དཔེ་ཡོད་པ་མ་ཡིན་པས་ཞེས་གང་སྨྲ་བ་དེ་ལ་ཡང་རེ་ཞིག་ཀུན་རྫོབ་ཏུ་ཡིན་ པར། སེམས་དང་སེམས་བྱུང་ངོ་བོ་ཉིད། །སེམས་དང་སེམས་བྱུང་རབ་ཏུ་གྲགས། །ཡང་དོན་དམ་པར་ནི། གཏན་ཚིགས་དང་ནི་དཔེ་ཡང་མེད། །ཕྱོགས་ཀྱང་རྣལ་འབྱོར་པ་ལ་མེད། །བདག་ཅག་གི་དོན་དམ་པར་ནི་ངག་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པར་གྱུར་པ་ཡིན་པས་ཡོད་པ་ དང་། མེད་པ་དང་། གཉི་གའི་ཕྱོགས་ལ་དམིགས་པ་མེད་པའི་ཕྱིར་དེ་ཁོ་ན་ཉིད་དུ་ཕྱོགས་ཀྱང་མེད་པ་ཡིན་ནོ། །ཕྱོགས་མེད་ན་དོན་དམ་པ་རིག་པའི་རྣལ་འབྱོར་པ་ལ་གཏན་ཚིགས་དང་དཔེ་ལྟ་ཡོད་པར་ག་ལ་འགྱུར། གལ་ཏེ་དེ་ནི་མ་ཡིན་ཏེ། ཀུན་རྫོབ་ནི་འཇིག་རྟེན་པ་དང་ཐུན་མོང་བའི་ 98-198b ཤེས་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ལ། རྣལ་འབྱོར་པས་རྟོགས་པར་བྱ་བའི་དོན་དམ་པ་ནི་ངག་གིས་བརྗོད་པར་བྱ་བ་ལས་འདས་པ་ཡིན་པས་དེས་ན་གང་ཁྱོད་ཀྱིས་གཞན་གྱིས་ཀུན་དུ་བརྟགས་པའི་དངོས་པོའི་དོན་དགག་པའི་ཕྱིར་རྗེས་སུ་དཔག་པ་བསྟན་པ་དེ་ལ། བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། བདག་གི་དོན་དམ་པ་ནི་རྣམ་པ་གཉིས་ཡོད་དེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ། འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྤྲོས་པ་དང་བྲལ་བའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ།དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་ཟག་པ་དང་བཅས་པ་སྤྲོས་པ་དང་བཅས་པའོ། །དེ་ཉིད་ནི་ཐམས་ཅད་དུ་དམ་བཅའ་བ་ཁྱད་པར་ཅན་ཉིད་དུ་ཉེ་བར་བཟུང་བས་བསྒྲུབ་བྱ་གྲུབ་པ་ཡིན་ནོ། །གཞན་ཡང་རྣམ་ཤེས་ཙམ་ཞེས་བྱ་བ་འདིར། ཕ་རོལ་དོན་ནི་བཟློག་པའི་ཕྱིར། །ཚིག་དོན་འདི་ནི་དེ་ སྤོང་ཟེར། །བདག་གི་ཕྱོགས་ཉམས་ཇི་ལྟར་འདོད། །ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་དག་ཐམས་ཅད་ནི་སེམས་ཙམ་ཡིན་ནོ་ཞེས་གང་གསུངས་པ་དེ་ལ། ཁ་ཅིག་ན་རེ་འདིར་ཚིག་གི་དོན་ནི་ཕྱི་རོལ་གྱི་དོན་བཟློག་པའི་ཕྱིར་རོ་ཞེས་སྒྲུབ་པར་བྱེད་དོ། །བདག་ཅག་ནི་བྱེད་པ་པོ་དང་ རྟོག་པ་པོ་ལ་སོགས་པ་འགེགས་པར་བྱེད་པ་ནི་ཚིག་གི་དོན་ཡིན་པར་འདོད་དོ། །དེ་ལ་ཕྱིའི་དོན་སྤོང་བ་ནི་ཚིག་གི་དོན་ཡིན་ནོ་ཞེས་ཟེར་བ་ནི་བདག་གིས་ཀྱང་སྤངས་པས་ཕྱོགས་མ་གྲུབ་པར་ག་ལ་འགྱུར་ཏེ། བདག་གིས་ཀྱང་ཕྱི་རོལ་གྱི་སྐྱེ་མཆེད་ཡོད་པར་ཁས་ལེན་པ་ཉིད་ཀྱི་ཕྱིར་རོ། །དེས་ ན་ཕྱོགས་སྔ་མ་དང་པོ་དག་གིས་ཉེ་བར་བཀོད་པ་ནི་ཇི་ལྟ་བ་བཞིན་མ་ཡིན་པས་དེ་བཞིན་དུ། འགའ་ཡི་ཚིག་གིས་སྨྲར་མེད་པར། །བྱ་བར་མི་ནུས་ཞི་བའི་བློ། །ཞེས་བྱ་བ་སྨྲས་ཏེ། ལུང་དང་བཅས་པའི་རིགས་པའི་རྗེས་སུ་འབྲངས་པས་མཆོག་ཏུ་རྩོད་པ་མེད་པ་ཡིན་ན་ཡང་། ཡང་ དག་པའི་ལྟ་བ་བཞིན་གྱི་རིགས་པར་སྨྲ་བ་ཡིན་ནོ། །གང་བདག་གིས་ལན་དེ་སྐད་དུ་སྨྲས་པ་ན་ཡང་ཁྱོད་ཀྱི་སེམས་དགའ་བར་མ་གྱུར་ན་གང་དག་ཕྱོགས་སུ་མ་ལྷུང་བའི་སེམས་དང་ལྡན་པས། སྙིང་པོ་ཡོད་དམ་སྙིང་པོ་མེད། །མཁས་པས་དེ་ལ་དཔྱད་པར་གྱིས། །དུས་རིང་པོར་གོམས་ 98-199a པར་བྱས་པས། རང་གི་ཕྱོགས་སུ་ཞེན་ཅིང་ལྷུང་བར་སྡང་བའི་བསམ་པ་ཅན་བདེན་པ་དང་ཕན་པ་བརྗོད་དུ་ཟིན་ཀྱང་གཞན་དག་ལ་ཡིད་མི་ཆེས་པ་དེ་དག་ནི་ཡིད་གཏོད་ཀྱང་རུང་མི་གཏོད་ཀྱང་རུང་ལ་གཟུ་བོར་གནས་པ་རྒོལ་བ་དང་ཕྱིར་རྒོལ་བའི་ཕྱོགས་ཀྱི་དོན་རིག་པའི་མཁས་པ་ རྣམས་ཀྱི་བློས་གལ་ཏེ་རྟོག་ན་ནི་ཚིག་འདི་ནི་སྙིང་པོ་དང་བཅས་པའོ། །འདི་ནི་སྙིང་པོ་མེད་པའོ་ཞེས་དཔྱོད་པར་བྱེད་པས་དེའི་དོན་དུ་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ནོ། །ད་ནི་མི་སྨྲ་བར་འོས་པ་ཡིན་པས་བདག་ཅག་གི་ངག་སྲུང་བར་བྱེད་པ་འདི་གཞག་པར་བྱའོ། །རིགས་པ་འདིས་མཁས་པ་རྣམས་ཀྱིས་ནི་རྩེད་མོའི་ཕྱིར་ཡང་ཁྱོད་ཀྱི་ཚིག་དང་ཁོ་བོའི་ཚིག་ལ་འདི་ནི་སྙིང་པོ་དང་བཅས་པའོ། །འདི་ནི་སྙིང་པོ་མེད་པའོ་ཞེས་དཔྱོད་པར་འགྱུར་རོ། །སྙིང་རྗེའི་བསམ་པ་དང་ལྡན་ཐེག་ཆེན་པ་ནི་ཚུལ་ཁྲིམས་ཉམས་ཀྱང་མཆོག་ཡིན་གྱི། །ཉན་ཐོས་ཐེག་པ་པ་ནི་ཚུལ་ཁྲིམས་ལྡན་ཡང་བསམ་པ་དམན་པས་དེ་ ལྟ་མིན། །ཕྱི་སའི་ནང་དུ་འདུག་ཀྱང་མདངས་ཆེན་འབར་བའི་ཡིད་བཞིན་ནོར་བུ་མཆོག་འགྱུར་གྱི། །གསེར་གྱི་སྣོད་ན་འདུག་པའི་ནོར་བུ་མཆིང་བུ་དམན་པའི་འོད་ཅན་དེ་ལྟ་མིན། །ལས་དང་ཉོན་མོངས་དྲི་མར་བཅས་ཀྱང་ཐེག་པ་བཟང་པོ་བཞོན་པའི་ཡོན་ཏན་ཅན། །ཐེག་པ་གཞན་ལ་བརྟེན་པའི་དྲི་ མ་སྤངས་པས་ཀྱང་ནི་དེ་ལས་རྒྱལ་མི་ནུས། །ཉི་མའི་འོད་ཟེར་བླ་ན་མེད་པ་ཆུ་འཛིན་བཀོད་པས་བཀབ་གྱུར་གང་ཡིན་ལྟར། །ཆུ་འཛིན་དེ་ཉམས་པ་ཡི་མཁའ་ལ་མེ་ཁྱེར་རྒྱུ་བས་ནུས་པར་ག་ལ་འགྱུར། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ་སྟེ་ བཞི་པའོ།། །།༄། །ལྔ་པ། རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་ལེའུའི་འགྲེལ་པ།དེ་ནས་ད་ནི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་ལྔ་པ་བརྩམ་པར་བྱ་སྟེ། རང་གི་ལུགས་ཀྱི་ང་རྒྱལ་གྱིས། །མཁས་པར་རློམ་གཞན་འདི་སྐད་སྨྲ། །དེ་ཉིད་བདུད་རྩིར་འཇུག་པ་ཡང་། །རྣལ་འབྱོར་སྤྱོད་པར་ལེགས་པར་བསྟན། །ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེད་པ་ 98-199b དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པ་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །དེའི་མཚན་ཉིད་ ནི་འདི་ཡིན་ཏེ། དངོས་པོ་གཉིས་པོ་མེད་པའི་ཕྱིར། །གཉིས་དངོས་མེད་པའི་ཡོད་པ་ནི། །ཡོད་ལ་སོགས་པའི་བློ་ཡི་ཡུལ། །དམ་པའི་དོན་དུ་འདོད་དོ་ལོ། །གཉིས་ནི་གཟུགས་ལ་སོགས་པ་གཟུང་བ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཛིན་པའོ། །དེ་གཉིས་ཀྱི་མེད་ པའི་ངོ་བོ་ཉིད་མེད་པའོ། །མེད་པའི་དངོས་པོ་དེའི་ངོ་བོ་ཉིད་དུ་རྟག་ཏུ་ཡོད་པ་ཉིད་ཀྱི་ཕྱིར་དང་། གཟུང་བ་དང་འཛིན་པ་ཞེས་བྱ་བ་གཉིས་སུ་ནི་མེད་པ་ཉིད་ཀྱི་ཕྱིར་ན། ཇི་ལྟར་གཉིས་ཀྱི་དངོས་པོར་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར་ནི་ཡོད་པའི་བློ་ཡུལ་ཡིན་ལ། གང་གི་ཕྱིར་གཉིས་ཀྱི་ངོ་བོར་ མེད་པ་ཡིན་པ་དེའི་ཕྱིར་ན་མེད་པའི་བློའི་ཡུལ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་དོན་དམ་པ་ནི་བདག་ཅག་རྣལ་འབྱོར་སྤྱོད་པ་པ་རྣམས་འདོད་དོ་ཞེས་བྱ་བ་ནི་དེའི་བསམ་པ་བསྟན་པ་ཡིན་ནོ། །ལོ་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་བྱེད་པ། བདག་ཉིད་ཀྱིས་མི་འདོད་པ་བསྟན་པ་ཡིན་ཏེ། དེ་ལྟ་བུའི་ དོན་དམ་པ་ནི་ཕྱིས་འབྱུང་བའི་དཔྱད་པ་དག་གིས་བསྒྲུབ་པར་དཀའ་བ་ཡིན་པའི་ཕྱིར་རོ། །དེ་དག་གི་དོན་དམ་པ་དེའི་གྲངས་ཀྱི་ཚིག་ནི་འདི་ཡིན་ཏེ། མེད་པའི་དངོས་པོ་བདག་མེད་པ། །དེ་བཞིན་ཉིད་དང་ཆོས་གནས་དང་། །རྣམ་པར་མི་རྟོག་བློའི་གཟུང་དེ། །དེ་ཤེས་པར་ནི་བྱ་བ་ ཡང་། །ཞེས་བྱ་བ་ལ་མེད་པའི་དངོས་པོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་བཏགས་པ་གཉིས་མེད་པ་ཉིད་ཀྱི་དངོས་པོའོ། །བདག་མེད་པ་ཞེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་དོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་དོ། །ཆོས་གནས་ཞེས་བྱ་བ་ནི་རྟག་པར་དེ་ལྟ་ བུའི་ཚུལ་ཉིད་དུ་གནས་པ་ཉིད་དོ། །རྣམ་པར་མི་རྟོག་པའི་བློའི་གཟུང་བ་སྟེ་ཞེས་བྱ་བ་ནི་གཉིས་མེད་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་པའི་བློ་གྲོས་ཀྱི་གཟུང་བ་ཡིན་ཏེ། དེ་ཉིད་དོན་དམ་པའོ། །དེ་ཤེས་པར་ནི་བྱ་བ་ཡང་ཞེས་བྱ་བ་ནི། དམིགས་པ་ 98-200a ལ་ནི་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་བྱ་བ་སྟེ། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་ཐོག་མ་མེད་པའི་དུས་ནས་ཞུགས་པ། ཐོག་མ་མེད་པའི་དུས་ ཀྱི་སྤྲོས་པའི་བག་ཆགས་ཀྱི་གཞིར་གྱུར་པ། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཡོངས་སུ་འཛིན་པ། རྒྱུན་མ་ཆད་པ་རྫས་དཔག་ཏུ་མེད་པ། རིགས་དུ་མ་དང་ལྷན་ཅིག་སྐྱེ་ཞིང་འགག་པ་དང་ལྡན་པ། ནུས་པའི་བྱེ་བྲག་མཐར་ཐུག་པ་མེད་པ་ཐོབ་པ། སྔོན་པོ་ལ་སོགས་པའི་ ཡུལ་དཔག་ཏུ་མེད་པ་སྣང་བའི་ཆ་དང་འབྲེལ་བའི་རྣམ་པར་ཤེས་པའི་ཚོགས་དྲུག་བསྐྱེད་ནུས་པའི་མཐུ་དང་ལྡན་པ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་སྐྱེ་བ་དང་འཇིག་པ་དང་བྲལ་བའི་གནས་པའི་རྣམ་པས་བདག་ཏུ་ཡོངས་སུ་བཏགས་པ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་ དང་། མི་གཡོ་བའི་ས་བོན་ཡོད་པའི་ཕྱིར། ཁམས་དང་འགྲོ་བ་དང་། སྐྱེ་གནས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ། རྣམ་པར་སྨིན་པ་དང་། ངར་སེམས་པ་དང་། རྣམ་པར་རིག་པ་གསུམ་ཡོངས་སུ་འགྱུར་བའི་རྗེས་སུ་འགྲོ་བ་དེ་ལ་དངོས་པོ་སྐྱེ་བ་དང་ལྡན་པ་རྣམས་འབྲས་བུའི་དངོས་ པོར་ཀུན་དུ་སྦྱོར་བར་བྱེད་པ་སྟེ། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ཏེ། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། སེམས་པ་དང་། འདུ་ཤེས་བཏང་སྙོམས་ཀྱི་རྣམ་པ་དང་ལྡན་པ་འདིའི་ཞེའམ། འདི་ནའོ་ཞེས་འཇིག་རྟེན་པའི་མཁས་པ་རྣམས་ཀྱི་ཡུལ་ཡང་མ་ ཡིན་པས་རྣམ་པ་ཡང་དག་པར་མི་རིག་པའོ། །དེ་ཡང་རྣམ་པ་གཉིས་ཏེ། འཕེན་པ་དང་འབྲས་བུར་གྱུར་པའོ། །དེ་ལ་འཕེན་པ་ནི་རྣམ་པར་ཤེས་པའི་དབང་གིས་འཕེན་པའོ། །འབྲས་བུར་གྱུར་པ་ནི་རྣམ་པར་སྨིན་པའི་འབྲས་བུར་མངོན་པར་གྲུབ་པ་སྟེ། དཔེར་ན་ཆུའི་ཡན་ལག་གཞན་དང་གཞན་ གྱི་རྒྱུན་ལས་ཆུ་བོའི་ཀླུང་འབབ་པ་དེ་བཞིན་དུ་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་ཀྱང་འཁོར་བ་ཇི་སྲིད་པའི་བར་དུ་འཇུག་པར་འགྱུར་རོ། །དེ་ལ་གནས་པའི་ལས་ཀྱི་བག་ཆགས་དང་། གཟུང་ 98-200b བ་དང་འཛིན་པའི་བག་ཆགས་དང་། ལྷ་དང་གཅིག་ཏུ་ལྷ་དང་མིའི་ལུས་ལ་སོགས་པའི་རྣམ་པར་ཤེས་པ་ཅི་རིགས་པ་དག་སྐྱེད་པར་བྱེད་པའོ། །ལེན་པའི་རྣམ་པར་ཤེས་པའི་རྒྱུན་དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན་ཉོན་མོངས་པའི་ས་བོན་ཐམས་ཅད་སྤངས་པས་ལྡོག་པར་འགྱུར་ཏེ། དེ་ལྟར་དེ་ནི་རེ་ཞིག་རྣམ་པར་སྨིན་པ་ཞེས་བྱ་བ་དང་། དེའི་ཕྱོགས་སུ་འགྱུར་བ་སྟེ་གཅིག་གོ། །གཞན་ཡང་སེམས་ཅན་རྣམས་དེ་ལ་བདག་ཏུ་སྦྱོར་བར་བྱེད་པས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་སྟེ། བདག་དང་བདག་གི་ཞེས་བྱ་བར་དམིགས་པའི་ཕྱིར་རོ། །རྟག་ཏུ་བདག་ཏུ་རྨོངས་ པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ཆགས་པ་ཞེས་བྱ་བ་ཉོན་མོངས་པ་བཞི་པོ་དག་དང་། རང་གི་ས་ནས་སྐྱེས་པའི་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་དག་དང་ལྡན་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་དེ་དེ་ཡང་དགྲ་བཅོམ་པ་ལ་མེད་དེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ལྟར་དེ་ནི་ངར་སེམས་དང་ཞེས་བྱ་བ་དང་། དེ་ཡོངས་སུ་འགྱུར་བ་སྟེ། གཉིས་པའོ། །གཞན་ཡང་དེ་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ནུས་པ་འདུན་པ་དང་མོས་པ་ལ་སོགས་པ་སེམས་ལས་བྱུང་བ་ཐམས་ཅད་དང་ བཅས་པ་ཀུན་གཞི་ཡིན་པས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་སྟེ། རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །དེ་ལས་མིག་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་ཇི་ལྟར་ཉེ་བར་གྱུར་པ་ན། འཇུག་པའི་རྣམ་ པར་ཤེས་པའི་ཚོགས་དྲུག་པོ་དག་འབྱུང་སྟེ། དཔེར་ན་རྒྱ་མཚོ་ལས་ཆུའི་རླབས་དག་རླུང་དང་ཆུ་སྲིན་གྱིས་བསྐྱོད་པ་ལ་སོགས་པའི་རྐྱེན་གྱིས་འབྱུང་བ་བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་འཇུག་པའི་རྣམ་པར་ཤེས་པ་དེ་དག་དང་གཅིག་པ་ཉིད་ཀྱང་མ་ཡིན་ལ། ཐ་དད་པ་ ཉིད་ཀྱང་མ་ཡིན་ཏེ། རྒྱ་མཚོ་དང་ཆུ་རླབས་བཞིན་ནོ། །ཡུལ་ལ་ཉེ་བར་དམིགས་པ་དེ་དག་ཀྱང་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པ་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། གཉིད་ལོག་པ་དང་། མྱོས་པ་དང་། བརྒྱལ་བ་དག་གི་གནས་སྐབས་ན་ནི་མེད་དོ། ། 98-201a དེ་ལྟར་དེ་ནི་རྣམ་པར་རིག་པ་ཞེས་བྱ་བ་དང་། དེའི་ཡོངས་སུ་འགྱུར་བ་སྟེ། གསུམ་པའོ། །སེམས་དེ་ཉིད་རྣལ་འབྱོར་པ་དེ་ལ་རབ་ཏུ་སྣང་བ་འཛིན་པའི་རྣམ་པ་དང་། ཡུལ་དུ་སྣང་བ་གཟུང་བའི་རྣམ་པར་ཡོངས་སུ་གྱུར་ཅིང་སྣང་བ་སྟེ། ཕྱི་རོལ་གྱི་དོན་མེད་པ་སེམས་ ཙམ་དུ་དམིགས་པ་པ་ཡུལ་མི་དམིགས་པ་རབ་ཏུ་སྐྱེ་ལ། གཟུང་བ་མེད་ན་དེ་འཛིན་པ་དག་ཀྱང་མེད་པས་གཟུང་བ་མི་དམིགས་པ་ལ་བརྟེན་ནས། འཛིན་པའི་རྣམ་པར་ཤེས་པ་རྣམ་པ་དྲུག་པོ་དག་མི་དམིགས་པ་རབ་ཏུ་སྐྱེ་སྟེ། ཇི་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་རང་གི་སེམས་ ཀྱི་ཆོས་ཉིད་རྣམ་པར་རིག་པ་ཞེས་བྱ་བ་ཉིད་ལ་མི་གནས་ཤིང་དམིགས་པ་ལ་གནས་པ་དེ་སྲིད་དུ་བཟུང་བའི་ས་བོན་མི་ལྡོག་ཅིང་། མཚན་མར་ལྟ་བའི་ས་བོན་མ་སྤངས་པའི་ཕྱིར་གཉིས་ཀྱི་བག་ཆགས་མི་སྤོང་ངོ་། །གང་གི་ཚེ་གཟུགས་ལ་སོགས་པ་དམིགས་པ་དག་སེམས་ལས་ ཕྱི་རོལ་དུ་མི་དམིགས་པ་དེའི་ཚེ་ན། རང་གི་ཆོས་ཉིད་ལ་ངེས་པར་གནས་པ་ཡིན་ཏེ། གནས་གྱུར་པས་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཆོས་ཉིད་ཐོབ་བོ། །རྣམ་པར་རིག་པ་ཙམ་ཉིད་ཅེས་བྱ་བ་དེ་ བཞིན་གཤེགས་པའི་ཡེ་ཤེས་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དེ་ནི་ངོ་བོ་ཉིད་གསུམ་ཡོངས་སུ་མི་ཤེས་ན་མི་རྟོགས་པས་དེའི་ཕྱིར། བརྟགས་པ་ཉེ་བར་མི་དམིགས་ཤིང་། །གཞན་གྱི་དབང་ཡང་གཟུང་མེད་པས། །དེ་ཉིད་མཐོང་བ་ཡོངས་གྲུབ་པའི། །ངོ་བོ་ཉིད་ལ་ལྟ་བ་ཡིན། ། ཞེས་བྱ་བ་སྨྲས་ཏེ། འདི་ལ་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་པོ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་ཁོངས་སུ་འདུས་ཏེ། དེ་ལ་ནང་དང་ཕྱི་རོལ་གྱི་དབྱེ་བས་ཐ་དད་པའི་རྣམ་པར་རྟོག་པ་གང་དང་གང་གིས་གཟུགས་དང་བྱང་ཆུབ་ ཀྱི་བར་གྱི་དངོས་པོ་གང་དང་གང་རྣམ་པར་བརྟག་པར་བྱ་བ་དེ་ནི་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པར་སྒྲོ་འདོགས་པས་བརྟགས་པ་ཡིན་པའི་ཕྱིར་ཏེ། དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །ཁམས་གསུམ་ནས་སྐྱེས་ནས་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པ་ 98-201b ཀུན་རྟོག་པ་དགེ་བ་ལ་སོགས་པའི་དབྱེ་བས་ཐ་དད་པ་ནི་གཞན་གྱིས་བསྐྱེད་ཅིང་དབང་བྱ་བ་ཡིན་པའི་ཕྱིར་གཞན་གྱི་དབང་ངོ་། །ཡང་ན་གཞན་སྐྱེས་པ་ལ་དབང་བྱེད་པས་གཞན་གྱི་དབང་སྟེ། ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་པ་གཉིས་དེའི་གཞི་ལས་ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་ པར་འགྱུར་བའི་ཕྱིར་ཏེ། དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཞན་གྱི་དབང་དེ་ཉིད་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་ཀུན་བརྟགས་པ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ཡང་གཞན་གྱི་དབང་དང་གཅིག་པ་ཉིད་ཀྱང་མ་ཡིན་ལ་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། གལ་ཏེ་ཐ་དད་པར་གྱུར་ན་ནི་ཆོས་ཉིད་ཐ་དད་པར་འགྱུར་རོ། །ཅི་སྟེ་གཅིག་པ་ཉིད་ཡིན་པར་གྱུར་ན་ནི་དེས་ན་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་གྱུར་པས་རྣམ་པར་བྱང་བའི་རྒྱུར་མི་འགྱུར་རོ། །གལ་ཏེ་ངོ་བོ་ཉིད་གསུམ་པོ་དག་ཡོད་ན་ཇི་ལྟར་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེ་ན། ཀུན་ བརྟགས་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པས་ཉེ་བར་མི་དམིགས་ཤིང་གཞན་གྱི་དབང་ཡང་དེ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་པས་གཟུང་དུ་མེད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཀུན་བརྟགས་པའི་ཆོས་རྣམས་ཀྱི་ དོན་དམ་པ་ཡང་ཡིན་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་ཏེ། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཡིན་པས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ཉིད་མཐོང་བ་དོན་དམ་པར་ཤེས་པ་དག་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ལ་དམིགས་པར་བྱ་བ་དང་། དམིགས་པའི་དངོས་པོ་མཉམ་པ་ཉིད་ཀྱིས་ལྟ་བ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །གནས་གྱུར་པའི་མཚན་ཉིད་དེ་ཡང་ཉན་ཐོས་རྣམས་ཀྱི་ནི་རྣམ་པར་གྲོལ་བའི་ལུས་ཡིན་ཏེ། ཟག་པ་ཐམས་ཅད་དང་བྲལ་ཞིང་ཉོན་ མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེ་ཉིད་དེ་བཞིན་གཤེགས་པའི་ནི་ཆོས་ཀྱི་སྐུ་ཡིན་ཏེ། ལས་དང་གཟུང་བ་དང་འཛིན་པའི་བག་ཆགས་ཐམས་ཅད་དང་བྲལ་ཞིང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །གལ་ཏེ་ཁ་ཅིག་འདི་སྐད་ཅེས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་འཇིག་རྟེན་དང་ 98-202a ཐུན་མོང་བའི་ཤེས་པའི་ཡུལ་ཡིན་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་སོ་སོ་རང་རིག་པ་སྟེ། ཐུབ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ན་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཤེས་པ་གང་གི་ཡུལ་ཡིན་ཞིང་དེ་ཡོད་པར་ཇི་ལྟར་ཤེས་ཞེས་ཟེར་ན་དེའི་ཕྱིར། བཏགས་ པ་རྒྱུ་མཚན་བཅས་ཕྱིར་དང་། །གཞན་དུ་གཉིས་པོ་མེད་ཕྱིར་དང་། །ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། །གཞན་དབང་ཡོད་པ་ཉིད་དུ་འདོད། །ཅེས་བྱ་བ་སྨྲས་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་དག་ཡོད་པ་ཉིད་དུ་བཏགས་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་དང་ བཅས་པ་སྣང་བའི་ཕྱིར་ཏེ། མཚན་ཉིད་དེས་གཞན་གྱི་དབང་ཡོད་པ་ཉིད་དུ་རྗེས་སུ་དཔག་གོ། །གཞན་དུ་གལ་ཏེ་གཞན་གྱི་དབང་མེད་པར་གྱུར་ན་བཏགས་པ་དང་རྒྱུ་མཚན་ནམ་ཀུན་བརྟགས་དང་ཡོངས་སུ་གྲུབ་པ་གཉིས་པོ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་གཉིས་ནི་གཞན་གྱི་དབང་ལ་ རག་ལུས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པར་གྱུར་ན་ཀུན་ནས་ཉོན་མོངས་པ་དམིགས་པར་མི་འགྱུར་བ་ཞིག་ན་དེ་དམིགས་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་ནི་སེམས་དང་སེམས་ལས་བྱུང་བ་དག་ལ་བརྟེན་པ་ཡིན་ལ། དེ་དང་བྲལ་བ་ཉིད་ནི་ཐར་ པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་དབང་ཡོད་པ་ཉིད་དུ་འདོད་དོ། །དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་པ་རྣམ་པར་མི་རྟོག་པའི་ཡུལ་ཡིན་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་ནས་མཐོང་སྟེ། གཞན་གྱི་དབང་ནི་དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་འདི། །ཐམས་ཅད་མཁྱེན་ཉིད་ཐོབ་པ་ཡིན། །སྐྱེ་དང་འགག་ལ་སོགས་པ་དང་། །དགག་པ་ལྷུར་ལེན་མ་ཡིན་ནོ། །ཞེས་བྱ་བ་ནི་ཆོས་འདི་དག་ཉིད་ཀྱིས་ཆོས་རྣམས་མངོན་པར་རླན་པར་བྱེད། ཡོངས་སུ་ རྫོགས་པར་བྱེད་ཡོངས་སུ་གསལ་བར་བྱེད། ཡོངས་སུ་དཔྱོད་པར་བྱེད་ཀྱང་འདི་ལ་བདག་གམ་བདག་གིར་བྱ་བ་མེད་དོ་ཞེས་གསུངས་པ་དེ་ནི་བདག་དང་བདག་གི་རྣམ་པར་འཛིན་པ་དང་། དེ་ལ་མངོན་པར་ཞེན་པ་མེད་པའི་སྒོ་ནས་ཀུན་གཞི་རྣམ་པར་ཤེས་པའི་ཡོངས་སུ་འགྱུར་བ་བསྟན་ཏོ། ། 98-202b སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་གསུངས་པ་དེས་ནི་གཟུང་བ་དང་འཛིན་པ་མེད་པར་བསྟན་ཏོ། །སེམས་མེད་པ་ཉིད་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་དེས་ནི་རྣམ་པར་རིག་པ་ཙམ་ཉིད་བསྟན་ཏོ། །དེ་བཞིན་དུ་གཟུགས་ནི་མཚན་མའོ། །བྱང་ཆུབ་ཀྱི་བར་དུ་ཡང་མཚན་ མའོ་ཞེས་གསུངས་པ་དེས་ནི་མིང་དང་བརྡར་བཏགས་པས་ཀུན་བརྟགས་པའི་ངོ་བོ་ཉིད་བསྟན་ཏོ། །སྐུར་པ་གདབ་པ་དང་། ཉེ་བར་བླང་བ་དང་། གདགས་པའི་ཆོས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་པས་ནི་གཞན་གྱི་དབང་བསྟན་ཏོ། །དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། དབེན་པ་དང་།འབྲས་བུ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་བརྗོད་པས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བསྟན་ཏོ། །དེ་ལྟར་ཁོ་བོ་ཅག་གིས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཐབས་ཡིན་གྱི། དབུ་མ་སྨྲ་བ་རྣམས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་དག་དགག་པ་ལྷུར་ལེན་པ་ནི་མེད་པ་ཉིད་དུ་ལྟ་བ་དང་མཐུན་པ་ཉིད་དུ་འགྱུར་བས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་ཐབས་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་སྦྱར་བའི་ཕྱོགས་སྔ་མ་ཡིན་ནོ། །འདིར་བཤད་དེ་བཞིན་གཤེགས་བཀའ་ཀུན། །ཁོ་བོ་ཅག་ གི་ཚད་མ་ཡིན། །ཚད་མ་ཡིད་ཆེས་ལུང་ཡིན་ཕྱིར། །བཟང་པོ་དག་ནི་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་བདེ་བར་གཤེགས་པའི་བཀའ་ཐམས་ཅད་ནི་ཁོ་བོ་ཅག་གི་ཚད་མ་ཡིན་ཏེ། དེ་དག་ནི་དེ་ཉིད་གཟིགས་པ་རྣམས་ཀྱིས་གསུངས་པ་ཡིན་པའི་ཕྱིར་རོ། །དགེ་ལེགས་ཀྱི་བསམ་པ་ཅན་ ཉིད་དག་ནི་དེ་སྒྲུབ་པར་བྱེད་ཅིང་མི་མཐུན་པར་མི་བྱེད་དོ། །ལུང་གཞན་དག་གིས་ཐེ་ཚོམ་དང་། །ལོག་པའི་བློ་ཅན་གཞན་མི་བྱེད། །དེ་ཕྱིར་དེ་དག་སྒྲུབ་གཞུག་ཕྱིར། །རིགས་པ་ལྡན་པའི་ཚུལ་བཙལ་བྱ། །ཞེས་བྱ་བ་ལ་ལུང་ལས་གཞན་པའི་ལུང་ནི་ལུང་གཞན་དག་གོ། །དེ་དག་གིས་ ཐེ་ཚོམ་དུ་གྱུར་པ་ནི་དེ་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་གྱུར་པའོ། །ལོག་པ་ཞེས་བྱ་བ་ནི་གྲུབ་པའི་མཐའ་འདི་ལས་གཞན་པ་དག་ལ་རྣམ་པར་གཡེངས་ཤིང་འདི་ལ་མི་ལྟོས་པས་དེ་ནི་འདི་ལྟ་བུ་ཉིད་མ་ཡིན་ནོ་ཞེས་ལོག་པར་ཞུགས་པའོ། །གང་དག་ལ་དེ་ལྟ་བུའི་བློ་ཡོད་པ་དེ་དག་ 98-203a ནི་ལུང་གཞན་དག་གིས་ཐེ་ཚོམ་དང་ལོག་པའི་བློ་ཅན་དག་སྟེ། སུན་འབྱིན་པར་བྱེད་པ་བྱུང་རྒྱལ་དུ་སྨྲ་བ་གཞན་དག་གོ། །དེ་དག་གིས་ཚད་མ་དེ་སྒྲུབ་པར་མི་བྱེད་པས་དེའི་ཕྱིར་དེ་དག་སྒྲུབ་ཏུ་གཞུག་པའི་ཕྱིར། སྨྲ་བ་པོ་རིགས་པ་དང་ལྡན་པའི་ཚུལ་ཕྱོགས་དང་། གཏན་ ཚིགས་དང་དཔེའི་སྐྱོན་མེད་པ་གཞན་གྱིས་སྨྲས་པའི་ཉེས་པའི་གནས་སུ་མ་གྱུར་པའི་མཐའི་རིགས་པའི་ལམ་བཙལ་བར་བྱའོ། །ཁྱེད་ཀྱིས་བརྟགས་པའི་གསུང་རབ་དང་། སྐུར་པ་འདེབས་པ་ཇི་སྐད་སྨྲས་པ་དག་གིས་ནི་རིགས་པ་མི་བཟོད་པས་དེའི་ཕྱིར། གཉིས་མེད་པ་ཡི་དངོས་པོ་ ནི། །རིགས་པ་མ་ཡིན་འགལ་བའི་ཕྱིར། །ནམ་མཁའི་མེ་ཏོག་མེད་དངོས་སམ། །དེ་དངོས་ཡིན་པར་བརྟག་མི་བྱ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རེ་ཞིག་གཉིས་མེད་པ་དངོས་པོ་ཡིན་ན་ནི་ཇི་ལྟར་མེད་པ་ཡིན། ཅི་སྟེ་མེད་པ་ཡིན་ན་ནི་འོ་ན་དེ་ལྟ་ནི་དངོས་པོ་མ་ཡིན་ནོ། །དེའི་ཕྱིར་ གཉིས་མེད་པའི་དངོས་པོ་ནི་རིགས་པ་མ་ཡིན་ཏེ། རང་གི་ཚིག་དང་འགལ་བའི་ཕྱིར་རོ། །གལ་ཏེ་གཉིས་མེད་པའི་ཚུལ་ཁོ་ནར་རྟག་ཏུ་ངེས་པར་གནས་པའི་ཕྱིར་མེད་པ་ཉིད་དངོས་པོ་ཡིན་ནོ་ཞེ་ན། དེ་ལྟ་ན་ནམ་མཁའི་མེ་ཏོག་མེད་པ་ཡང་དངོས་པོ་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་ ནམ་མཁའི་མེ་ཏོག་མེད་པ་དངོས་པོ་ཡིན་པར་མི་འདོད་ན་ནི་གཉིས་མེད་པ་དེ་ཡང་དངོས་པོ་ཡིན་པར་བརྟག་པར་མི་བྱའོ། །ཅི་སྟེ་འདི་སྙམ་དུ་ཁོ་བོ་ཅག་གི་ཚུལ་ནི། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་བརྟགས་ཁོ་ན་སྟེ། །ངོ་བོ་ཉིད་ནི་ཡོད་མ་ ཡིན། །གཞན་གྱི་དབང་གི་དངོས་ཉིད་ནི། །རྣམ་རྟོག་རྐྱེན་ལས་འབྱུང་བ་ཡིན། །དེ་ལ་རྟག་ཏུ་སྔ་མ་ཤོས། །བྲལ་བ་ཉིད་གང་ཡོངས་གྲུབ་ཡིན། །ཞེས་བྱ་བ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དེ་ལ་རྟག་ཏུ་སྔ་མ་ཤོས་ཞེས་བྱ་བ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་གཟུང་བ་དང་འཛིན་པར་བརྟགས་ པའི་དངོས་པོ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། ཀུན་བརྟགས་པ་དང་གཞན་གྱི་དབང་ལ་ལྟོས་ནས་མེད་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པ་ལ་ལྟོས་ནས་དངོས་པོ་ཡིན་པས་དེ་ལྟར་ན་མེད་པ་དང་དངོས་པོ་ཞེས་བྱ་བ་གཉིས་དབྱེར་མེད་པའི་ཕྱིར་ཐ་དད་པ་ 98-203b ཉིད་མ་ཡིན་པས་དེའི་ཕྱིར་འགལ་བ་མེད་དོ་སྙམ་དུ་ཕ་རོལ་པོ་དག་སེམས་པ་ལ་བརྟགས་ནས་དེ་དགག་པའི་ལན་ཡང་གདབ་པའི་ཕྱིར། གལ་ཏེ་ཡང་དག་བརྟག་མེད་ཕྱིར། །དེ་ལ་དབྱེ་བ་མེད་སྙམ་ན། །མཚན་གཞི་མཚན་ཉིད་རྣམ་གཞག་ལ། །དེ་ནི་མཚུངས་ཕྱིར་ལན་མ་ཡིན། །ཞེས་ བྱ་བ་སྨྲས་ཏེ། ཀུན་བརྟགས་པ་དང་གཞན་གྱི་དབང་དག་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ལ་དབྱེར་མེད་དུ་ཟིན་ཀྱང་གང་གི་ཚེ་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་རྣམ་པར་གཞག་པ་བྱེད་པ་ན་མཚན་ཉིད་ཀྱི་གཞི་དེ་ཉིད་ཅེས་བྱ་བ་དེའི་མཚན་ཉིད་ནི་གཉིས་མེད་པའི་དངོས་པོ་ཡིན་ནོ་ཞེས་ བྱ་བ་དེའི་ཚེ་ན། གལ་ཏེ་རེ་ཞིག་གཉིས་མེད་པའི་དངོས་པོ་ཡིན་ན་ནི་ཇི་ལྟར་མེད་པ་ཡིན། ཅི་སྟེ་མེད་པ་ཡིན་ན་ནི་འོ་ན་དེ་ལྟ་ན་དངོས་པོ་མ་ཡིན་ནོ་ཞེས་འགལ་བར་སྔར་བསྟན་པ་དེ་མཚུངས་པའི་ཕྱིར་ཕ་རོལ་པོ་དག་གིས་སྨྲས་པའི་ལན་དེ་ནི་བཟང་པོ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་དེའི་དངོས་ མ་བཏང་གང་། །དེ་ནི་དེ་དངོས་ཡིན་འདོད་ན། །དེ་ལྟར་དངོས་ཉིད་མི་གཏོང་བ། །དེ་ཕྱིར་དེ་ནི་དངོས་མ་ཡིན། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་གཉིས་མེད་པའི་དངོས་པོ་ཉིད་ཡོངས་སུ་མི་གཏོང་བ་གང་ཡིན་པ་དེ་ཉིད་དངོས་པོ་ཞེས་བྱའི་ངོ་བོ་ཉིད་གཉིས་པ་ནི་མེད་དོ་ཞེས་ཟེར་ན། དེ་ལ་ འདི་སྐད་ཅེས་དེ་ལྟར་ངོ་བོ་ཉིད་མི་གཏོང་ན་དེའི་ཕྱིར་དངོས་པོ་དེ་ནི་མེད་པ་ཁོ་ན་ཡིན་པས་དེ་ལ་དངོས་པོར་བརྟག་པར་མི་བྱའོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར། དེས་ན་དེ་ཉིད་གཟིགས་རྣམས་ཀྱི། །མཁྱེན་པ་དངོས་མེད་དམིགས་པར་འགྱུར། །དེ་ཡང་ཆོས་བདག་མེད་མིན་ཏེ། །མེད་པའི་བློ་ཡི་རྒྱུ་ ཕྱིར་རོ། །ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་གྲུབ་པའི་མཐའི་ཚུལ་གྱིས་ན་སངས་རྒྱས་ཀྱི་ཡེ་ཤེས་ནི་དངོས་པོ་ཡོད་པ་དང་། མེད་པའི་མཐའ་གཉིས་ལས་རྣམ་པར་གྲོལ་བ་ཡིན་པར་བཞེད་ན། ཁྱེད་འདོད་པ་ལྟར་ན་དེ་དངོས་པོ་མེད་པ་ལ་དམིགས་པ་ཡིན་པར་འགྱུར་བས་ལུང་དང་འགལ་ལོ། །གལ་ཏེ་མི་ འགལ་ཏེ་གང་གི་ཕྱིར་ཞེ་ན། ཀུན་བརྟགས་པའི་ཆོས་རྣམས་ཀྱི་བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་ཡིན་ལ། དེ་ལ་དམིགས་པ་ཉིད་ཡིན་པར་ཁྱེད་ཀྱང་འདོད་པའི་ཕྱིར་རོ་ཞེ་ན། ཆོས་བདག་མེད་པ་ནི་མཚན་མ་ཐམས་ཅད་དང་བྲལ་བ་ཡིན་པར་འདོད་ན་དེ་ཡང་མེད་པ་ཉིད་ཁོ་ནས་མེད་པའི་ 98-204a བློའི་ཡུལ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཉིད་དུ་མི་རུང་ངོ་། །བདག་གི་སྒྲ་ནི་ངོ་བོ་ཉིད་དུ་སྨྲ་བའི་ཕྱིར་དང་། བདག་མེད་པ་ནི་དངོས་པོའི་ངོ་བོ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་གཉི་གའི་ངོ་བོ་ཉིད་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་ཕ་རོལ་པོ་དག་རྣམ་པར་རྟོག་པ་ནི་ འཆིང་བ་ཡིན་པར་གསུངས་པས་དེ་དང་བྲལ་ན་གྲོལ་བར་སེམས་ཤིང་། གལ་ཏེ་དངོས་མེད་དམིགས་པའི་བློ། །རྣམ་པར་མི་རྟོག་ཡིན་འདོད་ན། །ཞེས་བྱ་བ་ནི་འདི་སྐད་ཅེས་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཕྱིར་དངོས་པོ་མེད་པ་ལ་དམིགས་པའི་བློས་ཅི་ཞིག་ལ་རྟོག་པར་བྱེད་ན་རྣམ་པར་རྟོག་པ་དང་བཅས་པར་འགྱུར། རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་ནི་དོན་ཇི་ལྟ་བ་བཞིན་ཡིན་ནོ་ཞེས་ཟེར་ནའོ། །སློབ་དཔོན་གྱིས་བཤད་པ། དེས་ན་གཟུགས་བློ་མི་རྟོག་པའང་། །དམ་པ་ཡིན་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་རྣམ་པར་མི་རྟོག་པ་ཉིད་ཀྱི་བློ་དོན་ཇི་ལྟ་བ་ཉིད་ཡིན་པར་འགྱུར་ན་ནི། དེ་ལྟ་ན་འཇིག་རྟེན་པའི་བློ་གཟུགས་ལ་སོགས་པ་རྐྱེན་ལས་བྱུང་བ་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཡང་དོན་ཇི་ལྟ་བ་བཞིན་ཉིད་ཐོབ་པར་འགྱུར་རོ། །འདིར་སྨྲས་པ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་བློ་གང་ཡིན་པ་ནི་ཡང་དག་པར་ན་དོན་ཇི་ལྟ་བ་བཞིན་མ་ཡིན་པར་འདོད་ཀྱི། གཟུགས་ལ་སོགས་པའི་བློ་ནི་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ཡང་དག་པ་མ་ཡིན་ཏེ། གཟུང་བར་སྣང་བའི་ཕྱིར་ཟླ་བ་གཉིས་ལ་སོགས་པ་མཐོང་བའི་བློ་བཞིན་ནོ་ཞེ་ན་འདིར་བཤད་པ། གལ་ཏེ་གཟུང་བར་སྣང་འདོད་པས། །གཟུགས་བློ་ཡང་དག་མ་ཡིན་ན། །དེས་ན་གཏན་ཚིགས་འཁྲུལ་འགྱུར་ཞིང་། །དམ་བཅས་པ་ཡང་ཉམས་པར་འགྱུར། །ཞེས་བྱ་བ་ལ་འཁྲུལ་ཞེས་བྱ་བ་ནི་འགལ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་གཟུགས་ཀྱི་བློ་ནི་གཟུང་བར་སྣང་བ་ཉིད་མ་གཏོགས་པར་ལོགས་ཤིག་ནི་ངོ་བོ་ཉིད་མེད་པས་གཟུང་བར་སྣང་བ་ཉིད་དུ་རྗེས་སུ་དཔག་པ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་ཡང་དག་པ་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་ལོག་པར་བསྒྲུབ་པས་འགལ་ལོ། །འདིར་དམ་བཅས་པ་ནི་གཟུགས་ཀྱི་བློ་ཡང་དག་པ་མ་ཡིན་པའོ། །འདི་ལ་གཟུགས་ཀྱི་བློ་གང་ཡིན་པ་དེ་ཇི་ལྟར་ན་ཡང་དག་པ་མ་ཡིན་པར་འགྱུར་ཏེ། 98-204b མངོན་སུམ་དང་། ལུང་དང་། འཇིག་རྟེན་ལ་གྲགས་པས་གཟུགས་ཀྱི་བློ་ཡང་དག་པ་ཉིད་ཡིན་པར་ཡང་དག་པ་ཉིད་མ་ཡིན་པ་བསལ་བའི་ཕྱིར་རྗེས་སུ་དཔག་པ་དང་འགལ་ལོ། །དེ་ཉིད་མཐོང་བ་ཡོངས་གྲུབ་པའི། །ངོ་བོ་ཉིད་ལ་ལྟ་བ་ཡིན། །ཞེས་ཇི་སྐད་སྨྲས་པ་དེ་ལ་ཡང་སྐྱོན་འདི་ཡོད་དོ། ། ངོ་བོ་ཉིད་ལ་དམིགས་ཡིན་ན། །སྟོན་པའི་བྱང་ཆུབ་རྟོག་ཅན་དང་། །དམིགས་པ་ཅན་དུ་འགྱུར་བ་དང་། །རྣམ་པར་མི་རྟོག་བློར་མི་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་སོ་སོ་རང་རིག་པར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དམིགས་པ་སྒྲ་ཇི་བཞིན་མ་ཡིན་པའི་ངོ་བོ་ཉིད་གང་ ཡིན་པ་དེ་ལྟ་བུ་ཅུང་ཞིག་ཡོད་ཅིང་། ངོ་བོ་ཉིད་དེ་ལ་དམིགས་པ་ཡིན་ན་སྟོན་པ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་རྟོག་པ་ཅན་དུ་འགྱུར་ཏེ། བྱང་ཆུབ་ནི་རྟོག་པ་མི་མངའ་བར་བཞེད་དོ། །དམིགས་པ་དེ་ལ་དམིགས་པར་བྱེད་པ་ཡིན་ན་དམིགས་པ་ཅན་དུ་ཡང་འགྱུར་བས་དམིགས་པ་མེད་པ་ཉིད་དུ་ཡང་མི་འགྲུབ་སྟེ། བྱང་ཆུབ་ནི་དམིགས་པ་མེད་པ་ཉིད་དུ་བཞེད་དོ། །དེ་ཉིད་ལ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་རྟོག་པར་བྱེད་ན་རྣམ་པར་མི་རྟོག་པའི་བློར་ཡང་མི་འགྱུར་རོ་ཞེས་བྱ་བའི་ཚིག་སྦྱར་རོ། །འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། ཕྱི་རོལ་གྱི་དོན་མེད་དོ་ཞེས་དམ་བཅས་ པ་གང་ཡིན་པ་དེ་ལ་ཡང་། སེམས་ཙམ་དུ་ནི་དམིགས་པ་དང་། །གཟུགས་ལ་སོགས་པ་མི་འཛིན་ན། །ཁས་བླངས་པ་དང་གྲགས་པ་ཡིས། །དམ་བཅས་པ་ལ་གནོད་པར་འགྱུར། །ཞེས་བྱ་བ་ལ་ཁས་བླངས་པས་གནོད་པར་འགྱུར་བ་ནི་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་ རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་པའི་ལུང་དང་འགལ་བའོ། གྲགས་པས་གནོད་པར་འགྱུར་བ་ནི་འཇིག་རྟེན་ན་གཟུགས་ལ་སོགས་པའི་དོན་མེད་པར་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེ་བར་གྲགས་པས་གནོད་པར་འགྱུར་བའོ། །འདིར་སྨྲས་པ། གཟུགས་ལ་སོགས་ པའི་དོན་མེད་པར་ཡང་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ། དེ་ལྟ་བུར་སྣང་བ་འབྱུང་བའི་ཕྱིར་དཔེར་ན་རྨི་ལམ་ན་གཟུགས་ལ་སོགས་པའི་བློ་སྐྱེ་བ་བཞིན་ནོ་ཞེ་ན། དེ་དགག་པའི་ཕྱིར་བཤད་པ། དེ་ལྟར་སྣང་བ་སྐྱེ་བའི་ཕྱིར། །རྨི་ལམ་གཟུགས་སོགས་བློ་བཞིན་དུ། །གཟུགས་ལ་སོགས་ 98-205a པ་དོན་མེད་པར། །རྣམ་པར་ཤེས་ཞེས་བྱར་མི་རུང་། །ཞེས་བྱ་བ་ནི་དེའི་ཕྱིར་ཕ་རོལ་པོ་དག་གིས་སྨྲས་པའི་རྗེས་སུ་དཔག་པ་དེ་བཟང་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་རྨི་ལམ་ལ་སོགས་པའི། །རྣམ་ཤེས་ཆོས་ལ་དམིགས་པའི་ཕྱིར། །དེ་ཕྱིར་དཔེ་ཡང་མེད་པ་ དང་། །ཡུལ་ལ་སྐུར་པ་འདེབས་པར་འགྱུར། །ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་གཟུང་བ་དང་འཛིན་པའི་བག་ཆགས་ཀྱིས་བསྒོས་པའི་ཤེས་པ་དང་ལྡན་པའི་མིག་གིས་རྨི་ལམ་ན་མཐོང་བ་ཉིད་ཀྱི་གཟུགས་ལ་སོགས་པ་དག་མཐོང་བ་ཡིན་གྱི་མ་མཐོང་བ་མ་ཡིན་ཏེ། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་དམིགས་པ་དང་བཅས་པ་ཉིད་ཡིན་ཏེ། སྔོན་མཐོང་བ་ལ་སོགས་པ་མངོན་པར་བརྗོད་པའི་ཕྱིར་དྲན་པ་ལ་སོགས་པ་བཞིན་ནོ། །དམུས་ལོང་གི་མིག་གི་མཐུ་གཏན་ཉམས་པ་ལ་ཡང་ཚེ་རབས་གཞན་ན་མཐོང་བའི་བག་ཆགས་ཀྱི་ཤུགས་ཀྱིས་རྨི་ལམ་ན་ཁ་དོག་དང་དབྱིབས་ཐ་དད་པའི་གཟུགས་དུ་མ་དག་སྣང་བར་འགྱུར་བས་དེའི་ཤེས་པ་དེ་ལ་ཡང་དམིགས་པ་མེད་པ་མ་ཡིན་ཏེ། འདི་ལྟར་བཟང་སྐྱོང་དམུས་ལོང་དེས་རྨི་ལམ་ན་ཤེས་པ་དང་ལྡན་པའི་མིག་གིས་གཟུགས་དེ་དག་མཐོང་སྟེ། ཤའི་མིག་གིས་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཤེས་པའི་མིག་གིས་ནི་ཆོས་ལ་དམིགས་པའི་ཕྱིར་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་དམིགས་པ་དང་བཅས་པ་ཉིད་ཡིན་པས་ཁྱེད་ཅག་གི་སྒྲུབ་པ་ལ་དཔེ་མེད་པའི་སྐྱོན་ཉིད་དུ་འགྱུར་རོ། །གཟུགས་ལ་སོགས་པའི་དོན་གྱི་དངོས་པོ་སེལ་བར་བྱེད་པའི་ཕྱིར་ཡུལ་ལ་སྐུར་པ་འདེབས་པ་ཉིད་ཀྱང་ཡིན་ནོ། །ཁྱེད་འདི་སྐད་ཅེས་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བར་སྐྱེ་སྟེ། རང་དུ་སྣང་བ་དང་རྣམ་པར་ཤེས་པ་ཡུལ་དུ་སྣང་བའི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པར་ཡོངས་སུ་གྱུར་པ་དེ་རྣམ་པར་ཤེས་པ་རང་དུ་སྣང་བའི་ཡུལ་ཉིད་ཡིན་ནོ་ཞེས་ཟེར་ན་དེའི་ཕྱིར་བཤད་པ། གལ་ཏེ་ཡུལ་དུ་སྣང་བ་ཉིད། །སེམས་ཀྱི་དམིགས་པ་ཡིན་འདོད་ན། །ཡུལ་དུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །ཅེས་བྱ་བ་ནི་འདི་ལྟར་ཁོ་བོ་ཅག་གིས་ནི་གཟུགས་ལ་སོགས་པའི་ཡུལ་དུ་སྣང་བར་སྐྱེས་པ་ཉིད་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པར་མཐོང་གི་ཡུལ་དུ་སྣང་བ་མ་གཏོགས་པར་རང་དུ་སྣང་བ་གཞན་མ་མཐོང་ 98-205b ངོ་། །གལ་ཏེ་ཡུལ་དུ་སྣང་བ་ཉིད་ལས་གཞན་པ་རྣམ་པར་ཤེས་པའི་ངོ་བོ་ཉིད་གཉིས་པ་ཞིག་ཡོད་ན་དེ་གང་ཡིན་སྟོན་ཅིག །གལ་ཏེ་དེ་བསྟན་པའི་ཕྱིར་འདི་སྐད་ཅེས་རྣམ་པར་ཤེས་པ་ལ་རང་དུ་སྣང་བ་དང་། ཡུལ་དུ་སྣང་བ་ཞེས་བྱ་བའི་ངོ་བོ་ཉིད་གཉིས་ཡོད་དེ། རང་གི་ངོ་བོར་གནས་པའི་ ཕྱིར་དང་། གཞན་ལྟ་བུར་སྐྱེས་པའི་ཕྱིར་ཤེལ་གྱི་ནོར་བུ་བཞིན་ཏེ། དཔེར་ན་ཤེལ་གྱི་ནོར་བུའི་ངོ་བོ་ཉིད་ལས་ནི་རང་གསལ་ལ། སྔོན་པོ་ལ་སོགས་པའི་ཉེ་བར་གཞག་པའི་ཁྱད་པར་ལས་ནི་སྔོན་པོ་ལ་སོགས་པར་སྣང་བར་མཚོན་དུ་རུང་ངོ་། །དེ་བཞིན་དུ་སེམས་རང་རང་དུ་སྣང་བའི་ཡུལ་གྱི་རྣམ་པར་ཡོངས་སུ་གྱུར་པ་ལས་ཡུལ་དུ་སྣང་བ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་བསྒྲུབ་པར་བྱ་བ་དང་དཔེ་ཉེ་བར་གཞག་པ་མི་མཐུན་ཏེ། གང་གི་ཕྱིར་ཞེ་ན། གཞན་ལྟར་སྐྱེས་ཕྱིར་དེ་གཉིས་སྣང་། །ཤེལ་དང་འདྲ་བར་མི་འདོད་དེ། །ཉེ་བར་གཞག་པས་དེར་སྐྱེ་བ། །ཤེལ་གྱི་སྐད་ཅིག་མིན་ཕྱིར་རོ། །ཞེས་བྱ་བ་ནི་ཤེལ་གྱི་ནོར་བུ་སྔོན་པོ་ལ་སོགས་པ་ཉེ་བར་གཞག་པའི་ཁྱད་པར་གྱིས་རང་གི་ངོ་བོར་གསལ་བ་ཉིད་ཡོངས་སུ་བཏང་བས་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་འགྱུར་བ་ནི་བདེན་མོད་ཀྱི། ཤེལ་གསལ་བའི་སྐད་ཅིག་མ་སྔ་མ་གང་ཡིན་པ་དེ་ནི་འགགས་པར་གྱུར་པས་སྔོན་པོ་ལ་སོགས་པར་གྱུར་པ་མ་ཡིན་ནོ། །དེ་འགགས་གཞན་ནི་སྐྱེས་པ་ལ། །དེ་ཡི་བློ་ནི་འཁྲུལ་པར་འདོད། །ཅེས་བྱ་བ་ནི་ཤེལ་གསལ་བའི་སྐད་ཅིག་མ་དེ་འགགས་པས་ན་ཉེ་བར་གཞག་པའི་ཁྱད་པར་གྱིས་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་སྐྱེས་པ་ལ་ཤེལ་ཡིན་པར་དམིགས་པའི་བློ་ནི་འཁྲུལ་པ་ཉིད་ཡིན་ནོ། །ངོ་བོ་ཉིད་ གཉིས་ནི་མེད་དེ། གང་གི་ཕྱིར་ཞེ་ན། ཤེལ་ཉེ་བར་གཞག་པ་དང་བྲལ་བ་ན་སྔ་མའི་ངོ་བོ་ཉིད་ཁོ་ནར་སྣང་བ་ལྟར་ཤེས་པའི་རྣམ་པར་ཤེས་བྱའི་རྣམ་པ་དང་བྲལ་བ་ཤེལ་གྱི་རྣམ་པ་ཉེ་བར་གཞག་པ་དང་བྲལ་བ་ལྟ་བུ་ནི་ནམ་ཡང་གཟུང་དུ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་རང་དུ་སྣང་བའི་བདག་ ཉིད་ཉམས་སུ་མྱོང་བ་མེད་ཀྱང་དེ་ཡུལ་གྱི་རྣམ་པས་ཉེ་བར་ཁ་བསྒྱུར་བའི་དམིགས་པར་སྣང་བའི་ཡུལ་དུ་སྣང་བ་ཉིད་ཡིན་པར་རིགས་པ་དང་ལྡན་པ་མ་ཡིན་ནོ། །དཔེར་ན་ཤེལ་གྱི་ནོར་བུ་ཉེ་བར་གཞག་པའི་ཚོན་དང་ཕྲད་པ་ན་དེ་ལྟ་བུར་སྣང་བར་མཚོན་དུ་རུང་ཡང་ཤེལ་གྱི་ནོར་བུ་ཡང་ཉེ་བར་གཞག་པའི་ 98-206a ངོ་བོ་ཉིད་དུ་མི་འགྱུར་ལ་ཉེ་བར་གཞག་པའི་ངོ་བོ་ཉིད་ཀྱང་ཤེལ་གྱི་ནོར་བུའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། ཤེལ་གྱི་ནོར་བུ་ཚོན་ཡིན་པའམ། ཚོན་ཀྱང་ཤེལ་གྱི་ནོར་བུ་ཉིད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རྐྱེན་ཇི་ལྟར་ཉེ་ བར་གྱུར་པའི་ཡུལ་དུ་སྣང་བར་སྐྱེ་ཡང་། རྣམ་པར་ཤེས་པ་ཡང་རྣམ་པ་ཐམས་ཅད་དུ་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་མི་འགྱུར་ལ། གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་རྣམ་པར་ཤེས་པའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། ས་ལ་སོགས་པའི་སེམས་དང་བཅས་པ་ཉིད་དམ། སེམས་ཀྱང་ས་ལ་སོགས་པ་བཞིན་དུ་སེམས་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། རྣམ་པར་ཤེས་པ་ཉིད་གཟུང་བ་དང་འཛིན་པ་ཉིད་ཡིན་ནོ་ཞེས་བྱ་བར་རང་ལ་བྱེད་པ་འགལ་བའི་ཕྱིར་དེ་ཤེལ་བཞིན་དུ་གཉིས་སུ་སྣང་བ་ཉིད་དུ་མི་རིགས་སོ། །འདིར་སྨྲས་པ། ཡུལ་དུ་སྣང་བ་དེར་རང་དང་ རྗེས་སུ་མཐུན་པའི་འབྲས་བུ་བསྐྱེད་པར་བྱ་བའི་ཕྱིར་རིམ་གྱིས་རྣམ་པར་ཤེས་པའི་རྒྱུན་ནུས་པ་དང་ལྡན་པར་བྱེད་ཅིང་ལན་འགའ་ནི་དེའི་རྣམ་པའི་ནུས་པར་གནས་སོ། །ལན་འགའ་ནི་ནུས་པ་ཡོངས་སུ་སྨིན་པ་ལས་རྣམ་པར་ཤེས་པ་ཡུལ་དུ་སྣང་བའི་རྣམ་པར་སྐྱེའོ། །རྣམ་པར་ཤེས་པ་ནི་ནུས་པ་དང་ ཡུལ་དུ་སྣང་བ་དེ་གཉིས་ལས་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་མི་འདོད་དེ། རྣམ་པར་ཤེས་པ་ཉིད་ནུས་པ་དང་ཡུལ་གྱི་ངོ་བོ་ཉིད་གཉིས་སུ་སྣང་བ་ཡིན་ནོ་ཞེ་ན། འདིར་བཤད་པ། གཉིས་སུ་སྣང་མེད་ནུས་པ་ནི། །ཐ་དད་མིན་ཕྱིར་ཡུལ་སྣང་བཞིན། །ཞེས་བྱ་བ་ལ་རྣམ་པར་ ཤེས་པ་ཉིད་གཉིས་སུ་སྣང་བ་མ་ཡིན་ཞེས་བྱ་བ་ནི་ཕྱོགས་ཡིན་ལ། ནུས་པ་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན། ཡུལ་དུ་སྣང་བའི་རྣམ་པར་ཤེས་པའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ཏེ། རང་དུ་སྣང་བའི་རྣམ་པར་ཤེས་པ་གཞན་ཡིན་ཞེས་བྱ་བར་ཡང་དེ་ སྐྱེ་བ་ན་ཡུལ་དུ་སྣང་བ་ཁོ་ནའི་རྣམ་པར་ཤེས་པ་སྐྱེ་སྟེ། ཡུལ་གྱི་རྣམ་པ་ཐ་དད་པར་སྣང་བའི་ཕྱིར་དང་། ཡུལ་དུ་སྣང་བ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་འགག་པ་ན་ཡང་རྣམ་པར་ཤེས་པའི་རྒྱུན་དང་ལྡན་པའི་ནུས་པ་ཡུལ་དུ་སྣང་བ་ཉིད་ཀྱི་རྣམ་པར་ཤེས་པ་བསྐྱེད་པའི་མཐུ་དང་ལྡན་པ་ 98-206b བཞག་ནས་འགག་ཅིང་དེ་ཡོངས་སུ་སྨིན་པར་གྱུར་པ་ལས་ཡང་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་སྐྱེ་བར་ཟད་ཀྱི། རང་དུ་སྣང་བའི་རྣམ་པར་ཤེས་པའི་ནུས་པ་གང་གིས་དེ་བསྐྱེད་པར་འགྱུར་བ་བཞག་པ་ནི་འགའ་ཡང་མེད་པས་ཡུལ་དུ་སྣང་བ་ཉིད་ཀྱི་རྣམ་པར་ཤེས་པ་ལ་རང་དུ་སྣང་བ་ཉིད་ བརྟགས་པས་ཅི་བྱ། ཅི་སྟེ་ཡང་འདི་སྙམ་དུ་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བ་ཡིན་ཏེ། ལྷན་ཅིག་ཏུ་འདྲ་བར་འབྱུང་བའི་ཕྱིར་གཟུགས་དང་གཟུགས་བརྙན་བཞིན་ཏེ། གང་ལ་ལྷན་ཅིག་འབྱུང་བའི་ངང་ཚུལ་ཡོད་པ་དེ་ནི་ལྷན་ཅིག་ཏུ་འབྱུང་བ་སྟེ། ཅིག་ཅར་འབྱུང་བ་ཞེས་ བྱ་བའི་ཐ་ཚིག་གོ། །གང་ལྷན་ཅིག་འབྱུང་བ་དང་འདྲ་བའི་ངང་ཚུལ་ཡོད་པ་དེ་ནི་འདྲ་བར་འབྱུང་བ་སྟེ། ལྷན་ཅིག་ཏུ་འདྲ་བར་འབྱུང་བའོ། །དཔེར་ན་གཟུགས་དང་ལྷན་ཅིག་ཏུ་གཟུགས་བརྙན་འདྲ་བར་འབྱུང་བ་བཞིན་ཏེ། དེ་ལ་གཟུགས་ལྟ་བུ་ནི་རང་དུ་སྣང་བ་ཉིད་ཡིན་ལ། གཟུགས་བརྙན་ལྟ་བུ་ནི་ཡུལ་དུ་སྣང་བ་ཉིད་ཡིན་པར་སེམས་ན། འདིར་བཤད་པ། སེམས་ནི་རང་དང་གཞན་སྣང་བ། །ལྷན་ཅིག་འདྲ་བར་འབྱུང་བའི་ཕྱིར། །གཟུགས་བརྙན་བཞིན་དུ་མི་འདོད་དེ། །དེ་ཕྱིར་གཉིས་སུ་སྣང་མ་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་ཏུ་འདྲ་བར་འབྱུང་བ་ ཉིད་ཡིན་དུ་ཟིན་ཀྱང་གཉིས་སུ་སྣང་བ་ཉིད་དུ་མི་འགྲུབ་པ་ཁོ་ན་ཡིན་ཏེ། གཟུགས་བརྙན་ནི་དངོས་པོ་མེད་པའི་ཕྱིར་དང་། དེའི་བློ་ཡང་འཁྲུལ་པ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། རྣམ་པར་ཤེས་པ་ནི་གཉིས་སུ་སྣང་བ་ཁོ་ན་ཡིན་ཏེ། ཚད་མ་དང་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ ཚད་མ་ནི་འདིས་རྗེས་སུ་དཔོག་པའི་ཕྱིར་ཚད་མ་སྟེ། རང་དུ་སྣང་བའི་རྣམ་པར་ཤེས་པའོ། །འབྲས་བུ་ནི་དེའི་ཡུལ་སོ་སོར་རྟོག་པ་སྟེ། ཡུལ་དུ་སྣང་བ་ཉིད་དོ། །ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་འབའ་ཞིག་ལ་ནི་ཚད་མ་དང་འབྲས་བུ་དག་འཐད་པར་དཀའོ་ཞེ་ན། འདིར་བཤད་པ། གལ་ཏེ་ ཚད་མ་འབྲས་ཡོད་ཕྱིར། །གཉིས་སུ་སྣང་བར་འདོད་ཅེ་ན། །གཞན་དུའང་དེ་དག་འགྲུབ་པའི་ཕྱིར། །བརྟག་པ་དེ་ཡང་མི་འདོད་དོ། །ཞེས་བྱ་བ་ནི་གཉིས་སུ་སྣང་བ་ཉིད་མ་ཡིན་པར་གཞན་དུ་ཡང་ཚད་མ་དང་འབྲས་བུ་དེ་དག་འགྲུབ་པའི་ཕྱིར་བརྟག་པ་དེ་ཡང་མི་འདོད་དོ། །དེ་ཇི་ལྟར་ན་ 98-207a གཞན་དུ་ཚད་མ་དང་འབྲས་བུ་དག་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར། ཡུལ་དུ་སྣང་བ་འཛིན་པ་ཡི། །རྣམ་པར་ཤེས་པ་སྐྱེ་བཞིན་པས། །གཞལ་བྱ་གང་ཡིན་འཇལ་བྱེད་པ། །དེས་ན་དེ་ནི་ཚད་མར་འདོད། །ཅེས་བྱ་བ་སྨྲས་ཏེ། འདི་ལ་ཡུལ་དུ་སྣང་བའི་རྣམ་ པར་ཤེས་པ་ཞེས་བྱ་བའི་རྣམ་པར་འཛིན་པར་སྐྱེ་བཞིན་པ་ཉིད་ཀྱིས་ཡུལ་རྣམ་པར་རྟོག་པར་བྱེད་པའི་ཕྱིར། ཤེས་པ་སྐྱེ་བཞིན་པ་ཉིད་གང་ཡིན་པ་དེ་ཚད་མ་ཡིན་པར་འདོད་དོ། །དེ་སྐྱེས་པ་ན་མཐོང་བའི་ཕྱིར། །དེ་གྲུབ་པ་ནི་འབྲས་བུར་འདོད། །ཅེས་བྱ་བ་ནི་རྣམ་པར་ཤེས་པ་དེ་སྐྱེས་པ་ན་ ཡུལ་མཐོང་བའི་ཕྱིར་ཤེས་པ་དེས་མངོན་པར་གྲུབ་པ་ནི་འབྲས་བུ་ཡིན་པས་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་ལ་ཚད་མ་དང་འབྲས་བུ་གཉིས་ཡོད་པར་འདོད་དེ། དཔེར་ན་ཤིང་ལ་སྟ་རེས་གཟས་པ་དང་བཏབ་པའི་རྐྱེན་གྱིས་གཉིས་སུ་གཅོད་པར་བྱེད་པ་ཉིད་དང་། དེ་དུམ་བུ་གཉིས་ སུ་ཆད་པར་གྱུར་པ་ཉིད་བཞིན་ནོ། །བསྟན་དུ་མེད་པའི་ངོ་བོ་ཉིད། །དེ་བཞིན་རྟོག་པ་གང་ཐོབ་པ། །ཞེས་བྱ་བ་ནི་མངོན་སུམ་གྱི་ཤེས་པ་དངོས་པོའི་རང་གི་མཚན་ཉིད་ཙམ་ལ་དམིགས་པ་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་བྲལ་བས། གཟུགས་ལ་སོགས་པ་སྔོན་པོ་ལ་ སོགས་པའི་བདག་ཉིད་དུ་བསྟན་དུ་མེད་པའི་ངོ་བོ་ཉིད་ལ། དེ་བཞིན་དུ་མེད་པའི་ངོ་བོ་ཉིད་ཁོ་ན་བཞིན་དུ་རང་རིག་པའི་རྣམ་པས་རྟོགས་པར་བྱེད་པ་གང་གི་ཕྱིར་དེའི་ཕྱིར་ཡུལ་ཉིད་དུ་སྣང་བའི་རྣམ་པར་ཤེས་པ་གཅིག་པུ་ཁོ་ན་ལ་ཚད་མ་དང་འབྲས་བུ་གཉི་ག་ཡོད་པའི་ཕྱིར་གཏན་ཚིགས་ ཀྱི་དོན་མ་གྲུབ་པས་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བར་རྟོགས་པ་ནི་དགོས་པ་མེད་དོ། །ཡང་ཕ་རོལ་པོ་དག་གི་བསམ་པ་གཞན་བསལ་བའི་ཕྱིར་བཤད་པ། གལ་ཏེ་སྨྲ་འདོད་བསྒྲུབ་བྱ་བ། །ཕྱི་དོན་སེམས་ཀྱི་དངོས་ཉིད་དེ། །རྣམ་པར་ཤེས་པའི་ཡུལ་ཡིན་ཕྱིར། །དཔེར་ན་དེ་མ་ ཐག་བཞིན་ནོ། །ཞེས་བྱ་བ་འདི་ལ་ཕྱི་རོལ་གྱི་དོན་ནི་ཆོས་ཅན་ནོ། །དེ་སེམས་ཀྱི་ངོ་བོ་ཉིད་ཡིན་པར་སྒྲུབ་པ་ནི་དེའི་ཆོས་སོ། །རྣམ་པར་ཤེས་པའི་ཡུལ་ཡིན་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་དུ་ཕྱིར་ཞེས་སྨོས་སོ། །དཔེར་ན་དེ་མ་ཐག་པའི་རྐྱེན་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། 98-207b སེམས་དང་སེམས་ལས་བྱུང་བ་མཚུངས་པ་དེ་མ་ཐག་ཏུ་འགགས་པ་རྣམས་ནི་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་རྐྱེན་གྱི་དངོས་པོར་འགྱུར་བས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །གལ་ཏེ་དེ་ཡང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ ཡིན་པ་དེ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེ་ན། དེས་ན་སེམས་བྱུང་སོ་སོ་ཡིས། །གཏན་ཚིགས་འཁྲུལ་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དེས་ཅི་རེ་ཞིག་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ བཞིན་དུ་ཕྱི་རོལ་གྱི་ཡུལ་ཡང་སེམས་ཀྱི་ངོ་བོ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་སོ་སོ་དག་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པ་བཞིན་དུ་ཕྱི་རོལ་གྱི་ཡུལ་ཡང་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པར་འགྱུར་བའི་གཏན་ཚིགས་ མ་ངེས་པ་ཉིད་དོ། །ཅི་སྟེ་ཡང་འདི་སྙམ་དུ་དེ་ནི་ལུང་གིས་འགྲུབ་སྟེ། འདི་ལྟ་སྟེ། ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་གསུངས་པར་སེམས་ན། འདིར་བཤད་པ། དེ་ནི་རིགས་པ་མ་ཡིན་ཏེ། ལུང་གི་དོན་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །གང་གི་ཕྱིར་ཞེ་ན། མདོ་ལས་སེམས་ཙམ་ གསུངས་པ་ནི། །བྱེད་པོ་ཟ་པོ་དགག་ཕྱིར་རོ། །ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་དག་གིས་རྣམ་པར་ཤེས་པ་ལས་གཞན་གྱི་བྱེད་པ་པོ་དང་ཟ་བ་པོ་ཡོད་པར་བརྟགས་པ་སེལ་བར་མཛད་པའི་ཕྱིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཙམ་ཞེས་བསྟན་པ་མཛད་པ་ཡིན་གྱི། ཕྱི་རོལ་གྱི་ཡུལ་བསལ་བའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། ས་བཅུ་པའི་མདོ་སྡེ་ལས། བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་འབྱུང་བ་མ་ཡིན་པ་ལ་རྣམ་པར་བལྟ་བ་འདི་སྙམ་དུ་སེམས་ཏེ། མ་རིག་ པ་ལ་སོགས་པ་ཡན་ལག་བཅུ་གཉིས་པ་ལས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་བྱེད་པ་པོ་དང་། ཚོར་བ་པོ་དང་བྲལ་བ་འདི་འབྱུང་ཞིང་སྡུག་བསྔལ་གྱི་ཤིང་ལྗོན་པ་མངོན་པར་འགྲུབ་པར་འགྱུར་རོ་སྙམ་དུ་དེ་ལྟར་ངེས་པས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་ 98-208a སེམས་ཙམ་སྟེ། སེམས་ཀྱིས་མངོན་པར་འདུས་བྱས་པ་དང་། སེམས་ཀྱིས་བྲིས་པ་ཡིན་གྱི། སེམས་ལས་གཞན་པའི་བྱེད་པ་པོ་དང་། ཟ་བ་པོ་ནི་འགའ་ཡང་མེད་དོ་ཞེས་གསུངས་པས་ཕྱི་རོལ་གྱི་ཡུལ་མེད་པ་ཉིད་དུ་མི་འགྲུབ་བོ། འདིར་སྨྲས་པ། དེ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་བྱེ་བྲག་གདགས་པ་ནི་རྣམ་པ་གསུམ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། འདི་ནི་ཀུན་བརྟགས་པའི་གཟུགས་སོ། །འདི་ནི་རྣམ་པར་བརྟགས་པའི་གཟུགས་སོ། །འདི་ནི་ཆོས་ཉིད་ཀྱི་ གཟུགས་སོ་ཞེས་བྱ་བས་སོ། །དེ་ལ་ཀུན་བརྟགས་པའི་གཟུགས་གང་ཞེ་ན། གཟུགས་ཞེས་བྱ་བ་ནི་མིང་དང་། འདུ་ཤེས་དང་། གདགས་པ་དང་། ཐ་སྙད་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་ཉིད་དུ་རྟོག་པ་གང་ཡིན་པ་དེ། དེ་ནི་རྫས་སུ་མེད་དོ། །དེ་ལ་རྣམ་པར་བརྟགས་པའི་གཟུགས་ གང་ཞེ་ན། རྣམ་པར་རྟོག་པ་ལ་བརྟེན་ནས་གང་ལ་མིང་དང་། འདུ་ཤེས་དང་། གདགས་པ་དང་། ཐ་སྙད་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པ་ཉིད་དེ། འདི་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པ་ཉིད་ལ་བརྟེན་ནས་རྫས་སུ་ཡོད་པ་ཡིན་གྱི། རང་དབང་དུ་འཇུག་ པ་ལས་ནི་མ་ཡིན་ནོ། །དེ་ལ་ཆོས་ཉིད་ཀྱི་གཟུགས་གང་ཞེ་ན། ཀུན་བརྟགས་པའི་གཟུགས་དེས་རྣམ་པར་བརྟགས་པའི་གཟུགས་དེ་ལ་རྟག་ཏུ་ངོ་བོ་ཉིད་མེད་པ་ཉིད་དང་། ཆོས་བདག་མེད་པ་ཉིད་དང་། ཡང་དག་པའི་མཐའ་ལ་སོགས་པ་གང་ཡིན་པ་སྟེ། དེ་ལ་རྫས་སུ་ཡོད་ པ་ཡང་མ་ཡིན་ལ། རྫས་སུ་མེད་པ་ཡང་མ་ཡིན་ཏེ། རྣམ་པར་བརྟགས་པའི་དོན་གྱིས་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ་ཞེས་གསུངས་སོ་ཞེ་ན། བཤད་པ། གལ་ཏེ་རྣམ་བརྟགས་དོན་སྟོང་པས། །རྣམ་པར་ཤེས་པ་སྒྲུབ་བྱེད་ན། །བརྟགས་པ་མ་ ཡིན་དོན་ཡོད་ཕྱིར། །ཡུལ་མེད་པར་ནི་མི་འགྱུར་རོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་རྣམ་པར་བརྟགས་པའི་དོན་གྱིས་སྟོང་པ་ཉིད་ཡིན་ཡང་དེ་བཞིན་གཤེགས་པས་སོ་སོ་རང་རིག་པར་བྱ་བའི་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ཡོད་པའི་ཕྱིར་སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་ 98-208b གང་ཡིན་པ་དེ་ཡོད་པས་བརྟགས་པ་མ་ཡིན་པའི་དོན་ཡོད་པའི་ཕྱིར་ཡུལ་ཡོད་པ་ཁོ་ན་ཡིན་པར་རྣམ་པར་ཤེས་པ་ཐམས་ཅད་དུ་ཡུལ་གྱིས་སྟོང་པ་ཡིན་པར་མི་རིགས་སོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅོ་བརྒྱད་པ། གཞན་ཡང་། རྨི་ལམ་ ལ་ཡང་བརྟགས་མིན་པའི། །ངོ་བོ་ཉིད་བློས་མ་ངེས་འགྱུར། །ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙམ་སྟེ། གཟུགས་ལ་སོགས་པའི་དོན་གྱིས་སྟོང་པའི་ཕྱིར། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་ལ་འདི་ལྟར། རྨི་ལམ་ལ་ཡང་བརྟགས་པ་མ་ཡིན་ པའི་ངོ་བོ་ཉིད་ཀྱི་བློའི་ཆ་ཡོད་པའི་ཕྱིར་དེས་ན་ཅི་རེ་ཞིག་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་རྨི་ལམ་གྱི་རྣམ་པར་ཤེས་པ་བརྟགས་པའི་ངོ་བོ་ཉིད་ཀྱི་སྐྱེས་བུ་ལ་སོགས་པའི་དོན་གྱིས་སྟོང་པར་འགྱུར་རམ། འོན་ཏེ་རང་གི་ཆ་ལ་དམིགས་པ་བརྟགས་པ་མ་ཡིན་པའི་དོན་ གྱིས་མི་སྟོང་པར་འགྱུར་བའི་གཏན་ཚིགས་མ་ངེས་པ་ཉིད་དུ་འགྱུར་རོ། །དམིགས་པ་མེད་པ་མི་འདོད་དེ། །དཔེ་ནི་རབ་ཏུ་མ་གྲུབ་ཕྱིར། །ཞེས་བྱ་བ་ནི་བརྟགས་པའི་དོན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་དཔེ་རྨི་ལམ་བླངས་པ་དེར་ཡང་བརྟགས་པའི་དོན་སེལ་བར་བྱེད་ཀྱི་བརྟགས་པ་མ་ཡིན་པའི་ དོན་གྱི་ཆ་སེལ་བར་མི་བྱེད་པ་དེས་ཀྱང་སེམས་ཙམ་ཉིད་དུ་མི་འགྲུབ་པའི་ཕྱིར། དམིགས་པ་མེད་པར་མི་འདོད་དེ། དཔེ་བསྒྲུབ་པར་བྱ་བའི་ཕྱོགས་གཅིག་དང་མི་ལྡན་པར་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །རྨི་ལམ་གྱི་ཤེས་པའི་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ལ་དམིགས་པའི་ཕྱིར་དམིགས་པ་ མེད་པ་ཉིད་མ་ཡིན་ནོ། །འདི་ལྟར་རྨི་ལམ་ནི་ཡང་དག་པ་མ་ཡིན་པའི་ཕྱིར་གཏན་ལ་དབབ་པར་ན་དེ་དཔེ་ཉིད་དུ་མི་རུང་ངོ་ཞེས་བྱ་བར་བསམས་སོ། །འདིར་སྨྲས་པ། ཅི་སྟེ་བློ་ཡུལ་རྣམ་པ་གཉིས། །གཅིག་དང་འདུས་པ་ཡིན་སྙམ་ན། །རིགས་པས་ཡོངས་སུ་བརྟགས་པ་ན། །དེ་ན་གཉི་གར་མི་ རིགས་སོ། །ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཅི་སྟེ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དག་བློའི་ཡུལ་རྣམ་པ་གཉིས་སུ་འདོད་དེ། རྡུལ་ཕྲ་རབ་གཅིག་པུ་འབའ་ཞིག་ཡུལ་དུ་འདོད་དམ། འོན་ཏེ་རྡུལ་ཕྲ་རབ་འདུས་པ་ཡུལ་དུ་འདོད་དོ་སྙམ་ན། གཉི་ག་ཡང་རིགས་པས་ཡོངས་སུ་བརྟགས་པ་ན་ 98-209a འགལ་བའི་ཕྱིར་དེ་ནི་གཉི་གར་མི་རིགས་ཏེ། བཟང་པོ་མ་ཡིན་ནོ་ཞེས་ཟེར་རོ། །རིགས་པ་དེ་ཡང་གང་ཞེ་ན། དེའི་ཕྱིར་སྨྲས་པ། དེ་ལ་གཟུགས་རྡུལ་གཅིག་པུ་ནི། །གཟུགས་བློའི་སྤྱོད་ཡུལ་མ་ཡིན་ཏེ། །དེ་སྣང་ཉིད་དུ་མི་འགྱུར་ཕྱིར། །དབང་གཟུགས་སྤྱོད་ ཡུལ་མ་ཡིན་བཞིན། །ཞེས་བྱ་བ་ལ་གཟུགས་ཀྱི་ཕྲ་བ་ཉིད་ཀྱི་མཐར་ཐུག་པ་ནི་རྡུལ་ཕྲ་རབ་བོ། །གཅིག་པུ་ཞེས་བྱ་བ་ནི་འབའ་ཞིག་ཅེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་རྡུལ་གཅིག་པུ་ནི་ཞེས་བྱ་བ་ནི་ཆོས་ཅན་ཡིན་ལ། དེ་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཆོས་ཏེ། ཆོས་ཅན་དང་ཆོས་བསྡུས་པ་ནི་ཕྱོགས་ཡིན་ནོ། །དེ་སྣང་ཉིད་དུ་མི་འགྱུར་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེ་སྣང་ཉིད་དུ་ཞེས་བྱ་བ་ནི་ཡུལ་གྱི་དངོས་པོ་ཉིད་དུ་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྣང་བ་ཉིད་དུ་མི་འགྱུར། །ཞེས་བྱ་བ་ནི་དེ་བློ་ལ། །སྣང་བ་ཉིད་དུ་མི་འགྱུར་ཞིང་། ། ཡུལ་གྱི་དངོས་པོ་ཉིད་དུ་མི་འགྱུར་བ་སྟེ། གཏན་ཚིགས་ཀྱི་དོན་གྱི་ཕྱིར་ཞེས་བྱ་བ་སྨོས་སོ། །དབང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། །ཞེས་བྱ་བ་ནི་དཔེ་སྟེ། དབང་པོ་ཞེས་བྱ་བ་ནི་དབང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱི་ངོ་བོ་ཉིད་ཡུལ་ཁ་དོག་གཟུགས་དང་བ་ཉིད་དུ་ཡོད་པ་ཡིན་ཡང་ དེ་སྣང་བ་ཉིད་དུ་མི་འགྱུར་བའི་ཕྱིར། དཔེར་ན་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ནོ། །ཕྲ་རབ་གཟུགས་ནི་དུ་མ་སྟེ། །སེམས་ཀྱི་སྤྱོད་ཡུལ་ཡིན་མི་འདོད། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །དཔེར་ན་ཟླ་བ་གཉིས་བཞིན་ནོ། ། ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་དུ་མ་དེ་དག་འདུས་པ་དེ་ཡང་སེམས་ཀྱི་སྤྱོད་ཡུལ་ཡིན་པར་མི་འདོད་དེ། ཅིའི་ཕྱིར་ཞེ་ན། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་རྡུལ་ཕྲ་རབ་ཀྱི་གཟུགས་འབའ་ཞིག་པ་ནི་རྫས་སུ་འདོད་ལ། དེ་དག་འདུས་པ་ནི་དམག་དང་ནགས་ཚལ་ལ་སོགས་པ་ བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པས་དེ་སྣང་བར་འགྱུར་དུ་ཟིན་ཀྱང་སེམས་ཀྱི་སྤྱོད་ཡུལ་ཡིན་པར་མི་རིགས་ཏེ། དཔེར་ན་རབ་རིབ་ཅན་གྱི་མིག་སྐྱོན་གྱིས་ཉམས་པས་ཟླ་བ་གཉིས་ལ་སོགས་པ་ཡང་དག་པ་མ་ཡིན་པར་མཐོང་བ་བཞིན་ནོ། །འདིར་བཤད་པ། དེ་ལ་གལ་ཏེ་ཕ་རོལ་པོ། །བསགས་ 98-209b པ་མེད་པའི་གཟུགས་སེམས་ཀྱི། །སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན། །དེར་ནི་གྲུབ་པ་ཉིད་སྒྲུབ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་བསགས་པ་མ་ཡིན་པའི་གཟུགས་རྡུལ་ཕྲ་རབ་གཅིག་པུ་སེམས་ཀྱི་སྤྱོད་ཡུལ་ཉིད་མ་ཡིན་པར་སྒྲུབ་པར་བྱེད་ན་ཕྱོགས་སྔ་མ་དེར་གྲུབ་པ་ ཉིད་ལ་སྒྲུབ་པར་འགྱུར་ཏེ། ཁོ་བོ་ཅག་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །ཅི་སྟེ་བསགས་པའི་གཟུགས་ལ་ནི། །གཏན་ཚིགས་མ་གྲུབ་ཉིད་འགྱུར་ཏེ། །གཟུགས་གཞན་དག་གི་བསགས་པ་ནི། །དེར་སྣང་བློ་ནི་སྐྱེ་ཕྱིར་རོ། །ཞེས་བྱ་བ་ནི་ཅི་སྟེ་རྡུལ་ཕྲ་རབ་ཀྱི་རིགས་མཐུན་པ་བསགས་ པའི་གཟུགས་ཕྱོགས་སུ་བྱས་ནས་དེ་ལ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་གཏན་ཚིགས་སུ་བརྗོད་ན་ནི། དེ་ལྟ་ན་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་དུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་རིགས་མཐུན་པའི་གཟུགས་གཞན་དག་གིས་དེ་ལ་བསགས་ཤིང་ ཀུན་ནས་སྦྱར་བ་ན་དེ་ཡུལ་གྱི་དངོས་པོར་ཁས་བླངས་ཤིང་དེར་སྣང་བའི་བློ་རྡུལ་ཕྲ་རབ་འདུས་པའི་རྣམ་པར་སྐྱེ་བའི་ཕྱིར་རོ། །ཁོ་བོ་ཅག་ནི་རྡུལ་ཕྲ་རབ་རིགས་མཐུན་པའི་བསགས་པ་བུམ་པ་ལ་སོགས་པ་ཉིད་དང་ཕྲ་རབ་ཀྱང་ཀུན་རྫོབ་པའི་རྫས་སུ་འདོད་དེ། འདི་ལྟར་རྡུལ་ཕྲ་རབ་ནི་རྫས་བརྒྱད་ འདུས་པའི་བདག་ཉིད་ཡིན་པས། དེ་ཡང་རྫས་ཉིད་ཡིན་པར་འདོད་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱང་རྫས་ཉིད་ཡིན་ཏེ། འབའ་ཞིག་པ་ནི་རྫས་སུ་མ་གྲུབ་པའི་ཕྱིར་རོ། །དེ་ནི་དམིགས་ཉིད་ཡིན་འདོད་དེ། །དེར་སྣང་བློ་ཡི་རྒྱུར་འགྱུར་ཕྱིར། །འདོད་ཆགས་བཞིན་ཏེ་དེ་ ཡི་ཕྱིར། །ཁྱོད་དམ་བཅས་ལ་རྗེས་དཔག་གནོད། །ཅེས་བྱ་བ་ནི་རྡུལ་ཕྲ་རབ་རིགས་མཐུན་པ་བསགས་པའི་གཟུགས་དེ་ནི་དམིགས་པ་ཉིད་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་བསགས་པ་དེ་ནི་བསགས་པའི་གཟུགས་དེར་སྣང་བའི་བློའི་རྒྱུའི་དངོས་པོ་ཉིད་དུ་འགྱུར་བའི་ ཕྱིར་ཏེ། གང་དང་གང་དེར་སྣང་བའི་བློའི་རྒྱུར་འགྱུར་བ་དེ་དང་དེ་ནི་བསགས་པ་ལ་དམིགས་པ་ཡིན་ཏེ། དཔེར་ན་འདོད་ཆགས་ཡུལ་ལ་ཆགས་པའི་མཚན་ཉིད་དེ་ནི་བུད་མེད་ཀྱི་གཟུགས་ལ་སོགས་པ་བསགས་པ་ཉིད་ལ་དམིགས་པར་འདོད་པ་བཞིན་ཏེ། དེའི་ཕྱིར་ཁྱོད་ཀྱིས་བསགས་ 98-210a པའི་གཟུགས་ནི་དམིགས་པ་མ་ཡིན་ནོ་ཞེས་དམ་བཅས་པ་དེ་ལ་རྗེས་སུ་དཔག་པ་འདིས་གནོད་པར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་ལྔའི་གནས་དང་། དམིགས་པ་ནི་བསགས་པ་ཡིན་ནོ་ཞེས་གསུངས་པའི་ལུང་དང་ཡང་འགལ་ལོ། །འདིར་སྨྲས་པ། བློ་ནི་དམིགས་པ་མེད་པ་ཁོ་ནར་སྐྱེ་སྟེ། རང་དུ་སྣང་བའི་རྣམ་པར་ཤེས་པའི་ས་བོན་ལས་སྐྱེས་པའི་ཕྱིར་ཡིད་ཀྱི་བློ་བཞིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་རང་བློ་དམིགས་མེད་དེ། །རང་གི་ས་བོན་ལས་སྐྱེའི་ཕྱིར། །ཡིད་བློ་བཞིན་འདོད་བཏགས་མིན་ཕྱིར། །ཁྱོད་ཀྱི་དམིགས་བཅས་ཉིད་དུ་ འགྱུར། །ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལའང་བཏགས་པ་མ་ཡིན་པའི་རང་གི་དོན་དུ་སྣང་བའི་ཆ་ཡོད་པའི་ཕྱིར་ཁྱོད་ཀྱི་བློ་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་རོ་གཞན་ཡང་། དམིགས་པ་མེད་པ་རྗེས་དཔོག་པས། །དེ་ནི་བློ་ཉིད་མ་ཡིན་འགྱུར། །འདུས་པ་དམ་ནི་མ་བཅས་ པས། །དེ་འགོག་པ་ནི་གནོད་པ་མེད། །ཅེས་བྱ་བ་ནི་དམིགས་པ་རྟོགས་པར་བྱེད་པས་བློ་ཞེས་བྱ་བ་ཡིན་ན་དམིགས་པ་མེད་པ་ཉིད་རྗེས་སུ་དཔོག་པས་བློར་འདོད་པ་དེ་བློ་མ་ཡིན་པ་ཉིད་དུ་གྱུར་པས་བློ་དེ་ནི་བློ་ཉིད་མ་ཡིན་པར་བསལ་བའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ལོག་པར་བསྒྲུབས་པས་ དམ་བཅས་པ་ཉམས་པར་འགྱུར་རོ། །ཁྱོད་ཀྱིས་འདུས་པ་ནི་དམིགས་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་ཁོ་བོས་ཀྱང་འདུས་པ་དམིགས་པ་ཡིན་པར་དམ་བཅས་ཏེ། འོ་ན་ཇི་ལྟར་དམ་བཅས་ཤེ་ན། རྡུལ་ཕྲ་རབ་བསགས་པ་ནི་དམིགས་པ་ཡིན་པར་དམ་བཅས་པས་ ཁྱོད་ཀྱིས་འདུས་པ་དམིགས་པ་མ་ཡིན་པར་དེ་འགོག་པ་ནི་ཁོ་བོ་ལ་གནོད་པ་མེད་དོ། །བསགས་པ་དང་འདུས་པ་ཞེས་བྱ་བ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྡུལ་ཕྲ་རབ་རིགས་མཐུན་པ་དག་གཞི་གཅིག་ལ་བརྟེན་པ་ནི་ཚོགས་པ་ཞེས་བྱའོ། །གླང་པོ་ཆེ་དང་། རྟ་ལ་སོགས་པ་དང་། སྐྱེར་པ་དང་། སེང་ལྡེང་ལ་སོགས་པའི་རྫས་རིགས་མི་མཐུན་པ་གཞི་ཐ་དད་པ་འདུས་པ་ལ་དམག་དང་ནགས་ཚལ་ལ་སོགས་པར་གདགས་པ་ནི་འདུས་པ་ཞེས་བྱའོ། །འདིར་སྨྲས་པ། འོ་ན་ཁོ་བོ་ཅག་གི་དམིགས་པ་བརྟག་པའི་སྐབས་སུ། ཕྱི་རོལ་དོན་ནི་མེད་པར་ཡང་། །ནུས་པ་དང་ནི་ 98-210b ཡུལ་གྱི་དངོས། །གཉིས་པོ་ཕན་ཚུན་རྒྱུར་འགྱུར་བས། །ཐོག་མ་མེད་པའི་དུས་ནས་འཇུག །ཅེས་བྱ་བས་ཕྱོགས་འདི་བརྟན་པོར་བཞག་ཟིན་ཏོ་ཞེ་ན། བཤད་པ། ཚིག་ལེའུར་བྱས་པ་དེའི་རྩ་བ་བཞི་པ། ཇི་ལྟར་དེ་ནི་ལྡོག་པར་འདོད། །ཅེས་བྱ་བ་འདིས་རྗེས་ནས་བརྒལ་ཞིང་བརྟག་པར་ བྱ་སྟེ། ཕྱི་རོལ་གྱི་དོན་ཡོད་པ་ལ་ནི་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་དེའི་དག་པ་ཚོལ་བའི་རྣལ་འབྱོར་པས་ཡུལ་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པར་གཟུང་བ་དང་། འཛིན་པ་ལྡོག་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བ་རིགས་པ་ཁོ་ནར་འགྱུར་གྱི། ཁྱེད་ཡུལ་ མེད་པ་ལ་ནི་དང་པོ་ནས་ཀྱང་ཕྱི་རོལ་གྱི་དོན་མེད་ལ། ཕྱིས་ཀྱང་མེད་པ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་འཇུག་པར་འགྱུར་བ་དེ་ཕྱིས་རྒྱུ་གང་གིས་ལྡོག་ཅིང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བར་འགྱུར་བའི་ཐབས་ཅི་ཡང་མེད་དོ། །ཡུལ་མེད་པར་སྨྲ་བ་ལ་ནི་ འཇིག་རྟེན་ལས་འདས་པའི་ལམ་སྐྱེ་བའི་ཐབས་མེད་པས་ནུས་པ་དང་ཡུལ་གྱི་ངོ་བོ་ཉིད་ཀྱི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ནས་འཇུག་པ་དེ་ཇི་ལྟར་ལྡོག་པའི་རིགས་པ་བརྗོད་པར་བྱ་དགོས་སོ། །གལ་ཏེ་ཁྱོད་འདི་སྙམ་དུ། མི་རྟོག་བློ་ནི་སྤང་མིན་ཏེ། །འཕགས་ཕྱིར་རྣམ་པར་མི་ རྟོག་ཕྱིར། །ཞེས་བྱ་བར་སེམས་ན་ཞེས་བྱ་བ་ནི་གལ་ཏེ་འཁོར་བར་འཇུག་པའི་རྒྱུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་སྤངས་སུ་ཟིན་ཀྱང་རྣམ་པར་མི་རྟོག་པའི་བློ་ནི་སྤང་བ་མ་ཡིན་ཏེ། འཕགས་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཕྱིར་སྐྱེ་བར་འགྱུར་བ་ཉིད་ཡིན་ཏེ། ལྡོག་ པར་མི་འགྱུར་བར་སེམས་ནའོ། །དེ་ལྟ་ན། དེ་སྐྱེ་ཐར་པ་ག་ལ་ཡོད། །དེ་ཡི་ས་བོན་མ་བཅོམ་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་རྣམ་པར་ཤེས་པའི་ས་བོན་འཇུག་པས་ནི་འཁོར་བར་འདོད་ལ། དེ་བཅོམ་པས་ནི་ཐར་པར་འདོད་པ་ཡིན་ན་ཇི་སྲིད་དུ་རྣམ་པར་རྟོག་པ་དང་བཅས་པའམ། རྣམ་ པར་མི་རྟོག་པའི་ཤེས་པ་སྐྱེ་བ་ཡོད་པ་དེ་སྲིད་དུ་ཐར་པ་ག་ལ་ཡོད། དེའི་ཕྱིར་སེམས་ཙམ་དུ་སྨྲ་བ་ཁྱོད་ལ་ཐར་པ་ཡང་མི་འཐད་པར་འགྱུར་རོ། །ཅི་སྟེ་འདི་སྙམ་དུ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་སྐྱེ་བ་ནི་འཆིང་བ་ཡིན་ལ། རྣམ་པར་མི་རྟོག་པའི་ཤེས་པ་སྐྱེ་བ་ནི་ཐར་པ་ཡིན་ 98-211a པར་སེམས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར། གཉིས་ཀྱི་འདུ་ཤེས་འཇུག་པ་ན། །སྣ་ཚོགས་སྣང་བ་རབ་ཏུ་སྐྱེ། །དེ་ཡི་སྣ་ཚོགས་སྣང་གང་དང་། །དེ་རང་ས་བོན་ལས་སྐྱེའི་ཕྱིར། །ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་ཤེས་པ་འཇུག་པ་ན། གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་རབ་ཏུ་སྐྱེ་སྟེ། དེའི་རྣམ་པ་སྣ་ཚོགས་སྣང་བ་དེ་ཡང་གང་ཞེ་ན། རྣམ་པར་ཤེས་པ་ཡུལ་གྱི་རྣམ་པར་ཡོངས་སུ་འགྱུར་བ་གང་ཡིན་པའོ། །དེ་དང་རང་དུ་སྣང་བའི་རྣམ་པར་ཤེས་པ་དེ་ཡང་རང་གི་ས་བོན་ཡུལ་དུ་སྣང་བའི་རྣམ་ པ་དེ་ལས་སྐྱེས་པའི་ཕྱིར་རོ། །ཞ་བ་དེ་ལ་ནུས་ཕུལ་དང་། །རང་བདག་ཉིད་དང་གཞན་ལས་སོ། །ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དེ་དག་འགག་ཅིང་བག་ལ་ཞ་བ་ན་ཡང་རྩ་བའི་རྣམ་པར་ཤེས་པ་དེ་ལ་འཇུག་པར་འགྱུར་ཏེ། གང་གི་ནུས་པ་ཕུལ་བའི་ངོ་བོ་ཉིད་དུ་གནས་པ་ཡིན་ནོ། ། རང་གི་ཆ་ལ་དམིགས་པ་རང་གི་བདག་ཉིད་དང་། ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་གཞན་འགག་པ་ལས་ཀྱང་དེ་ལ་ཞ་བར་འགྱུར་རོ་ཞེས་བྱ་བར་སྦྱར་བར་སེམས་ན། འདིར་བཤད་པ། དེ་ནི་འཇིག་རྟེན་ཡིད་ཆེས་པར་བྱ་བ་ཙམ་ལ་བདེན་མོད་ཀྱི། སྐྱོན་འདི་ཡོད་དེ། རྣམ་པར་ ཤེས་པའི་མིང་གིས་ནི། །དེ་ལ་བདག་ཏུ་བཏགས་པར་འགྱུར། །ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་དག་ཀྱང་ཡུལ་སྣ་ཚོགས་འབྱིན་པའི་བདག་གཅིག་པུ་ལ་ཐམས་ཅད་ཀྱིས་ནུས་པ་རབ་ཏུ་བསགས་པར་སེམས་པས་ཁྱོད་ཀྱིས་ཀྱང་རྣམ་པར་ཤེས་པ་ཞེས་བྱ་བའི་མིང་ཙམ་གྱི་རྒྱུ་ཐབས་ཀྱིས་དེ་ ཉིད་ལ་བདག་ཏུ་བཏགས་པར་འགྱུར་ཏེ། དེས་ན་བདག་མེད་པ་ཉིད་དུ་སྨྲ་བ་ཡང་ཉམས་སོ། །ཁྱེད་ཀྱིས་རྣམ་པར་གྲོལ་བར་བཏགས་པ་ཡང་འཁོར་བ་ལས་ཁྱད་པར་མེད་པ་ཉིད་དུ་འགྱུར་ཏེ། ཇི་ལྟ་ཞེ་ན། འདི་ལ་སེམས་ཙམ་དུ་སྨྲ་བའི་རྣལ་འབྱོར་པ་འཁོར་བ་དང་ཐར་པའི་སེམས་ ཚུལ་ལ་སེམས་པ་ན། གཉིས་ཡོད་སྒྱུ་མ་ལྟ་བུ་དང་། །ཟད་ཅན་མ་ཞི་བདག་མེད་དང་། །གཉིས་མེད་མི་ཟད་ཡང་ཡང་དང་། །འཆི་མེད་གོ་འཕང་མཆོག་རྟོགས་ནས། །དེ་ལ་འདྲ་བར་མེད་པའི་ཕྱིར། །རྣམ་པར་རྟོག་པ་རྣམ་ལྡོག་པས། །མི་རྟོག་བློས་ནི་དམིགས་བྱེད་པའི། །གྲོལ་བ་ 98-211b ཁྱད་པར་མེད་པར་འགྱུར། །ཞེས་བྱ་བ་སྟེ། གཉིས་ཡོད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམ་པ་གཉིས་ཀྱི་དངོས་པོར་གནས་པ་སྟེ། དེ་ནི་སྒྱུ་མ་ལྟ་བུ་དང་། ཟད་པ་ཅན་དང་། མ་ཞི་བ་དང་། བདག་མེད་པར་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་ཡང་དག་པ་མ་ ཡིན་པའི་རྣམ་པར་རྟོག་པས་སྐྱེད་པའི་ཕྱིར་རོ། །ཟད་ཅན་ཞེས་བྱ་བ་ནི་དེ་ལ་ཟད་པ་ཡོད་པས་ཟད་ཅན་ནོ། །མ་ཞི་ཞེས་བྱ་བ་ནི་སྐྱེ་བ་དང་འཆི་བ་ལ་སོགས་པའི་བྱ་བས་འཕངས་པའི་ཕྱིར་རོ། །བདག་མེད་ཅེས་བྱ་བ་ནི་གཞན་མུ་སྟེགས་བྱེད་པ་དག་གིས་ཡོངས་སུ་བཏགས་པའི་བདག་མེད་ པའི་ཕྱིར་དང་། རང་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཉིས་མེད་ཅེས་བྱ་བ་ནི་གང་གི་ཚེ་གཟུགས་ལ་སོགས་པ་དམིགས་པ་རྣམས་སེམས་ལས་ཕྱི་རོལ་ལས་མི་སྣང་བ་དེའི་ཚེ་ན། རང་གི་སེམས་ཀྱི་ཆོས་ཉིད་ལ་ངེས་པར་གནས་པའི་སེམས་ནི་གཉིས་མེད་ཅེས་བྱ་སྟེ། དེ་ནི་མི་ཟད་པ་ དང་། ཡང་དག་པ་དང་། འཆི་བ་མེད་པ་དང་། གོ་འཕང་མཆོག་ཡིན་པར་རྟོགས་ནས་ཞེས་བྱ་བར་སྦྱར་རོ། །མི་ཟད་ཅེས་བྱ་བ་ནི་དེ་ལ་ཟད་པ་ཡོད་པ་མ་ཡིན་པའོ། །ཡང་དག་ཅེས་བྱ་བ་ནི་མི་སླུ་བའོ། །འཆི་མེད་ཅེས་བྱ་བ་ནི་སྐྱེ་བ་དང་འཆི་བ་ལ་སོགས་པ་དང་བྲལ་བའོ། །གོ་འཕང་ མཆོག་ཅེས་བྱ་བ་ནི་མཐར་ཐུག་པའི་གནས་སོ། །རྟོགས་ནས་ཞེས་བྱ་བ་ནི་གཉིས་ཡོད་པ་དང་། གཉིས་མེད་པ་དག་ཚུལ་དེ་ལྟར་རྟོགས་ནས་སོ། །དེ་ལ་འདྲ་བར་མེད་པའི་ཕྱིར། །ཞེས་བྱ་བ་ནི་གཉིས་མེད་པ་དེ་ལ་གཟུང་བ་དང་འཛིན་པ་དག་ཇི་ལྟར་འཁོར་བའི་གནས་སྐབས་ན་མེད་པ་བཞིན་ དུ་ཐར་པའི་གནས་སྐབས་ན་ཡང་དེ་དང་འདྲ་བར་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་རྣམ་ལྡོག་པས། །ཞེས་བྱ་བ་ནི་དེ་ལ་གཉིས་པོ་འདྲ་བར་མེད་པར་རྟོགས་པའི་ཕྱིར་རྣམ་པར་རྟོག་པ་རྣམ་པར་ལྡོག་པས་སོ། །མི་ལྡོག་བློས་ནི་དམིགས་བྱས་པའི། །ཞེས་བྱ་བ་མངོན་སུམ་གྱི་ཤེས་པས་ སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པ་དང་། རྣམ་པར་མི་རྟོག་པའི་བློས་ཀྱང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དམིགས་པར་བྱས་པའི་རྣལ་འབྱོར་པ་ལའོ། །དེ་ལ། གྲོལ་བ་ཁྱད་པར་མེད་པར་འགྱུར། །ཞེས་བྱ་བའི་སྐྱོན་འདིར་འགྱུར་ཏེ། དེ་ལ་སྐྱེ་བ་དང་དམིགས་པ་དང་བཅས་པ་ཉིད་སྔོན་དང་ 98-212a འདྲ་བར་ཡོད་པའི་ཕྱིར་སྔོན་གྱི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་ལས་ཐར་པ་ཁྱད་པར་མེད་པས་བཅིངས་པ་དང་། ཐར་པ་གཉིས་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང་། ཡང་ན་སེམས་ཙམ་བསྒྲུབ་པའི་ཕྱིར། །སེམས་ལས་བྱུང་རྣམས་སེམས་ལས་ནི། ། ཐ་དད་མེད་པར་ཁས་བླང་བྱ། །ཡང་ན་རྣམ་རིག་ཙམ་མི་འགྲུབ། །ཅེས་བྱ་བ་ནི་ཡང་ན་ཁྱེད་སེམས་ཙམ་ཉིད་དུ་འདོད་པས་སེམས་ཙམ་ཉིད་སྒྲུབ་པའི་ཕྱིར་སེམས་ལས་བྱུང་བ་དམིགས་པ་རྣམ་པ་སྣ་ཚོགས་ཐ་དད་རྣམས་ཀྱང་སེམས་ལས་ཐ་དད་པ་མེད་པར་ཁས་བླང་བར་བྱའོ། །ཡང་ན་ སེམས་ལས་བྱུང་བ་རྣམས་སེམས་ལས་ཐ་དད་པར་རྟོག་ན་ནི་སེམས་ལས་བྱུང་བ་རྣམས་མང་བའི་ཕྱིར་རྣམ་པར་རིག་པ་ཙམ་ཉིད་དུ་མི་འགྲུབ་པོ། །ཡང་ན་ཚོར་སོགས་འདུས་པ་ལ། །སེམས་སུ་གདགས་པར་འདོད་པར་གྱིས། །དེས་ན་གཞན་གྱི་རྗེས་སྨྲ་དང་། །རང་གི་གཞུང་ཡང་བཏང་ བར་འགྱུར། །ཞེས་བྱ་བ་ནི་ཡང་ན་ཁྱེད་ཀྱིས་ཚོར་བ་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་ལ་སོགས་པ་འདུས་པ་མདུང་ཁྱིམ་ལྟ་བུ་དང་། ས་དང་ཆུ་དང་མེ་དང་རླུང་དང་འདུས་པ་ལ་སོགས་པ་ལྟ་བུ་དང་། གཟུགས་དང་དྲི་དང་རོ་དང་རེག་པ་དང་ལྡན་པའི་བུམ་པ་ལ་ སོགས་པ་ལྟ་བུ་ལ་སེམས་སུ་གདགས་པར་ཁས་བླང་བར་བྱའོ། །གལ་ཏེ་དེ་ལྟ་བུ་ཉིད་ཡིན་ནོ་ཞེ་ན། དེས་ན་ཁྱེད་གཞན་དབུ་མ་སྨྲ་བའི་རྗེས་སུ་སྨྲ་བ་དང་། རང་གི་གཞུང་ཡང་བཏང་བར་འགྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པ་གཅིག་པུ་ཁོ་ན་ལས་རྐྱེན་ཇི་ལྟ་བ་ལས་རྣམ་པར་ ཤེས་པའི་ཚོགས་ལྔ་འབྱུང་བ་དང་། སེམས་ལས་བྱུང་བ་རྣམས་ཀྱི་ཡོངས་སུ་འགྱུར་བ་ཡང་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་འདི་ལ་ཚོར་བ་ལ་སོགས་པ་འདུས་པ་ཉིད་ལ་སེམས་སུ་བརྟགས་ན་སེམས་རྫས་སུ་ཡོད་པ་ཉིད་མ་ཡིན་པར་འགྱུར་ཞིང་དེས་ན་ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བ་དག་གི་གཞི་ཅི་ཡང་མེད་པར་འགྱུར་བས་ཚོར་བ་ལ་སོགས་པ་ཐ་དད་པ་དག་ལ་ནི་རེ་རེ་ལས་དེ་རྫས་སུ་ཡོད་པ་ཉིད་ཡིན་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གི་གནས་ཉིད་དུ་རིགས་ཏེ། ཇི་སྐད་དུ། ཐོག་མ་མེད་པའི་དུས་ལྡན་ཁམས། ། 98-212b ས་བོན་ཀུན་གྱི་གནས་གྱུར་པ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ་ཞེ་ན། འདིར་བཤད་པ། ཀུན་ནས་ཉོན་མོངས་རྣམ་བྱང་ལས། །གལ་ཏེ་སེམས་ནི་རྫས་འདོད་ན། །ཚོར་སོགས་དེ་བཞིན་སྐྱེ་བའི་ཕྱིར། །དེ་གྲུབ་པས་ ན་གནོད་པ་མེད། །ཅེས་བྱ་བ་ནི་འདི་ལྟར་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཡིད་ལ་བྱེད་པ་དང་བཅས་པ་དག་སེམས་དང་ལྷན་ཅིག་འབྱུང་བ་ཉིད་ན་བཅིངས་པ་ཡིན་པར་འདོད་ལ། ཉོན་མོངས་པ་དང་བྲལ་ན་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སེམས་དང་ལྷན་ཅིག་ ཉིད་དུ་གྲོལ་བར་འདོད་པས་སེམས་ཉིད་ཀྱི་གནས་སྐབས་གཞན་དང་། གཞན་དག་ལ་སེམས་ལས་བྱུང་བ་དག་ཏུ་གདགས་པ་ཡིན་གྱི། གང་གིས་སེམས་འབའ་ཞིག་པ་ཡིན་ན་རྫས་སུ་ཡོད་པ་ཉིད་དུ་འགྱུར་བའི་སེམས་དང་སེམས་ལས་བྱུང་བ་ཕན་ཚུན་ཐ་དད་པར་གནས་པ་ནི་མེད་དོ། ། དེའི་ཕྱིར་ཚོར་བ་ལ་སོགས་པ་དག་ཉིད་བཅིངས་པའི་རྣམ་པ་དང་། ཐར་པའི་རྣམ་པར་དེ་བཞིན་སྐྱེ་བའི་ཕྱིར་ཚོགས་པ་ལས་འབྱུང་བས་སེམས་དང་སེམས་ལས་བྱུང་བ་དག་འདུས་པའི་ངོ་བོ་ཉིད་དུ་ཡོད་པ་དེ་རབ་ཏུ་གྲུབ་པས་ན་ཁྱེད་སེམས་རྫས་སུ་ཡོད་པ་ཉིད་དུ་རྟོགས་པ་དེས་ཁོ་བོ་ཅག་ལ་གནོད་པ་ མེད་དོ། །གལ་ཏེ་དེ་ལྟར་སེམས་འདུས་པའི་བདག་ཉིད་ཡིན་པས་རྫས་སུ་ཡོད་པ་ཉིད་མ་ཡིན་ན། ཇི་ལྟར་དེ་ལས་སྲིད་པའི་རྒྱུན་དང་ཐར་པ་འཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་བཤད་པ། ཨུཏྤལ་རྩ་བ་ནུས་མང་ལས། །ལོ་མ་ལ་སོགས་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ ལས། །རྒྱུན་རྣམས་སྣ་ཚོགས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཨུཏྤལ་རྩ་བ་ཞེས་བྱ་བ་ནི་ཨུཏྤ་ལའི་རྩ་བ་ལ་སྟེ། དེ་ལ་རྩ་བའི་འབྲེལ་པ་གཞན་མེད་པར་ཡང་ནུས་པ་མང་པོ་དང་ལྡན་པ་ལས་མཚོ་ཅི་ཙམ་དུ་རྒྱ་ཆེ་བ་དག་ལོ་མ་དང་མེ་ཏོག་ལ་སོགས་པའི་རྒྱུན་གྱིས་ཀུན་དུ་ ཁྱབ་པ་འབྱུང་བར་འགྱུར་བ་ལྟར་དེ་བཞིན་དུ་སེམས་རྫས་སུ་མེད་པ་ལས་ཀྱང་སེམས་ཅན་རྣམས་ཀྱི་འཁོར་བའི་རྒྱུན་གྱི་བྱེ་བྲག་ཁམས་དང་། འགྲོ་བ་སྣ་ཚོགས་ཀྱི་རྣམ་པ་ཐ་དད་པ་དག་འབྱུང་བར་འགྱུར་རོ། །རྒྱུན་གྱི་བྱེ་བྲག་དེ་དག་ཀྱང་། །གཉེན་པོས་སྐྱེ་བར་མི་འགྱུར་ཞིང་། ། 98-213a བྱེད་རྒྱུ་ཡོད་ན་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་གཉེན་པོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་སྐྱེས་པ་ན་རྒྱུན་རྣམས་སྐྱེ་བར་མི་འགྱུར་ཞིང་། བྱེད་རྒྱུ་ཟག་པ་ཞེས་བྱ་བ་དག་ཡོད་ན་སྐྱེ་བར་འགྱུར་རོ། །ཡང་ན། ལྔ་པོའི་རྩ་བའི་རྣམ་ཤེས་ལས། ། རྒྱུན་བཞིན་དུ་ནི་འབྱུང་བར་འགྱུར། །ཞེས་ཁྱོད་ཀྱིས་གང་སྨྲས་པ་དེ་ལ་རྩ་བའི་རྣམ་པར་ཤེས་པ་མེད་པར་ཡང་སེམས་འདུས་པའི་བདག་ཉིད་ཀྱི་རྐྱེན་གྱི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡོད་པས་ནི་སྐྱེ་བར་མི་འགྱུར་ལ། བྱེད་རྒྱུ་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། ཡིད་ ལ་བྱེད་པ་ལ་སོགས་པའི་རྐྱེན་ཡོད་ན་ནི་སྐྱེ་བར་འགྱུར་རོ། །འདི་ལས་སྣ་ཚོགས་སྐྱེས་ལ་སོགས། །བཏགས་པ་མི་འདོད་རྫས་མེད་ཕྱིར། །ཞེས་བྱ་བ་ནི་ཁྱེད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་འདི་ལས་རྣམ་པར་སྨིན་པ་དང་། ངར་སེམས་པ་དང་། རྣམ་པར་རིག་པ་ཞེས་བྱ་ བ་གསུམ་པོ་དག་གི་སྣ་ཚོགས་སྐྱེ་བ་ལ་སོགས་པར་བཏགས་པ་ལྟར་ནི་ཁོ་བོ་ཅག་མི་འདོད་དོ། །གང་གི་ཕྱིར་ཞེ་ན། སེམས་རྫས་སུ་མེད་པའི་ཕྱིར་རོ། །འདི་ལྟར་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལས་དེ་དག་ཏུ་གདགས་པར་ནི་མི་འདོད་དོ། །གཞན་ཡང་། དེ་ལ་དམིགས་ པས་མི་འགྲོལ་ཏེ། །བློ་འགག་མེད་པའང་མ་ཡིན་པས། །དེ་ཕྱིར་ཀུན་རྫོབ་དོན་དམ་དུའང་། །བདག་ཏུ་སྨྲ་དང་འདྲ་མི་འགྱུར། །ཞེས་པ་ལ་དེ་ལ་དམིགས་པ་ཞེས་བྱ་བ་ནི་རང་གི་སེམས་སྣང་བ་ཙམ་ཉིད་དུ་རྟོགས་པས་སོ། །མི་འགྲོལ་ཏེ་ཞེས་བྱ་བ་ནི་སྲིད་པའི་རྒྱུན་ལས་སོ། །བློ་འགག་ མེད་པའང་མ་ཡིན་པས། །ཞེས་བྱ་བ་ལ། འོ་ན་ཅི་ཞེ་ན། བློ་འགག་པར་འགྱུར་བའང་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོའི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་པ་ཉིད་དུ་རྟོགས་པའི་ཕྱིར་དང་། ཀུན་གཞི་རྣམ་པར་ཤེས་པ་ལ་མི་རྟོག་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་སེམས་རྫས་སུ་ཡོད་པ་ མ་ཡིན་ཞིང་འདུས་པའི་བདག་ཉིད་ཡིན་པར་སྨྲ་བ་ནི་ཀུན་རྫོབ་དང་། དོན་དམ་པར་ཡང་བདག་ཏུ་སྨྲ་བ་དང་འདྲ་བ་ཉིད་དུ་མི་འགྱུར་གྱི། དེ་ལས་བཟློག་པས་ཁྱེད་སེམས་ཙམ་དུ་སྨྲ་བ་དག་ལ་ནི་སྐྱོན་དེ་དག་འབྱུང་བ་ཉིད་དུ་འགྱུར་རོ། །ཁྱེད་ཀྱིས། དམིགས་པ་ལ་ནི་བརྟེན་བྱས་ནས། ། 98-213b མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གང་སྨྲས་པ་དེ་ལ་ཡང་ཁོ་བོ་ཅག་མི་དམིགས་པ་གོམས་པར་བྱས་པ་ཉིད་གཞན་དུ་མི་འདོད་དེ། ཇི་ལྟ་ཞེ་ན། གཟུགས་ལ་སོགས་པ་སྟོང་པ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཕྱིར། ། རྫས་སུ་མེད་ཕྱིར་འཇིག་པའི་ཕྱིར། །སྒྱུ་མ་བཞིན་གོམས་ཆགས་མེད་འགྱུར། །ཞེས་བྱ་བ་སྟེ། གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྒྱུ་དང་རྐྱེན་དུ་སྣང་བ་ལས་བྱུང་བ་ཡོད་པ་ཁོ་ན་ཡིན་པ་རྣམས་ནི་སྟོང་པ་སྟེ། རྒྱུ་དང་རྐྱེན་གྱི་ཚོགས་ཐ་དད་པ་དག་ལ་ཡོད་པ་མ་ཡིན་པས་ངོ་བོ་ ཉིད་ཀྱིས་མ་སྐྱེས་པའི་ཕྱིར་འདུས་པའི་བདག་ཉིད་ཡིན་པས་རྫས་སུ་མེད་པའི་ཕྱིར་དང་། ཡུན་རིང་དུ་མི་གནས་པས་འཇིག་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན་དུ་དམིགས་སུ་མེད་པར་གོམས་པར་བྱས་པས་ཆགས་པ་མེད་པ་ཉིད་དུ་མི་འགྱུར་བ་ཡིན་གྱི། ཕྱི་རོལ་གྱི་ཡུལ་རྣམ་པ་ ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །གཞན་ཡང་། གཟུགས་ལ་སོགས་པ་ཡོད་ཀྱང་ནི། །ཡང་དག་ཇི་བཞིན་རྟོགས་གྱུར་པ། །དེ་ཡོད་མ་ཡིན་དེ་ཡི་ཚེ། །ལོག་འཛིན་ཅི་ཕྱིར་མི་ལྡོག་འགྱུར། །ཞེས་བྱ་བ་ནི་དཔེར་ན་སྔར་སྒྱུ་མ་བྱུང་བ་ལས་སྐྱེས་བུའི་ངོ་བོ་ཉིད་ཡོད་པར་བཏགས་པ་ ལ་ཕྱིས་འདི་ནི་སྒྱུ་མ་བྱས་པ་ཡིན་ཏེ། འདི་ལ་ངོ་བོ་ཉིད་ཅི་ཡང་མེད་དོ་ཞེས་བྱ་བར་རྟོགས་པའི་ཚེ་ན། སྐྱེས་བུའི་བློ་ལྡོག་པར་རིགས་ཀྱི་རི་བོང་གི་རྭ་སྔོན་དང་ཕྱིས་ཀྱང་གཏན་མེད་པ་ལ་ནི་དེ་ལྟ་བུར་འགྱུར་བ་ནི་མི་རིགས་སོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡོད་ཀྱང་ཀུན་རྫོབ་ ཀྱི་ཤེས་པས་གཟུགས་ལ་སོགས་པ་འདི་དག་ནི་ངོ་བོ་ཉིད་ཡོད་པ་ཡིན་ནོ་སྙམ་དུ་བཏགས་པ་ལ། ཕྱིས་ཡང་དག་པའི་ངོ་བོ་ཉིད་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་གྱུར་པས་ངོ་བོ་ཉིད་ཡོད་པ་མ་ཡིན་པར་ཤེས་པ་དེའི་ཚེ་ལོག་པར་འཛིན་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཏེ། ལྡོག་པ་ཁོ་ནར་འགྱུར་བ་ཡིན་པས་ཁྱེད་ཀྱིས་སོ་སོའི་སྐྱེ་བོ་དེ་ཉིད་ཤེས་པ་མ་སྐྱེས་པ་དག་ལ་དང་པོ་ཁོ་ནར་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་མེད་པར་བཏགས་པས་དོན་ཅི་ཞིག་འགྲུབ་པར་འགྱུར། དེ་བཞིན་དུ། གཉིས་སུ་རྣམ་པར་རྟོག་པ་དག །སེམས་དང་སེམས་བྱུང་ 98-214a སྤྱོད་ཡུལ་ན། །གཟུགས་ལ་སོགས་པ་དགག་བྱས་ཀྱང་། །འཇུག་པར་མི་འགྱུར་མི་རིགས་སོ། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་སུ་རྣམ་པར་རྟོག་པ་གང་དག་ཡིན་པ་དེ་དག་ཁྱེད་སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་ཡིན་པར་འདོད་ཅིང་གཟུགས་ལ་ སོགས་པའི་ཕྱི་རོལ་གྱི་ཡུལ་རྣམས་དང་འབྲེལ་བ་ཡིན་པར་མི་འདོད་ན། དེ་ལ་ཁྱེད་ཀྱིས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་རྣམ་པ་ཐམས་ཅད་དུ་དགག་པ་བྱས་ཀྱང་གཉིས་སུ་རྣམ་པར་རྟོག་པ་དེ་དག་འཇུག་པར་མི་འགྱུར་བར་མི་རིགས་སོ། །འོ་ན་ཇི་ལྟ་ཞེ་ན། འཇུག་པར་འགྱུར་བ་ ཁོ་ནར་རིགས་ཏེ། སྔོན་དང་ཕྱིས་ཀྱང་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མི་ལྟོས་པར་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྐད་ཅེས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་དང་མ་འབྲེལ་བའི་རྣམ་པར་རྟོག་པ་གཉིས་པོ་དག་སྤང་བ་ཁོ་ནའི་ཕྱིར་ཁོ་བོ་ཅག་གིས་ རྣམ་གྲངས་གཞན་གྱིས་ཕྱི་རོལ་གྱི་ཡུལ་རྣམས་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་རྣམ་པར་བཞག་སྟེ། དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན་རང་དང་གཞན་དུ་སྣང་བའི་ཆ་བསལ་བས་ཡུལ་དེ་དང་དེ་ལ་འཛིན་པ་དག་འགག་པར་འགྱུར་རོ་ཞེ་ན། འདིར་བཤད་པ། གལ་ཏེ་དེ་ནི་དགག་པའི་ཕྱིར། །སྒྲུབ་གཞན་ཡོངས་སུ་འཛིན་འདོད་ན། །འདམ་རྫབ་འཁྲུ་བར་བྱེད་པ་བས། །མ་རེག་པར་ནི་བསྲིངས་ན་བཟང་། །ཞེས་བྱ་བ་ནི་གལ་ཏེ་ཁྱེད་སྙིང་ནས་ཕྱི་རོལ་གྱི་ཡུལ་མེད་པར་འདོད་ན་ནི། དེ་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་བཏགས་པས་ ཀྱང་ཅི་བྱ་སྟེ། གལ་ཏེ་དེ་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་རྣམ་པར་བཞག་ནས་ཕྱིས་དེ་དགག་པའི་ཕྱིར་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་སྒྲུབ་པ་གཞན་ཡོངས་སུ་འཛིན་པར་འདོད་ན་ནི། དེས་ན། འདམ་རྫབ་འཁྲུ་བར་བྱེད་པ་བས། །མ་རེག་པར་ནི་བསྲིངས་པ་བཟང་། །ཞེས་བྱ་བའི་དཔེ་ འདི་དོན་མཐུན་པ་ཉིད་དུ་འགྱུར་ཏེ། མི་སྨྱོན་པ་བླུན་པོ་འགའ་ཞིག་གིས་ལམ་གཙང་མ་བོར་ཏེ། མི་གཙང་བའི་འདམ་རྫབ་ཀྱི་ཀླུང་དུ་ཞུགས་པ་ན་གཞན་དག་གིས་དེ་ལ་དྲིས་པ། ཅིའི་ཕྱིར་ཁྱོད་ལམ་བོར་ཏེ་འདམ་རྫབ་ཏུ་ཞུགས། དེས་སྨྲས་པ། ཡང་བཀྲུ་བར་བྱའོ། །གཞན་ 98-214b གྱིས་སྨྲས་པ། གླེན་པ་གལ་ཏེ་གདོན་མི་ཟ་བར་བཀྲུ་བར་བྱ་དགོས་ན་སྔ་ནས་འདམ་རྫབ་ཀྱིས་མ་རེག་པ་ཐག་བསྲིངས་ན་ཆེས་བཟང་ངོ་ཞེས་བྱ་བ་ལྟ་བུར་འགྱུར་རོ། །གཞན་ཡང་ཁྱེད་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་ཞིང་འདི་སྐད་ཅེས་ཀུན་བརྟགས་ པའི་ངོ་བོ་ཉིད་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། ཀུན་བརྟགས་པ་ཡིན་པའི་ཕྱིར་ཐག་པ་ལ་སྦྲུལ་གྱི་ངོ་བོ་ཉིད་དུ་བརྟགས་པ་བཞིན་ཞེས་གང་སྨྲས་པ་དེ་དག་ལ་ཡང་། ཀུན་བརྟགས་ཡོད་པ་མ་ཡིན་ཏེ། །བརྟགས་ཕྱིར་སྦྲུལ་དང་འདྲར་མི་འདོད། །ཐག་པའི་དངོས་པོར་མ་ངེས་ཕྱིར། ། ཡང་ན་གྲགས་པ་གནོད་པར་འགྱུར། །ཞེས་བྱ་བ་ནི་བརྟགས་པ་ཡིན་པའི་ཕྱིར་ཞེས་བྱ་བས་ཅི་རེ་ཞིག་སྦྲུལ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་འགྱུར་རམ། འོན་ཏེ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཐག་པའི་དངོས་པོ་བཞིན་དུ་ ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ཡོད་པར་འགྱུར་བ་མ་ངེས་པའི་ཕྱིར་རོ། །གལ་ཏེ་ཐག་པར་ཡང་རང་གི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་གྲགས་པས་གནོད་པར་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་ཆུ་དང་ཐག་པ་དང་རྒྱུ་དང་ལག་པ་དང་མིའི་རྩོལ་བས་བཀལ་བའི་ཐག་པ་ཡོད་པ་ ཉིད་དུ་གྲགས་པའི་ཕྱིར་རོ། །དོན་དེ་ཉིད་བསྣན་ཏེ་སྒྲུབ་པའི་ཕྱིར། དེ་ནི་འཁྲུལ་མིན་གང་གི་ཕྱིར། །དུ་མའི་ཆ་དེ་མཐོང་ཕྱིར་རོ། །ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་ནི་ཕ་རོལ་པོ་དག་གིས་བརྟགས་པ་ལྟར་གཅིག་ཏུ་འཁྲུལ་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། ཐག་པ་ལ་ སྦྲུལ་དུ་མཐོང་བ་བཞིན་ནོ་ཞེས་བྱ་བའི་དཔེ་དེ་ལ་དུ་མའི་ཆ་ཡོད་པ་དེ་མཐོང་བའི་ཕྱིར་ཏེ། སྔོན་འཁྲུལ་པས་ཐག་པ་ལ་འདི་ནི་སྦྲུལ་ཡིན་ནོ་སྙམ་དུ་ངེས་པ་ལ་ལེགས་པར་བརྟགས་ན་འདི་ནི་ཐག་པ་ཡིན་གྱིས། སྦྲུལ་མ་ཡིན་ནོ་སྙམ་དུ་ཐག་པའི་རང་གི་ངོ་བོ་ཡང་དག་པ་ཉིད་ལ་ དམིགས་པའི་བློ་སྐྱེས་པ་ན་དེས་སྦྲུལ་གྱི་ཆ་བཏང་སྟེ། ཐག་པའི་རང་གི་ངོ་བོའི་ཆ་མཐོང་བའི་ཕྱིར་དཔེ་ལ་འཁྲུལ་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་ཉིད་ཀྱི་ཆ་གཉི་ག་ཡོད་པས་གཅིག་ཏུ་འཁྲུལ་པ་ཉིད་མ་ཡིན་པའི་ཕྱིར། དེས་མཚོན་པའི་དོན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱང་ 98-215a གཅིག་ཏུ་འཁྲུལ་པ་ཉིད་ཡིན་པར་མི་འགྱུར་ལ། ཁྱེད་ནི་ཀུན་བརྟགས་པའི་དོན་རྣམ་པ་ཐམས་ཅད་དུ་འཁྲུལ་པ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །སྐྱོན་ཆེན་པོ་འདིར་ཡང་འགྱུར་ཏེ། ཁྱོད་ནི་དངོས་ལ་སྐུར་འདེབས་འགྱུར། །རྣམ་པ་ཀུན་དུ་ཡུལ་འགོག་ ཕྱིར། །གལ་ཏེ་སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་སོ་སོ་རང་གིས་རིག་པར་བྱ་བ་དེ་ལྟ་བུ་ཅུང་ཞིག་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་དང་འགལ་ཏེ། མདོ་སྡེ་ལས་ཀུན་རྫོབ་ཀྱི་ཆོས་མེད་པར་དོན་དམ་རྟོགས་པར་མི་ནུས་སོ་ཞེས་གསུངས་པའི་ཕྱིར་ རོ། །ཅི་སྟེ་འདི་སྙམ་དུ་ཕྱི་རོལ་གྱི་ཡུལ་མེད་པ་ཡིན་ཡང་མིང་དང་བརྡ་ལས་དོན་གྱི་མཚན་མ་ལ་རྟོག་པ་ལས་ཀུན་ནས་ཉོན་མོངས་པ་སྐྱེ་བར་སེམས་ན། འདིར་བཤད་པ། དེ་མེད་པར་ཡང་ཀུན་ཉོན་མོངས། །མིང་ལ་དོན་འཇུག་ལས་འབྱུང་མིན། །ཅིའི་ཕྱིར་ཞེ་ན། སྨྲ་མི་ཤེས་པའི་ དུད་འགྲོ་ཡང་། །ཉོན་མོངས་སྐྱེ་བ་མཐོང་ཕྱིར་རོ། །ཞེས་བྱ་བ་ནི་ཡི་གེ་དང་ངེས་པའི་ཚིག་དང་མིང་དང་བརྡ་སྨྲ་མི་ཤེས་པའི་དུད་འགྲོ་རི་དྭགས་དང་བྱ་ལ་སོགས་པ་དག་ལ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་ཤས་ཆེན་པོ་སྐྱེ་བ་མཐོང་བའི་ ཕྱིར། གང་དག་ལ་བརྟེན་ནས་ཉོན་མོངས་པ་སྐྱེ་བར་འགྱུར་བའི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་དག་ཡོད་པ་ཁོ་ནར་ཤེས་པར་བྱའོ། །འདིར་སྨྲས་པ། གཟུགས་ལ་དམིགས་པའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་ཡུལ་ཡང་དག་པར་ཡོད་དོ་སྙམ་དུ་རྣམ་པར་བརྟགས་ནས། གཟུགས་ཞེས་ མངོན་པར་བརྗོད་པ་ལ་ལྟོས་པ་དང་བཅས་པར་སྐྱེའི། མངོན་པར་བརྗོད་པ་མེད་པར་མི་སྐྱེ་བས། དེའི་ཕྱིར་གཟུགས་ལ་སོགས་པའི་ངོ་བོ་ཉིད་ནི་སྟོང་ལ། མངོན་པར་བརྗོད་པ་ཙམ་ལ་ནི་གཟུགས་ལ་སོགས་པ་ཞེས་བྱའོ་ཞེ་ན། འདིར་བཤད་པ། གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང་། ། གཟུགས་ཞེས་བརྗོད་ལ་ལྟོས་བཅས་པར། །གཟུགས་བློ་སྐྱེ་བར་འགྱུར་ཕྱིར་ཞེས། །བརྟགས་པར་བཟོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྨྲ་མི་ཤེས་པའི་དུད་འགྲོ་དག་ལ་ཡང་ཟས་ལ་སོགས་པའི་བློ་སྐྱེ་བར་མཐོང་བའི་ཕྱིར་རོ། །གཞན་ཡང་། གཟུགས་ནི་ 98-215b སྟོང་ཉིད་མི་རིགས་ཏེ། །གཟུགས་མིན་བདག་ཉིད་རྣམ་བཅས་པའི། །དངོས་པོར་སྣང་བློ་སྤྱོད་ཡུལ་གྱི། །གཟུགས་ཀྱི་བདག་ཉིད་དེ་ཡོད་ཕྱིར། །ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཙམ་ལ་གཟུགས་ཞེས་བྱ་ཞིང་། གཟུགས་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཅེས་བྱ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་མ་ཡིན་པའི་བདག་ཉིད་རྣམ་པར་བཅད་པའི་དངོས་པོར་སྣང་བའི་བློའི་སྤྱོད་ཡུལ་གྱི་གཟུགས་ཀྱི་བདག་ཉིད་དེ་ཡོད་པའི་ཕྱིར་རོ། །དེ་ལ་གཟུགས་མ་ཡིན་ཞེས་བྱ་བ་ནི་གཟུགས་ལས་གཞན་པ་སྟེ། སྒྲ་དང་དྲི་དང་རོ་དང་རེག་པ་དག་གོ། །གཟུགས་མ་ཡིན་པའི་ བདག་ཉིད་ཅེས་བྱ་བ་ནི་གཟུགས་མ་ཡིན་པ་དེ་དག་གི་བདག་ཉིད་དེ། རྣ་བ་ལ་སོགས་པའི་ཡུལ་ཟིན་པ་དང་ཟིན་པ་མ་ཡིན་པ་དག་ལ་སོགས་པ་དག་གོ། །རྣམ་པར་བཅད་པའི་ཞེས་བྱ་བ་ནི་གཟུགས་མ་ཡིན་པའི་བདག་ཉིད་དེ་དག་ལས་རྣམ་པར་བཅད་པ་སྟེ། མཚན་ཉིད་ཐ་དད་པའོ། །དེའི་ དངོས་པོ་ཞེས་བྱ་བ་ནི་མིག་གི་ཡུལ་ཏེ། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོ། །དེར་སྣང་བ་ཞེས་བྱ་བ་ནི་དེའི་རྣམ་པར་སྣང་བའོ། །བློའི་ཞེས་བྱ་བ་ནི་དེར་སྣང་བའི་བློ་དེའིའོ། །སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ཏེ། སྤྱོད་པ་ཞེས་བྱ་བ་དབང་པོ་དེ། ཡུལ་ཞེས་བྱ་བ་གཟུགས་དེ་ལ་ སྤྱོད་ཅིང་འཇུག་པས་སྤྱོད་ཡུལ་ལོ། །དེ་ལྟ་བུའི་གཟུགས་ཀྱི་བདག་ཉིད་མངོན་སུམ་གྱི་བློ་ལ་སྣང་བ་བརྗོད་དུ་མེད་པ་དེ་ཀུན་རྫོབ་ཏུ་ཡོད་དེ། དེ་ཡོད་པའི་ཕྱིར་ཇི་ལྟར་མངོན་པར་བརྗོད་པ་ཙམ་དུ་ཟད་དེ། རྣམ་པ་ཐམས་ཅད་དུ་གཟུགས་སྟོང་ངོ་ཞེས་བྱ་བར་རིགས་པར་འགྱུར། གལ་ཏེ་དངོས་ པོའི་སྤྱི་ནི་མངོན་པར་བརྗོད་པའི་ཡུལ་ཡིན་ལ། དེ་ཡང་མངོན་པར་བརྗོད་པ་དེ་ཉིད་ཀྱིས་སྟོང་ངོ་ཞེ་ན། འདིར་བཤད་པ། མངོན་པར་བརྗོད་བྱ་སྤྱི་ཡིན་ན། །སྤྱི་ནི་ཅི་ཡང་ཡོད་མིན་པས། །དེས་ན་མངོན་བརྗོད་བདག་ཉིད་ཀྱིས། །སྟོང་པ་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་ལ་ཁྱེད་ ཅག་མངོན་པར་བརྗོད་པར་བྱ་བ་ནི་སྤྱི་ཡིན་ལ། སྤྱི་ནི་དཔེར་ན་བ་ལང་མ་ཡིན་པ་རྟ་ལ་སོགས་པ་གཞན་དག་གིས་བ་ལང་སེལ་བ་ནི་བ་ལང་གི་སྤྱི་ཡིན་ནོ་ཞེས་བྱ་བ་ལྟ་བུར་འདོད་ན། གཞན་སེལ་བའི་སྤྱི་ནི་ཅི་ཡང་ཡོད་པ་མ་ཡིན་པས་དེ་ནི་དངོས་པོར་གྱུར་པ་མ་ཡིན་ནོ། །དངོས་ 98-216a པོ་མེད་ན་ཅི་ཞིག་མངོན་པར་བརྗོད་པར་བྱ། མངོན་པར་བརྗོད་པར་བྱ་བ་མེད་ན་མངོན་པར་བརྗོད་པར་བྱ་བ་མེད་པས་དེས་ན་མངོན་པར་བརྗོད་པའི་བདག་ཉིད་ཀྱིས་སྟོང་པ་ཉིད་ཅེས་བྱ་བ་དེ་འཐད་པར་མི་འགྱུར་རོ། །འོ་ན་སྤྱི་གང་ཞིག་མངོན་པར་བརྗོད་པར་བྱ་བ་ཉིད་ཡིན་པར་རིགས་ ཤེ་ན། དེའི་ཕྱིར། བརྗོད་བྱ་སྤྱི་ལྡན་དངོས་པོ་སྟེ། །དེར་སྣང་བློ་ཡི་རྒྱུ་ཡིན་ཕྱིར། །དེ་ནི་དེའི་བདག་ཉིད་ཡོད་པས། །བརྗོད་མེད་ཉིད་དུ་མི་རིགས་སོ། །ཞེས་བྱ་བ་སྨྲས་ཏེ། མངོན་པར་བརྗོད་པར་བྱ་བའི་སྤྱི་དང་ལྡན་པའི་དངོས་པོ་སྟེ། གང་ལ་སྔོན་པོ་ལ་སོགས་པའི་ཁྱད་པར་ལ་མ་ལྟོས་པར་ གཟུགས་ཉིད་ཀྱི་སྤྱི་ཡོད་པ་དེ་ནི་སྤྱི་དང་ལྡན་པའི་དངོས་པོ་སྟེ། སྔོན་པོ་ལ་སོགས་པ་དང་། རིང་པོ་ལ་སོགས་པའོ། །ཇི་ལྟ་ཞེ་ན། དེར་སྣང་བའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ནི་སྤྱི་དང་ལྡན་པའི་གཟུགས་དེའི་བདག་ཉིད་དུ་ཡོད་པས་མངོན་པར་བརྗོད་པའི་ཡུལ་ཡིན་པའི་ཕྱིར་ཇི་ལྟར་ བརྗོད་དུ་མེད་པ་ཉིད་དུ་རིགས་ཏེ། བརྗོད་དུ་མེད་པ་ཉིད་དུ་མི་རིགས་སོ། །གལ་ཏེ་སྤྱི་ཞེས་བྱ་བ་དེ་གཞན་སེལ་བ་མ་ཡིན་ན། འོ་ན་སྤྱི་ཞེས་བྱ་བ་གང་ཡིན་ཞེ་ན། དེའི་ཕྱིར། རིགས་མི་མཐུན་པས་སྟོང་ཉིད་དེ། །བློ་མཐུན་འཇུག་པའི་རྒྱུ་ཡིན་ཕྱིར། །རིགས་མཐུན་པ་ལ་མཐུན་ པས་ན། །སྤྱི་ཞེས་བྱ་བར་ངེས་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། སྤྱི་ཞེས་བྱ་བ་ནི་དཔེར་ན་རྟ་ལ་སོགས་པ་རིགས་མི་མཐུན་པས་སྟོང་པ་ཉིད་ནི་བ་ལང་གི་སྤྱི་ཡིན་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། དེ་ནི་བ་ལང་དུ་བློ་མཐུན་པར་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་དངོས་པོའི་ངོ་བོ་ ཉིད་ཡིན་པའི་ཕྱིར། རིགས་མཐུན་པ་ལྐོག་ཤལ་དང་། མཇུག་མ་དང་། ནོག་དང་། རྨིག་པ་དང་། རྭ་དང་ལྡན་པ་འདུས་པའམ་ཐ་དད་པའམ། སྔོན་པོ་དང་། སེར་པོ་ལ་སོགས་པར་བཅད་པས་ཐ་དད་པ་ལ་ཡང་སྤྱི་མཐུན་པའི་རྣམ་པ་མཐུན་པས་ན། དབུ་མ་སྨྲ་བ་དག་གིས་སྤྱི་ཞེས་ བྱ་བ་ཡིན་པར་ངེས་པར་བཟུང་བ་ཡིན་ནོ། །གལ་ཏེ་བ་ལང་མ་ཡིན་པ་རྟ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ། ལྐོག་ཤལ་ལ་སོགས་པ་འདུས་པའི་ཆོས་སུ་བཏགས་ན་ནི། དེས་ན་ལྐོག་ཤལ་ལ་སོགས་པ་མ་བཟུང་བར་ཡང་བ་ལང་དུ་བཟུང་བ་ཡོད་པར་འགྱུར་ཏེ། དཔེར་ན་ 98-216b གཟུགས་ལ་སོགས་པ་མ་བཟུང་བ་ཡོད་པར་འགྱུར་བ་ལྟ་བུར་ཐལ་བར་འགྱུར་རོ། །དབུ་མ་པ་ལ་རྟ་ལ་སོགས་པ་རིགས་མི་མཐུན་པ་སྟོང་པ་ཉིད་ཀྱི་བ་ལང་གི་ངོ་བོ་ཉིད་ལ་སྤྱིར་འདོད་པ་ལ་ནི། གཞི་མ་བཟུང་ན་གཟུང་མེད་དེ། །དེ་བཟུང་གཟུང་དུ་ཡོད་པའི་ཕྱིར། །གྲངས་བཞིན་བརྟེན་ན་ དངོས་དེ་ནི། །བརྟག་བྱ་བརྗོད་པར་འདོད་གཞན་མིན། །ཞེས་བྱ་བར་འགྱུར་ཏེ། རིགས་མི་མཐུན་པས་སྟོང་པ་ཉིད་ཅེས་བྱ་བའི་དོན་ནི་རྟ་ལ་སོགས་པ་རིགས་མི་མཐུན་པས་སྟོང་པ་ཉིད་ཀྱི་བ་ལང་གི་ངོ་བོ་ཉིད་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཉིད་ཡོད་དོ། །དེ་ནི་ལྐོག་ཤལ་ལ་སོགས་པ་ འདུས་པའི་གཞི་མ་བཟུང་ན་གཟུང་དུ་མེད་དེ། འོ་ན་ཇི་ལྟ་བུ་ཞེ་ན། གཞི་བཟུང་ན་གཟུང་དུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གཞི་དེ་བཟུང་ན་བ་ལང་ཉིད་ལ་སོགས་པའི་སྤྱི་དེ་ཡང་གཟུང་དུ་ཡོད་པའི་ཕྱིར་རོ། །དཔེར་ན་ཇི་ལྟ་བུ་ཞེ་ན། གྲངས་བཞིན་ཏེ། དཔེར་ན་གྲངས་གཅིག་ཉིད་དང་། གཉིས་ཉིད་དང་། མང་པོ་ཉིད་ཅེས་བྱ་བ་དག་བུམ་པ་ལ་སོགས་པའི་དངོས་པོ་དེ་བཟུང་ན། བུམ་པ་གཅིག་དང་། བུམ་པ་གཉིས་དང་། བུམ་པ་མང་པོ་ཞེས་གཟུང་དུ་ཡོད་པ་ཉིད་ཡིན་ཏེ། གཅིག་ལ་སོགས་པའི་གྲངས་དག་དངོས་པོ་ལས་ཐ་དད་པ་ཡང་ མ་ཡིན་ལ་དངོས་པོ་མ་བཟུང་བར་ཡང་གཟུང་དུ་མེད་པ་དེ་བཞིན་དུ། འདིར་ཡང་ལྐོག་ཤལ་ལ་སོགས་པ་འདུས་པ་དང་འདུས་པ་བཟུང་ན་བ་ལང་ཉིད་ཀྱང་གཟུང་དུ་ཡོད་པ་ཁོ་ནར་འགྱུར་རོ། །དེས་ན་སྤྱི་ཞེས་བྱ་བའི་དངོས་པོ་དེ་ནི་བློའི་ཡུལ་ཡིན་པའི་ཕྱིར་བརྟག་པར་བྱ་བ་ཡང་ཡིན་ལ། བློས་ངེས་ པར་བཟུང་བའི་དངོས་པོ་ལ་ཚིག་འཇུག་པའི་ཕྱིར་དེ་ཉིད་བརྗོད་པར་བྱ་བ་ཡང་ཡིན་པར་འདོད་ཀྱི། བ་ལང་ཉིད་ཅེས་བྱ་བ་དེ་ལྐོག་ཤལ་ལ་སོགས་པ་དག་ལས་གཞན་པ་ནི་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། དངོས་པོའི་རང་གི་ངོ་བོ་ཉིད་ལས་ཐ་མི་དད་པ་ཡིན་ནོ། །ཡང་གཞན་ཡང་། དབྱེར་མེད་ཕྱིར་ན་ གཅིག་པ་དང་། །རྫས་མེད་ཕྱིར་ན་དུ་མར་འཇུག །དེ་ཉམས་ན་ཡང་མི་ཉམས་ཕྱིར། །གཞན་ལའང་དེ་འདོད་མ་ཡིན་མིན། །ཞེས་བྱ་བ་ནི་རིགས་མི་མཐུན་པས་སྟོང་པ་ཉིད་དེ་ནི་རྣམ་པ་རྣམས་ཀྱི་སྤྱི་ཡིན་པས་དབྱེར་མེད་པའི་ཕྱིར་ན་གཅིག་པ་ཡིན་ནོ། །རྫས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པས་ 98-217a རྫས་སུ་མེད་པའི་ཕྱིར་ན་དུ་མར་འཇུག་པ་ཡིན་ནོ། །དུས་གསུམ་དུ་འཇུག་པའི་རྫས་ཐམས་ཅད་ལ་རྣམ་པར་གནས་པས་རྫས་དེ་ཉམས་ན་མི་ཉམས་པའི་ཕྱིར་དེས་ན་རྫས་གཅིག་ཉམས་པ་ན་རྫས་གཞན་ཡང་དེའི་བློ་དེ་འཇུག་པར་འདོད་པ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། གཞན་ལ་ ཡང་དེའི་བློ་དེ་འཇུག་པར་འདོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་གཅིག་པུ་ཉིད་ཡིན་ན་ཇི་ལྟ་བཞིན་དུ་མ་དག་ལ་སྤྱི་ཉིད་ཡིན་པར་འགྱུར་ཞེ་ན། དེའི་ཕྱིར། སྔོན་མིན་ཨུཏྤལ་མ་ཡིན་པ། །མེད་པའི་དངོས་པོས་མ་བསལ་བས། །གཞི་མཐུན་ལྡན་པ་ཉིད་ཡིན་ཏེ། །གཉི་ག་དོན་གཅིག་ འཇུག་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། སྔོན་མིན་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའོ། །ཨུཏྤལ་མ་ཡིན་པ་ཞེས་བྱ་བ་ནི་པདྨ་ལ་སོགས་པའོ། །སྔོན་པོ་མ་ཡིན་པ་དཀར་པོ་ལ་སོགས་པ་མེད་པའི་དངོས་པོས་སྔོན་པོ་ཉིད་ཡོད་པ་མ་ཡིན་ལ། ཨུཏྤལ་མ་ཡིན་པ་པདྨ་ལ་སོགས་པ་མེད་པའི་དངོས་ པོས་ནི་ཨུཏྤལ་ཉིད་ཡོད་པར་གཟུང་ངོ་། །དེ་བཞིན་དུ་འདིར་ཡང་གཟུགས་མ་ཡིན་པ་སྒྲ་ལ་སོགས་པ་མེད་པའི་དངོས་པོས་ནི་གཟུགས་ཉིད་ཡོད་པ་མ་ཡིན་ལ། བ་ལང་མ་ཡིན་པ་རྟ་ལ་སོགས་པ་མེད་པའི་དངོས་པོས་ནི་བ་ལང་ཉིད་ཡིན་པར་བཟུང་སྟེ། དཔེར་ན་སྔོན་པོས་ཀྱང་ཨུཏྤལ་ མ་བསལ་ལ་ཨུཏྤལ་ལས་ཀྱང་སྔོན་པོ་མ་བསལ་ཏེ། དེ་གཉིས་ཡོན་ཏན་དང་ཡོན་ཏན་གྱི་ངོ་བོ་ཉིད་དུ་རྫས་གཅིག་ལ་གཅིག་གིས་མ་བསལ་བར་བརྟེན་པས་གཞི་མཐུན་པ་དང་ལྡན་པ་ཉིད་ཡིན་ཏེ། གང་ལ་གཞི་མཐུན་པ་དང་ཐ་མི་དད་པ་དང་། ཐུན་མོང་བ་ཡོད་པ་དེ་ནི་གཞི་མཐུན་པ་ དང་ལྡན་པའོ། །དེའི་དངོས་པོ་ནི་གཞི་མཐུན་པ་དང་ལྡན་པ་ཉིད་དོ། །འདི་ལྟར་སྔོན་པོ་ནི་སྤྲིན་དང་མིག་སྨན་ལ་སོགས་པ་ཡང་ཡོད་ལ། ཨུཏྤལ་ནི་དམར་པོ་ལ་སོགས་པ་ཡང་ཡོད་པས་དེ་གཉིས་ནི་གཞི་མཐུན་པ་དང་ལྡན་པ་ཉིད་མ་ཡིན་གྱི། འདི་ལ་ནི་སྔོན་པོ་དང་ཨུཏྤལ་ཞེས་བྱ་བ་ གཉིས་རྫས་ཀྱི་དོན་གཅིག་ལ་འཇུག་པའི་ཕྱིར་དེས་ན་གཞི་མཐུན་པ་དང་ལྡན་པ་ཉིད་ཡིན་ནོ། །དེ་བཞིན་དུ་གཟུགས་མ་ཡིན་པའི་བདག་ཉིད་རྣམ་པར་བཅད་པ་ནི་གཟུགས་ལ་སོགས་པའི་སྤྱི་ཡིན་ནོ་ཞེས་བྱ་བར་བསམས་ཏེ། དངོས་པོ་སྣང་བའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ 98-217b རིགས་མི་མཐུན་པས་སྟོང་པ་ཉིད་ནི་སྤྱི་ཡིན་པར་གྲུབ་བོ། །གཞན་སེལ་བ་ནི་སྤྱི་ཉིད་ཡིན་པར་མི་འཐད་པ་ཁོ་ན་སྟེ། ཇི་ལྟ་ཞེ་ན། གཞན་སེལ་གཞན་གྱི་སྤྱི་མ་ཡིན། །ཆོས་གཞན་ཡིན་ཕྱིར་ཁྱད་པར་བཞིན། །ལྐོག་ཤལ་ལ་སོགས་བློ་དབྱེ་མེད། །མེད་ལ་ཁྱད་པར་མེད་ཕྱིར་རོ། །ཞེས་བྱ་བ་ ལ་གཞན་སེལ་བ་ཞེས་བྱ་བ་ནི་གཞན་དག་གིས་སེལ་བར་བྱེད་ཅིང་ཐ་དད་པར་བྱེད་པ་སྟེ། རྟ་ལ་སོགས་པ་གཞན་དག་གིས་བ་ལང་ཉིད་སེལ་བ་བཞིན་ནོ། །དེ་ནི་གཞན་གྱི་སྤྱི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་གཞན་ཡིན་པའི་ཕྱིར་རོ། །དཔེར་ན་ཇི་ལྟ་བུ་ཞེ་ན། ཁྱད་པར་བཞིན་ཏེ། དཔེར་ན་བ་ལང་གི་རྭ་ལ་སོགས་པའི་ཁྱད་པར་གཞན་གྱིས་རྟའི་རྔོག་མ་ལ་སོགས་པའི་ཁྱད་པར་སེལ་བར་བྱེད་ཀྱང་དེ་དག་དེའི་སྤྱི་མ་ཡིན་པ་དེ་བཞིན་དུ་བ་ལང་མ་ཡིན་པ་རྟ་ལ་སོགས་པ་གཞན་དག་གིས་བ་ལང་ཉིད་སེལ་བར་བྱེད་ཀྱང་། དེ་དག་བ་ལང་གི་སྤྱི་མ་ཡིན་ནོ། །གཞན་སེལ་བ་ དེ་ལྐོག་ཤལ་དང་། མཇུག་མ་དང་། ནོག་དང་། རྨིག་པ་ལ་སོགས་པ་དག་ལ་བློ་ཐ་དད་པར་དབྱེ་བ་མེད་པར་ཡང་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཞན་སེལ་བ་ནི་ངོ་བོ་ཉིད་མེད་པ་ཡིན་པས་མེད་པ་ལ་ནི་ཁྱད་པར་མེད་པའི་ཕྱིར་རོ། །མེད་བ་ཁོ་ནའི་ཕྱིར། དངོས་མ་བཟུང་བར་དེར་འཛིན་ ཕྱིར། །བརྟག་བྱ་བརྗོད་མིན་ཡིན་མི་འདོད། །ཅེས་བྱ་བ་ནི་འདི་ལྟར་གལ་ཏེ་གཞན་སེལ་བའི་བདག་ཉིད་སྤྱི་གང་ཡིན་པ་དེ་དངོས་པོའི་རང་གི་ངོ་བོ་ཉིད་ཡིན་པར་བརྗོད་ཅིང་དངོས་པོ་མེད་པར་མི་བརྗོད་ན་ནི་དེས་ན་བློ་དེས་བརྟག་པར་བྱ་བ་ཉིད་དང་། ཚིག་གིས་བརྗོད་པར་བྱ་བ་ཉིད་ཡིན་པར་ རིགས་པར་འགྱུར་བ་ཞིག་ན། ཁྱེད་ཅག་དངོས་པོ་མ་བཟུང་བར་ཡང་གཞན་སེལ་བའི་དེ་འཛིན་པའི་ཕྱིར་གཞན་སེལ་བ་དེ་དངོས་པོ་ལས་གཞན་སེལ་བར་རྟོགས་པས། བརྟག་པར་བྱ་བ་དང་བརྗོད་པར་བྱ་བ་ཡིན་པར་མི་འདོད་དེ། དེ་དག་ཡིན་པར་སྒྲུབ་པར་དཀའོ། །འདིར་ཁ་ཅིག་འདི་ སྐད་ཅེས་གཞན་སེལ་བ་དེའི་སྒོ་ནས་དངོས་པོ་བརྟག་པར་བྱ་བ་དང་། བརྗོད་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེ་ལ་བཤད་པ། དེ་ཡི་སྒོ་ནས་གཞན་བརྗོད་ན། །དེ་ནི་བརྗོད་བྱ་ཉིད་སོགས་ཉམས། །ཞེས་བྱ་བ་ནི་གཞན་སེལ་བ་དེའི་སྒོ་ནས་སྤྱི་དང་ལྡན་པའི་དངོས་པོ་ཅིག་ཅར་འཛིན་ན་ 98-218a དངོས་པོ་ཉིད་བརྟག་པར་བྱ་བ་དང་། བརྗོད་པར་བྱ་བ་ཉིད་ཡིན་པར་འགྱུར་གྱི། གཞན་སེལ་བའི་སྤྱི་དེ་ནི་བརྗོད་པར་བྱ་བ་ཉིད་དང་། བརྟག་པར་བྱ་བ་ཉིད་མ་ཡིན་པར་ཉམས་པས་ཁྱེད་ཀྱི་རྗེས་སུ་དཔག་པའི་དམ་བཅས་པ་མ་གྲུབ་བོ། གཞན་ཡང་། དེ་ནི་གཞན་གྱི་ ངོ་བོ་ན། །དེས་ན་བརྗོད་མེད་ཉིད་མི་རིགས། །དེ་ཕྱིར་རྣལ་འབྱོར་སྤྱོད་པ་ཡི། །ཚུལ་གྱི་སྨྲ་བ་མི་རིགས་སོ། །ཞེས་བྱ་བ་ནི་གཞན་སེལ་བ་དེ་དངོས་པོ་ལས་གཞན་པའི་ངོ་བོ་ཉིད་ཡིན་ན་གང་དངོས་པོ་ལས་གཞན་པ་དེ་ལ་ནི་དེ་བཞིན་དུ་བློ་ཡང་ཐ་དད་པ་ལ། མངོན་པར་བརྗོད་པ་ཡང་ཐ་དད་པར་ འགྱུར་བས་དེས་ན་གཞན་སེལ་བ་དེ་བརྗོད་དུ་མེད་པ་ཉིད་ཡིན་པར་མི་རིགས་སོ། །དེ་ལྟར་ཇི་སྐད་བསྟན་པའི་རིགས་པ་དག་གིས་ཡོངས་སུ་བརྟགས་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ཚུལ་གྱིས་སྨྲས་པའི་གཞན་སེལ་བ་སྤྱི་ཡིན་པར་འདོད་པ་ལ་སོགས་པ་དག་མ་གྲུབ་པས་དེ་དག་གི་གྲུབ་པའི་མཐས་ བརྟགས་པ་དེ་དག་ནི་རིགས་པ་དང་ལྡན་པ་མ་ཡིན་པས་མི་རིགས་སོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་བཅུ་དགུ་པ། འདིར་སྨྲས་པ། ཁོ་བོ་ཅག་གི་ཚུལ་ནི་མི་རིགས་པ་མ་ཡིན་ཏེ། རིགས་པ་དང་མི་འགལ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། ཁོ་བོ་ཅག་ ནི་དངོས་པོ་རྣམས་ངོ་བོ་ཉིད་མེད་དེ། མིང་དུ་མངོན་པར་བརྗོད་པའི་བདག་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བར་འདོད་དེ། མངོན་པར་བརྗོད་པའི་བདག་ཉིད་དེ་ཉིད་མ་སྐྱེས་པ་ཡིན་ལ། སྐྱེ་བ་མེད་པ་དེ་ཁོ་ནའི་ཕྱིར་མ་འགགས་པ་ཡང་ཡིན་ནོ། །མངོན་པར་བརྗོད་པ་དང་ལྡན་པའི་དངོས་པོ་ གང་ཡིན་པ་དེ་ཡང་རྣམ་པ་གང་གིས་མངོན་པར་བརྗོད་པའི་རྣམ་པ་དེ་ལྟར་ཡོད་པ་མ་ཡིན་ཏེ། བརྡ་ཙམ་དུ་ཟད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དངོས་པོ་དེ་མངོན་པར་བརྗོད་པའི་སྤྱོད་ཡུལ་དུ་འགྱུར་དུ་ཟིན་ན་མེ་ཞེས་བརྗོད་པ་ཁ་ཚིག་པའི་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ། ཀུན་བརྟགས་ དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་ཡིན། །ཞེས་བྱ་བས་གཞན་གྱི་དབང་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེ་ན། འདིར་བཤད་པ། དངོས་རྣམས་ངོ་བོ་ཉིད་མེད་དེ། །མངོན་བརྗོད་བདག་ཉིད་སྟོང་ཕྱིར་རོ། །དེ་ཉིད་ཀྱིས་དེ་སྐྱེ་མེད་ཕྱིར། །མ་སྐྱེས་པ་དང་མ་འགགས་ 98-218b ཉིད། །གང་ཕྱིར་མངོན་བརྗོད་ལྡན་དངོས་ནི། །ཇི་ལྟར་བརྗོད་པ་དེ་ལྟར་མེད། །དེ་ཕྱིར་ཆོས་རྣམས་དངོས་མེད་ཉིད། །ཅེས་བྱ་ལ་སོགས་མང་སྨྲས་དང་། །གཞན་དབང་ཡོད་པ་ཉིད་སྨྲས་པ། །ཀུན་རྫོབ་ཏུ་ནི་གྲུབ་པ་སྒྲུབ། །གལ་ཏེ་དོན་དམ་དཔེ་མེད་ཅིང་། །གཏན་ཚིགས་འགལ་བ་ཉིད་དུ་ འགྱུར། །ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀུན་རྫོབ་ཏུ་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ཀྱང་དེ་དག་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་འདོད་པའི་ཕྱིར་རོ། །གལ་ཏེ་དེ་དོན་དམ་པར་སྒྲུབ་ན་ནི་དོན་དམ་པར་གཞན་གྱི་དབང་ཡོད་པ་ཉིད་དུ་སྒྲུབ་པ་ལ་དཔེ་མེད་དེ། དེ་ཡང་ ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་ཉིད་དུ་མངོན་པར་བརྗོད་པའི་བདག་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འགལ་བ་ཉིད་དུ་ཡང་འགྱུར་ཏེ། མངོན་པར་བརྗོད་པའི་བདག་ཉིད་ཀྱིས་སྟོང་པ་ཉིད་དུ་རྗེས་སུ་དཔོག་པས་བརྗོད་དུ་མེད་པའི་དངོས་པོ་ཡོད་པ་ཉིད་ཀྱིས་དངོས་པོ་རྣམས་ ངོ་བོ་ཉིད་མེད་པ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ལོག་པར་བསྒྲུབས་པའི་ཕྱིར་རོ། །ཅི་སྟེ་ཡང་འདི་སྙམ་དུ་ཁོ་བོ་ཅག་གི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ཏེ། ཡོད་པར་གྱུར་པ་ལས་མ་སྐྱེས་པའི་ཕྱིར་སྒྱུ་མ་བཞིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པའི་ ཕྱིར་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དུ་མི་འགྱུར་བར་སེམས་ན། འདིར་བཤད་པ། གལ་ཏེ་གཞན་དབང་ངོ་བོ་ཉིད། །སྐྱེ་བ་ངོ་བོ་ཉིད་མེད་དེ། །ཡོད་པར་གྱུར་ལས་མ་སྐྱེས་ན། །སྐྱེ་འགག་ལ་སོགས་འགལ་སྒྲུབ་ཡིན། །ཞེས་བྱ་བ་ནི་དེ་ལྟ་ན་ཁོ་བོ་ཅག་གི་འདོད་པ་ཉིད་བསྒྲུབས་པ་ཡིན་ ཏེ། ཁོ་བོ་ཅག་ཀྱང་རྒྱུ་དང་རྐྱེན་རིས་མཐུན་པའི་བདག་ཉིད་ལས་སྐྱེས་པ་རྣམས་ནི་རང་གི་བདག་ཉིད་ལས་མ་སྐྱེས་པས་ངོ་བོ་ཉིད་ཀྱིས་སྟོང་པ་དང་། སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པར་འདོད་པའི་ཕྱིར་རོ། །ཚུལ་འདི་ནི་ལུང་དང་ཡང་མི་འགལ་ཏེ། ཇི་ལྟ་ཞེ་ན། རྐྱེན་རྣམས་ལས་ནི་གང་ སྐྱེས་པ། །དེ་སྐྱེ་མེད་པར་ཐུབ་པས་གསུངས། །ཞེས་བྱ་བའི་ཕྱིར་རོ། །རིགས་པ་གང་གིས་ཤེ་ན། དོན་དམ་དུ་ན་དངོས་ཉིད་ལས། །དེ་ཡི་སྐྱེ་བ་དགག་ཕྱིར་རོ། །ཞེས་བྱ་བ་སྟེ། གང་རྐྱེན་རྣམས་ལས་སྐྱེས་པ་དེ་ནི་དོན་དམ་པར་ན་སྐྱེ་བ་མེད་པ་ཉིད་ཡིན་པར་ཐུབ་པས་གསུངས་ཏེ། 98-219a རྒྱུ་དང་རྐྱེན་གྱི་ཚོགས་ཐ་དད་པའི་དངོས་པོ་དག་ལ་དེའི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་འདི་སྐད་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་ངོ་བོ་ཉིད་མེད་དེ། །གང་ཞིག་རྐྱེན་ལ་ལྟོས་པ་དེས་སྟོང་གསུངས། །གང་གིས་ སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་། ཆོས་རྣམས་ཡང་དག་ཉིད་མིན་ཕྱིར། །དེ་དག་ཀུན་རྫོབ་བློ་དང་འདྲ། །སྣ་ཚོགས་རང་སྤྱིའི་སྤྱོད་ཡུལ་དུ། །འགྱུར་བ་ལ་ནི་འགལ་བ་མེད། །ཅེས་བྱ་བ་ནི་གང་ཁོ་ནའི་ཕྱིར་ཆོས་རྣམས་ཡང་དག་པ་ཉིད་ མ་ཡིན་པ་དེ་ཁོ་ནའི་ཕྱིར། དེ་དག་ཀུན་རྫོབ་ཏུ་བློ་དང་སྒྲ་སྣ་ཚོགས་ཀྱི་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་དང་། སྤྱིའི་མཚན་ཉིད་ཀྱི་སྤྱོད་ཡུལ་སྔོན་པོ་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། བུམ་པ་དང་། སྣམ་བུ་ཞེས་བྱ་བ་ལ་སོགས་པ་དག་ཏུ་འགྱུར་བ་ལ་འགལ་བ་མེད་ དོ། །གལ་ཏེ་དངོས་པོ་རྣམས་ཡང་དག་པ་ཉིད་ཡིན་པར་གྱུར་ན་ནི་དེས་ན་ནམ་མཁའ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་གཅིག་པ་ཁོ་བོར་གྱུར་པས་བློ་སྣ་ཚོགས་དང་། སྒྲ་སྣ་ཚོགས་ཀྱི་ཡུལ་དུ་མི་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་ནོ། །དེ་ལ་གཞུང་ལུགས་གཉི་ག་ལ་གྲགས་པའི་ལུང་ ཡང་ཡོད་དེ། གང་ཞེ་ན། མིང་ནི་གང་དང་གང་དག་གིས། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མིན་པ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་ཡིན་ཏེ། མིང་ནི་གང་དང་གང་དག་གིས། །ཞེས་བྱ་བ་ནི་རང་དང་སྤྱིའི་བརྗོད་པའི་མིང་དང་། ཡི་གེ་སྣ་ཚོགས་ ཀྱི་ངོ་བོ་ཉིད་དག་གིས་སོ། །ཆོས་རྣམས་གང་དང་གང་བརྗོད་པ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མངོན་པར་བརྗོད་པར་བྱ་བ་དག་གི་ཚིག་གི་བརྗོད་པའོ། །དེ་ལ་དེ་ནི་ཡོད་མིན་པ། །ཞེས་བྱ་བ་ནི་ཆོས་དེ་ལ་མིང་དུ་མངོན་པར་བརྗོད་པ་དེ་ཡོད་པ་མ་ཡིན་པ་སྟེ། ཆོས་རྣམས་ནི་ ཡི་གེ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཡུལ་གྱི་སྐད་དང་། ངེས་པའི་ཚིག་སྣ་ཚོགས་དག་གིས་དངོས་པོ་གཅིག་ཁོ་ན་ལ་རྣམ་པ་དུ་མར་མངོན་པར་བརྗོད་པ་དཔེར་ན་ཆུ་ལ་པ་ནི་ཡ་དང་། ཨ་པ་དང་། ས་ནི་ལ་དང་། ནི་ར་ཞེས་བྱ་བ་ལ་སོགས་པ་དག་ཏུ་བརྗོད་པ་ 98-219b དེ་ལ་གལ་ཏེ་དེ་སྒྲ་གཅིག་གིས་མངོན་པར་བརྗོད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་དེ་ལ་སྒྲ་གཞན་དག་འཇུག་པར་མི་འགྱུར་ཞིང་། སྒྲ་དེ་དག་གིས་མངོན་པར་བརྗོད་པར་ཡང་མི་ནུས་པ་ཞིག་ན་དེ་ལྟ་མ་ཡིན་ནོ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་ནི་མངོན་པར་བརྗོད་དུ་མེད་པ་དེ་ནི་ཆོས་རྣམས་ ཀྱི་དོན་དམ་པ་ཉིད་ཡིན་པའོ། །ཀུན་རྫོབ་ཏུ་ནི་ངོ་ཤེས་པར་བྱ་བའི་ཕྱིར་མིང་དུ་འདོགས་པ་དང་། བརྡ་དག་བྱེད་དེ། དེ་དག་གིས་ཀྱང་དངོས་པོ་དེའི་ཁྱད་པར་ལས་འདི་ནི་བ་ལང་ཡིན་གྱི། རྟ་དང་མི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ཡོངས་སུ་ཤེས་པར་བྱེད་དོ། །ངོ་བོ་ཉིད་དེ་ནི་བློའི་ཡུལ་ ཡིན་ཏེ། གང་གི་ཕྱིར་ཞེ་ན། ལྐུགས་པ་དང་། འོན་པ་ལ་སོགས་པ་ཡི་གེ་དང་བརྡ་མི་ཤེས་པ་དེ་དག་གིས་ཀྱང་བུམ་པ་ལ་སོགས་པའི་དངོས་པོ་ངོ་ཤེས་པ་དང་བ་ལང་ལ་སོགས་པས་ཀྱང་དྲི་དང་མིག་གིས་རང་དང་གཞན་གྱི་བེའུ་ལ་སོགས་པ་ངོ་ཤེས་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་ནི་རྣམ་པ་ ཐམས་ཅད་དུ་མིང་གིས་སྟོང་པ་ཉིད་ཡིན་པས་དེས་དངོས་པོའི་ངོ་བོ་ཉིད་མངོན་པར་རྗོད་པར་མི་བྱེད་པ་ནི་ཡུ་བུ་ཅག་གཉི་ག་ལ་ཡང་འདྲའོ། །ཅི་སྟེ་རྐྱེན་བྱུང་ངོ་བོ་ཡིས། །གཞན་གྱི་དབང་ལས་སྐྱེ་འདོད་ན། །སྒྱུ་བཞིན་ཡང་དག་ཉིད་མིན་པས། །འདོད་པ་སྒྲུབ་པར་བྱེད་པ་ཡིན། །ཞེས་བྱ་བ་ ནི་ཅི་སྟེ་གཞན་གྱི་དབང་གི་རྐྱེན་འདུས་པ་ལས་བྱུང་བའི་ངོ་བོས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་ནི་གཞན་གྱི་དབང་ལས་སྐྱེ་བ་ཡིན་པས་དོན་དམ་པ་ནི་མ་ཡིན་པར་འདོད་ན། འདིར་བཤད་པ། འོ་ན་དེ་ལྟར་དེ་གཞན་གྱི་དབང་ལས་སྐྱེ་བར་འདོད་ན་སྒྱུ་མ་བཞིན་ཡང་དག་པ་ཉིད་མ་ ཡིན་པས་དེ་ལ་ངོ་བོ་ཉིད་ག་ལ་ཡོད་དེ། དེ་ལྟར་ན་ཁྱེད་ཁོ་བོ་ཅག་གི་འདོད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་ཇི་སྐད་བསྟན་པ་དེས་ན། གཞན་གྱི་དབང་ཡང་གཟུང་མེད་པ། །ངོ་བོ་ཉིད་ཀྱིས་མ་སྐྱེས་འདོད། །ཇི་ལྟ་ཞེ་ན། འདི་ལྟར། དོན་དམ་དུ་ནི་སྐྱེས་པ་ལ། །ལོག་པར་སྣང་ བ་མི་རིགས་ཕྱིར། །ཞེས་བྱ་བ་ནི་ཁྱེད་ཀྱིས་གཞན་གྱི་དབང་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར། གཟུང་དུ་མེད་པར་སྨྲས་པ་དེ་ཡང་གལ་ཏེ་ངོ་བོ་ཉིད་ཀྱིས་སྐྱེས་པར་གྱུར་ན་ནི་ལོག་པར་སྣང་བར་འགྱུར་བ་མི་རིགས་པའི་ཕྱིར་ཏེ། གང་གི་ཕྱིར་དེའི་ངོ་བོ་ཉིད་ཀྱིས་མ་སྐྱེས་ 98-220a པ་དེ་ཁོ་ནའི་ཕྱིར་ཏེ། དེ་ལོག་པར་སྣང་བར་འགྱུར་རོ། །གཞན་ཡང་། གལ་ཏེ་ཇི་ལྟར་སྣང་བ་ལྟར། །དེར་སྣང་བདག་ཉིད་ཡོད་གྱུར་ན། །ཇི་ལྟར་སྣང་བ་དེ་ཡོད་ཕྱིར། །ཆོས་རྣམས་ཇི་ལྟར་སྒྱུ་མ་བཞིན། །ཞེས་བྱ་བ་ནི་གལ་ཏེ་དངོས་པོ་འདི་དག་རྒྱུ་དང་རྐྱེན་གཞན་གྱི་ དབང་གི་བདག་ཉིད་ལས་ཇི་ལྟར་དབང་པོའི་ཡུལ་ཉིད་དུ་སྣང་བ་ལྟར་དེར་སྣང་བའི་བདག་ཉིད་ཡོད་པར་གྱུར་ན་ཇི་ལྟར་སྣང་བ་དེར་ཡོད་པའི་ཕྱིར་ཆོས་རྣམས་ཇི་ལྟར་སྒྱུ་མ་ལྟ་བུ་ཉིད་ཡིན་པར་འགྱུར་ཏེ། འདི་ལྟར་སྒྱུ་མ་ནི་སྐྱེས་བུ་ལ་སོགས་པའི་བདག་ཉིད་དུ་སྣང་ཡང་དེའི་ངོ་བོ་ཉིད་དམིགས་སུ་ མེད་དེ། སྒྱུ་མ་ནི་སྐྱེས་བུ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་རྟོགས་པ་ཡང་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་ཉིད་ཀྱིས་དེ་སྐྱེ་མེད་ཕྱིར། །མ་སྐྱེས་པ་དང་མ་འགགས་ཉིད། །ཅེས་གང་སྨྲས་པ་དེ་ཡང་འདི་ལྟར་ཆེས་རིགས་ པར་སྣང་སྟེ། མ་སྐྱེས་པ་དང་མ་འགགས་དང་། །དངོས་མེད་ངོ་བོ་ཉིད་པའང་། །ཡོད་པ་ཉིད་ལས་མ་སྐྱེས་དང་། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །ཞེས་བྱ་བ་ནི་དངོས་པོ་འདི་དག་ནི་རྒྱུ་དང་རྐྱེན་རིགས་མཐུན་པའི་བདག་ཉིད་ལས་སྐྱེ་བ་ཡིན་གྱི། ཡོད་པ་ཉིད་ལ་སྐྱེ་བ་ནི་མ་ཡིན་ཏེ། རྒྱུ་དང་རྐྱེན་གྱི་ཚོགས་ཐ་དད་པའི་དངོས་པོ་གནས་པའི་དུས་ནས་ངོ་བོ་ཉིད་དུ་རྡུལ་ཕྲན་ཙམ་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཉིད་དང་། དངོས་པོ་མེད་པ་ཉིད་དང་། ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡོད་པ་ཉིད་ལས་མ་སྐྱེས་པའི་ཕྱིར་རོ། །དངོས་ པོ་འདི་དག་གི་ངོ་བོ་ཉིད་དང་རྒྱུ་དང་རྐྱེན་རིགས་མཐུན་པའི་བདག་ཉིད་ལས་སྣང་བར་དམིགས་པར་སྣང་བ་གང་ཡིན་པ་དེ་ཡང་ས་དང་། ཆུ་དང་། མེ་དང་། རླུང་དང་། གཟུགས་དང་། དྲི་དང་། རོ་དང་། རེག་པ་ཞེས་བྱ་བའི་རྫས་བརྒྱད་འདུས་པ་ཡིན་ཏེ། དེ་ཡང་དམག་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཉིད་དང་། དངོས་པོ་མེད་པ་ཉིད་དང་། ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །འདིར་གལ་ཏེ་འདི་སྙམ་དུ་ཁྱེད་ལ་དངོས་པོ་མེད་ 98-220b པའི་ཕྱིར་ཆོས་གདགས་པ་དང་འགལ་བར་འགྱུར་རོ་ཞེས་བྱ་བར་སེམས་ན་འདིར་བཤད་པ། གདགས་ལ་སྐྱོན་ཆགས་ཉིད་མེད་དེ། །རྣམ་རིག་ཙམ་དུ་མཚུངས་ཕྱིར་རོ། །ཞེས་བྱ་བ་ནི་བདག་དང་བདག་གི་རྟོག་པ་དང་བྲལ་བའི་རྣམ་པར་རིག་པ་ཙམ་དུ་ཡང་ཁོ་བོ་ཅག་དང་ཁྱེད་དུ་ མཚུངས་པ་ཉིད་ཡིན་ལ། ཕྱི་རོལ་གྱི་དོན་རྣམ་པར་ཤེས་པས་བསྐྱེད་པའི་ལས་ཀྱིས་མངོན་པར་འདུས་བྱས་པ་རྫས་སུ་མེད་པ་ལ་ཡང་ཕྱི་ནང་གི་ཆོས་འདོགས་པའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ཉེས་པ་མེད་དོ། །ཁྱོད་ཀྱི་ཕྱོགས་ལ་ནི་སྤང་བ་དང་སྤོང་བྱེད་ཡོད་པའི་ཕྱིར། ཡོངས་ཤེས་ སོགས་ཡོད་གང་གིར་འདོད། །ཅེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་ལ་སོགས་པ་སྤང་བ་དང་། སྤོང་བར་བྱེད་པ་ལམ་སྐྱེས་པ་བསྒོམ་པ་གོམས་པར་བྱེད་པའི་འདུ་བྱེད་ཀྱི་ཚོགས་དག་རྣམ་པར་ཤེས་པའི་ཆ་ཉིད་གཞན་གྱི་དབང་གི་ཆ་ཉིད་དུ་ཡོད་པ་ཉིད་ཡིན་ན། ངོ་བོ་ཉིད་ལ་ནི་གཞན་དུ་འགྱུར་ བ་མེད་པའི་ཕྱིར་དང་། གནས་འགྱུར་བ་མེད་པའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་རྐྱེན་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་འདོད་པ་དེ་གང་གི་ཡིན་པར་འདོད་དེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་ འགྱུར་བ་མེད་པའི་ཕྱིར་གང་ལ་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ་། །གལ་ཏེ་འདི་སྐད་ཅེས་འོ་ན་ཁྱེད་ལ་ཡང་རྫས་སུ་མེད་པའི་ཕྱིར་ཐར་པ་མེད་པར་མི་འགྱུར་རམ་ཞེ་ན། དེའི་ཕྱིར་བཤད་པ། དེ་ནི་གང་ཕྱིར་རྫས་མེད་ཀྱང་། །རྣམ་རྟོག་བྲལ་བས་ཐར་པར་ འགྱུར། །རྫས་ཡོད་ཉིད་ནའང་སྐྱེ་མེད་ཕྱིར། །འདི་ལས་གཞན་དུ་རྟག་མི་འདོད། །ཅེས་བྱ་བ་ནི་དངོས་པོ་རྣམས་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་ཡིན་པས་འཇིག་རྟེན་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པའི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་ པར་མི་རྟོག་པ་འཕགས་པ་སྐྱེ་བས་ཐར་པར་རིགས་ཀྱི། རྫས་སུ་ཡོད་པ་ངོ་བོ་ཉིད་མི་འགྱུར་བ་རྣམས་ལ་མི་རིགས་པས་ཐར་པ་དེ་ནི་གང་གི་ཕྱིར་དངོས་པོ་རྣམས་རྫས་སུ་མེད་ཀྱང་། རྣམ་པར་རྟོག་པ་དང་བྲལ་བས་ཐར་པར་འགྱུར་བ་ཉིད་དོ། །གལ་ཏེ་རྣམ་པ་འགའ་ཞིག་ 98-221a གིས་དེ་དག་རྫས་སུ་ཡོད་པ་ཉིད་དུ་འགྱུར་ཡང་། དེ་ལྟ་ནའང་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རྣམ་པར་རྟོག་པ་དང་བྲལ་བ་ཁོ་ནས་ཐར་པར་རིགས་སོ། །དེའི་ཕྱིར་ཚུལ་འདི་ལས་གཞན་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དམིགས་པའི་ཡེ་ཤེས་ཡོད་པར་ བརྟགས་པས་ཅི་བྱ་སྟེ། སྔར་ཡང་། ངོ་བོ་ཉིད་ལ་དམིགས་ཡིན་ན། །སྟོན་པའི་བྱང་ཆུབ་རྟོག་ཅན་དང་། །དམིགས་པ་ཅན་དུ་འགྱུར་བ་དང་། །རྣམ་པར་མི་རྟོག་བློར་མི་འགྱུར། །ཞེས་བསྟན་ཟིན་པས་དེ་ནི་མི་འདོད་དོ། །འདིར་ཕ་རོལ་པོས་རང་གི་ཚུལ་ཉེས་པར་སྨྲས་པའི་གནད་དུ་ བསྣུན་པས་ཤིན་ཏུ་འཁམས་ནས་གཏུན་ཚིག་རྩུབ་མོ་སྨྲས་པ། དངོས་རྣམས་ངོ་བོ་ཉིད་མེད་ན། །གདགས་པའང་ཡོད་པར་མི་འགྱུར་བས། །དེ་ནི་མེད་པར་ལྟ་བ་དག །མི་གླེང་བསྟན་པར་བྱ་མིན་དང་། །རང་ཡང་ངན་སོང་གཞོལ་བ་དང་། །གཞན་ཡང་ཕུང་བར་བྱེད་པ་ཡིན། །ཞེས་བྱ་ བ་ནི། །དེ་དག་ན་རེ། ཁོ་བོ་ཅག་རྣལ་འབྱོར་སྤྱོད་པ་པ་ལ་ནི་ཕྱི་རོལ་གྱི་ཡུལ་མེད་དུ་ཟིན་ཀྱང་རྣམ་པར་ཤེས་པ་ཙམ་ཉིད་རེ་ཞིག་ཡོད་པས་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་རྣམ་པར་ཕྱི་རོལ་གྱི་ཡུལ་ཡང་དམིགས་སུ་ཡོད་ལ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་དེ་བཞིན་གཤེགས་པས་སོ་ སོ་རང་རིག་པར་བྱ་བ་ཡང་ཡོད་ཀྱི། དབུ་མ་སྨྲ་བ་ལ་ནི་རེ་ཞིག་ཀུན་རྫོབ་ཏུ་ཡང་སྒྱུ་མ་ལྟ་བུ་ཉིད་དུ་འདོགས་པས་འཇིག་རྟེན་པའི་ཆོས་རྣམས་ལ་སྐུར་པ་འདེབས་པ་དང་། དོན་དམ་པར་ཡང་རྣམ་པར་ཤེས་པ་ཡང་མེད་ལ། རྣམ་པར་ཤེས་པར་བྱ་བ་ཡང་མེད་པས་ཅི་ཡང་མེད་དེ། དངོས་པོ་རྣམས་ངོ་བོ་ཉིད་མེད་པར་སྐུར་པ་འདེབས་པའི་ཕྱིར་ཆོས་གདགས་པ་ཡང་ཡོད་པར་མི་འགྱུར་བས་དེ་མེད་པའི་ཕྱིར་དེ་མེད་པར་ལྟ་བ་ཉིད་དང་མཐུན་པ་དང་། སུས་ཀྱང་མི་གླེང་མི་བརྗོད་པ་དང་། ལྷན་ཅིག་འགྲོགས་པའི་དངོས་པོས་བརྟེན་པར་མི་བྱ་བ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཁྱེད་ཀྱིས་དེང་ཕྱིན་ཆད་འཇིག་རྟེན་རྒྱང་པན་པ་གསང་ཚིག་སྣ་ཚོགས་ཀྱི་སྤོབས་པ་ཅན་དང་བསྟེན་པར་མི་བྱ་བསྙེན་པར་མི་བྱ། བསྙེན་བཀུར་མི་བྱའོ་ཞེས་གསུངས་པས་ཁྱེད་ནི་དམ་པ་མ་ཡིན་པས་ཡོངས་སུ་སྤང་བར་བྱ་བ་དེའི་ 98-221b གནས་སུ་ཤིན་ཏུ་གྱུར་པ་དང་། དམ་པའི་ཆོས་སློང་བའི་ཕྱིར་རང་ཡང་ངན་སོང་ལ་གཞོལ་བ་དང་། ལྟ་བ་འཛིན་པའི་ཆུ་སྲིན་འཛིན་ཁྲི་ལ་མངོན་པར་ཞེན་པ་ལ་མོས་པར་བྱེད་པའི་ཕྱིར་གཞན་ཡང་ཕུང་བར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས་བཤད་པ། ཞེ་སྡང་ཤ་ རུལ་སྒྲེགས་པ་དེ། །ང་རྒྱལ་མ་ཞུ་སྟོན་པ་ཡིན། །ཞེས་བྱ་བ་ནི་ཁྱོད་ཀྱི་ཁྲོ་ཚིག་དེ་ནི་དཔེར་ན་ཤ་རུལ་གྱི་སྒྲེགས་པས་མ་ཞུ་བ་ཉིད་སྟོན་པར་བྱེད་པ་དེ་བཞིན་དུ་ཞེ་སྡང་གི་ཚིག་གིས་མངོན་པའི་ང་རྒྱལ་ཅན་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞེ་སྡང་ཉིད་ཤ་རུལ་ཡིན་ ཏེ། དེའི་སྒྲེགས་པ་ལྟ་བུ་ནི་ཁྱོད་ཀྱི་ཚིག་དེ་ཡིན་ནོ། །མངོན་པའི་ང་རྒྱལ་ཅན་ཉིད་མ་ཞུ་བ་ལྟ་བུ་ཡིན་ཏེ། ཤ་རུལ་གྱི་སྒྲེགས་པས་མ་ཞུ་བ་ཉིད་སྟོན་པར་བྱེད་པ་དེ་བཞིན་དུ། ཞེ་སྡང་གི་ཚིག་ཀྱང་ཁྱོད་ཉིད་མངོན་པའི་ང་རྒྱལ་ཅན་ཉིད་དུ་སྟོན་པ་ཡིན་གྱི་ཁོ་བོའི་ལྟ་བ་ནི་སྐྱོན་ཅི་ཡང་མེད་པ་ ཁོ་ན་ཡིན་ནོ། །ཞེ་སྡང་གི་ཤ་རུལ་གྱི་སྒྲེགས་པ་དེས་བདག་ཉིད་མངོན་པའི་ང་རྒྱལ་མ་ཞུ་བ་ཉིད་དུ་སྟོན་པར་ཟད་ཀྱི། དབུ་མ་པ་ལ་དེ་ལྟ་བུའི་སྐྱོན་ཡང་དག་པ་མེད་པར་ཇི་ལྟར་ངེས་པར་བྱ་ཞེ་ན། དེའི་ཕྱིར། ཆོས་རྣམས་སྒྱུ་མ་བཞིན་འདོད་དེ། །ངོ་བོ་ཉིད་ནི་མེད་ཕྱིར་དང་། །བྱིས་པ་རྨོངས་ པའི་རྒྱུ་ཕྱིར་དང་། །མ་བྱུང་བ་ལས་འབྱུང་ཕྱིར་རོ། །ཞེས་བྱ་བ་ནི་ཁོ་བོས་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་ཡིན་ནོ་ཞེས་མ་སྨྲས་ཏེ། འདི་ལྟར་ཁོ་བོ་ཅག་ནི་ཀུན་རྫོབ་ཏུ་ཆོས་རྣམས་རྒྱུ་དང་རྐྱེན་རིགས་མཐུན་པ་ལས་འབྱུང་བ་སྒྱུ་མ་བཞིན་དུ་ཡོད་པ་ཉིད་དུ་འདོད་དེ་ངོ་བོ་ཉིད་མེད་ པའི་ཕྱིར་དང་། སྐྱེ་བོ་བྱིས་པ་ལྟ་བུར་རྨོངས་པའི་རྒྱུ་ཡིན་པའི་ཕྱིར་དང་། སྔོན་མ་བྱུང་བ་ལས་བྱུང་བའི་ཕྱིར་རོ་ཞེས་སྨྲས་པ་དེའི་ཚེ་ཇི་ལྟར་གདགས་པ་ཡོད་པར་མི་འགྱུར་ཏེ། གདགས་པ་ཡོད་པ་ཁོ་ནའི་ཕྱིར་ཁོ་བོ་ལ་ཁྱོད་ཀྱིས་སྨྲས་པའི་སྐྱོན་གྱིས་གནས་མི་ཐོད་དོ། །ཆོས་རྣམས་ངོ་བོ་ཉིད་མེད་ པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་ཡོད་པ་དང་། མེད་པའི་མཐའ་གཉིས་སྤོངས་པའི་ཕྱིར་ཁོ་བོ་ཅག་མེད་པར་ལྟ་བ་ཉིད་དང་མཐུན་པར་ག་ལ་འགྱུར་ཏེ། དེའི་ཕྱིར་ཁྱོད་ཀྱི་ཚིག་དེ་ནི་ཞེ་སྡང་གི་ཤ་རུལ་གྱི་སྒྲེགས་པ་ཉིད་ཡིན་ནོ། །ཁྱོད་ཀྱི་ཆོས་ཀྱི་དེ་ཉིད་ནི་ནམ་མཁའ་དང་མཚུངས་ 98-222a པ་ཉིད་ཀྱིས་རྣམ་པར་མི་རྟོག་པ་ཉིད་དུ་འདོད་པ་དེ་ཡང་མི་རིགས་ཏེ། ཇི་ལྟ་ཞེ་ན། རྣམ་པར་མི་རྟོག་དངོས་པོ་ནི། །མཁའ་དང་མཚུངས་པ་ཉིད་མི་རིགས། །རྣམ་རྟོག་འདུ་ཤེས་སྣ་ཚོགས་ཀྱི། །གོ་སྐབས་རབ་ཏུ་འབྱེད་ཕྱིར་རོ། །ཞེས་བྱ་བ་ནི་ནམ་མཁའ་ནི་རྣམ་ པར་མི་རྟོག་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་སྔོན་པོ་དང་ཡངས་པ་དང་། དག་པ་དང་མ་དག་པ་ལ་སོགས་པར་རྣམ་པར་རྟོག་པའི་འདུ་ཤེས་སྣ་ཚོགས་ཀྱི་གོ་སྐབས་རབ་ཏུ་འབྱེད་པར་བྱེད་དོ། །གལ་ཏེ་ཆོས་རྣམས་ཀྱི་དེ་ཉིད་ཀྱང་དེ་དང་འདྲ་བར་གྱུར་ན་ནི་དེ་ཡང་དག་པ་དང་མ་དག་པ་ ལ་སོགས་པར་རྣམ་པར་རྟོག་པའི་འདུ་ཤེས་སྣ་ཚོགས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པ་ཉིད་ཉམས་པར་འགྱུར་རོ། །གཞན་ཡང་ཁྱེད་ཅག་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བརྗོད་དུ་མེད་པ་ཉིད་ཡིན་པར་འདོད་ཅེས་གྲགས་པ་དེ་ལ་ཡང་། སྐྱེས་པ་བརྗོད་མེད་ཉིད་མི་ རིགས། །དགག་པ་གོང་དུ་བསྟན་ཕྱིར་རོ། །བརྗོད་དུ་མེད་ཉིད་ཡིན་གྱུར་ནའང་། །ཀུན་རྫོབ་ལ་ནི་དེ་ཉིད་ནོར། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྐྱེས་པ་ལ་ནི་བརྗོད་དུ་མེད་པ་ཉིད་མི་རིགས་ཏེ། དེའི་དགག་པ་ནི། བརྗོད་བྱ་སྤྱི་ལྡན་དངོས་པོ་སྟེ། །དེར་སྣང་བློ་ཡི་རྒྱུ་ ཡིན་ཕྱིར། །དེ་ནི་དེའི་བདག་ཉིད་ཡོད་པས། །བརྗོད་མེད་ཉིད་དུ་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་པའི་ཕྱིར་རོ། །ཅི་སྟེ་ཡང་རྣམ་པ་འགའ་ཞིག་གིས་བརྗོད་དུ་མེད་པ་ཉིད་ཡིན་པར་གྱུར་ན་ཡང་དེ་ལྟ་ན་ཡང་དེ་ཀུན་རྫོབ་པ་ཡིན་པས་ཀུན་རྫོབ་པ་དེ་ལ་དེ་ཉིད་ཡིན་ པར་ནོར་བར་མི་བྱའོ། །གཞན་ཡང་། དེ་ལ་དེ་ཉིད་གཞན་མེད་ཕྱིར། །གལ་ཏེ་དེ་ཉིད་མཐོང་འདོད་ན། །བུམ་ལའང་བུམ་པ་གཞན་མེད་པས། །ཅི་ཕྱིར་དེ་ཉིད་མཐོང་མི་འདོད། །ཅེས་བྱ་བ་ནི་གལ་ཏེ་དོན་དམ་པ་དེ་ལ་དོན་དམ་པའི་དེ་ཉིད་གཉིས་པ་གཞན་མེད་པའི་ཕྱིར་ གལ་ཏེ་དོན་དམ་པ་སྟོང་པ་ཉིད་དེས་དེ་ཉིད་མཐོང་བར་འདོད་ན་དེ་ལྟ་ན་བུམ་པ་ལའང་བུམ་པ་གཉིས་པ་གཞན་མེད་པས་དེ་མཐོང་བས་ཀྱང་ཅིའི་ཕྱིར་དོན་དམ་པའི་དེ་ཉིད་མཐོང་བར་བརྟག་པར་མི་འདོད། ཅི་སྟེ་ཡང་འདི་སྙམ་དུ་རྣམ་པར་མི་རྟོག་པ་ནི་བརྗོད་དུ་མེད་པ་ཉིད་ཡིན་ཡང་ཆོས་ཀྱི་ 98-222b དབྱིངས་ན་ཆུའི་ཁམས་དང་། གསེར་དང་ནམ་མཁའ་དག་པ་བཞིན་དུ་དག་པར་འདོད་པས་དེ་དག་པས་སེམས་ལ་ཡང་དག་པ་ཡོད་པ་ཁོ་ནར་སེམས་ན་དེ་ལ་ཁོ་བོས་དགག་པ་བཤད་པར་བྱ་སྟེ། ཁྱོད་ཀྱི་ཚུལ་སྐྱོན་སྦ་ཕྱིར་གྱི། །དེ་ནི་ཉོན་མོངས་བྱང་མི་འགྱུར། །གསེར་ལ་ སོགས་པ་རྐྱེན་རྣམས་ཀྱི། རྗེས་སུ་འགྱུར་བ་ཡིན་ཕྱིར་རོ། །ཞེས་བྱ་བ་ནི་ཆུའི་ཁམས་དང་། གསེར་དང་། ནམ་མཁའ་དག་ལས་རྡུལ་དང་གཡའ་དང་སྤྲིན་ལ་སོགས་པ་རྐྱེན་དག་ཡོད་ན་དྲི་མ་དང་བཅས་པ་དག་ཏུ་སྣང་ལ། རྐྱེན་དེ་དག་མེད་ན་དག་པ་དག་ཏུ་སྣང་ཞིང་ཡང་དྲི་མ་ཅན་དུ་འགྱུར་ བ་དང་། དེ་ནས་ཡང་དག་པ་དག་ཏུ་འགྱུར་བ་བཞིན་དུ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་དེ་ཁོ་ན་བཞིན་ན་ལན་འགའ་རྣམ་པར་དག་པ་དང་། ལན་འགའ་དྲི་མ་དང་བཅས་པར་འགྱུར་བས་དེ་ནི་ཁྱོད་ཀྱི་ཚུལ་གྱི་སྐྱོན་དེ་སྦ་བ་ཙམ་དེ་ཁོ་ནའི་ཕྱིར་སྨྲས་པར་ཟད་ཀྱི་ཆོས་ཀྱི་དབྱིངས་དེ་ནི་ཀུན་ ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་འགྱུར་ལ། གསེར་ལ་སོགས་པ་ནི་རྐྱེན་རྣམས་ཀྱི་རྗེས་སུ་འགྱུར་བ་ཡིན་པའི་ཕྱིར། གསེར་ལ་སོགས་པའི་དཔེ་དེ་དག་གིས་ཆོས་ཀྱི་དབྱིངས་མཚོན་པའི་དོན་མི་འགྲུབ་བོ། འདི་ལྟར་ན་ནི་རིགས་པ་དང་ལྡན་པ་ཉིད་དུ་འགྱུར་ཏེ། ནམ་མཁའ་རྟག་ཏུ་རྣམ་དག་སྟེ། །མིག་ནི་དག་དང་མ་དག་པས། །དྲི་བཅས་དྲི་མེད་མཁའ་འདོད་དང་། །ཆོས་རྣམས་ཆོས་ཉིད་དེ་བཞིན་ནོ། །ཞེས་བྱ་བ་ནི་ཇི་ལྟར་རབ་རིབ་ཅན་དབང་པོ་ཉམས་པས་ནམ་མཁའ་ཀུན་དུ་སྐྲ་ཤད་དང་། སྦྲང་མ་དང་། སྦྲང་བུ་ཡང་དག་པ་མ་ཡིན་པའི་དྲ་བ་དག་ གིས་དཀྲིགས་པ་མཐོང་ཞིང་། དེ་ཉིད་ཀྱིས་ཀྱང་རབ་རིབ་སེལ་བའི་མིག་སྨན་བསྟེན་པས་མིག་དག་པས་ན་ནམ་མཁའ་སྐྲ་ཤད་དང་། སྦྲང་མ་དང་། སྦྲང་བུ་དང་བྲལ་བར་ཀུན་དུ་མཐོང་ཡང་དབང་པོ་ཉམས་པ་དང་མ་ཉམས་པས་ནམ་མཁའ་དེ་མ་དག་པ་དང་དག་པར་མཐོང་བའི་ཚེ་ནམ་མཁའ་ ལ་ནི་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང་བྱིས་པ་བློ་གྲོས་ཀྱི་མིག་ཡོངས་སུ་མ་དག་པ་རྣམས་ཀྱིས་དྲི་མ་དང་བཅས་པར་མཐོང་ཞིང་། འཕགས་པ་སྟོང་པ་ཉིད་ལ་ལྟ་བའི་མིག་སྨན་བསྟེན་པ་བློ་གྲོས་ཀྱི་མིག་རྣམ་པར་དག་པ་རྣམས་ཀྱིས་ནི་དྲི་མ་མེད་པ་ཉིད་ 98-223a དུ་རྟོགས་ཀྱང་བློ་དྲི་མ་དང་བཅས་པ་དང་། དྲི་མ་མེད་པས་ཆོས་ཉིད་མ་དག་པ་དང་དག་པར་མཐོང་བའི་ཚེ་ན། ཆོས་ཉིད་ལ་ནི་འགྱུར་བ་འགའ་ཡང་མེད་དོ་ཞེ་ན། དེའི་ཕྱིར་བཤད་པ། མ་དག་ལ་སོགས་བློ་འཁྲུལ་ཏེ། །བྱེད་པའི་ཆོས་ཡིན་ལས་ཀྱི་མིན། ། ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་མ་དག་པ་དང་དག་པར་སྣང་བས་བློ་འཁྲུལ་པ་དེ་ནི་བྱེད་པ་པོ་ལུས་དང་དབང་པོ་རྣམ་པར་ཤེས་པ་དང་བཅས་པའི་བློའི་ཚོགས་ཀྱི་ཆོས་ཡིན་གྱི། ནམ་མཁའ་ལ་སོགས་པ་རྣམ་པར་ཤེས་པར་བྱ་བའི་ལས་ཀྱི་ཆོས་མ་ཡིན་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ མ་དག་པ་དང་དག་པ་ཞེས་བྱ་བ་ནི་ཡང་བྱེད་པ་པོ་ལོག་པའི་ཤེས་པ་དང་། ཡང་དག་པའི་ཤེས་པ་དང་ལྡན་པའི་ཆོས་ཡིན་གྱི། ཆོས་ཀྱི་དབྱིངས་རྣམ་པར་ཤེས་པར་བྱ་བའི་ཆོས་མ་ཡིན་པས་ཁྱེད་ཀྱིས། དེ་ནི་དྲི་བཅས་དྲི་མ་མེད། །ཅེས་སྨྲས་པ་དེ་ནི་མི་རིགས་སོ། །གཞན་ཡང་། དེ་ལ་དམིགས་པ་དག་མ་ཡིན། །དེ་ཉིད་དམིགས་བྱར་མི་འདོད་དོ། །ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་དེ་ལ་དམིགས་པའི་ཡེ་ཤེས་ནི་དག་པ་ཡིན་པར་མི་རིགས་ཏེ། དེ་ལ་དམིགས་ན་ཡེ་ཤེས་དེ་རྣམ་པར་མི་རྟོག་པ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དེ་ཉིད་ཀྱང་དམིགས་ པར་བྱ་བ་ཡིན་པར་མི་འདོད་དེ། དོན་དམ་པར་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །གཞན་ཡང་། དེ་ཉིད་རྫས་སུ་ཡོད་ཡིན་ན། །སྐྱོན་ནི་སྔ་མ་བཞིན་དུ་འགྱུར། །འཇིག་རྟེན་འདས་པ་རྣམས་མི་རྟོག །དེ་བློར་མི་འདོད་འཇིག་ཕྱིར་རོ། །ཞེས་བྱ་བ་ནི་ཆོས་ ཀྱི་དབྱིངས་དེ་ཉིད་རྫས་སུ་ཡོད་པ་ཉིད་དུ་རྟོག་ན་དེ་ལ་སྐྱོན། ཀུན་ནས་ཉོན་མོངས་རྣམ་བྱང་ལས། །གལ་ཏེ་སེམས་ནི་རྫས་འདོད་ན། །ཚོར་སོགས་དེ་བཞིན་སྐྱེ་བྱའི་ཕྱིར། །དེ་གྲུབ་པས་ན་གནོད་པ་མེད། །ཅེས་བྱ་བ་དག་འདིར་ཡང་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ཀྱི་ཚེ་ན་ཡང་གང་ཆོས་ཉིད་ལ་དམིགས་པ་རྣམ་པར་མི་རྟོག་པ་དེ་སྐྱེའོ་ཞེ་ན། དེ་ལྟ་བུའི་བློ་སྐྱེ་བ་ཡོད་པར་མི་འདོད་དེ། དེ་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པས་འདས་པའི་བློ་དེ་ཇི་ལྟར་འཇིག་པར་མི་འགྱུར་ཞེས་བྱ་བར་ 98-223b ཤེས་པར་བྱའོ། །གཞན་ཡང་། ཇི་སྲིད་ཤེས་བྱའི་རྗེས་འཇུག་པ། །དེ་སྲིད་བློ་ནི་རབ་རིབ་ཅན། །གལ་ཏེ་དེས་སྐྱོན་ཅིར་འགྱུར་ཞེ་ན། ཇི་སྲིད་ཤེས་པ་དམིགས་ཡོད་པ། །དེ་སྲིད་ཤེས་བྱའི་རྗེས་འཇུག་ཉིད། །ཅེས་བྱ་བར་འགྱུར་ཏེ། དེས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ དམིགས་པ་འཇིག་རྟེན་ལས་འདས་པའི་བློ་ཡང་རབ་རིབ་ཅན་ཉིད་དུ་ཡིན་པར་འགྱུར་ཏེ། ཤེས་བྱའི་རྣམ་པར་ཤེས་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །འོ་ན་ཇི་ལྟར་རིགས་པར་འགྱུར་ཞེ་ན། བློ་རབ་རིབ་དང་བཅས་པ་དེ་ཉིད་ཤེས་བྱའི་རྣམ་པའི་རྗེས་སུ་འཇུག་པས་ནི་འཁོར་བ་འབྱུང་བར་ འགྱུར་ལ། དེས་གང་གི་ཚེ་ཤེས་བྱའི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པར་ཤེས་པས་དམིགས་པ་མེད་པ་དེའི་ཚེ་ན་ནི། འཁོར་བར་མི་འགྱུར་བས་དེ་ནི་ཆོས་རྣམས་ཀྱི་དེ་ཉིད་ཡིན་པར་བསམས་སོ། །ཁྱེད་རང་བྱུང་གི་ཡེ་ཤེས་སྐད་ཅིག་གཅིག་དང་ལྡན་པ་ཉིད་དུ་འདོད་པ་གང་ཡིན་པ་དེ་ཡང་འདི་ ལྟར་མི་འཐད་དེ། ཐམས་ཅད་མཁྱེན་ཉིད་ཅིག་ཅར་མིན། །ཤེས་པ་རང་ལ་འཇུག་པ་ནི། །མེད་ཕྱིར་རལ་གྲི་སོ་བཞིན་དང་། །རང་རིག་འགོག་པར་བྱེད་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་ཤེས་བྱ་རྣམ་པ་ཐ་དད་པ་དུ་མས་ཐ་དད་པ་ཡིན་ཡང་ཆོས་ཉིད་ངོ་བོ་ཉིད་གཅིག་པའི་ཕྱིར་ཐམས་ ཅད་མཁྱེན་པ་དེས་སྐད་ཅིག་གཅིག་གིས་དབྱེར་མེད་པའི་སྒོ་ནས་མཁྱེན་པར་རུང་གི། །གང་ལ་ཡེ་ཤེས་སྐད་ཅིག་མ་ཡིན་པ་དེ་ལ་ནི་ཐམས་ཅད་མཁྱེན་པ་ཉིད་དེས་ཤེས་བྱ་རྣམ་པ་ཐ་དད་པ་དག་ཅིག་ཅར་ཡོངས་སུ་མཁྱེན་པར་མི་རུང་སྟེ། ཤེས་པ་རང་ལ་འཇུག་པ་འགལ་བའི་སྐྱོན་དུ་འགྱུར་བས་ དེ་ལྟ་བུ་མེད་པའི་ཕྱིར་ཏེ། དཔེར་ན་རལ་གྲི་རང་གི་སོ་གང་ཡིན་པ་དེ་ཉིད་ཀྱིས་དེ་ཉིད་ལ་གཅོད་པར་མི་བྱེད་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་གལ་ཏེ་དེ་ཡེ་ཤེས་སྐད་ཅིག་མ་དོན་དམ་པར་ཡོད་པ་ཉིད་ཡིན་ན་ཤེས་པའི་སྐད་ཅིག་མ་སྔ་མ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཤེས་པའི་སྐད་ཅིག་མ་གཉིས་ པ་ལ་ལྟོས་དགོས་སོ། །གཞན་ཡང་ཆོས་ཉིད་ནི་ཅི་ཡང་མ་ཡིན་པའི་ཕྱིར། དངོས་པོའི་རང་གི་ངོ་བོ་ངེས་པར་མི་འཛིན་པས་རང་རིག་པ་ཡང་འགོག་པར་བྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་སྐད་ཅིག་གཅིག་དང་ལྡན་པ་ཉིད་དུ་མི་འགྲུབ་བོ། །ཁོ་བོ་ཅག་འདོད་པ་ལྟར་ན་དེ་ཡང་འགྲུབ་སྟེ། 98-224a ཇི་ལྟ་ཞེ་ན། རྣམ་པར་མི་རྟོག་འཕགས་བློའི་གཟུང་། །རྣམ་པ་ཀུན་དུ་བརྗོད་མེད་ཉིད། །སྔར་བཞིན་སྐྱེ་བ་བཀག་པའི་ཕྱིར། །སྐྱེ་མེད་རྫས་སུ་ཡོད་མིན་ཕྱིར། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་འཕགས་པའི་བློའི་གཟུང་བ་ནི་འཛིན་པ་མེད་པའི་ཚུལ་གྱིས་གཟུང་བ་ཡིན་ཏེ། སྔར་དེ་ཉིད་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པར་བསྟན་པ་བཞིན་སྐྱེ་བ་བཀག་པའི་ཕྱིར་སྐྱེ་བ་མེད་པའི་ཕྱིར་དང་། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་རིགས་མཐུན་པ་ལས་འབྱུང་བའི་ཕྱིར་བདག་ཉིད་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པ་ཀུན་དུ་བརྗོད་དུ་མེད་པ་ཉིད་ཀྱང་ཡིན་ཏེ། ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །དེ་ལྟ་བུའི་ངོ་བོ་ཉིད་ནི་དོན་དམ་པ་ཡིན་པར་སྦྱར་རོ། །གཞན་ཡང་ཁྱེད་འདོད་པ་ལྟར། །ཡོད་དང་མེད་པའི་དངོས་ཉིད་ཀྱི། །ངོ་བོ་དོན་དམ་ཉིད་ཡིན་ན། །སྒྲོ་འདོགས་པ་དང་སྐུར་མཐའ་ལས། །གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། །ཅེས་བྱ་བ་ནི་འདི་ལྟར་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་ གཉིས་ལས་གྲོལ་བར་འདོད་པས་ནི་ཡོད་པ་དང་མེད་པའི་མཐའ་གཉིས་ཡོངས་སུ་སྤང་བར་བྱ་བ་ཡིན་ན་ཁྱོད་ནི་ཡོད་པ་དང་མེད་པའི་དངོས་པོ་ཉིད་ཀྱི་ངོ་བོ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དོན་དམ་པ་ཉིད་ཡིན་པར་འདོད་པས་དེ་ལ་ཡོད་པ་ཉིད་ཡིན་ན་སྒྲོ་འདོགས་པའི་མཐའ་ལས་མི་འགྲོལ་ ལ་མེད་པ་ཉིད་ཡིན་ན་སྐུར་པ་འདེབས་པའི་མཐའ་ལས་མི་འགྲོལ་བས་མཐའ་གཉིས་སྤངས་པའི་ཕྱིར་གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། ཁོ་བོ་འདོད་པ་ལྟར། ཡོད་མིན་དེ་ཉིད་སྐྱེ་མེད་ཕྱིར། །མེད་མིན་དེ་ཡོད་མ་ཡིན་ཕྱིར། །ཡོད་དང་མེད་པ་གཉིས་སྤངས་པས། །དེར་འདོད་དེ་ཕྱིར་གཉིས་ སུ་མེད། །ཅེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ། །དོན་དམ་པའི་དེ་ཉིད་དུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །མེད་པ་མ་ཡིན་ཏེ། ཡོད་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ཡོད་པ་ཡོད་ན་དེ་ལས་བཟློག་པས་མེད་པར་འགྱུར་བ་ཡིན་ན་ཡོད་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་མེད་པར་ཡང་མི་ འགྱུར་བའི་ཕྱིར་རོ། །དེ་ལྟར་ཡོད་པ་དང་མེད་པ་གཉིས་སྤངས་པས་གཉིས་སུ་མེད་པ་ནི་དེ་ཉིད་ཡིན་པར་འདོད་པས་དེའི་ཕྱིར་གཉིས་སུ་མེད་པ་དེ་ནི་རིགས་པ་དང་མི་འགལ་བ་ཡིན་ནོ། །ཁྱོད་འདོད་པ་ལྟར་ན་སྐྱོན་ཆེན་པོ་གཞན་འདིར་ཡང་འགྱུར་ཏེ། སྟོན་པ་དམིགས་མེད་མི་འགྱུར་ཏེ། །དེ་ 98-224b བཞིན་ཉིད་ལ་དམིགས་པའི་ཕྱིར། །བྱང་ཆུབ་མཉམ་ཉིད་མི་འགྱུར་ཏེ། །དེ་ཉིད་རང་སྣང་ཐ་དད་ཕྱིར། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་དམིགས་པ་ཡོད་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དམིགས་པ་མེད་པ་ཉིད་དུ་མི་འགྱུར་ཏེ། དེ་བཞིན་ཉིད་ལ་ དམིགས་པའི་ཕྱིར་རོ། །དེས་ན་ལུང་ལས། སངས་རྒྱས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཚན་གཞི་མཚན་ཉིད་ངེས་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལ་སོགས་པ་དང་འགལ་ལོ། །སྟོན་པ་དེའི་བྱང་ཆུབ་ཀྱང་ མཉམ་པ་ཉིད་དུ་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དེ་ཉིད་གཅིག་དང་རབ་ཏུ་སྣང་བའི་ཡེ་ཤེས་གཉིས་ཐ་དད་པའི་ཕྱིར་ཏེ། དེ་ལྟར་གཉིས་ཡོད་ན་ངོ་བོ་ཉིད་གཉིས་མངོན་པར་རྟོགས་པ་དེ་ཇི་སྲིད་མཉམ་པ་ཉིད་དུ་འགྱུར། གཞན་ཡང་། དེ་བཞིན་ཉིད་ལ་དམིགས་ པའི་བློ། །ནུས་པ་མ་བཞག་ག་ལས་བྱུང་། །ནམ་མཁའི་མེ་ཏོག་སྣང་བའི་བློ། །ནུས་པ་མ་བཞག་མི་རིགས་བཞིན། །ཞེས་བྱ་བ་ནི་ཁྱེད་ཅག་ཀུན་གཞི་རྣམ་པར་ཤེས་པ་ནི་ཐོག་མ་མེད་པའི་དུས་དང་ལྡན་པ་ཡིན་པའི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་སྐྱེ་བ་དང་ འགག་པ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་ནས་ཡང་དུ་རང་རང་གི་ནུས་པ་འཇོག་པར་བྱེད་ཅིང་། ནུས་པ་དེ་དག་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་སྣ་ཚོགས་པས་ཡོངས་སུ་སྨིན་པར་གྱུར་པ་ནི་འཁོར་བ་ཇི་སྲིད་པའི་བར་དུ་ཀུན་གཞི་རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པ་འདོད་ ཅེས་གྲགས་པས་དེས་ན་སོ་སོའི་སྐྱེ་བོ་དེ་ཉིད་མ་མཐོང་བ་ལ་དེ་བཞིན་ཉིད་ལ་དམིགས་པའི་བློ་ནམ་ཡང་མ་སྐྱེས་པ་ལ་དེ་ཡང་སྐྱེ་བ་མེད་པའི་ཕྱིར། མ་སྐྱེས་པ་ལ་འགག་པ་ཡང་མེད་ན་མི་འགག་པ་གང་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་གང་བཞག་པ་ཡོངས་སུ་སྨིན་པར་གྱུར་ པས་དེ་བཞིན་ཉིད་མཐོང་བའི་བློར་འགྱུར་བའི་ནུས་པ་གཞོག་པ་ཡང་མེད་དོ། །དེ་ལྟར་ནུས་པ་མ་བཞག་པར་དེ་བཞིན་ཉིད་ལ་དམིགས་པའི་བློ་རྒྱུ་མེད་པ་དེ་དག་ག་ལས་འབྱུང་བར་འགྱུར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ཏུ་སྣང་བའི་བློ་ལ་ནུས་པ་སྐྱེས་པ་མེད་པའི་ཕྱིར་སྔོན་ནམ་ཡང་ 98-225a ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་མ་བཞག་པ་དེས་ཕྱིས་ཀྱང་ནམ་མཁའི་མེ་ཏོག་མཐོང་བའི་བློ་སྐྱེ་བར་མི་རིགས་པ་བཞིན་ནོ། །གཞན་ཡང་། རང་ཚུལ་སྦེད་པས་ཁྱོད་ཀྱིས་ནི། །དེ་ཉིད་གཅིག་ཉིད་གཞན་མི་འགྲོལ། །ཞེས་བྱ་བ་ནི་ཁྱོད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་འདོད་ཅིང་། དེ་གཉིས་གཅིག་པ་ཉིད་ཀྱང་མ་ཡིན་ལ། ཐ་དད་པ་ཉིད་ཀྱང་མ་ཡིན་པར་བརྗོད་པ་ཡང་རང་གི་ཚུལ་སྦེད་པ་ཙམ་དུ་ཟད་པས་དེས་ཀྱང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་ཉིད་ཅེས་བྱ་བ་དེ་གཅིག་པ་ཉིད་དང་གཞན་ཉིད་ལས་མི་འགྲོལ་ལོ། ། དབུ་མ་ཤེས་པའི་ཚུལ་གྱིས་རྗེས་སུ་འབྲང་བ་ལ་ནི། རྫས་མེད་དམིགས་སུ་མེད་པའི་ཕྱིར། །ངེད་ལ་ཇི་སྐད་སྨྲས་དེ་རིགས། །ཞེས་བྱ་བ་ནི་རྫས་སུ་མེད་པ་ཁོ་ནས་ངོ་བོ་ཉིད་ལས་དམིགས་སུ་མེད་པའི་ཕྱིར་ངེད་ལ་ནི་སྔར་ཇི་སྐད་སྨྲས་པའི་གཅིག་པ་ཉིད་ཀྱང་མ་ཡིན་ལ། ཐ་དད་པ་ཉིད་ཀྱང་མ་ ཡིན་པར་རིགས་པ་ཁོ་ནའོ། །ཁོ་བོ་ཅག་འདོད་པ་ལྟར་ནམ་མཁའ་ལ་སོགས་པའི་དཔེ་ཡང་འཐད་དེ། ཇི་ལྟ་ཞེ་ན། ནམ་མཁའ་འདྲ་བའང་སྐྱེ་མེད་པས། །ཁྱད་པར་མེད་ཕྱིར་མ་གོས་ཕྱིར། །ཤིན་ཏུ་བརྗོད་དུ་མེད་ཉིད་ཀྱང་། །བློས་ནི་རྣམ་ཀུན་གཟུང་མེད་ཕྱིར། །ཞེས་བྱ་བའི་དོན་ དམ་པའི་དེ་ཉིད་ནི་ནམ་མཁའ་དང་འདྲ་སྟེ། དེའང་འདི་ལྟར་དངོས་པོ་སྐྱེས་པ་ལ་ནི་རྣམ་པའི་ཁྱད་པར་ལས་སྣ་ཚོགས་ཉིད་དུ་དམིགས་པར་འགྱུར་གྱི། དངོས་པོ་མ་སྐྱེས་པ་ལ་ནི་སྐྱེ་བ་མེད་པས་ཁྱད་པར་མེད་པའི་ཕྱིར་དང་། སྤྲོས་པའི་རྟོག་པ་ཐམས་ཅད་ཀྱིས་གོས་པ་མེད་པས་མ་གོས་ པའི་ཕྱིར་ནམ་མཁའ་དང་འདྲའོ། །དེ་ནི་ཤིན་ཏུ་བརྗོད་དུ་མེད་པ་ཉིད་ཀྱང་ཡིན་ཏེ། འདི་ལྟར་བློས་གཟུང་བའི་དངོས་པོ་ལ་ནི་མངོན་པར་བརྗོད་པ་འཇུག་པར་འགྱུར་གྱི། དེ་ནི་བློས་རྣམ་པ་ཀུན་དུ་གཟུང་དུ་མེད་པའི་ཕྱིར་ཤིན་ཏུ་བརྗོད་དུ་མེད་པ་ཉིད་དུ་རིགས་སོ། །གལ་ཏེ་དེ་ཤིན་ཏུ་གཅིག་ ཏུ་མ་སྐྱེས་པ་ཉིད་ཡིན་ན་དེ་ཇི་ལྟར་འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དུ་འགྱུར་ཞེ་ན། དེའི་ཕྱིར་བཤད་པ། སྐྱེ་བ་རབ་རིབ་བྲལ་བའི་བློ། །འཇིག་རྟེན་འདས་པ་ཡིན་པར་འདོད། །འཇིག་རྟེན་ལས་སྒྲོལ་དོན་ཕྱིར་དང་། །འཇིག་རྟེན་ཤིན་ཏུ་འདའ་ཕྱིར་རོ། ། 98-225b ཞེས་བྱ་བ་ནི་སྐྱེ་བ་ཉིད་རབ་རིབ་སྟེ། དེ་དང་བྲལ་བའི་བློ་གང་ལ་ཡོད་པ་དེ་ནི་སྐྱེ་བ་རབ་རིབ་དང་བྲལ་བའི་བློ་འཇིག་རྟེན་ལས་འདས་པ་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་སྒྲོལ་བའི་དོན་གྱི་ཕྱིར་དང་འཇིག་རྟེན་ལས་ཤིན་ཏུ་འདའ་བའི་ཕྱིར་ཏེ། ཇི་སྐད་དུ་དེ་ནི་འཇིག་རྟེན་ལས་གཡོ་ བ་དང་བསྐྱོད་པ་དང་འདའ་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་། དེ་ནི་མི་རྟོག་དམིགས་མེད་དང་། །མཚན་མ་མེད་ཅིང་དེ་ཡིས་ནི། །རང་གཞན་ཆོས་ཉིད་ཅིག་ཅར་དུ། །རྟོག་མེད་ཚུལ་གྱིས་མཉམ་ཉིད་རྟོགས། །ཞེས་བྱ་བ་ལ་བློ་དེ་ནི་ རྣམ་པར་མི་རྟོག་པ་ཡིན་ཏེ། མ་སྐྱེས་པ་ཁོ་ནས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དམིགས་པ་མེད་པ་ཡང་ཡིན་ཏེ། དངོས་པོ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །མཚན་མ་མེད་པ་ཡང་ཡིན་ཏེ། ཡུལ་ལ་མཚན་མར་མི་འཛིན་པའི་ཕྱིར་རོ། །བློ་དེས་ཤེས་པ་རང་གི་ ཆོས་ཉིད་དང་ཤེས་བྱ་གཞན་གྱི་ཆོས་ཉིད་ཅིག་ཅར་དུ་རྟོག་པ་མེད་པའི་ཚུལ་གྱིས་མཉམ་པ་ཉིད་དུ་རྟོགས་པ་ཡང་ཡིན་ཏེ། ཁོ་བོ་ཅག་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་རྣམ་པར་འཇོག་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཤེས་བྱ་བརྟག་པའི་ཕྱིར། ཆོས་རྣམས་སྐྱེ་བ་མེད་པ་ནི། །ཆོས་བདག་མེད་པ་ཉིད་ཅེས་བྱ། །དེ་ལ་རྟོག་དྲིའི་མཚན་མ་དག །འབྱུང་བ་མེད་པ་སྔ་མ་བཞིན། །ཞེས་བྱ་བ་སྨྲས་ཏེ། ཆོས་རྣམས་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེ་ཉིད་ཆོས་བདག་མེད་པ་ཉིད་ཅེས་བྱ་སྟེ། དེ་ལ་རྟོག་པའི་དྲི་མའི་མཚན་མ་དག་འབྱུང་བ་ མེད་པ་ནི་དེ་ཉིད་ཤེས་པ་ཚོལ་བའི་ལེའུར་བསྟན་པ་སྔ་མ་བཞིན་ཏེ། རྟོག་པ་ཉིད་དྲི་མ་ཡིན་ཏེ་སྣང་བའོ། །དེ་ཉིད་མཚན་མ་དེ་མངོན་རྟོགས་སོ། །དེ་ལ་དེ་དག་རྣམ་པ་ཐམས་ཅད་དུ་འབྱུང་བ་མེད་དོ། །འདིར་སྨྲས་པ། མདོ་སྡེ་ལས། དོན་དམ་པ་ནི་རྟག་ཏུ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་ མ་ཡིན་ནོ་ཞེས་གསུངས་པས་མངོན་སུམ་གྱི་ཡུལ་ཡིན་པར་གསུངས་པ་ཡིན་ན་ཁྱེད་ཀྱིས་ནི་དོན་དམ་པར་རྟོགས་པར་བྱ་བ་མ་ཡིན་པར་བསྟན་པས་རྟོག་གེའི་སྤྱོད་ཡུལ་ཡིན་ཏེ། མཐོ་རིས་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པས་ལུང་དང་འགལ་ལོ་ཞེ་ན། ཕ་རོལ་པོ་དག་གི་བསམ་པ་དེ་ 98-226a བཟློག་པའི་ཕྱིར་བཤད་པ། གལ་ཏེ་དེ་ཉིད་རྟོག་གེ་ཡི། །སྤྱོད་ཡུལ་མིན་ཕྱིར་རྗེས་དཔག་པས། །དེ་མི་རྟོགས་པ་དེ་ཡི་ཕྱིར། །ཆོས་རྣམས་ཆོས་ཉིད་བརྟག་མིན་ན། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་ལྟར་སེམས་ནའོ། །འདི་ལ་རྗེས་དཔག་སྐྱོན་མེད་པ། །ལུང་ གི་རྗེས་སུ་སྒྲུབ་བྱེད་པས། །བརྟགས་པའི་རྣམ་རྟོག་ཆུ་བོ་དག །སྣ་ཚོགས་མ་ལུས་བསལ་མཛད་ནས། །ཞེས་བྱ་བ་ནི་འདི་ལ་བཅོམ་ལྡན་འདས་ཀྱིས་དང་པོར་རྗེས་སུ་དཔག་པའི་ཤེས་པ་སྐྱོན་མེད་པ་ལུང་གི་རྗེས་སུ་སྒྲུབ་པར་བྱེད་པས་རང་དང་གཞན་གྱི་གཞུང་ལུགས་ཀྱིས་ ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པའི་ཆུ་བོ་སྣ་ཚོགས་མ་ལུས་པ་དག་བསལ་བར་མཛད་ནས་དེའི་འོག་ཏུ། སངས་རྒྱས་རྣམ་རྟོག་མི་མངའ་བ། །དགོངས་པ་མཁའ་མཉམ་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཇི་བཞིན་དུ། །ཆོས་རྣམས་གཞག་པ་ཉིད་རྟོགས་ཤིང་། ། མིང་ལ་སོགས་པ་ཐོབ་པ་ཉིད། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བརྗོད་པར་བྱ་བ་མ་ཡིན་པ་དང་། འདུས་མ་བྱས་ཞེས་བྱ་བ་ཤེས་བྱ་རྣམ་པ་ལྔ་པོ་མི་དམིགས་པ་ནི་ནམ་མཁའ་མཉམ་པའི་སེམས་སོ། །རྣམ་པར་མི་རྟོག་པའི་མངོན་སུམ་གྱི་ཡེ་ཤེས་ཀྱི་སྐད་ ཅིག་མའོ། །ཉེ་བར་བརྟགས་ནས་གཟིགས་པ་ཞེས་བྱ་སྟེ། གཟིགས་པ་མེད་པའི་ཚུལ་གྱིས་སོ། །དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་སྒྲུབ་མི་ནུས། །དེ་ཉིད་ཤེས་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་དེས་ཟློག་བྱེད། །རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཀྱི་ ཤེས་པའི་མི་མཐུན་པའི་ཕྱོགས་བརྟགས་པ་ཞེས་བྱ་བ་དེ་ནི་རྗེས་སུ་དཔག་པའི་ཤེས་པ་འདིས་ཟློག་པར་བྱེད་པ་ཡིན་གྱི། རྗེས་སུ་དཔག་པའི་སྤྱོད་ཡུལ་དུ་དེ་ཁོ་ན་ཉིད་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ཡང་གལ་ཏེ་རྗེས་སུ་དཔག་པས་མི་མཐུན་པའི་ཕྱོགས་ཇི་ ལྟར་བཟློག་པར་བྱ་ཞེ་ན། སྨྲས་པ། ལུང་གི་ཁྱད་པར་ཐ་དད་པས། །ཐ་དད་གྱུར་པའི་བློ་ལ་ཅི། །ལུང་གི་དབྱེ་བ་མེད་པ་ལ། །རྟོགས་པར་གྱུར་པས་གཞན་ཅི་ཡོད། །ལུང་ལས་གཞན་པའི་ལུང་ནི་ལུང་གི་ཁྱད་པར་ཏེ། དེ་ནི་རྒོལ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་གྱི་དབྱེ་བས་ཤེས་ 98-226b པའི་བྱེ་བྲག་སྐྱེ་བར་འགྱུར་བའོ། །གང་དག་ཐ་མི་དད་པར་འདོད་པ་དེ་དག་ལ་ནི་ཐབས་གཞན་གྱིས་བརྟག་པར་རིགས་པ་མ་ཡིན་གྱི། གཞན་དུ་ཕྱོགས་དང་གཏན་ཚིགས་དང་དཔེ་དང་ལྡན་པའི་རྗེས་སུ་དཔག་པས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། མི་མཐུན་ཕྱོགས་ནི་སྤང་ བྱ་བ། །དམ་བཅས་ཙམ་གྱིས་ཇི་ལྟར་འདོད། །རྣམ་པར་རྟོག་པ་མ་སྤངས་པར། །རྣམ་པར་མི་རྟོག་བློ་ཇི་ལྟར། །རྣམ་པར་རྟོག་པ་ཐམས་ཅད་འགེགས་པར་བྱེད་པ་ན་དམ་བཅའ་བ་འབའ་ཞིག་གིས་བྱེད་པར་ནུས་པ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་བརྟགས་པ་ཞེས་བྱ་བ་མ་སྤངས་ ཀྱི་བར་དུ་རྣམ་པར་མི་རྟོག་པའི་བློ་འབྱུང་བར་འགྱུར་བ་མ་ཡིན་པས་དམ་བཅའ་བ་སྨྲས་ནས་གཏན་ཚིགས་བརྗོད་པར་བྱའོ། །དཔེ་ཡང་བརྗོད་པར་བྱའོ། །མངོན་པར་འདོད་པའི་དོན་སྒྲུབ་པ་ནི་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་ཚང་བ་ཡིན་པས་སོ། །ཐུབ་པ་བདེན་པ་གཟིགས་པ་ཡིས། ། འདི་ལྟར་བདེན་པ་གཉིས་སུ་གསུངས། །ཐ་སྙད་ལ་ནི་བརྟེན་ནས་སུ། །དེ་ཉིད་དོན་ནི་རྟོགས་འགྱུར་ཕྱིར། །རྗེས་སུ་དཔག་པ་གང་གིས་རྣམ་པར་བརྟགས་པ་འགོག་པར་བྱེད་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཐ་སྙད་ཀྱི་བདེན་པ་ཞེས་བྱ་བ་ལ་བརྟེན་ནས་བྱེད་པ་ཡིན་ནོ། །ཐ་སྙད་ཀྱི་བདེན་ པ་དེ་ལ་བརྟེན་ནས་དེ་ནི་རིམ་གྱིས་རྣམ་པར་མི་རྟོག་པ་བརྗོད་དུ་མེད་པའི་དོན་དམ་པ་རྟོགས་པར་འགྱུར་ཏེ། ཇི་ལྟར་ཀུན་རྫོབ་ཀྱི་ཆོས་ལ་མ་བརྟེན་པར་དོན་དམ་པ་རྟོགས་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །དབུ་མ་པའི་ལུགས་ལ་རབ་ཏུ་གྲགས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་ ཅིང་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་ལ་སྐྱོན་དང་བཅས་པ་ཉིད་དུ་སྨྲས་པ། དེ་བཞིན་ཉིད་ལ་དམིགས་པའི་བློ། །དམིགས་དང་བཅས་ཕྱིར་བརྫུན་ཡིན་ཏེ། །རྨི་ལམ་སོགས་ཡིན་དེ་ཤེས་བྱ། །དེས་ན་དེ་ཉིད་ཡིན་མི་རིགས། །དེ་ཁོ་ན་ཉིད་ལ་དམིགས་པའི་བློ་ཞེས་བྱ་བ་ནི་ཆོས་ ཅན་ནོ། །དེ་ནི་བརྫུན་པ་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །དམིགས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་དང་གང་དམིགས་པ་དང་བཅས་པ་ཡིན་པ་དེ་དང་དེ་ནི་བརྫུན་པ་ཡིན་ཏེ། དཔེར་ན་ 98-227a རྨི་ལམ་གྱི་ཤེས་པ་བཞིན་ཞེས་བྱ་བ་ནི་དཔེའོ། །གང་གི་ཕྱིར་དེ་བརྫུན་ཡིན་པ་དེའི་ཕྱིར་དེས་གཟུང་བ་དེ་ནི་དེ་ཁོ་ན་ཉིད་དོ་ཞེས་བྱ་བར་རིགས་པ་མ་ཡིན་ཏེ། དེ་ཡང་བརྫུན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་། གཟུང་དུ་མེད་པ་བརྗོད་མེད་པ། །ཤེས་ པའི་སྤྱོད་པ་རྣམ་སྤངས་པ། །ཐུབ་པའི་དབང་པོས་གསུངས་པའི་ཆོས། །དེ་ཡིས་འདི་ལྟར་འདི་ལ་གནོད། །བློའི་ཡུལ་ཉིད་ཡིན་པའི་ཕྱིར་གཟུང་དུ་མེད་པ་ཉིད་དང་། བརྗོད་དུ་མེད་པ་ཉིད་ཡིན་པར་མི་རིགས་ཏེ། འདི་ལྟར་ཆོས་ཉིད་དེ་ནི་གཟུང་དུ་མེད་པ་དང་བརྗོད་དུ་མེད་པའོ་ཞེས་བྱ་བ་དང་། དེ་ བཞིན་དུ་དོན་དམ་པའི་བདེན་པ་ནི་གང་ལ་ཤེས་པ་འཇུག་པ་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་འགལ་བའི་ཕྱིར་རོ། །རབ་ཏུ་བྱེད་པ་ཡོངས་སུ་རྫོགས་ནས་ཤིན་ཏུ་སྤངས་པའི་དོན་དང་རེག་པར་བྱ་བའི་ཕྱིར། དེ་ལྟར་ལུང་རིགས་ལྡན་པ་ཡི། །དེ་ཉིད་གང་ཞིག་སྔར་བསྟན་པ། ། རིགས་པས་ཡོངས་སུ་བརྟགས་ན་ཡང་། །དེ་ལས་ཉམས་པ་མེད་པར་གནས། །གང་རྣལ་འབྱོར་སྤྱོད་པ་པས་ཡོངས་སུ་བརྟགས་པའི་དེ་ཁོ་ན་ཉིད་ནི་རྣམ་པར་བརྟགས་པ་ན་དཔྱད་བཟོད་པ་མ་ཡིན་ནོ། །ཁ་ཅིག་ཕུང་པོའི་ལྗོན་ཤིང་ཆག །ཁ་ཅིག་རྣམ་ཤེས་རྒྱ་ལ་ཐོགས། །ཡང་དག་ མཐའ་ཡི་གཡང་སར་ཡང་། །མ་ལྷུང་རྒྱལ་བའི་ཐུགས་སྲས་རོལ། །དེ་ལྟར་ན་དེ་ཁོ་ན་ཉིད་གང་དེ་ཉིད་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པར་ལུང་དང་རིགས་པ་དང་ལྡན་པར་བདག་གིས་འདི་སྐད་དུ། ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་ལ། ། དེ་ཉིད་མཉམ་མེད་དེ་མཁྱེན་གསུངས། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བདག་དང་གཞན་གྱི་རྟོག་གེ་པ་རྣམས་ཀྱི་རྗེས་སུ་དཔག་པས་ཀྱང་བསྐྱོད་པར་ནུས་པ་མ་ཡིན་པར་ཡང་དག་པར་རབ་ཏུ་གནས་པ་ཡིན་ནོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། རྣལ་འབྱོར་ སྤྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་ལྔ་པའོ།། །། ༄། །དྲུག་པ། གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུའི་འགྲེལ་པ། དེ་ནས་ད་ནི་གྲངས་ཅན་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་རབ་ཏུ་བྱེད་པ་དྲུག་པ་བརྩམ་པར་བྱའོ། དེ་ལ་ཐུབ་པ་སེར་སྐྱས་བསྟན་པའི་དོན་དམ་པའི་དབང་དུ་བྱས་ནས། རང་ 98-227b བཞིན་གང་ཞིག་རྟོག་པ་མེད། །ཡོན་ཏན་གསུམ་དང་བསྐྱེད་བདག་ཉིད། །དེ་ལས་ཟློག་པས་སྐྱེས་བུ་ཉིད། །འདི་དག་རྟག་ཏུ་གོམས་པར་བྱ། །རང་བཞིན་ནི་ཡོད་དེ་སེམས་དང་ལྡན་པ་མ་ཡིན་པའོ། །དེ་ཡང་མ་སྐྱེས་པ། རྟག་པ། བྱེད་པ་པོས་ལོངས་སྤྱད་པར་བྱ་བ་གཅིག་པུ་ཁྱབ་ པ་ཡོན་ཏན་གསུམ་ལ་སོགས་པ་དང་ལྡན་པའོ། །དེ་ཉིད་ནི་མི་གསལ་བ་སྟེ། ཁ་དོག་དང་། ཚད་དང་། དབྱིབས་ལ་སོགས་པའི་བྱེ་བྲག་གིས་ལྷ་དང་། ལྷ་མ་ཡིན་དང་། མི་ལ་སོགས་པ་འགའ་ཞིག་གིས་མངོན་སུམ་དུ་མ་གྱུར་པའི་ཕྱིར་རོ། །དེ་ཡང་། རྩ་བའི་རང་བཞིན་མི་འགྱུར་བ། ། ཆེན་པོ་ལ་སོགས་རྣམ་པ་བདུན། །རང་བཞིན་འགྱུར་བ་བདེན་ཉིད་དོ། །འགྱུར་བ་རྣམ་པ་བཅུ་དྲུག་ཀྱང་། །རང་བཞིན་འགྱུར་བ་མིན་སྐྱེས་བུ། །འདི་ནི་གྲུབ་པའི་མཐའ་ཡིན་ཏེ། །རྩ་བའི་རང་བཞིན་ནི་འགྱུར་བ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་མི་འགྱུར་བའོ། །གང་གི་ཕྱིར་བློ་རབ་ཏུ་བསྐྱེད་པ་དེའི་ ཕྱིར་ན་རང་བཞིན་ནོ། །བློ་ཉིད་ནི་ཆེན་པོའོ། །བློ་ཡིན་ན་ཡང་གང་གི་ཕྱིར་ངར་འཛིན་པ་རབ་ཏུ་སྐྱེད་པར་བྱེད་པའི་རང་བཞིན་ནོ། །གང་གི་ཕྱིར་རྩ་བའི་རང་བཞིན་ལས་ཡང་དག་པར་འབྱུང་བ་ཡིན་པའི་ཕྱིར་ཡོངས་སུ་འགྱུར་བའོ། །དེ་བཞིན་དུ་ངར་འཛིན་པ་ཡང་དེ་ཙམ་ལྔ་རབ་ཏུ་སྐྱེད་པའི་ཕྱིར་ རང་བཞིན་ཡིན་ལ། བློས་བྱས་པ་ཡིན་པའི་ཕྱིར་ཡོངས་སུ་འགྱུར་བ་ཡིན་ནོ། །དེ་ཙམ་རྣམས་ཀྱང་ཆེན་པོར་གྱུར་པ་དབང་པོ་རྣམས་སྐྱེད་པའི་ཕྱིར་རང་བཞིན་ཡིན་ནོ། །ངར་འཛིན་པ་ལས་བྱུང་བའི་ཕྱིར་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལྟར་དེ་དག་གི་ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ ལྔ་ཞེས་བྱ་བས་རང་བཞིན་ཡོངས་སུ་འགྱུར་བ་ཉིད་ཅེས་བྱ་བ་རྣམ་པ་བདུན་དང་། རྩ་བའི་རང་བཞིན་ནི་བརྒྱད་པའོ། །དེ་ཙམ་གྱིས་བསྐྱེད་པ་ནི་ཡང་འགྱུར་བ་བཅུ་དྲུག་སྟེ། འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་ དང་། སྣ་དང་། ལག་པ་དང་། རྐང་པ་དང་། འཕོངས་དང་། མདོམས་དང་། ངག་དང་བཅུ་དྲུག་པོ་འདི་དག་ནི་རྣམ་པར་ཉམས་པར་འགྱུར་བ་ཡང་སྲེད་པས་འགྱུར་བའོ། །སྐྱེས་བུ་ནི་རང་བཞིན་མ་ཡིན་ཏེ། མི་བསྐྱེད་པའི་ཕྱིར་རོ། །འགྱུར་བ་ཡང་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། ། 98-228a ཡང་ན་འདི་རྣམས་ཀྱི་མཚན་ཉིད་ལ་ཡོན་ཏན་ཆ་མཉམ་པའི་མཚན་ཉིད་ནི་མི་གསལ་བའོ། །ཆེན་པོ་ནི་རྟོག་པའི་མཚན་ཉིད་དང་། དོན་ཐམས་ཅད་ལ་ཁྱད་པར་ཐམས་ཅད་ཀྱི་མཚན་ཉིད་དོ། །ངར་འཛིན་པའི་མཚན་ཉིད་ནི་ཤིན་ཏུ་ང་རྒྱལ་གྱི་མཚན་ཉིད་དོ། །བློ་དང་ ཡིད་དང་ངར་འཛིན་པ། །ཞེས་བྱ་བ་རྣམ་པ་གསུམ་ནི་ནང་གི་བྱེད་པ་པོའོ། །ཞི་བ་དང་དྲག་པོ་དང་རྨོངས་པ་ལ་སོགས་པའི་སྒྲའི་ཁྱད་པར་ལས་གྲོལ་བ་ནི་སྒྲའི་སྤྱི་སྟེ་སྒྲའི་དེ་ཙམ་ཉིད་དོ། །འཇམ་པ་དང་རྩུབ་པ་ལ་སོགས་པ་དང་། དཀར་བ་དང་ནག་པ་ལ་སོགས་པ་དང་། མངར་བ་དང་ སྐྱུར་བ་ལ་སོགས་པ་དང་། དྲི་ཞིམ་པ་དང་། དྲི་མི་ཞིམ་པ་ལ་སོགས་པའི་ཁྱད་པར་འདུས་པ་ནི། སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲིའི་དེ་ཙམ་མོ། །སྒྲའི་མཚན་ཉིད་ནི་ནམ་མཁའོ། །རེག་པའི་མཚན་ཉིད་ནི་རླུང་ངོ་། །གཟུགས་ཀྱི་མཚན་ཉིད་ནི་མེའོ། །རོའི་མཚན་ཉིད་ནི་ ཆུའོ། །དྲིའི་མཚན་ཉིད་ནི་སའོ། །རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་ཞེས་བྱ་བ་ལྔ་ནི་བློའི་དབང་པོ་སྟེ། རང་རང་གི་དོན་རྟོགས་པའི་ཕྱིར་རམ། བློ་སྔོན་དུ་བཏང་ནས་འཇུག་པའི་ཕྱིར་རམ། སྒོར་གྱུར་པ་དེ་ནས་སྐྱེས་བུས་དོན་རྟོགས་པར་འགྱུར་བའི་ཕྱིར་བློའི་དབང་ པོ་ཞེས་བྱའོ། །ངག་དང་ལག་པ་དང་རྐང་པ་དང་། འཕོངས་དང་། མདོམས་ཞེས་བྱ་བ་ནི་བྱ་བ་སྔོན་དུ་སོང་ནས་འཇུག་པ་ཡིན་ཏེ། སྐྱེས་བུའི་བྱ་བ་ལ་ཉེ་བར་གནས་པའི་ཕྱིར་ལས་ཀྱི་དབང་པོ་ཞེས་བྱའོ། །ཡིད་ནི་གཉི་གའི་བདག་ཉིད་ཅན་ཏེ། སེམས་དང་མཚུངས་པར་ལྡན་པའི་ ཕྱིར་བློའི་དབང་པོ་ཡིན་ལ། བྱ་བ་དང་མཚུངས་པར་ལྡན་པའི་ཕྱིར་ལས་ཀྱི་དབང་པོའོ། །ས་ལ་སོགས་པ་ནི་ཞི་བ་དང་དྲག་པོ་ལ་སོགས་པའི་ངོ་བོས་དེ་ཙམ་དག་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཁྱད་པར་རོ། །དེ་བཞིན་དུ་རང་བཞིན་འགྱུར་བ་ལས་བྱུང་བའི་མཚན་ཉིད་ནི་ལྔ་བཅུ་སྟེ། འདི་ལྟ་སྟེ་མགུ་བ་ནི་དགུའོ། །གྲུབ་པ་ནི་བརྒྱད་དོ། །ནུས་པ་ནི་ཉི་ཤུ་རྩ་བརྒྱད་དོ། །ཕྱིན་ཅི་ལོག་པ་ནི་ལྔ་སྟེ། དེ་ལྟར་ན་ལྔ་བཅུའོ། །དེ་ལ་ཆུ་དང་། ཆུ་རྒྱུན་དང་། ཆུ་བོ་དང་། ཆར་འབབ་པ་དང་། ལེགས་པར་རྒལ་བ་དང་། གཞན་མ་ཡིན་པ་དང་། མིག་བཟང་བ་དང་། འོད་ཅན་དང་། ལུས་མཆོག་ཅེས་བྱ་བ་ནི་མགུ་བ་དགུ་ཡིན་ཏེ། 98-228b ཡོངས་སུ་མཉེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རང་བཞིན་ལས་འབྲས་བུ་ཐོབ་པ་ཡིན་གྱི། སྐྱེས་བུས་བྱས་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་གང་གིས་མཐོང་བ་དེ་ནི་ཡོངས་སུ་དགའ་བ་ཐར་པ་ལ་སོགས་པའི་ཡུལ་ལ་སྐྱེ་བར་འགྱུར་བ་ནི་ཆུ་ཞེས་བྱའོ། །ཉེ་བར་ལེན་པ་ལས་འབྲས་བུ་འཐོབ་ཀྱི། སྐྱེས་བུས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཆུ་རྒྱུན་ནོ། །དུས་ཀྱིས་འབྲས་བུ་འཐོབ་ཀྱི་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆུ་བོའོ། །སྐལ་པས་འབྲས་བུ་འཐོབ་པ་ཡིན་ཞེས་བྱ་བ་ནི་ཆར་འབབ་པའོ། །ཡུལ་ལ་སོགས་པ་ཉེ་བར་སྒྲུབ་པའི་སྐྱོན་མཐོང་ནས་གང་ཐར་པ་ལ་སོགས་པ་ལ་ ཡོངས་སུ་དགའ་བ་དེ་ནི་ལེགས་པར་རྒལ་བའོ། །ཀུན་དུ་བསྲུང་བའི་སྐྱོན་མཐོང་བ་ནི་གཞན་མ་ཡིན་པའོ། །ཐར་པ་མཐོང་བ་ནི་མིག་བཟང་བའོ། །དབང་པོ་མཐོང་བ་ནི་འོད་ཅན་ནོ། །རྣམ་པར་འཚེ་བ་མཐོང་ན་ཐར་པ་ལ་སོགས་པ་ལ་ཡོངས་སུ་དགའ་བ་དེ་ནི་ལུས་མཆོག་ཅེས་བྱ་སྟེ། དེ་ དག་ནི་མགུ་བ་རྣམ་པ་དགུ་ཡིན་ནོ། །དེ་བཞིན་དུ་ཡེ་ཤེས་ལས་སྐྱེ་བའི་གྲུབ་པ་ནི་བརྒྱད་དེ། འདི་ལྟ་སྟེ། སྒྲོལ་བ་པོ་དང་། ལེགས་པར་སྒྲོལ་བ་པོ་དང་། སྒྲོལ་བའི་མཐར་ཕྱིན་པ་དང་། དགའ་བ་དང་། རབ་ཏུ་དགའ་བ་དང་། མགུ་བར་གྱུར་པ་དང་། ཉམས་དགའ་བ་དང་། མཆོག་ ཏུ་དགའ་བ་ཞེས་བྱ་བ་སྟེ། གྲུབ་པའི་ཕྱིར་དང་། སྒྲུབ་པའི་ཕྱིར་ན་གྲུབ་པའོ། །དེ་ལ་ཤེས་པ་གང་དཔྱད་པ་བྱས་ནས་སྐྱེ་བ་དེ་ནི་སྒྲོལ་བ་པོ་ཞེས་བྱའོ། །ཐོས་པ་ལ་སོགས་པ་དག་གི་ཤེས་པ་ནི་ལེགས་པར་སྒྲོལ་བ་པོ་ཞེས་བྱའོ། །བརྗོད་བྱ་དང་རྗོད་བྱེད་སྔོན་དུ་སོང་བའི་བླ་མས་བསྟན་པ་ལས་ སྐྱེས་པའི་ཤེས་པ་དེ་ནི་སྒྲོལ་བའི་མཐར་ཕྱིན་པ་ཞེས་བྱའོ། །གྲང་བ་དང་ཚ་བ་བཟློག་པའི་ཐབས་ཤེས་པ་ནི་དགའ་བའོ། །ནང་གི་བདག་ཉིད་ཀྱི་རླུང་དང་མཁྲིས་པ་དང་། བད་ཀན་ལ་སོགས་པའི་ནད་གང་བདག་ཉིད་དམ་བླ་མ་ལས་སྐྱེས་པའི་བཟློག་པའི་ཐབས་ཤེས་པ་གྲུབ་པ་དེ་ནི་རབ་ཏུ་ དགའ་བ་ཞེས་བྱའོ། །དེ་བཞིན་དུ་གང་དང་པོ་འབྱུང་བ་ལས་གྱུར་པ་མི་དང་། བྱོལ་སོང་དང་། རི་དགས་དང་། སྦྲུལ་ལ་སོགས་པའི་རྒྱུ་མཚན་ལས་བྱུང་ཞིང་སྐྱེས་པས་འཇིག་པ་དང་། འཐབ་རྩོད་དང་། རྡེག་པ་ལ་སོགས་པའི་སྡུག་བསྔལ་རྣམས་བླ་མའམ། བདག་ཉིད་ལས་སྐྱེས་པ་ 98-229a ན། བཅོས་པའི་ཐབས་བྱས་པ་ལས་ཤེས་པ་གྲུབ་པ་དེ་ནི་མགུ་བར་གྱུར་པ་ཞེས་བྱའོ། །དེ་བཞིན་གཡས་ཕྱོགས་སུ་འཇུག་པའི་རྒྱུས་སམ། སྐལ་བ་དང་ལྡན་པའི་རྒྱུ་ཅན་གྱི་བདེ་བ་ལ་དམིགས་པ་ལ་སོགས་པས་ཚངས་པར་སྤྱོད་པའི་ཤེས་པ་དེ་ནི་ཉམས་དགའ་བ་ ཞེས་བྱའོ། །དེ་བཞིན་དུ་གང་ལྡང་བ་དང་། ཕྱག་འཚལ་བ་དང་། སྐྲ་དང་། ཁ་སྤུ་བྲེགས་པ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཤེས་པ་དེ་ནི་རྟག་ཏུ་དགའ་བ་ཞེས་བྱ་བ་སྟེ། འདི་དག་ནི་གྲུབ་པ་བརྒྱད་ཡིན་ནོ། །ཡང་དབང་པོ་ལ་གནོད་པས་འོན་པ་དང་། མཛེ་ནད་དང་། དམུས་ལོང་གི་ངོ་བོ་དང་། བེམས་པོ་ཉིད་དང་། དྲི་མི་ཞིམ་པ་ཉིད་དང་། གྲུམ་པོ་ཉིད་དང་། རྟུག་སྐམ་ཅན་དང་། མ་ནིང་དང་། ལག་པ་ཉམས་པ་དང་། ལྐུགས་པ་དང་། ཤེས་པ་ཉམས་པ་ཞེས་བྱ་བ་འདི་དག་གི་གྲངས་ཇི་ལྟ་བ་བཞིན་དུ་པགས་པ་དང་། མིག་དང་། ལྕེ་དང་། སྣ་ལ་སོགས་པ་དང་། ངག་དང་། ལག་པ་དང་། རྐང་པ་དང་། འཕོངས་དང་། མདོམས་ཞེས་བྱ་བའི་དབང་པོ་ལ་གནོད་པ་འདི་དག་ནི་ནུས་པ་བཅུ་གཅིག་གོ། །དེ་བཞིན་དུ་ཆུ་མ་ཡིན་པ་དང་། ཆུ་རྒྱུན་མ་ཡིན་པ་དང་། ཆུ་བོ་མ་ཡིན་པ་དང་། ཆར་པ་འབབ་པ་མ་ཡིན་པ་དང་། ལེགས་པར་རྒལ་བ་མ་ཡིན་པ་དང་། གཞན་མ་ཡིན་པ་མ་ཡིན་པ་དང་། བཟང་པོ་མ་ཡིན་པ་དང་། འོད་ཅན་མ་ཡིན་པ་དང་། ལུས་མཆོག་མ་ཡིན་པ་ཞེས་བྱ་བའོ། །དེ་ལ་རང་བཞིན་རྟག་ཏུ་ཡོད་དུ་ཟིན་ཀྱང་ཐར་པ་ལ་སོགས་པ་ལ་དགའ་བ་མི་སྐྱེ་བ་ནི་ཆུ་མ་ཡིན་པ་ཞེས་བྱ་བ་ནས་འཚེ་བ་མཐོང་ཡང་ཐར་པ་ལ་སོགས་ པ་ལ་དགའ་བ་མི་སྐྱེ་བ་ནི་ལུས་མཆོག་མ་ཡིན་པ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྒྲོལ་བ་པོ་མ་ཡིན་པ་དང་། ལེགས་པར་སྒྲོལ་བ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གྲུབ་པ་བརྒྱད་ལ་གནོད་པ་སྟེ། ཤེས་པ་གང་དཔྱད་པ་བྱས་ནས་སྐྱེ་བ་མ་ཡིན་པ་དེ་ནི་སྒྲོལ་བ་པོ་མ་ཡིན་པ་ཞེས་ བྱ་བ་ལ་སོགས་པ་ནས། ཇི་སྲིད་གཡོ་སྒྱུ་དང་ལས་སུ་རུང་བ་དང་། སེར་སྣ་ལ་སོགས་པའི་དོན་མི་དམིགས་པ་ན་རྟག་ཏུ་དགའ་བ་མ་ཡིན་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་སྟེ། འདི་དག་ནི་ནུས་པ་མ་ཡིན་པ་ཞེས་བྱའོ། །ཕྱིན་ཅི་ལོག་རྣམ་པ་ལྔ་ནི་འདི་ལྟ་སྟེ། མུན་པ་དང་། རྨོངས་ 98-229b པ་དང་། རྨོངས་པ་ཆེན་པོ་དང་། ཤིན་ཏུ་མུན་པར་གྱུར་པ་དང་། ཤིན་ཏུ་སྨག་ཏུ་གྱུར་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཅེས་བྱ་བ་སྟེ། ཕྱིན་ཅི་ལོག་གི་དོན་སྟོན་པར་བྱེད་པ་འདི་ལྟ་སྟེ། གཞན་མ་ཡིན་པ་ལ་གཞན་གྱི་བློ་དང་། ལེགས་པ་མ་ཡིན་པ་ལ་ལེགས་པར་ཡང་དག་པར་སྒྲུབ་པ་དང་། བདེ་བ་མ་ཡིན་པ་ལ་བདེ་བར་མངོན་པར་ང་རྒྱལ་བ་དང་། མི་ནུས་པ་ལ་ནུས་པར་མངོན་པར་ང་རྒྱལ་བ་དང་། མི་བཟོད་པ་ལ་བཟོད་པར་ཡིད་ཆེས་པ་ཞེས་བྱའོ། །འདི་དག་ནི་ཕྱིན་ཅི་ལོག་ལྔ་ཡིན་པར་མཚན་ཉིད་ལྔ་བཅུ་པ་ལས་བསྟན་ཏེ། རང་ཞིན་འགྱུར་བ་ལས་བྱུང་བ་འདི་དག་ཐམས་ཅད་ ཀྱང་འགྱུར་བ་མ་ཡིན་པས་ཞིང་ཞེས་བྱ་བ་ལ་ཞིང་དེ་ཤེས་པའི་ཕྱིར་སྐྱེས་བུ་ནི་ཞིང་ཤེས་པ་ཞེས་བྱ་སྟེ། རང་བཞིན་དང་འགྱུར་བའི་མཚན་ཉིད་དང་བྲལ་བའོ། །དེ་དག་ནི་བདག་སྟེ་ཤེས་པ་ཡོད་པ་ལས་ཐ་དད་དུ་མ་གྱུར་པ། མ་སྐྱེས་པ། རྟག་པ། མ་བྱས་པ། ཟ་བ་པོ། །གཙོ་བོ། ཁྱབ་པ། བྱེད་ པ་མེད་པ། ཡོན་ཏན་གསུམ་ལས་བཟློག་པ་མི་སྐྱེད་པའི་ཆོས་ཅན་རྐྱེན་ཉེ་བར་རྙེད་ནས་ཤེས་པ་བསྐྱེད་པ་སྙིང་སྟོབས་ལ་སོགས་པའི་མཚན་ཉིད་ཅན་མ་ཡིན་པའི་ཕྱིར། ཡོན་ཏན་མ་ཡིན་པ་རྩོམ་པ་མེད་པ་ཡིན་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་སྤྱོད་པའི་ཕྱིར་ན་ཡུལ་ཅན་ནོ། །སྐྱེ་བ་དང་ཉམས་པ་ མེད་པའི་ཕྱིར་རྟག་པའོ། །རང་བཞིན་དང་འགྱུར་བ་ལས་གཞན་ཡིན་པའི་ཕྱིར་རྟགས་མེད་པ། གཅིག་ཡིན་པའི་ཕྱིར་ཆ་ཤས་དང་བྲལ་བ་དང་པོ་དང་ཐ་མ་མེད་པའི་ཕྱིར་མཐའ་མེད་པ་སྟེ། འདི་དག་ནི་སྐྱེས་བུའི་མཚན་ཉིད་ཡིན་ནོ། །ཡང་གྲུབ་པའི་མཐའི་མཚན་ཉིད་རྣ་བ་ལ་སོགས་པ་ འཇུག་པ་ནི་མངོན་སུམ་མོ། །ཐོབ་པར་བྱེད་པ་ནི་དབང་པོའོ། །མཐོང་བ་ནི་ཡུལ་ཅན་ནོ། །ལྟ་བ་པོ་ནི་སྐྱེས་བུའོ། །གཟུགས་ལ་སོགས་པ་ནི་རྫས་ལས་གཞན་མ་ཡིན་ནོ། །ཆ་ཤས་དང་། ཆ་ཤས་ཅན་དང་། རྒྱུ་དང་། འབྲས་བུ་དག་དང་། མཚན་ཉིད་དང་། མཚན་ཉིད་ཅན་དག་ནི་ གཅིག་གོ། །བྱེད་པ་ལ་ནི་བྱ་བ་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་སྨྲས་པའི་དེ་ཁོ་ན་ཉིད་འདི་དག་རིམ་གྱིས་གོམས་པར་བྱས་པ་ལས། ཡིད་ལས་སྙིང་སྟོབས་སྐྱེས་པ་ཅན། །སྐྱེས་བུའི་གཟུགས་བརྙན་འབྱུང་བའམ། །དེ་བཞིན་ཡོངས་སུ་གྱུར་ནས་ནི། །བློ་འཇུག་པ་ཡི་རྗེས་སུ་བྱེད། ། 98-230a སྙིང་སྟོབས་ནི་གསལ་བའི་བདག་ཉིད་ཅན་དུ་བསྟན་པའོ། །སྐྱེས་པ་ནི་ལྷག་པར་འཇུག་པ་སྟེ། གང་ལ་སྙིང་སྟོབས་དེ་སྐྱེས་པ་ཡོད་པ་དེ་ནི་ཡིད་ལས་སྙིང་སྟོབས་སྐྱེས་པ་ཅན་ནོ། །ཡིད་ཀྱིས་དོན་རྟོགས་པར་འཇུག་པ་ན་རྟོགས་པའི་གཟུགས་བརྙན་སྐྱེས་བུ་ལ་འབྱུང་ བར་འགྱུར་བ་ནི་ཇི་ལྟར་ཆུ་མི་གཡོ་བ་ལ་ཟླ་བའི་གཟུགས་བརྙན་མཐོང་བར་གྱུར་ཀྱང་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྐྱེས་བུ་ལས་འགྱུར་བ་མེད་ཀྱང་བློས་ཡོངས་སུ་ཤེས་པའི་དོན་གྱི་གཟུགས་བརྙན་ཡང་འབྱུང་བར་འགྱུར་ལ། གྱུར་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་བློས་དོན་རྟོགས་པའི་རྗེས་སུ་ཡང་བྱེད་པས་མེ་ལོང་གི་གཟུགས་བརྙན་བཞིན་དུ་ཡོངས་སུ་འགྱུར་བ་ཡིན་གྱི་འགྱུར་བ་ནི་མ་ཡིན་ནོ། །བློ་དེས་ཅི་ཞིག་རྟོགས་ནས་སྐྱེས་བུ་གང་ཞིག་ཟླ་བའི་གཟུགས་བརྙན་གྱི་རྗེས་སུ་མཐུན་པ་འབྱུང་བར་འགྱུར་བའམ། གང་གི་རྗེས་སུ་བྱེད་པར་སྐྱེས་བུ་ཡོངས་སུ་འགྱུར་བ་ཡིན་ཞེ་ན། སྨྲས་པ། བདག་ཀྱང་གཞན་ཞིང་རང་བཞིན་གཞན། །འདི་ལྟར་དེ་ཉིད་མཐོང་བ་ཡི། །བྱེད་དང་བྱ་བ་ལྡོག་པ་ཡི། །སྐྱེས་བུ་གྲོལ་བ་ཡིན་ཞེས་བརྗོད། །སྐྱེས་བུ་བཅིང་བ་གསུམ་གྱིས་བཅིངས་པ་ལས་ཐར་པ་རྣམ་པ་གསུམ་འབྱུང་བ་ནི་ཐར་པ་ཞེས་བྱ་སྟེ། མདོར་བསྡུས་པའི་ཚིག་གི་དོན་ཏོ། །འཆིང་བ་རྣམ་པ་གསུམ་ནི། རང་བཞིན་གྱི་འཆིང་བ་དང་། འགྱུར་བའི་འཆིང་བ་དང་། ནོར་གྱི་འཆིང་བའོ། །དེ་ལ་རེ་ཞིག་ནོར་གྱི་འཆིང་བ་ཞེས་བྱ་བ་ནི་ཁྱིམ་པའམ། ཚངས་པར་སྤྱོད་པའམ། ནགས་ལ་གནས་པ་ལ་སོགས་པ་རྣམས་ནི་ནོར་རྙེད་པས་འཆིང་བ་ཡིན་ཏེ། ནོར་བརྒྱ་རྙེད་དམ་སྟོང་རྙེད་ ཅེས་བྱ་བ་ལ་སོགས་པས་སོ། །འགྱུར་བའི་འཆིང་བ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་བལྟ་བར་འདོད་པས་སྒྲ་དང་། རེག་བྱ་དང་། རོ་དང་། གཟུགས་དང་། དྲི་རྣམས་ཀྱིས་དབང་པོའི་འགྱུར་བར་བྱེད་པའི་ཕྱིར་འཆིང་བ་ཞེས་བྱའོ། །རང་བཞིན་གྱི་འཆིང་བ་ཞེས་བྱ་བ་ནི་ལྷ་དང་། ལྷ་མ་ཡིན་ དང་། མི་དང་། དུད་འགྲོ་ལ་སོགས་པ་རྣམས་ཀྱི་ལུས་གང་དག་གཞན་དང་གཞན་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་དུ་འགྱུར་བའི་བདག་ཉིད་དུ་འབྱུང་བ་སྟེ། བདེ་བ་དང་། སྡུག་བསྔལ་དང་། རྨོངས་པའི་བདག་ཉིད་ཀྱི་ཕྱིར་དང་། ངར་འཛིན་པ་དང་། དེ་ཙམ་དང་། དབང་པོའི་ཁྱད་པར་གྱི་ 98-230b མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འཁོར་བ་ན་ཡུལ་ལ་སྲེད་པ་ཉིད་ཀྱིས་སྐྱེས་བུ་དང་རང་བཞིན་ལ་གཅིག་པ་ཉིད་དུ་རྨོངས་པ་ཡོད་ལ། ཤེས་པ་ལྷག་པར་སྐྱེས་པར་གྱུར་པ་ན་དོན་ཐམས་ཅད་ལ་ཡོངས་སུ་ངོམས་པར་གྱུར་པའི་ཕྱིར་རང་བཞིན་ཡང་གཞན་ལ་བདག་ཀྱང་གཞན་ནོ་ ཞེས་དེ་ཁོ་ན་ཉིད་མཐོང་བ་ན་ས་ལ་སོགས་པའི་བྱ་བ་དང་། མིག་ལ་སོགས་པའི་བྱེད་པ་རྣམས་ལྡོག་པར་འགྱུར་བས་རང་བཞིན་ལ་སོགས་པའི་འཆིང་བ་ལས་སྐྱེས་བུ་ཐར་པ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་པ་ཁ་ཅིག་གི་ཡིན་ནོ། །ཡང་ཁ་ཅིག་ནི་རང་གི་གྲུབ་པའི་མཐའི་དབྱེ་བ་དང་། བདག་ དང་བདག་གི་མེད་རྟོགས་པའམ། །དོན་བྱས་པ་ན་རྗེས་བཟུང་བ། །རང་བཞིན་གྱིས་ནི་གྲོལ་ཡིན་ཕྱིར། །དེ་ཉིད་ཡིན་པར་གྲངས་ཅན་སྨྲ། །འདི་ལས་དང་པོ་སྲིད་པ་ན། །རང་བཞིན་གཅིག་ལས་སྐྱེས་བུས་སྤྱད་པར་བྱ་བའི་དོན་རྣམ་པ་སྣ་ཚོགས་པ་གཞན་མ་ཡིན་པ་ཉིད་དུ་འཇུག་པར་འགྱུར་ རོ། །གྲོལ་བའི་དུས་ན་ནི་བདག་ཀྱང་སྐྱེས་བུ་འདིའི་མ་ཡིན་ལ། སྐྱེས་བུ་འདི་ཡང་བདག་གི་མ་ཡིན་ནོ་ཞེས་འདིའི་དེ་ཁོ་ན་ཉིད་མཐོང་བ་སྐྱེས་པ་ན་ཡུལ་གྱི་ལོངས་སྤྱོད་ཇི་སྙེད་ཅིག་སྐྱེས་བུ་ལ་སྦྱིན་པར་བྱ་བ་དེ་བདག་གིས་བྱིན་པས་དེས་ན་བདག་གི་དོན་བྱས་པ་ཡིན་ཞིང་། སྐྱེས་བུ་ལ་ཐམས་ ཅད་ཀྱིས་རྗེས་སུ་བཟུང་བའི་ཕྱིར་སྐྱེས་བུ་ལས་རང་བཞིན་གྲོལ་བ་ཡིན་ནོ། །གྲངས་ཀྱི་འཇུག་པའམ་གྲངས་ཡོངས་སུ་ཤེས་པས་གྲོལ་བར་འདོད་པས་གྲངས་ཅན་ཏེ། འདི་ལྟ་བུའི་རྣམ་པ་དག་དོན་དམ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟ་བུ་ནི་འདིར་དེ་དག་གིས་ཉེ་བར་སྦྱར་ བའི་ཕྱོགས་སྔ་མ་ཡིན་ནོ། །དེ་ནས་གཞན་གྱིས་ལན་འདེབས་པའི་ཕྱོགས་བརྗོད་པར་བྱ་སྟེ། དེ་ལ་གཙོ་བོ་སྐྱེས་བུ་ནི། །ཅི་ལྟར་མི་རིགས་ལས་སྔར་བསྟན། །དེ་ཡང་ཡང་འདིར་བརྟག་བྱ་སྟེ། །བདག་ནི་རྟོགས་པ་མ་ཡིན་ནོ། །དེ་ཉིད་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པར་དབང་ཕྱུག་དགག་པའི་ དབང་དུ་བྱས་པ་དང་། མངོན་པར་བརྟག་པའི་དབང་དུ་བྱས་ནས། གཙོ་བོ་དང་སྐྱེས་བུ་དག་མདོར་བསྡུས་ནས་མི་རིགས་པར་རབ་ཏུ་བསྒྲུབས་པ་ཡིན་ལ། རབ་ཏུ་བྱེད་པ་འདིར་ནི་དེ་དག་མི་རིགས་པར་རྒྱས་པར་དཔྱད་པར་བྱའོ། །གྲངས་ཅན་གྱི་གྲུབ་པའི་མཐའ་ནི་འདི་ཡིན་ཏེ། རྟོགས་པ་ནི་ 98-231a སྐྱེས་བུའི་རང་གི་ངོ་བོ་ཡིན་ཏེ། ཅི་ལྟར་མེའི་ཚ་བ་བཞིན་ནོ། །རྟོགས་པ་ཞེས་བྱ་བ་ནི་ཅི་ཞིག་ཡིན་ཞེ་ན། ཤེས་བྱ་རྟོགས་པ་རྟོགས་པ་ཡིན། །གང་དེ་ལྟར་ཡིན་ན་སྐྱེས་བུའི་རྟོགས་པ་ཞེས་བྱ་བར་མི་རིགས་སོ། །རིགས་པ་གང་གིས་ཤེ་ན། བརྗོད་ པར་བྱ་སྟེ། ཤེས་བྱ་རྟོགས་པས་རྟོགས་ཡིན་ན། །ཤེས་བྱ་མེད་པས་དེ་ཡང་མེད། །རྟོགས་པ་ཅན་ནམ་རྟོགས་མེད་པ། །འདིར་ནི་བདག་ཏུ་གང་གིས་འགྱུར། །གལ་ཏེ་བྱ་བ་དང་བྱེད་པ་ལ་བརྟེན་པའི་བློ་འཇུག་པར་འགྱུར་བ་ལ་ལྟོས་ནས་ཡུལ་གྱི་རང་གི་ངོ་བོ་མངོན་པར་རྟོགས་པ་ ཡིན་པས་དེའི་བྱ་བ་དང་། བྱེད་པ་ལྡོག་པ་ཡོད་པར་འགྱུར་ན། བློའི་འཇུག་པ་མེད་པས་ཅི་ཞིག་རྟོགས་ན་རྟོགས་པ་ཞེས་བྱ། དེས་ན་ཐར་པའི་དུས་ན་རྟོགས་པ་དང་བཅས་པ་ཞིག་གམ། རྟོགས་པ་མེད་པའི་སྐྱེས་བུ་ཞིག་ཡིན། གལ་ཏེ་དེ་རྟོགས་པ་ཅན་ཞིག་ཡིན་ན་ནི་ཅིའི་ཕྱིར་ཤེས་ བྱ་མི་རྟོགས། འོན་ཏེ་རྟོགས་པ་མེད་པ་ཅིག་ཡིན་ན་ནི་གྲུབ་པའི་མཐའ་ཡང་གཞན་དུ་འགྱུར་ལ། རང་གི་ངོ་བོ་ཡང་ཉམས་པར་འགྱུར་རོ། །གལ་ཏེ་ཡང་ཅི་ལྟར་མེས་ཤིང་བསྲེགས་ནས། འབར་བ་ཟད་ཅིང་སོལ་བར་གྱུར་པའི་གནས་སྐབས་ན་ཡང་མེའི་རང་བཞིན་མི་འདོར་བ་ལྟར། དེ་བཞིན་ དུ་སྐྱེས་བུ་ཡང་བྱ་བ་དང་བྱེད་པ་ལོག་ཏུ་ཟིན་ཀྱང་རྟོགས་པའི་རང་གི་ངོ་བོ་མི་འདོར་རོ་ཞེ་ན། མི་འདྲ་བ་ཉེ་བར་བཀོད་པ་ཡིན་ཏེ། མ་བསྲེགས་སྲེག་པར་མི་རིགས་ཏེ། །བསྲེགས་པ་མེད་ཕྱིར་དེ་སྔོན་བཞིན། །དེས་ན་སྲེག་བྱེད་དཔེ་ཡིས་ནི། །རྟོགས་པའི་བདག་ཉིད་གྲུབ་མ་ཡིན། །ཅི་ལྟར་དུ་བ་དང་ འབར་བ་དང་བྲལ་དུ་ཟིན་ཀྱང་མེས་ཤིང་གི་ཆ་ཉིད་ཀྱི་སོལ་བ་ལ་སྲེག་པར་བྱེད་ཀྱི་ཕྱིས་ཐལ་བར་གྱུར་པའི་དུས་ན་ནི་སྲེད་པ་ཞེས་བྱ་བའི་མིང་ཡང་མི་ཐོབ་པ་ལྟར། དེ་བཞིན་དུ་སྐྱེས་བུ་ཡང་ཇི་སྲིད་དུ་ཤེས་པ་ཡོད་པ་དེ་སྲིད་དུ་རྟོགས་པ་ཅན་དུ་རིགས་ཀྱི་འདིར་བྱ་བ་དང་བྱེད་པ་གཏན་ལོག་པར་ གྱུར་པ་ན་མེ་ནམ་ཐལ་བར་གྱུར་པའི་གནས་སྐབས་བཞིན་དུ་རྟོགས་པ་ཉིད་མ་ཡིན་པས། དེས་ན་དཔེའི་སྒོ་ནས་དཔེས་བསྟན་པའི་དོན་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་རེ་ཞིག་གྲོལ་བའི་དུས་ན་ནི་སྐྱེས་བུ་རྟོགས་པ་དང་ལྡན་པ་མ་ཡིན་ཞིང་རང་གི་ངོ་བོ་ཡང་ཉམས་པ་ཡིན་ནོ། ། 98-231b འཁོར་བའི་དུས་ན་ནི། ཤེས་བྱའི་རྣམ་པ་འཛིན་བྱེད་པས། །ཤེས་ལ་རྟོགས་པ་ཞེས་འདོད་དེ། །དངོས་པོ་བྱེད་པ་ལ་བརྟེན་ཕྱིར། །དེ་ཡང་སྐྱེས་བུ་འདི་ལ་བརྟེན། །གྲངས་ཅན་གྱི་གྲུབ་པའི་མཐའ་ནི་འདི་ཡིན་ཏེ། དབང་པོ་ཡུལ་དང་ལྷན་ཅིག་མཚུངས་པར་ལྡན་པ་ལས་དབང་པོས་དོན་ རྟོགས་པའི་རྗེས་སུ་ཡིད་ཀྱིས་ཀྱང་རྟོགས་ལ། ཡིད་ཀྱིས་རྟོགས་པའི་དོན་ནི་བློས་ཀྱང་ངེས་པར་རྟོགས་པ་ཡིན་ཏེ། དེ་ཤེས་བྱའི་རྣམ་པས་རྗེས་སུ་འབྲང་བ་ལ་རྟོགས་པ་ཞེས་རྗོད་པར་བྱེད་པ་ཡིན་ནོ། །རྟོགས་པའི་དངོས་པོ་ནི་བློ་ཞེས་བྱ་བའི་རྫས་ལ་བརྟེན་པ་ཡིན་ཏེ། ཇི་ལྟར་གོས་ལ་ ཚོན་བཞིན་ནོ། །དེས་ན་དེ་ནི་ཉེ་བར་གནས་པ་ཙམ་ལས་ཕན་པ་བྱེད་པའི་སྐྱེས་བུ་ལ་བརྟེན་པ་ཡིན་པར་བརྟགས་པ་ཡིན་ནོ། །བརྟགས་པ་བྱས་པ་ཡིན་ན་ནི། །སྐྱེས་བུ་འགྱུར་མེད་རང་གི་ཡུལ། །དེ་དང་དེ་ནི་ལུགས་འདིས་འགལ། །ཤེས་ལས་རྟོགས་པ་གཞན་མིན་པས། །ཅི་ཞིག་ གཞན་དུ་བརྟག་པར་བྱ། །ཡོངས་སུ་འགྱུར་བའི་ཆོས་ཅན་གཞན་གྱི་གཟུགས་ཀྱི་རྗེས་སུ་བྱེད་པ་ལ་འདིར་ཤེས་པ་ཞེས་བྱ་བར་རིགས་ཀྱི། སྐྱེས་བུ་ནི་རྟག་པ་ཡོངས་སུ་འགྱུར་བ་མེད་པ་ཡིན་པས་གཞན་གྱི་གཟུགས་སུ་འབྱུང་བ་མ་ཡིན་ཏེ། ཤེས་པའི་མཚན་ཉིད་ཅན་ཡིན་པའི་ཚུལ་འདིར་ འགྲུབ་པ་མ་ཡིན་ནོ། །དེས་ན་ཤེས་པ་ཞེས་བྱ་བའི་མིང་ཅན་ལས་གཞན་པའི་རྟོགས་པ་ཞེས་བྱ་བ་མེད་པས་ཤེས་པ་ལས་མ་གཏོགས་པའི་གཞན་པ་སྐྱེས་བུའི་རྟོགས་པ་ཞེས་བྱ་བ་བརྟགས་པས་ཅི་ཞིག་བྱ། གཞན་གྱི་བསམ་པ་ཉེ་བར་བཀོད་ཅིང་དགག་པར་བྱ་བའི་ཕྱིར། རྟོགས་པ་བློ་གྲོས་མ་ཡིན་ཏེ། ། རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །དེས་ན་རྟོགས་པ་ཤེས་པ་མིན། །གལ་ཏེ་བློ་ལ་དེ་སྙམ་ན། །ཞེས་བྱ་བ་སྨྲས་ཏེ། སྐྱེས་བུ་ནི་མ་སྐྱེས་པ་ཡིན་པའི་ཕྱིར་དང་རྒྱུ་དང་ལྡན་པ་མ་ཡིན་པའི་ཕྱིར་རྟོགས་པ་ནི་ཐུན་མོང་མ་ཡིན་པར་རིགས་སོ། །ཤེས་པ་ནི་རྒྱུ་དང་ལྡན་པའི་ཕྱིར་བྱས་པ་ཉིད་ལ་ སོགས་པའི་ཆོས་ཐུན་མོང་བ་ཡིན་པས་ཤེས་པས་ནི་རྟོགས་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་ཡང་རྟོགས་པར་ཐལ་བར་འགྱུར་བས་སོ་ཞེས་བྱ་ཞེས་གལ་ཏེ་གཞན་དེ་སྙམ་དུ་སེམས་པར་གྱུར་ན། དེ་ལ་འདི་སྐད་དུ། རྟོགས་ལས་ཤེས་པ་གཞན་ཡིན་པར། །སྒྲུབ་བྱེད་ཅེ་ 98-232a ན་དཔེ་ཡང་མེད། །ཤེས་པའང་དེ་དངོས་མེད་ཅེ་ན། །ཁས་བླངས་པ་ཡིས་གནོད་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། སྐྱེས་བུའི་རང་གི་ངོ་བོ་ཞེས་བྱ་བའི་རྟོགས་པ་ཤེས་པ་ལས་གཞན་ཡིན་ཏེ། རྒྱུ་མེད་པའི་ཕྱིར་ཞེ་ན། དཔེ་ཅི་ལྟ་བུ་ཞིག་ཡོད། དཔེ་མེད་པའི་ཕྱིར་ གཞན་ཡིན་པར་མི་འགྲུབ་བོ། །གལ་ཏེ་ཤེས་པ་ལ་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེ་ན། རང་གི་གྲུབ་པའི་མཐའ་དང་འགལ་བ་ཡིན་ཏེ། སྐྱེས་བུ་ནི་རྟོགས་པ་མེད་པར་ཐལ་བར་འགྱུར་ཏེ། སྐྱེས་བུའི་རྟོགས་པ་ཤེས་པ་ལ་མ་ལྟོས་པའི་ཕྱིར་རོ། །གཞན་ཡང་། མ་སྐྱེས་པ་ནི་རྟོགས་མིན་ ཏེ། །མ་སྐྱེས་ཕྱིར་ནི་རིགས་ལྡན་མིན། །སྐྱེས་བུ་ནི་རྟོགས་པ་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རི་བོང་གི་རྭ་བཞིན་ནོ། །སྐྱེས་བུ་ལ་ནི་རེ་ཞིག་རྟོགས་པ་ཡོད་པ་མ་ཡིན་ལ། རྟོགས་པ་ནི་འདི་ལྟར་ཡོད་པར་སྣང་ངོ་། །དེའི་ཕྱིར་ཡུལ་གྱི་རྗེས་སུ་མཐུན་པར་སྐྱེས་པའི་ཤེས་པ་ཉིད་ནི་དེ་ཡིན་ པར་རིགས་ཀྱི་མ་སྐྱེས་པའི་སྐྱེས་བུའི་ནི་མ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་པ། གལ་ཏེ་འདི་སྙམ་དུ་འཇུག་པར་བྱ་བའི་རྣམ་པའི་རྗེས་སུ་བྱེད་པར་ཡོངས་སུ་འགྱུར་བའི་ཤེས་པ་འཇུག་པའི་དབྱེ་བ་མེད་པར་སྤྱོད་པ་ལ་ཉེ་བར་བརྟགས་ ནས་རྟོགས་པ་ཡོད་དོ་ཞེས་བརྗོད་པར་བྱའོ་ཞེ་ན། བློ་ཡི་འཇུག་པའི་ཁྱད་པར་ནི། །གང་ཕྱིར་ཤེས་ལ་འཇུག་འདོད་ནའང་། །ཐ་དད་ཁྱད་ཅན་ཉིད་འགྱུར་གྱི། །དེ་མེད་པས་ན་དེ་ཡང་མེད། །རང་གི་མཚན་ཉིད་ཀྱི་དབྱེ་བས་ཐ་དད་པའི་རྫས་དག་ལ་ནི་འདི་ཅི་འདྲ་བ་དེ་ཡང་འདི་འདྲའོ་ཞེས་ཁྱད་པར་ མེད་པ་ཉིད་དུ་སྒྲུབ་ཏུ་རུང་གི །ཡང་ཤེས་པ་གཅིག་ལ་བློ་དེ་ནི་དངོས་ཡིན་ལ། སྐྱེས་བུ་ནི་ཉེ་བར་བརྟགས་པ་ཡིན་ནོ་ཞེས་བྱ་བ་ཤེས་པ་གཅིག་ལ་ཁྱད་པར་ཡོད་པར་གང་ལས་ཇི་ལྟར་འགྱུར། གལ་ཏེ་བདག་གི་བློ་གང་ཡང་། །ལ་ལར་ཇི་བཞིན་དོན་དུ་འདོད། །ལ་ལར་དེ་ལས་ བཟློག་ཉིད་དེ། །མཐོ་ལ་མཐོ་ཡི་བློ་བཞིན་ནོ། །ཇི་ལྟར་མཐོ་ཡོར་རྡོ་དང་ཤིང་ལ་སོགས་པ་ལ་འཁྲུལ་པས་ཕྱིན་ཅི་ལོག་ཏུ་སྐྱེས་བུའི་བློ་འབྱུང་བར་འགྱུར་ལ། འཁྲུལ་པ་དང་བྲལ་བར་གྱུར་པ་ན་མཐོ་ཡོར་ཉིད་ཡིན་གྱི་འདི་ནི་སྐྱེས་བུ་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་ 98-232b འགྱུར་རོ། །དེ་བཞིན་དུ་བློ་ལ་སོགས་པ་ལ་འཁྲུལ་པས་ཤེས་པ་ལ་སོགས་པ་ཉིད་དུ་རྟོགས་པར་བྱེད་ལ། དེ་ཁོ་ན་ཉིད་མཐོང་ན་ནི་སྐྱེས་བུ་ཇི་ལྟ་བ་བཞིན་གྱི་དོན་ནི་རྟོགས་པ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། ལ་ལར་ཇི་ལྟར་ཇི་བཞིན་དོན། །ཞེ་ན་ཀུན་རྫོབ་གྲུབ་ པ་སྒྲུབ། །ཇི་བཞིན་དོན་གྱི་སེམས་ཀྱི་ཡུལ། །བདག་ཅེས་བྱ་བར་བདག་ཅག་འདོད། །སེམས་ཀྱི་ཡུལ་གྱི་བློ་ལ་བདག་ཅེས་བྱ་བའི་སྒྲར་ཐ་སྙད་ཀྱི་བདེན་པའི་ཚུལ་དུ་ཁོ་བོ་ཅག་གིས་ཀྱང་འདོད་པ་ཡིན་ཏེ། ཁྱད་པར་མེད་པའི་བློས་དོན་ཇི་ལྟ་བ་བཞིན་དུ་རབ་ཏུ་སྒྲུབ་ན་ནི་གྲུབ་པ་སྒྲུབ་པ་ཡིན་ནོ། །ཅི་ སྟེ་ཀུན་ལ་ཁྱབ་སོགས་ཀྱི། །མཚན་ཉིད་ཅན་བློ་དོན་བཞིན་ན། །དེ་ཉིད་དུའམ་ཀུན་རྫོབ་ཏུའང་། །དཔེ་ནི་ཡོད་པ་མ་ཡིན་ནོ། །བློ་གང་ལ་རྟག་པ་ཁྱབ་པ་བྱེད་པ་དང་བྲལ་བའི་བདག་ཉིད་ཅེས་བྱ་བ་དེ་ནི་དོན་དམ་པའི་དོན་ཇི་ལྟ་བ་བཞིན་ཏེ། བློ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དཔེར་ན་ཇི་ལྟ་བུ་ ཞིག་ཅེས་བྱས་ན། དཔེ་མེད་པའི་ཕྱིར་དེ་ཁོ་ན་ཉིད་དམ། ཀུན་རྫོབ་ཏུ་ཡང་སེམས་ལས་མ་གཏོགས་པའི་བདག་སྒྲུབ་ཏུ་མེད་པས་བློ་དེའི་སྒྲུབ་པར་བྱེད་པའི་དཔེ་ནི་ཡོད་པ་མ་ཡིན་ཏེ། དེས་ན་རྣམ་པ་གཉིས་ཀ་ལྟར་ཡང་བདག་གི་བློ་གྲུབ་པ་མེད་པས་རང་གི་ངོ་བོ་ཉམས་པ་ཡིན་ནོ། ། གང་ཡང་རང་བཞིན་དང་སྐྱེས་བུ་ཐ་དད་དུ་མཐོང་ན་ཐར་པ་ཡིན་ནོ་ཞེས་འདོད་པ་དེ་ལ་ཡང་། རྟོགས་པ་མེད་པས་རྟོགས་པ་ནི། །རང་བཞིན་རྟོགས་པ་མེད་པའམ། །གང་གིས་དེ་ཉིད་ཤེས་སྐྱེ་བས། །གང་ཞིག་གྲོལ་བར་འགྱུར་བ་ཡིན། །རེ་ཞིག་རང་བཞིན་ནི་རྟོགས་པ་མེད་པ་ཡིན་ པའི་ཕྱིར་གཞན་མཐོང་བ་མེད་པ་ཡིན་ནོ། །སྐྱེས་བུ་ཡང་མི་འགྱུར་བའི་ཆོས་ཅན་ཡིན་པ་ལ་སྔར་གཅིག་ཉིད་དུ་མངོན་པར་ཞེན་པ་ལས་ཐ་དད་ཉིད་དུ་མཐོང་བར་གྱུར་ན། འགྱུར་བ་འབྱུང་བ་ཡིན་པས་བློ་གཞན་ཡང་འབྱུང་བ་མ་ཡིན་པའི་ཕྱིར། སྐྱེས་བུ་ལས་མ་གཏོགས་པའི་གཞན་ དུ་བརྗོད་པའི་དེ་ཁོ་ན་ཉིད་འགའ་ཞིག་ལ་ཤེས་པ་སྐྱེ་བར་འགྱུར་བ་གང་ལ་ཐར་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དོན་ཡིན་ནོ། །འདི་ལྟར་སྐྱེས་བུ་ནི་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་བློ་གཞན་དག་ཇི་ལྟ་བ་དེ་ལྟར་འབྱུང་བ་ཡོད་པ་མ་ཡིན་ནོ། །རང་བཞིན་ནི་རྟོགས་པ་ 98-233a མེད་པའི་ཕྱིར་གཞན་པའི་བློ་ཡེ་མེད་པ་ཡིན་ནོ་ཞེས་བྱ་བར་སྨྲས་པ། རྟོགས་པས་འཛིན་པར་བྱེད་པ་ན། །བདག་ནི་འདི་ལྟར་ཞེས་སོགས་ངེས། །རྟོགས་པ་མེད་ཕྱིར་གཞན་མི་རིགས། །དེ་མེད་གྱུར་ན་ཡང་ཅི་ཞིག །གང་ཡང་རེ་ཞིག་རང་བཞིན་དང་། ། སྐྱེས་བུ་དག་ལོངས་སྤྱོད་དང་སྤྱོད་པ་པོའི་ངོ་བོར་གཅིག་པ་ཉིད་དུ་ཡོད་པ་དེའི་ཚེ་ཡང་རང་བཞིན་ནི་བདག་གོ་ཞེས་བྱ་བའི་ཤེས་པར་སྐྱེ་བར་མི་རིགས་ཏེ། ཤིན་ཏུ་རྟོགས་པ་མེད་པའི་ཕྱིར་རོ། །ཡང་ཐ་དད་དུ་མཐོང་བ་ན་ནི་སྐྱེས་བུས་འཛིན་པའི་ལྡོག་པ་ཡིན་ཏེ། བདག་ ཀྱང་སྐྱེས་བུས་མ་ཡིན་ལ་སྐྱེས་བུ་ཡང་བདག་གི་མ་ཡིན་ནོ་ཞེས་བྱ་བའི་ཤེས་པ་ཅི་ཞིག་འབྱུང་བར་འགྱུར། དེས་ན་འདི་ནི་ཤིན་ཏུ་མི་རིགས་པ་ཡིན་ནོ། །འདི་ཡི་ལྡོག་པའང་རིགས་མིན་ཏེ། །མང་པོ་དག་དང་ཐུན་མོང་ཕྱིར། །ཇི་ལྟར་རྗེ་གཅིག་ཤི་གྱུར་ཀྱང་། ། ཚོགས་པ་དག་གི་བྲན་བཞིན་འདོད། །ལོངས་སྤྱོད་ཉིད་ཡིན་ནོ་ཞེས་ཟེར་བའི་རང་བཞིན་ནི་དང་པོ་སྲིད་པའི་ཚུ་རོལ་དུ་སྐྱེས་བུས་ཉེ་བར་སྤྱད་པས་བདག་གི་དོན་བྱས་ཟིན་ཏོ་ཞེས་ལྡོག་པར་འགྱུར་བ་ན་རང་བཞིན་ནི་གཅིག་ཅིག་ཡིན་ལ། སྐྱེས་བུ་ནི་མང་པོ་ཡིན་པས་དེས་ན་འདིར་སྐྱེས་བུ་ གཅིག་ལས་གྲོལ་དུ་ཟིན་ཀྱང་ཐམས་ཅད་དུ་གྲོལ་བ་མ་ཡིན་ཏེ། སྐྱེས་བུ་མང་པོས་ཐུན་མོང་དུ་བཅིངས་པ་ཡིན་པའི་ཕྱིར་རོ། །སྐྱེས་བུ་གཅིག་ཤི་བས་དེ་ལ་བརྩེ་བ་དང་བྲལ་དུ་ཟིན་ཀྱང་དེ་ལས་གཞན་པ་འཚོ་བའི་སྐྱེས་བུ་དག་ལས་གྲོལ་བ་མེད་དོ། །སྐྱེས་བུ་གྲོལ་བ་ལ་ཡང་སྐྱོན་འདི་ ཡོད་དེ། ཐ་དད་ཡུལ་ལ་མ་བསྒྲིབས་ཕྱིར། །ཇི་ལྟར་བདག་གིས་དབྱེ་བ་ལས། །སྐྱེས་བུའི་ཡིད་ལ་སྙིང་སྟོབས་དག །ལྷག་པས་དེ་ཉིད་མཐོང་བར་འདོད། །གྲངས་ཅན་པའི་གྲུབ་པའི་མཐའ་འདི་ཡིན་ཏེ། ལྷ་དང་ལྷ་མ་ཡིན་དང་། མི་དང་དུད་འགྲོའི་འགྲོ་བ་རྣམས་ཀྱི་སོ་སོའི་ ལུས་རེ་རེ་ལ་ཡང་སྐྱེས་བུ་གནས་ཤིང་སྐྱེས་བུ་དེ་ཐམས་ཅད་ཀྱང་ཐམས་ཅད་ལ་ཁྱབ་པ་ཡིན་ནོ་ཞེས་ཟེར་ལ། སྐྱེས་བུ་དེ་དག་གྲོལ་བར་འགྱུར་བ་ན་ཕྱོགས་གཅིག་ཙམ་ལས་ཇི་ལྟར་ཡིན་ཏེ། གང་གི་ཕྱིར་སྙིང་སྟོབས་ལྷག་པར་གྱུར་པའི་ཡིད་སྒྲིབ་པ་དང་བྲལ་བར་གྱུར་ནས་དེ་ 98-233b དག་ལས་སྐྱེས་བུ་གཅིག་གྲོལ་བར་གྱུར་པ་ན་སྐྱེས་བུ་ཐམས་ཅད་གྲོལ་བར་ཐལ་བར་འགྱུར་ཏེ། སྐྱེས་བུ་གཞན་ཐམས་ཅད་ནི་བཅིངས་ནས་གནས་ལ། གཅིག་ཅིག་གྲོལ་བར་ཇི་ལྟར་འགྱུར་ཏེ། ཡུལ་ཐ་མི་དད་པར་གྱུར་པའི་ཕྱིར་རོ། །སྐྱེས་བུ་གྲོལ་བར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི གཞན་ཡང་། སྒྲ་ལ་སོགས་པ་རྟོགས་པ་དང་། །དེ་བཞིན་ཆོས་དང་ཆོས་མིན་དག །སྐྱོན་ནི་རྗེས་སུ་མཚུངས་པའི་ཕྱིར། །མ་མཐོང་ངེས་པ་མེད་པའང་ཡིན། །སྒྲ་ལ་སོགས་པ་ལ་རྣ་བ་ལ་སོགས་པ་འཇུག་པ་དེ་དག་ཀྱང་སྐྱེས་བུ་ཐམས་ཅད་ཀྱི་གཅིག་པ་ཉིད་ཐོབ་པར་འགྱུར་ལ། གཅིག་གིས་ཆོས་སྤྱད་པར་གྱུར་པ་ན་སྐྱེས་བུ་ཐམས་ཅད་ཀྱང་ཆོས་ལ་གནས་པར་འགྱུར་ཞིང་། གཅིག་ཆོས་མ་ཡིན་པ་ལ་ཞུགས་པ་ན་ཐམས་ཅད་ཀྱང་ཆོས་མ་ཡིན་པ་དང་ལྡན་པར་འགྱུར་རོ། །དེས་ན་ནམ་མཐོང་བའི་ཐར་པ་ལ་ཡང་ངེས་པ་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡུལ་ ལ་དབྱེ་བ་མེད་པའི་ཕྱིར་རོ། །ནམ་མཁའི་ཕྱོགས་གཅིག་ལ་མུན་པ་དང་སྣང་བ་གཉིས་སམ། ཆར་འབབ་པ་དང་ཚ་བ་གཉིས་མི་རིགས་པ་བཞིན་ནོ། །སྐྱེས་བུས་ཐམས་ཅད་དུ་ཁྱབ་པ་ཡིན་ན་སྐྱོན་འདི་ཡང་འབྱུང་བར་འགྱུར་ཏེ། ཐམས་ཅད་དུ་ཁྱབ་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱང་འགྲོ་བ་ ཐམས་ཅད་ཀྱི་ངོ་བོར་གནས་པར་འགྱུར་ལ། བདག་རྣམས་ཀྱང་འདྲེས་པར་འགྱུར་རོ། །ལུས་དང་། དབང་པོ་དང་། བློ་རྣམས་ཀྱང་ཐུན་མོང་དུ་འགྱུར་རོ། །གཅིག་གིས་བྱ་བ་བྱས་པ་དེ་གཞན་གྱིས་ཀྱང་བྱས་པར་འགྱུར་རོ། །གཅིག་གིས་བྱ་བ་ཐམས་ཅད་སྤངས་པ་ན་ཐམས་ཅད་ཀྱིས་ཀྱང་བྱ་ བ་སྤང་བར་འགྱུར་རོ། །བྲམ་ཟེ་རྣམས་ཀྱི་ལས་ནི་འདིའོ། །དམངས་རིས་ཀྱི་ལས་ནི་འདིའོ་ཞེས་བྱ་བ་ཡང་མེད་པར་འགྱུར་རོ། །རིགས་བཞི་རྣམ་པར་གཞག་པ་ཡང་མེད་པར་འགྱུར་རོ། །ཕ་དང་། བུ་དང་། དགྲ་དང་། ཕ་མར་གནས་པ་ཉིད་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ལ་ སོགས་པའི་སྐྱོན་ཡོད་དོ། །གང་ཡང་སྐྱེས་བུ་ནི་བློ་འཇུག་པའི་རྗེས་སུ་བྱེད་པ་ཡིན་ནོ་ཞེས་བྱ་བར་འདོད་པ་དེ་ཡང་མི་འགྲུབ་སྟེ། གང་གི་ཕྱིར། གལ་ཏེ་སྐྱེས་བུ་འགྱུར་ཞེ་ན། །སྐྱེས་བུ་རྟོགས་པ་མེད་པ་དང་། །རྒྱུ་མེད་ཁྱབ་པ་མ་ཡིན་ཏེ། །སྐྱེས་བུ་འགྱུར་ཕྱིར་འོ་མ་བཞིན། །སྐྱེས་བུ་ནི་ 98-234a རྟོགས་པ་ཅན་མ་ཡིན་ཏེ། ཡོངས་སུ་འགྱུར་བའི་ཕྱིར་འོ་མ་བཞིན་ནོ། །སྐྱེས་བུ་ནི་རྒྱུ་མེད་པ་མ་ཡིན་ཏེ། འོ་མ་བཞིན་ནོ། །སྐྱེས་བུ་ནི་ཐམས་ཅད་ལ་ཁྱབ་པ་མ་ཡིན་ཏེ། འོ་མ་བཞིན་ཞེས་བྱ་བའོ། །གང་རྣམས་སྐྱེས་བུའི་གཟུགས་བརྙན་འབྱུང་བས་གྲོལ་བར་ འདོད་པ་དེ་ལ་ཡང་། སེམས་ནི་འགྱུར་བ་མེད་ན་ཡང་། །གཟུགས་བརྙན་གྱི་ནི་རྒྱུ་ཡིན་ཕྱིར། །ཇི་སྐད་སྨྲས་པའི་སྐྱོན་ལྡན་པར། །འབྱུང་སྟེ་གདོང་གི་གཟུགས་བརྙན་བཞིན། །ཇི་ལྟར་གདོང་གི་གཟུགས་ཆུ་ལ་སོགས་པ་ལ་གཟུགས་བརྙན་འབྱུང་བའི་རྒྱུར་ཉེ་བར་གནས་ཀྱང་ཡོངས་སུ་འགྱུར་ བ་མེད་པ་དེ་བཞིན་དུ། སེམས་ཀྱི་རྟོགས་པ་ཡང་ཤེས་པས་བལྟས་པའི་དོན་གྱིས་གཟུགས་བརྙན་ཉེ་བར་གནས་པ་ཙམ་ཕན་པར་བྱེད་པ་ཉིད་ཀྱི་རྒྱུའི་ངོ་བོར་ཉེ་བར་གནས་ན་ཡང་ཡོངས་སུ་གྱུར་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཕ་རོལ་པོའི་འདོད་པ་ཡིན་ནོ། །འདིར་ཡང་གཟུགས་བརྙན་བཞིན་ དུ་རྒྱུའི་ངོ་བོར་གྱུར་པ་ཉིད་ཀྱི་སྐྱེས་བུ་ནི་གདོང་གི་གཟུགས་བརྙན་བཞིན་དུ་རྟོགས་པ་མེད་པ་ཉིད་དང་། རྒྱུ་མེད་པ་ཉིད་དང་། ཁྱབ་པ་མ་ཡིན་པས་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་ཡིན་པའི་ཕྱིར་གཟུགས་བརྙན་འབྱུང་བའི་རྒྱུ་དང་འགལ་བའི་དོན་དུ་གནས་པ་ཉིད་ཡིན་ནོ་འདི་ལྟར་ཡང་། སྐྱེས་ བུ་རྟོག་པ་མེད་པའི་ཕྱིར། །བདག་དང་གཞན་ཞེས་མི་རིགས་སོ། །བརྟགས་ན་སྐྱོན་མེད་ཅེ་ན་ཡང་། །གྲོལ་བ་བཏགས་པ་ཉིད་དུ་འགྱུར། །བྱ་བ་དང་བྱེད་པ་ལོག་པ་ཡིན་པས་འདིའི་ཡུལ་ཉེ་བར་གནས་པ་མ་ཡིན་ན། ཅི་ཞིག་ལ་རྟོག་པར་བྱེད་པར་འགྱུར། །རྟོག་པ་མེད་པའི་སྐྱེས་བུ་ཡང་ཇི་ ལྟར་ན། བདག་དང་གཞན་ཞེས་རྟོག་པ་འཇུག་པ་ཉིད་ཡིན། གལ་ཏེ་རྣམ་པར་རྟོག་པ་མེད་དུ་ཟིན་ན་ཡང་བློ་ལ་རྣམ་པར་རྟོག་པས་བདག་ཏུ་བཏགས་པ་ཉིད་ཀྱིས་ཉེ་བར་བཏགས་པ་དང་བཏགས་པ་པ་ཡིན་ནོ་ཞེ་ན། གྲོལ་བ་ཡང་ཉེ་བར་བཏགས་པ་དང་བཏགས་པ་པ་ཉིད་དུ་འགྱུར་ན། གྲོལ་ བ་ནི་དངོས་ཉིད་དུ་འདོད་ཀྱི་ཉེ་བར་བཏགས་པ་མ་ཡིན་ནོ། །དེ་ལྟར་ན་རང་བཞིན་ཡང་མ་ཡིན་ལ་སྐྱེས་བུ་ཡང་མ་ཡིན་པས་གྲོལ་བར་བཏགས་པ་ནི་ལེགས་པ་མ་ཡིན་ནོ། །ཁོ་བོ་ནི་རང་བཞིན་ཡོད་པ་ཉིད་དུ་ཡང་མི་འདོད་པས་རེ་ཞིག་དེ་བརྟག་པར་བྱ་བ་ཡིན་ན་བཅིངས་པ་དང་ཐར་པ་ལྟ་ག་ལ་ 98-234b ཡོད་ཅེས་བརྗོད་པ་ན་གཞན་གྱིས་དེ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཉེ་བར་བཀོད་པ་ནི། གཙོ་བོ་ཡོད་དེ་སྣ་ཚོགས་ཀྱི། །རྗེས་སུ་འགྲོ་ཕྱིར་ཡོངས་གྱུར་ཕྱིར། །བྱ་དང་བྱེད་པའི་ངོ་བོའི་ཕྱིར། །ནུས་ཕྱིར་སྣ་ཚོགས་ངོ་བོའི་ཕྱིར། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །སྣོད་ཆག་པ་ཡི་དུམ་སོགས་ ལྟར། །དེ་བཞིན་དབྱེ་བ་དེ་དང་ལྡན། །དེས་ན་དབྱེ་བ་རྒྱུ་དང་བཅས། །སྙིང་སྟོབས་དང་། རྡུལ་དང་། མུན་པ་རྣམས་ཆ་མཉམ་པ་མི་གསལ་བ་ནི་གཙོ་བོ་སྟེ་ཆོས་ཅན་ནོ། །དེ་ཡོད་པ་ཞེས་བྱ་བ་ནི་དེའི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །སྣ་ཚོགས་ཀྱི་རྗེས་སུ་ འགྲོ་བ་ལ་སོགས་པ་ལྔ་ནི་གཏན་ཚིགས་ཏེ། ཨ་བི་ཏ་ཞེས་བྱ་བའི་མིང་ཅན་ནོ། །དེ་ལ་སྣ་ཚོགས་ཐམས་ཅད་ལ་རང་བཞིན་གྱིས་རྗེས་སུ་ཁྱབ་པ་ནི་རྗེས་སུ་འགྲོ་བ་སྟེ། སྣ་ཚོགས་ཀུན་ཀྱང་བདེ་བ་དང་། སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ཡོངས་སུ་འགྱུར་བ་ནི་ མི་འགྱུར་བའི་ཆོས་ཅན་ཡིན་ན་ཡང་རང་བཞིན་ལས་ཆེན་པོ་བྱུང་བར་འགྱུར་ལ། ཆེན་པོ་ལས་ངར་འཛིན་པའི་ངོ་བོར་འགྱུར་རོ། །ངར་འཛིན་པ་ལས་དེ་ཙམ་གྱི་རྣམ་པར་རོ། །དེ་ཙམ་ལས་དབང་པོའི་རྣམ་པར་རོ། །དབང་པོ་ལས་འབྱུང་བ་ཆེན་པོའི་བདག་ཉིད་དུ་འགྱུར་རོ། །གཙོ་བོ་ནི་ རྩ་བའི་བྱེད་པ་པོའོ། །ཆེན་པོ་དང་ངར་འཛིན་པ་ལ་སོགས་པ་ནི་བྱ་བ་ཡང་ཡིན་བྱེད་པ་ཡང་ཡིན་ཏེ་ཡོངས་སུ་འགྱུར་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ནུས་པ་ནི་རང་བཞིན་ནི་སྐྱེས་པའི་ཆོས་ཅན་ཡིན་པའི་ཕྱིར་སྣ་ཚོགས་ཐམས་ཅད་བསྐྱེད་པར་ནུས་པ་ཡིན་ལ། ཆེན་པོ་ལ་སོགས་པ་རྣམས་ལ་ནི་སོ་སོའི་བྱ་བ་སྐྱེད་པར་བྱེད་པའི་ནུས་པ་ཡོད་པས་ཡིན་ནོ། །སྣ་ཚོགས་ཀྱི་ངོ་བོ་ཉིད་ནི་ཆེན་པོ་དང་། ངར་འཛིན་པ་དང་། དེ་ཙམ་དང་། དབང་པོ་དང་། འབྱུང་བ་ཆེན་པོའི་ཁྱད་པར་རྣམ་པ་དུ་མ་ཉིད་དོ། །ཇི་ལྟར་ས་བོན་ལས་མྱུ་གུ་དང་། སྡོང་བུ་དང་། ཡལ་ག་དང་། ཡལ་ག་ཕྲེའུ་དང་། ལོ་མ་དང་། མེ་ཏོག་ལ་སོགས་པ་དུ་མ་ཞིག་ཀུན་དུ་འབྱུང་ལ། དེ་རྣམས་ཀྱི་བྱེད་པ་པོ་ནི་ས་བོན་གཅིག་ཡིན་ནོ། །དེ་བཞིན་དུ་གཙོ་བོ་མི་གསལ་བ་གཅིག་ལ་དབྱེ་བ་དུ་མ་ཡིན་པས་དེས་ན་བྱེད་པ་པོ་གཅིག་ཡོད་པར་ཤེས་པར་བྱའོ། །ཇི་སྐད་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱབ་པ་ངེས་པ་སྟོན་པའི་ཚིག་ཡིན་ཏེ། གང་དང་གང་ 98-235a རྗེས་སུ་འགྲོ་བ་དང་། ཡོངས་སུ་འགྱུར་བ་དང་། བྱ་བ་དང་བྱེད་པའི་ངོ་བོ་དང་། ནུས་པ་དང་། སྣ་ཚོགས་ཀྱི་ངོ་བོ་ཡོད་པ་དེ་དང་དེ་ནི་རྒྱུ་དང་བཅས་པ་ཡིན་ཏེ། དཔེར་ན། སྣོད་ཆག་པའི་དུམ་བུ་བཞིན་ནོ། །བུམ་པ་ཆག་པའི་དུམ་བུ་ཐམས་ཅད་ཀྱི་རྗེས་སུ་ས་ཉིད་འགྲོ་བ་ ཡོད་ལ། ཙནྡན་གྱི་དུམ་བུ་ལ་ཡང་དྲི་ཉིད་རྗེས་སུ་འགྲོ་བ་ལྟ་བུ་ནི་རྗེས་སུ་འགྲོ་བ་ངེས་པའོ། །ཡོངས་སུ་འགྱུར་བ་ནི་བུམ་པ་གྱོ་དུམ་གྱི་བདག་ཉིད་དུ་གྱུར་པ་ཉིད་དང་། ཙནྡན་དུམ་བུར་གྱུར་པ་ལྟ་བུའོ། །བྱ་བ་དང་བྱེད་པའི་ངོ་བོ་ནི་བུམ་པ་ནི་གྱོ་དུམ་གྱི་བྱེད་པ་པོ་ཡིན་ལ་ཙནྡན་ཡང་དུམ་བུའི་ ཡིན་ནོ། །ནུས་པ་ཡང་བུམ་པས་གྱོ་དུམ་སྐྱེད་པ་དང་། ཙནྡན་གྱིས་དུམ་བུ་མངོན་པར་སྒྲུབ་པར་ནུས་པའོ། །ཡང་སྣ་ཚོགས་ཀྱི་ངོ་བོ་ནི་བུམ་པའམ། ཙནྡན་གྱི་སྡོང་པོ་གཅིག་ལས་དུ་མ་དང་དུ་མའི་རྣམ་པ་ཅན་གྱི་གྱོ་དུམ་དང་། ཙནྡན་གྱི་དུམ་བུ་ལ་སོགས་པར་འབྱུང་བར་འགྱུར་བ་ ཞེས་བྱ་བ་བཞིན་དུ་བསྒྲུབ་བྱ་རྗེས་སུ་འགྲོ་བ་ངེས་པ་ཡིན་ནོ། །དེ་བཞིན་དུ་དབྱེ་བ་དེ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་འགྲོ་བ་ལ་སོགས་པ་སྟེ། འདི་ནི་ཉེ་བར་སྦྱོར་བའི་ཚིག་ཡིན་ནོ། །དེ་ལྟ་བས་ན་དབྱེ་བ་ནི་རྒྱུ་དང་བཅས་པ་ཡིན་ཏེ། འདི་ནི་མཇུག་བསྡུ་བ་ཡིན་ནོ། །འདི་ ལྟ་བུའི་སྒྲུབ་པར་བྱེད་པའི་ཚིག་གི་ཆ་ལྔ་པོ་འདི་ནི་གྲངས་ཅན་གྱིས་ཉེ་བར་བཀོད་པ་ཡིན་ལ། འདི་དག་སུན་དབྱུང་བ་སྨྲས་པ་ནི། དབྱེ་རྣམས་རྒྱུ་དང་བཅས་ཉིད་དུ། །སྒྲུབ་བྱེད་ཅེ་ན་གྲུབ་པ་སྒྲུབ། །ཀུན་ལ་ཆགས་པར་མ་གྲུབ་སྟེ། །འདི་ནི་གཏན་ཚིགས་མ་གྲུབ་ཕྱིར། །གལ་ཏེ་ཁྱོད་ ཀྱི་བསམ་པས་ཆེན་པོ་ལ་སོགས་པའི་དབྱེ་བ་ནི་རྒྱུ་དང་བཅས་པ་ཡིན་ཏེ། གང་རྒྱུ་འགའ་ཞིག་ལས་ཡིན་ནོ་ཞེ་ན་གྲུབ་པ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ཀྱང་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ལས་ཡང་དག་པར་འབྱུང་བ་ཡིན་གྱི། དངོས་པོ་རྒྱུ་མེད་པར་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་ལ་ སོགས་པའི་གཏན་ཚིགས་ནི་ཡང་སངས་རྒྱས་པ་ལ་གྲུབ་པ་མ་ཡིན་ཏེ། རང་བཞིན་གཅིག་གྲུབ་པར་གྱུར་ན་ནི་དེ་དང་ལྡན་པ་ཡང་འགྲུབ་པར་འགྱུར་ན། ཁོ་བོ་ཅག་ལ་ནི་རང་བཞིན་དེ་མ་གྲུབ་པར་ཤེས་ཏེ། མི་གསལ་བའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་ཏེ། གང་ 98-235b ཞིག་གང་དང་ཇི་ལྟར་ལྡན་པར་འགྱུར་ཞེས་གཞན་ལ་མ་གྲུབ་པ་ཉིད་ཡིན་ནོ། །ཡོངས་སུ་འགྱུར་བ་ལ་སོགས་པའི་གཏན་ཚིགས་ལ་ཡང་སྐྱོན་འདི་ཉིད་ཀྱིས་གནོད་པ་ཡིན་ནོ། །དེ་ནས་ཡང་གལ་ཏེ་སྤྱི་སྔོན་དུ་སོང་བ་ཡོད་པ་ལ་རྗེས་སུ་འཇུག་པའི་དབྱེ་བ་ཡོད་པ་ཡིན་ཏེ། སྤྱི་དང་ལྡན་པ་ཡིན་ པའི་ཕྱིར་རམ། སྤྱི་ལ་ཁྱད་པར་མེད་པའི་ཕྱིར་སྔར་གྱི་གཙོ་བོའི་གནས་སྐབས་བཞིན་ནོ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། སྤྱི་ནི་སྔོན་དུ་སོང་འདོད་དེ། །སྤྱི་དང་ལྡན་པའི་ཕྱིར་ཞེ་ན། །སྤྱི་ཉིད་དམ་ནི་ཁྱད་པར་ལ། །སྔ་མ་བཞིན་དུ་དཔེ་ཡང་མེད། །འདིར་ཁྱོད་ཀྱི་སྒྲུབ་པ་ འདི་ལ་དཔེ་མེད་དེ། གཙོ་བོ་བདེ་བ་ལ་སོགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་རྣམ་པར་གནས་པ་གཞན་པ་ཉིད་ཀྱི་རྗེས་སུ་འགྲོ་བ་སྒྲུབ་པ་ལ་དཔེ་བསྟེན་པར་མི་ནུས་པ་ཉིད་དམ། གཞན་ལ་མ་གྲུབ་པ་ཉིད་ཀྱི་ཕྱིར་རབ་ཏུ་བྱེད་པའི་ཕྱེད་ཕྱོགས་སྔ་མར་བྱས་ནས། ཕྱེད་ཕྱི་མས་ལན་རྗོད་པར་བྱེད་པ་ ཡིན་ནོ། །ཐུན་མོང་ལ་ཐུན་མོང་ཞེས་བྱ་བའི་ཁྱད་པར་གྱི་དབྱེ་བ་མེད་པས་སྔ་མ་བཞིན་ཏེ། གཙོ་བོ་བཞིན་དུ་རྗེས་སུ་འགྲོ་བ་ལ་སོགས་པ་མེད་པ་ཡིན་ཏེ། གང་ཁྱོད་སྤྱི་སྔོན་དུ་སོང་བའི་སྒྲུབ་པར་ནུས་པའི་དཔེ་ཡང་ཅུང་ཞིག་ཀྱང་མེད་དོ། །སྣོད་ཆག་པའི་དུམ་བུ་ལ་སོགས་པ་རྣམས་ ཀྱང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་པས་ན་ཁྱད་པར་མེད་པའི་ཕྱིར་འདིར་སྨྲས་པ། ཁྱོད་དཔེ་མེད་དོ་ཞེས་བྱ་བ་འདི་ལྟ་བུའི་ཚིག་མ་སྨྲ་ཅིག །བདག་ཅག་གི་ཕྱོགས་ལ་གཉི་ག་ལ་གྲུབ་པའི་དཔེ་ཡོད་དོ། །ཇི་ལྟ་བུ་ཞིག་ཅེ་ན། བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་ གི་ངོ་བོའི་ཕུང་པོ་སྟེ། ཕུང་པོ་ཡིན་པའི་ཕྱིར་ཚོར་བའི་ཕུང་པོ་བཞིན་ནོ་ཞེ་ན། འདི་ལ་ཡང་བརྗོད་པར་བྱ་བའི་ཕྱིར། བདེ་ལ་སོགས་པའི་ངོ་བོའི་ཕྱིར། །ཚོར་བའི་ཕུང་པོ་བཞིན་མི་འདོད། །ཕུང་པོ་ཡིན་ཕྱིར་བདེ་སྡུག་སོགས། སོ་སོར་མ་ངེས་པ་ཉིད་ཡིན། །བདེ་བའི་ངོ་བོའི་ཕུང་པོ་ནི། །ཕུང་ པོ་ཡིན་པའི་ཕྱིར་ཚོར་བའི་ཕུང་པོ་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚོར་བ་ནི་གསུམ་སྟེ། དེ་ལ་ཕུང་པོ་ཡིན་པའི་ཕྱིར་ཅི་ཚོར་བ་བདེ་བ་བཞིན་དུ་ཕུང་པོ་བདེ་བའི་ངོ་བོ་ཞིག་ཡིན་པར་འགྱུར་རམ། འོན་ཏེ་ཡང་ཕུང་པོ་ཡིན་པའི་ཕྱིར་ཚོར་བ་སྡུག་བསྔལ་ 98-236a བཞིན་དུ་སྡུག་བསྔལ་གྱི་ངོ་བོ་ཞིག་ཏུ་འགྱུར་རམ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ཉིད་གཅིག་ཏུ་འགྱུར་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །སྡུག་བསྔལ་གྱི་ངོ་བོ་ཉིད་དུ་སྒྲུབ་ན་ཡང་ཐལ་བར་འགྱུར་བ་འདི་ཉིད་ཡིན་ཏེ། ཕུང་པོ་ནི་གཏི་མུག་གི་རང་ བཞིན་ཡིན་ཏེ། ཕུང་པོ་ཡིན་པའི་ཕྱིར་ཚོར་བའི་ཕུང་པོ་བཞིན་ནོ་ཞེས་བྱ་བས་སོ། །ཚོར་བ་ནི་གཏི་མུག་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་བསྒྲུབ་བྱས་སྟོང་པ་ཉིད་ཡིན་པས་ན་དཔེའི་སྐྱོན་ཡིན་ནོ། །གལ་ཏེ་ཡང་འདི་སྐད་དུ། གཏི་མུག་ཀྱང་ཚོར་བའི་ངོ་བོ་ཉིད་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་ཚོར་བ་ བདེ་བ་དང་སྡུག་བསྔལ་བཞིན་ནོ་ཞེ་ན། མ་ངེས་པ་ཡི་སྤངས་པས་ན། །དེ་ལྟར་དོན་བྱེད་བདག་ཉིད་ཡིན། །རྒྱུ་དང་ལྡན་པ་ཡིན་པའི་ཕྱིར། །ཅི་གཏི་མུག་ཚོར་བའི་ངོ་བོ་ཉིད་གཅིག་ཏུ་འགྱུར་རམ། འོན་ཏེ་རྒྱུ་དང་ལྡན་པ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པའི་ངོ་ བོ་མ་ཡིན་པ་ཞིག་ཏུ་འགྱུར། དེས་འདི་ལྟར་མ་ངེས་པ་ཉིད་ཀྱིས་ཡོངས་སུ་སྤངས་པ་ཉིད་ཡིན་པས་ན་ཡང་ཇི་ལྟར་མངོན་པར་འདོད་པའི་དོན་མ་གྲུབ་པ་ཉིད་ཡིན་ནོ། །གཞན་ཡང་། རྗེས་འགྲོ་སོགས་ཀྱི་རྗེས་དཔག་གི །དམ་བཅས་སྐྱོན་གྱིས་གནོད་པ་ཡིན། །གཙོ་བོ་ནི་ཡོད་དོ་ཞེས་བྱ་བ་ནི་ དམ་བཅའ་བ་ཡིན་ལ། རྗེས་སུ་དཔོག་པར་བྱེད་པས་རྗེས་སུ་འགྲོ་བ་ལ་སོགས་པ་དང་འགལ་བ་ཡིན་ཏེ། ཇི་ལྟ་ཞེ་ན། རྗེས་སུ་འགྲོ་བ་ལ་སོགས་པས་ནི་རྟག་པ་མ་ཡིན་པ་དང་། ཁྱབ་པ་མ་ཡིན་པ་ལ་སོགས་པར་རྗེས་སུ་དཔོག་པས་རྟག་པ་དང་ཀུན་ལ་ཁྱབ་པ་ལ་སོགས་པ་སྤངས་པ་ ཡིན་པའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ཡང་སྤངས་པ་ཡིན་ནོ། །གཞན་ཡང་། སྐྱེ་མེད་མཐའ་མེད་ཉིད་སོགས་ཀྱི། །དེ་ཡིས་ཁྱད་པར་སྤངས་པས་ན། །གཙོ་བོའི་ཡོན་ཏན་འདོད་པ་ཡི། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་ཀྱིས་ ཀྱང་ཇི་ལྟར་རྗེས་སུ་འགྲོ་བ་དང་ཡོངས་སུ་འགྱུར་བ་ལ་སོགས་པ་ཡོད་པའི་སྣོད་ཆག་པའི་དུམ་བུ་ལ་སོགས་པ་ཡོད་པ་བཞིན་གཙོ་བོ་ཡང་སྒྲུབ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་སྐྱེས་པ་ཉིད་དང་། མཐའ་དང་ལྡན་པ་ཉིད་དུ་ཡང་སྒྲུབ་པར་བྱེད་པས་གཙོ་བོ་ནི་མ་སྐྱེས་པ་དང་། མཐའ་ 98-236b མེད་པ་ཡིན་ནོ་ཞེས་ཟེར་བ་དེས་ན་དེའི་ཁྱད་པར་སྤངས་པས་ཆོས་ཅན་གྱི་ཁྱད་པར་ཡང་སྤངས་པ་ཡིན་པའི་ཕྱིར་དོན་དང་འགལ་བ་ཉིད་ཡིན་ནོ། །གཙོ་བོའི་ངོ་བོ་ནི་གཙོ་བོའོ། །ཡོན་ཏན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཏེ་གཙོ་བོ་ལ་བརྟེན་པ་རྣམས་སོ། །གཙོ་བོའི་ཡོན་ཏན་དེ་རྣམས་ནི་ བྱེད་པ་རྒྱུ་མེད་པའི་ཕྱིར་བྱེད་པ་མེད་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ཡོངས་སུ་འགྱུར་བ་ལ་སོགས་པ་འདི་རྣམས་ཀྱང་དབྱེ་བ་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་འདིར་བརྟག་དགོས་པ་ཡིན་ཏེ། ཅི་རྗེས་སུ་འགྲོ་བ་འདི་སྣོད་ཆག་པའི་དུམ་བུ་ལ་སོགས་པ་བཞིན་དུ་དབྱེ་བ་རྒྱུ་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་ཡང་རྗེས་སུ་འགྲོ་བ་འདི་གཙོ་བོའི་ཡོན་ཏན་བཞིན་དུ་བྱེད་པ་མེད་པ་ཞིག་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །ཡོངས་སུ་འགྱུར་བ་ལ་སོགས་པའི་གཏན་ཚིགས་རྣམས་ལ་ཡང་ཚུལ་འདི་ཉིད་སྦྱར་བར་བྱའོ། །གཞན་ཡང་གཙོ་བོ་ནི་ཡོད་དོ་ཞེས་བྱ་བར་དམ་བཅའ་བའི་དོན་ཅི་ཞིག་ ཡིན། ཅི་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་གཙོ་བོ་གཅིག་པུ་ཡིན་ནམ། འོན་ཏེ་གཙོ་བོ་ནི་ཆེན་པོའི་རྒྱུ་ཡིན་ལ་ཆེན་པོ་ནི་ངར་འཛིན་པའི་རྒྱུ་ཡིན། ངར་འཛིན་པ་ནི་དེ་ཙམ་གྱིའོ་ཞེས་བྱ་བ་ལ་སོགས་པ་སོ་སོའི་རྒྱུ་ཉིད་ཡིན། དེ་ལ་རེ་ཤིག་རྒྱུ་གཅིག་སྔོན་དུ་སོང་བ་ལས་ཡིན་ན་ནི་རྒྱུ་ རྣམས་དང་འགལ་བ་ཡིན་ཏེ། ཇི་ལྟ་ཞེ་ན། འདི་ལ་གང་ཡོད་པ་དེ་དག་ནི་རྒྱུ་ཐ་དད་པར་མཐོང་སྟེ། ཇི་ལྟར་ས་ནི་བུམ་པའི་རྒྱུ་ཡིན་ལ་བུམ་པ་ནི་གྱོ་དུམ་ལ་སོགས་པ་རྣམས་ཀྱི་ཡིན་ནོ། །དེ་བཞིན་དུ་ཙནྡན་གྱི་ལྗོན་པ་ནི་སྡོང་པོའི་རྒྱུ་ཡིན་ལ་སྡོང་པོ་ནི་དུམ་བུའི་རྒྱུ་ཡིན་པས་རྒྱུ་གཅིག་སྔོན་དུ་ སོང་བ་ལས་གྲུབ་པའི་ངོ་བོ་ནི་མེད་དོ། །དེས་ན་རྒྱུ་གཅིག་སྔོན་དུ་སོང་བ་ལས་ཡོད་པ་ཉིད་མི་འབྱུང་བར་རྗེས་སུ་དཔག་པས་ན་མེད་པ་ཉིད་རབ་ཏུ་བསྒྲུབས་པ་ཡིན་པས་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་བསྒྲུབས་པ་ཡིན་ནོ། །དེ་བཞིན་ཐ་དད་རྒྱུ་ལས་ཀྱང་། །འབྱུང་བར་འདོད་པའི་དཔེ་ཡོད་མིན། ། གཙོ་བོ་ནི་ཆེན་པོའི་རྒྱུ་ཡིན་ཏེ། རྗེས་སུ་འགྲོ་བའི་ཕྱིར་དཔེར་ན་ཇི་ལྟ་བུ་ཞིག་ཅེས་བྱ་བའི་རིགས་གཅིག་པའི་དངོས་པོའི་དོན་རྟག་པར་གནས་པའི་ངོ་བོ་ནི་མེད་པས་དཔེ་མ་གྲུབ་པ་ཉིད་ཡིན་ནོ། །གལ་ཏེ་ཡང་འདིར་བདག་གིས་སྣོད་ཆག་པའི་དུམ་བུ་ལ་སོགས་པའི་དཔེ་སྨྲས་པ་ཉིད་མ་ཡིན་ནམ། 98-237a སྣོད་ཆག་པའི་དུམ་བུ་ལ་སོགས་པ་ནི་མི་རྟག་པ་ཡིན་ལ། གཙོ་བོ་ཉིད་ནི་རྟག་པའི་ཆོས་ཅན་ཡིན་ན་ཇི་ལྟར་དེ་དག་འདྲ་བ་ཡིན་ཞེ་ན། དེ་ཅི་ལྟར་རྟག་པ་ཡིན་པར་སྒྲུབ་པའི་ཕྱིར་གཞན་དག་གིས་ཚད་མ་སྨྲས་པ། ཙནྡན་དུམ་བུར་གྱུར་པ་ན། །ཉམས་པ་མིན་པར་རྟོགས་བྱ་སྟེ། ། སྟོབས་དང་གཟུགས་དང་ཚད་ལ་སོགས། །ཉེ་བར་གནས་ཏེ་བདག་ཉིད་བཞིན། །ཙནྡན་ཞེས་བྱ་བའི་རྫས་བརྟན་པར་གནས་བཞིན་དུ། དུམ་བུ་ཞེས་བྱ་བའི་ཆོས་ཀྱི་ཁྱད་པར་སོ་སོར་འབྱུང་བར་གྱུར་པ་ན་སྡོང་པོ་ཞེས་བྱ་བའི་ཆོས་ཀྱི་ཁྱད་པར་མི་མངོན་པར་གྱུར་ལ་དུམ་བུ་མངོན་པར་གྱུར་པ་དེའི་དུས་ ན་ཡང་ཙནྡན་ལ་ནི་ཉམས་པ་མེད་དོ་ཞེས་བྱ་བ་ནི་ཕྱོགས་ཡིན་ནོ། །སྟོབས་ཉེ་བར་གནས་པ་དང་། གཟུགས་ཉེ་བར་གནས་པ་དང་། ཚད་ཉེ་བར་གནས་པའི་ཕྱིར་ཞེས་བྱ་བ་རྣམས་ནི་གཏན་ཚིགས་ཏེ། ཉེ་བར་གནས་པའི་ངོ་བོ་ནི་ཉེ་བར་གནས་པ་ཉིད་དོ། །རིགས་གཅིག་པའི་རྒྱུའི་རང་གི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའོ། །དེ་ལ་སྟོབས་ཉེ་བར་གནས་པ་ནི་ཙནྡན་དུམ་བུ་ལ་སོགས་པར་བྱས་སུ་ཟིན་ཀྱང་སྨན་ལ་སོགས་པའི་དགོས་པ་ལ་དྲི་དང་རོ་ཐ་མི་དད་པས་དེ་ལྟར་ཕན་པར་འགྱུར་བའི་ནུས་པ་གང་ཡིན་པའོ། །གཟུགས་ཉེ་བར་གནས་པ་ནི་དཀར་པོ་ལ་སོགས་པར་མཐུན་པའི་གཟུགས་ཉིད་དོ། །ཚད་ ཉེ་བར་གནས་པ་ནི་ཙནྡན་གྱི་སྡོང་པོ་ཆེན་པོ་ལ་དུམ་བུ་མང་པོ་ཉིད་ཡོད་པ་ཡིན་ལ། ཆུང་ངུ་ལ་ནི་དུམ་བུ་ཡང་ཉུང་དུ་འབྱུང་བར་འགྱུར་ཏེ། གང་དང་གང་ཉེ་བར་གནས་པ་ཡོད་པ་དེ་དང་དེ་ནི་མེད་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་དུམ་བུར་མ་བྱས་པའི་ཙནྡན་དེའི་རང་གི་ངོ་བོ་བཞིན་ནོ། ། དེས་ན་རྒྱུ་ཐ་དད་པ་ཉིད་ལ་ཡང་བདག་ལ་དཔེ་ཡོད་པ་བཞིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། ནུས་པའི་བདག་ཉིད་ཉིད་དུ་དེ། །ཡོད་ན་སྔར་བཞིན་དཔེ་མི་འགྲུབ། །གཙོ་བོའི་ནུས་པ་ཆེན་པོ་ལ་སོགས་པའི་དབྱེ་བ་ལ་ཡང་ཡོད་ན་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་ཡོད་པར་གྱུར་ ཀྱང་དངོས་པོའི་དོན་མི་གསལ་བ་གཞན་མེད་པས་བསྒྲུབ་བྱ་རྗེས་སུ་འགྲོ་བ་མ་ཡིན་ཏེ། དཔེ་མེད་པའི་ཕྱིར་རོ། །གསལ་བའི་ངོ་བོར་དེ་ཡོད་ནའང་། །གྲུབ་པའི་མཐའ་ནི་སྤང་བར་འགྱུར། །ཅི་སྟེ་ཡང་གསལ་བའི་ངོ་བོས་གཙོ་བོ་དེ་བྱེ་བྲག་གི་རྗེས་སུ་འགྲོ་བར་ཡོད་དོ་ཞེ་ན། གྲུབ་ 98-237b པའི་མཐའ་དང་འགལ་བ་ཡིན་ཏེ། ལུང་ལས་གཙོ་བོ་ནི་མི་གསལ་བའོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་ཙནྡན་དང་དུམ་བུ་གཅིག་པ་ཉིད་ཡིན་ན་དེ་བཞིན་དུ་བྱ་བ་དང་བྱེད་པ་དག་ཉིད་ཀྱང་བྱ་བ་དང་བྱེད་པ་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེ་ན། དེ་ལ་ཡང་། བྱ་དང་བྱེད་པ་གཅིག་ཉིད་དུ། ། སྒྲུབ་ནའང་སྨྲས་པའི་ཚུལ་ཉིད་ཡིན། །རིགས་མཐུན་ཉིད་ལ་གཅིག་ཉིད་དུ། །སྒྲུབ་ནའང་གྲུབ་པ་སྒྲུབ་པ་ཡིན། །གལ་ཏེ་རིགས་མཐུན་པ་ཉིད་ལ་བྱ་བ་དང་བྱེད་པ་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་ན་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། དེ་ཡང་འདི་ལྟར་ནས་ཀྱི་ས་བོན་ལས་བྱུང་བའི་མྱུ་གུ་དང་། སྡོང་བུ་དང་། སྦུབས་དང་། འདབ་མ་དང་། སྙེ་མ་དང་། འབྲས་བུ་ལ་སོགས་པ་ནི་ཐ་མི་དད་པའི་ཕྱིར་གཅིག་ཉིད་ཡིན་པ་བཞིན་ནོ། །དེ་ལས་དོན་གཞན་རྟོགས་ན་ཡང་། །སྔ་མ་བཞིན་དུ་སྐྱོན་ཀུན་འབྱུང་། །འདི་ནི་སྔར་ཉིད་དུ་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པར་བྱ་བ་དང་། བྱེད་པ་དག་གཅིག་ཉིད་དུ་གྱུར་ན་ཕ་དང་བུའི་རྣམ་པར་གཞག་པ་ཡང་ཉམས་པར་འགྱུར་ལ། རྒྱུ་དང་། འབྲས་བུ་དང་། བྱེད་པ་པོ་དང་། ལས་བསྟན་པ་ཡང་མེད་པར་འགྱུར་རོ་ཞེས་སྨྲས་པ་ཡིན་ནོ། །གང་ཡང་གྲངས་ཅན་གང་དག་བློ་སྔ་མ་དག་ནི་འགག་པ་མ་ཡིན་པ་ཉིད་ཡིན་ཏེ། དེ་ ལྟར་ཡོད་དོ་ཞེས་ཟེར་བ་དེ་ལ་ཡང་རིམ་པ་འདི་ཉིད་ཀྱིས་དཔྱད་པར་བྱ་བ་ཡིན་ཏེ། གང་རིགས་གཅིག་པ་ཉིད་ཀྱི་རྒྱུད་རྣམ་པར་གནས་པས་བློ་སྔ་མ་རྣམས་ད་ལྟར་ཡོད་པ་ཉིད་དུ་སྒྲུབ་ན་ནི་གྲུབ་པ་སྒྲུབ་པ་ཉིད་ཡིན་ནོ། །གལ་ཏེ་མི་འགག་པ་ཉིད་ཡིན་ལ་ཡོངས་སུ་གྱུར་ནས་གཅིག་པ་ ཉིད་དུ་འདོད་དོ་ཞེ་ན་ནི་ཡུལ་གཞན་ལ་འབྱུང་བ་མེད་པར་འགྱུར་རོ། །ཅི་སྟེ་འབྱུང་ན་ནི་འགག་པ་ཡིན་པས་གཅིག་ཉིད་མ་ཡིན་ནོ། །གལ་ཏེ་ཡང་གཞན་དག་ན་རེ་འདིར་ཁྱད་པར་སྨྲས་པས་ཅི་ཞིག་བྱ། དངོས་པོ་ཐམས་ཅད་གཅིག་ཉིད་ཡིན་ཏེ། བདེ་བ་དང་སྡུག་བསྔལ་དང་། གཏི་མུག་གི་བདག་ཉིད་དུ་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་བདག་གིས་རབ་ཏུ་བསྒྲུབ་པ་ཡིན་ནོ་ཞེ་ན། དེ་ལ་ཡང་། བདེ་དང་སྡུག་བསྔལ་ལ་སོགས་ཀུན། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །ཞེས་བྱ་བ་སྨྲས་ཏེ། སྔར་བསྟན་པའི་རྗེས་སུ་འགྲོ་བ་ 98-238a ལ་སོགས་པ་དེ་དག་ལ་རེ་ཞིག་སོ་སོར་ཚོར་བ་བདེ་བའི་ངོ་བོའི་རྗེས་སུ་འགྲོ་བ་ནི་ཚོར་བ་བདེ་བ་བཞིན་ཞེས་སྨྲས་པ་དེ་ལ་ཅི་རྗེས་སུ་འགྲོ་བ་འདི་ཚོར་བ་བདེ་བ་བཞིན་དུ་བདེ་བའི་ངོ་བོ་ཞིག་ཏུ་འགྱུར་རམ། འོན་ཏེ་འདིར་རྗེས་སུ་འགྲོ་བ་འདི་ཚོར་བ་སྡུག་ བསྔལ་བཞིན་དུ་སྡུག་བསྔལ་གྱི་ངོ་བོ་ཞིག་ཏུ་འགྱུར་བ་ཡིན་ཞེས་ཐེ་ཚོམ་སྐྱེ་བ་ཉིད་ཡིན་ཏེ། སྡུག་བསྔལ་གྱི་ངོ་བོ་ཉིད་དུ་སྒྲུབ་པ་ན་ནི་ཚོར་བ་བདེ་བ་ཉིད་ཀྱིས་མ་ངེས་པ་ཉིད་ཡིན་ལ་ཀུན་ལ་ཡང་སྒྲུབ་པར་བྱེད་པ་ན། བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གི་བདག་ཉིད་ཀྱི་ངོ་བོའི་རྗེས་སུ་འགྲོ་ བས་དཔེ་ཇི་ལྟ་བུ་ཞིག་ཡོད། ཕྱོགས་གཉི་ག་ལ་གྲགས་པའི་རིགས་མཐུན་པའི་དངོས་པོའི་དོན་གྱི་ངོ་བོ་མེད་པས་དེ་ལ་འཇུག་པ་ཡང་མ་ཡིན་ལ། གཏན་ཚིགས་ཐམས་ཅད་ཀྱང་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །བྱ་བ་དང་བྱེད་པ་གཞན་མ་ཡིན་པ་ཉིད་ཡིན་ནོ་ཞེས་ཟེར་བ་དེ་ལ་ ཡང་གལ་ཏེ་གང་བྱེད་པ་པོ་ཡིན་པ་དེ་ལས་བྱ་བ་གཞན་མ་ཡིན་ནོ་ཞེ་ན། གྲུབ་པ་སྒྲུབ་པ་ཡིན་ཏེ། དེ་ཡང་འདི་ལྟར་ཞོ་ནི་སྲུབ་མ་ལ་སོགས་པའི་རྐྱེན་རྣམས་ཀྱི་ནི་བྱེད་པ་པོའི་ངོ་བོ་ཡིན་ལ། འོ་མའི་ནི་བྱ་བ་མ་ཡིན་ཡང་། རང་གི་ངོ་བོ་གཞན་མ་ཡིན་པ་ཉིད་ཡིན་ནོ། །ཅི་སྟེ་རང་གི་བྱེད་པ་མ་སྤངས་པའི་ རང་གི་ངོ་བོ་ཡིན་པས་བྱ་བ་གཞན་མ་ཡིན་པ་ཉིད་ཡིན་ན་ནི་དཔེ་ཡོད་པ་མ་ཡིན་ཏེ། འོ་མ་ནི་རང་གི་བྱེད་པ་པོའི་དངོས་པོ་ལས་གཞན་མ་ཡིན་པ་མ་ཡིན་ནོ། །དུས་དབྱེར་མེད་པས་གཞན་མིན་ནའང་། །གྲགས་དང་ལུང་དང་འགལ་བ་ཉིད། །བྱེད་པ་པོ་དང་བྱ་བ་ནི་གཞན་མ་ཡིན་ཏེ། དུས་ཉེ་བར་ གནས་པའི་ཕྱིར་བྱེད་པ་པོ་དང་དུས་མཉམ་པ་ཉིད་དུ་བྱ་བ་འབྱུང་བ་ཉིད་ཡིན་ནོ་ཞེ་ན། འདིར་རེ་ཞིག་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཡིན་ཏེ། འཇིག་རྟེན་པ་ལ་ནི་ས་བོན་གྱི་དུས་ཀྱང་གཞན་ཡིན་ལ། མྱུ་གུའི་དུས་ཀྱང་གཞན་ཡིན་ཞིང་། དེ་བཞིན་དུ་མངལ་ན་གནས་པའི་དུས་ཀྱང་ གཞན་ཡིན་ལ། སྐྱེ་བའི་དུས་ཀྱང་གཞན་ཡིན་ནོ་ཞེས་བྱ་བ་ཉིད་དུ་གྲགས་པ་ཉིད་ཡིན་ནོ། །འདིར་སྨྲས་པ། ཙནྡན་མི་མངོན་པས་མེད་པར་གྱུར་པ་མ་ཡིན་ཏེ། ཙནྡན་གྱི་ངོ་བོ་ཞེས་དྲུག་པའི་དབྱེ་བ་བསྟན་པ་ཡོད་ལ། འདས་པ་ལ་སོགས་པའི་དུས་སྟོན་པར་བྱེད་པ་ཡིན་ན་ཡང་། 98-238b ད་ལྟར་གྱི་སྐད་ཅིག་མ་ལ་སོགས་པ་བཞིན་ནོ་ཞེ་ན། འདི་ལ་ཡང་བརྗོད་པར་བྱ་སྟེ། ཙནྡན་ངོ་བོ་མི་མངོན་པས། །མེད་པར་སྒྲུབ་པ་མ་ཡིན་ཏེ། །དུས་དང་དྲུག་པས་བསྟན་པའི་ཕྱིར། །ད་ལྟར་སྐད་ཅིག་བཞིན་ཞེ་ན། །དེ་ལྟ་ན་ཡང་སྤྲོ་གྱུར་ནས། །རང་གི་ལུགས་ཀྱི་སྐྱོན་སྦེད་ཀྱང་། །སྨྲ་ བའི་སྐྱོན་རྣམས་མེད་མིན་ཏེ། །གྱེན་དུ་སྐྲ་འགྲེང་བུམ་འདྲ་བཞིན། །འདི་ལྟར་གྲགས་ཏེ་དབང་པོས་ཀརྣ་ལ། །དགྲ་བོ་གསོད་པར་བྱེད་པའི་མཚོན་ཆ་འཕང་མདུང་བྱིན་པ་དང་། དེས་དེ་སྲིད་སྒྲུབ་གསོད་པའི་ཕྱིར་སྦས་ནས་བཟུང་ངོ་། །ཡང་ཀརྣས་འཇིགས་བྱེད་སྡེའི་བུ་ནགས་ཀྱི་སྲིན་མོ་ལས་ སྐྱེས་པ་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་ཞེས་བྱ་བ་དང་། ལན་གསུམ་གྱི་བར་དུ་འཐབས་པ་ན་ཇི་སྲིད་དུ་དེས་ཀརྣ་ཕམ་པར་བྱས་པ་ལས་ཀརྣས་འཕང་མདུང་དེ་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་དེ་གསད་པའི་ཕྱིར་འཕངས་པ་དང་། སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་སྦྲུལ་གྱི་གཟུགས་སུ་བསྒྱུར་ནས་ གནས་པ་ན་འཕང་མདུང་དེ་ཡང་ནམ་མཁའ་ལྡིང་གི་གཟུགས་སུ་བསྒྱུར་ནས་གནས་སོ། །ཡང་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་བྱི་ལའི་གཟུགས་སུ་བསྒྱུར་ནས་གནས་པ་ན། འཕང་མདུང་དེ་འུག་པའི་གཟུགས་སུ་གྱུར་ནས་ཉེ་བར་གནས་སོ། །སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་མེར་བསྒྱུར་བ་ ན་འཕང་མདུང་ཡང་ཆུའི་བདག་ཉིད་དུ་གྱུར་ནས་རྗེས་སུ་འབྲང་སྟེ། དེ་བཞིན་དུ་དེས་གང་དང་གང་གི་གཟུགས་སུ་བསྒྱུར་ནས་ཉེ་བར་གནས་པ་ན། འཕང་མདུང་དེ་ཡང་དེའི་གཉེན་པོ་གང་ཡིན་པ་དེ་དང་དེའི་གཟུགས་སུ་བསྒྱུར་ནས་རྗེས་སུ་འབྲེལ་ཏེ། ཆུང་མའི་གཟུགས་སུ་གྱུར་ ནས་དེས་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་བསད་པར་གྱུར་པའི་བར་དུ་འབྱུང་བ་བཞིན་དུ་དེ་བཞིན་དུ་ཁྱོད་ཀྱང་རྣམ་གྲངས་གཞན་དང་གཞན་ཉེ་བར་བཟུང་ནས་ཉེ་བར་གནས་པ་ན་དེ་དག་ལ་ཡང་། སྔར་སྨྲས་པའི་སྐྱོན་དག་བཟློག་པར་དཀའ་བ་ཡིན་གྱི་མེད་པ་མ་ཡིན་ཏེ། འདི་ལྟར། སྐྲ་ གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་ལ་འཕང་མདུང་རྗེས་སུ་འབྲེལ་པར་འབྱུང་བ་བཞིན་དུ་ཇི་སྲིད་ཁྱོད་གཞན་རྣམ་པར་མནན་པའི་ཕྱིར་སྤྲོ་བ་ཡོད་པ་དེ་སྲིད་དུ། ཡང་སྐྱོན་དེ་དང་བཅས་པ་ཡིན་ཏེ། སྐྱོན་ཅི་ཞིག་ཅེ་ན། གལ་ཏེ་ནུས་པའི་ངོ་བོར་དེ་ཡོད་པ་ཉིད་ཡིན་ན་ནི་དཔེ་མེད་པ་ཡིན་ལ། གསལ་ 98-239a བའི་ངོ་བོར་ཡོད་པ་ཉིད་ཡིན་ན་ནི་གྲུབ་པའི་མཐའ་དང་འགལ་ལོ་ཞེས་བྱ་བ་ལ་སོགས་པ་ཡོད་དོ། །ཉེ་བར་གནས་པ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཡང་འདིར་ཅི་ཞིག་ཡིན། ཅི་དེའི་གཟུགས་ཉིད་དུ་ཉེ་བར་གནས་པ་ཞིག་ཡིན་ནམ། འོན་ཏེ་འདིར་དེ་དང་ཐ་མི་དད་པའི་གཟུགས་ གཅིག་ཡིན། དེས་ཅིར་འགྱུར། དེས་གཟུགས་ཤེ་ན་གཏན་ཚིགས་དོན། །རྣམ་པར་རྟོག་པ་མ་ངེས་ཉིད། །དབྱེར་མེད་ངོ་བོ་ཡིན་ན་ཡང་། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །དེའི་གཟུགས་ཞེས་བྱ་བ་ཅི་ནགས་ཚལ་གྱི་རང་གི་ངོ་བོ་བཞིན་དུ་གཅིག་པར་གྱུར་པ་ཞིག་ཡིན་ནམ། འོན་ཏེ་དུམ་ བུ་བཞིན་དུ་གཞན་ཉིད་དུ་གྱུར་པ་ཞིག་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །ཐ་མི་དད་པ་ཞིག་ཡིན་ན་ཡང་གང་ཞིག་གང་དང་འདྲ་བར་གྱུར་པ་ཡིན། མི་དེ་ཉིད་དང་མི་དེ་ཉིད་འདྲའོ་ཞེས་བྱ་བར་མི་རུང་བ་སྟེ། བདག་དང་གཞན་ལ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ། །གཞན་ ཡང་། རྣ་སོགས་སྤྱད་བྱ་མ་ཡིན་ཏེ། །རྟོགས་པ་མེད་ཕྱིར་གལ་ཏེ་འདོད། །ཁྱད་པར་དག་ནི་མ་བསྟན་པར། །སྤྱད་བྱའོ་ཞེ་ན་གྲུབ་པ་སྒྲུབ། །གལ་ཏེ་ཕ་རོལ་པོ་ན་རེ་རྣ་བ་ལ་སོགས་པ་འདི་དག་ནི་རྟོགས་པ་མེད་པའི་ཕྱིར་སྤྱད་པར་བྱ་བ་ཡིན་ལ། གང་རྟོགས་པ་དང་བཅས་པ་དེ་ནི་སྤྱོད་པ་ པོ་ཡིན་ནོ་ཞེ་ན། གལ་ཏེ་རྟག་པ་ཐམས་ཅད་དུ་ཁྱབ་པ་ལ་སོགས་པའི་ཁྱད་པར་ཁས་ལེན་པར་མི་བྱེད་པར་སྤྱོད་པ་པོ་བཅས་པ་ཉིད་དུ་སྒྲུབ་ན་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། བདག་ཀྱང་དེ་བཞིན་དུ་རྣ་བ་ལ་སོགས་པའི་དབང་པོ་དང་ཡུལ་ཚོགས་པ་ལས་རབ་ཏུ་བྱུང་བའི་སེམས་སྤྱོད་པ་པོ་ཉིད་དུ་མངོན་ པར་འདོད་པ་ཡིན་ནོ། །ཅི་སྟེ་གཡོ་བ་མེད་སོགས་ཀྱི། །ཁྱད་པར་ཅན་ན་རྗེས་འགྲོ་གང་། །རྟོགས་པར་བདེན་ཡང་རྩོལ་མེད་ཕྱིར། །བྱེད་པ་པོར་ནི་མི་འདོད་དོ། །ཀུན་ལ་ཁྱབ་པ་རྟག་པ་བཏང་སྙོམས་སུ་གནས་པའི་སྤྱོད་པ་པོའི་སྐྱེས་བུ་ནི་ཡོད་དེ། སྤྱོད་པ་པོ་ཡིན་པའི་ཕྱིར་ཇི་ལྟ་ བུ་ཞིག་ཅེ་ན། རིགས་མཐུན་པའི་དངོས་པོའི་དོན་གཞན་མེད་པར་རྗེས་སུ་འགྲོ་བ་མ་གྲུབ་པ་ཡིན་ནོ། །གཞན་ཡང་རྟོགས་པ་ཡིན་པ་བདེན་དུ་ཟིན་ཀྱང་སྤྱོད་པ་པོ་ཉིད་ཡིན་པར་མི་རིགས་ཏེ། བྱ་བ་ལ་འཇུག་པ་མེད་པའི་ཕྱིར་ཡན་ལག་ཐམས་ཅད་བཅིངས་པའི་སྐྱེས་བུ་བཞིན་ནམ། 98-239b གཉིད་ལོག་པའམ་མྱོས་པ་བཞིན་ནོ། །གལ་ཏེ་ཡང་འདིར་བདག་ཅག་ནི་རྡུལ་ནི་སྤྱོད་པར་བྱེད་པའི་བདག་ཉིད་ཡིན་པར་འདོད་ལ། དེ་ལྷག་པར་འཇུག་པར་གྱུར་པ་ན། དངོས་པོ་ཐམས་ཅད་བྱ་བ་དང་བཅས་པར་འགྱུར་རོ། །དེས་ན་དེ་ཉེ་བར་གནས་པ་ཙམ་གྱིས་ཕན་བཏགས་པས་ སྐྱེས་བུ་ཡང་བྱ་བ་དང་བཅས་པ་ཉིད་དུ་ཉེ་བར་སྤྱོད་པ་ཡིན་ནོ་ཞེ་ན། སྨྲས་པ། དངོས་རྣམས་བྱ་བ་མེད་ཉིད་དུ། །རབ་ཏུ་རྟོགས་ཏེ་གཞལ་བྱའི་ཕྱིར། །སྨྲས་པ་ཅི་ལྟར་དེ་དེ་ལྟར། །རྟོགས་ཏེ་བདེ་དང་གཏི་མུག་བཞིན། །དངོས་པོ་ཉིད་ནི་བྱ་བ་དང་བྲལ་བ་ཡིན་ཏེ། གཞལ་བྱ་ཡིན་ པའི་ཕྱིར་རོ། །གང་དང་གང་གཞལ་བྱ་ཡིན་པ་དེ་ནི་བྱ་བ་མེད་པ་ཡིན་ཏེ། དཔེར་ན་བདེ་བ་དང་། གཏི་མུག་བཞིན་ནོ། །གལ་ཏེ་སྡུག་བསྔལ་ཞེས་བྱ་བ་ཡང་རྡུལ་གྱིས་ཡིན་པས་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། བྱ་བ་མེད་པར་སྡུག་བསྔལ་ཡང་། །ཤེས་པར་བྱ་སྟེ་རྒྱུད་ལྡན་ཕྱིར། ། རྟོགས་པ་མེད་ཕྱིར་བརྗོད་བྱའི་ཕྱིར། །གཞལ་བྱ་ཡིན་ཕྱིར་གཏི་མུག་བཞིན། །རྡུལ་གྱི་རང་བཞིན་གྱི་སྡུག་བསྔལ་ནི་འདིར་ཆོས་ཅན་ནོ། །བྱ་བ་དང་བྲལ་བ་ཞེས་བྱ་བ་ནི་དེའི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །གང་དང་གང་རྒྱུད་དང་ལྡན་པ་དང་རྟོགས་པ་མེད་པ་དང་། བརྗོད་བྱ་ཡིན་པ་དང་། གཞལ་བྱ་ཡིན་པ་དེ་ནི་བྱ་བ་མེད་པ་ཡིན་ཏེ། དཔེར་ན་གཏི་མུག་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་ཡིན་ནོ། །གལ་ཏེ་ཡང་འདིར་གང་ཁྱོད་ཀྱིས་སྔར་འདི་སྐད་དུ་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་གཙོ་བོ་ལ་སོགས་པའི་ཡོན་ཏན་མ་ངེས་པ་ བཞིན་ནོ་ཞེས་པ་དེ་མི་རིགས་ཏེ། རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་ཐ་དད་པ་ཉིད་དུ་ཁྱད་པར་ཅན་དུ་བརྗོད་པ་ཡིན་པའི་ཕྱིར་གཙོ་བོའི་ཡོན་ཏན་རྣམས་ཀྱང་ཐ་མི་དད་པ་ཉིད་དུ་གྱུར་པ་མེད་པར་གཙོ་བོ་ལ་གནས་པ་ཡིན་ནོ་ཞེ་ན། འདི་ལ། རྗེས་འགྲོ་ལ་སོགས་ གཏན་ཚིགས་རྣམས། །ཐ་དད་ཉིད་དུ་འདོད་པས་ན། །གཙོ་བོའི་ཡོན་ཏན་ལ་དེ་རྣམས། །མ་ངེས་མ་ཡིན་པ་དེ་བདེན། །འོན་ཀྱང་སྐྱོན་ཆེན་པོ་འདི་འབྱུང་བར་འགྱུར་ཏེ། བྱ་དང་བྱེད་པ་སྒྲུབ་བཅས་ཕྱིར། །རྒྱུ་དང་ལྡན་པར་རྗེས་དཔག་ཉིད། །གཏན་ཚིགས་རྣམས་ཀྱང་ཁྱད་བཅས་ 98-240a པས། །དེ་ལྟར་འགལ་བ་ཉིད་དུ་འགྱུར། །གཙོ་བོ་ནི་ཡོད་དེ། རྗེས་སུ་འགྲོ་བ་ལ་སོགས་པའི་དབྱེ་བ་ཡོད་པའི་ཕྱིར་རོ། །གང་ལ་དབྱེ་བ་མེད་པ་དེ་ལ་རྗེས་སུ་འགྲོ་བ་ལ་སོགས་པ་མེད་དེ་དེ་ཡོད་པ་ཉིད་དུ་བསྒྲུབས་པ་ན་གཙོ་བོ་མེད་པ་ཉིད་དོ་ཞེས་བསྒྲུབ་པར་འགྱུར་ཏེ། དེ་ལ་དབྱེ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་གཙོ་བོ་ལ་ཡང་དབྱེ་བ་ཡོད་པས་རྗེས་སུ་འགྲོ་བ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཇི་ལྟར་དབྱེ་བ་གསལ་བ་ཉིད་དུ་ཡོད་པ་དང་། བྱེད་པ་པོ་ཡིན་པ་དང་བྱ་བ་ཡིན་པ་དང་། རྒྱུ་དང་ལྡན་པ་ཡིན་པ་ལྟར་དེ་བཞིན་དུ་གཙོ་བོ་ཡང་གསལ་བ་ཉིད་དང་། བྱེད་པ་ པོ་ཉིད་དང་། བྱ་བ་ཉིད་དང་། རྒྱུ་དང་ལྡན་པ་ཉིད་དུ་འགྱུར་ལ་དེས་ན་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་བསྒྲུབ་པའི་ཕྱིར་འགལ་བའི་དོན་ཉིད་ཡིན་ནོ། །གང་ཙནྡན་གྱི་མི་མངོན་པར་གྱུར་པས་མེད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འདི་ལྟར་ཙནྡན་ལས་དུམ་བུ་ལ་སོགས་པ་གཞན་ ཡང་མ་ཡིན་ལ། ཙནྡན་དེ་ཉིད་འདི་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། ཇི་ལྟ་ཞེ་ན། དེ་མ་བཟུང་བར་མི་འཛིན་པས། །གཟུགས་སོགས་གཞན་མིན་དེ་དངོས་བཞིན། །ཐ་དད་དངོས་ཕྱིར་གཞན་མིན་མིན། །གང་དེ་རྟོགས་བྱ་རྟོགས་བྱེད་ཕྱིར། །གང་དུམ་བུ་ལ་སོགས་པ་ལ་གཟུགས་ ལ་སོགས་པ་ཡོད་པ་ནི་ཙནྡན་ལ་མ་ལྟོས་པར་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་དེ་རྣམས་མ་བཟུང་བ་ཉིད་ཀྱི་དུམ་བུ་ལ་སོགས་པ་བཟུང་བ་ནི་ཡོད་པ་མ་ཡིན་ཏེ། ཙནྡན་གྱི་སྡོང་པོའི་རང་གི་ངོ་བོ་བཞིན་ནོ། །མི་མངོན་པར་གྱུར་པའི་ཙནྡན་ལས་ཙནྡན་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། ཅི་ལྟར་ཞེ་ན། གང་ཙནྡན་ནི་གཅིག་ཡིན་ལ་དུམ་བུ་ནི་མང་པོ་ཉིད་དུ་འདི་ལྟར་བགྲང་བ་བཞིན་དུ་རྟོགས་པར་བྱ་བ་ལ་ནི་རྣམ་པ་ཉི་ཤུ་རྩ་བཞི་ཡིན་ལ། རྟོགས་པ་པོ་ནི་གཅིག་ཡིན་ཏེ། དེས་ན་དེ་དག་གཞན་མ་ཡིན་པ་མ་ཡིན་ནོ། །དེས་ན་མི་མངོན་མ་ཡིན་ལ། །བྱ་བ་ཡོད་པའང་མི་འདོད་ དོ། །གང་གི་ཕྱིར་དུམ་བུ་སྐྱེད་པར་བྱེད་པ་མ་ཡིན་པ་དེས་ན་མི་མངོན་པ་ཡང་མ་ཡིན་ལ། གང་གི་ཕྱིར་ཙནྡན་གྱི་སྡོང་པོའི་རང་གི་ངོ་བོ་དང་བྲལ་བ་དེས་ན་བྱེད་པ་ཉིད་ཡིན་གྱི་བྱ་བ་མ་ཡིན་ནོ། །དཔེ་མེད་པའི་ཕྱིར་ན་ཡང་། ད་ལྟར་གྱི་ནི་སྐད་ཅིག་ཀྱང་། །རྫས་སུ་ཡོད་པར་མ་གྲགས་ཉིད། །ཅེས་ 98-240b བྱ་བ་སྨྲས་ཏེ། ད་ལྟར་གྱི་སྐད་ཅིག་རྫས་སུ་ཡོད་པར་འགའ་ཞིག་གིས་འདོད་དུ་ཟིན་ཀྱང་དབུ་མར་སྨྲ་བ་རྣམས་ལ་ནི་དེ་རྫས་སུ་ཡོད་པར་མ་གྲགས་ཏེ། གང་གི་ཕྱིར་སྐད་ཅིག་དེ་ཉིད་ཀྱི་ཐོག་མའི་དུས་ཀྱང་གཞན། བར་གྱི་དུས་ཀྱང་གཞན། ཐ་མའི་དུས་ཀྱང་གཞན་ཉིད་ཡིན་ནོ། །དེས་ན་ འདུས་པའི་ངོ་བོ་ཡིན་པའི་ཕྱིར་རྫས་སུ་མེད་པ་ཉིད་ཡིན་ནོ། །གལ་ཏེ་འདིར་སྨྲས་པ། སྤྱོད་དང་བཅས་པའི་སྤྱད་བྱ་འདི། །སྤྱད་བྱ་ཡིན་ཕྱིར་མལ་སོགས་བཞིན། །རྟོགས་པ་པོ་ནི་སྤྱོད་པ་ཉིད། །ཅེས་དེ་ལྟར་གཞན་གྱིས་སྨྲས་པ་ལ་རབ་ཏུ་བྱེད་པ་བཞི་ཆས་ལན་སྨྲས་པ། དེ་ཡི་སྒྲུབ་ པར་བྱེད་པ་མིན། །ཞེས་བྱ་བ་སྟེ། ཇི་ལྟར་ཞེ་ན། འདུས་པའི་བདག་ཉིད་ཀྱི་སྤྱོད་པ་པོ་ནི་མལ་ཆ་དང་སྟན་ལ་སོགས་པ་ལ་ལྟོས་པ་བཞིན་དུ་རྟོགས་པ་ཡང་འདུས་པའི་ངོ་བོ་ཉིད་དུ་གྲུབ་པས་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་སྒྲུབ་པའི་ཕྱིར་འགལ་བའི་དོན་ཉིད་ཡིན་ནོ། །དེ་ནས་ཡང་རྟོགས་པ་ ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་དྲིས་པ་ན། གལ་ཏེ་ཕ་རོལ་པོ་གང་ཤེས་བྱ་ངེས་པར་རྟོགས་པ་དེ་ནི་རྟོགས་པ་ཡིན་ནོ་ཞེས་སྨྲ་ན་དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། རྟོགས་པ་ངེས་པར་རྟོགས་ཡིན་ན། །དེ་ནི་གང་གི་ཡིན་པ་སྨྲོས། །དངོས་པོ་བྱེད་པ་ལ་བརྟེན་ཏེ། །གོས་སོགས་ཚོན་དུ་བཙོས་པ་ བཞིན། །རྟོགས་པ་ཞེས་བྱ་བ་ནི་བློ་ཡིན་ཏེ། འདི་ལྟར་དངོས་པོའི་རྐྱེན་ཡིན་ལ་དངོས་པོ་ནི་ངེས་པར་རྫས་ལ་བརྟེན་པར་བྱ་བ་ཡིན་ཏེ། ཇི་ལྟར་ཚོན་དུ་གོས་བཙོས་པ་བཞིན་ནོ། །བསྒྱུར་བ་ནི་བཙོས་པ་སྟེ། འབྲས་ཆན་ལ་སོགས་པ་བཞིན་ནོ། །འདིར་ཡང་རྟོགས་པ་ལ་མ་རྟོགས་པའི་རྫས་ནི་ མི་དམིགས་ན་འདི་གང་གིས་རྟོགས་པ་ཡིན་པ་སྨྲོས་ཤིག །གཞན་ཡང་། སྒྲ་སོགས་ཤེས་པར་མི་འགྱུར་བ། །ཡིན་ཡང་ཤེས་པ་ཇི་ལྟར་ཡིན། །སྒྲ་སོགས་ཤེས་པར་འགྱུར་བ་ཉིད། །ཡིན་ནའང་ཤེས་པ་ཇི་ལྟར་ཡིན། །རེ་ཞིག་གལ་ཏེ་བློས་ངེས་པར་བྱས་པའི་རྗེས་སུ་བྱེད་པར་ཡོངས་སུ་ འགྱུར་བ་ཡང་འདི་ལ་མེད་པས་ཇི་ལྟར་ན་འདི་ཤེས་པ་པོར་འགྱུར་བ་ཡིན། མི་འགྱུར་བའི་བདག་ཉིད་ཡིན་པའི་ཕྱིར་རི་མོ་ལ་བྲིས་པའམ། ཤིན་ཏུ་གཉིད་ཀྱིས་ལོག་པའི་གནས་སྐབས་བཞིན་ནོ། །ཡང་གལ་ཏེ་སྒྲ་ལ་སོགས་པ་ཤེས་པར་གྱུར་པ་འདི་འགའ་ཞིག་ཡོངས་སུ་འགྱུར་བ་ 98-241a འབྱུང་བ་ཡིན་ན་ནི་དེས་ན་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར། གདོང་ལ་སོགས་པའི་གཟུགས་བརྙན་བཞིན་དུ་རྟག་པ་ལ་སོགས་པའི་སྐྱོན་དང་ལྡན་པར་ཐལ་བར་འགྱུར་བས་རང་གི་ངོ་བོ་ཉམས་པ་ཡིན་ན་འདི་ཇི་ལྟར་ཤེས་པ་ཡིན་པར་འགྱུར། འདི་ནི་བྱེད་པ་མེད་པ་ཡིན་ན་ཇི་ལྟར་ན་བྱེད་པ་པོ་ཉིད་དུ་འགྱུར། གལ་ཏེ་བློས་ངེས་པར་བྱས་པའི་རྗེས་སུ་བྱེད་ཅིང་རྗེས་སུ་སྤྱོད་པའི་ཕྱིར་འདི་ལ་བྱེད་པ་པོ་ཞེས་བྱའོ་ཞེ་ན། བྱེད་པ་མེད་པ་མ་སྐྱེས་ཕྱིར། །བྱེད་པོ་ཉིད་དུ་ཇི་ལྟར་འདོད། །མ་སྐྱེས་པ་ལ་འདོགས་ན་ཡང་། །སྐྱེས་བུ་བཏགས་པ་རུ་ འགྱུར། །ཉེ་བར་འདོགས་པར་བྱེད་ན་ཡང་བྱེད་པ་པོ་ཉིད་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་བཞིན་དུ་རིགས་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། འདིའི་ཉེ་བར་གདགས་པ་ཡང་ཇི་ལྟར་འགྲུབ་པར་འགྱུར་ཏེ། སྐྱེས་པ་ཞིག་ཡིན་ན་ཉེ་བར་གདགས་པར་འགྱུར་གྱི། ཇི་ལྟར་ན་ཤེས་པ་འདི་ཉེ་བར་གདགས་ པར་འགྱུར་ཞེས་བྱ་བའི་བསམས་པའོ། །གལ་ཏེ་ཡང་མེའི་སྲེག་པ་ཉེ་བར་གདགས་པ་བཞིན་དུ་འདིར་ཡང་ཉེ་བར་གདགས་པར་བྱ་སྟེ། ཇི་ལྟར་རྐུན་མོས་གྲོང་བསྲེགས་ཞེས་མེ་ལ་ཡོད་པའི་སྲེག་པ་རྐུན་མོ་ལ་ཉེ་བར་འདོགས་པར་བྱེད་པ་བཞིན་དུ་བློ་ལ་ཡོད་པའི་ཤེས་པ་ཡང་སྐྱེས་བུ་ལ་ཉེ་བར་འདོགས་ པར་བྱེད་དོ་ཞེས་འདིར་སྨྲར་ནུས་ཏེ། སྐྱེས་བུ་ནི་བྱ་བ་དང་བྲལ་བ་ཡིན་ན་ཡང་བྱེད་པ་པོ་ཉིད་ཉེ་བར་འདོགས་ཏེ། ལུགས་ཡོད་པའི་ཕྱིར་མེའི་སྲེག་པ་ཉེ་བར་འདོགས་པ་བྱེད་པ་བཞིན་ནོ་ཞེ་ན། དེ་ལ་ཡང་། བྱེད་པོའི་སྒྲ་ཡི་བརྗོད་བྱའི་ཕྱིར། །མེ་བཞིན་ཁྱོད་ཀྱི་སྐྱེས་བུ་ཡང་། །རྒྱུ་བཅས་བྱ་བཅས་ སྤྱད་བྱ་དང་། །བྱ་བ་རབ་ཏུ་བསྐྱེད་པའང་ཡིན། །མེ་དང་ཆོས་འདྲ་བར་བྱེད་པ་པོ་ཞེས་ཐ་སྙད་དུ་འདི་ལ་ཉེ་བར་འདོགས་པར་བྱེད་ན་རྒྱུ་དང་བཅས་པ་ཉིད་དང་། བྱ་བ་དང་བཅས་པ་ཉིད་དང་། སྤྱད་པར་བྱ་བ་ཡིན་པ་ཉིད་དང་། བྱ་བ་ཡིན་པ་ཉིད་སྐྱེད་པར་བྱེད་པའི་ཆོས་ཅན་ཡིན་པ་ཉིད་དོ་ ཞེས་བྱ་བ་མེ་ཇི་ལྟ་བ་བཞིན་དུ་འབྱུང་བར་ཡང་འགྱུར་ན་དེ་ལྟ་བུར་ནི་ཁྱོད་མི་འདོད་དོ། །གཞན་ཡང་། ཀུན་ཁྱབ་མ་ཡིན་རང་བཞིན་ལས། །གཞན་པ་མ་ཡིན་སྐྱེས་བུ་མིན། །དེ་ཡི་རང་དངོས་ཁྱད་པར་ནི། །དེ་ཡིས་འདི་ལྟར་སྤོང་བར་འགྱུར། །འདི་ནི་ཀུན་ལ་ཁྱབ་པ་མ་ཡིན་ཏེ། ཕྱོགས་ 98-241b གཅིག་གི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་མེ་བཞིན་ནོ། །རང་བཞིན་ལས་གཞན་པ་ཡང་མ་ཡིན་ཏེ། རང་བཞིན་གྱི་འགྱུར་བ་ཡིན་པའི་ཕྱིར་མེ་བཞིན་ནོ། །སྐྱེས་བུ་ཡིན་པར་ཡང་མི་འགྱུར་ཏེ། རྟོགས་པ་ལས་གཞན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་མེ་བཞིན་ནོ། །དེ་ལྟ་བས་ན་ ཁྱོད་རང་ཉིད་ཀྱིས་སྐྱེས་བུ་ཆོས་ཅན་རང་གི་ངོ་བོ་སྤངས་པ་དང་། ཆོས་ཀྱི་ཁྱད་པར་སྤངས་པས་བསྒྲུབས་པ་ཡིན་ནོ། །དེས་ན་ཁས་བླངས་པ་དེ་ལ། གནོད་ཕྱིར་དམ་བཅས་སྐྱོན་མེད་ཕྱིར། །ཞེས་བྱ་བ་སྟེ། དེས་ན་འདིར་སྐྱོན་དང་བཅས་པ་ཡིན་ཏེ། ཇི་ལྟ་བུར་ཞེ་ན། ཇི་ལྟར་དབང་ ཕྱུག་རྒྱུར་སྨྲ་བཞིན། །རྟོགས་པ་ལ་སོགས་སྤངས་པ་ཡིན། །ཁྱོད་ཀྱིས་ཀྱང་བསྒྲུབས་པ་ཡིན་ནོ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་དབང་ཕྱུག་རྒྱུར་སྨྲ་བ་དག་དབང་ཕྱུག་གཅིག་པུ་རྟག་པ། མ་སྐྱེས་པ་ནི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པར་སྨྲ་བ་ཉིད་ཡིན་ལ། མ་སྐྱེས་པ་ ཉིད་ཀྱི་རྗེས་སུ་དཔག་པས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ཡོད་པ་མ་ཡིན་པས་དེའི་རང་གི་ངོ་བོའི་ཁྱད་པར་སྤངས་པ་སྒྲུབ་པ་ཡིན་པའི་ཕྱིར། རང་གི་ཚིག་དང་འགལ་བ་བཟློག་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་ཁྱོད་ཀྱི་རྟོགས་པ་གསལ་བ་ཡིན་པའི་ཕྱིར་དམ་བཅས་པ་ལ་རང་གི་ ཚིག་གིས་གནོད་པ་བཟློག་པར་དཀའ་བ་ཡིན་ནོ། །གཞན་ཡང་ཅུང་ཞིག །བདག་དང་བདག་གི་མིན་རྟོགས་པ། །བློ་ཡི་རྗེས་སུ་རྟོགས་པ་ཡི། །ལྟ་བ་ལོག་པས་གྲོལ་བར་ནི། །ཁྱོད་ཀྱི་སྐྱེས་བུར་འགྱུར་མི་རིགས། །བློས་བརྟགས་པའི་རྗེས་སུ་བྱེད་པའི་སྐྱེས་བུས་བདག་ཀྱང་འདིའི་མ་ ཡིན་ལ། འདི་ཡང་བདག་གི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བ་སྐྱེས་པར་གྱུར་པ་ཡིན་ནོ་ཞེས་གྲག་ལ། བདག་ཅག་གི་ལུགས་ནི་འདི་ལ་རེ་ཞིག་མི་བདེན་པའི་དེ་ཁོ་ན་ཉིད་མཐོང་བ་དེ་ལས་གཞན་ཡིན་པས་རིགས་པ་མ་ཡིན་ནོ། །སྐྱེས་བུ་ཐ་དད་མཐོང་བ་ཡིས། །ཐར་པ་འཐོབ་ པ་མ་ཡིན་ཏེ། །བློ་གཞན་ཡིན་ཕྱིར་སྤྱད་བྱ་དང་། །སྐྱེས་བུ་གཞན་ཉིད་མཐོང་བ་བཞིན། །སྤྱད་པར་བྱ་བ་གཙོ་བོ་དང་སྤྱོད་པ་པོ་སྐྱེས་བུ་དག་གང་གི་ཚེ། ཐ་དད་ཉིད་དུ་མཐོང་བ་དེས་ཐར་པ་འཐོབ་པར་འགྱུར་བ་མ་ཡིན་ཏེ། གཏན་ཚིགས་ཅི་ཡོད་ཅེ་ན། བློ་གཞན་ཡིན་པའི་ཕྱིར་ཇི་ལྟར་སྤྱད་ 98-242a པར་བྱ་བའི་བུད་མེད་དང་བདག་པོ་གཉིས་གཞན་ཉིད་དུ་མཐོང་བ་བཞིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་གཅིག་པ། གཞན་ཡང་། ཇི་ལྟར་རྣམ་རྟོག་བཅས་པའི་ཕྱིར། །མི་ནི་ཐ་དད་མཐོང་བ་ལྟར། །སྐྱེས་བུ་ཐ་ དད་མཐོང་བ་ཡིས། །དེ་བཞིན་གྲོལ་བར་མི་འདོད་དོ། །ཇི་ལྟར་འཇིག་རྟེན་ན་བུད་མེད་དང་། སྐྱེས་བུ་ཐ་དད་དུ་མཐོང་བ་ཡང་ཐར་པ་མ་ཡིན་པར་གྲགས་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པའི་རྒྱུ་མཚན་དང་བཅས་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་དང་སྐྱེས་བུ་ཡང་ཐ་དད་པར་མཐོང་ དུ་ཟིན་ཀྱང་ཐར་པ་མ་ཡིན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་བསམ་པས་སོ། །མ་ལུས་པར་ཟད་པར་གྱུར་པ་ནི་ཐར་པའོ་ཞེས་བསྟན་པའི་ཕྱིར་བྱ་བ་དང་བྱེད་པ་དང་བྲལ་བ་འདིའི་ཐ་དད་དུ་མཐོང་བ་ཇི་ལྟར་རིགས་པ་ཡིན། དེས་ན་རབ་ཏུ་བྱེད་པ་ཡོངས་སུ་རྫོགས་པར་སྔར་བསྟན་ པའི་སྐྱོན་རྣམས་བསྡུས་པ་ཉིད་ཀྱིས་ཤིན་ཏུ་མི་རིགས་པ་ཡིན་པས་གཞན་གྱི་གཞུང་ཡོངས་སུ་སྤང་བར་བྱ་བའི་ཕྱིར་སྨྲས་པ། དེ་ལྟར་གྲངས་ཅན་དེ་ཉིད་ནི། །སྔོན་དང་ཕྱི་མར་འགལ་བ་དང་། །རིགས་པ་དང་ནི་མི་ལྡན་ལ། །མཁས་པ་རྣམས་ཀྱི་བློ་མི་འཇུག །གང་གི་ཕྱིར་སྐྱོན་མེད་པའི་སྒྲུབ་པ་ནི་ རིགས་པ་ཡིན་ལ། གྲངས་ཅན་གྱིས་མངོན་པར་འདོད་པའི་དོན་དམ་པ་དེ་ནི་ཤིན་ཏུ་རིགས་པ་དང་བྲལ་ཞིང་སྔོན་དང་ཕྱི་མར་འགལ་བ་ཡིན་ནོ། །ཇི་སྐད་སྨྲས་པའི་ལུགས་དེ་ལ་མཁས་པ་རྣམས་གཞོལ་བར་མི་འགྱུར་རོ་ཞེས་བྱ་བར་སྨྲས་པ། ནྱ་གྲོ་དྷ་ཡི་ས་བོན་གྱི། །ནང་ན་ཡོད་པའི་ནྱ་གྲོ་དང་། །བུད་ མེད་སྐྱེས་པ་འགྲོགས་ལ་བུ། །རྔ་ཡི་ནང་ན་སྒྲ་གནས་དང་། །ཟས་ཀྱི་ནང་ན་ཕྱི་ས་སོགས། །ཤིང་ལ་འབར་ཡོད་མི་མཐོང་ཞེས། །གང་ཞིག་མངོན་སུམ་སྤོང་བྱེད་པ། །དེ་ནི་བདེན་སྨྲ་ཇི་ལྟར་ཡིན། །དེ་ནི་ཡོད་ཀྱང་མི་གསལ་བས། །དེས་ན་བྱ་བ་སྔོན་མ་མཐོང་། །ཞེ་ན་མི་གསལ་མེད་མིན་པས། ། ཨེ་མའོ་བསྟན་བཅོས་ཤིན་ཏུ་ལེགས། །དེ་ལྟ་བས་ན་ཁོ་བོས་སྔར་སྨྲས་པའི་ཁོ་བོ་ཅག་གི་དེ་ཁོ་ན་ཉིད་ནི་རིགས་པ་དང་བཅས་པ་ཡིན་ནོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ། ལེའུ་དྲུག་པའོ།། །། ༄། །བདུན་པ། བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུའི་འགྲེལ་པ། དེ་ནས་ད་ནི་བྱེ་བྲག་པའི་ 98-242b དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་རབ་ཏུ་བྱེད་པ་བདུན་པ་བརྩམ་པར་བྱའོ། །དེ་ལ་བྱེ་བྲག་པས་རང་གི་གྲུབ་པའི་མཐའ་ཉིད་འདི་ལྟར་མང་དུ་འགོད་པར་བྱེད་དེ། གཞན་དག་ལ་བརྟེན་ནས་གོམས་པ་ལས་ཐར་པ་ནི་གཅིག་ཉིད་ཡིན་པས་བདག་ཅག་གི་སྐྱེས་བུ་ནི་བྱེད་པ་མེད་པ་མ་ཡིན་ ཏེ། ཅི་ཞིག་ཡིན་ཞེ་ན། བྱེད་པ་པོ་དང་། ཟ་བ་པོ་ཡིན་ཏེ། གང་གི་ཕྱིར་རྟོགས་པ་ལ་སོགས་པ་ཡོན་ཏན་ལས་གཞན་པའི་བདག་ནི་ཡོད་དེ། དེ་ནི་མ་སྐྱེས་པ། རྟག་པ། བྱེད་པ་པོ། ཟ་བ་པོ། ཁྱབ་པ། བྱ་བ་མེད་པའོ། །དེ་བཞིན་དུ་ས་དང་། ཆུ་དང་། མེ་དང་། རླུང་རྣམས་ཀྱི་རྡུལ་ ཕྲ་རབ་དེ་དག་ཀྱང་རྟག་པ་སྟེ། གྲངས་ཇི་ལྟ་བ་བཞིན་དུ་ཡོན་ཏན་བཞི་དང་། ཡོན་ཏན་གསུམ་དང་། ཡོན་ཏན་གཉིས་དང་། ཡོན་ཏན་གཅིག་དང་ལྡན་པ་ནི་རེག་བྱ་དང་། རོ་དང་། གཟུགས་དང་། དྲི་དང་། མཚུངས་པར་ལྡན་ནོ། །དེ་དག་ནི་མི་རེག་པར་རིགས་མཐུན་པ་ལ་ ལྟོས་ནས་རང་དང་མཐུན་པ་དང་མཐུན་པ་མ་ཡིན་པའི་བྱ་བ་རྩོམ་པར་བྱེད་དོ། །ཕྱོགས་དང་། ནམ་མཁའ་དང་། དུས་ཀྱང་མ་སྐྱེས་པ། ཁྱབ་པ། རྟག་པ། བྱ་བ་མེད་པ་ཡིན་ནོ། །ཡིད་ནི་རྟག་པ་བྱ་བ་དང་བཅས་པ་ཡོངས་སུ་ཆད་པའོ། །སྤྱི་དང་ཁྱད་པར་དང་། འདུ་བ་ཡང་མ་ སྐྱེས་པ། ཁྱབ་པ། རྟག་པ། ཆ་མེད་པ། བྱ་བ་མེད་པ། རྫས་དང་། ཡོན་ཏན་དང་། ལས་ལ་བརྟེན་པ་ཡིན་ནོ། །ཡོན་ཏན་ཡང་ཁ་ཅིག་ནི་རྟག །ཁ་ཅིག་ནི་མི་རྟག་པའོ། །ལས་ནི་མི་རྟག་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཆ་དང་ཆ་ཅན་དང་། ཡོན་ཏན་དང་། ཡོན་ཏན་ཅན་དང་། བྱ་བ་དང་། བྱེད་པ་དང་། མཚན་ཉིད་དང་། མཚན་ཉིད་ཅན་དག་ནི་གཞན་དང་གཞན་ཡིན་ནོ། །དེ་བཞིན་དུ་དབང་པོ་དང་དོན་དང་ཡིད་འདུས་པའི་ཤེས་པ་ནི་མངོན་སུམ་གྱི་ཚད་མའོ། །གཞན་དག་ན་རེ་བྱེད་པ་པོ་ནི་ཡོད་བྱ་བ་ནི་མེད་ཅེས་ཟེར་རོ། །དེ་བཞིན་དུ་ཚིག་གི་དོན་དྲུག་གིས་ཐམས་ཅད་ བསྡུས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འདུ་བ་ཞེས་བྱ་བའོ། །དེ་ལ་རྫས་ཞེས་བྱ་བའི་ཚིག་གི་དོན་རྣམ་པ་དགུ་ནི་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་དང་། ཕྱོགས་དང་། 98-243a བདག་དང་། ཡིད་ཅེས་བྱ་བའི་རྫས་རྣམས་སོ། །འདི་ལྟ་སྟེ། ཡོན་ཏན་ཉི་ཤུ་རྩ་བཞི་ནི་ཡོན་ཏན་གྱི་ཚིག་གི་དོན་ཡིན་ལ་དེ་ནི་འདི་ལྟ་སྟེ། གཟུགས་དང་། རོ་དང་། དྲི་དང་། རེག་བྱ་དང་། གྲངས་དང་། བོང་ཚོད་དང་། སོ་སོ་དང་། འདུ་བ་དང་། འབྲལ་བ་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། བློ་རྣམས་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། ཞེ་སྡང་དང་། འབད་པ་ཞེས་བྱ་བ་རྣམས་ནི་ཡོན་ཏན་ནོ། །དེ་བཞིན་དུ་ལས་ནི་རྣམ་པ་ལྔ་སྟེ། སྟེང་དུ་འབྱིན་པ་དང་། འོག་ཏུ་གནོན་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། འགྲོ་བ་ཞེས་བྱ་བའི་ལས་རྣམས་སོ། །དེ་བཞིན་དུ་གང་གི་ཕྱིར་རྫས་དང་། ཡོན་ཏན་དང་། ལས་རྣམས་ལ་ཡོད་པ་མ་ཡིན་ནོ་ཞེས་འབྱུང་བའི་རྫས་དང་། ཡོན་ཏན་དང་། ལས་རྣམས་ཀྱི་དོན་ལས་གཞན་ཞིག་ཡོད་པ་དེ་ནི་སྤྱི་ཞེས་བྱ་བར་བརྗོད་དོ། །ཁྱད་ཞུགས་པ་ཡོད་པ་ནི་ཁྱད་པར་ཏེ། ཇི་ལྟར་དཀར་པོ་དང་། ནག་པོ་ཞེས་བྱ་བའི་ཁྱད་པར་ལྟར་དེ་བཞིན་དུ་རྫས་དང་ཡོན་ཏན་ཞེས་བྱ་བའི་ཁྱད་པར་ཡང་ཡིན་ནོ། །ཡང་འདུ་བ་ནི་ཇི་ལྟར་འདི་ལ་ཡོད་དོ་ཞེས་ཡང་དག་པར་བློས་རྟོགས་པར་འགྱུར་བའི་དོན་ཏེ། འདི་དག་ནི་ཚིག་གི་དོན་དྲུག་ཡིན་ནོ། །དེ་བཞིན་དུ་ཁྱད་པར་མེད་པ་དང་ལྡན་ པའི་རྟག་པ་ནི་ཡོད་དེ་རྫས་དང་ལྡན་པ་བྱ་བ་དང་། བྱེད་པ་དང་། སྤྱི་དང་། ཁྱད་པར་དང་ལྡན་པ་ཞེས་བྱ་བ་ནི་རྫས་དང་། ཡོན་ཏན་དང་། ལས་རྣམས་ཀྱི་ཁྱད་པར་མེད་པའོ། །དེ་བཞིན་དུ་རྫས་ཀྱིས་ནི་རྫས་གཞན་རྩོམ་པར་བྱེད་ལ་ཡོན་ཏན་གྱིས་ཀྱང་ཡོན་ཏན་གཞན་རྩོམ་པར་བྱེད་དོ། །ཡང་ ལས་ལ་ནི་སྤྱི་མེད་དོ། །ཡང་རྫས་ནི་བྱེད་པ་པོར་ཡང་མི་འགལ་ལ་བྱ་བར་ཡང་མི་འགལ་ལོ། །ཡོན་ཏན་ནི་གཉི་གའིའོ། །རྫས་ཀྱི་མཚན་ཉིད་སྤྱི་ནི་བྱ་བ་དང་ལྡན་པ་ཡོན་ཏན་དང་ལྡན་པ་འདུ་བའི་རྒྱུར་གྱུར་པ་སྟེ་རྫས་ཀྱི་མཚན་ཉིད་དོ། །རྫས་ལ་བརྟེན་པ་ཡོན་ཏན་གཞན་དང་མི་ལྡན་པ་འདུ་བ་ དང་བྲལ་བ་ན་ཡང་རྒྱུ་མེད་པ་ལྟོས་པ་མེད་པ་ནི་ཡོན་ཏན་གྱི་མཚན་ཉིད་དོ། །ཡང་ལས་ཀྱི་མཚན་ཉིད་ནི་རྫས་གཅིག་པུ་ཡོན་ཏན་མེད་པ་འདུ་བ་དང་བྲལ་བ་ན་ཡང་ལྟོས་པ་མེད་པའི་བྱེད་པ་པོ་ནི་ལས་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་རྫས་ནི་སྤྱིའི་བྱེད་པ་པོའོ། །དེ་བཞིན་དུ་ཡོན་ཏན་ནི་འདུ་བ་དང་ 98-243b བྲལ་བའི་བྱེད་པ་པོར་འཇུག་པའོ། །རྫས་རྣམས་ནི་རྫས་ཀྱི་བྱ་བ་སྟེ། ཇི་ལྟར་སོར་མོ་གཉིས་བཞིན་ནོ། །ཡོན་ཏན་ལས་ཡོན་ཏན་འབྱུང་སྟེ། ཇི་ལྟར་གཟུགས་ལས་གཟུགས་བཞིན་ནོ། །དེ་བཞིན་དུ་རྫས་སོ་སོའི་མཚན་ཉིད་བརྗོད་པར་བྱ་སྟེ། གཟུགས་དང་། རོ་དང་། དྲི་དང་། རེག་བྱ་དང་ལྡན་ པ་ནི་སའི་རྫས་སོ། །གཟུགས་དང་། རོ་དང་། རེག་བྱ་དང་ལྡན་པ་ནི་ཆུ་སྟེ། གཤེར་བ་དང་རླན་པ་ཉིད་དོ། །མེ་ནི་གཟུགས་དང་རེག་བྱ་དང་ལྡན་པའོ། །རླུང་ནི་རེག་པ་དང་ལྡན་པ་སྟེ། རྟགས་མི་མཐོང་བའོ། །ནམ་མཁའ་ནི་ཡོན་ཏན་སྒྲ་དང་ལྡན་པའོ། །གཞན་ཡང་གཞན་མ་ཡིན་པ་ དང་། ལྷན་ཅིག་དང་ལྷན་ཅིག་མ་ཡིན་པ་དང་། དུས་རིང་བ་དང་ཐུང་བ་ཞེས་བྱ་བ་ནི་དུས་ཀྱི་རྟགས་སོ། །གང་འདི་དང་འདི་ཞེས་བྱ་བ་དེ་ནི་ཕྱོགས་ཀྱི་རྟགས་ཏེ། སྔར་ཉི་མ་དང་ལྡན་པར་གྱུར་པ་དང་། ཕྱིས་ལྡན་པར་འགྱུར་བ་ལས་ཤར་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཞེས་ བྱ་བས་ཕྱོགས་ཀྱི་ཁྱད་པར་བསྟན་པ་ཡིན་ནོ། །དབང་པོ་དང་། དོན་དང་། ལྷན་ཅིག་གནས་པ་ནི་བདག་ཡིན་ནོ། །ཤེས་པའི་ངོ་བོ་མེད་པ་དང་ངོ་བོ་ཡོད་པ་ནི་ཡིད་ཀྱི་རྟགས་སོ། །གཞན་ཡང་འདིར་ཐར་པ་འདོད་པ་དག་བླ་མ་དང་ཉེ་བར་སོང་ནས་ཕྱི་དང་ནང་དག་ལ་ཕུན་སུམ་ཚོགས་པར་ བྱ་སྟེ། ཁྲུས་དང་དབང་བསྐུར་བ་དང་། སྨྱུང་བར་གནས་པ་དང་། ཚངས་པར་སྤྱོད་པས་བླ་མའི་ཁྱིམ་དུ་གནས་པ་དང་། ནགས་སུ་གནས་པ་དང་། མཆོད་སྦྱིན་དང་། སྦྱིན་པ་ལ་ཕྱོགས་པ་དང་། རྒྱུ་སྐར་དང་། དུས་ངེས་པ་ལ་མཐོང་བར་སྤྱོད་པར་བྱེད་པའི་མི་མཐོང་བ་ནི་ཆོས་ཞེས་བརྗོད་ལ། དེའི་དོན་དུ་སྟེན་པར་བྱེད་པ་ལ་ཡང་ཆོས་ཞེས་བྱའོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ལ་འཇུག་པ་ལས་བདེ་བ་དང་སྡུག་བསྔལ་ཡིན་ལ། དེ་དག་ལ་ཆགས་པ་དང་སྡང་བའོ། །དེས་བྱས་པས་འདི་ལྟར་ཡང་སྐྱེ་ཞིང་འཁོར་ བར་འགྱུར་ཏེ། འདི་ལྟར་ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པའི་མཚན་ཉིད་ཀྱིས་ཐོག་མ་མེད་པའི་དུས་ནས་བཅིངས་ཞེས་བརྗོད་དོ། །ཇི་ལྟར་འཁོར་བ་ཐོག་མ་མེད་པ་དེ་བཞིན་དུ་ཅི་ཐ་མ་ཡང་མེད་པའི་བདག་ཉིད་གཅིག་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐར་པ་ཡོད་པ་སྟེ། དེ་ཁོ་ན་ཉིད་ 98-244a ཤེས་པ་ལས་ཐ་མ་ཐར་པར་འགྱུར་རོ། །ཡང་དེ་ནི་གང་ཆོས་དང་ཆོས་མ་ཡིན་པ་དག་སྤྱད་པས་ཡང་དང་ཡང་འཁོར་ཞིང་འཁོར་བ་ཟོ་ཆུན་བརྒྱུད་མོའི་འཁྲུལ་འཁོར་གྱི་གནས་ལྟ་བུའི་འཁོར་བར་འཇུག་པར་འགྱུར་ལ། དེ་མེད་པས་ཡང་འབྱུང་བ་ཉིང་མཚམས་ སྦྱོར་བ་ཡང་མེད་པའི་ཕྱིར་ཐར་པ་ཡིན་ཏེ། མར་མེ་ཤི་བར་གྱུར་པའི་སྣང་བ་བཞིན་ནོ། །ལུས་དང་བཅས་པའི་བདག་ཡིད་དང་ལྡན་པར་གྱུར་པ་ནི་འཚོ་བ་ཡིན་ལ། དེའི་མ་མཐོང་བ་མི་འབྱུང་བས་མེད་པར་གྱུར་པ་ནི་ཀུན་དུ་སྦྱོར་བ་མེད་པ་སྟེ། ཡང་འབྱུང་བར་མི་འགྱུར་བའི་ཕྱིར་དང་པོའི་ལུས་ ལ་སོགས་པ་གཏན་མི་འབྱུང་བར་འགྱུར་རོ། །གལ་ཏེ་ཆོས་དང་ཆོས་མ་ཡིན་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། མ་འོངས་པ་མི་འབྱུང་ཞིང་བསགས་པ་འགོག་པ་སྟེ། དེ་ལ་ལུས་དང་། དབང་པོ་དང་། ཡིད་ལས་ཐ་དད་པའི་བདག་མཐོང་བ་ན་དགེ་བ་སྐྱེ་བར་མི་འགྱུར་ལ། དེ་སྒྲུབ་པར་ བྱེད་པ་ཡོངས་སུ་སྤངས་པས་མ་འོངས་པ་ཡང་མི་སྐྱེ་བ་སྟེ། བསགས་པ་འགོག་པ་ཡང་ལུས་ཀྱི་དེ་ཁོ་ན་ཉིད་ལ་རྟོག་པར་བྱེད་པ་ན་ཆགས་པར་མི་རྩོམ་པའོ། །དོན་དམ་པའི་བདག་ངེས་པར་རྟོགས་ཤིང་ཚིག་གི་དོན་དྲུག་གི་དེ་ཁོ་ན་ཉིད་ངེས་པར་ཤེས་པ་ན་ཆོས་ཀྱང་མེད་པར་ འགྱུར་བ་ཡིན་ཏེ། འདིར། ལུས་དང་ཡིད་ཀྱི་རྣམ་རྟོག་ནི། །ཐམས་ཅད་སྤངས་ནས་དྲི་མེད་པའི། །ཡོངས་སུ་འདའ་བར་དེ་འགྲོ་སྟེ། །ཤིང་ཟད་པ་ཡི་མེ་བཞིན་ནོ། །ཞེས་དམ་ལ་བསྟན་པ་ཡིན་ནོ། །ཇི་ལྟར་ཁྱབ་པའི་བདག་ནི་བྱེད་པ་མེད་པ་ཡིན་དུ་ཟིན་ཀྱང་། འོན་ཀྱང་ཡིད་ཀྱིས བདག་ཅེས་འཛིན་པར་བྱེད་པས་ཡིད་དང་ཀུན་དུ་སྦྱོར་བ་མེད་པ་ནི་ཡང་འབྱུང་བར་མི་འགྱུར་རོ་ཞེས་ཉེ་བར་འདོགས་སོ་ཞེས་བྱ་བ་འདི་ལྟ་བུ་ནི་བྱེ་བྲག་པའི་གྲུབ་པའི་མཐའ་ཡིན་ནོ། །དེ་ལ་སློབ་དཔོན་གྱིས་མདོར་བསྡུས་ནས་དེས་འདོད་པའི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ནས། བློ་སོགས་ བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་ཐར་པར་ཤེས། །ཞེས་བྱ་བ་སྨྲས་ཏེ། བློ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། འདོད་པ་དང་། ཞེ་སྡང་བ་དང་། འབད་པ་དང་། ཆོས་མ་ཡིན་པ་ 98-244b དང་། ཤེས་པ་དང་། འདུས་བྱས་ཞེས་བྱ་བ་ནི་བདག་གི་ཡོན་ཏན་དགུའོ། །དེ་དག་གི་བཅད་པ་ནི་མ་འོངས་པ་ན་མི་འབྱུང་བ་དང་། བསགས་པ་འགོག་པའོ། །དྲུངས་ནས་ཕྱུང་བའི་ཆོས་དང་ཆོས་མ་ཡིན་པ་དེ་དག་གཏན་སྤངས་པ་ནི་དྲུངས་ནས་ཕྱུང་བ་སྟེ། ཐམས་ཅད་དུ་ལོག་པའོ། །དེ་ལྟར་ གྱུར་པ་ན་ཡིད་ལ་བྱེད་པ་ལ་འཇུག་པ་ལས་ལྡོག་པ་གང་གི་ཕྱིར་བརྟགས་པ་ཡིན་པས་རང་ཉིད་ལ་བདག་ཅེས་བྱ་བའི་ཡུལ་དུ་རྣམ་པར་མི་རྟོག་པའི་གནས་སྐབས་སུ་གྱུར་པ་ན་ཐར་པ་ཡིན་ནོ་ཞེས་འུག་པ་པས་ཤེས་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། རྒྱས་པར་སྔར་བསྟན་རིམ་པ་ཡིས། །མི་ བདེན་སྐྱེ་བ་བཀག་པའམ། །དངོས་པོ་ཡོངས་སུ་བཀག་པས་ན། །འདོད་དང་སྡང་སོགས་ཡོན་ཏན་མེད། །སྔར་བསྟན་པའི་རིམ་པ་གང་ཡིན་ཞེ་ན། འདི་ལྟ་སྟེ། མ་སྐྱེས་བྱེད་པོར་མི་རུང་སྟེ། །བྱ་བ་ངེས་པར་བྱ་བ་ལ། །བྱེད་པོ་ཡིན་ཕྱིར་སྦྲང་རྩིའི་རྒྱུ། །ནམ་མཁའི་མེ་ཏོག་མིན་པ་བཞིན། ། ཞེས་བསྟན་པ་དང་། མ་སྐྱེས་སྐྱེས་པ་མ་ཡིན་ཏེ། །ནམ་མཁའི་མེ་ཏོག་མ་སྐྱེས་བཞིན། །ཞེས་བྱ་བ་ལ་སོགས་པས་བྱ་བ་མེད་པར་འུག་པ་པས་ཡོངས་སུ་བརྟགས་པའི་སྐྱེ་བ་བཀག་པས་འདོད་པ་དང་ཞེ་སྡང་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་ན་བདག་གི་ཡོན་ཏན་ཇི་ལྟར་འབྱུང་བར་ འགྱུར། ཡང་ན་དེ་ལ། འབྱུང་བའི་ངོ་བོ་ལ་སོགས་ཀྱི། །དོན་དམ་པར་ན་ཡོད་མིན་ཏེ། །ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རབ་ཏུ་བཀག་པ་དེ་ཁོ་ན་ཉིད་དུ་ཡོན་ཏན་ཞེས་བྱ་བའི་ཚིག་གི་དོན་གྱི་དངོས་པོ་མེད་པ་ཡིན་པས་བདག་དང་དེར་སྦྱོར་བ་ཉིད་ཀྱང་མེད་ན་ ཆད་པ་ལྟ་ག་ལ་ཡོད་པར་འགྱུར། ཡང་ན་རྒྱུ་དང་རྐྱེན་ལ་ལྟོས་ནས་བརྟེན་ཏེ་འབྱུང་བའི་སྤྱི་ཉིད་ལ་དེ་ཡོད་པར་ཁས་བླངས་པ་ཡང་དཔྱད་པར་བྱ་བ་ཡིན་པས། རྟག་པའི་བདག་ལ་ཤེས་མི་རྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །གང་རེ་ཞིག་དབང་པོ་དང་། དོན་དང་ཡིད་ཕྲད་པ་ལས་ སྐྱེས་པའི་མངོན་སུམ་གྱི་ཤེས་པ་དེ་ཡང་དོན་དམ་པར་བདག་རྟག་པ་ལ་བརྟེན་པར་མི་རིགས་ཏེ། རྒྱུ་དང་ལྡན་པ་ལ་སོགས་པ་སྤྱི་ཡོད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཡང་ན། བློ་ནི་བདག་གི་ཡོན་ཏན་དུ། །མི་རིགས་སྐྱེ་དང་ལྡན་པའི་ཕྱིར། །ཇི་ལྟར་དེ་ཡི་ཡོན་ཏན་དུ། ། 98-245a གཟུགས་ལ་སོགས་པ་མི་འདོད་བཞིན། །བློ་ནི་བདག་གི་ཡོན་ཏན་ཉིད་ཡིན་པར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གང་དང་གང་སྐྱེ་བ་དང་ལྡན་པ་དེ་ནི་བདག་གི་ཡོན་ཏན་ཡིན་པར་མ་མཐོང་སྟེ། དཔེར་ན་གཟུགས་བཞིན་ནོ། །ཡང་ན། འདུ་བ་ཡིན་ཕྱིར་བདག་མེད་ པས། །རིགས་དེ་མི་རྟག་པ་ཡི་ཕྱིར། །ཇི་ལྟར་གཟུགས་སྔར་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་། བདག་དང་ཉེ་བར་གནས་པ་ལས་བློ་ལ་བདག་གི་ཡོན་ཏན་ཉིད་དོ་ཞེས་ཟེར་བ་ཐོས་ཏེ། དེ་བདག་དང་། བདག་ཏུ་འདུ་བར་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སོ། །གང་གི་ཕྱིར་ཞེ་ན་ མི་རྟག་པའི་ཕྱིར་རམ། སྔར་དབང་པོ་དང་། ཡུལ་ཕྲད་ནས་གནས་པའི་དུས་ན་མེད་པའི་ཕྱིར་ཏེ། དཔེར་ན་གཟུགས་ནི་བདག་དང་འདུ་བ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་བློ་ནི་འདིའི་ཡོན་ཏན་ཡང་མ་ཡིན་པ་ཉིད་ཡིན་ནོ། །དེ་ལྟ་བ་དེ་དང་སྡུག་བསྔལ་སོགས། །དགག་པ་མཐར་ཐུག་ ཤེས་པར་བྱ། །བདེ་བ་འབྱུང་བ་ཉིད་ཀྱང་བདག་གི་ཡོན་ཏན་མ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ། །བདེ་བ་ནི་བདག་དང་འདུ་བ་མ་ཡིན་ཏེ། མི་རྟག་པའི་ཕྱིར་རམ། སྔ་ན་མེད་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ། །དེ་བཞིན་དུ་སྡུག་བསྔལ་དང་། འདོད་པ་ དང་། ཞེ་སྡང་ལ་སོགས་པ་རྣམས་ཀྱང་དགག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་། ཡིད་ནི་རྟག་པ་མིན་པར་འདོད། །བརྗོད་བྱ་ཡིན་ཕྱིར་བུམ་པ་བཞིན། །གལ་ཏེ་གང་བློ་ལ་སོགས་པ་ནི་མི་རྟག་པ་ཡིན་པའི་ཕྱིར་བདག་དང་འདུ་བ་མ་ཡིན་གྱི། ཡིད་ནི་འདིར་རྟག་པ་ཡིན་ པས་དེ་དང་འདུ་བ་ཡིན་ནོ་ཞེ་ན། ཡིད་ཀྱང་རྟག་པ་མ་ཡིན་ཏེ། ཚིག་གིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །རྟག་པ་ཉིད་མ་ཡིན་ན་ཇི་ལྟར་དེ་དང་འདུ་བར་གྱུར་པ་ཡིན་ཞེས་བྱ་བར་བསམས་པའོ། །གཞན་ཡང་། འདི་ནི་བདག་གི་བྱེད་པ་མིན། །དངོས་པོ་ ཡིན་ཕྱིར་བདེ་བ་བཞིན། །གང་དང་གང་དངོས་པོ་ཉིད་ཡིན་པ་དེ་ནི་བདག་གི་བྱེད་པ་མ་ཡིན་ཏེ། དཔེར་ན་བདེ་བ་བཞིན་ནོ། །ཡིད་ནི་བྱེད་པ་ཉིད་དུ་མ་སྐྱེས་པས་འདུ་བ་ཡིན་པར་བདེན་དུ་ཟིན་ཀྱང་། དོན་མཐོང་བར་གྲུབ་པ་མ་ཡིན་ནོ། །ཡང་ན་རྟེན་མེད་པར་བརྟེན་པ་ཡང་མི་འགྲུབ་པས་དེས་ན་ 98-245b རྟེན་ཉིད་བཟློག་པར་བྱ་བའི་ཕྱིར། །བདག་ཡོད་པ་ནི་བཀག་ཟིན་ཀྱང་། །འདིར་ཡང་བརྟག་པར་བྱ་བ་སྟེ། །བརྟེན་ནས་བྱུང་བ་མ་ཡིན་ཕྱིར། །བདག་མེད་ནམ་མཁའི་མེ་ཏོག་བཞིན། །དབང་ཕྱུག་བཀག་པ་དང་འདྲ་བར་བདག་ཀྱང་བཀག་པ་ཡིན་ཡང་། ཡང་ཚུལ་བཞིན་གྱིས་དགག་པར་བྱ་ སྟེ། བདག་ནི་མེད་དོ་ཞེས་བྱ་བ་ནི་དམ་བཅའ་བཅའ་བའོ། །གཏན་ཚིགས་ཅི་ཡོད། སོ་སོའམ་བསྡུས་པས་ཀྱང་སྐྱེ་བར་འགྱུར་བའི་རྐྱེན་ཡོངས་སུ་མ་བཟུང་བས། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འདིར་གང་མེད་པ་དེ་ནི་སོ་སོའམ་བསྡུས་པའི་རྐྱེན་བཟུང་ནས་འབྱུང་བར་འགྱུར་བ་མ་ ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་ནོ། །གང་ཡོད་པ་དེ་ནི་སོ་སོའམ་བསྡུས་པས་རྒྱུ་དང་རྐྱེན་ཡོངས་སུ་བཟུང་ནས་འབྱུང་བར་འགྱུར་ཏེ། དཔེར་ན་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། ཡིད་ལ་བྱེད་པ་དང་། དབང་པོ་ལ་སོགས་པའི་རྐྱེན་ཡོངས་སུ་བཟུང་ནས་སེམས་སྐྱེ་ བར་འགྱུར་བ་བཞིན་ནོ། །ཡང་ན་བདག་ནི་མེད་དེ། གཟུགས་སུ་རུང་བ་དང་། ཉམས་སུ་མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། སོ་སོར་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །གཞན་ཡང་། དེ་ཡི་སྤྱི་ནི་ཡོད་པར་ ཡང་། །ཁས་ལེན་པ་ཡང་བརྟག་པར་བྱ། །ཕུང་པོ་འདུས་པའི་རྒྱུན་བཞིན་བྱས་ནས། ཀུན་རྫོབ་ཏུ་བདག་ཡོད་པས་བདག་གི་སྤྱི་ཡོད་པར་ཁས་ལེན་པ་དེ་ཡང་ཁོ་བོས་འདིར་དཔྱད་པར་བྱའོ། །འདི་ནི་ཁྱབ་མིན་རྟག་པ་མིན། །རྟོགས་བྱ་ཡིན་ཕྱིར་བུམ་པ་བཞིན་ནོ། །རྣལ་འབྱོར་པ་དག་ གི་བསམ་གཏན་གྱི་མིག་གིས་འདི་རྟོགས་པར་བྱ་བ་ཡིན་པས། རྟོགས་བྱ་ཞེས་བྱ་བ་ལ། རྟོགས་བྱ་ཡིན་པའི་ཕྱིར་བུམ་པའི་སྤྱི་བཞིན་ནོ། །དེས་ན་འདི་ནི་ཁྱབ་པ་ཡང་མ་ཡིན་ལ། རྟག་པ་ཉིད་ཀྱང་མ་ཡིན་ནོ། །བདག་ནི་ཁྱབ་པ་ཉིད་དུ་ཡོད་པ་ཡིན་ཏེ། ཀུན་ལ་ཁྱབ་པའི་ཕྱིར་ནམ་མཁའ་ བཞིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། དཔེ་ཉིད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་དངོས་པོའི་དོན་གང་རང་ཉིད་ཀྱང་བསྒྲུབ་པར་བྱ་དགོས་པ་དེས་གཞན་ཇི་ལྟར་སྒྲུབ་པར་བྱེད་ནུས་ཞེས་བྱའོ། །གལ་ཏེ་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་ཡིན་ན་རྡུལ་ཕྲ་རབ་ཀྱི་ནང་ན་ནམ་མཁའ་ཡོད་དམ་མེད། 98-246a ཕྱོགས་དེ་གཉི་ག་ཡང་འཆིང་བའི་ཞགས་པ་དང་བཅས་པ་སྟེ། གལ་ཏེ་ནམ་མཁའ་དང་ཕྲ་རབ་གཉིས་གཅིག་ན་ནི་ཕྲ་རབ་ཀྱི་ཆ་དང་ནམ་མཁའི་ཆའོ་ཞེས་ཕན་ཚུན་ཐ་དད་པས་གཉི་ག་ཡང་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་ཏེ། དབྱེ་བར་ནུས་པའི་ཕྱིར་བུམ་པ་བཞིན་ནོ། །འོན་ཏེ་རྡུལ་ཕྲ་རབ་ཀྱི་ནང་ན་ནམ་མཁའ་མེད་དོ་ཞེ་ན་ནི་ཕྲ་རབ་ཀྱང་མི་རྟག་པ་ཉིད་དུ་འགྱུར་ལ། ནམ་མཁའ་ཡང་ཀུན་ལ་ཁྱབ་པ་མ་ཡིན་པར་འགྱུར་ཏེ། དེ་ལྟ་བས་ན་ནམ་མཁའ་ཀུན་ལ་ཁྱབ་པ་མ་ཡིན་པའམ། ཕྲ་རབ་ལ་དབྱེ་བ་ཡོད་པར་ ཁས་བླང་དགོས་པས། དེས་ན་ཕྱོགས་གཉི་ག་ཡང་སྐྱོན་དང་བཅས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཀུན་ལ་ཁྱབ་པའི་ཕྱིར་ནམ་མཁའ་དང་འདྲ་བ་ཡིན་ལ་འདིས་ལུས་ལ་སྦྱོར་བར་བྱེད་པ་ན་ཅི་ཕྱོགས་གཅིག་གིས་སྦྱོར་བར་བྱེད་དམ། འོན་ཏེ་ཐམས་ཅད་ཀྱིས་ཡིན། དེ་ལ་གལ་ཏེ་ ཕྱོགས་གཅིག་གིས་སྦྱོར་རོ་ཞེ་ན་ནི། ཕྱོགས་ཆ་དང་ལྡན་པའི་ཕྱིར་བདག་མི་རྟག་པ་ཉིད་དང་ཆ་ཤས་དང་བཅས་པ་ཉིད་དུ་འགྱུར་ཏེ་བུམ་པ་བཞིན་ནོ། །འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བ་ཡིན་ན་ཡང་། དེ་ལྟ་ན་ལུས་གཅིག་དང་སྦྱོར་ཞིང་ཕྲད་པ་ན་ལུས་གཞན་ཐོབ་པར་འགྱུར་ བ་མེད་ལ། ཀུན་ལ་ཁྱབ་པ་ཡིན་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱིས་དུས་གཅིག་ཏུ་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བར་ཐལ་བར་འགྱུར་ཏེ། དེ་ཡང་འདི་ལྟར་དམྱལ་བའི་འགྲོ་བ་རྣམས་ཀྱིས་ཀྱང་མཐོ་རིས་ཀྱི་བདེ་བ་མྱོང་བར་འགྱུར་ལ། མཐོ་རིས་ཀྱི་འགྲོ་བ་རྣམས་ཀྱིས་ཀྱང་ དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཞིང་། གཅིག་བཅིངས་པ་ན་ཡང་ཀུན་བཅིངས་པར་འགྱུར་ལ། གཅིག་གྲོལ་བ་ན་ཡང་འགྲོ་བ་ཐམས་ཅད་གྲོལ་བར་ཐལ་བར་འགྱུར་རོ་ཞེས་བྱ་བའོ། །སྐྱོན་གཞན་ཡང་། བློ་སྐྱེ་འགྱུར་དང་བཅས་ཤེ་ན། །ཁྱོད་ཀྱིས་བདག་ཉིད་ཉམས་པར་ འགྱུར། །འོན་ཏེ་འགྱུར་མེད་ཤེས་པ་མིན། །ཤེས་དང་ཤེས་མིན་ཇི་ལྟར་རུང་། །གང་ཡང་བདག་དང་བློ་འདུ་བར་གྱུར་པ་ན། ཅི་དེའི་ཚེ་ཡོངས་སུ་འགྱུར་བ་འབྱུང་བ་ཞིག་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་རེ་ཞིག་བློ་འདི་འབྱུང་བར་འགྱུར་བ་ན་ཡོངས་སུ་འགྱུར་བ་ཡིན་ན་ནི། 98-246b ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་འབར་བ་ལ་སོགས་པ་བཞིན་དུ་མི་རྟག་པ་ཉིད་ཡིན་ནོ། །འོན་ཏེ་འགྱུར་བ་བརྟེན་པ་མ་ཡིན་ནོ་ཞེ་ན། ཡང་འདི་ཇི་ལྟར་རྟོགས་པ་ཡིན་པར་འགྱུར་ཏེ། འགྱུར་བ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །སྔར་རྟོག་པ་མེད་པའི་ངོ་བོ་ཡིན་ ལ། ཕྱིས་རྟོག་པའི་ངོ་བོར་འབྱུང་བར་འགྱུར་ན་ནི། སྔར་གྱི་རང་གི་ངོ་བོ་ཡོངས་སུ་བཏང་བའི་ཕྱིར་མི་རྟག་པ་ཉིད་དུ་ཡོངས་སུ་འགྱུར་བ་ཡིན་ནོ། །རྟག་ཏུ་རྟག་པ་ཞིག་ཡིན་ན་ཡང་རྟོག་པ་ཡང་ཡིན། མི་རྟོག་པ་ཡང་ཡིན་ཞེས་བྱ་བ་ཇི་ལྟར་འགྱུར། འདི་བློ་དང་འདུ་བར་འགྱུར་བ་ཞིག་ ཡིན་ན་ཡང་ཅི་བློའི་ངོ་བོ་ཞིག་ཏུ་འགྱུར་བ་ཡིན་ནམ། འོན་ཏེ་མ་ཡིན། དེ་ལ་གལ་ཏེ་རྟག་པ་ཉིད་ཡིན་པའི་ཕྱིར་འདི་བློའི་ངོ་བོར་གྱུར་པ་མ་ཡིན་ནོ་ཞེ་ན། བློ་དང་འདུས་པ་ཞེས་བྱ་བའི་ཤེས་པ་སྐྱེ་བར་འགྱུར་བ་ན་ཡང་བདག་ནི་མི་ཤེས་པ་ཉིད་ཡིན་ཏེ། སྔར་གྱི་ངོ་བོ་ལས་གཞན་དུ་མི་འགྱུར་ བའི་ཕྱིར་རོ། །གལ་ཏེ་བློ་དང་འདུས་པར་གྱུར་པ་ན་བློའི་ངོ་བོ་ཉིད་དུ་འདི་ཡང་གྱུར་ན་ནི། བདེ་བ་དང་སྡུག་བསྔལ་གྱི་ངོ་བོ་ལ་ཐ་དད་པའི་ཕྱིར་ཡོན་ཏན་བཞིན་དུ་འདི་ལ་ཡང་མི་རྟག་པ་ལ་སོགས་པའི་སྐྱོན་འབྱུང་བར་འགྱུར་རོ། །གལ་ཏེ་བདག་དང་བློ་འདུས་པ་ནི་ཡོད་དེ། བློ་དང་བཅས་པ་ཡིན་ པའི་ཕྱིར། དཔེར་ན་དབྱུག་པ་དང་། དབྱུག་པ་ཅན་བཞིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། འདུ་བ་དགག་པ་བྱས་པས་ན། །དེ་དང་འབྲེལ་པའང་རིགས་པ་མིན། །བདག་གིས་རབ་ཏུ་བྱེད་པ་འདིར་འདུ་བ་དགག་པ་བྱས་པས་འདུ་བ་མེད་པར་གྱུར་ན། དེ་དག་གི་འབྲེལ་པ་ཡང་ཡོད་ པར་མི་འགྱུར་རོ། །ཇི་ལྟ་ཞེ་ན། བདག་ནི་རྟག་པ་ཡིན་ལ་བློ་ནི་མི་རྟག་པ་ཡིན་པས་རྟག་པ་དང་མི་རྟག་པ་དག་མི་འདྲ་བ་ཉིད་ཡིན་པའི་ཕྱིར་མེ་དང་གྲང་བ་བཞིན་དུ་འབྲེལ་པ་མེད་པ་ཡིན་ནོ། །བློ་དང་འདུ་བ་ཇི་ལྟར་བཀག་པ་བཞིན་དུ་ཡོན་ཏན་གྱི་ཚིག་གི་དོན་རྣམས་ཀྱང་དགག་པར་འདོད་ནས་སྨྲས་ པ། བདེ་དང་སྡུག་བསྔལ་འབད་དང་འདོད། །སྡང་ལ་སོགས་ཀྱང་ཚུལ་འདི་ཡིན། །ཇི་ལྟ་ཞེ་ན། རྟག་པའི་བདག་ལ་བདེ་མི་བརྟན ། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །ཡང་ན་བདག་གི་ཡོན་ཏན་ནི། །བདེ་བ་ཡིན་པར་མ་རྟོགས་ཏེ། །སྐྱེ་དང་ལྡན་ཕྱིར་གཟུགས་ལ་སོགས། །དེ་ཡི་ 98-247a ཡོན་ཏན་མི་འདོད་བཞིན། །ཡང་ན་འདི་དག་འདུ་བ་ནི། །བདག་ལ་ཡོད་པར་མ་རྟོགས་ཉིད། །ཅེས་བྱ་བ་ལ་སོགས་པས་སྡུག་བསྔལ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་བདག་ཡོད་དེ་ཞེས་བྱ་བའི་བློ་གང་དག་ཡོད་པར་གྲག་པ་དེ། སྤྱི་ཆེན་པོ་དང་ འབྲེལ་ཏེ་འབྱུང་བར་འགྱུར་རོ་ཞེས་གྲག་ན། སྤྱི་ཆེན་པོ་དང་འབྲེལ་པ་དེ་ཅི་བདག་རང་གི་ངོ་བོ་ཡོད་པ་ཞིག་ཡིན་ནམ། རང་གི་ངོ་བོ་མེད་པ་ཞིག་ཡིན། དེ་ལ། ལྷན་ཅིག་ཡོད་ཆེན་དང་འབྲེལ་བར། །ཡོད་དང་མེད་པ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡོད་ནའང་དེ་སྦྱོར་དོན་མེད་ལ། །མེད་ ན་དེ་ཡང་མེད་པར་འགྱུར། །ཡོད་པ་ཞེས་བྱ་བའི་བློ་མེད་པ་ཞིག་ཡིན་ན་ནི་སྤྱི་ཡོད་པ་ཆེན་པོ་དང་འབྲེལ་པ་ཡོད་པར་འགྱུར་ན། རང་གི་ངོ་བོ་ཡོད་པར་གྱུར་པའི་ཕྱིར་བདག་ལ་ནི་ཡོད་པ་ཆེན་པོ་དང་འབྲེལ་པ་མེད་དེ། ཇི་ལྟར་གྲུབ་ཟིན་པའི་བུམ་པ་ལ་ཡང་བསྒྲུབ་མི་དགོས་པ་བཞིན་ནོ། །མེད་ན་ཡང་ ཡོད་པ་ཆེན་པོ་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་མོ་གཤམ་གྱི་བུ་བཞིན་ནོ། །གལ་ཏེ་བདག་ཡོད་པ་ཉིད་ལ་ཡོད་པ་ཆེན་པོས་གསལ་བར་བྱེད་པ་ཉིད་ཡིན་གྱི། ཡོད་པའི་ངོ་བོ་ཞིག་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། གསལ་བར་བྱེད་པས་ཆོས་གཞན་ཕྱིར། །དེ་ནི་ གསལ་བྱེད་ཇི་ལྟར་ཡིན། །ཁྱོད་ཀྱི་བདག་ནི་མི་གསལ་བ་ཉིད་ཡིན་ཏེ་བྱས་པ་མ་ཡིན་པ་ཉིད་ཡིན་ན་དེ་ཇི་ལྟར་ཡོད་པ་ཆེན་པོས་གསལ་བར་བྱེད་པ་ཡིན། འདིར་འདི་སྐད་དུ་སྨྲ་བར་ཡང་ནུས་ཏེ། གསལ་བ་མ་ཡིན་པ་ནི་གསལ་བར་བྱ་བར་མི་ནུས་ཏེ། མི་གསལ་བ་ཉིད་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །མངོན་པར་གསལ་བ་ཉིད་ནི་རྐྱེན་རྙེད་ནས་གསལ་བར་འགྱུར་ཏེ། དཔེར་ན་འཇིམ་པའི་གོང་བུ་དང་། དབྱུག་པ་དང་། འཁོར་ལོ་དང་། རྫ་མཁན་གྱི་འདོད་པ་ལ་སོགས་པའི་རྐྱེན་ཚོགས་པ་ལས་མངོན་པར་གྲུབ་པའི་བུམ་པ་ནི་མར་མེས་གསལ་བར་བྱེད་པ་བཞིན་ཏེ། བྱས་པ་ཉིད་ལ་མངོན་པར་གསལ་བ་མཐོང་བས་ཆོས་མི་མཐུན་པ་ཉིད་ལ་མངོན་པར་གསལ་བར་གྲུབ་པའི་ཕྱིར། ཡོད་པ་ཆེན་པོ་ནི་བདག་གསལ་བར་བྱེད་པ་མ་ཡིན་ནོ། །གྲངས་ལ་སོགས་དང་འབྲེལ་པ་ཡང་། །འདི་ཉིད་ཀྱིས་ནི་ལན་བཏབ་པོ། །ཇི་སྐད་སྨྲས་པའི་དཔྱད་པའི་རིམ་པ་ 98-247b འདི་ཉིད་ཀྱིས་གཅིག་ལ་སོགས་པའི་གྲངས་ལ་སོགས་པ་དང་སྐྱེས་བུ་སྦྱོར་བར་འགྲུབ་པར་དཀའོ། །ཇི་ལྟ་ཞེ་ན། ཡོད་པའི་གཅིག་ཉིད་དང་སྦྱོར་རམ། འོན་ཏེ་མེད་པ་ཞིག་ཡིན། དེ་ལ་གལ་ཏེ་ཡོད་པའི་གཅིག་ཉིད་གྲངས་ཀྱི་གཅིག་དང་སྦྱོར་བ་ཡིན་ན་ནི། ཡང་སྦྱོར་བ་ དོན་མེད་པར་འགྱུར་རོ། །འོན་ཏེ་མེད་པ་ཞིག་ཡིན་ན་ནི་འདི་ལྟར་མེད་པ་ཉིད་ཡིན་ཏེ། མངོན་པར་གསལ་བར་བྱེད་པ་དང་སྦྱོར་བ་མ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །ཡོད་པ་ཆེན་པོ་དང་གྲངས་དག་སྦྱོར་བ་མེད་པ་འབའ་ཞིག་མ་ཡིན་གྱི། གཞན་ཚིག་གི་དོན་གྱི་ཚོགས་ ལྷག་མ་རྣམས་ལ་ཡང་ཇི་ལྟར་རིགས་པར་སོ་སོར་ཚུལ་འདི་ཉིད་ཀྱིས་ལན་བཏབ་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཚིག་གི་དོན་གང་ཡིན་ཞེ་ན། འདི་ལྟ་སྟེ། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། འདུ་བ་དང་། ཁྱད་པར་ལ་སོགས་པ་ཐམས་ཅད་ལ་ཡོད་ པར་གྱུར་པ་ཞིག་ཡོད་པ་ཆེན་པོ་དང་འབྲེལ་པར་འགྱུར་རམ། མེད་པ་ཞིག་འགྱུར། ཡོད་པ་ཞིག་ཡིན་ནོ་ཞེ་ན་ཡང་སྦྱོར་བ་དོན་མེད་པར་འགྱུར་རོ། །མེད་པ་ཞིག་གོ་ཞེ་ན་ནི་མེད་པ་ཡིན་པའི་ཕྱིར་ལན་སྨྲས་མ་ཐག་པ་ཡིན་ནོ། །གཞན་གྱི་བསམ་པ་བླངས་ནས་སྨྲས་པ་ནི། གལ་ཏེ་སྤྱི་སོགས་དང་ འབྲེལ་བས། །སྐྱེས་བུ་སྤྱི་དང་གཅིག་རྟོགས་པར། །དེ་སོགས་རྐྱེན་དང་ཕྲད་ཙམ་གྱིས། །སྐྱེས་བུ་འབྱུང་བར་འདོད་ན་ནི། །སྐྱེས་བུ་སྤྱི་དང་འབྲེལ་པ་ཙམ་གྱིས་སྤྱི་ཡིན་པར་རྟོགས་ལ་གྲངས་དང་འབྲེལ་པས་གཅིག་ཉིད་དང་། བློ་དང་འབྲེལ་པས་རྟོགས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་ སོགས་པའི་བློ་སྐྱེ་བའི་རྒྱུ་ཙམ་སྐྱེས་བུ་ཡིན་ནོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཡང་དག་པའི་ཐ་སྙད་ཀྱི་དོན་དུ་མངོན་པར་འདོད་པ་ཡིན་ལ། གྲོལ་བའི་དུས་ན་ནི། ཡོད་མིན་མེད་མིན་དུ་མ་མིན། །གཅིག་མིན་ཕྲ་མིན་ཆེན་པོ་མིན། །འདི་ནི་རྟག་མིན་མི་རྟག་མིན། །གཞན་མིན་གཞན་མིན་མི་ན་དེ་ ཉིད། །ཇི་ལྟར་བདག་བཞིན་ཚིག་གི་དོན། །གཞན་ཡང་འདི་ལྟར་སོང་བ་སྟེ། །འབད་ནས་གསུངས་སུ་ཟིན་ཀྱང་ནི། །གཟེགས་ཟན་པ་ཡིས་གསལ་བར་བྱས། །བློ་ལ་སོགས་པ་བདག་གི་ཡོན་ཏན་བདེན་པའི་ངོ་བོ་ཞིག་ཡིན་ན་ནི། ཡོད་པ་ལ་སོགས་པ་རྟག་པར་འགྱུར་ན་བདག་ཡོན་ཏན་ 98-248a དང་མི་ལྡན་པར་གྱུར་པ་དེ་ལ་ནི་ཡོད་པ་དང་མེད་པ་དང་། གཅིག་དང་། དུ་མ་དང་། ཕྲ་རབ་དང་། ཆེན་པོ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པ་དོན་དམ་པར་ཞི་བ་ཡིན་ནོ། །བདག་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་རྫས་དང་། ཡོན་ཏན་དང་། ལས་ལ་སོགས་པའི་ཚིག་གི་དོན་རྣམས་ཀྱང་དེ་བཞིན་ཏེ། ཡོད་པ་ཡང་མ་ཡིན་ལ། མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་ལྟ་ཞེ་ན། འདི་དག་བདག་དང་ལྡན་པ་ཞིག་ཡིན་ན་ནི་རང་གི་མཚན་ཉིད་དུ་གྲུབ་པར་ འགྱུར་ན། བདག་དང་བྲལ་བར་གྱུར་པས་རང་གི་ངོ་བོ་གཟུང་དུ་མེད་པར་གྱུར་པ་ལ་ཡོད་པ་དང་། མེད་པ་དང་། གཅིག་དང་། དུ་མ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པ་ལྟ་ཡོད་པར་ག་ལ་འགྱུར་ཞེས་བྱ་བ་འབད་ནས་གསངས་ཤིང་སྦས་ཀྱང་། གཟེགས་ཟན་པའི་འདོད་པའི ལུགས་འདི་ལྟར་སྨྲས་པ་འདིས་བདག་ཅག་གི་ལུགས་ཀྱི་རྗེས་སུ་འབྲངས་ནས། སྟོང་པ་ཉིད་དུ་ཤིན་ཏུ་བསྟན་པར་བྱས་པ་ཡིན་ན། བདག་ཅག་གི་ལུང་ལས་ནི་འདི་ལྟར་འབྱུང་སྟེ། གཟུགས་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། བདེ་བ་ཡང་མ་ཡིན། སྡུག་ བསྔལ་བ་ཡང་མ་ཡིན། བདག་ཀྱང་མ་ཡིན། བདག་མེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཀྱང་མེད་ན། ཡང་རྟག་པ་དང་མི་རྟག་པར་ལྟ་ག་ལ་འགྱུར། དེས་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། །ཁྱོད་ཀྱིས་སྣ་ཚོགས་མང་པོ་ཞིག །བརྗོད་དུ་ཟིན་ཀྱང་སྟོང་པ་ ཉིད་དེ་ཉིད་རབ་ཏུ་སྟོན་པར་བྱེད་པ་ཡིན་པས་ཁོ་བོ་ཅག་གི་འདོད་པ་ཁོ་ན་བསྒྲུབས་པ་ཡིན་ནོ། །གལ་ཏེ་གྲུབ་པའི་མཐའ་གཅིག་པ་ཉིད་ཡིན་པའི་ཕྱིར་བྱེ་བྲག་པ་ལ་རབ་ཏུ་གྲུབ་པ་སྟེ། དེ་ཁོ་ན་ཉིད་མཐོང་བ་ཡིན་པར་གྲུབ་བོ་ཞེ་ན། འདི་དག་མཚན་མར་འཛིན་པའི་ཕྱིར། །དེ་ཉིད་ མཐོང་བར་མི་རིགས་སོ། །མཚན་མ་མི་བདེན་པར་སྐྱེས་པའི། །ངོ་བོ་རྟོག་པར་མི་བདེན་འདོད། །བློ་ལ་སོགས་པ་དེ་རྣམས་མི་བདེན་པར་སྐྱེས་པ་ནི་མི་རྟག་པ་ཡིན་པའི་ཕྱིར་ཆད་པ་ཡིན་ལ། ས་ལ་སོགས་པ་ནི་རྟག་པའི་རྡུལ་ཕྲ་རབ་དང་ལྡན་པར་འབྱུང་བས་རྟག་པར་འཛིན་པ་ཡིན་ཏེ། 98-248b དེས་ན་རྣམ་པ་འདི་གཉི་ག་ཡང་མཚན་མར་ལྟ་བས་ལེགས་པ་མ་ཡིན་ཏེ། མཐར་ལྟ་བ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་འདིའི་དོན་ནི་བརྗོད་པར་བྱ་བ་མ་ཡིན་ན་ཡང་སྤྱི་ཞེས་བྱ་བའི་དངོས་པོའི་དོན་དང་འབྲེལ་པར་གྱུར་པ་ལ་སྤྱི་ཞེས་བརྗོད་པར་བྱ་བ་ཡིན་གྱི་དེ་ཡོད་པ་ལ་ སོགས་པའི་ངོ་བོར་གྱུར་པ་ནི་མ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། བདག་ལས་ཐ་དད་གྱུར་པའི་དོན། །དེ་དང་འབྲེལ་བར་མི་འདོད་དེ། །ཡོད་པའི་བློ་ཕྱིར་བློ་སྤྱི་ལ། །སྤྱི་ཞེས་བྱ་བར་འདོད་པ་བཞིན། །བདག་ལས་ཐ་དད་པའི་སྤྱི་ཞེས་བྱ་བ་དང་འབྲེལ་པས་བདག་ཡོད་དོ་ཞེས་བྱ་བའི་ བློ་མི་འབྱུང་ངོ་ཞེས་བྱ་བ་ནི་ཕྱོགས་སོ། །བདེན་པའི་བློ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་དང་གང་བདེན་པའི་བློ་འབྱུང་བ་དེ་ལ་དེ་ལས་གཞན་པའི་དོན་དང་འབྲེལ་པ་མ་མཐོང་སྟེ། ཇི་ལྟར་ཡོད་པ་ཆེན་པོ་དེ་ཉིད་ལ་སྤྱི་ཞེས་བྱ་བའི་བློ་འབྱུང་བ་དེ་བཞིན་ནོ། །དེ་བཞིན་ གྲངས་སོགས་འབྲེལ་པ་ཡང་། །བདག་གམ་གཞན་པ་ལ་ལ་ལ། །མཁས་པས་ཇི་ལྟར་རིགས་པ་བཞིན། །བློ་དེ་མིན་པར་རྟོགས་པར་བྱ། །གང་ཡང་གྲངས་གཅིག་དང་ལྡན་པ་ལས་བདག་ཀྱང་གཅིག་ཅེས་རྗོད་པར་བྱེད་ཀྱི་ཡང་དེ་ཉིད་ནི་གཅིག་ཀྱང་མ་ཡིན་དུ་མ་ཡང་ མ་ཡིན་ནོ། །དེ་བཞིན་དུ་བློ་དང་ཡང་དག་པར་ལྡན་པ་ལས་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་གཞན་ས་ལ་སོགས་པ་ཡང་གྲངས་དང་མཚུངས་པར་ལྡན་པ་ལས་གཅིག་ལ་སོགས་པའི་སྒྲས་བརྗོད་པ་ཡིན་གྱི་དེ་རང་ཉིད་ཀྱིས་ནི་གཅིག་གི་ངོ་བོ་ཡང་མ་ཡིན་ ལ་དུ་མའི་ངོ་བོ་ཡང་མ་ཡིན་ནོ་ཐམས་ཅད་དུ་ཡང་ཚུལ་འདི་ཉིད་ཀྱིས་མཁས་པས་དགག་པར་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། གྲངས་དང་མཚུངས་པར་ལྡན་པ་ལས། །བདག་དང་ས་ལ་སོགས་པ་གཅིག་ལ་སོགས་པའི་བློ་འབྱུང་བར་མི་རིགས་ཏེ་བློ་ཡིན་པའི་ཕྱིར། དཔེར་ན་ གྲངས་དེ་ཉིད་ལ་གྲངས་དང་མཚུངས་པར་ལྡན་པས་གཅིག་ལ་སོགས་པའི་བློ་འབྱུང་བ་ཡིན་པ་བཞིན་ནོ། །གཞན་ཡང་། བདག་གི་བློ་དང་སྡུག་བསྔལ་དང་། །བདེ་སོགས་ཡོན་ཏན་དང་མི་འབྲལ། །ཡོན་ཏན་ཡིན་ཕྱིར་གྲངས་བཞིན་ནོ། །དེ་ཕྱིར་ཡོན་ཏན་མེད་བདག་མིན། །བློ་ 98-249a དང་བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། ཞེ་སྡང་དང་། འབད་པ་དང་། ཆོས་མ་ཡིན་པ་དང་། ཆོས་དང་། ཤེས་པ་དང་། བྱས་པའི་ཤུགས་ཞེས་བྱ་བ་བདག་གི་ཡོན་ཏན་ཀུན་ནི་ཆོས་ཅན་ནོ། །དེ་དོན་དམ་པར་བདག་དང་མི་འབྲལ་ཏེ་ཞེས་བྱ་བ་ནི་ཆོས་ སོ། །ཡོན་ཏན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་དང་གང་ཡོན་ཏན་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དུ་བདག་དང་མི་འབྲལ་ཏེ། དཔེར་ན་གྲངས་བཞིན་ནོ། །གྲོལ་བར་གྱུར་པ་ན་ཡང་བདག་ཉིད་ཡིན་པས་གྲངས་ཀྱི་གཅིག་ལས་གྲོལ་བར་མི་འགྱུར་བ་བཞིན་དུ་བློ་ལ་སོགས་པ་ལས་ཀྱང་ ཐམས་ཅད་དུ་གྲོལ་བར་འགྱུར་བ་མ་ཡིན་ཏེ། བདག་ཡོན་ཏན་དང་བྲལ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །གང་ཡང་ཡིད་རང་གི་བདག་ལ་གནས་པ་ན་ཐར་པ་ཡིན་ནོ་ཞེས་ཟེར་བ་དེ་ལ་ཡང་། ཡུལ་དང་ངོ་བོ་དབྱེར་མེད་ཀྱང་། །གང་ཞིག་རང་གི་བདག་མེད་འགྱུར། །བདག་དང་སྦྱོར་བ་འདོད་པ་ ལས། །དྲན་ནས་ཤེས་པ་ཀུན་དུ་འབྱུང་། །བདག་གཟུགས་དང་ལྡན་པར་གྱུར་ན་ནི་ཕྱོགས་དང་ཡང་ལྡན་པར་འགྱུར་ལ། ཕྱོགས་དང་ལྡན་པའི་བདག་ཉིད་ཡིད་རང་ཉིད་གནས་པར་གྱུར་ན་ཕྱོགས་དང་མི་ལྡན་པའི་བདག་ལ་ཅི་ལྟར་ཡིད་རང་ཉིད་ལ་གནས་པར་འགྱུར། གང་གི་ཚེ་བདག་ ཉིད་ཕྱོགས་ཀྱི་རང་གི་གནས་ལ་ཡིད་སྦྱོར་བར་གྱུར་ན་ནི་འཁོར་བའི་དུས་ན་ནི་དྲན་པ་དང་། ཤེས་པ་འབྱུང་བར་འདོད་ལ། ཐར་པའི་དུས་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་འདོད་པ་ཉམས་པ་ཡིན་ནོ། །ཕྱོགས་ཆ་དབྱེར་མེད་པ་ཡིན་པའི་ཕྱིར་ན་ཡང་། མ་ མཐོང་ངེས་པའང་སྔར་བཞིན་དུ། །ཐལ་འགྱུར་ལན་ཡང་འདི་ལ་ཡིན། །མེད་པའི་སྐྱེ་བ་བཀག་པས་ན། །དེ་ཡི་སྦྱོར་བའང་མི་འདོད་དོ། །མ་མཐོང་བའི་ངེས་པ་ནི་ངེས་པར་ཆོས་ལ་མངོན་པར་སྦྱོར་བ་ན་ཆོས་མ་ཡིན་པ་སྤངས་པའོ། །དེ་ནི་ཕྱོགས་ཆ་མེད་པའི་བདག་ལ་མི་རིགས་སོ། ། ཆོས་དང་བདག་གཉིས་སྦྱོར་བར་འགྱུར་ན་ཡང་ཅི་ཕྱོགས་གཅིག་གིས་སྦྱོར་རམ་འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཡིན། དེ་ལ་ཕྱོགས་གཅིག་གིས་སྦྱོར་རོ་ཞེ་ན་ནི། ཕྱོགས་གཅིག་པ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་མི་རྟག་པ་ཉིད་ཡིན་ནོ། །བདག་ཉིད་ཐམས་ཅད་ 98-249b ཀྱིས་སྦྱོར་བ་ཡིན་ན་ནི་གཅིག་ཆོས་དང་ལྡན་པར་གྱུར་པ་ན། ཀུན་ཀྱང་ཆོས་དང་ལྡན་པར་འགྱུར་ལ། གཅིག་ཆོས་མ་ཡིན་པ་དང་ལྡན་པར་གྱུར་པ་ན་ཐམས་ཅད་ཀྱང་ཆོས་དང་མི་ལྡན་པར་འགྱུར་བ་ལ་སོགས་པ་ཇི་ལྟར་གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པར་སྨྲས་པ་དེ་བཞིན་དུ་འདིར་ ཡང་སྦྱར་བར་བྱའོ། །མེད་པ་ལ་ནི་སྐྱེ་བ་ཡང་མེད་པར་བདག་གིས་སྔར་བསྒྲུབས་ཟིན་པས་སྐྱེ་བ་མེད་པའི་ཡི་དམ་མ་མཐོང་བའི་སྐྱོན་མེད་པ་ཇི་ལྟར་བདག་དང་སྦྱོར་བར་འགྱུར། གཞན་ཡང་། ཡིད་དང་བདག་གི་མེད་པ་ལ། །རྟེན་དང་བརྟེན་པར་མི་འདོད་དོ། །བདག་དང་ཡིད་ནི་ཡོད་ནའང་། ། རྟེན་དང་བརྟེན་པར་མི་འདོད་དོ། །རེ་ཞིག་བདག་ནི་མེད་དེ། དམིགས་པར་མ་གྱུར་པའི་ཕྱིར་རོ། །ཡིད་ཀྱང་མེད་དེ། མ་སྐྱེས་པའི་ཕྱིར་རོ། །ཡོད་པ་མ་ཡིན་པའི་བདག་དང་ཡིད་དག་རྟེན་དང་བརྟེན་པར་ཇི་ལྟར་འགྱུར། ཡང་གལ་ཏེ་བདག་དང་ཡིད་ནི་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་འདི་ དག་རྟག་པ་མེད་པར་མི་འགྱུར་བའི་ཆོས་ཅན་ཡིན་པས། རྟེན་དང་བརྟེན་པའི་ངོ་བོར་ཇི་ལྟར་འགྱུར། དེས་ན་ཐར་པ་རྒྱུ་མེད་པར་བསྟན་པ་ཡིན་ཏེ། རྣམ་རྟོག་རྒྱུ་མཚན་བཅས་པའི་ཕྱིར། །རྫས་སོགས་མཐོང་བས་གྲོལ་བར་ནི། །ཇི་ལྟར་འུག་པ་མི་འདོད་པ། །དེ་བཞིན་འུག་པ་པ་མི་ འདོད། །རྣམ་རྟོག་ཐམས་ཅད་དང་བྲལ་བ་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་འདའ་བར་འདོད་པ་ནི་ཁྱོད་ཀྱི་འདོད་པ་ཡིན་ནོ། །རྣམ་པར་མི་རྟོག་པ་དེ་ཡང་རྫས་ལ་སོགས་པ་ཚིག་གི་དོན་འཛིན་པར་བྱེད་པས་ཡོད་པ་མ་ཡིན་ནོ། །དེས་ན་གང་ཐམས་ཅད་མཐོང་བར་འདོད་པའི་ཐུབ་པ་འུག་ པ་པ་ཡང་རེ་ཞིག་གྲོལ་བར་གྱུར་པ་མ་ཡིན་ཏེ། རྫས་ལ་སོགས་པ་རྟོགས་པས་རྣམ་པར་རྟོག་པའི་རྒྱུ་མཚན་དང་བཅས་པའི་ཕྱིར་ན། ཡང་དེའི་གཞུང་གི་རྗེས་སུ་འབྲང་བ་འུག་པ་པ་རྣམས་རྫས་ལ་སོགས་པའི་ཚིག་གི་དོན་དེ་ཁོ་ན་ཉིད་དུ་གོམས་པར་བྱས་པས་ཐར་པ་གྲུབ་པར་འགྱུར་ རོ་ཞེས་བྱ་བ་ནི་སྲིད་པ་མ་ཡིན་ནོ་ཞེས་བྱ་བར་བསམས་པ་ཡིན་ནོ། །གཞན་ཡང་། ས་སོགས་དེ་ཉིད་འབྱུང་བའི་བློ། །ཐར་པ་མིན་པར་གཟེགས་ཟན་འདོད། །ཁྱད་པར་དག་ནི་མི་འཛིན་ཕྱིར། །འཚོ་བའི་དེ་ཉིད་བློ་བཞིན་ནོ། །ས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་ས་ལ་སོགས་པའི་དེ་ 98-250a ཉིད་དེ། རྫས་དང་། ཡོན་ཏན་དང་། ལས་དང་། འདུ་བ་དང་། སྤྱི་དང་། ཁྱད་པར་ཞེས་བྱ་བའོ། །ས་ལ་སོགས་པའི་དེ་ཁོ་ན་ཉིད་ལ་འབྱུང་བའི་བློ་ནི་ས་ལ་སོགས་པའི་དེ་ཉིད་འབྱུང་བའི་བློ་ཞེས་བྱ་བ་སྟེ། ཆོས་ཅན་ནོ། །དེ་ནི་གྲོལ་བའི་ཡུལ་མ་ཡིན་པས་ གཟེགས་ཟན་ལ་སོགས་པའི་དེ་ཁོ་ན་ཉིད་ནི་བློ་ཉིད་དུ་མི་རིགས་པ་དེ་ནི་དེའི་ཆོས་སོ། །ཀུན་དུ་འཛིན་པ་ནི་ཉེ་བར་ལེན་པའི་ཁྱད་པར་གང་ལ་ཡོད་པ་དེ་ནི་ཀུན་དུ་འཛིན་པའི་ཁྱད་པར་ཏེ། དེའི་ངོ་བོ་ནི་ཀུན་དུ་འཛིན་པའི་ཁྱད་པར་ཉིད་དོ། །དེ་ཡི་ཕྱིར། ཀུན་དུ་འཛིན་པའི་ཁྱད་པར་ཉིད་ཅེས་བྱའོ། ། གང་དང་གང་ཀུན་དུ་འཛིན་པའི་ཁྱད་པར་ཡིན་པ་དེ་ནི་གཟེགས་ཟན་ལ་སོགས་པའི་གྲོལ་བ་སྟེ། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་འཚོ་བ་དང་། ཟག་པ་དང་། སྡོམ་པ་དང་། རྒས་པ་མེད་པ་དང་། འཆི་བ་དང་། ལས་དང་། སྡིག་པ་དང་། བསོད་ནམས་དང་། ཐར་པ་ཞེས་ བྱ་བའི་ཚིག་གི་དོན་དགུ་ལ་དམིགས་པ་གཅེར་བུར་སྤྱོད་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་བློ་བཞིན་ནོ། །རབ་ཏུ་བྱེད་པ་ཡོངས་སུ་རྫོགས་པའི་མདོར་བསྡུས་པས་གཟེགས་ཟན་ལ་སོགས་པའི་མཐའ་སྤང་བའི་ཕྱིར་སྨྲས་པ། བྱེ་བྲག་པ་ཡི་དེ་ཉིད་ལའང་། །ལྟ་ངན་རབ་རིབ་སྐྱེས་པས་ན། །དེས་ན་ རིགས་པ་དང་བྲལ་ཕྱིར། །བློ་ནི་དགའ་བར་མི་བྱའོ། །ལྟ་བ་ངན་པ་ཉིད་རབ་རིབ་ཡིན་པས་ལྟ་ངན་རབ་རིབ་སྟེ། མུན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ལ་འདིར་ལྟ་བ་ངན་པའི་རབ་རིབ་ཀྱི་ངང་ཚུལ་ཡོད་པ་དེ་ནི་བྱེ་བྲག་པའི་མངོན་པར་འདོད་པའི་དེ་ཁོ་ན་ཉིད་དེ། ཇི་སྐད་སྨྲས་པའི་ དཔྱད་པའི་རིམ་པས་རིགས་པ་དང་བྲལ་བ་ཡིན་པའི་ཕྱིར། ཁོ་བོ་ཅག་བདེ་བར་གཤེགས་པའི་བསྟན་པ་ལ་དམིགས་པ་རྣམས་ཀྱི་བློ་ནི་དེ་ལ་དགའ་བར་མི་འགྱུར་རོ། །དེས་ན་ཇི་སྐད་དུ། ས་ལས་གཞན་པའི་གཟུགས་ལ་སོགས། །གང་དག་མ་མཐོང་བ་རེག་ཅེས། །མངོན་སུམ་ ལ་ཡང་སླུ་བྱེད་ན། །ལྐོག་ཏུ་གྱུར་ལ་དེ་ཅི་ལྟར། །ཇི་ལྟར་དཀར་སོགས་ངེས་པ་ལ། །ཅི་ཡིན་ཞེས་ནི་རྟོགས་བྱེད་ཅིང་། །ལྐོག་ཏུ་གྱུར་པའི་རྫས་གཞན་ཅིག །ཡོད་ཅེས་རྟོག་པར་བྱེད་པ་གྲག །རྨོངས་པས་འདི་ནི་མི་ཤེས་པས། །ཇི་སྲིད་གཟུགས་ཀྱི་བསགས་པ་ལ། །བསགས་ 98-250b ཞེས་འདུ་ཤེས་རྒྱས་འབྱུང་བ། །མཐོང་ལ་དེ་དག་ཐེ་ཚོམ་ཟ། །སོར་མོ་གཉིས་ལས་གཞན་གྱུར་པའི། །སོར་གཉིས་ཞེས་བྱ་གཞན་ཡོད་ན། །ངོས་ན་གནས་པ་གཅིག་ཉིད་ལས། །གཞན་པའི་སོར་མོ་གཉིས་མི་དམིགས། །དེ་ཡི་ཕྱེད་ནི་དེར་ཡོད་པ། །མ་ཡིན་ཡིན་ན་ཕྱེད་གཉིས་མི་ འགྱུར། །སོར་མོ་དེ་གཉིས་ཀྱི་ཕྱེད་པས། །དེས་ན་ཕྱེད་སོར་འཇུག་མ་ཡིན། །རྟེན་ནི་གཟུང་བ་མེད་པས་ན། །རྫས་གཟུང་བར་མི་འདོད་ཅེ་ན། །རྡུལ་གཅིག་རྡུལ་གཉིས་ཀྱིས་བརྩམས་པས། །འཛིན་པ་མེད་པ་མ་ཡིན་ནམ། །གཟུགས་དང་རིགས་ཀྱིས་ཁྱད་འཕགས་པའི། །སྐུད་པ་ ལས་ནི་གོས་བྱས་པས། །དེ་ལས་གཞན་པའི་སྣ་ཚོགས་ཅན། །གཟུགས་དང་རིས་སུ་རྟོག་པར་བྱེད། །དེ་བཞིན་མུད་ག་ཆུ་དང་ཚྭ། །སོགས་ལས་གཞན་པའི་ཚོད་མ་མེད། །མཚོན་ལས་གཞན་པ་མདུང་ཡང་མིན། །གསེར་དང་ཤིང་ལས་གཞན་ཁྲི་མེད། །སྟེང་འོག་འབྱུང་དང་གནས་ པ་དང་། །ཕྱོགས་གཅིག་གོས་ལ་གནས་པ་ཡིན། །ལུང་ལས་གཞན་པའི་འགྲོ་བ་དང་། །གནས་པ་ཞེས་བྱ་འགའ་ཡང་མེད། །གང་ཕྱིར་ཡུལ་ཀུན་བརྟེན་པ་ཡི། །ཡུལ་ཅན་ཉམས་པའང་མི་འདོད་དོ། །ཡུལ་རྣམས་འགྲོ་ལས་བཟློག་པའི་ཕྱིར། །བརྐྱང་བསྐུམ་སོགས་ཀྱང་མ་ཡིན་ནོ། ། བྱ་བ་བྱེད་པའི་རྩོམ་པ་དང་། །སྲང་ལས་གཞན་པའི་དམའ་བ་ནི། །མིག་འཕྲུལ་མཁན་ལས་གཞན་པ་ཡི། །རབ་ཏུ་གྲགས་པ་མི་འགྲུབ་པོ། །མི་རྩོམ་ཞེ་ན་གང་ཇི་ལྟར། །འདུ་བའི་བྱ་བ་དག་དང་རྒྱུར། །བྱེད་པ་གནས་པར་མི་རིགས་ཏེ། །དེ་ལྟར་ཡོན་ཏན་ལ་ཡང་ངོ་། །རྩོམ་པའི་རྒྱུ་ཕྱིར་མ་ ཉམས་ལ། །ཆ་ཤས་ཀྱིས་ནི་གནས་ན་ཡང་། །བྱ་བ་དང་ནི་མི་འགལ་ཉིད། །གོས་ཀྱི་ཕྱེད་དང་ཉེ་བར་གནས། །དེ་བཞིན་མར་མེ་དང་སྦྱོར་བས། །གཟུགས་གཞན་ཉིད་དུ་འགྱུར་འདོད་ལྟར། །རྫས་གཞན་དག་གི་ཁྱད་པར་གྱིས། །གསལ་བར་བྱེད་པ་ཡོད་མིན་ནོ། །དེ་ལྟར་མིག་གིས་མཐོང་ དོན་ལའང་། །རྟོག་གེ་ངན་པས་ཉམས་པའི་སེམས། །ཇི་བཞིན་དོན་དུ་མི་མཐོང་ན། །ནང་ལ་ཇི་ལྟར་སེམས་པར་བྱེད། །ཅེས་བྱ་བ་ལྟ་བུ་སྟེ། དེ་ལྟ་བས་ན་སྔར་བསྟན་པའི་དེ་ཁོ་ན་ཉིད་ནི། རིགས་པ་དང་མི་འགལ་བ་ཡིན་པའི་ཕྱིར་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། །དབུ་མའི་སྙིང་ 98-251a པོའི་འགྲེལ་པ་རྟོག་གེ་འབར་བ་ལས་བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ། ལེའུ་བདུན་པའོ།། །། ༄། །བརྒྱད་པ། རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུའི་འགྲེལ་པ། དེ་ནས་ད་ནི་རིག་བྱེད་ཀྱི་མཐའ་སྨྲ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་བརྒྱད་པ་བརྩམ་པར་བྱའོ། །དེ་ལ། རིག་བྱེད་མཐར་སྨྲས་སྨྲས་པ་ ནི། འདུས་བྱས་སྟོང་པར་སྨྲ་བ་ཡི། །ཕྱི་རོལ་པ་ལ་བདག་རིག་དཀོན། །བདག་སྡང་ཐར་པ་ག་ལ་ཡོད། །རིག་པའི་མཐར་ཕྱིན་པ་ནི་རིག་བྱེད་མཐའ་པ་སྟེ། །ཆགས་པ་མེད་པར་ངེས་པར་རིག་པའོ། །དེ་སྨྲ་བའི་ངང་ཚུལ་ག་ལ་ཡོད་པའམ། ཚིག་དེ་གང་ལ་ཡོད་པ་ནི་རིག་བྱེད་ཀྱི་ མཐར་སྨྲ་བའོ། །དེ་དག་ནི་འདི་སྐད་སྨྲ་སྟེ། རིག་བྱེད་ཀྱི་མཐར་ལྟ་བ་ལས་གཞན་པ་ཕྱི་རོལ་གྱི་བསྟན་བཅོས་ལ་བདག་རིག་པ་ཡང་ཤིན་ཏུ་དཀོན། བདག་ལ་སྡང་བའི་སངས་རྒྱས་པ་རྣམས་གང་ལ་བརྟེན་ནས་ཐར་པ་ཐོབ་པར་འགྱུར། གང་གི་ཕྱིར་དེ་དག་ནི་འདུས་བྱས་ཐམས་ཅད་ སྟོང་པའོ་སྙམ་དུ་སེམས་ཤིང་འདུས་བྱས་སྟོང་པ་ངོ་བོ་ཉིད་དང་བྲལ་བ་ནི་སྐད་ཅིག་སྐད་ཅིག་ལ་འཇིག་པ་ཡིན་པས་སུ་ཞིག་བཅིངས་ཤིང་གྲོལ་བར་འགྱུར། བདག་རྟག་པའི་ངོ་བོ་ནི་དེའི་རྟེན་ཡིན་པའི་ཕྱིར་བཅིངས་པ་དང་གྲོལ་བར་རིག་པའི་ངོ་བོ་ཡིན་པས་དེས་ན་རིག་བྱེད་ལས་གྲགས་ པའི་སྐྱེས་བུ་ནི་ཉེ་བར་བསྔགས་པར་བྱ་བ་ཡིན་པས། མུན་པ་ལས་གཞན་སྐྱེས་བུས་ནི། །ཆེན་པོར་གྱུར་པ་ཉི་མའི་འོད། །དབང་ཕྱུག་ཆེན་པོ་བདག་དེ་ཉིད། །མཁས་པས་ཤེས་ན་འཆི་མེད་འགྱུར། །མི་བདེ་བར་གྱུར་ཅིང་མི་བདེ་བར་བྱེད་པས་ན་མུན་པ་སྟེ། རྒྱུ་དང་འབྲས་བུའི་ཆ་ བསགས་པ་ཉིད་ཀྱི་ཁམས་གསུམ་དུ་སྲིད་པའོ། །ཁམས་གསུམ་ཞེས་བྱ་བར་གྲགས་པའི་མུན་པ་དེ་ལས་གཞན་པ་ནི་ཁམས་གསུམ་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། །སའི་དཀྱིལ་འཁོར་ལས་ཤིན་ཏུ་འདས་པ་ན་མུན་པའི་དཀྱིལ་འཁོར་རོ། །མུན་པའི་དཀྱིལ་འཁོར་ལས་ ཤིན་ཏུ་འདས་པ་ན་སྐྱེས་བུ་གནས་པ་ཡིན་ཏེ། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །མུན་པ་ལས་གཞན་གྱུར་པ་དེ་རིག་ན། །འཆི་བ་མེད་པར་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད། །ཅེས་བྱ་བའོ། །འཇིག་པའི་སྔོན་རོལ་ནས་ཡོད་པའམ་གཉིད་ 98-251b ལོག་པ་ལས་གཞན་ཡིན་པའི་ཕྱིར་སྐྱེས་བུའམ། སྐྱོང་བར་བྱེད་པའམ། འགེངས་པར་བྱེད་པས་ན་སྐྱེས་བུའོ། །ཆེན་པོར་གྱུར་པ་ནི་ཐམས་ཅད་པས་ལྷག་པ་ཡིན་པའི་ཕྱིར་རོ། །ཁ་དོག་སྣ་ཚོགས་ཅན་ཡིན་པའི་ཕྱིར་ཉི་མའི་འོད་དོ། །ཉི་མ་ནི་འོད་སྣ་ཚོགས་ཅན་ཡིན་ཏེ། འདི་ལྟར་དཀར་པོ་དང་། སྔོན་པོ་དང་། དམར་པོ་དང་། བ་བླ་དང་། ཡུང་བ་དང་། ཕུག་རོན་དང་། བཙོད་དང་། ཀ་པི་ཛ་ལའི་ཁ་དོག་འཛིན་པའོ། །ཅིའི་ཕྱིར་ཉི་མའི་འོད་ཟེར་འདི་དག་དང་ལྡན་ཞེ་ན། ལྷ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའམ། དབང་ཕྱུག་ཆེན་པོའི་ངོ་བོ་ཡང་འདི་ཡིན་པའི་ཕྱིར་རོ། །གང་འདིར་ཉི་མའི་དཀར་པོའི་ ངོ་བོར་འདུག་པ་ནི་ཟླ་བའི་བདག་ཉིད་ཡིན་ནོ། །གང་མེ་ལྷ་དང་ཟླ་བ་གཉིས་ལས་ནི་ཆུའི་མདོག་གོ། །གང་ནོར་ལྷ་དག་གིས་བརྟེན་པ་ལས་ནི་དེ་དམར་པོའོ། །གང་རུ་ཏྲ་བདེ་བྱེད་དག་གི་བདག་ཉིད་ཡིན་པས་ནི་དཀར་ལ་དམར་བའོ། །གང་དབང་པོ་ཡིན་པ་ལས་ནི་དུ་བ་ལྟ་བུའོ། །གང་བཤེས་ གཉེན་ཡིན་པ་ལས་ནི་ཡུང་གི་མདོག་གོ། །གང་བཤེས་གཉེན་དང་ཆུ་ལྷ་ཡིན་པའི་བདག་ཉིད་ལས་ནི་རྡུལ་དང་ཡུང་གི་མདོག་གོ། །གང་དགར་ཀ་ཉིད་ཀྱི་ནི་སྨུག་པོར་རོ། །གང་སྣ་ཚོགས་ཀྱི་ལྷ་ཡིན་པས་ནི་མྱུར་བའོ། །གང་དབང་ཕྱུག་ཡིན་པ་དེ་ལས་ནི་ཚངས་པའི་མདོག་གོ། །ཨ་ ཏ་ཞེས་བྱ་བ་རྟག་ཏུ་འགྲོ་བ་སྟེ། འབྱུང་པོ་ཐམས་ཅད་རྟག་ཏུ་འདིར་འགྲོ་བའམ་འབྱུང་པོ་ཐམས་ཅད་ལ་རྟག་ཏུ་འདིར་འགྲོ་བས་བདག་གོ། །དེ་ཉིད་ནི་ཀུན་ལ་ཁྱབ་པ་ཡིན་པའི་ཕྱིར་ཆེན་པོའོ། །དབང་ཕྱུག་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའོ། །དེ་ལྟ་བུའི་རྣམ་པ་ཅན་ཉིད་ཀྱི་སྐྱེས་བུ་ རྣལ་འབྱོར་པ་གང་གིས་ལྷའི་མིག་གིས་མཐོང་བ་དེ་ནི་འཆིང་བ་ལས་ཤིན་ཏུ་འདས་ནས་རྒ་བ་དང་འཆི་བ་མེད་པ་ཐོབ་པར་འགྱུར་རོ། །སྐྱེས་བུ་ནི་ཁ་དོག་སྣ་ཚོགས་ཅན་ཡིན་ན་ཡང་དེ་ལྟ་ན་ཡང་འགྲོ་བར་གྱུར་པའི་དུས་ན་རྣལ་འབྱོར་པའི་མཚན་མ་འདི་ཡིན་ཏེ། བྱེད་པོ་དབང་ཕྱུག་གསེར་ མདོག་ཏུ། །གང་ཞིག་མཐོང་ཞིང་ལྟ་བ་དེ། །སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་ཐོབ་པར་འགྱུར། །གསེར་ནི་ས་ལེ་སྦྲམ་སྟེ། དེ་དང་འདྲ་བའི་མདོག་ཅན་གྱི་བདག་གང་ཡིན་པ་དེ་ཡང་དག་པར་བརྟགས་ནས་བསམ་གཏན་གྱི་མིག་གིས་མཐོང་བར་གྱུར་ 98-252a པ་ན་བདག་གིས་དབང་ཕྱུག་ཆེན་པོ་མཐོང་ངོ་ཞེས་འདི་ལྟར་ངེས་པར་བྱའོ། །དེ་ལྟ་བུར་མཐོང་བ་ན་སྡིག་པ་དང་བསོད་ནམས་ཀྱི་བདག་ཉིད་དང་། གཉི་གའི་ངོ་བོའི་འཆིང་བ་རྣམས་བཅད་ནས་མཆོག་སྟེ། ཁྱད་པར་ཅན་ནི་ཞི་བ་སྟེ། ཞི་བའི་ངོ་བོ་ཉིད་བྱ་བ་ཐམས་ ཅད་ལས་ལོག་པ་རྣམ་པར་མི་རྟོག་པ་ཉིད་འཐོབ་པར་འགྱུར་རོ། །འདི་འཇིག་རྟེན་གསུམ་ལས་ཤིན་ཏུ་འདས་པ་ཡིན་ན་བྱེད་པ་པོ་ཇི་ལྟར་ཡིན། རིང་ནས་གནས་པ་ཡིན་ན་གང་གི་དབང་ཕྱུག་ཡིན་ཞེ་ན། རིང་ན་གནས་སུ་ཟིན་ཀྱང་ཀུན་ལ་ཁྱབ་པ་ཉིད་དུ་སྨྲས་པ། བྱུང་གྱུར་བྱུང་དང་འབྱུང་བ་དག །ཐམས་ ཅད་སྐྱེས་བུ་ཡིན་འདོད་དེ། །དེ་ནི་ཕྱི་ནང་རིང་བ་དང་། །དེ་ནི་ཉེ་དང་དེ་ལས་བྱེད། །གང་མི་ལ་སོགས་པ་འདས་པར་གྱུར་པ་དང་། ད་ལྟར་བྱུང་བ་མཐོང་བར་གྱུར་པའི་གཟུགས་དང་། གང་ཕྱིས་འབྱུང་བར་འགྱུར་བ་དེ་ཐམས་ཅད་སྐྱེས་བུས་བྱིན་གྱིས་བརླབས་ནས་གནས་པའམ། ཁམས་གསུམ་ ཐམས་ཅད་ལ་འདིས་ཁྱབ་པ་ཡིན་ཏེ། གང་གི་ཕྱིར་སྟེང་གི་ཕྱོགས་ནི་འདིའི་མགོ་བོའོ། །འོག་གི་ཕྱོགས་ནི་རྐང་པའོ། །ནམ་མཁའ་ནི་ལྟོའོ། །ཕྱོགས་རྣམས་ནི་ལག་པའོ། །གཟའ་དང་རྒྱུ་སྐར་རྣམས་ནི་སྐྲའོ། །རི་བོ་རྣམས་ནི་བྲང་ངོ་། །རིའི་ཕྲེང་བ་ནི་རུས་པའོ། །ཆུ་ཀླུང་རྣམས་ནི་ རྩའི་དྲ་བའོ། །ནགས་ཚལ་རྣམས་ནི་སྤུ་དང་སེན་མོའོ། །རྒྱབ་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ། །དཔྲལ་བ་ནི་ཚངས་པའོ། །ཆོས་དང་ཆོས་མ་ཡིན་པ་ནི་སྨིན་མ་གཉིས་སོ། །ཁྲོ་གཉེར་ནི་འཆི་བདག་གོ། །ཉི་ཟླ་ནི་མིག་གཉིས་སོ། །དབུགས་འབྱུང་བ་དང་རྔུབ་པ་ནི་རླུང་ངོ་། ། རི་བྲན་རྣམས་ནི་སོའོ། །ལྕེ་ནི་དབྱངས་ཅན་མའོ། །ཨོཾ་ཞེས་བྱ་བའི་ཡི་གེ་དང་། བ་ཤ་ཐ་ཞེས་བྱ་བའི་ཡི་གེ་ནི་མཆུ་གཉིས་སོ། །མིག་ཕྱེ་བ་དང་བཙུམས་པ་ནི་དུས་སོ། །གཡོན་པའི་ཕྱོགས་ནི་བུད་མེད་དོ། །གཡས་པའི་ཕྱོགས་ནི་སྐྱེས་པའོ། །འཇིག་རྟེན་དང་འཇིག་རྟེན་མ་ཡིན་ པ་ནི་ནུ་མའི་བར་རོ། །སོར་མོ་རྣམས་ནི་རིའི་བར་རོ། །པུས་མོ་གཉིས་ནི་གསེར་འདབ་གཉིས་སོ། །རྗེ་ངར་གཉིས་ནི་ཐ་སྐར་གྱི་བུ་གཉིས་སོ། །རྐེད་སྨད་ནི་ཉིན་ཞག་གོ། །མཇེ་རླིག་ནི་དབང་པོའོ། །དགའ་བའི་རང་བཞིན་ནི་སྐྱེ་དགུའི་བདག་པོའོ། །རྐང་པ་གཉིས་ནི་ཁྱབ་ 98-252b འཇུག་གོ། །ཁ་དོག་རྣམས་ནི་ཁྲག་གོ། །དེ་ནི་ཕྱི་དང་ནང་དང་རིང་བ་དང་ཉེ་བ་ན་གནས་པ་ཡིན་པས་དུས་ཐམས་ཅད་དུ་འགྲོ་བ་དང་། འོང་བ་དང་སྨིན་པར་བྱ་བ་ལ་སོགས་པ་རྣམས་ལ་འཇུག་པ་ཉིད་ཡིན་ནོ། །གལ་ཏེ་གཅིག་ཉིད་ཡིན་ན་བྱ་བ་དུ་མ་རྣམས་ལ་འཇུག་པ་དང་། མི་ཟད་ པར་འགྱུར་བ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དཔེའི་སྒོ་ནས་སྒྲུབ་པར་བྱེད་དེ། སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །ཇི་ལྟར་སྲིན་བལ་བྱེད་པའི་སྲིན་བུ་སྲིན་བལ་གྱི་སྣལ་མ་མང་པོ་སྐྱེད་པར་བྱེད་ཀྱང་འགྱུར་བ་ཡང་མེད་ལ། ཟད་པ་ཡང་མེད་པ་དེ་བཞིན་དུ་སྐྱེས་བུས་ ཁམས་གསུམ་དུ་སྐྱེད་པར་བྱེད་དུ་ཟིན་ཀྱང་འགྱུར་བ་ཡང་མེད་ལ། ཟད་པ་ཡང་མེད་པ་ཡིན་ནོ། །འདི་ནི་སྲིད་པ་འབའ་ཞིག་གི་རྒྱུར་མ་ཟད་ཀྱི། སྲིད་པ་དང་བྲལ་བའི་ཡང་བྱེད་པ་པོ་ཡིན་ནོ་ཞེས་སྨྲས་པ། མཁས་པ་དེ་ཡི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི་འགྱུར་རོ། །གང་གི་ཚེ་མཁས་པ་ བསམ་གཏན་ལ་རྣལ་འབྱོར་པས་བློ་གྲོས་ཀྱི་མིག་གིས་དེ་མཐོང་བར་གྱུར་པ་ན། དེ་ཉིད་དུ་ཐིམ་པར་འགྱུར་གྱི། དེ་ནི་སྡིག་པ་ཐམས་ཅད་སྤངས་པ་ཡིན་པས་ཡང་སྲིད་ཀྱི་འགྲོ་བར་སྐྱེ་ཞིང་སྡུག་བསྔལ་གྱི་སྣོད་དུ་འགྱུར་བ་མ་ཡིན་ནོ། །ཡང་གང་གི་ཕྱིར་རྣལ་འབྱོར་པས་སྐྱེས་བུ་མ་མཐོང་ན་བདུད་རྩི་ འཐོབ་པ་མ་ཡིན་པས། འདིའི་རྒྱུ་སྨྲས་པ། འཆི་བཅས་རྣམས་ལ་བདུད་རྩི་མེད། །མེ་ལ་གྲང་བ་ཇི་བཞིན་ནོ། །དེས་ན་བདུད་རྩི་སྐྱེས་བུ་ཉིད། །མ་རྟོགས་བདུད་རྩི་ཡོད་མི་རིགས། འཆི་བར་འོས་པའམ། འཆི་བ་ཡིན་པས་ན་འཆི་བཅས་ཏེ་འཇིག་རྟེན་ཐམས་ཅད་དོ། །དེ་ནི་ངོ་བོ་ ཉིད་ཀྱིས་རྟག་ཏུ་འཆི་བ་ཡིན་པས་བདུད་རྩི་ཉིད་ཡིན་པར་མི་རིགས་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་མེའི་རང་བཞིན་ཚ་བ་ཉིད་ལ་གྲང་བའི་ངོ་བོ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་ན་འཆི་བདག་གི་ཡུལ་ལས་མ་འདས་པའི་སྐྱེས་བུ་རྟོགས་པར་མ་གྱུར་པ་འཆི་བ་དང་བཅས་པ་རྣམས་ ཀྱིས་བདུད་རྩི་འཐོབ་པར་མི་རིགས་སོ། །འདི་ནི་མཐུ་ཆེ་བ་ཉིད་བསྔགས་པར་བྱ་བའི་ཕྱིར། གང་ལས་མཆོག་གྱུར་གཞན་མེད་ཕྱིར། །གང་ལས་དམ་པ་གཞན་མེད་ལ། །འདི་ལས་ཕྲ་གྱུར་གཞན་མེད་པས། །སྣ་ཚོགས་འདི་དག་རྒྱུ་གཅིག་ཉིད། །གང་གི་ཕྱིར་མཆོག་ཏུ་ 98-253a གྱུར་པ་ཉིད་དང་། དམ་པར་གྱུར་པ་ཉིད་དང་། གཙོ་བོར་གྱུར་པ་ཉིད་དང་། ཕྲ་བར་གྱུར་པ་ཉིད་འདི་ལས་གཞན་མེད་དོ། །དེ་ལྟ་བུའི་ཡོན་ཏན་བརྒྱད་དང་ལྡན་པས་ཕྱུག་པར་གྱུར་པའི་རྣལ་འབྱོར་པ་ཉིད་བསྟན་པ། དེ་ནི་ཕྲ་དང་རགས་དང་ལྡན། །ཡང་ལྡན་ གཙོ་བོ་དབང་སྒྱུར་བ། །རབ་ཕྱེ་འདོད་པའི་མཐར་ཐུག་གང་། །རྣལ་འབྱོར་ཇི་ལྟར་འདོད་པར་འགྲོ། །དེ་ནི་གཅིག་ཉིད་ཡིན་ཡང་ཁམས་གསུམ་སྣ་ཚོགས་བསྡུས་པའི་བདག་ཉིད་ཡིན་ནོ། །དེར་ནི་འབྱུང་བ་ཐམས་ཅད་ཀྱང་། །བདག་ཉིད་དུ་ནི་འདུས་པར་མཐོང་། །གཡོ་བ་དང་མི་ གཡོ་བའི་འབྱུང་བ་ཐམས་ཅད་ཀྱང་བདག་དེ་ཉིད་ཀྱི་ཁོངས་སུ་འདུས་པར་གྱུར་པ་ཡིན་ནོ། །གཞན་ཡང་བདག་དེ་ཉིད་མཐོང་ན། །བྱིས་དང་མཁས་དང་གདོལ་པ་དང་། །བྲམ་ཟེ་སོགས་རྣམས་མཉམ་པ་ཉིད། །སྡིག་དང་བསོད་ནམས་ཁྱད་པར་མེད་པར་གྱུར་པས་མཉམ་པ་ཡིན་ནོ་ཞེས་བྱ་ བར་སྦྱར་རོ། །གལ་ཏེ་འབའ་ཞིག་འདི་སྐད་དུ། གང་སྐྱེས་བུ་ནི་ཐམས་ཅད་དུ་ཁྱབ་པ་གཅིག་ཉིད་ཡིན་ལ། དེ་ལས་ལྷ་དང་མི་ལ་སོགས་པ་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་ལུས་རྣམས་འབྱུང་བར་འགྱུར་བ་ཡིན་ན། ཇི་ལྟར་ལུས་ཅན་བཞིན་དུ་མི་རྟག་པ་དང་། ཐམས་ཅད་དུ་མ་ཁྱབ་ པའི་ངོ་བོར་མི་འགྱུར་ཞེ་ན། དེ་ལ་ལན་གདབ་པར་བྱ་བའི་ཕྱིར་སྨྲས་པ། བུམ་པ་འབྱུང་ཞིང་འཇིག་པ་ལྟར། །ནམ་མཁའ་དེ་ཡི་བདག་ཉིད་མིན། །ལུས་ཅན་འབྱུང་ཞིང་འཇིག་པ་ལྟར། །དེ་བདག་ཡིན་པས་བདག་མི་འདོད། །ཇི་ལྟར་བུམ་པ་དང་རྫ་སོ་ལ་སོགས་པ་འབྱུང་ཞིང་ འཇིག་པར་འགྱུར་བ་ན་ནམ་མཁའ་ནི་བུམ་པའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་ལྟར་དེ་བཞིན་དུ་སྐྱེས་བུ་ཡང་ལུས་ཅན་རྣམ་པ་སྣ་ཚོགས་ཀྱི་དབྱེ་བ་སྐྱེ་ཞིང་འཇིག་པ་ཉམས་སུ་མྱོང་དུ་ཟིན་ཀྱང་ལུས་ཅན་གྱི་ངོ་བོ་ཉིད་དུ་ནི་གྱུར་པ་མ་ཡིན་ནོ། །གཞན་ཐེ་ཚོམ་ཟ་བ་བཟློག་པར་བྱ་བའི་ཕྱིར་ནམ་ མཁའི་དཔེ་གྲུབ་པར་སྟོན་པ། བུམ་པའི་ནམ་མཁའ་བཞིན་དུ་གཅིག །དུ་མའོ་ཞེ་ན་བུམ་པ་དག །ཆག་ན་དབྱེར་མེད་གཅིག་ཉིད་དུ། །ཐམས་ཅད་མཉམ་པར་འགྱུར་བར་འདོད། །གང་ཁྱོད་ཀྱི་ནམ་མཁའ་གཅིག་ཉིད་ཡིན་ཡང་བུམ་པ་ཆེ་ཆུང་ལ་སོགས་པའི་དབྱེ་བས་ཐ་དད་པ་ཉིད་དུ་འགྱུར་ 98-253b བ་ལྟར་བདག་ཀྱང་དེ་དང་འདྲའོ་ཞེ་ན། དེ་ནི་མི་རིགས་ཏེ། བུམ་པ་ཐམས་ཅད་ཀྱི་ནམ་མཁའ་ལ་ཁྱད་པར་མེད་པ་ཉིད་ཡིན་ཏེ། བུམ་པ་གཅིག་ཆག་པར་གྱུར་པའི་ནམ་མཁའ་དང་། བུམ་པ་གཞན་ཆག་པའི་ནམ་མཁའ་ཁྱད་པར་མེད་པ་དེ་བཞིན་དུ་བུམ་པ་ཐམས་ཅད་ཀྱི་ནམ་མཁའ་ཡང་ཡིན་ལ། དེ་བཞིན་དུ་བདག་ཀྱང་ལུས་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་པས་ལུས་ཐ་དད་ན་ཡང་བདག་ནི་ཐམས་ཅད་ལ་མཉམ་པར་ཡོད་པའི་ཕྱིར་བུམ་པའི་ནམ་མཁའི་དཔེ་མ་གྲུབ་པ་མ་ཡིན་ནོ། །ཡང་ཚུལ་གཞན་གྱིས་བདག་གཅིག་པ་ཉིད་དུ་སྒྲུབ་པའི་ཕྱིར། ཇི་ལྟར་བུམ་སོགས་ཐ་དད་ ཀྱང་། །ས་ལ་ཐ་དད་འགའ་ཡང་མེད། །དེ་བཞིན་ལུས་ནི་ཐ་དད་ཀྱང་། །བདག་ལ་ཐ་དད་འགའ་ཡང་མེད། །ཇི་ལྟར་བུམ་པ་དང་ཁམ་ཕོར་ལ་སོགས་པ་རྫས་ཐད་དུ་ཡོད་དུ་ཟིན་ཀྱང་། དེའི་རྒྱུར་གྱུར་པས་ཡིན་པ་ལ་དབྱེ་བ་འགའ་ཡང་མེད་པ་དེ་བཞིན་དུ་ལྷ་ལ་སོགས་པའི་ལུས་ཀྱི་དབྱེ་བ་ ཡོད་དུ་ཟིན་ཀྱང་། བདག་ལ་ནི་དབྱེ་བ་འགའ་ཡང་མེད་དོ། །གཞན་ཡང་། ཇི་ལྟར་བུམ་པའི་ནམ་མཁའ་གཅིག །རྡུལ་དང་དུ་བས་བསྒྲིབས་པ་ན། །ཐམས་ཅད་དེ་བཞིན་མ་ཡིན་ལྟར། །བདེ་སོགས་དེ་བཞིན་བདག་ལ་མིན། །གང་སངས་རྒྱས་པས་བདག་ཏུ་སྨྲ་བ་རྣམས་ལ་སྔར་ སྨྲས་པའི་སྐྱོན་བདག་ཐམས་ཅད་དུ་ཁྱབ་པ་ཡིན་ན་གཅིག་བདེ་བར་གྱུར་པ་ན་ཐམས་ཅད་ཀྱང་བདེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འདིར་སྤང་བར་བྱ་བའི་ཕྱིར་སྨྲས་པ། ནམ་མཁའ་ནི་ཀུན་ལ་ཁྱབ་པ་ཡིན་ན་ཡང་། བུམ་པ་གཅིག་གི་ནང་གི་ནམ་མཁའ་རྡུལ་དང་དུ་བ་ལ་སོགས་པས་ བསྒྲིབས་པ་ན་བུམ་པ་ཐམས་ཅད་ཀྱིས་ནམ་མཁའ་བསྒྲིབས་པར་གྱུར་པ་མ་ཡིན་ཞིང་། གཅིག་བསྒྲིབས་པ་དང་བྲལ་བར་གྱུར་པས་ཐམས་ཅད་བསྒྲིབས་པ་དང་བྲལ་བ་མ་ཡིན་པ་དེ་བཞིན་དུ་འདིར་སྐྱེས་བུ་གཅིག་བདེ་བ་དང་ལྡན་པར་གྱུར་པ་ན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་པ་ མ་ཡིན་ཞིང་། གཅིག་སྡུག་བསྔལ་བར་གྱུར་པ་ན་ཐམས་ཅད་ཀྱང་སྡུག་བསྔལ་བར་གྱུར་པ་མ་ཡིན་པ་བཞིན་ནོ། །ཡང་ཇི་ལྟར་འདི་དག་སོ་སོའི་རྒྱུད་ལ་བདེ་བ་དང་། སྡུག་བསྔལ་འབྱུང་བར་འགྱུར་བ་ཡིན་ཞེ་ན། སྨྲས་པ། བདག་མ་ཤེས་ཤིང་མ་རྟོགས་པས། །རྨི་ལམ་ 98-254a ལོངས་སྤྱོད་ང་རྒྱལ་བཞིན། །ལས་རྣམས་སོགས་ཤིང་དགེ་བ་དང་། །མི་དགེའི་འབྲས་བུ་སྤྱོད་པ་ཡིན། །ཇི་སྲིད་དུ་འདིས་བདག་མཐོང་བར་མ་གྱུར་ཅིང་བདག་མ་ཤེས་པ་དེ་སྲིད་དུ། རྨི་ལམ་གྱི་ནང་དུ་མི་བདེན་པའི་གཟུགས་ལ་སོགས་པ་ལ་ཉེ་བར་ ལོངས་སྤྱོད་པར་ང་རྒྱལ་བྱེད་པ་དེ་བཞིན་དུ། བདག་ཀུན་ནས་མི་ཤེས་པ་ཉིད་ཀྱང་དགེ་བ་དང་མི་དགེ་བའི་ལས་བྱས་ནས། དགེ་བ་དང་མི་དགེ་བ་དེའི་འབྲས་བུ་ཉེ་བར་ལོངས་སྤྱོད་པར་བྱེད་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བམ་པོ་ཉི་ཤུ་ གཉིས་པ། སྐྱེས་བུ་ནི་བྱེད་པ་པོ་དང་སྤྱོད་པ་པོ་ཉིད་ཡིན་ཏེ། སྡིག་པ་དང་། བསོད་ནམས་ཉེ་བར་སོགས་པར་བྱེད་པ་དང་། ཉེ་བར་སྤྱོད་པར་བྱེད་པ་ཡིན་པའི་ཕྱིར། སྡིག་པ་ལ་སོགས་པའི་བྱེད་པ་པོ་ཡོད་པའི་སྐྱོན་ཡོད་པར་འགྱུར་རོ་ཞེ་ན། ལུས་ལ་གནས་ཀྱང་མ་ཆགས་དང་། ། སྤྱོད་པར་བྱེད་ཀྱང་མི་གོས་ཏེ། །འདོད་བཞིན་སྤྱོད་ཀྱང་རྒྱལ་པོ་བཞིན། །སྡིག་པས་གནོད་པར་མི་འགྱུར་རོ། །ཇི་ལྟར་འདིས་ལུས་ཐམས་ཅད་ལ་གནས་པ་ཡིན་དུ་ཟིན་ཀྱང་དེ་ལྟ་ན་ཡང་མ་ཆགས་པ་ཉིད་ཡིན་པ་དང་། ཡུལ་རྣམས་ལ་སྤྱོད་དུ་ཟིན་ཀྱང་ཡུལ་གྱིས་ཀྱང་གོས་པ་མེད་དེ། ཇི་ལྟར་རྒྱལ་པོ་འདོད་པ་བཞིན་དུ་སྤྱོད་དུ་ཟིན་ཀྱང་ཕྱིར་གནོད་པ་བྱེད་པ་མེད་པ་དེ་བཞིན་ནོ། །འདི་ཡང་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་སྡིག་པ་སྤྱོད་དུ་ཟིན་ཀྱང་སྡིག་པའི་འབྲས་བུའི་སྣོད་དུ་ནི་མི་འགྱུར་རོ། །དེ་བཞིན་དུ་ཇི་སྐད་བསྟན་པའི་རིམ་པས། གཅིག་པུ་ཀུན་ཁྱབ་རྟག་པ་སྟེ། ། ཚངས་མཆོག་འཆི་བ་མེད་པའི་གནས། །རྣལ་འབྱོར་པ་ཡིས་གོམས་བྱས་ན། །དེ་ནི་ཡང་སྲིད་ལེན་མི་འགྱུར། །ལུས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་གཅིག་པུའོ། །འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར་ཀུན་ཁྱབ་བོ། །ཉམས་པ་མེད་པའི་ཕྱིར་རྟག་པའོ། །མྱ་ངན་ལས་ འདས་པའི་བདག་ཉིད་ཡིན་པའི་ཕྱིར་ཚངས་པའོ། །ཕུལ་དུ་བྱུང་བ་ཡིན་པས་མཆོག་གོ། །ཐོག་མ་དང་ཐ་མ་མེད་པའི་ཕྱིར་འཆི་བ་མེད་པའོ། །དམིགས་པའི་གནས་ཡིན་པའི་ཕྱིར་གནས་སོ། །རྣལ་འབྱོར་པ་ནི་བསམ་གཏན་གྱི་སྦྱོར་བས་དམིགས་པར་བྱེད་པ་སྟེ། འདི་ལྟར་ངེས་པར་ 98-254b གོམས་པར་བྱས་པ་ན་འདི་ལྟ་བུའི་ཚངས་པ་ཀུན་དུ་རྟོགས་པ་ཡིན་ཏེ། དེས་ན་དེའི་ཡང་སྲིད་ལྡོག་པར་འགྱུར་རོ། །དགེ་བ་དང་མི་དགེ་བ་ལ་སོགས་པ་དང་ཉེ་བར་སྤྱོད་པ་ལོག་པར་གྱུར་པའི་བདག་དེའི་མཚན་ཉིད་ཉེ་བར་བསྔགས་པ་ནི། དེ་ནི་རྟག་པར་རྟོག་མེད་པ། །གང་ གི་སྤྱོད་ཡུལ་གང་མི་གྱུར། །བློ་ནི་དབྱེ་བས་ཕྲོགས་རྣམས་ཀྱིས། །དེ་ལ་ཚིག་ཏུ་སྦྱོར་བར་བྱེད། །ཚངས་པ་དེ་ནི་དུས་ཐམས་ཅད་དུ་རྣལ་འབྱོར་པ་རྣམས་ཀྱིས་དམིགས་པར་བྱ་བ་ཡིན་པའི་ཕྱིར་རྟག་པའོ། །དབང་པོ་དང་རྣམ་པར་ཤེས་པ་ལས་གཞན་ཉིད་ཡིན་པའི་ཕྱིར་རྟོག་པ་མེད་ པའོ། །བློ་དག་གི་སྤྱོད་ཡུལ་དུ་གྱུར་པ་ནི་ཚིག་བརྗོད་པ་རྣམས་ཀྱི་ཡང་ཡུལ་ཡིན་པར་འགྱུར་ལ། བློའི་སྤྱོད་ཡུལ་དུ་མ་གྱུར་པ་ཉིད་དེ་ནི་ཚིག་གི་སྤྱོད་ཡུལ་ཡང་མ་ཡིན་ནོ། །འོན་ཀྱང་དབྱེ་བས་ཕྲོགས་པ་ནི་དབྱེ་བ་ལ་ཉེ་བར་སོང་བའི་བློ་སྟེ། དེ་གང་ལ་ཡོད་པ་ནི་བློ་ནི་དབྱེ་བས་ འཕྲོགས་པའོ། །དེས་དེ་ལ་ཚངས་པའོ་ཞེས་ཚིག་སྦྱོར་བར་བྱེད་དེ། འདི་ལྟ་སྟེ། བདག་དང་། སྐྱེས་བུ་དང་། དབང་ཕྱུག་དང་། ཀུན་ལ་ཁྱབ་པ་དང་། རྟག་པ་ཞེས་བྱ་བ་ལ་སོགས་པར་རོ། །ཅིའི་ཕྱིར་ཞེ་ན། ཀུན་དུ་ཐ་སྙད་དུ་བྱ་བའི་ཕྱིར་ཏེ། གཞན་དག་གིས་ཇི་ལྟར་བདག་གི་དོན་ ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞེས་བྱ་བར་རོ། །འདིའི་ངོ་བོ་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཡིན་ཏེ། རིག་བྱེད་ལས་རང་བྱུང་བྱེད་པ་མེད་པ་བོང་ཚད་མེད་པ་སྟེ། མུན་པ་ལས་གཞན་པའི་སྐྱེས་བུ་ནི། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །མུན་པ་ལས་གཞན་གྱུར་པ་དེ་རིག་ན། ། འཆི་བ་མེད་པར་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད། །ཅེས་བྱ་བ་དང་། དེ་བཞིན་དུ། དེ་ནི་ཕྲ་གྱུར་སྐྱེ་གནས་རྣམས་ན་གཅིག་པུ་ནས། །དེ་ནི་རྒྱས་པ་འདི་དག་ཡང་དག་བསགས་པ་ཡིན། །དེ་ནི་གཙོ་བོ་མཆོག་དང་ལྷ་དང་བསྟོད་བྱ་སྟེ། །བདག་ངེས་ བཟུང་ནས་ཤིན་ཏུ་ཞི་བར་འགྲོ་བར་འགྱུར། །གང་ལས་མཆོག་ཏུ་གྱུར་པ་གཞན་པ་འགའ་ཡང་མེད། །གང་ལས་ཕྲ་དང་གཙོ་བོར་གྱུར་པ་གཞན་འགའ་འང་མེད། །མ་བཀག་བསྒྲིབས་པ་མེད་པར་ལྷ་དེ་གཅིག་པུ་གནས། །སྐྱེས་བུ་དེ་ཡང་ཀུན་ལ་ཁྱབ་ཅིང་རྒྱས། །ཕྲ་བ་བས་ཀྱང་ 98-255a ཕྲ་ཞིང་ཆེ་བས་ཆེ། །འགྲོ་རྣམས་བདག་གི་ཡོན་ཏན་ཁྱབ་ནས་གནས། །མྱ་ངན་བྲལ་བས་མཆོད་སྦྱིན་མེད་པར་མཐོང་། །ཁམས་རྣམས་དང་བ་གཙོ་བོའི་ཆེ་བ་ཉིད། །དེ་བཞིན་དུ། ལུས་མེད་པ་ཡི་ལུས་ལ་ནི། །ཀུན་དུ་གནས་མེད་གནས་པ་ནི། །ཆེན་པོར་ གཙོ་བོའི་བདག་ཉིད་དེ། །ཤེས་ནས་མཁས་པ་མྱ་ངན་མེད། །དེ་བཞིན་དུ། གཡོ་བ་དེ་ཡིན་མི་གཡོ་དེ། །རིང་བ་དེ་ཡིན་ཉེ་བ་དེ། །ནང་ཡང་དེ་ཡིན་ཐམས་ཅད་ཀྱི། །གཉི་ག་དེ་ཡིན་ཕྱི་རོལ་ཉིད། །དེ་བཞིན་དུ། དར་གྱི་སྲིན་བུའི་སྣལ་མ་བཞིན། །ཆུ་ཤེལ་ནོར་བུའི་ཆུ་བཞིན་དུ། ། ནྱ་གྲོ་ཡན་ལག་ཟུག་རྒྱུ་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་བྱ་བ་ལ་སོགས་པ་རིག་བྱེད་ཀྱི་ལུང་ལས་མཐོང་བའི་ཚད་མས་སྐྱེས་བུ་མཐོང་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིན་ཏེ། གཞན་གྱིས་ཉམས་པར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཐའ་སྨྲ་བ་རྣམས་ཀྱིས་བཀོད་པའི་ ཕྱོགས་སྔ་མ་ཡིན་ནོ། །དེ་ལ་ལན་བརྗོད་པར་བྱ་བའི་ཕྱིར་བསྟན་བཅོས་བྱེད་པས་སྨྲས་པ། ཕྱོགས་སུ་ལྷུང་བ་མ་ཡིན་པས། །འདིར་ནི་འདི་ཡང་འདི་ལྟར་དཔྱད། །ཕྱོགས་ལ་ཆགས་པས་བསྒྲིབས་པའི་བློས། །ཇི་ལྟར་བདེན་པའང་རྟོགས་མི་འགྱུར། །འདིར་ནི་ཞེས་བྱ་བ་ནི་རིག་བྱེད་ ཀྱི་མཐའ་སྨྲ་བ་རྣམས་ཀྱིས་བཀོད་པའི་ཕྱོགས་སྔ་མར་རོ། །འདི་ཡང་ཞེས་བྱ་བའི་སྒྲ་ནི་སྔར་བསྟན་པའི་རབ་ཏུ་བྱེད་པར་དཔྱད་པ་བྱས་པ་ཡང་ཉེ་བར་བསྡུ་བའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་དོན་གྱིས་དངོས་པོའི་ཚིག་དཔྱད་པ་སྟེ། འདི་ལྟར་བརྟག་པར་བྱ། འདི་ ལྟར་དཔྱད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །སུ་ཞིག་དཔྱོད་པར་བྱེད་ཅེ་ན། གང་དག་རང་དང་གཞན་གྱི་ཕྱོགས་ལ་རིགས་སམ་མི་རིགས་པ་དཔྱད་པ་བྱས་ནས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མི་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕྱོགས་སུ་ལྷུང་བས་དྲི་མ་ཅན་དུ་བྱས་ པའི་སེམས་ཀྱིས་ནི་སྐྱོན་མེད་པའི་ཚིག་དག་ལ་ཡང་ཡིད་ཆེས་པར་མི་འགྱུར་ཏེ། རང་གི་ཕྱོགས་ལ་ཆགས་པ་དང་བཅས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པ་དང་། གྲངས་ཅན་དང་བྱེ་བྲག་པའི་དེ་ཁོ་ན་ཉིད་བརྟག་པའི་དབང་དུ་བྱས་ནས། བདག་ཡོད་པ་ནི་ 98-255b བཀག་པས་ན། །འགྲོ་བའི་རྒྱུ་ཡང་དེ་བཞིན་ཏེ། །དེས་ན་དེ་མཐོང་གྲོལ་བ་ནི། །མི་བདེན་པར་ནི་རབ་བརྟགས་ཉིད། །བདག་ཡོད་པ་ཉིད་དུ་ཡང་བསྒྲུབ་པར་ཤིན་ཏུ་དཀའ་སྟེ། ཇི་སྐད་དུ་སྔར་བསྟན་པའི་རིགས་པས་ཡོད་པར་ཡང་མ་གྲུབ་ན། བདེན་པ་མ་ཡིན་པ་དེ་མཐོང་བས་ ཡང་དག་པར་གྲོལ་བར་ལྟ་ཇི་ལྟར་འགྱུར། ཡོད་པ་མ་ཡིན་པའི་རི་བོང་གི་རྭ་ནི་དམིགས་པར་འགྱུར་བ་མ་ཡིན་པ་བཞིན་དུ་དེ་མཐོང་བས་ཀྱང་གྲོལ་བར་འགྱུར་བ་མ་ཡིན་ནོ། །སྐྱེས་བུར་བལྟ་བ་ལ་སྐྱོན་ཆེན་པོ་འདི་ཡང་ཡོད་དེ། བྱོལ་སོང་རྣམས་ལ་འཇིག་ཚོགས་ལྟ། །ལྷན་ཅིག་ སྐྱེས་ཡོད་ཞི་མ་གྱུར། །ཀུན་ཉོན་མོངས་ཀུན་རྩ་བའི་ཕྱིར། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྤེལ། །སྡུག་བསྔལ་བར་གྱུར་པས་ན་འཇིག་པ་ཡིན་ལ་བསགས་པ་ན་ཚོགས་ཏེ། དེ་ནི་འཇིག་པ་ཡང་ཡིན་ལ། ཚོགས་པ་ཡང་ཡིན་པས་འཇིག་ཚོགས་སོ། །དེ་ལ་གང་མངོན་པར་ཞེན་ པ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལ་བདག་དང་བདག་གིར་འཛིན་པའོ། །དེ་ནི་ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པའི་བག་ཆགས་ཀྱིས་བསྒོས་པའི་བ་ལང་ལ་སོགས་པ་དུད་འགྲོ་རྣམས་ཀྱི་སེམས་ངག་གི་སྤྱོད་པ་དང་བྲལ་བ། དེར་རྟོགས་ པར་མི་བྱེད་པ་རྣམས་ལ་ཡང་ཞི་བ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཡང་བློའི་བརྗོད་པ་དང་ལྡན་པའི་མི་རྣམས་བདག་ཏུ་ལྟ་བ་དུ་མའི་རྣམ་པར་རྟོག་པ་ཡོད་པ་ཚིག་ཏུ་བརྗོད་པ་དང་བཅས་པས་གཞན་དག་ཀྱང་འཛིན་དུ་འཇུག་པ་རྣམས་ལ་ཇི་ལྟར་ཞི་བ་སྒྲུབ་པར་འགྱུར་ཏེ། དེས་ན་འདི་ནི་ རིགས་པའི་ཚུལ་མ་ཡིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཏེ། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་ལ་སོགས་པས་ཉོན་མོངས་པ་ཅན་དུ་བྱས་པ་ཡོད་པ་ལས་འཇིག་ ཚོགས་ལ་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ནི་ཁྱོད་ཀྱིས་ཤིན་ཏུ་འཕེལ་བར་བྱས་པ་ཡིན་ན་དེ་ལ་ཇི་ལྟར་ཐར་པ་ཡོད་པར་འགྱུར། འཇིག་ཚོགས་ལྟ་ལ་ཞེན་པ་ཡི། །བདག་འཛིན་བདག་གིར་འཛིན་པ་དག །གང་ལས་འཁོར་བ་འབྱུང་འགྱུར་བ། །དེ་ཉིད་གྲོལ་བ་ཡིན་པར་སྨྲ། ། 98-256a བདག་གཟུགས་ཡིན། བདག་གཟུགས་དང་ལྡན། གཟུགས་བདག་གི་ཡིན། གཟུགས་ལ་བདག་གནས། བདག་ཚོར་བ་ཡིན། བདག་ཚོར་བ་དང་ལྡན། ཚོར་བ་བདག་གི་ཡིན། ཚོར་བ་ལ་བདག་གནས་ཞེས་བྱ་བ་ལ་སོགས་པ་འཇིག་ཚོགས་ལ་ལྟ་བའི་རིའི་ རྩེ་མོ་ཉི་ཤུ་མཐོ་བ་རྣམ་པར་བཅོམ་ནས་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ་ཞེས་ཐམས་ཅད་རིག་པ་ཉིད་ཀྱིས་གསུངས་པ། ཕྱིན་ཅི་ལོག་གི་ལྟ་བ་ཅན་བདག་དང་བདག་གིར་འཛིན་པའི་གདོན་གྱིས་ཟིན་པས་སེམས་བརླམས་པར་གྱུར་པ་ཁྱོད་ཀྱིས་ནི། གང་ལས་འཁོར་བ་མངོན་པར་འཕེལ་བར་ འགྱུར་བ་དེ་ཉིད་གྲོལ་བའི་རྒྱུ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་འདི་ལྟར་རབ་ཏུ་འབར་བར་གྱུར་པའི་མེ་ལ་ཞི་བར་བྱ་བའི་ཕྱིར་བུད་ཤིང་ཤིན་ཏུ་མང་བ་བསྣན་པར་གྱུར་པ་བཞིན་ནོ། །འདིར་གཞན་གྱིས་སྨྲས་པ། གང་གང་གི་ཞི་བའི་རྒྱུར་གྱུར་པ་མ་ཡིན་པ་དེ་ཡང་ཚུལ་འགའ་ཞིག་གིས་ཞི་བའི་རྒྱུར་ ཡང་འགྱུར་ཏེ། ཇི་ལྟར་ཆང་ཤིན་ཏུ་བསྟེན་པས་མྱོས་པར་གྱུར་པ་ལ་ཡང་མྱོས་པར་འགྱུར་བ་ཉིད་བསྟེན་ན། ཕན་པར་འགྱུར་བ་དེ་བཞིན་དུ། ཐབས་ལ་མི་མཁས་པས་བདག་ཏུ་ལྟ་བ་བསྟེན་པས་ཀུན་ནས་ཉོན་མོངས་པ་སྐྱེ་བར་འགྱུར་ལ། རྣལ་འབྱོར་གྱི་ལུགས་འབའ་ཞིག་གིས་བདག་ ཏུ་ལྟ་བ་དེ་ཉིད་གོམས་པར་བྱས་པ་ལས་ཉོན་མོངས་པ་ཞི་བར་འགྱུར་རོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། མྱོས་པར་གྱུར་ལ་མྱོས་འགྱུར་བཞིན། །དེ་ལྟ་བ་ཡིས་ཞི་འགྱུར་ན། །ཤིན་ཏུ་མ་ཞུའི་ནད་ལྡན་ལ། །ཁ་ཟས་ཟོས་པས་ཕན་པར་འགྱུར། །གང་ལ་གང་གིས་གནོད་པར་གྱུར་པ་ དེས། དེ་ཉིད་ཞི་བར་འགྱུར་རོ་ཞེས་བྱ་བ་ནི་གཅིག་ཏུ་མ་ངེས་པ་ཡིན་ནོ། །གལ་ཏེ་ངེས་པར་གྱུར་ན་ནི་ཤིན་ཏུ་མ་ཞུ་བའི་སྐྱོན་དང་བཅས་པར་གྱུར་པ་དེ་ལ་ཡང་ཁ་ཟས་ཟོས་པས་ཕན་པར་འགྱུར་རོ། །གལ་ཏེ་དུག་ལ་ཡང་དུག་ཉིད་ཕན་པར་གྱུར་པ་མ་ཡིན་ནམ་ཞེ་ན། དུག་གིས་ དུག་ཞི་བར་འགྱུར་རོ་ཞེས་བྱ་བ་དེ་ཡང་མ་ངེས་པ་ཉིད་ཡིན་ནོར་བུ་དང་། སྔགས་དང་སྨན་ལ་སོགས་པའི་སྦྱོར་བ་དང་ལྡན་ན། ངེས་པ་ཡིན་པ་བཞིན་དུ་ལམ་གོམས་པར་བྱས་ན་ལེགས་པ་ཡིན་གྱི། བདག་ཏུ་ལྟ་བས་ནི་མ་ཡིན་ནོ། །གཞན་ཡང་། རིག་བྱེད་སྨྲ་བས་བདག་དེ་ནི། ། 98-256b རྣམ་པ་གཉིས་སུ་འདོད་བྱེད་དེ། །ལུས་ཞེས་བྱ་བ་བཅིངས་བདག་དང་། །མཆོག་ན་གནས་པ་གྲོལ་བའི་བདག །མཆོག་ཏུ་འཛིན་པ་བདག་གི་ཡུལ། །བདག་བློ་ཇི་བཞིན་དོན་མ་ཡིན། །བདག་ནི་འདི་ཞེས་མཆོག་འཛིན་ཕྱིར། །ལུས་ལ་བདག་གི་བློ་བཞིན་ནོ། །མཆོག་གི་ གནས་ན་གནས་པས་མཆོག་ན་གནས་པའོ། །གང་ཞེ་ན་བདག་གོ། །ཡུལ་དེ་གང་ལ་ཡོད་པ་དེ་ནི་དེའི་ཡུལ་ཅན་ཏེ་གང་ཞེ་ན་བློའོ། །དེ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་ནོ་ཞེས་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། བདག་ནི་འདི་ལྟ་བུའོ་ཞེས་དེ་ལ་རྒྱུ་བ་འབྱུང་བའི་ཕྱིར་རོ། །ཅི་ལྟ་བུར་ཞེ་ན། ལུས་དང་། དབང་པོ་དང་། ཡུལ་བདག་གི་བློ་བྱུང་བ་བཞིན་ནོ། །ལུས་དང་ཡུལ་གྱི་བློ་ཉིད་ནི་ཀུན་རྫོབ་ཏུ་དོན་ཇི་ལྟ་བ་བཞིན་དུ་ཡང་དག་པར་འབྱུང་བར་འགྱུར་ཏེ། མངོན་སུམ་ཉིད་ཀྱིས་ཉེ་བར་དམིགས་པ་ཡིན་པའི་ཕྱིར་རོ། །མཆོག་ན་གནས་པ་ནི་མ་ཡིན་ཏེ། ཉེ་བར་མ་དམིགས་ པའི་ཕྱིར་རོ། །གལ་ཏེ་ཡང་དུས་རིང་པོར་བདག་ཏུ་མངོན་པར་ཞེན་པའི་བག་ཆགས་ཀྱི་སྟོབས་ཀྱིས་འདི་ལ་བདག་ཅེས་ཡོངས་སུ་རྟོག་གོ་ཞེ་ན། ཡོངས་སུ་བརྟགས་པས་ཞེས་བྱ་བས་ནི་དོན་ཅི་ཡང་སྒྲུབ་པ་མ་ཡིན་པས་དེས་ན་སྨྲས་པ། ཡོངས་སུ་བརྟགས་པས་ཡོད་ན་ཡང་། ། ཁྱོད་ཀྱིས་བདག་གིས་ཅི་ཞིག་བྱེད། །གཟུགས་དང་སྒྲ་སོགས་ཡུལ་རྣམས་ལ། །བློའོ་ཞེ་ན་དེ་མི་རིགས། །རྒྱུ་ཅིའི་ཕྱིར་ཞེ་ན། ལུས་ཐམས་ཅད་ཀྱི་དབང་ཕྱུག་གི་སྐྱེས་བུ་ཡོངས་སུ་བརྟགས་པ་དེ་མེད་དུ་ཟིན་ཀྱང་། གཟུགས་སོགས་ཡུལ་ལ་བློ་དག་ནི། །བྱེད་པོ་བདག་ནི་མེད་ ཀྱང་སྐྱེ། །རྐྱེན་ལ་ལྟོས་པའི་སྐྱེ་ཡིན་ཕྱིར། །མེ་ཤེལ་གྱི་ནི་མེ་བཞིན་ནོ། །གཟུགས་ལ་སོགས་པ་ཡུལ་ལ་བློ་སྟེ། གང་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །དེ་ནི་བྱེད་པ་པོ་བདག་གིས་བསྐྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །རྐྱེན་ལ་ལྟོས་པ་ནི། རྐྱེན་ལ་ ལྟོས་པའི་བློ་སྟེ། འདིའི་སྐྱེ་བ་ནི་རྐྱེན་ལ་ལྟོས་པའི་སྐྱེ་བ་ཡིན་ནོ། །དེའི་ངོ་བོ་ནི་རྐྱེན་ལ་ལྟོས་པའི་སྐྱེ་བ་ཉིད་དོ། །དེས་ན་རྐྱེན་ལ་ལྟོས་པའི་སྐྱེ་བ་ཡིན་པའི་ཕྱིར་ཏེ། དཔེར་ན་ནོར་བུ་མེ་ཤེལ་ནི་ཉིན་པར་བྱེད་པའི་འོད་ཀྱིས་རེག་པ་དང་། བ་ལང་གི་ལྕི་བ་སྐམ་པོའི་ཕྱེ་མའི་རྐྱེན་ཉེ་བར་ 98-257a གནས་པ་ལ་བརྟེན་ནས་བྱེད་པ་པོ་བདག་གིས་མ་བྱས་ཀྱང་བཟོད་པར་དཀའ་བའི་མེའི་ཕུང་པོ་བསྐྱེད་ནས་རྩྭ་དང་ཤིང་དང་འཁྲི་ཤིང་མང་པོ་རབ་ཏུ་རྒྱས་པར་སྲེག་པ་དང་། བཙོ་བ་དང་། བསལ་བར་བྱེད་པ་ལ་སོགས་པའི་བྱ་བ་རྣམས་བྱེད་དོ། །དེ་བཞིན་དུ་ ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། ཡིད་ལ་བྱེད་པའི་ཚོགས་པ་ལ་བརྟེན་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་བྱེད་པ་པོ་བདག་གིས་མ་བསྐྱེད་ཀྱང་། ལྟ་བ་དང་། མཉན་པ་དང་། བསྣམས་པ་དང་། མྱང་བ་དང་། རེག་པ་དང་། ཡིད་ལ་བྱེད་པ་ལ་ སོགས་པའི་བྱ་བ་རྣམས་བྱེད་ན་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་ལ་མ་གཏོགས་པའི་བདག་བཏགས་པས་ཅི་ཞིག་བྱ། གཞན་ཡང་། གང་ཡང་ཡི་གེའི་བདག་ཉིད་སྒྲ། །དེ་ཡི་བྱེད་པོ་བདག་མི་འདོད། །མཉན་བྱའི་ཕྱིར་དང་སྒྲ་ཡིན་ཕྱིར། །དཔེར་ན་བྲག་ཅ་ཇི་བཞིན་ ནོ། །གང་ཡང་གནས་དང་བྱེད་པ་དང་། །རྩོལ་བ་ལས་ཀུན་དུ་འབྱུང་བའི་ཡི་གེའི་བདག་ཉིད་ཅན་གྱི་སྒྲ་ཁའི་སྒོ་ནས་བརྗོད་པ་དེ་ཡང་བདག་གིས་བྱས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣ་བའི་དབང་པོས་གཟུང་བྱ་ཡིན་པའམ། སྒྲ་ཡིན་པའི་ཕྱིར་དཔེར་ན་ནགས་བསྲེགས་པའི་མེའི་ སྒྲ་དང་། རླུང་ཆེན་པོས་བསྐྱོད་པའི་ནགས་ཚལ་གྱི་སྒྲའམ། རྒྱ་མཚོ་འཁྲུགས་པའམ། རིའི་འབབ་ཆུ་དྲག་པོས་རྡོ་ཆེན་པོ་བསྐྱོད་པའི་སྒྲ་ལ་སོགས་པ་རི་ངོས་སམ། བྲག་སྐྱིབས་དང་ཉེ་བ་ལ་བརྟེན་ནས་ཀུན་དུ་བྱུང་བའི་སྒྲ་བརྙན་ནི་བདག་གིས་བྱས་པ་མ་ཡིན་པ་བཞིན་ནོ། །འདིས་ ནི་ལུས་ཀྱི་བྱ་བ་གཞན། །འོང་བ་དང་ནི་འགྲོ་བ་དང་། །ལག་པ་རྐང་པ་གཡོ་བ་ནི། །མཚན་ཉིད་ལྷག་མ་རྣམས་ཀྱང་བཀག །གང་ཅུང་ཞིག་ལུས་ལས་ཡང་དག་པར་འབྱུང་བའི་འོང་བ་དང་། འགྲོ་བ་དང་། ལག་པ་དང་། རྐང་པའི་གཡོ་བ་དང་། བཙོ་བླག་དང་། འདུག་པ་དང་། ཉལ་ བ་ལ་སོགས་པའི་བྱ་བ་དེ་དག་ཐམས་ཅད་རིམ་པ་འདི་ཉིད་ཀྱིས་བརྟག་པ་བྱས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཇི་ལྟར་རི་དང་བྲག་གི་གསེབ་ནས་ཆུ་བོའི་རྒྱུན་བྱུང་ནས་ཡུལ་དུ་མ་ཁྱབ་པར་བྱེད་ཅིང་རྒྱས་པར་འབྱུང་བ་ན། བདག་མེད་དུ་ཟིན་ཀྱང་ཆུ་འོང་ངོ་ཞེས་ཚིག་ཏུ་རྗོད་པར་བྱེད་པ་དང་། 98-257b རྩྭ་ཁྱོན་ཆེན་པོར་གནས་པའི་ཕྱོགས་གཅིག་ནས་མེ་མཆེད་པ་ན་མེ་བྱུང་ངོ་ཞེས་ཚིག་ཏུ་བརྗོད་པར་ཉམས་སུ་མྱོང་བ་ལྟར་དེ་བཞིན་དུ་འདུན་པའི་རྒྱུ་ཅན་གྱི་འབད་པས་བསྐྱེད་པའི་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཅན་གྱི་བྱ་བ་དང་ལྡན་པའི་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་འདུས་ པ་ལ་སྣ་ཚོགས་ཀྱི་བུ་དང་། བྱམས་མའི་བུ་ལ་སོགས་པ་འགྲོ་ཞིང་འོང་ངོ་ཞེས་བྱ་བའི་བརྗོད་པ་ཐོབ་བོ། །ཡང་བདག་མེད་དུ་ཟིན་ཀྱང་ཤིང་གི་འཁྲུལ་འཁོར་གྱི་གཟུགས་ལག་པ་གཉིས་ལ་མདའ་དང་གཞུ་ཐོགས་ནས་འཕེན་པ་དང་། ཆུའི་རྒྱུན་ཕན་ཚུན་བརྡབ་པའི་དབང་གིས་བལ་བ་ཛ་ཐག་ པ་ལྟར་བསྒྲིལ་བར་གྱུར་པ་དང་། རྫ་བོའི་ནང་དུ་ཆུ་དང་འབྲས་བླུགས་ཤིང་མེ་བཏང་ནས་སྐྱ་བས་དཀྲུགས་པ་ལས་འབྲས་ཆན་ཚོས་པར་འགྱུར་རོ་ཞེས་བྱ་བ་ཡང་བྲག་ཅ་ལ་སོགས་པ་བཞིན་ནོ། །དེས་ན་ལུས་དང་དབང་པོ་ལས་མ་གཏོགས་པའི་བདག་ནི་ཡོད་པ་མ་ཡིན་ཏེ། རྣམ་པར་བཅད་ནས་ ཀུན་ཤེས་ལས། །ཀུན་ཤེས་དྲན་པ་ཉིད་ལས་དྲན། །སོ་སོར་རྣམ་པར་རབ་ཤེས་ལས། །ཤེས་རབ་ཉམས་སུ་མྱོང་ལ་ཚོར། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དང་། ཡིད་ལ་བྱེད་པའི་རྐྱེན་ཚོགས་པ་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ལྗོན་ཤིང་དང་། གྲོང་ཁྱེར་དང་། རི་དང་། སྐྱེས་བུ་དང་རི་དགས་ ལ་སོགས་པའི་རྣམ་པར་ཡོངས་སུ་གཅོད་པའི་འདུ་ཤེས་ལས་འདུ་ཤེས་འབྱུང་ལ། རྣམ་པར་ཤེས་པའི་ཚོགས་དྲུག་གིས་ཉམས་སུ་མྱོང་བའི་ཡུལ་དྲན་པ་ལས་ནི་དྲན་པའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སོ་སོའི་ཆར་རབ་ཏུ་འབྱེད་པའི་རྣམ་པ་རབ་ཀྱི་མཐར་ཕྱིན་པ་ཉིད་ཀྱི་ཤེས་རབ་ལས་ ཤེས་རབ་བོ། །བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པར་ཡུལ་ཉམས་སུ་མྱོང་བ་ལས་ནི་ཚོར་བ་སྟེ། འདུ་ཤེས་དང་། དྲན་པ་དང་། ཤེས་རབ་དང་། ཚོར་བ་ལ་སོགས་པ་ལས་མ་གཏོགས་པའི་བདག་གི་བྱ་བ་གཞན་ཞིག་ངོ་བོ་ཉིད་ངེས་པར་གཟུང་བར་མི་ནུས་ ཏེ། ནམ་མཁའི་མེ་ཏོག་བཞིན་དུ་དེ་ནི་ཡོད་པ་མ་ཡིན་པས་གཟུང་བར་བྱའོ། །དངོས་པོའི་ངོ་བོ་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་སེམས་དང་། དངོས་པོའི་ཁྱད་པར་སོ་སོར་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་སེམས་ལས་བྱུང་བ་ཚོར་བ་དང་། འདུན་པ་དང་། རེག་པ་དང་། 98-258a ཏིང་ངེ་འཛིན་ལ་སོགས་པ་དང་། མོས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་བསྟན་པར་མ་གཏོགས་པའི་སྐྱེས་བུའི་བྱ་བ་ནི་ཕྲ་མོ་ཙམ་ཡང་དམིགས་པར་མི་འགྱུར་ལ། འདི་དག་ལས་མ་གཏོགས་པའི་རང་གི་ངོ་བོ་ཡང་འགའ་ཡང་ཉེ་བར་མི་དམིགས་པས། དེས་ན་གང་གི་ཕྱིར་འདི་དག་གི་ཡོད་པར་སྒྲུབ་པ་ཉིད་ནི་འགྲུབ་པ་མ་ཡིན་ནོ། །འདི་སྐད་སྨྲ་བར་ཡང་ནུས་ཏེ། བདག་ནི་བདེན་པར་ཡོད་པ་མ་ཡིན་ཏེ། བྱ་བའི་མཚན་ཉིད་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །གལ་ཏེ་འདིར་སྨྲས་པ། སྐྱེས་བུ་ཁོ་ནས་མཐོང་བ་དང་། ཐོས་པ་དང་། སྣོམ་པ་དང་། མྱང་བ་དང་། སྙམ་སེམས་པ་དང་། ཀུན་དུ་ཤེས་པ་དང་། དྲན་པ་དང་། ཀུན་ནས་ཚོར་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཤེས་པ་ལ་སོགས་པ་རྣམས་ནི་བྱེད་པར་བསྟན་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲའི་བསྟན་བཅོས་ཀྱི་མཚན་ཉིད་ནི་འདི་ཡིན་ཏེ། བྱེད་པ་པོ་དང་། ལས་ དང་། བྱེད་པ་དང་། ཡང་དག་པར་སྦྱིན་པ་དང་། གང་ལས་འོངས་པ་དང་། དབང་དུ་བྱ་བའི་ངོ་བོ་ཞེས་བྱ་བའི་བྱེད་པ་མ་ལུས་པའི་སྔོན་དུ་འགྲོ་བ་ནི་རང་དབང་ཅན་གྱི་བྱེད་པ་པོ་སྟེ་བྱེད་པ་པོ་དེ་ཡོད་པ་ལས་དེ་ལས་གཞན་པའི་བྱེད་པའི་ཁྱད་པར་རྣམས་ཡིན་ཏེ། དེས་ན་སྐྱེས་བུ་ནི་བྱེད་པ་པོ་ ཡིན་ལ། དེའི་མིག་ལ་སོགས་པ་ནི་བྱེད་པར་གྱུར་པ་ཡིན་ཏེ། དེ་ནི་དེ་དག་ནས་སྐར་ཁུང་མང་པོ་བཏོད་པའི་ཁང་པ་ན་གནས་པའི་སྐྱེས་བུ་བཞིན་དུ་སྒོ་གང་དང་ཉེ་བར་གནས་པའི་ཡུལ་ལ་རྗེས་སུ་མཚོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཟོར་བས་གཅོད་པར་བྱེད་དོ་ཞེས་བྱ་བ་ཡང་ཟོར་བ་ཁོ་ ནས་གཅོད་པ་ནི་མ་ཡིན་གྱི། འོན་ཀྱང་བྱེད་པ་ཟོར་བས་ལྷས་བྱིན་གྱིས་གཅོད་པར་བྱེད་དོ་ཞེས་བྱ་བ་བཞིན་དུ་མིག་གིས་མཐོང་ངོ་ཞེས་བྱ་བ་ཡང་མིག་ཁོ་ནས་མཐོང་བ་ནི་མ་ཡིན་ཏེ། འོན་ཀྱང་བྱེད་པ་དེས་སྐྱེས་བུས་མཐོང་བ་ཡིན་ནོ། །དེ་བཞིན་དུ་རྣ་བས་ཐོས་པའི་སྒོར་གྱུར་པ་ནས་སྐྱེས་བུས་ཐོས་ པ་ཡིན་གྱིས། རྣ་བ་ཁོ་ན་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་ན་ཚུལ་འདི་ལྟར་བྱ་བ་འགྲུབ་པ་ཡིན་ཏེ་འདིས་མཐོང་བས་ན་མིག་གོ། །འདིས་ཐོས་པས་ན་རྣ་བའོ་ཞེས་བྱ་བ་ནས་ཇི་སྲིད་དུ། འདིས་མྱོང་བས་ན་ཚོར་བའོ་ཞེས་བྱ་བའི་བར་དུའོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། ཤེས་ 98-258b སོགས་བྱེད་པར་སྨྲ་ཞེ་ན། །བྱེད་པ་ཉིད་དུ་སྒྲུབ་པའམ། །དེ་ལས་གཞན་པའི་བྱེད་པོ་ཉིད། །གཅོད་བྱེད་བཞིན་དུ་རིགས་ལྡན་མིན། །ཅི་ལྟར་རིགས་པ་དང་མི་ལྡན་ཞེ་ན། བྱེད་པ་པོ་ལ་རྐྱེན་ལྡན་གྱི། །གང་ཕྱིར་བྱེད་པ་ལ་མིན་པས། །དེས་ན་གཏན་ཚིགས་མ་གྲུབ་པའམ། །མ་ངེས་པ་ ཉིད་ཡིན་པར་འགྱུར། །མིག་ནི་རང་ཉིད་ཀྱིས་ལྟ་བ་ཡིན་གྱི། ཡང་གཞན་གྱི་བྱེད་པ་ནི་མ་ཡིན་ནོ། །ཉན་པས་ན་རྣ་བ། སྣོམ་པས་ན་སྣ། མྱང་བས་ན་ལྕེ། རེག་པར་བྱེད་པས་ན་རེག་པ། སྙམ་དུ་སེམས་པས་ན་ཡིད། ཀུན་ཤེས་པས་ན་འདུ་ཤེས། དྲན་པར་ བྱེད་པས་ན་དྲན་པ། སོ་སོར་ཤེས་པས་ཤེས་རབ་ཡིན་ཏེ། དེའི་ཕྱིར་ན་ཤེས་པ་ལ་སོགས་པ་བྱེད་པར་བསྟན་པ་ལ་སོགས་པའི་གཏན་ཚིགས་འདི་དག་གི་དོན་མ་གྲུབ་པ་ཉིད་ཡིན་ནོ། །ཡང་ན་མི་མཐུན་པ་ལ་ཡང་ཞུགས་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །མིག་ཁོ་ནས་མཐོང་བ་ཡིན་གྱི། འོན་ཀྱང་བྱེད་པ་དེས་བདག་གིས་མཐོང་བ་ཡིན་ཏེ། ཤེས་པ་ལ་སོགས་པ་བྱེད་པར་བསྟན་པའི་ཕྱིར་ཇི་ལྟར་ཟོར་བས་གཅོད་ཅེས་བྱ་བ་ལྟ་བུའོ་ཞེས་གཞན་གྱིས་སྨྲས་པ་དེ་ལ་ཁོ་བོས་ལན་བརྗོད་པར་བྱ་སྟེ། མིག་ཁོ་ནས་མཐོང་བ་ཡིན་གྱི་བདག་གིས་ནི་མ་ཡིན་ཏེ། བྱེད་པ་པོར་བསྟན་པ་ཡིན་ པའི་ཕྱིར་ཇི་ལྟར་ལྷས་བྱིན་གྱིས་གཅོད་ཅེས་བྱ་བ་ལྟ་བུའོ། །དེས་ན་སྨྲས་པ། ཤེས་ལ་སོགས་པ་བྱེད་པོ་ཉིད། །བྱེད་པོའི་སྒྲ་ཡིས་བརྗོད་པའི་ཕྱིར། །ལྷས་བྱིན་གྱིས་ནི་གཅོད་དོ་ཞེས། །ཇི་ལྟར་བྱེད་པོར་མཐོང་བ་བཞིན། །གལ་ཏེ་ལྷས་བྱིན་གྱིས་གཅོད་པ་མ་ཡིན་གྱི་རལ་གྲིས་གཅོད་པ་ཡིན་ཏེ། དེས་ན་འདི་ནི་རིགས་པ་མ་ཡིན་ནོ་ཞེ་ན། མི་རིགས་པ་མ་ཡིན་ཏེ། བདག་གི་ཕྱིར་བྱེད་པ་པོ་དང་ལས་དང་། ཚོགས་པ་ལས་འདིར་བྱ་བ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལ་རེས་འགའ་ནི་བྱེད་པ་པོ་གཙོ་བོར་སྟོན་པར་བྱེད་དེ། ལྷས་བྱིན་གྱིས་གཅོད་ཅེས་བྱ་བ་ལྟ་བུའོ། །རེས་འགའ་ནི་བྱེད་པ་ གཙོ་བོར་སྟོན་པར་བྱེད་དེ། རལ་གྲིས་བཅད་དོ་ཞེས་བྱ་བ་ལྟ་བུ་སྟེ། གཅོད་པའི་བྱ་བ་ནི་གཉི་ག་ལ་ལྟོས་པ་ཡིན་ཏེ། བྱེད་པ་པོ་མེད་པར་བྱེད་པས་ཀྱང་མ་ཡིན་ལ། བྱེད་པ་མེད་པའི་བྱེད་པ་པོས་ཀྱང་མ་ཡིན་པས་འདི་དག་གཉི་ག་ཡང་ལས་ལ་མ་ལྟོས་པར་བྱེད་པ་པོ་དང་བྱེད་པ་ཞེས་བྱ་བར་ 98-259a བསྟན་པ་འཐོབ་པ་མ་ཡིན་ནོ། །དེ་ལྟ་བས་ན་རྐྱེན་ཚོགས་པ་ལས་དངོས་པོ་མངོན་པར་འགྲུབ་པ་ཡོད་པ་ཡིན་གྱི། འདི་ལ་གཙོ་བོ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་ཉེ་བར་བཏགས་པ་ཉིད་ཡིན་ནོ། །སྐྱེས་བུ་ནི་ཉེ་བར་མི་དམིགས་པ་ཉིད་ཡིན་པའི་ཕྱིར་ ཚོགས་པར་གཏོགས་པ་མ་ཡིན་པར་བྱེད་པ་པོར་བསྟན་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྨྲས་པ། འདུས་བྱས་ཕུང་པོ་བྱེད་བྲལ་ཉིད། །འདི་ལ་བྱེད་པོར་བརྗོད་བྱ་སྟེ། །བྱེད་པ་ཡིན་ཕྱིར་མར་མེ་ཡིས། །གསལ་བར་བྱེད་པ་ཡིན་པ་བཞིན། །འདུས་བྱས་ཀྱི་ཆའི་ཚོགས་པ་ནི་བྱ་བ་དང་བྲལ་བ་ ཡིན་དུ་ཟིན་ཀྱང་བྱེད་པ་པོ་ཉིད་དུ་ཡོད་དེ། བྱ་བ་ཡིན་པའི་ཕྱིར་དཔེར་ན་མར་མེ་བྱེད་པ་པོར་མཐོང་བ་བཞིན་ནོ། །ཇི་ལྟར་སྣུམ་དང་། སྡོང་བུ་དང་། སྣོད་དང་། མེའི་རྐྱེན་ལས་མངོན་པར་གྲུབ་པའི་མར་མེ་ནི་བྱ་བ་དང་བྲལ་དུ་ཟིན་ཀྱང་གསལ་བར་བྱེད་པས་ན་བྱེད་པ་པོ་ཞེས་བྱ་བར་བསྟན་པ་ ཡང་འཐོབ་པོ། །དེ་བཞིན་དུ་ལུས་དང་། ངག་དང་། ཡིད་འདུས་པའི་ཆ་འདི་དག་ཀྱང་བྱ་བ་དང་བྲལ་དུ་ཟིན་ཀྱང་། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རྐྱེན་ཚོགས་པའི་དབང་གིས་བྱེད་པ་པོ་ཞེས་བསྟན་པ་ཉམས་སུ་མྱོང་བ་ཡིན་ནོ། །འདིར་གཞན་གྱིས་སྨྲས་པ། བདག་ཉིད་ནི་ མཆོག་ཡིན་ཏེ། གཙོ་བོའི་བྱེད་པ་པོ་དེ་ལ་ལྟོས་པ་ཉིད་ཀྱང་བྱ་བ་ཐམས་ཅད་ལ་འཇུག་པ་ཉིད་ཡིན་གྱི། མར་མེ་ལ་སོགས་པ་ནི་ཉེ་བར་བཏགས་པ་ཉིད་ཡིན་ཏེ། ཇི་ལྟར་རྫ་མཁན་གྱིས་ས་ལ་སོགས་པ་རྐྱེན་མང་པོ་ཉེ་བར་གནས་ཀྱང་རྫ་མཁན་ཉིད་བྱེད་པ་པོར་གྱུར་པ་ཡིན་ནོ་ཞེ་ན། བརྗོད་ པར་བྱ་སྟེ། ཡང་དག་གཙོ་གཅིག་བྱེད་པོ་མིན། །གང་ཕྱིར་གཅིག་གིས་བུམ་མི་བྱེད། །དེས་ན་མར་མེ་སོགས་བྱེད་པོ། །གདགས་པ་བར་ནི་མི་འདོད་དོ། །ཀུན་རྫོབ་ཉིད་དུ་ནི་རྐྱེན་རྣམས་ཚོགས་པར་བྱེད་པ་པོ་ཡིན་པར་སྟོན་པ། དཔྱད་པས་ཀྱང་རྟོགས་ཤིང་དེ་ལྟར་སྨྲས་པ་ཡང་ཡིན་ནོ། ། དོན་དམ་པར་ནི་གཙོ་བོའི་བྱེད་པ་པོ་ཉིད་ཡིན་པར་འགའ་ཡང་མི་འགྲུབ་སྟེ། གང་གི་ཕྱིར་རྒྱུ་གཅིག་གིས་བུམ་པ་མངོན་པར་སྒྲུབ་པར་ནུས་པ་མ་ཡིན་གྱི། འཇིམ་པའི་གོང་བུ་དང་། དབྱུག་པ་དང་། འཁོར་ལོ་དང་། སྐུད་པ་དང་། ཆུ་དང་། རྫ་མཁན་གྱི་འདོད་པ་ལ་སོགས་པའི་ 98-259b རྐྱེན་མང་པོ་ཚོགས་པ་ལས་བུམ་པ་རབ་ཏུ་འགྲུབ་པ་ཉིད་ཡིན་ནོ། །དེ་བཞིན་དུ་བདག་གཅིག་པུ་བྱ་བ་དང་། རྩོམ་པ་ཐམས་ཅད་མངོན་པར་འགྲུབ་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཚོགས་པ་དུ་མ་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་ཅེས་བྱ་བར་སྦྱར་རོ། །མར་མེ་ལ་ སོགས་པ་དང་། མིག་ལ་སོགས་པ་ནི་བཏགས་པ་པའི་བྱེད་པ་པོ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཙོ་བོ་ཉིད་ཡིན་ཏེ། དེ་ལས་གཞན་པའི་གཙོ་བོའི་བྱེད་པ་པོ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཡང་འདི་སྐད་དུ། འདི་ནི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པ་ཡིན་པས། སྐད་ཅིག་མ་ཉིད་ཀྱིས་ འཇིག་པ་ནི་བྱེད་པ་མེད་པ་ཡིན་པའི་ཕྱིར། བྱས་པའི་ཤུགས་ཀྱིས་རྒྱུན་ལ་བཅིངས་པ་དང་གྲོལ་བ་མི་འཐད་པས་བདག་ཁོ་ན་བཅིངས་པ་དང་གྲོལ་བ་དང་། གནས་པའི་རྟེན་ཡིན་པར་ཤེས་པར་བྱའོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། སྐད་ཅིག་མ་རེ་རེ་སོ་སོར་འཇིག་ཅིང་རང་དབང་མེད་ པ་ཡིན་ན་ཡང་རང་གི་ངོ་བོ་དང་བྲལ་བ་ཐོག་མ་མེད་པའི་དུས་ནས་ཆུ་བོའི་རྒྱུན་བཞིན་དུ་གནས་པའི། འདོད་ཆགས་སོགས་ཀྱི་དབང་ཕྱུག་སེམས། །གཟུགས་སོགས་ཡུལ་ལ་མངོན་ཞེན་པའི། །ཐར་པ་མི་མཐུན་ཕྱོགས་ཀྱིས་ཕྲོགས། །འཁོར་བའི་བཙོན་རར་བཅིངས་པ་ ཡིན། །ཁྱོད་ཀྱིས་བཏགས་པའི་བདག་ནི་མེད་དུ་ཟིན་ཀྱང་། སེམས་ཉིད་ཡུལ་ཡིད་དུ་འོང་བ་དང་། ཡུལ་ཡིད་དུ་མི་འོང་བ་ལ་ཕྲད་པ་དང་འབྲལ་བར་འདུན་པའི་ཡོངས་སུ་གདུང་བའི་ཉོན་མོངས་པའི་ལྕགས་སྒྲོག་གིས་སྲིད་པ་གསུམ་གྱི་བཙོན་རར་ཡང་དག་པར་བསྡམས་ པས་རང་དབང་མེད་པར་གྱུར་པ། ཤེས་རབ་ཀྱི་སྣང་བ་མེད་པས་ཐར་པའི་ལམ་མི་ཤེས་པ་ནི་བཅིངས་པ་ཞེས་བརྗོད་པར་བྱའོ། །ཀུན་རྫོབ་ཏུ་ནི། སེམས་ལས་བྱུང་བས་བསླང་བ་ལ། །ལག་པ་ལ་སོགས་ཚོགས་པ་ནི། །སེམས་བཅས་སེམས་ཅན་ཞེས་བྱ་སྟེ། །གཏོང་ བ་ལ་སོགས་སེམས་འབྱུང་བ། །ཡོད་པ་གཏོང་པོ་ལ་སོགས་བརྗོད། །མགོ་དང་། མིག་དང་། ཁ་དང་། ལག་པ་དང་། རྐང་པ་ལ་སོགས་པ་འདུས་པ་ཉིད་མངོན་སུམ་དུ་མངོན་པར་གྱུར་པ་ཉིད་འདོད་པ་དང་། སེར་སྣ་དང་། ཕྲག་དོག་གི་འཆིང་བ་ལས་གྲོལ་བར་གྱུར་པ། 98-260a ཕྱི་དང་ནང་གི་བདག་ཉིད་ཀྱིས་དངོས་པོ་གཏོང་བའི་སེམས་འབྱུང་བར་གྱུར་པ་ལ་སྦྱིན་བདག་ཅེས་རྗོད་པར་བྱེད་ལ། ཆགས་པའི་སེམས་ཀྱིས་བཅིངས་པའི་བློ་ཅན་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་འདུས་པ་ལ་ནི་འཛིན་ཆགས་ཅན་ཞེས་ཟེར་རོ། །དེ་ བཞིན་དུ་གཞན་དག་གི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་ལས་ལྡོག་པ་ལ་སོགས་པས་ལེགས་པར་བསྡམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ཚོགས་ཀྱིས་ཕུང་པོའི་རྒྱུན་ནི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །སེམས་ལས་བྱུང་བ་ཐམས་ཅད་ལ་ཡང་དེ་བཞིན་ དུ་སྦྱར་བར་བྱའོ། །དེ་བཞིན་དུ་གཏོང་བ་ལ་སོགས་པའི་སྦྱོར་བ་དང་། གཏོང་བ་དང་། མངོན་པར་ལྡན་པ་ལ་ཡང་ངོ་། །རིག་པ་སྐྱེས་པས་མ་རིག་སོགས། །ཀུན་སྦྱོར་ལྡོག་པར་གྱུར་པའི་ཕྱིར། །ཆགས་སོགས་འཆིང་བ་ལས་གྲོལ་བ། །གྲོལ་བ་ཞེས་ནི་བརྗོད་པ་ཡིན། །ཕུང་པོའི་རྒྱུན་ ཉིད་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྣང་བས་གྲོལ་བའི་ལམ་བསྒྲུབས་ནས་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་ཞེས་བྱ་བ་ཀུན་དུ་སྦྱོར་བ་རྣམས་བཅད་པ་ནི་གྲོལ་བ་ཞེས་བྱ་བའི་སྒྲས་བསྟན་པར་ རིགས་པ་ཡིན་ལ། གང་སྐྱེ་བ་དང་། འགག་པའི་ཆོས་ཅན་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཚོགས་སྐད་ཅིག་མ་སྔ་མ་ལས་ཁྱད་པར་ཅན་དུ་གྱུར་པའི་སེམས་ཀྱི་སྐད་ཅིག་མ་ཕྱི་མ་འབྱུང་བར་འགྱུར་བ་ནི་ཐར་པ་ཞེས་བྱ་བར་བརྗོད་པར་རིགས་སོ། །ཡང་མུ་སྟེགས་ཅན་གཞན་ གྱིས་ཡོངས་སུ་བཏགས་པའི། ནམ་མཁའ་འདྲ་བའི་བདག་ལ་ནི། །འདི་དག་ཐམས་ཅད་བརྗོད་པར་དཀའ། །གལ་ཏེ་བདག་ལ་ལྷག་ཆགས་ན། །ནམ་མཁའི་མེ་ཏོག་བདག་འདོད་ཀྱི། །ཁ་བ་དང་། བ་མོ་འབབ་པ་དང་། རླུང་ཤིན་ཏུ་དྲག་པོ་ལང་བ་དང་། མེ་ཆེན་པོ་འབར་བར་ གྱུར་པ་དང་། ཉི་མའི་འོད་ཟེར་ཤིན་ཏུ་ཚ་བ་འབབ་པ་དང་། ཕྱོགས་བཞི་ནས་ལངས་པའི་རླུང་ཆེན་པོས་དཀྲུགས་པའི་སྤྲིན་གྱི་ཕུང་པོ་ཆེན་པོས་ཁེབས་པར་གྱུར་ཅིང་འཇིགས་སུ་རུང་བའི་འབྲུག་གི་སྒྲ་ཆེན་པོ་སྒྲོགས་པ་དང་། ལོག་གི་ཚོགས་ཀྱི་ཕྲེང་བ་འབྱུང་བར་འགྱུར་ཡང་ 98-260b ནམ་མཁའ་ལ་གནོད་པ་དང་། ཀུན་ནས་ཉོན་མོངས་པ་བསྐྱེད་པ་མ་ཡིན་ལ། ཇི་སྐད་བསྟན་པའི་གནོད་པ་དེ་དག་དང་བྲལ་བར་གྱུར་པ་ཡང་སྔར་གྱི་མཚན་ཉིད་ལས་མཚན་ཉིད་གཞན་དུ་གྱུར་པ་ཡང་མེད་དོ། །དེ་བཞིན་དུ་བདག་ཀྱང་སྔོན་དང་ཕྱི་མའི་དུས་སུ་ཁྱད་པར་ཡོད་པར་མི་སྐྱེ་བས། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་སྐྱེ་བར་གྱུར་པ་ན་ཡང་འགྱུར་བ་ཡོད་པ་མ་ཡིན་ལ། ཉོན་མོངས་པ་ཞི་བར་གྱུར་པ་ན་ཡང་སྐད་ཅིག་མ་སྔ་མ་ལས་རང་བཞིན་གཞན་དུ་གྱུར་པ་མེད་པས་བཅིངས་པ་དང་། གྲོལ་བ་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་དང་བཅས་པས་ཀྱང་བརྗོད་པར་ མི་ནུས་པ་ཡིན་ནོ། །དེས་ན་བཅིངས་པ་དང་ཐར་པ་ལ་སོགས་པའི་རྟེན་དུ་ཡང་འདི་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པའི་བག་ཆགས་ཀྱིས་མངོན་པར་ཞེན་པའི་དབང་གིས་ཁྱོད་བདག་ལ་ཤིན་ཏུ་ཆགས་པར་བྱེད་ན་ནམ་མཁའི་མེ་ཏོག་ཀྱང་འདི་ ལྟ་བུའི་མཚན་ཉིད་ཅན་ཡིན་པས་དེ་ཡང་བདག་ཡིན་པར་འགྱུར་ཏེ། བསྒྲུབ་པར་བྱ་བའི་ཆོས་དང་། དཔེའི་ཆོས་མཚུངས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །གཞན་ཡང་། གང་ཕྱིར་བདག་ནི་རང་བཞིན་གྱིས། །ཤེས་པའི་ངོ་བོར་འདོད་ན་ནི། །བྱེད་པ་ལ་སོགས་ ལྟོས་པའི་ཕྱིར། །དེ་ནི་གཅིག་ཏུ་མི་རིགས་སོ། །གལ་ཏེ་བདག་འདི་སྔ་ནས་ཤེས་པའི་ངོ་བོ་ཞིག་ཡིན་ན། ཅིའི་ཕྱིར་མིག་ལ་སོགས་པ་བྱེད་པ་རྣམས་ལ་ལྟོས་པ་ཡིན། ཡང་གལ་ཏེ་མིག་ལ་སོགས་པ་མེད་པར་འདི་ཤེས་པ་ཉིད་མི་དམིགས་སོ་ཞེ་ན། བྱེད་པ་ལ་སོགས་ པ་ལས་གཞན་པ་ཉིད་མི་དམིགས་པའི་ཕྱིར་གཅིག་ཉིད་ཉམས་པར་གྱུར་ཏེ། གྲུབ་པའི་མཐའ་དང་འགལ་བ་ཡིན་ནོ། །འདི་ལྟར་གཞན་ཡང་། བདག་སོགས་ཤེས་བྱ་ཡོད་པས་ན། །ཤེས་པ་ལྡོག་པར་མི་འགྱུར་ཏེ། །དོན་བྱས་ཟིན་པའི་མར་མེ་ཡང་། །རང་གི་རྒྱུད་ལས་སྐྱེ་བར་མཐོང་། ། གལ་ཏེ་དོན་བྱ་བ་བྱས་ཟིན་ནས་རྣམ་པར་ཤེས་པ་ཡུལ་ལ་འཇུག་པར་མི་འགྱུར་ཏེ། ཇི་ལྟར་མཐོང་བར་འདོད་པའི་དོན་གསལ་བར་བྱ་བའི་ཕྱིར་བཟུང་བའི་མར་མེས་དངོས་པོ་མཐོང་བར་གྱུར་ཟིན་ནས་ཕྱིས་འཇུག་པ་མེད་པ་བཞིན་ནོ་ཞེ་ན། འདི་མི་འདྲ་བ་ཉེ་བར་བཀོད་པ་ཡིན་ཏེ། ཇི་ 98-261a ལྟར་མར་མེ་ནི་དོན་བྱ་བ་བྱས་ཟིན་ནས། སྣུམ་དང་། སྙིང་པོ་ལ་སོགས་པ་རང་གི་རྒྱུ་རྒྱུན་མ་ཆད་པར་འབྱུང་བ་ཉིད་ཡོད་ན་ལྡོག་པར་མི་འགྱུར་རོ། །དེ་བཞིན་དུ་དོན་བྱ་བ་བྱས་སུ་ཟིན་ཀྱང་བདག་རྣམ་པར་ཤེས་པའི་གྲོལ་བ་ཐམས་ཅད་ལ་ཁྱབ་པར་མཐོང་བས་ལྡོག་པར་མི་ འགྱུར་ཏེ། འདི་ནི་མར་མེ་བཞིན་དུ་གྲོལ་བའི་དུས་ན་ཡང་འཇུག་པ་མེད་པར་རིགས་པ་མ་ཡིན་ནོ། །དེས་ན་ཤེས་པའི་མིག་གིས་སྐྱེས་བུ་མཐོང་བར་གྱུར་ན་ཡང་གྲོལ་བ་བསྐྱེད་པ་མ་ཡིན་ཏེ། གང་གི་ཕྱིར། ཅི་སྲིད་ཡིད་ལ་ཤེས་འབྱུང་བ། །དེ་སྲིད་ས་བོན་སོགས་འགྱུར་ཏེ། ། ཅི་སྲིད་སྒྲ་ནི་ཡོད་གྱུར་པ། །དེ་སྲིད་སྒྲ་བརྙན་འབྱུང་བ་བཞིན། །བྱེད་པ་མེད་པར་ཤེས་པ་ནི། །འཁོར་བ་ཇི་ལྟར་ཤེས་པ་ཡིན། །ཀུན་དུ་ཁྱབ་མེད་ཡིན་པའི་ཕྱིར། །གང་ལས་ཇི་ལྟར་བཅིངས་དང་ལ། །ཇི་ལྟར་ཇི་སྲིད་དུ་སྒྲ་འཇུག་པ་ཡོད་པ་དེ་སྲིད་དུ་སྒྲ་བརྙན་ཡང་འབྱུང་བར་འགྱུར་ ལ། སྒྲ་འཇུག་པར་གྱུར་པ་མེད་ན་ནི། སྒྲ་བརྙན་ཡང་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་ཤེས་བྱ་མེད་པར་གྱུར་ན་ཤེས་པ་ཡང་འབྱུང་བར་མི་འགྱུར་ཏེ། དུས་ཇི་སྲིད་དུ་སེམས་དང་སེམས་ལས་བྱུང་བ་བདག་ལ་དམིགས་ནས་འཇུག་པར་གྱུར་པ་དེ་སྲིད་དུ་ས་བོན་ཡང་སོགས་ པར་འགྱུར་ཏེ། གང་གི་ཕྱིར་ཞེ་ན། འཁོར་བའི་ཞེས་བྱ་བར་འབྲེལ་ཏོ། །གཞན་ཡང་སྐྱེས་བུ་གྲོལ་བའི་དུས་ན་ནི་བྱེད་པ་ལ་ལྟོས་པ་དང་བྲལ་བའི་ཕྱིར། ཅི་ལྟར་ཤེས་པ་སྐྱེ་བར་འགྱུར། གཞན་ཡང་སྐྱེས་བུ་འདི་ནི་དུས་ཐམས་ཅད་དུ་རྟག་པ། གཅིག་པུ་ཉིད་ཡིན་པའི་ཕྱིར་ ནམ་མཁའ་དང་འདྲ་བ་འདི་ལ་ཇི་ལྟར་བཅིངས་པ་དང་གྲོལ་བར་རིགས་པར་འགྱུར། གཞན་ཡང་། སྐྱེས་བུ་ནི་དངོས་པོའི་དོན་ཐམས་ཅད་ལས་ཐ་མི་དད་པ་ཡིན་པའི་ཕྱིར། སྡུག་བསྔལ་ལས་ཀྱང་ཐར་མིན་ཏེ། །ཐར་དང་གཅིག་ཏུ་སྨྲ་བའི་ཕྱིར། །བདག་ལས་དེ་ནི་གཞན་ མིན་ཕྱིར། །ཇི་ལྟར་མེ་དང་ཚ་བ་བཞིན། །ཇི་ལྟར་མེ་དང་ལྷན་ཅིག་སྤྱོད་པའི་ཚ་བ་ནི། མེ་མེད་པར་ནམ་ཡང་ཡོད་མ་མྱོང་བ་དེ་བཞིན་དུ། སྡུག་བསྔལ་དང་ལྷན་ཅིག་སྤྱོད་པའི་སྐྱེས་བུ་ཡང་ཐར་པའི་དུས་ན་ཡང་ཐར་པར་རིགས་པ་མ་ཡིན་ནོ། །གཞན་ཡང་། ཉམས་དང་མ་སྐྱེས་ 98-261b པ་ཡི་བློ། །བྱེད་པ་མེད་པ་ཇི་ལྟར་ཡིན། །གང་པོས་གཅོད་པར་བྱེད་པ་ཡང་། །སྟ་རེ་མེད་པར་ཇི་ལྟར་རིགས། །གང་གི་ཕྱིར་འདིའི་མིག་ལ་སོགས་པའི་བློ་དངོས་པོ་མ་མཐོང་བས་སྐྱེས་པར་གྱུར་པ་དང་། སྐྱེས་པ་ཡང་ཉམས་པར་གྱུར་པ་དེའི་ཚེ་འདི་ཤེས་པ་ཉིད་དུ་མི་རིགས་ཏེ། ཇི་ལྟར་གང་པོ་ཞེས་བྱ་བས་ཤིང་གཅོད་པ་ན་བྱེད་པ་སྟ་རེ་ལ་མ་ལྟོས་པར་གཅོད་པ་པོ་ཞེས་བསྟན་པར་མི་རིགས་པ་བཞིན་ནོ། །ཡང་གལ་ཏེ་ཇི་ལྟར་མེས་སྲེག་པ་ཡིན་ན་ཡང་སྐྱེས་བུས་མེས་སྲེག་ཅེས་སྟོན་པར་བྱེད་པ་དེ་བཞིན་དུ་ཤེས་པས་ཤེས་པ་ཡིན་ན་ཡང་སྐྱེས་བུས་ཤེས་སོ་ཞེས་ཟེར་གྱི་ཤེས་ པས་ནི་མ་ཡིན་ནོ་ཞེ་ན་དེ་ནི་མི་རིགས་ཏེ། གང་གི་ཕྱིར། མེ་ཡིས་སྲེག་ཅེས་སྨྲས་པ་ན། །མེ་ཡིས་བསྲེགས་ཀྱི་བྱེད་པས་མིན། །དེ་བཞིན་བློ་ཡིས་རིགས་སྨྲས་པས། །ཤེས་པར་རིག་གི་སྐྱེས་བུས་མིན། །འདི་ལྟར་ངེས་པར་དཔྱད་པར་བྱ་སྟེ། མེས་བསྲེགས་ཞེས་བྱ་བ་འདིར་མེ་ ཉིད་ཀྱིས་ཡིན་ནམ། འོན་ཏེ་ལྷ་སྦྱིན་གྱིས་ཡིན། དེ་ལ་སྲེག་པ་ཞེས་བྱ་བ་འདི་ནི་མེ་ལ་ཡོད་པ་ཡིན་གྱི། སྲེག་པ་པོ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་བློས་རིག་ཅེས་སྨྲས་པས་བློ་ཉིད་ཀྱིས་རིག་པ་ཡིན་གྱི། སྐྱེས་བུས་ནི་མ་ཡིན་ནོ། །དེས་ན་དཔེ་མེའི་དཔེས་བསྟན་པའི་དོན་སྒྲུབ་པ་མ་ ཡིན་ནོ། །གལ་ཏེ་འདིར་སྨྲས་པ། ཇི་ལྟར་རྫ་མཁན་ལ་རྫ་མ་མི་བྱེད་པའི་དུས་ན་ཡང་རྫ་མཁན་ཞེས་རྗོད་པར་བྱེད་ལ། ཇི་ལྟར་མེས་ཤིང་མི་སྲེག་པའི་དུས་ན་ཡང་སྲེག་བྱེད་ཅེས་རྗོད་པར་བྱེད་པ་དེ་བཞིན་དུ་སྐྱེས་བུ་ཡང་བྱེད་པ་ལ་མི་ལྟོས་ཀྱང་། ཤེས་པའི་ངོ་བོ་ཡིན་ནོ་ཞེས་ བརྗོད་པར་བྱའོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། རྫ་མཁན་བཞིན་དུ་དེ་མི་འགྲུབ། །དེ་ཡི་ངོ་བོ་མེད་པའི་ཕྱིར། །སྲེག་བྱེད་བཞིན་དུའང་འགྲུབ་མི་འདོད། །བསྲེག་བྱ་མེད་པས་མེ་མེད་ཕྱིར། །དུས་གང་གི་ཚེ་འདིས་རྫ་མའི་བྱ་བ་ལ་ཞུགས་པར་གྱུར་པ་དེའི་ཚེ་རྫ་མཁན་ཞེས་བྱ་ བར་རིགས་ཀྱི། འདིས་རྫ་མ་བྱེད་པར་འགྱུར་གྱི་འདིས་རྫ་མ་བྱས་པའི་ཕྱིར་རྫ་མཁན་ཞེས་བྱ་བ་ཉིད་ནི་ཉེ་བར་བཏགས་པ་ཡིན་གྱི། རྫ་མཁན་གྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་མེས་ཤིང་སྲེག་པར་བྱེད་པ་དེའི་ཚེ་སྲེག་བྱེད་ཅེས་བཏགས་པ་ལེགས་ 98-262a པ་ཡིན་གྱི། བསྲེག་པར་བྱ་བ་ཐལ་བའི་གནས་སྐབས་སུ་གྱུར་པ་ན། མེའི་རང་གི་ངོ་བོ་ཡང་མེད་པས་སྲེག་བྱེད་ཡིན་པར་མི་འགྲུབ་པ་ལྟར། དེ་བཞིན་དུ་སྐྱེས་བུ་ཡང་གང་གི་ཚེ་བྱེད་པའི་སྒོ་ནས་འཇུག་པ་ཡོད་པ་དེའི་ཚེ་ཤེས་པའི་རང་གི་ངོ་བོ་ཡིན་པར་རིགས་ ཀྱི། དེ་ལས་གཞན་པ་ནི་མི་ཤེས་པའི་ངོ་བོ་ཉིད་ལ་ཤེས་པ་ཉིད་དུ་བཏགས་པ་ཙམ་ཡིན་ནོ། །ཤེས་པ་མ་ཡིན་པ་ལ་བསྟན་པ་ཙམ་གྱིས་ཤེས་པར་འགྲུབ་པ་མ་ཡིན་པས། གལ་ཏེ་མི་ཤེས་བྱེད་པོ་དང་། །ཟ་པོ་ཁྱོད་ཀྱིས་ཤེས་ཅི་ལྟར། །མཁའ་འདྲ་རྟོག་པ་མེད་པ་ཡང་། །ལུང་ འབའ་ཞིག་གིས་བཏགས་ཅི་བྱ། །གལ་ཏེ་ཡང་མི་ཤེས་པའི་ངོ་བོ་ཉིད་ཡིན་ན་ཡང་འདིའི་བྱེད་པ་ཉེ་བར་གནས་པ་ན་ཤེས་པའི་ངོ་བོ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་དང་པོ་སྲིད་པའི་སྔོན་རོལ་ན་བྱེད་པ་སྐྱེས་པ་མེད་པས་མི་ཤེས་པའི་ངོ་བོ་ཉིད་ཡིན་ཏེ། རྡོ་ལས་བརྐོས་པའི་གཟུགས་སམ་ རི་མོར་བྲིས་པ་བཞིན་དུ་སེམས་པ་མེད་པ་ཡིན་པས་སྲིད་པ་རྣམ་པ་དུ་མའི་ངོ་བོའི་བྱེ་བྲག་ཐ་དད་པ་རྣམས་བསྐྱེད་པའི་བྱེད་པ་པོ་ཇི་ལྟར་ཡིན། སེམས་པ་མེད་པ་ཡིན་པའི་ཕྱིར་ཟ་བ་པོ་ཉིད་ཡིན་པར་ཡང་མི་རིགས་ཏེ། ཡུལ་ཐམས་ཅད་ནི་རྣམ་པར་ཤེས་པས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་ རོ། །གཞན་ཡང་། ནམ་མཁའ་དང་མཉམ་པ་ཡིན་པ་དང་། རྣམ་པར་རྟོག་པ་མེད་པ་ཡིན་པར་ཁྱོད་ཀྱིས་སྨྲས་པས་བྱེད་པ་པོ་དང་ཟ་བ་པོ་ཉིད་གསལ་བ་ཡིན་ནོ། །གལ་ཏེ་བདག་གི་ལུང་ལས་གྲགས་པ་ཡིན་ནོ་ཞེ་ན། རིགས་པ་དང་བྲལ་བའི་ལུང་འབའ་ཞིག་ཙམ་ནི་ཚད་མ་མ་ཡིན་ ཏེ། ལུང་ཙམ་གྱིས་མངོན་པར་འདོད་པའི་དོན་འགྲུབ་པ་མ་ཡིན་ནོ། །མི་ཤེས་པའམ་ཤེས་དངོས་མིན། །འདི་ནི་དངོས་པོ་མེད་པར་འགྱུར། །དངོས་མེད་བདག་ཏུ་མི་འགྱུར་ཏེ། །འདི་ནི་མོ་གཤམ་བུ་བཞིན་ནོ། །གལ་ཏེ་འདི་མི་ཤེས་པ་ཡང་མ་ཡིན་ཤེས་པའི་ངོ་བོ་ཡང་ མ་ཡིན་ནོ་ཞེ་ན། འོ་ན་འདི་དངོས་པོ་མེད་པ་ཉིད་དུ་འགྱུར་རོ། །དེས་ན་གང་དངོས་པོ་མེད་པ་དེ་བདག་ཏུ་འགྱུར་བ་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི་མི་ཤེས་པའི་ངོ་བོའམ། ཤེས་པའི་ངོ་བོར་ཡང་དམིགས་པར་མི་འགྱུར་བ་ཉིད་དོ། །གཞན་ 98-262b ཡང་ལུས་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར་དེ་ནི་ཐམས་ཅད་ཀྱི་བདག་གཅིག་པུ་ཞིག་ཡིན་ནོ་ཞེས་གང་འདོད་པ་ཡང་། གང་ལ་གནོད་དང་ཕན་པ་ལས། །གང་ལ་གནོད་པ་བདེ་མི་འབྱུང་། །དེ་དེའི་བདག་ཏུ་མི་རིགས་ཏེ། །ནམ་མཁའ་དེ་བ་ཤར་མ་བཞིན། །གལ་ཏེ་ དམྱལ་བ་ལ་སོགས་པར་སྡུག་བསྔལ་གྱིས་ལུས་ལ་གནོད་པར་གྱུར་པ་ན། བདག་ལ་ཡང་གནོད་པ་སྐྱེ་བར་འགྱུར་ལ། མཐོ་རིས་ལ་སོགས་པར་བདེ་བ་ཉམས་སུ་མྱོང་བ་ན་ཡང་འདི་ལ་ཕན་པར་འགྱུར་བ་ཞིག་ཡིན་ན་ནི། འདི་ཐམས་ཅད་ཀྱི་བདག་ཡིན་ནོ་ཞེས་བྱ་བར་རིགས་ན། གང་གི་ཕྱིར་འདི་ནི་རྟག་པ་མི་འགྱུར་བའི་ངོ་བོ་དེ་ཡིན་པའི་ཕྱིར་བདེ་བ་དང་། སྡུག་བསྔལ་གྱིས་གནོད་པ་མ་ཡིན་ན། འདི་ཇི་ལྟར་ན་བདག་གིས་བདག་ཡིན་ཞེས་བརྗོད་པར་རུང་། ཇི་ལྟར་ནམ་མཁའ་ནི་དེ་བ་ཤར་མའི་བདག་ཡིན་པར་མི་རིགས་པ་བཞིན་ནོ། །ཉི་ཚེའི་བདག་གང་ གྲོལ་བར་ནི། །བསམ་གཏན་ཤེས་སོགས་ཀྱིས་འདོད་ན། །བདག་མེད་དོན་ལ་འབད་པ་ཡིས། །ཤི་བ་མི་འཆི་ཇི་ལྟར་འགྱུར། །སྔར་ནས་ཉི་ཚེའི་བདག་འདི་འཆི་བའི་ངོ་བོ་ཉིད་ཡིན་ན་དེས་ན་འཆི་བ་མེད་པར་ཐོབ་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཤེས་པ་ལ་མངོན་པར་སྦྱོར་བར་བྱེད་ ཅིང་། བདག་མཆོག་གི་དོན་དུ་འབད་པ་བྱས་ཀྱང་དེ་མི་འགྲུབ་སྟེ། འཆི་བའི་ངོ་བོ་ལས་འགྱུར་བ་མེད་པ་ཡིན་པའི་ཕྱིར་ཇི་ལྟར་འཆི་བ་མེད་པ་ཉིད་དུ་འགྱུར་ཏེ། རང་གི་ངོ་བོ་ལས་ཉམས་པ་མེད་པའི་ཕྱིར་རོ། །གལ་ཏེ་འཆི་བའི་ངོ་བོ་ཉིད་བཏང་ནས་འཆི་བ་མེད་པ་ཉིད་དུ་འགྲོ་བར་ འགྱུར་རོ་ཞེ་ན། དེ་ལྟ་ན་ནི་མི་རྟག་པ་ལ་སོགས་པའི་སྐྱོན་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་འདི་ལྟར་ཉི་ཚེ་བའི་བདག་དང་། བདག་དམ་པ་གཉིས་གཞན་དང་གཞན་མ་ཡིན་པ་ཡིན་ནོ་ཞེ་ན། འདིར་འདི་ལྟར་དཔྱད་པར་བྱ་སྟེ། ཉི་ཚེའི་བདག་ནི་བདག་ལས་གཞན། །ཞེ་ན་ཐམས་ ཅད་སྐྱེས་བུ་ཡིན། །དེ་ནི་ཉི་ཚེ་གཉིས་བདག་དང་། །ཕྱི་ཞེས་དམ་བཅས་ཉམས་པ་ཡིན། །བདག་ལས་ཉི་ཚེའི་བདག་དེ་ནི། །གཞན་མིན་ཞེ་ནའང་དམ་བཅས་ཉམས། །གང་ཡང་བདག་གི་བདེ་སྡུག་སོགས། །འགྲོ་བས་མི་ཤེས་གཙོ་བོ་མིན། །ཞེས་བྱ་བ་ལ་སོགས་པས་གཞན་མ་ 98-263a ཡིན་པ་ཉིད་ཡིན་ན་དེ་ཉིད་ཀྱིས་ཇི་ལྟར་སྐུལ་བར་བྱེད། ཕ་རོལ་པོ་ལ་འདི་ལྟར་ཡང་བརྗོད་པར་བྱ་སྟེ། གལ་ཏེ་ཕྲ་མིན་འདི་ཆེ་མིན། །ཆེན་པོ་ཡིན་ན་ཕྲ་བ་མིན། །གཅིག་ཀྱང་མ་ཡིན་གཟུགས་ཀྱི་ཆོས། །ཇི་ལྟར་གཟུགས་མེད་བདག་གི་ཡིན། །གཟུགས་དང་ལྡན་པ་ ཞིག་ཡིན་ན་འདིར་ཕྲ་བ་དང་། ཆེན་པོ་དང་། གཅིག་དང་དུ་མ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་འབྱུང་བ་ཡིན་ན། ཡང་ངོ་བོ་མེད་པའི་སྐྱེས་བུ་ལ་ནི་འདི་ལྟར་གལ་ཏེ་ཕྲ་བ་ཡིན་ན་ནི་ཆེན་པོ་ཇི་ལྟར་ཡིན། འོན་ཏེ་ཆེན་པོ་ཡིན་ན་ཡང་ཕྲ་བ་ཇི་ལྟར་ཡིན། གལ་ཏེ་གཅིག་ ཡིན་ན་ནི་དུ་མར་ཇི་ལྟར་འགྱུར། འོན་ཏེ་དུ་མ་ཡིན་ན་ཡང་གཅིག་ཏུ་ཇི་ལྟར་འགྱུར། དེས་ན་རང་གི་ཚིག་དང་འགལ་བ་ཡིན་ནོ། །འདིར་ཕ་རོལ་པོས་གླང་པོ་ཆེ་དཔེར་ཉེ་བར་འགོད་པར་བྱེད་དེ། དམུས་ལོང་མང་པོ་ཞིག་གླང་པོ་ཆེ་རང་གི་ངོ་བོས་ཤེས་པར་འདོད་ནས་འདུས་པ་ ལས། གང་སྣ་ལ་རེག་པ་དེ་དག་གིས་ནི་གླང་པོ་ཆེའི་གཤོལ་མདའ་འདྲ་བ་ཞིག་གོ་ཞེས་བྱ་བར་ཤེས་སོ། །གང་རྐང་པ་ལ་རེག་པ་དེ་དག་གིས་ནི་གཏུན་ཤིང་འདྲ་བ་ཞིག་ཏུའོ། །གང་རྣ་བ་ལ་རེག་པ་དེ་དག་གིས་ནི་ཞིབ་མ་དང་འདྲ་བར་རོ། །གང་དང་གང་གིས་ཕྱོགས་གང་ལ་རེག་ པར་གྱུར་པ་དེས་དེ་ལྟ་བུའི་རྣམ་པ་ཞིག་ཏུ་གླང་པོ་ཆེ་རྟོགས་སོ། །དེ་བཞིན་དུ་བདག་ལ་ཡང་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་རྣམ་པ་དུ་མ་ཞིག་ཏུ་ལྟ་བར་བྱེད་དེ། ཁ་ཅིག་གིས་ནི་ཀུན་ལ་ཁྱབ་པར་རོ། །གཞན་དག་གིས་ནི་ལུས་ཀྱི་ཚད་ཙམ་དུའོ། །ཡང་གཞན་དག་ གིས་ཕྲ་རབ་ཀྱི་ངོ་བོ་ཙམ་ཡིན་ནོ་སྙམ་དུ་སེམས་ཏེ། གླང་པོའི་རང་གི་ངོ་བོ་བཞིན་དུ་གཅིག་ཉིད་ཀྱང་ཡིན་ལ། ཡན་ལག་དང་ཉིང་ལག་བཞིན་དུ་དུ་མ་ཉིད་ཀྱང་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། གཅིག་ཉིད་དུ་མའི་ངོ་བོ་རུ། །གླང་པོའི་དཔེ་འདི་མི་རིགས་ཏེ། །སྣ་ནི་གླང་དུ་ མི་འདོད་ཕྱིར། །སྣ་ཚོགས་རྣམས་ཀྱང་གཅིག་ཉིད་མིན། །གང་གླང་པོ་དེའི་སྣ་ནི་སྣ་ཉིད་ཡིན། རྐང་པ་ནི་རྐང་པ་ཉིད་ཡིན། རྣ་བ་ནི་རྣ་བ་ཉིད་ཡིན་པས་གླང་པོ་ཉིད་མེད་པ་ཡིན་པའི་ཕྱིར། གཅིག་གི་ངོ་བོ་ཉིད་མེད་དེ་སྣ་ལ་སོགས་པ་དུ་མ་ཉིད་ལ་གཅིག་གི་ངོ་བོ་ཉིད་མེད་པ་ 98-263b ཡིན་ནོ། །གཞན་ཡང་། གང་ཡང་བདག་ནི་ཉི་སོགས་མདོག །ཡིན་ན་མདོག་བྲལ་ཇི་ལྟར་ཡིན། །བདག་དེ་དུ་མའི་ངོ་བོ་ཡི། །དཔེར་ན་པ་ལ་ཤ་མི་འདོད། །གཟུགས་མེད་པ་ཡིན་པའི་ཕྱིར་ཁ་དོག་མེད་པ་ཞིག་ཡིན་ན། ཉི་མ་བཞིན་དུ་ཁ་དོག་དུ་མ་ཅན་དུ་ཇི་ལྟར་འགྱུར་ གལ་ཏེ་ཡང་ཤིང་པ་ལ་ཤ་བཞིན་དུ་གཅིག་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། ཇི་ལྟར་པ་ལ་ཤ་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ཡལ་ག་ཕྲ་མོ་དང་། དེའི་ཡལ་ག་ལ་སོགས་པ་ཡོད་པ་བཞིན་དུ་དེ་ཡང་དུ་མའི་ངོ་བོ་ཉིད་ཡིན་ཏེ། རྒྱུ་མང་པོ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ ཏེ། གང་གི་ཕྱིར། གཅིག་པུ་པ་ལ་ཤ་མེད་དེ། །ཀུན་དུ་འགྱུར་བའི་བདག་ཉིད་དང་། །ཇི་ལྟར་རྩ་བ་སོགས་དུ་མར། །རྐྱེན་ལ་སོགས་པས་འབྱེད་པའི་ཕྱིར། །པ་ལ་ཤའི་ལྗོན་ཤིང་ནི་གཞོན་ནུ་དང་། བར་མ་དང་། ཐ་མའི་གནས་སྐབས་སུ་འགྱུར་བའི་བདག་ཉིད་ཅན་ ཡིན་པ་དང་། མེ་དང་། རླུང་དང་། སྟ་རེ་ལ་སོགས་པའི་རྐྱེན་རྣམས་ཀྱིས་ཀྱང་ཐ་དད་དུ་བྱེད་པར་ནུས་པ་ཡིན་ལ། བདག་ནི་མི་འགྱུར་བའི་ཆོས་ཅན་ཡིན་པ་དང་། རྐྱེན་རྣམས་ཀྱིས་ཀྱང་དབྱེ་བར་མི་ནུས་པ་ཡིན་པས་དེས་ན་པ་ལ་ཤའི་དཔེས་དཔེ་བསྟན་པའི་དོན་འགྲུབ་པར་ འགྱུར་བ་མ་ཡིན་ནོ། །སྐྱོན་མང་པོ་གཞན་འདི་ཡང་ཡོད་དེ། གཙོ་བོ་ཉིད་དང་དམ་པ་ཉིད། །དེ་ལས་གཞན་ལ་ལྟོས་ནས་འདོད། །གཅིག་ཉིད་ཡིན་ན་ཚུལ་འདི་ཉིད། །ཡོད་པར་ཇི་ལྟར་འདོད་པར་བྱ། །འདི་ནི་གཙོ་བོ་ཡིན། འདི་ཡང་གཙོ་བོ་ཡིན་ལ། འདི་དག་གམ། འདི་རྣམས་གཙོ་བོར་མ་གྱུར་ པ་དག་ལས་ཤིན་ཏུ་གཙོ་བོར་གྱུར་པ་ཡིན་ནོ་ཞེས་བརྗོད་པར་རིགས་པ་ཡིན་ལ། དེ་བཞིན་དུ་དམན་པར་གྱུར་པ་མང་པོ་དག་ལས་མཆོག་ཏུ་གྱུར་པ་ལ་དམ་པ་ཞེས་བྱ་སྟེ། གཞན་དག་གཙོ་བོ་མ་ཡིན་པ་དང་། དམ་པ་མ་ཡིན་པ་ལ་ལྟོས་ནས། བདག་དེ་གཙོ་བོའམ། དམ་པར་ འགྲུབ་པར་འགྱུར་ན། དངོས་པོ་ཐམས་ཅད་དང་ཐ་མི་དད་པར་གྱུར་པ་ཉིད་ཀྱི་ཕྱིར། འདི་གཞན་གང་ལ་ལྟོས་ནས་གཙོ་བོ་ཉིད་དང་དམ་པ་ཉིད་ཡིན་པར་འགྱུར། ཡང་འདི་རྫས་ཉིད་དང་ཐམས་ཅད་ལ་ཁྱབ་པ་ཉིད་ཡིན་པར་ཡང་ཇི་ལྟར་རིགས་ཏེ། གལ་ཏེ་བདག་དེ་རྫས་ 98-264a ཡིན་ན། །རྫས་ཡིན་ཕྱིར་ན་ཀུན་ཁྱབ་མིན། །བུམ་པ་བཞིན་དུ་རྟག་མི་འགྱུར། །དེས་ན་འགྲོ་བ་རྒྱས་ཅི་ལྟར། །བཀོད་པར་བྱས་ན་རྫས་ཡིན་ཏེ། །ཇི་སྲིད་ཕྱིན་པར་བྱ་བར་རོ། །རྫས་ཀྱི་མཚན་ཉིད་ནི་ཡིན་ལ། དེ་ནི་བུམ་པ་ལ་སོགས་པ་ནི་རྟག་པ་ ཉིད་དང་ཀུན་ལ་མ་ཁྱབ་པ་ལ་ཡང་མཐོང་ལ། དེས་ན་གལ་ཏེ་བདག་རྫས་ཡིན་ན་མི་རྟག་པ་ཉིད་དང་། ཀུན་ལ་ཁྱབ་པ་མ་ཡིན་པ་ཉིད་ཡིན་ཏེ། རྫས་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །གང་ཡང་བྱུང་བར་འགྱུར་བ་དང་བྱུང་བ་དང་། འབྱུང་བར་འགྱུར་བ་ཐམས་ཅད་ སྐྱེས་བུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་། རྫས་ནི་རྟེན་དུ་རིགས་འགྱུར་ན། །བདག་ནི་རྫས་སུ་མི་རིགས་ཏེ། །ནམ་མཁའི་མེ་ཏོག་ཇི་ལྟ་བར། །དེ་བཞིན་མ་སྐྱེས་ཕྱིར་རྫས་མེད། །རྫས་ཉིད་ཡོད་ན་རྟེན་དང་བརྟེན་པའི་ངོ་བོར་གནས་པ་ཡིན་ཏེ། ཇི་ལྟར་ཆུ་སྟེང་ལ་ ཤིང་ཐོག་ཤིང་ལ་བྱ་ཚང་ཞེས་བྱ་བ་ཡིན་ནོ། །བདག་ནི་རྫས་སུ་ཡོད་པར་མི་འགྲུབ་སྟེ། མ་སྐྱེས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །གང་གི་ཕྱིར་བདག་རྫས་ཉིད་དུ་མ་གྲུབ་པས་དེས་ན་འདིར། ཐམས་ཅད་བྱུང་གྱུར་བྱུང་བ་དང་། །འབྱུང་འགྱུར་བདག་མེད་ཇི་ལྟར་མཐོང་། །རྟེན་མ་གྲུབ་ན་ བརྟེན་པ་གང་ལ་སྦྱོར་བར་འགྱུར་ཞེས་བྱ་བར་བསམས་པའོ། །རྫས་སུ་མེད་པ་ཉིད་ཡིན་པའི་ཕྱིར། །བདག་མེད་བདག་ཏུ་མི་རིགས་ཏེ། །ཇི་ལྟར་དངོས་མེད་ངོ་བོ་བཞིན། །བདག་མེད་པའི་རྫས་བདག་གི་བདག་ཉིད་དུ་རིགས་པ་མ་ཡིན་ཏེ། ཇི་ལྟར་ནམ་མཁའི་མེ་ཏོག་ ལ་སོགས་པའི་དངོས་པོ་མེད་པའི་ངོ་བོ་ཉིད་བཞིན་ནོ། །བྱིས་སོགས་ཁྱད་པར་མེད་མ་ཡིན། །རྟེན་མེད་པ་དང་དཔེ་མེད་ཕྱིར། །བདག་གཅིག་ཡིན་ན་དུ་མ་ཡི། །སྐྱོན་རྣམས་འབྱུང་བར་འགྱུར་མ་ཡིན། །གང་སྨྲས་པ། བྱིས་པ་དང་། མཁས་པ་དང་། གདོལ་པ་དང་། བྲམ་ཟེ་ལ་སོགས་པ་རྣམས་མཉམ་པ་ཉིད་དོ་ཞེས་ཟེར་བ་དེ་ཡང་དམ་པའི་བདག་ཉིད་མ་གྲུབ་ན་གང་བྱིས་པ་ལ་སོགས་པ་རྣམས་ཁྱད་པར་མེད་པ་དེའི་རྟེན་གང་ཞིག་ཡིན། རྟག་པ་ཀུན་ལ་ཁྱབ་པ་གཅིག་པུ་ལས་རིགས་མཐུན་པའི་དངོས་པོའི་དོན་གཞན་མེད་པས། འདི་ལ་ 98-264b དཔེ་མེད་པ་ཡིན་པའི་ཕྱིར་བྱིས་པ་ལ་སོགས་པ་ཁྱད་པར་མེད་པ་ཉིད་མི་འགྲུབ་པོ་ཞེས་བྱ་བར་བསམས་པའོ། །བདག་གཅིག་པུ་ཉིད་དུ་ཡོད་པ་ཡིན་ན་སྐྱོན་མང་པོ་དང་ལྡན་པར་འགྱུར་ཏེ། སྐྱོན་དེ་དག་ཀྱང་གང་ཞེ་ན། ཙཻ་ཏྲའི་བདག་དེ་མཻ་ཏྲའི་བྱེད། །མཻ་ཏྲའི་བདག་གིའང་ དེ་བཞིན་ཏེ། །ཙི་ཏྲའི་ཐ་དད་མིན་དངོས་ཕྱིར། །ཡང་ན་ཡུལ་ལ་དབྱེ་མེད་ཕྱིར། །ཙཻ་ཏྲའི་ལུས་ཀྱི་ནང་ན་ཡོད་པའི་བདག་ནི་དེ་ཉིད་ཀྱི་ལུས་ལ་ཡོད་པའི་མིག་ལ་སོགས་པ་དེ་ཉིད་ནས་ལྟ་བར་དེ་བྱེད་པ་ཡིན་གྱི་གཞན་གྱི་ལུས་ལ་ཡོད་པ་ནས་ནི་མ་ཡིན་ནོ་ཞེས་ཕ་རོལ་པོས་འདོད་པ་ ཡིན་ལ། བདག་ནི་གཅིག་ཉིད་ཡིན་པའི་ཕྱིར་ཇི་ལྟར་ཙཻ་ཏྲའི་རང་གི་བྱེད་པ་རྣམས་ནས་མཐོང་བ་དེ་བཞིན་དུ། མེེ་ཏྲའི་བྱེད་པ་རྣམས་ནས་ཀྱང་མཐོང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ངོ་བོ་ཐ་མི་དད་པ་ཡིན་པའི་ཕྱིར་ཏེ། གཟུགས་ལ་དབྱེ་བ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ། བདག་གི་ཡུལ་ལ་བྱ་བ་མེད་པ་ཡིན་པས་མཻ་ཏྲའི་བདག་གི་ཡུལ་གྱི་ཕྱོགས་ན་ཡང་ཙཻ་ཏྲའི་བདག་ཀྱང་གནས་པ་ཡིན་ལ། ཇི་ལྟར་དེ་རང་གི་བྱེད་པ་ནས་མཐོང་བ་དེ་བཞིན་དུ། གཞན་གྱི་བྱེད་པ་ནས་ཀྱང་མཐོང་བར་འགྱུར་བར་རིགས་ན་དེ་ལྟར་མཐོང་བ་ནི་མེད་པས་དེས་ན་འདི་དག་གཅིག་ པ་ཉིད་མ་ཡིན་ནོ། །གཞན་ཡང་། བདེ་དང་སྡུག་བསྔལ་སྤྱོད་པ་དང་། །དེ་གྲོལ་བས་ཀྱང་གྲོལ་བ་དང་། །དེ་བཅིངས་པས་ཀྱང་བཅིངས་པ་དང་། །དེ་སྡུག་པས་ཀྱང་སྡུག་ཉིད་འགྱུར། །བདག་གཅིག་པ་ཉིད་ཡིན་པའི་ཕྱིར། ཙཻ་ཏྲའི་བདག་བདེ་བར་གྱུར་པ་ན་མེེ་ཏྲའི་བདག་ཀྱང་བདེ་བར་ འགྱུར་ཞིང་། ཙཻ་ཏྲའི་བདག་གྲོལ་བ་ན་མཻ་ཏྲའི་བདག་ཀྱང་གྲོལ་བར་འགྱུར། མཻ་ཏྲའི་བདག་བཅིངས་པར་གྱུར་པ་ན་ཙཻ་ཏྲའི་བདག་ཀྱང་བཅིངས་པ་ཐོབ་པར་འགྱུར་ཞིང་། ཙཻ་ཏྲའི་བདག་སྡུག་བསྔལ་བར་གྱུར་པ་ན་མཻ་ཏྲའི་བདག་ཀྱང་སྡུག་བསྔལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་འབྱུང་ལ་ སོགས་པའི་རྟེན་ཉིད་དང་། བྱིས་པ་ལ་སོགས་པའི་ཁྱད་པར་མེད་པ་གཅིག་པ་ཉིད་དུ་བདག་གིས་བཏགས་སུ་ཟིན་ཀྱང་གནོད་པ་ནི་ཅི་ཡང་མེད་དེ། ཇི་ལྟར་བདག་གིས་ཕྱོགས་གཉི་ག་ལ་གྲགས་པའི་བུམ་པའི་ནམ་མཁའ་དཔེར་བསྟན་པ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། 98-265a བུམ་པའི་ནམ་མཁའ་དཔེར་བསྟན་པ། །ཀུན་ལ་དེ་ནི་འབྱུང་བ་ཡིན། །བདེ་དང་སྡུག་བསྔལ་ལ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟ་ཞེ་ན། གང་ཕྱིར་ནམ་མཁའ་གཅིག་ཉིད་དུ། །ཁྱོད་ཀྱི་དེ་ནི་མ་གྲུབ་སྟེ། །ནམ་མཁའི་དཔེ་བསྟན་པ་དེ་ནི་ ཤིན་ཏུ་མ་གྲུབ་པ་ཡིན་ནོ། །གང་གི་ཕྱིར། རྫས་ཀྱི་ངོ་བོས་གང་སྟོང་པ། །དེ་ནི་ཀུན་རྫོབ་ནམ་མཁའ་ཡིན། །དེ་ལ་འགྲོ་ལྡན་འགྲོ་བ་དང་། །དེ་ནི་སྐབས་འདོད་སྐབས་ཅན་ནོ། །མདོ་སྡེ་པའི་ལྟ་བའི་རྗེས་སུ་འབྲངས་ནས་ཐོགས་པ་དང་བཅས་པའི་རྫས་ཀྱི་དངོས་པོ་མེད་པ་ཙམ་ནམ་ མཁའོ་ཞེས་བདག་གཅིག་ཀུན་རྫོབ་ཏུ་ཁས་བླངས་པ་ཡིན་པས་གང་གི་ཕྱིར་དེ་ནི་རྫས་ཀྱང་མ་ཡིན། རྟག་པ་ཡང་མ་ཡིན་པས་དེའི་ཕྱིར་འགྲོ་བ་དང་ལྡན་པ་རྣམས་དེ་ལ་འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བ་ཡང་འཇུག་པར་བྱེད་ལ། དེ་ཉིད་ལ་སྐབས་འདོད་པ་རྣམས་ཀྱིས་ཀྱང་སྐབས་ ཐོབ་པར་འགྱུར་བས་དེས་ན་ནམ་མཁའ་ཞེས་བརྗོད་པ་ཡིན་ཏེ། ཡང་འདིའི་མདོའི་དོན་ནི་འདི་ཡིན་ཏེ། ཐོགས་པ་དང་བཅས་པའི་རྫས་ཀྱི་དངོས་པོ་རི་དང་ཤིང་ལ་སོགས་པར་གནས་པ་དེ་ལ་ནི་ནམ་མཁའ་ཞེས་འདོགས་པར་མི་བྱེད་ལ། གནས་གང་ཐོགས་པ་དང་བཅས་པའི་ རྫས་མེད་པར་གྱུར་པ་དེ་ནི་ནམ་མཁའ་ཞེས་བྱ་བ་རྫས་མེད་པ་ཙམ་ཡིན་གྱི། དེ་ལ་དངོས་པོ་ནི་ཕྲ་མོ་ཙམ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་རྫས་མེད་པར་གྱུར་པ་ལ་ལྟོས་པ་དང་བཅས་པ་ཡིན་པས་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ན་ཡང་ཐུང་ངུ་དང་རིང་པོ་བཞིན་དུ་འདི་ལ་ངེས་ པ་མེད་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཡིན་ནོ། །དེའི་ཕྱིར་བཏགས་པར་ཡོད་པ་ཡིན་པས་ན་ནམ་མཁའ་ནི་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་ཡོད་པ་ཞིག་རྫས་སུ་ཡོད་ཅིང་གནས་པའི་རྟེན་དུ་གྱུར་པ་ཡིན་ལ། དེ་ལས་གཞན་པའི་ངོ་བོ་ནི་བརྟེན་པར་གྱུར་པའོ་ཞེས་བྱ་བ་ནི་མེད་ དོ། །གལ་ཏེ་འདི་ལྟར་ནམ་མཁའ་ཤིན་ཏུ་མེད་པ་ཞིག་ཡིན་ན། ཅིའི་ཕྱིར་ཁྱོད་ཀྱི་སྟོན་པ་སངས་རྒྱས་ཀྱིས་དེ་རླུང་གི་རྟེན་ཡིན་པར་བརྟེན། ཇི་ལྟ་ཞེ་ན། གཽ་ཏ་མ་ས་ཅི་ལ་བརྟེན་ཏེ་གནས་ཞེས་གསོལ་པ་དང་། བྲམ་ཟེ་ས་ནི་ཆུ་ལ་བརྟེན་ཏེ་གནས་སོ། །ཆུ་ཅི་ལ་བརྟེན་ཆུ་ནི་ 98-265b རླུང་ལ་བརྟེན་ཏོ། །རླུང་ཅི་ལ་བརྟེན་རླུང་ནི་ནམ་མཁའ་ལ་བརྟེན་ཏོ་ཞེས་འབྱུང་བ་མ་ཡིན་ནམ་ཞེ་ན། མདོ་དེ་ཉིད་ལས་ངེས་པར་བྱས་ནས་བསྟན་པ་ཡིན་ཏེ། གཽ་ཏ་མ་ནམ་མཁའ་ཅི་ལ་བརྟེན་ཞེས་གསོལ་པ་དང་། བྲམ་ཟེ་ཤིན་ཏུ་འདའ་བར་བྱེད་དེ་དྲིས་པའི་མཐའ་རྟོགས་པར་ནུས་པར་ དཀའོ། །ནམ་མཁའ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་ཡིན་ན་དེ་ཅི་ཞིག་ལ་བརྟེན་པར་འགྱུར། འོན་ཀྱང་སྣང་བ་ལ་བརྟེན་ནས་ནམ་མཁའ་ཞེས་འདོགས་པར་བྱེད་དེ། དེའི་ཕྱིར་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་ཉིད་དང་། རྟེན་མེད་པ་ཉིད་ཡིན་པའི་ཕྱིར་ནམ་མཁའ་ནི་རྫས་མེད་པ་ཉིད་དུ་བསྟན་པ་ཡིན་ཏེ། སྣང་བ་ལ་བརྟེན་ནས་བཏགས་པ་ཉིད་ཡིན་པས་བཏགས་པ་ཙམ་ཉིད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དེས་ན་ནམ་མཁའ་ཞེས་བྱ་བའི་རྫས་ནི་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གང་གི་ ཕྱིར་འདི་ནི་རྟག་པ་དང་། ཐམས་ཅད་ལ་ཁྱབ་པ་དང་གཅིག་པུ་ཉིད་དོ་ཞེས་བྱ་བའི་བདག་གི་དཔེར་བསྟན་པ་དང་ཆོས་མཐུན་པ་ཉིད་དུ་འགྱུར་བ་མ་ཡིན་པས་འདི་ལྟར་གཞན་ལ་མ་གྲུབ་པ་ཉིད་ཡིན་ནོ། །དེས་ན་ནམ་མཁའ་སྒྲིབ་མེད་མིན། །སྐབས་སྦྱིན་པ་ཡང་མ་ཡིན་ཏེ། ། དེ་ཡོད་གཏན་ཚིགས་སྨྲས་པ་ཡིས། །གཏན་ཚིགས་འདི་ཡང་མ་གྲུབ་ཉིད། །ནམ་མཁའ་ནི་སྒྲིབ་པ་མེད་པའི་མཚན་ཉིད་ཅན་ཡིན་ལ། སྐབས་སྦྱིན་པར་བྱེད་པ་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བས་འདོད་ལ་དེ་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའ་ནི་ རྫས་ཡོད་པ་དང་ལྡན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་ནམ་མཁའ་ནི་ཡོད་དེ། སྒྲིབ་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རམ། སྐབས་སྦྱིན་པར་བྱེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པའི་རི་བོང་གི་རྭ་ལ་སོགས་པ་ལ་ནི་སྒྲིབ་པ་མེད་པའི་ མཚན་ཉིད་དང་། སྐབས་སྦྱིན་པར་བྱེད་པ་མེད། ནམ་མཁའ་ལ་ནི་སྒྲིབ་པ་མེད་པའི་མཚན་ཉིད་དང་སྐབས་སྦྱིན་པར་བྱེད་པའི་འབྲས་བུ་ཡོད་པའི་ཕྱིར་ཡོད་པ་ཡིན་ནོ། །དེ་སྐད་སྨྲས་པའི་གཏན་ཚིགས་འདི་དག་ནི་གཞན་ལ་མ་གྲུབ་པ་ཉིད་ཡིན་ཏེ། ནམ་མཁའ་ནི་རྫས་ 98-266a ཀྱི་དངོས་པོ་དང་བྲལ་བ་ཙམ་ཉིད་ཡིན་པར་ཁོ་བོས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་དངོས་པོ་རྟག་པ་ཐམས་ཅད་ལ་ཁྱབ་པའི་བདག་དངོས་པོ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ནམ་མཁའ་དང་འདྲ་བ་ཡིན་ནོ་ཞེས་སྨྲས་པ་དེ་ལ། དེ་ལས་གཞན་དུ་རྟོག་གེའི་ གནོད་པ་ཉེ་བར་དགོད་པའི་སྒོ་ནས་སློབ་དཔོན་གྱིས་སྨྲས་པ། རྒྱུ་ལས་ཉེ་བར་མ་བྱུང་བ། །ནམ་མཁའ་དངོས་པོར་མི་འདོད་དོ། །དེ་ནི་གཅིག་ཀྱང་མ་ཡིན་ཏེ། །མོ་གཤམ་གྱི་ནི་བུ་བཞིན་ནོ། །ནམ་མཁའ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ནི་དངོས་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་ ཆོས་སོ། །རྒྱུ་ལས་ཉེ་བར་མ་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །འབྱུང་བར་འགྱུར་བས་ན་དངོས་པོ་སྟེ། རྒྱུ་དང་རྐྱེན་ལས་བསྐྱེད་ནས་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁའ་ནི་སྐྱེད་པར་བྱེད་པའི་རྒྱུ་འགའ་ལས་ཀྱང་བྱུང་བ་མ་ཡིན་པས། རྒྱུ་དང་ལྡན་པ་མ་ཡིན་ པ་འདི་དངོས་པོར་ལྟ་ག་ལ་འགྱུར་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེ་ནི་ཕ་དང་མའི་ཁུ་བ་དང་ཁྲག་ལ་སོགས་པ་རྒྱུ་ལས་བྱུང་བ་མ་ཡིན་པས་ཇི་ལྟར་དེ་མེད་པ་ཉིད་ཡིན་པ་ལྟར་ནམ་མཁའ་ཡང་དེ་བཞིན་ཏེ། དེ་ནི་གཅིག་པུ་ཀུན་ལ་ཁྱབ་པར་རོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ ཀྱང་རིགས་པ་མ་ཡིན་ནོ། །གང་ཡང་ཇི་ལྟར་བུམ་པ་ལ་སོགས་པ་ལ་དབྱེ་བ་ཡོད་དུ་ཟིན་ཀྱང་ས་ཉིད་ཡིན་པ་ལ་ནི་དབྱེ་བ་འགའ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ལ་ལན་འདི་ཡིན་ཏེ། བུམ་སོགས་གཟུགས་ཀྱི་ས་རྣམས་ནི། །ས་ཡི་རིགས་སུ་གཅིག་ན་ཡང་། །ས་ སོགས་གཞན་དང་གཞན་ཡིན་ལྟར། །དེས་ན་བདག་ནི་གཅིག་མ་ཡིན། །སའི་རིགས་སུ་གཅིག་པ་ཉིད་ཡིན་ན་ཡང་། དེ་ལྟ་ན་ཡང་བུམ་པ་དང་རྫ་བོ་ལ་སོགས་པའི་བྱས་པའི་བྱེ་བྲག་གི་དབྱེ་བ་ཡོད་པ་ཡིན་ཡང་སར་གཅིག་པ་བཞིན་དུ་འདི་ཡང་གཅིག་ཉིད་ཡིན་ན་ཡང་ འགྱུར་བའི་ཆོས་ཅན་ཡིན་པ་དང་། གཟུགས་དུ་མ་ཅན་དུ་འགྱུར་བ་ཡིན་ཏེ། དེ་ལྟར་ན་བདག་ནི་གཅིག་པ་ཉིད་དུ་གྲུབ་པོ། །གང་ཡང་། བདག་མ་ཤེས་ཤིང་མ་རྟོགས་པས། །རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཤེས་པའི་ངོ་ 98-266b བོ་ཞིག་ཡིན་པས་མངོན་པའི་ང་རྒྱལ་བྱེད་པར་འགྱུར་རམ། མི་ཤེས་པའི་ངོ་བོ་ཞིག་ཡིན་པར་འགྱུར་ཞེས་དེ་ལ་ཡང་། ཤེས་ཉིད་ཕྱིན་ཅི་མ་ལོག་པས། །ཤེས་འདི་ང་རྒྱལ་མི་རིགས་སོ། །མི་ཤེས་ཉིད་ནའང་ལོག་མེད་པས། །མི་ཤེས་ང་རྒྱལ་མི་འདོད་དོ། །ཞེས་བྱ་བ་སྨྲས་ཏེ། རེ་ཞིག་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི་མིག་དང་ལྡན་པའི་སྐྱེས་བུ་བཞིན་དུ། དོན་ཅི་ལྟ་བ་བཞིན་དུ་རིགས་པ་ཡིན་པས་ཕྱིན་ཅི་ལོག་མེད་པ་ཡིན་ནོ། །མི་ཤེས་པ་གཅིག་ཡིན་ན་ཡང་དམུས་ལོང་བཞིན་དུ་ཅི་ཡང་ཤེས་པ་མེད་པ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་མེད་པ་ཡིན་ན་ཅི་ལྟར་ལོངས་ སྤྱོད་པར་མངོན་པའི་ང་རྒྱལ་བྱེད་པར་འགྱུར། གང་ཡང་འདི་སྐད་དུ། ལུས་ལ་གནས་ཀྱང་མ་ཆགས་དང་། །སྤྱོད་པར་བྱེད་ཀྱང་མི་གོས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨྲ་བར་བྱེད་པ་དེ་ལ་ཡང་། ནམ་མཁའ་བཞིན་དུ་འགྱུར་མེད་ཕྱིར། །དེ་བཞིན་ཆགས་པ་མེད་པའི་ཕྱིར། །བདག་ནི་ བྱེད་པོར་མི་རིགས་ལ། །ཟ་བ་པོར་ཡང་མི་རིགས་སོ། །འགྱུར་བའི་ཆོས་ཅན་ཞིག་ཡིན་ན་བྱེད་པ་པོ་དང་ཟ་བ་པོར་རིགས་ཏེ། ཆུན་པ་ལ་སོགས་པ་རྟག་ཏུ་བྱ་བ་དེ་ལ་ཞུགས་ཤིང་བྱེད་པ་པོ་ཉིད་ཡིན་པས་འབྲས་བུ་སྨིན་པའི་དུས་ན་ཡང་ཟས་ལ་སོགས་པ་ལ་ཆགས་པས་ཟ་བ་པོ་ཉིད་ ཡིན་པ་བཞིན་ནོ། །ཡང་གང་དག་སྔོན་དང་ཕྱི་མའི་དུས་ན་ངོ་བོ་གཅིག་ཏུ་གྱུར་ཅིང་རང་གི་བྱ་བ་ལ་འཇུག་པར་ཡང་མི་བྱེད་ལ། ཡུལ་རྣམས་ལ་ཆགས་པ་མེད་པ་དེ་ནི་བྱེད་པ་པོ་དང་། ཟ་བ་པོ་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ལ་བློ་ཡིད་ཆེས་པ་སྐྱེ་བར་མི་འགྱུར་རོ།། །།དབུ་མའི་སྙིང་པོའི་ འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་གསུམ་པ། གཞན་ཡང་། བྱེད་པོ་བདག་ཡིན་མི་གོས་པ། །བྱེད་པོའི་འབྲས་བུ་འདོད་ཅི་ལྟར། །མི་དབང་སྡིག་དང་བཅས་པའི་ཕྱིར། །རྒྱལ་པོའི་དཔེ་ནི་མི་རིགས་སོ། །བྱེད་པ་པོའི་བྱེད་པ་པོ་ཡིན་པའི་མཚན་མ་ནི་འདི་ཡིན་ཏེ། གང་འདི་དགེ་བ་ དང་མི་དགེ་བའི་ལས་ཀྱི་འབྲས་བུས་གོས་པར་འགྱུར་བའོ། །འབྲས་བུ་རྗེས་སུ་སྤྱོད་པར་འགྱུར་བ་མེད་ན། བྱེད་པ་པོའི་བྱ་བ་ཐམས་ཅད་དོན་མེད་པར་འགྱུར་ཏེ། དེས་ན་ཟ་བ་པོ་ཉིད་དང་ཡང་ལྡན་པར་མི་འགྱུར་བས་བྱེད་པ་པོ་ཉིད་སྒྲུབ་པར་ཤིན་ཏུ་དཀའོ། །འདིའི་དཔེ་རྒྱལ་པོས་བསྟན་ 98-267a པ་ཡང་རིགས་པ་མ་ཡིན་ཏེ། སྡིག་པས་རྗེས་སུ་གོས་པ་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་། ཆོས་མི་མཐུན་པ་ཡིན་ཏེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་མི་དགེ་བ་བྱས་པས་རྒྱལ་པོ་ཡང་སྡིག་པའི་ སྐལ་བ་དང་ལྡན་པར་འགྱུར་བ་བཞིན་ནོ། །གང་གི་ཕྱིར་དམྱལ་བ་ལ་སོགས་པར་ལྷུང་བས་འཇིགས་པ་ཡོད་པས་འདི་ནི་ཆོས་ལ་མཐུན་པར་སྤྱད་པ་ལ་སོགས་པ་ཡང་བསྟན་པ་ཡིན་གྱི། ཡང་གལ་ཏེ་འདི་ལ་སྡིག་པ་ལ་སོགས་པས་མི་གོས་པ་གཅིག་ཡིན་ན་ནི་ཇི་ལྟར་འདོད་པ་བཞིན་ དུ་སྤྱོད་ཀྱང་འགལ་བར་འགྱུར་བ་མ་ཡིན་པ་ཞིག་ཡིན་ན་དེ་ལྟར་ན་ནི་མི་འགྱུར་ཏེ། དེས་ན་མིའི་བདག་པོ་ཡང་སྡིག་དང་བཅས་པར་འགྱུར་བ་བཞིན་དུ་སྐྱེས་བུ་ཡང་དགེ་བ་དང་མི་དགེ་བའི་འབྲས་བུ་མི་མྱོང་བར་མི་རིགས་ཏེ། དགེ་བ་དང་། མི་དགེ་བའི་འབྲས་བུ་རྣམས་བདག་གིས་མྱོང་ བར་འགྱུར་རོ། །དེས་ན་མི་རྟག་པ་དང་ཀུན་ལ་ཁྱབ་པ་མ་ཡིན་པའི་སྐྱོན་ཡོད་པར་འགྱུར་ཏེ། ཞིང་པ་ལ་རྐུན་མོ་ལ་སོགས་པ་འབྱུང་བ་བཞིན་ནོ། །གང་ཡང་ཁྱོད་ཀྱིས་འདི་སྐད་དུ། །གཅིག་པུ་ཀུན་ཁྱབ་རྟག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་མི་བདེན་ཏེ། གང་གི་ ཕྱིར། ཕྱི་རོལ་ལ་ནི་མ་ལྟོས་པར། །གཅིག་ཉིད་ངོ་བོ་ཉིད་མི་རིགས། །གཅིག་ཉིད་དང་ལྡན་པས་ཤེ་ན། །དེ་ནི་དེ་དང་ལྡན་མ་ཡིན། །གཉིས་མེད་པའི་གཅིག་པུ་ཞེས་བྱ་བ་ནི་ཇི་ལྟར་སྐྱེ་བོ་དབུལ་པོ་མང་པོའི་ནང་ན་མིའི་བདག་པོ་ནི་གཅིག་པུའོ་ཞེས་ཕྱི་རོལ་གྱི་སྐྱེ་བོ་མང་པོ་ལ་ལྟོས་ནས། མིའི་བདག་པོ་གཅིག་པུ་ཡིན་པར་རྗོད་པར་བྱེད་ལ། ཡང་བདག་ནི་ནང་དང་ཕྱི་རོལ་ཐམས་ཅད་དུ་དེ་ཉིད་གནས་པ་ཡིན་པས་གང་ལ་ལྟོས་ནས་གཅིག་ཉིད་དུ་འགྱུར། གལ་ཏེ་ཡང་གྲངས་གཅིག་ཉིད་དང་ལྡན་པས་གཅིག་ཉིད་ཡིན་ནོ་ཞེ་ན། བདག་ལས་གཞན་པའི་གཅིག་ཅེས་ བྱ་བ་ནི་ཡོད་པ་མ་ཡིན་ཏེ། དེས་ན་ཇི་ལྟར་དེ་དེ་དང་ལྡན་པར་འགྱུར་ཏེ། སོར་མོ་དེ་ཉིད་ཀྱིས་སོར་མོ་དེ་ཉིད་ཀྱི་རྩེ་མོ་ལ་རེག་པར་མི་ནུས་པ་བཞིན་ནོ། །འོན་ཏེ་ཡང་ཡུལ་དང་ཡུལ་ཅན་གྱི་ངོ་བོ་དུ་མ་ཉིད་དུ་བཏགས་པ་ཡིན་ལ་དེ་བསལ་བའི་སྒོ་ནས་བདག་གཅིག་པུ་ཉིད་དུ་བརྗོད་པར་བྱའོ་ 98-267b ཞེ་ན། དེ་ཡང་འདི་ལྟར་མི་རིགས་ཏེ། །དུ་མ་ཉིད་དུ་བཏགས་པ་དག །བསལ་བ་གཅིག་ཉིད་ཡིན་ཞེ་ན། །ཇི་ལྟར་བཏགས་པ་ཀུན་རྫོབ་ཕྱིར། །དེས་ན་གཅིག་དེ་དོན་དམ་མིན། །གཅིག་ཉིད་ཀྱི་རང་བཞིན་ནི་མེད་པས་གཅིག་ཅེས་བྱ་བ་དེ་བཏགས་པ་ཡིན་པར་འགྱུར་ལ། གང་བཏགས་པ་ ཡིན་པ་དེ་ནི་དོན་དམ་པར་གཅིག་མ་ཡིན་ཏེ། བཏགས་པ་ནི་ཀུན་རྫོབ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་། རྟག་དང་གཅིག་སོགས་ངོ་བོ་ཡིས། །དོན་དམ་དེ་ཡོད་ཡིན་ཞེ་ན། །གཅིག་སོགས་སྒྲ་དང་བློ་འཇུག་པ། །དོན་ཡོད་ན་ནི་སྐྱོན་མེད་འགྱུར། །སྒྲ་གང་དག་གིས་རྟག་པ་ ཉིད་དང་། གཅིག་པ་ཉིད་ལ་སོགས་པར་རྗོད་པར་བྱེད་པ་ལ་བློ་གང་དང་གང་གིས་རྟག་པ་ཉིད་དང་། གཅིག་པ་ཉིད་དུ་རྟོགས་པར་འགྱུར་བའི་སྒྲ་དེ་དག་དང་བློ་དེ་དག་འཇུག་པ་ནི་དེ་དག་མེད་པར་འགྱུར་ན། དེ་ལས་གཞན་པའི་དངོས་པོ་ནི་མེད་པས་མ་ངེས་པ་མ་ཡིན་པ་མ་ཡིན་ཏེ། བློ་དང་རྟོགས་པར་བྱ་བ་གཉིས་གཅིག་ཉིད་ཡིན་པའི་ཕྱིར། ལུགས་འདི་ནི་སྐྱོན་དང་བཅས་པ་ཡིན་ནོ། །གཅིག་ལ་སོགས་པར་རྣམ་རྟོག་པ། །འདི་ནི་ཅི་ལྟར་མི་རྟོག་ཉིད། །རྣམ་པར་རྟོག་པའི་ཡུལ་དོན་ལ། །ཚིག་འཇུག་པ་ནི་མ་བཀག་གོ། །གལ་ཏེ་བློས་འདི་རྟག་པ་ཞེས་བྱ་ བ་ལ་སོགས་པའི་ངོ་བོར་རྣམ་པར་རྟོག་པར་བྱེད། ཡང་འདི་ཉིད་ནི་གང་ལ་ཡང་རྣམ་པར་རྟོག་པ་མེད། དེས་ན་འདི་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ་བློ་དང་བདག་ལ་ཐ་དད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་ལ་རྣམ་པར་རྟོག་པ་འཇུག་པ་ཡོད་ པ་དེ་ལ་བདག་ཀྱང་འཇུག་པ་ཡོད་པས་དེས་ན། འདི་ལྟར་བློ་ཡི་ཡུལ་མིན་དང་། །ངག་གི་སྤྱོད་ཡུལ་མིན་ཇི་ལྟར། །བརྗོད་མེད་རྟོགས་པ་མེད་པ་ཡང་། །སྔར་བསྟན་རིགས་པས་བརྫུན་པ་ཉིད། །བློས་ཉེ་བར་མཚོན་པ་ཉིད་ཀྱི་ཤའི་གོང་བུ་ལ་ལྷས་བྱིན་ཞེས་ངག་བརྗོད་པར་ ཡང་འཇུག་པར་འགྱུར་བ་ལྟར་དེ་བཞིན་དུ་གཅིག་ལ་སོགས་པའི་བློའི་ཡུལ་དུ་གྱུར་པ་ཉིད་ནི་གཅིག་ལ་སོགས་པའི་ངག་འཇུག་པའི་ཡུལ་ཡང་ཡིན་ནོ། །དེས་ན་བརྗོད་པ་མེད་པ་དང་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བར་འགྲུབ་པ་མ་ཡིན་ཏེ། འདི་ནི་སྔར་སྨྲས་པའི་རིགས་ 98-268a པས་མི་བདེན་པ་ཉིད་ཡིན་པས་རི་བོང་གི་རྭ་བཞིན་ཡོད་པ་མ་ཡིན་ནོ། །གལ་ཏེ་སངས་རྒྱས་པ་རྣམས་ཀྱང་ངག་དང་བློའི་སྤྱོད་ཡུལ་ལས་འདས་པ་ནི་དོན་དམ་པའོ་ཞེས་འདོད་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་ན་འོན་ཀྱང་རིགས་པ་ནི་འདི་ཡིན་ཏེ། ཤེས་བྱ་ཡེ་ནས་མ་གྲུབ་ པས། །བློ་ཡི་ཡུལ་དུ་མི་རིགས་སོ། །བློ་ཡི་ཡུལ་ལས་ལོག་པས་ན། །ངག་གི་ཡུལ་ལས་ལོག་པའང་ཡིན། །ཀུན་རྫོབ་ཏུ་རྣམ་པར་ཤེས་པ་དྲུག་གི་ཡུལ་གྱི་ཤེས་བྱ་ཡོངས་སུ་བཏགས་པ་ཡིན་ལ། དེ་ཁོ་ན་ཉིད་དུ་ནི་ཡོངས་སུ་བཏགས་པ་ནི་རྣམ་པ་ཐམས་ཅད་དུ་གྲུབ་པར་གྱུར་པ་མེད་པས་ཡུལ་ དེ་ལ་བློ་ཡང་སྐྱེ་བར་མི་འགྱུར་བའི་ཕྱིར་བློའི་སྤྱོད་ཡུལ་དུ་གྱུར་པ་ཡང་མ་ཡིན་ལ། བློའི་སྤྱོད་ཡུལ་ལས་ལོག་པར་གྱུར་པས་རྟེན་མེད་པའི་ཕྱིར་ངག་ཀྱང་འཇུག་པར་མི་འགྱུར་ཏེ། དེས་འདི་ལྟར་དོན་དམ་པ་ཉིད་དུ་ངག་གི་སྤྱོད་ཡུལ་དུ་གྱུར་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པའི་མི་བརྫུན་ པའི། །ལུགས་འདི་དགེ་བར་ཤེས་ནས་ནི། །དེ་ཕྱིར་མུ་སྟེགས་འདོད་སྐྱེས་ཏེ། །དེ་ལ་བདག་གིར་བྱས་པ་ཡིན། །བརྒྱ་ལ་རེས་འགའ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བར་གྱུར་ཅིང་། དེས་བརྫུན་པ་མ་ཡིན་པའི་གསུང་རབ་ཀྱི་ལུགས་ཀྱང་རབ་ཏུ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་ པ་ཡང་བསྟན་པ་ན་དེའི་ལུགས་དེ་ལ་མུ་སྟེགས་པ་རྣམས་འདོད་པ་སྐྱེས་པར་གྱུར་ནས་རང་གི་གྲུབ་པའི་མཐའི་ནང་དུ་བསྲེས་ཤིང་ལུགས་འདི་ནི་ཁོ་བོ་ཅག་གི་ཡིན་ནོ་ཞེས་བདག་གིར་ཡང་བྱེད་དོ། །དེ་ནི་སྔོན་དང་ཕྱི་མར་ཡང་འགལ་བའི་སྐྱོན་དང་བཅས་པའི་གྲུབ་པའི་མཐའ་འདྲེས་པས་རྣམ་པར་རྟོག་ པ་ཡིན་པར་མཚོན་པར་བྱ་བ་ཡིན་ཏེ། དེས་ན། སྔོན་དང་ཕྱི་མར་འགལ་བ་ཡི། །དེ་ཡི་ལུགས་ལ་སུ་ཞིག་དང་། །ཤིན་ཏུ་རིགས་མི་གཅིག་པའི་ཕྱིར། །ལྕགས་ལས་ནོར་བུ་རིན་ཆེན་བཞིན། །ཇི་ལྟར་འགའ་ཞིག་ལྕགས་ཀྱི་རང་བཞིན་གྱི་ནོར་བུ་ལ་ནོར་བུ་རིན་པོ་ཆེ་དང་འདྲ་བར་བྱའོ་ཞེས་ ཤིན་ཏུ་ཕྱི་བདར་བྱས་ཀྱང་དེ་ནི་བསྲེག་པ་དང་ཕྱི་བ་དང་བདར་བ་ལ་སོགས་པ་བཟོད་པ་མ་ཡིན་པའི་ཕྱིར། ཤིན་ཏུ་མི་འདྲ་བར་གྱུར་པ་ཡིན་པས་ནོར་བུ་རིན་པོ་ཆེ་རྟོག་པ་ལ་མཁས་པ་སུ་ཞིག་དེ་ལ་རིན་པོ་ཆེའི་འདུ་ཤེས་བསྐྱེད་པར་འགྱུར། དེ་བཞིན་དུ་བདག་དང་། རྟག་པ་དང་། 98-268b ཀུན་ལ་ཁྱབ་པ་དང་། གཅིག་པུ་ལས་བཟློག་པ་བདག་མེད་པ་མི་རྟག་པ་ཀུན་ལ་མ་ཁྱབ་པ་དུ་མའི་ངོ་བོ་ཉིད་འགལ་བ་ཡིན་པའི་ཕྱིར་ཤིན་ཏུ་མི་འདྲ་བའི་རྣམ་པར་གྱུར་པ་ཡིན་པས་དེ་ཁོ་ན་ཉིད་རྟོག་པ་ལ་མཁས་པ་སུ་ཞིག་དེ་ལ་དེ་ཁོ་ན་ཉིད་ཀྱི་འདུ་ཤེས་སྐྱེད་པར་བྱེད། །དེས་ན་འདི་ནི་རི་དགས་ ཀྱི་རྔ་མ་བསྟན་ནས་རྟའི་ཤ་འཚོང་བར་བྱེད་པ་དང་འདྲའོ། །གལ་ཏེ་ཡང་དབུ་མར་སྨྲ་བ་རྣམས་ལ་ཡང་བདག་དང་བཅས་པ་ཉིད་དང་། བདག་མེད་པ་ཉིད་དང་། སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། སྐྱེ་བ་དང་། སྐྱེ་བ་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པར་སྨྲས་པས་ འགལ་བ་ཆེན་པོ་འབྱུང་བར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ལ་ལན་བརྗོད་པ། འདི་ལྟར་འདི་ནི་ལུགས་འདི་ལ། །ཁ་ཅིག་དག་ནི་དྲང་ཕྱིར་དང་། །ལྷག་མ་འཛིན་ལས་བཟློག་པའི་ཕྱིར། །སྣ་ཚོགས་དག་ཏུ་བསྟན་པ་ཡིན། །རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བས་སེམས་ ཉམས་པར་བྱས་པ་མེད་པར་སྨྲ་བ། ཡོད་པ་མ་ཡིན་པར་འཛིན་པ་རྣམས་བཟློག་པར་བྱ་བའི་ཕྱིར། བདག་ཡོད་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། དེ་དག་འདྲེན་པར་མཛད་པ་དང་། བདག་ཏུ་སྨྲ་བ་རྣམས་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་ཅིང་འཇིག་པ་རྣམས་བཟློག་ པར་བྱ་བའི་ཕྱིར་བདག་མེད་དོ་ཞེས་སྟོན་པར་མཛད་པ་ཡིན་ཏེ། ཀུན་རྫོབ་ཏུ་དེ་དག་ཏུ་འཛིན་པ་སྤང་བར་བསྟན་པ་ཡིན་ནོ། །དོན་དམ་པར་ནི་བདག་ཀྱང་མ་ཡིན་བདག་མེད་པ་ཡང་མ་ཡིན་ནོ་ཞེས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ལྟར་ན་ བཅོམ་ལྡན་འདས་ཀྱིས་གསུང་རབ་རྣམ་པ་དུ་མར་བསྟན་པ་ཉིད་ནི་ཀུན་རྫོབ་དང་དོན་དམ་པའི་རྗེས་སུ་འབྲངས་ནས་བསྟན་པ་སྟེ་འགལ་བ་མེད་དོ། །དེ་ཇི་ལྟ་བུ་ཞེ་ན། དངོས་པོ་རྣམས་ནི་མ་སྐྱེས་ཉིད། །རང་བཞིན་བཅོས་མ་མེད་པའི་ཕྱིར། །འདི་ལ་ཉམས་པ་མེད་པས་ན། །བདག་ ཅེས་ཀྱང་ནི་བརྗོད་པ་ཡིན། །བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་ཡོད་པ་དང་མེད་པ་སྐྱེས་པ་མ་ཡིན་པས་དངོས་པོ་རྣམས་མ་སྐྱེས་པ་ཉིད་དུ་བདག་གིས་སྔར་བསྒྲུབས་ཟིན་པ་དེ་ཉིད་དངོས་པོ་རྣམས་ཀྱི་རང་བཞིན་བཅོས་མ་མ་ཡིན་པ་ཉམས་པ་མེད་པ་ཡིན་པས་དེ་ཉིད་ 98-269a དངོས་པོ་ཐམས་ཅད་ཀྱི་བདག་ཡིན་པར་འགྱུར་རོ། །ཐ་དད་ངོས་ཀྱང་དབྱེར་མེད་ཕྱིར། །ངོ་བོ་གཅིག་ཕྱིར་གཅིག་ཉིད་ཡིན། །ཀུན་ཁྱབ་ཆོས་རྣམས་ཐམས་ཅད་ཕྱིར། །རྟག་པའང་དེ་ཡིན་མི་ཉམས་ཕྱིར། །དེ་ནི་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་བདག་ཡིན་ ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐད་དུ་ཟིན་ཀྱང་དབྱེ་བ་མེད་པའི་ཕྱིར་གཅིག་ཉིད་ཡིན་ནོ། །དངོས་པོ་ཐམས་ཅད་མཚན་ཉིད་མེད་པའི་རང་གི་མཚན་ཉིད་འཛིན་པའི་ཆོས་ཅན་ཡིན་པས་ཀུན་ལ་ཁྱབ་པའོ། །འདི་ནི་མ་སྐྱེས་པས་ཉམས་པ་མེད་པ་ཡིན་པའི་ཕྱིར་རྟག་པའོ། །མ་ སྐྱེས་ཕྱིར་ན་སྐྱེ་མེད་ཉིད། །དེ་ཉིད་ཕྱིར་ན་རྒ་ཤི་མེད། །འཕོ་བ་མེད་ཕྱིར་འདི་འཕོ་མེད། །རབ་མཐར་ཐུག་ཕྱིར་མཆོག་ཉིད་ཡིན། །མ་སྐྱེས་པ་ཉིད་ཀྱི་ཕྱིར་ན་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ཉིད་ཀྱི་ངོ་བོ་ལ་རྒ་བ་དང་འཆི་བ་མེད་པས་རྒ་ཤི་མེད་པའོ། །མ་སྐྱེས་པ་ནི་འཕོ་བ་ཡོད་པ་མ་ཡིན་ པས་དེས་ན་འཕོ་བ་མེད་པའོ། །དེ་ལས་གཞན་པའི་ངོ་བོ་ཉིད་མཆོག་ཏུ་གྱུར་པའི་ངོ་བོ་ཡོད་པ་མ་ཡིན་པས་མཆོག་ཅེས་བྱ་བར་འདོད་དོ། །གཟུགས་དང་སྒྲ་དང་དྲི་སོགས་མིན། །ས་དང་མེ་དང་ཆུ་རླུང་མིན། །ནམ་མཁའ་ཟླ་བ་ཉི་མ་མིན། །ཡིད་དང་ཤེས་པའི་མཚན་ཉིད་མིན། །དངོས་ པོ་ཐམས་ཅད་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ཡུལ་གྱི་བདག་ཉིད་དུ་གྱུར་པ་ཡང་མ་ཡིན་ནོ། །སྲ་བ་དང་གཤེར་བ་དང་། ཚ་བ་དང་། གཡོ་བ་ཞེས་བྱ་བ་འབྱུང་བའི་མཚན་ཉིད་དུ་གྱུར་པ་ཡང་མ་ཡིན་པས་དེའི་ངོ་བོ་ཉིད་མ་ཡིན་ནོ། །རྫས་སུ་མེད་ པ་ཉིད་ཡིན་པའི་ཕྱིར་འགའ་ལ་ཡང་གོ་འབྱེད་པ་མེད་པ་དང་། སྣང་བའི་རང་བཞིན་ཡང་མ་ཡིན་པས་ནམ་མཁའ་དང་རི་བོང་ཅན་དང་ཉི་མ་ལ་སོགས་པ་ཡང་མ་ཡིན་ནོ། །སེམས་པར་བྱེད་པས་ན་ཡིད་དང་དངོས་པོ་རབ་ཏུ་ཤེས་པའི་མཚན་ཉིད་ཅན་ཡིན་པས་ན་ཤེས་པ་སྟེ། འདས་པ་དང་མ་འོངས་ པའི་མཐོ་རིས་དང་། བྱང་གྲོལ་ལ་སོགས་པའི་ཡུལ་ཅན་ནོ། །ཡང་དེ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོར་ཡོད་པར་གྱུར་པ་མ་ཡིན་ནོ། །ཐམས་ཅད་འདི་ཡིན་རང་བཞིན་ཕྱིར། །ཉམས་པ་མེད་ཕྱིར་ཐམས་ཅད་མིན། །དེ་ལ་ཉོན་མོངས་སྐྱེ་མེད་ཕྱིར། །དག་པ་འདི་ཡིན་ཞི་ཉིད་འདི། །དངོས་པོ་ 98-269b ཐམས་ཅད་ཀྱི་རང་བཞིན་གཅིག་ཉིད་ཡིན་པའི་ཕྱིར་འདི་ནི་ཐམས་ཅད་ཡིན་ནོ། །ཀུན་ཀྱང་ཉམས་པར་འགྱུར་བའི་བདག་ཉིད་ཅན་ཡིན་ལ། ཡང་དེ་ནི་ཉམས་པར་འགྱུར་བ་མ་ཡིན་པས་ཐམས་ཅད་མ་ཡིན་ནོ། །རྫས་སྐྱེས་པ་མེད་པས་རྟེན་མེད་པའི་ཕྱིར་ཉོན་མོངས་པས་ཀྱང་སྐྱེ་བར་འགྱུར་ བ་མ་ཡིན་པས་འདི་ནི་དག་པ་སྟེ་དྲི་མ་མེད་པའོ། །དེ་ཉིད་ནི་ཞི་བ་སྟེ་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་ནི་བཏགས་པས་སྒྲོ་བཏགས་ནས། །བརྗོད་བྱ་ཡང་དག་བརྗོད་བྱ་མིན། ཡེ་ནས་བརྗོད་བྱ་མ་ཡིན་ཕྱིར། །འདི་ནི་དྲི་མ་མེད་ཅེས་བསྟན། །ཡང་དེ་ནི་དེ་ཁོ་ན་ ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ན་ཡང་བཏགས་པས་སྒྲོ་བཏགས་ནས་དེ་ལ་སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཡི་གེས་ཀུན་རྫོབ་ཏུ་གཞན་དག་གིས་རྟོགས་པར་བྱ་བའི་དོན་དུ་ཚིག་ཏུ་རྗོད་པར་བྱེད་དོ། །གསལ་པོར་གྱུར་པ་མེད་པའི་ཕྱིར་ རྣམ་པ་ཀུན་གྱིས་བརྗོད་པར་བྱ་བ་མ་ཡིན་པས་དྲི་མ་མེད་པ་ཞེས་བརྗོད་དོ། །གང་ཞིག་འདི་ལྟར་མངོན་འདོད་པ། །ཁྱོད་ཀྱིས་བདག་ཀྱང་ཡིན་ན་ནི། །མིང་སོགས་ཆོས་མང་འདྲ་བ་ལ། །སྐྱོན་མེད་རིགས་པ་དང་བཅས་ཡིན། །གང་སྐྱེ་བ་མེད་པར་སྤྱིའི་མཚན་ཉིད་ཇི་སྐད་བསྟན་པའི་རིགས་ པ་དང་བཅས་པ་ཡིན་པ་བཞིན་དུ་སྐྱོན་དང་བྲལ་བ་ཉིད་དུ་ཁྱོད་ཀྱིས་བདག་ཀྱང་འདོད་ན་ནི་མིང་ཙམ་ལ་རྩོད་པར་ཟད་དེ། ཁྱོད་ནི་བདག་མཆོག་ཅེས་ཟེར་ལ་ཁོ་བོ་ཅག་ནི་སྐྱེ་བ་མེད་པ་ཞེས་ཟེར་བས་འདི་ལ་འགལ་བ་ཅི་ཞིག་ཡོད། དེས་ན། བདག་མེད་ཉིད་ཀྱིས་འཇིགས་པ་རྣམས། ། འཇིགས་ཀྱང་དེ་ཉིད་ལ་གནས་ཏེ། །ནམ་མཁས་འཇིགས་པར་གྱུར་པ་དག །གཞན་པའི་གནས་འགའ་མེད་པ་བཞིན། །ཇི་ལྟར་བླུན་པོ་འགའ་ཞིག་ནམ་མཁས་འཇིགས་ཤིང་སྐྲག་ན་ཡང་། དེ་ལས་གཞན་པའི་གནས་མ་མཐོང་བས་ནམ་མཁའ་དེ་ཉིད་ལ་གནས་པར་བྱེད་དོ། །དེ་ བཞིན་དུ་ཁྱོད་ཀྱང་བདག་མེད་པས་འཇིགས་ཤིང་སྐྲག་ན་ཡང་བདག་མེད་པ་དེ་ཉིད་ལ་བརྟེན་ཅིང་གནས་ཏེ། དེ་ལས་གཞན་པའི་རྟེན་མེད་པའི་ཕྱིར་རོ། །སངས་རྒྱས་འཇིག་རྟེན་གཉེན་རྣམས་ཀྱིས། །དེ་ཉིད་བདུད་རྩི་མཆོག་འདི་ལ། །འདི་ནི་འགའ་ཡང་བཀག་མེད་པས། ། 98-270a ལེགས་པར་འོངས་སོ་ངོམས་པར་གྱིས། །དེ་བཞིན་གཤེགས་པའི་གསུང་རབ་ཀྱི་རོ་མྱང་བའི་ཕྱིར་འདིར་འོངས་པ་ལེགས་ཀྱི། ཆོས་བདུད་རྩིའི་རོས་ཚིམ་པར་གྱིས་ཤིག །སྐྱེ་གནས་དང་། ན་ཚོད་དང་། རིགས་དང་། ཡུལ་དང་། དུས་ཀྱི་སྐྱོན་ཐུགས་ རྗེ་ཆེན་པོས་སྤངས་པར་མཛད་པའི་ཐུགས་ཅན་ཡང་དག་པའི་ལྟ་བ་བཞིན་གྱི་དོན་རིག་པའི་སངས་རྒྱས་རྣམས་ཀྱི་གསུང་རབ་འདི་ལ་བཀག་པ་མེད་དོ། །དེ་ཁོ་ན་ཉིད་ནི་བདུད་རྩི་སྟེ། ངོམས་པར་བྱེད་པའི་ཕྱིར་རོ། །དེ་དང་འདྲ་བའི་དེ་ཁོ་ན་ཉིད་གཞན་མེད་པས་མཆོག་སྟེ་དམ་པའོ། །ཡང་དག་ ལྟ་ལ་སྒྲིབ་མེད་པའི། །བདག་ནི་བྱེད་པོ་ཟ་པོ་སོགས། །རྟེན་མེད་བརྫུན་པའི་འཛིན་པ་ནི། །དེས་ན་སྤང་བ་ཁོ་ནར་གྱིས། །གལ་ཏེ་ཁྱོད་དེ་ཁོ་ན་ཉིད་ཀྱི་བདུད་རྩི་འདི་ལ་དགའ་བར་བྱེད་ན་དེ་ལྟ་ན་ཡོད་པ་མ་ཡིན་པའི་བདག་བྱེད་པ་པོ་དང་། ཟ་བ་པོ་ཉིད་དུ་རྟེན་མེད་པར་བརྫུན་པའི་འཛིན་པ་ ཡང་དག་པའི་ལྟ་བའི་བར་དུ་གཅོད་པར་བྱེད་པ་འདི་ངེས་པར་ཐོང་ཤིག །གལ་ཏེ་ཁོ་བོ་ཅག་གི་བདག་དང་ཁྱེད་ཀྱི་བདག་མེད་པ་གཉིས་འདྲ་བར་གྱུར་ན་དེས་ཁྱེད་དང་བདག་ཅག་གི་གྲུབ་པའི་མཐའ་མཚུངས་པར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། དངོས་རྣམས་རང་བཞིན་སྐྱེ་ མེད་ཕྱིར། དེ་ཉིད་དུ་ན་སྐྱེ་མེད་འདོད། །ངོ་བོ་ཉིད་ཀྱིས་སྐྱེ་མེད་ཉིད། །འདི་ཡི་ངོ་བོ་ཉིད་དུ་བསྟན། །དངོས་མེད་ཉིད་ནི་བདག་མེད་པ། །དེ་ནི་བདག་མིན་འགལ་བ་ཉིད། །བདག་མེད་བདག་ཏུ་འགྱུར་ཞེ་ན། །བ་ལང་མིན་པའང་བ་ལང་འགྱུར། །རྒྱུ་དང་རྐྱེན་དང་མཐུན་པར་སྐྱེས་ པ་ཡིན་ན་ཡང་། དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་པར་ཁས་བླངས་ནས་མ་སྐྱེས་པའོ་ཞེས་བརྗོད་པར་བྱའོ། དེ་ཉིད་ནི་རང་བཞིན་མེད་པ་ཡིན་པས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དོ། །བདག་ནི་རང་བཞིན་དང་དོན་ཐ་དད་པ་མ་ཡིན་པའོ། །གང་གི་ཕྱིར་དེ་དང་བྲལ་བར་གྱུར་པ་དེ་ནི་ བདག་མེད་པའོ། །བདག་མེད་པའི་ངོ་བོ་ནི་བདག་མེད་པ་ཉིད་དོ། །དེ་ནི་བདག་མེད་པ་ཡིན་པས་བདག་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་ཏེ། གང་བདག་ཡིན་ན་ནི་བདག་མེད་པ་ཇི་ལྟར་ཡིན། འོན་ཏེ་བདག་མེད་པ་ཡིན་ན་ཡང་བདག་ཇི་ལྟར་ཡིན་ཏེ། ཇི་ལྟར་རྟའི་ངོ་བོ་བ་ 98-270b ལང་གི་ངོ་བོ་མ་ཡིན་པ་ལྟར། དེ་བཞིན་དུ་བདག་མེད་པ་འདི་བདག་ཏུ་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར། དངོས་པོའི་ངོ་བོ་མེད་འདི་ནི། །ཇི་ལྟར་བྱེད་པོ་ཟ་པོར་རིགས། །གང་ཕྱིར་མོ་གཤམ་དག་གི་བུ། །བྱེད་པོ་ཟ་པོར་མ་ཡིན་བཞིན། །བྱེད་པ་པོ་དང་། ཟ་བ་པོར་ཡང་དེ་ནི་རིགས་ཏེ། རང་བཞིན་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །དེ་ལྟར་གྱུར་ལ་སྐྱེ་ཇི་ལྟར། །དེ་ལས་ཉམས་པར་འགྱུར་ཅི་ལྟར། །མཁའ་ལ་མེ་ཏོག་མེད་པ་ལ། །ཇི་ལྟར་སྐྱེ་འཇིག་བརྟགས་པ་བཞིན། །རྣམ་པ་དེ་ལྟ་བུར་བདག་མེད་པའི་བདག་ལ་འགྲོ་བ་མ་ལུས་པ་སྐྱེ་ ཞིང་འགག་པ་ཇི་ལྟར་འགྱུར། དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཇི་ལྟར་ནམ་མཁའི་མེ་ཏོག་བཞིན། སྐྱེ་བ་དང་། འགག་པར་རིགས་པ་མ་ཡིན་ནོ། །དངོས་པོ་མེད་པའི་ཡུལ་དག་ལ། །ཇི་སྲིད་བློ་ནི་འཇུག་གྱུར་པ། །བློ་ཡིས་བརྟགས་པས་སྒྲོ་བཏགས་ཕྱིར། །དེ་སྲིད་གཅིག་ལ་སོགས་པར་ འདོད། །དངོས་པོ་ཉིད་མེད་པར་གྱུར་པ་ནི་དངོས་པོ་མེད་པ་སྟེ། ཡུལ་དེ་ལ་དུས་ཇི་སྲིད་དུ་བློ་འཇུག་པར་གྱུར་པ་དེ་སྲིད་དུ་གཅིག་ལ་སོགས་པའི་རྟོག་པ་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཅིག་ཉིད་མེད་དུ་ཟིན་ཀྱང་བློས་བརྟགས་པས་སྒྲོ་བཏགས་ནས་གཅིག་ཅེས་བྱ་བ་ལ་སོགས་ པར་བརྗོད་པའི་ཕྱིར་རོ། །རྟོག་བཅས་རྟོག་པ་མེད་པ་ལས། །གང་ཚེ་བློ་ནི་ལོག་གྱུར་པ། །དེ་ཚེ་བློ་ནི་ཡུལ་མེད་ཕྱིར། །སྤྲོས་པ་ཉེར་ཞི་ཞི་བ་ཉིད། །ངོ་བོ་དང་བཅས་པའམ་ངོ་བོ་མེད་པར་རྣམ་པར་བརྟགས་པའི་རྣམ་པར་རྟོག་པ་དེ་དག་གཉི་ག་ཡང་མེད་པའི་བདག་མེད་པ་ལ་དམིགས་ པའི་རྣམ་པར་མི་རྟོག་པ་ལས་གང་གི་ཚེ་བློ་ལོག་པར་གྱུར་ཅིང་། བློའི་ཡུལ་ཐམས་ཅད་མེད་པར་གྱུར་པ་དེའི་ཚེ་དངོས་པོ་ཐམས་ཅད་ཡོངས་སུ་མ་གྲུབ་པའི་ངོ་བོ་དེ་ནི་དེ་ཁོ་ན་ཉིད་དེ། ཐམས་ཅད་དུ་གང་གིས་བརྗོད་པར་བྱ་བ་མ་ཡིན་པས་ཉེ་བར་ཞི་བར་གྱུར་པ་ཡིན་ནོ། །དེ་བཞིན་ དུ་ངག་དང་བློ་ལས་ཤིན་ཏུ་འདས་པའི་དེ་ཁོ་ན་ཉིད་ནི་དེ་ཁོ་ན་ཉིད་ཡིན་པར་རིགས་ཀྱི་ཁྱོད་ཀྱིས་ཀུན་དུ་བརྟགས་པའི་བདག་ཏུ་ལྟ་བ་ནི་མ་ཡིན་ཏེ། སྔར་བསྟན་པའི་སྐྱོན་རྣམས་ཡོད་པར་འགྱུར་བ་དང་། གཞན་ཡང་རྔན་པ་བྱིན་ནས་ཉལ་བའི་བུད་མེད་བཞིན་ནམ། བླུན་པོ་ཐ་མར་ 98-271a གྱུར་པ་ཞིག་ལ་བ་ལང་གི་ཤན་པས་དབང་པོ་བཅོལ་བ་བཞིན་ནོ། །དེ་ལྟ་བས་ན་ཇི་སྐད་བསྟན་པའི་དེ་ཁོ་ན་ཉིད་ནི་གནོད་པ་མེད་པར་གནས་པ་ཡིན་ནོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་པ་ སྟེ་ལེའུ་བརྒྱད་པའོ།། །།༄། །དགུ་པ། དཔྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་ལེའུའི་འགྲེལ་པ།དེ་ནས་ད་ནི་དཔྱོད་པ་ཅན་གྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་དགུ་པའི་རབ་ཏུ་བྱེད་པ་བརྩམ་པར་བྱ་སྟེ། ངོ་ཚ་མེད་པ་ཁ་ཅིག་ནི། །བྱང་གྲོལ་ལེགས་ལམ་བསམ་གཏན་དང་། །ཤེས་ལ་སྐུར་འདེབས་བྱ་བ་ཙམ། །བདག་གིས་དེ་ནི་ཐོབ་པར་སེམས། །རིག་བྱེད་ཀྱི་མཐའ་སྨྲ་བ་ཉིད་ལས་གཞན་པ་དཔྱོད་པ་ཅན་ཞེས་བྱ་བས་རིག་བྱེད་ལ་གང་སྣང་བ་ནི་རང་བྱུང་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བཏགས་ནས་ཐར་པ་འཐོབ་པའི་ལམ་བཟང་པོ་གང་ཡིན་པ་དང་། བསམ་གཏན་དང་། ཤེས་པ་དང་། གྲུབ་པའི་མཐའ་ཐམས་ཅད་ལ་འགལ་བས་སྐུར་པ་འདེབས་ཤིང་མཆོད་སྦྱིན་ལ་སོགས་པ་བྱ་བ་འབའ་ཞིག་བྱང་གྲོལ་འཐོབ་པར་འགྱུར་རོ་སྙམ་དུ་སེམས་ཤིང་བསླུས་བྱེད་པ་དང་འདྲ་བས་མཁས་པ་རྣམས་ལ་ངོ་ཚ་དང་བྲལ་བར་བྱས་ནས་བྱས་པའི་ཤུགས་བཞི་བཅུ་རྩ་བརྒྱད་ཀྱིས་བྲམ་ཟེར་བྱེད་པ་ཡིན་ནོ་ཞེས་རྒྱས་པར་བརྗོད་དོ། །དེ་ལ་དང་པོ་མངལ་ཉེ་བར་བླངས་པའི་དུས་སུ་མངལ་གྱི་ཟླ་བ་དང་པོ་ལ་ཨོཾ་ཁྱབ་འཇུག་མངལ་ཡིན་ནོ། །ཏྭ་སྟས་གཟུགས་སྦྱངས་སོ། །ཚངས་པས་ས་གཅོད་པར་བྱེད་དོ། །སྐྱེ་དགུའི་བདག་པོས་ནི་མངལ་སྦེངས་པར་བྱེད་དོ། །དེ་རྣམས་ཀུན་གྱིས་མངལ་དུ་འགོད་པར་བྱེད་ཅིང་། དེ་རྣམས་ཉིད་ཀྱིས་སྐྱོང་ཞིང་འཚོ་བར་བྱེད་དོ། །དེ་རྣམས་དང་ལྷ་ཐ་སྐར་གྱིས་མངལ་རྫོགས་པར་སྟེར་བར་བྱེད་དོ། །ཟླ་བ་གཉིས་པ་དང་གསུམ་པ་ལ་ནི་སྐྱེས་བུའི་ཆ་བྱད་དུ་བྱས་པས་སོ། །ཟླ་བ་དྲུག་པ་ལ་ནི་གཙུག་ཏོར་དབྱེ་བ་བྱས་སོ། །སྐྱེས་པའི་དུས་ན་ཆོ་ག་བཞིན་དུ་བསྲུངས་པ་དང་། སྐྱེས་མ་ཐག་ཏུ་མར་དང་སྦྲང་རྩི་མྱངས་པ་དང་། ཉི་མ་བཅུ་པ་ལ་མིང་བཏགས་པ་དང་། ཟླ་བ་བཞི་པ་ལ་ཉི་མ་བསྟན་པ་དང་། དྲུག་པ་ལ་ཟས་བྱིན་པ་དང་། ལོ་གཅིག་གམ་ཟླ་བ་གསུམ་ནས་གཙུག་ཕུད་བཅིངས་པ་དང་། མངལ་དུ་ཞུགས་པ་ནས་བཟུང་སྟེ། 98-271b ལོ་བརྒྱད་ན་སྟ་གོན་དུ་གནས་ཤིང་བརྟུལ་ཞུགས་ལྔ་དང་ཉེ་བའི་བརྟུལ་ཞུགས་ལྔ་བླངས་པ་དང་། དེ་ལས་གཞན་པའི་བརྟུལ་ཞུགས་ལྔ་མཉན་པ་དང་། ཨ་བོ་ཧི་སྠ་དང་། མེ་ལ་བྱ་བ་རྣམས་དང་། བཟའ་བ་རྣམས་དང་། བླ་མ་རྣམས་ལ་བསྙེན་བཀུར་བྱས་པ་དང་། དུས་གསུམ་དུ་ འཐོར་འཐུང་བྱ་བ་དང་། བཟླས་པ་དང་། མཆོད་སྦྱིན་དང་། ཉེ་རེག་དང་། རླུང་འབྱུང་བ་དང་། གཞུག་པ་དང་། རིག་བྱེད་རྫོགས་པར་བཀླགས་པ་དང་། བག་མ་བླངས་པ་དང་། བཞི་པ་བྱས་པ་དང་། སྦྱིན་སྲེག་དང་། མེ་བསྲུངས་པ་དང་། མེ་ལ་སྦྱིན་སྲེག་བྱེད་པ་བསྟན་པ་ དང་། ཟླ་བ་གཅིག་ལོན་ནས་མཆོད་སྦྱིན་བྱས་པ་དང་། བྱོལ་སོང་བཅིངས་པ་དང་། ཟླ་བ་བཞི་པའི་ཉི་མ་ལྡོག་པའི་དང་པོ་ལ་ཉེར་གནས་ཀྱི་ལས་དང་། བརྒྱད་པ་གསུམ་པ་བྱས་པ་སྟེ། ལོ་མ་དང་། འོ་མ་དང་། ཤ་དང་། ཁུར་བས་མཆོད་སྦྱིན་བྱས་པ་ཞེས་བྱ་བ་དེ་ལྟ་བུ་བྲམ་ཟེའི་ དབང་དུ་བྱས་པའི་ཤུགས་བཞི་བཅུ་རྩ་བརྒྱད་པོ་འདི་དག་དང་། བསྟན་བཅོས་ལས་འབྱུང་བ་བཞིན་དུ་འབྲུ་དང་། བྱོལ་སོང་དང་། མར་དང་། ཆུང་མ་དང་འབྲེལ་པའི་ལས་རྣམས་བྱས་པའི་ཡོན་ཏན་གྱི་ལམ་ལས་གཞན་གྱིས་གྲོལ་བ་འཐོབ་པར་རིགས་པ་མ་ཡིན་ནོ་ཞེས་ལུང་ལས་འབྱུང་ ངོ་། །རིག་བྱེད་ལས་བསྟན་པའི་སོ་བ་དང་། བྱོལ་སོང་དང་། མར་ལ་སོགས་པས་མཆོད་སྦྱིན་བྱ་བ་དང་། སྟེགས་བུའི་དཀྱིལ་དུ་ཆུང་མ་བླང་ཞིང་འབྲེལ་པའི་བྱ་བ་ལས་གཞན་པའི་ཐར་པ་འཐོབ་པའི་ཐབས་ནི་མེད་དོ། །ཇི་ལྟར་ཤེས་ཤེ་ན། རིག་བྱེད་ཀྱི་ལུང་གི་ལུགས་ཚད་མར་ བྱེད་པ་ཡིན་ཏེ། རིག་བྱེད་ལས་ནི་དཀར་མོ་དང་འབྲུ་རྣམས་ཀྱིས་མཆོད་སྦྱིན་བྱས་པར་འགྱུར་རོ། །དེ་བཞིན་དུ་གང་ལ་ལོ་གསུམ་ཐུབ་པའི་སོ་བ་ཁྱིམ་ན་སྦས་ནས་ཡོད་པའམ། དེ་བས་ལྷག་པར་ཡོད་པ་ནི་ལས་བྱེད་རྣམས་ཀྱི་འཚོ་བ་དང་བཅས་པ་ཡིན་པས་དེ་ནི་ཉི་མའི་མཆོད་ སྦྱིན་བྱེད་པར་འོས་པ་ཡིན་ནོ་ཞེས་འདོན་ཏོ། །བྱོལ་སོང་བཅིངས་པ་ཡང་བསྟན་ཏེ། །བར་གྱི་དུས་ལ་བབ་པ་ན། །བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡིས་གཙང་མའི་ཚིག་ཡིན་ནོ། །ཉུང་ལ་བྱོལ་སོང་གསུམ་གྱི་སོ། །རེ་རེ་ལ་ཡང་གྲོང་གི་མི། །བྱོལ་སོང་བཅུ་དྲུག་བཅུ་ 98-272a དྲུག་སྦྱིན། །ཆོ་ག་བཞིན་དུ་མཆོད་སྡོང་གཟུགས། །བར་དུ་བཅུ་དང་བདུན་སྦྱིན་བྱ། །ཞེས་བསྟན་ཏོ། །དེ་བཞིན་དུ་དཔྱིད་ནི་ཀ་པི་ཛ་ལ་གསད་པར་བྱ་ཞིང་། སོ་ག་ཀ་ར་གསད་པར་བྱ། །དབྱར་ནི་ཏི་ཏི་རི་ཞེས་བྱ་བ་ལ་སོགས་པ་དང་། སྐྱེས་བུ་ཡང་བྱོལ་སོང་ཉིད་ ཡིན་ནོ་སྙམ་དུ་སེམས་ཤིང་སྨྲས་པ། བྲམ་ཟེ་ལ་ནི་བྲམ་ཟེ་བསད། །རྒྱལ་རིགས་ཀྱི་ནི་རྒྱལ་རིགས་བས་བསད། །མ་རུ་དག་ལ་རྗེ་རིགས་ཏེ། །དཀའ་ཐུབ་དག་ལ་དམངས་རིགས་སོ། །ཞེས་བྱ་བ་ལ་སོགས་པ་དང་། ལོ་གསུམ་ལོན་པའི་མར་དག་ནི། །མཆོད་སྦྱིན་བྱ་བར་འོས་པ་ཡིན། ། ཞེས་བྱ་བ་དང་། དེ་ནི་རྙེད་པར་མ་གྱུར་ན། །བ་དཀར་མར་གྱི་དོན་དུ་བཞོ། །ཞེས་བྱ་བ་ལ་སོགས་པ་དང་། ཆུང་མ་བླངས་པའི་འབྲེལ་སྨྲས་པ། །གཽ་ཏམ་བུད་མེད་མེ་ཉིད་ཡིན། །དེ་ཡི་ཉེར་གནས་ཐབ་ཁུང་ཡིན། །དེར་སྐྱེས་སྤུ་ནི་དུ་བ་ཡིན། །དེའི་ནང་ཞུགས་པ་སོལ་བའོ། །དེ་ཡི་ཁུ་བ་ མེ་སྟག་ཡིན། །དེ་ལྟ་བུ་ཡི་མེ་འདི་ལ། །སྐྱེས་བུ་ལྷ་ཡི་ས་བོན་བསྲེག །སྦྱིན་སྲེག་དེ་ལས་སྐྱེས་བུ་འབྱུང་། །དེ་ལས་འཚོ་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་བཀྲ་ཤིས་བྱེད་པའི་དུས་སུ་ཁྱོས་ཆུང་མ་ལ་འདི་སྐད་སྨྲ་བར་བྱ་སྟེ། ཁྱོད་ཀྱི་ཉེ་གནས་སྦྲང་རྩིས་བྱུག་ པར་བྱ། །འདི་ནི་སྐྱེ་དགུའི་བདག་པོ་ཁ་གཉིས་པ། །གང་ཕྱིར་སྐྱེས་བུ་རྣམས་ནི་འབྱུང་འགྱུར་ཕྱིར། །ཀུན་གྱིས་མཐོང་བྱ་མིན་ནོ་ལྷ་མོ་ཁྱོད་སྭཱ་ཧཱ། དེ་བཞིན་དུ་བུ་མོའི་ཉེར་གནས་སྦྲང་རྩིས་བྱུགས་ནས། དེ་ནི་ལྕེ་ཡིས་བླང་བ་བྱ་སྟེ། སྐྱེ་དགུའི་བདག་པོའི་ཞལ་གཉིས་པ་ཡིན་པའི་ཕྱིར་ རོ། །རང་གི་ཕོ་མཚན་དབང་ཕྱུག་ཆེན་པོས་དེའི་ནང་དུ་བསྲུབས་པ་ལས་བདུད་རྩི་འབྱུང་བར་བྱ་སྟེ། དེ་ན་མཐོ་རིས་ཀྱི་ལམ་ཡིན་པས་སྐྱེ་དགུའི་བདག་པོའི་བྱ་བ་ཡིན་ནོ། །གང་གི་ཕྱིར་འདི་ནི་བདུད་རྩིའི་ཆུ་ཡིན་ཏེ། འདི་ལྟ་བུ་ལས་སྐྱེས་པ་དེ་བྲམ་ཟེ་ཡིན་ནོ། །དེ་བྲམ་ཟེ་ཡིན་ནོ། །དེ་བྲམ་ ཟེ་ཡིན་ནོ། །གང་དེ་ལྟར་མ་ཡིན་པར་སྐྱེས་པ་དེ་ནི་དམངས་རིགས་སོ། །དེ་ནི་དམངས་རིགས་སོ། །དེ་ནི་དམངས་རིགས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་དུང་གི་མེ་ཏོག་ཅེས་བྱ་བའི་སྨན་སྣའི་རྩེ་མོར་བླན་ཞིང་། རུས་སྦལ་གྱི་མཁྲིས་པས་མོ་མཚན་གྱི་སྒོ་བསྐུས་དེ་ནས་འཁྲིག་པ་སྤྱོད་པའི་ 98-272b མལ་དུ་ཁྲིད་ལ་གན་རྐྱལ་དུ་བསྙལ་ཏེ། བསང་བ་ལ་སོགས་པའི་བྱ་བ་བྱའོ། །དེ་ན་ཕན་ཚུན་འཁྲིག་པའི་དུས་སུ་འདི་སྐད་སྨྲ་སྟེ། མེ་ནི་བསྲེག་བྱ་སྟེ་འཇིགས་པས་སྐྱབས་སུ་འགྲོ་ཞིང་གསོལ་བ་འདེབས་སོ། །སྲེག་པར་བྱེད་པས་སྣ་ཚོགས་རིག་པར་བྱེད་པའི་མཆོད་ སྦྱིན་འདི་ནི་མཛེས་པར་བྱས་སོ་ཞེས་བྱ་བ་སྟེ། རྩེ་མོར་ཁྱེར་བར་བྱེད་པས་མེའམ། ཕུད་ལ་སྤྱོད་པ་ཡིན་པས་མེའོ། །སྐྱབས་སུ་འགྲོ་ཞིང་གསོལ་བ་འདེབས་པ་ནི་ལེགས་པའི་དོན་དུ་ལྷའི་དྲང་སྲོང་ལའོ། །མི་རྣམས་རིག་པར་བྱེད་པ་མེ་ལ་མཆོད་པར་བྱེད་པ་ཡིན་ལ་མེ་ནི་བསྲེག་པར་བྱ་བ་ ཡིན་ཏེ། ལོ་སྟོང་གི་བར་དུ་ཀྲ་དུའི་མཆོད་སྦྱིན་བྱས་པ་ཡང་བསྡུས་པ་ཡིན་ནོ། །སྲེག་པར་བྱེད་པས་ན་སྲེག་པར་བྱེད་པའོ། །སྣ་ཚོགས་དེ་ནི་དགེ་བའོ། །རྣམ་པར་རིག་ཅིང་ཤེས་པའི་ཕྱིར་ཐམས་ཅད་ཀུན་དུ་རིག་པ་འབྱུང་བར་འགྱུར་བས་སྣ་ཚོགས་རིག་པར་བྱེད་དོ། །དེ་ནི་ སྣ་ཚོགས་རིག་པར་བྱེད་པ་སྟེ། སྲེག་པར་བྱེད་པའི་མེ་ཡིན་ལ་དེ་ལ་སྐྱབས་སུ་འགྲོ་བར་བྱ་བའོ། །ཅིའི་ཕྱིར་ཞེ་ན། མཆོད་སྦྱིན་འདི་ནི་མཆོད་སྦྱིན་རྣམ་པ་ཉི་ཤུ་རྩ་གཅིག་གི་དོན་དུའོ། །དེ་ལ་སྨིན་པའི་མིང་ཅན་ནི་བདུན་ཏེ། དེ་ཡང་ཕྱི་དྲོ་ཐ་མ་དང་། སྔ་དྲོ་དང་པོ་ལ་གཏོར་མ་བཏང་ བ་དང་། སྣོད་ཀྱི་ནང་དུ་བཙོ་བ་དང་། བརྒྱད་པ་ལ་གནོད་པ་དང་བསྲེག་རྫས་བདུན་མཆོད་སྦྱིན་གྱི་དུས་སུ་བཞག་པ་དང་། མེ་ལ་སོགས་པ་གང་མེར་བསྲེག་པར་བྱ་བ་རྣམས་དང་། ཉི་ཤུའི་དུས་སུ་མཆོད་སྦྱིན་དང་། ཟླ་བ་བཞི་པ་འདས་པའི་དུས་ཀྱི་ཉི་མ་ལྡོག་པའི་དུས་ཀྱི་བྱ་བ་ དང་། བྱོལ་སོང་བཅིང་བའི་བར་དང་། སྐུད་པ་ལ་བརྒྱུས་པའི་ནོར་བུ་དང་། ཟླ་བ་ལ་གནས་པ་བདུན་དང་། མེ་ལ་བསྲེག་པར་བྱ་བ་དང་། མེ་ལ་བསྲེགས་པ་ལས་ལྡང་བ་དང་། འབའ་ཙ་དཔེ་ལ་དགོས་པ་བཅུ་དྲུག་དང་། ནུབ་མོའི་ཐུན་གསུམ་གྱི་བྱ་བ་ཞེས་བྱ་བ་མཆོད་སྦྱིན་རྣམ་ པ་ཉི་ཤུ་རྩ་གཅིག་པ་འདིའི་དོན་དུའོ། །མཛེས་པར་བྱེད་པ་ཞེས་བྱ་བ་ལ་མཛེས་པ་ནི་བསྔགས་པར་བྱ་བ་སྟེ་མཛེས་པར་བྱེད་པའོ། །ཀྲ་དུང་གི་བྱེད་པ་པོ་ནི་མེའི་ལྷ་ཡིན་པས་དེའི་བདག་པོ་སྐྱབས་སུ་འགྲོ་བར་བྱ་བ་ཡིན་པས། མཆོད་སྦྱིན་འདི་ནི་ལེགས་བྱའི་ཕྱིར། །ཞེས་བྱའོ། ། 98-273a ཡང་དེ་བཞིན་དུ་སྨྲས་པ་རྭ་ནི་བཞིའོ། །འདིའི་རྐང་པ་ནི་གསུམ་མོ། །མགོ་བོ་ནི་གཉིས་སོ། །ལག་པ་ནི་བདུན་ནོ། །དེ་འདིར་གསུམ་ནས་བཅིངས་ལ་ཁྱུ་མཆོག་འདི་ན་ང་རོ་འདོན་ཏོ་ཞེས་བྱ་བ་སྟེ། རྭ་བཞི་ནི་རིག་བྱེད་བཞི་སྟེ། སྙན་དངགས་དང་། མཆོད་ སྦྱིན་དང་། སྲིད་སྲུང་དང་། ངེས་བརྗོད་ཅེས་བྱའོ། །དེ་ལ་རྭ་དང་པོ་ལ་ཞུགས་པ་ནི་འདི་ལྟར་སྙན་དངགས་མང་པོས་མེ་ལ་བསྟོད་པ་དང་པོར་མཆོད་སྦྱིན་ལ་ཕན་ནོ། །ལྷའི་ནང་ན་མཆོག་ཏུ་གྱུར་པ་བསྲེག་སྦྱིན་གྱི་གནས་རིན་པོ་ཆེ་སྦྱིན་པར་བྱེད་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། གསུང་ རབ་འདི་དག་གི་བྱེད་པ་པོ་ནི་ལོ་མ་ཅན་དང་ཤིང་ཤུན་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་མཆོད་སྦྱིན་གྱི་རིགས་རྣམས་ལ་མངོན་པར་ཞུགས་པ་ནི་གཙོ་བོ་ཉིད་དུ་འགྱུར་བའི་ལས་ཏེ། དེ་ནི་འདི་སྐད་དུ་མཆོད་སྦྱིན་ལ་ཁྱོད་འདོད་དོ། །ཁྱོད་འཕེལ་བར་བྱའོ། །འབྱུང་བ་ལ་གནས་ཤིང་འཇུག་ པ་པོ་ལ་གནས་པའི་རིགས་ཀྱིས་ཁྱོད་ཀྱིས་ཉི་མ་འཐོབ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། ཛཾ་བྷ་ལ་དང་། ཀན་ནྭ་དང་། ཉི་མ་ཕྱེད་པ་དང་། ཀ་ཋ་དང་། ཀ་ལ་བ་དང་། ཏི་ཏི་རི་ལ་སོགས་པ་གསུང་རབ་འདིའི་བྱེད་པ་པོ་ཡིན་ནོ། །མཆོད་སྦྱིན་འདུས་བྱས་པའི་རྒྱུ་མཚན་གྱི་རྭ་གསུམ་པ་ལ་ མངོན་པར་འཇུག་པར་བྱེད་པ་ནི་སྡེབ་སྦྱོར་གླུར་ལེན་པ་སྟེ། རིམས་ལ་སོགས་པ་མེད་པའི་ཕྱིར་མེ་ཚུར་སྤྱོན་སྲེག་རྫས་རྣམས་བྱིན་གྱིས་བརླབས་པ་གསོལ་ཅིག །སྲེག་པར་བྱེད་པའི་འདོད་པ་རྣམས་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་སཱ་ལ་དང་། སད་དྷྱ་ཡི་དང་ ཀོ་ཐུ་མ་དང་། ན་ར་ཡ་ནི་ལ་སོགས་པ་གསུང་རབ་འདིའི་བྱེད་པ་པོ་ཡིན་ནོ། །ལས་བསྒྲུབ་པར་བྱ་བའི་ཕྱིར་རྭ་བཞི་པ་ལ་མངོན་པར་བྱེད་དོ། །ངེས་བརྗོད་ཀྱི་མཁན་པོ་ན་རེ། ལྷ་མོ་མཛེས་མ་བདག་ལ་མངོན་པར་བརྩེ་བར་གྱིས། །ཆུ་ཡི་ལྷ་ཡིས་འཇིགས་པ་མེད་པར་གྱིས། །བདག་གི་ཕུན་ སུམ་ཚོགས་པ་རབ་ཏུ་སྒྲུབས། །ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་མེའི་ལས་ཞི་བར་བྱེད་པ་དང་། རྒྱས་པར་བྱེད་པ་དང་། མངོན་སྤྱོད་ལ་སོགས་པའི་ལས་རྣམས་ནི་གཅིག་ཡིན་ནོ། །འདིའི་རྐང་པ་གསུམ་ནི་དུས་གསུམ་ཡིན་ཏེ། དེ་ལ་ནོར་ལྷ་ནི་བརྒྱད་དེ་ཡི་གེ་བརྒྱད་གླུར་ 98-273b ལེན་པར་བྱེད་པའི་དབྱངས་ཀྱི་ཐོ་རངས་དུས་སུ་ཐོད་པ་བརྒྱད་དུ་ཁུར་བ་བརྒྱད་བརྒྱད་བཞག་པ་དང་། མཆོད་པ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དྲག་པོ་ནི་བཅུ་གཅིག་སྟེ་ཡི་གེ་བཅུ་གཅིག་པའི་གསུམ་སྔགས་ཀྱི་སྡེབ་སྦྱོར་དང་། གསུམ་སྔགས་ཀྱི་དབྱངས་དང་། ཐོད་པ་བཅུ་གཅིག་གིས་ ཉིན་ཕྱེད་ཀྱི་དུས་སུ་མཆོད་དོ། །ཉི་མ་བཅུ་གཉིས་ཏེ་ཛ་ག་ཏི་ཞེས་བྱ་བའི་སྡེབ་སྦྱོར་ཡི་གེ་བཅུ་གཉིས་པའི་ཛ་ག་ཏིའི་དབྱངས་དང་། ཐོད་པ་བཅུ་གཉིས་དང་བཅས་པས་ཐུན་གསུམ་པའི་དུས་སུ་མཆོད་དོ། །ཡང་ན་སྦྱིན་སྲེག་བྱས་པའི་མེའམ། གྲོང་པའི་མེའམ། ལྷོ་ཕྱོགས་ཀྱི་མེ་ནི་ རྐང་པ་གསུམ་ཞེས་བྱའོ། །མགོ་བོ་གཉིས་ནི་མཆོད་སྦྱིན་བྱེད་པ་དང་དེའི་ཆུང་མའོ། །མཆོད་སྦྱིན་མེད་པ་ནི་གང་ཆུང་མ་མེད་པའོ། །རྗེའུ་རིགས་ཀྱི་བྱ་བ་བཅུ་དྲུག་མེ་དང་ཟླ་བ་ལ་ཡིན་ལ། དེའི་ཆུང་མས་ཀྱང་དེའི་རྗེས་ལ་སྦྱིན་པར་བྱའོ། །ཡང་ན་མགོ་བོ་གཉིས་ནི་ཡི་གེ་ཨོཾ་དང་ དབྱངས་ཀྱི་སྡེབ་སྦྱོར་ཞེས་བྱའོ། །ལག་པ་བདུན་གྱི་སྡེབ་སྦྱོར་བདུན་ཏེ། དེ་ལ་ཡི་གེ་དྲུག་པའི་དབྱངས་ཀྱི་སྡེབ་སྦྱོར་ནི་དུས་དྲུག་གོ། །ཨུ་སྣིག་ཞེས་བྱ་བའི་སྡེབ་སྦྱོར་ཡི་གེ་བདུན་པ་ནི་དྲང་སྲོང་བདུན་ཡིན་ནོ། །ཡི་གེ་བརྒྱད་པ་ནི་རྗེས་སུ་བསྔགས་པ་ཞེས་བྱ་བའི་སྡེབ་སྦྱོར་ཏེ་ ནོར་ལྷ་བརྒྱད་ཡིན་ནོ། །ཡི་གེ་དགུ་པའི་སྡེབ་སྦྱོར་བྲི་ཧ་ཏི་ཞེས་བྱ་བ་ནི་གཟའ་དགུ་ཡིན་ནོ། །ཡི་གེ་བཅུ་པའི་སྡེབ་སྦྱོར་ཕྲེང་བ་ཞེས་བྱ་བ་ནི་ཕྱོགས་བཅུ་ཡིན་ནོ། །ཡི་གེ་བཅུ་གཅིག་པའི་སྡེབ་སྦྱོར་གསུམ་བསྔགས་ཞེས་བྱ་བ་ནི་དྲག་པོ་བཅུ་གཅིག་ཡིན་ནོ། །ཡི་གེ་བཅུ་གཉིས་པའི་སྡེབ་སྦྱོར་ ཛ་ག་ཏི་ཞེས་བྱ་བ་ནི་ཉི་མ་བཅུ་གཉིས་ཡིན་ཏེ། འདི་དག་ནི་རིག་བྱེད་ཀྱི་ལག་པའོ། །གསུམ་ནས་བཅིངས་ཞེས་བྱ་བ་ནི་སྙིང་ཁ་དང་། མགྲིན་པ་དང་། མགོ་བོ་གནས་ཏེ། ངག་ཁྱུ་མཆོག་གི་ཡི་གེ་ཨོཾ་འདིའོ། །འཇིག་རྟེན་པ་རྣམས་ཀྱི་མཆོག་ཡིན་པས་ཁྱུ་མཆོག་གོ། །ང་རོ་འདོན་ཞེས་བྱ་བ་ ནི་ནང་དུ་སྒྲ་བྱེད་དོ་ཞེས་བྱ་བའི་ཐ་ཆིག་གོ། །ཆེན་པོ་ཞེས་བྱ་བ་ནི་ཁྱབ་འཇུག་དང་བདེ་བྱེད་དང་། ཚངས་པ་ལ་སོགས་པ་རྣམས་ནི་དབང་ཕྱུག་ཡིན་ལ། དེ་དག་པས་ཀྱང་ལྷག་པར་གྱུར་པས་ན་ཆེན་པོའོ། །གཙོ་བོར་གྱུར་པ་དང་མངའ་བདག་ཏུ་གྱུར་པས་ན་ལྷ་ཆེན་པོའོ། ། 98-274a འཇིག་རྟེན་འདིའི་འཆི་བར་འགྱུར་རོ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་ནས་གནས་པའི་མཐར་ཐུག་པ་སྟེ། དེ་ནི་ཐམས་ཅད་ལ་ཁྱབ་ནས་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་རིག་བྱེད་ལས་བསྟན་པའི་འབྲུ་དང་། བྱོལ་སོང་དང་། མར་དང་། ཆུང་མ་ དང་འབྲེལ་པའི་བྱ་བ་དག་གི་འབྲས་བུ་ནི་འཆི་བ་ལས་ཐར་པ་དང་། སྡིག་པ་ལས་ཐར་པ་དང་། བྲམ་ཟེ་བསད་པ་ལས་ཐར་པ་སྟེ། གང་རྟའི་དག་པའི་མཆོད་སྦྱིན་བྱས་པའོ། །དེ་ལས་གཞན་པ་བྱོལ་སོང་བཅིང་བ་ལ་སོགས་པས་ནི་འཇིག་རྟེན་མངོན་པར་རྒྱལ་བར་འགྱུར་བའོ། །དེ་ ལ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་མཆོད་སྦྱིན་བྱའོ་ཞེས་འབྱུང་སྟེ། མེ་ལ་སྦྱིན་སྲེག་ཅེས་སྨོས་པས་ནི་འབྲུ་དང་མར་གྱིས་མཆོད་པ་དང་། ཆུང་མ་དང་འབྲེལ་པའི་བྱ་བ་བསྟན་པ་ཡིན་ནོ། །བྱོལ་སོང་བཅིངས་པས་ནི་སྐྱེས་བུས་དག་པ་དང་། རྟ་ཡིས་དག་པ་དང་། བ་ ལང་གི་ཆ་བྱད་དང་། མེ་ལ་མཆོད་པ་དང་། རྒྱལ་པོས་འོས་པ་དང་། རླུང་ཟ་བ་དང་། པདྨ་དཀར་པོ་ལ་སོགས་པའི་མཆོད་སྦྱིན་བྱ་བར་བསྟན་པ་ཡིན་ནོ། །གཞན་ཡང་དེར་སྨྲས་པ། མེ་ཁྱོད་ཀྱི་ཟས་ནི་བདུན་ནོ། །ལྕེ་ནི་བདུན་ནོ། །དྲང་སྲོང་ནི་བདུན་ནོ། །ཁྱིམ་ནི་བདུན་ནོ། །ཉིན་ཞག་ བདུན་དུ་ལན་བདུན་དུ་ཁྱོད་མཆོད་དོ། །སྐྱེ་གནས་བདུན་དུ་ཁྱོད་མར་གྱིས་ཚིམ་པར་བྱའོ་སྭཱ་ཧཱ་ཞེས་བྱ་བ་སྟེ། མེ་ཁྱོད་ཀྱི་ཟས་ནི་བདུན་ནོ་ཞེས་བྱ་བ་ནི་བིལ་བ་དང་། པ་ལ་ཤ་དང་། ཨ་ཤྭད་ཐ་དང་། ཨུ་དུམ་བཱ་ར་དང་། ཨརྐ་དང་། ཤི་མི་དང་། སེང་ལྡེང་ཞེས་བྱ་བ་སྲེག་རྫས་བདུན་བསྟན་པའོ། ། ལྕེ་བདུན་ཞེས་བྱ་བ་ནི་སྡེབ་སྦྱོར་བདུན་ཏེ། ག་ཡ་ཏྲི་དང་། ཨ་ཤྣི་དང་། ཨུ་ནུ་ཤྠུ་བ་དང་། འབྲི་ཧ་ཏི་དང་། སང་ག་ཏི་དང་། ཏི་ཤྠུ་པ་དང་། ཛ་ག་ཏི་ཞེས་བྱའོ། །དྲང་སྲོང་བདུན་ནི་དབང་པོ་དང་། གསལ་བ་དང་། སྡེ་ཅན་དང་། བདེན་ལྡན་མ་དང་། གསེར་ཅན་དང་། ཕྱོགས་ཅན་དང་། ཀ་ཤུ་ན་དང་། ས་ལ་ག་ཞེས་བྱ་བའོ། །ཡང་ན་འབྲི་ཀུ་དང་། ཨང་གི་ར་ས་དང་། པུ་ལ་སྐྱ་དང་། པུ་ལ་ཧ་ཞེས་བྱ་བ་ལ་སོགས་པའོ། །ཉིན་ཞག་བདུན་ཞེས་བྱ་བ་ནི་ཨང་དྷྭ་རྫུ་དང་། སྦྱིན་སྲེག་དང་། མེ་བསྟན་པ་དང་། བྱམས་པ་རླུང་ལྷ་དང་། མཉམ་སྒྲོལ་དང་། ཚངས་པ་དང་། མཐོང་ 98-274b སྟོན་ཞེས་བྱའོ། །ལན་བདུན་དུ་ཁྱོད་མཆོད་པར་བྱའོ་ཞེས་བྱ་བ་ནི་སྔ་དྲོ་དང་ཕྱི་དྲོ་སྦྱིན་སྲེག་བྱ་བ་དང་། སྣོད་ཀྱི་ནང་དུ་བཙོ་བ་དང་། འདོད་པ་བརྒྱད་དང་། དབང་དུ་བྱེད་པ་ཞེས་བྱས་ལན་བདུན་དུ་མཆོད་པའོ། །སྐྱེ་གནས་བདུན་ནི་ས་དང་། རྡོ་དང་། ཤིང་དང་། ལྕགས་དང་། བླུགས་ གཟར་དང་། ཆུ་དང་། པདྨ་དང་། པདྨའི་འདབ་མ་ཞེས་བྱའོ། །ཁྱོད་མར་གྱིས་ཚིམ་པར་བྱའོ་ཞེས་བྱ་བ་ལ་མར་ཞེས་བྱ་བའི་ཆུ་སྟེ། མཆོད་སྦྱིན་གྱི་མེ་ལ་ཆུ་དང་རེག་པར་བྱེད་པ་སྟེ། བདེན་པས་ཁྱོད་ལ་དབང་བསྐུར་བའོ། །རོ་རྣམས་ཀྱིས་ཁྱོད་ལ་བླུགས་སོ་ཞེས་བྱ་བ་ནི་ས་གནས་ བདུན་དུ་ཁྱོད་མར་གྱིས་ཚིམ་པར་བྱའོ་ཞེས་རིག་བྱེད་ཀྱི་ལུང་ལས་རབ་ཏུ་གྲགས་སོ། །དེ་ཡང་ཇི་ལྟར། བསངས་སོགས་བྱས་ནས་དུར་ཁྲོད་པར། །སྔགས་ལས་བསྟན་པའི་ཆོ་ག་ཅན། །ད་ནི་བསྟན་བཅོས་འདིར་དབང་བར། །ཤེས་པར་བྱ་ཡི་གཞན་འགའ་འང་མིན། །ཞེས་བསྟན་པས་ གང་གྲངས་ཅན་པ་དང་། བྱེ་བྲག་པ་དང་། གཅེར་བུ་པ་དང་། མེད་པར་སྨྲ་བ་པ་དང་། སངས་རྒྱས་ལ་སོགས་པ་རྣམས་ཀྱི་སེར་སྐྱ་དང་། གཟེགས་ཅན་དང་། གཅེར་བུ་དང་། འཇིག་རྟེན་འདི་པ་དང་། སངས་རྒྱས་ལ་སོགས་པ་རྣམས་ནི་ཚད་མར་གྱུར་པའི་སྐྱེས་བུ་ཉིད་ཡིན་ནོ་ཞེས་བསྟན་ པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར། ཆགས་སོགས་སྐྱོན་གྱིས་ཉམས་པའི་ཕྱིར། །སྐྱེས་བུའི་ཚིག་ནི་བརྫུན་ཉིད་ཡིན། །རིག་བྱེད་སྐྱེས་བུས་མ་བྱས་ཕྱིར། །དེས་ན་ཚད་མར་གསུང་བར་བྱ། །སྐྱེས་བུ་རྣམས་ནི་འདོད་ཆགས་ལ་སོགས་པ་དག་དང་། མ་རིག་པའི་རྗེས་སུ་འགྲོ་ བ་ཡིན་པའི་ཕྱིར། དོན་གཞན་དུ་རྣམ་པར་གནས་ལ་གཞན་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་འདིའི་འགྲམ་ན་འབྲས་བུ་གནས་སོ་ཞེས་བྱ་བ་ནི་བདེན་པར་ཡང་འགྱུར་ལ་བརྒྱ་ལ་ནི་བདེན་པར་ཡང་འགྱུར་རོ་ཞེས་བྱ་བའི་ལུང་བཞིན་ནོ། །གལ་ཏེ་སྐྱེས་བུའི་ཚིག་ཚད་མ་ མ་ཡིན་ན། ཚད་མར་གྱུར་པ་གང་ཞིག་ཡིན་ཞེ་ན། རང་བྱུང་བའི་རིག་བྱེད་ཚད་མར་གྱུར་པ་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར་རོ། །འདི་སྐྱེས་བུས་མ་བྱས་པ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། བྱེད་པོ་མི་དྲན་པར་འདོད་ཕྱིར། །རིག་བྱེད་སྐྱེས་བུས་མ་བྱས་ལ། །བརྒྱུད་ནས་འོངས་པ་ 98-275a མ་ཆད་ཕྱིར། །དེས་ན་ལུང་ཡིན་དེ་མེད་ན། །མ་ནུ་དང་ཛ་ག་ཉ་བ་ལ་ཀ་ལ་དང་འབྱས་དང་། ཨཤྠ་ལ་སོགས་པའི་ཐུབ་པ་རྣམས་ཀྱིས་ཀྱང་རིག་བྱེད་རྗེས་སུ་བསྟན་པ་ཡིན་གྱི་བྱས་པ་ནི་མ་ཡིན་ཏེ། རིག་བྱེད་ཀྱི་ཡི་གེ་དང་ལུགས་མཐར་གྱིས་ཐུབ་པ་སྔ་མའི་ རྒྱུད་ལས་རྗེས་སུ་བསྒྲུབས་ཤིང་། བརྒྱུད་ནས་འོངས་པ་རྒྱུན་མ་ཆད་པར་བྱུང་བ་ཡིན་པའི་ཕྱིར་ལུང་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེ་འདས་ཤིང་མེད་པར་གྱུར་པ་ནི་མེད་པ་སྟེ། རིག་བྱེད་ཅེས་བྱ་བའི་ལུང་དེ་ལྐོག་ཏུ་གྱུར་པ་ཡིན་ན་ཡང་མཐོ་རིས་ནི་ཡོད་དོ། །ཐར་པ་ནི་ཡོད་དོ་ཞེས་ལུང་ལས་ རྣམ་པར་ཤེས་སོ། །སྔོན་མེད་པའི་ཆོས་ཀྱང་རྟགས་དང་འབྲེལ་པ་མེད་པའི་ཕྱིར་དང་། དབང་པོའི་ཡུལ་ལས་འདས་པ་ཡིན་པའི་ཕྱིར་མཐོང་བར་གྱུར་པ་ཡིན་ན་ཡང་། རིག་བྱེད་ཀྱི་ལུང་ཉིད་ཀྱི་ཆོས་ནི་ཡོད་དོ་ཞེས་རྣམ་པར་ཤེས་པར་བྱ་བ་ཡིན་གྱི། རིག་བྱེད་ལས་གཞན་དུ་ནི་ དམིགས་པར་མི་འགྱུར་རོ། །དེའི་ཕྱིར་རིག་བྱེད་ཁོ་ན་ཚད་མ་ཡིན་ནོ། །གང་སངས་རྒྱས་པ་དང་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱི་སྒྲ་ནི་མི་རྟག་པ་ཉིད་དོ་ཞེས་བསྟན་པ་དེ་ནི་ཡོངས་སུ་མི་ཤེས་པ་ཉིད་ཡིན་ཏེ། གང་གི་ཕྱིར། སྒྲ་རྟག་དབྱངས་ཀྱིས་གསལ་བར་བྱེད། །དོན་ དང་འབྲེལ་པ་རྟག་པ་ཉིད། །དོན་ལ་རྟོགས་པ་དང་ལྡན་ལ། །རྟོགས་པ་རབ་ཏུ་སྐྱེ་བར་འགྱུར། །སྒྲ་ནི་རྟག་ཏུ་གནས་པ་ཡིན་ལ། དེ་ཡང་གནས་དང་བྱེད་པ་དང་། འབད་པ་ལས་ཡང་དག་པར་འབྱུང་བའི་དབྱངས་ཀྱིས་གསལ་བར་བྱེད་པ་ཡིན་གྱི་བྱས་པ་ནི་མ་ཡིན་ཏེ། ཇི་ ལྟར་སྒྲ་ནི་བརྗོད་མ་ཐག་ཏུ་ཉམས་པར་འགྱུར་བ་ཡིན་ན་ཡང་། དེ་ལྟ་ན་ཡང་གང་དོན་དང་ནི་དུས་ཐམས་ཅད་དུ་མངོན་པར་འབྱོར་པ་ཡིན་པས་དེ་རྟག་པ་ཉིད་ཡིན་ཏེ། ཇི་ལྟར་བ་ལང་ཞེས་བྱ་བའི་སྒྲ་ནི་ནོག་དང་། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་དོན་དང་རྟག་ཏུ་འབྲེལ་པ་ཡིན་ ཏེ། གང་ལ་དོན་དུ་ངེས་པར་གཟུང་བར་བྱ་བ་དེ་ནི་སྒྲ་ཉིད་ལས་དོན་དུ་ངེས་པར་འཛིན་པ་འབྱུང་བར་འགྱུར་གྱི་སྒྲ་མེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་ན་སྒྲ་ནི་རྟག་པ་ཡིན་ནོ། །དེའི་ཕྱིར་ན་རིགས་པ་ཉིད་དང་ཚད་མས་ཀྱང་ཡིན་ཏེ། ལན་ཅིག་འཇུག་ཕྱིར་གོམས་པའི་ཕྱིར། །ཕྱིས་ཀྱང་ 98-275b ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་རྟག་པར་ཤེས་པར་བྱ། །ལྐོག་ཤལ་དང་རྔ་མ་དང་ནོག་དང་རྨིག་པ་དང་། རྭ་དང་ལྡན་པའི་རིལ་པོ་ལ་ལན་ཅིག་བ་ལང་ཞེས་བརྗོད་པ་ན་ཡིད་ཆེས་པ་སྐྱེ་བར་འགྱུར་བ་ཡིན་གྱི་བརྗོད་པ་གཉིས་པ་ལ་ལྟོས་པ་མ་ཡིན་ པའི་ཕྱིར་དང་། གང་གི་ཕྱིར་རིག་བྱེད་ལ་སོགས་པ་ཡང་དང་ཡང་དུ་གོམས་པར་བྱས་ཤིང་འདྲིས་པར་བྱས་པ་ལས་བརྗེད་པ་མེད་པ་འབྱོར་པས་དོན་དང་བཅས་པར་རྟག་ཏུ་སེམས་ལ་གནས་པའི་ཕྱིར་དང་། སྔོན་མིང་དང་འབྲེལ་པར་ཡོངས་སུ་ཤེས་པ་དེ་ཡང་ཕྲད་ཅིང་མཐོང་བར་གྱུར་པ་ན། ལྷ་སྦྱིན་དེ་ཉིད་འདི་ཡིན་ནོ་ཞེས་ཤེས་པ་འབྱུང་བའི་ཕྱིར་དང་། རྟག་ཏུ་རྣ་བའི་དབང་པོས་གཟུང་བར་བྱ་བ་ཡིན་གྱི། དབང་པོ་གཞན་གྱིས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་ལ་སྒྲ་ནི་ཆོས་ཅན་ནོ། །རྟག་པ་ཉིད་ནི་དེའི་ཆོས་སོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། ། ལན་ཅིག་གིས་འཇུག་པ་དང་གོམས་པ་དང་། ཡང་ཤེས་པ་འབྱུང་བ་དང་། མཉན་པར་བྱ་བ་ཉིད་ཅེས་བྱ་བ་བཞི་ནི་གཏན་ཚིགས་སོ། །སྒྲ་ཉིད་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་ཐ་དད་དུ་ཆད་ཅིང་གནས་པའི་བ་ལང་སྔོན་པོ་དང་། སེར་པོ་ལ་སོགས་པར་དབྱེ་བ་ཡོད་ཀྱང་བ་ལང་ ཉིད་ཅེས་བྱ་བ་ནི་རྫས་ཐམས་ཅད་ལ་ཐུན་མོང་དུ་ཞུགས་པར་གྱུར་པ་ཡིན་ལ། བ་ལང་གི་རྫས་ནི་ཐ་དད་དུ་ཡོད་པ་དེ་བཞིན་དུ་སྒྲ་ཉིད་ཅེས་བྱ་བ་ཡང་རྟག་པ་ཉིད་ཡིན་ལ། རྟག་ཏུ་སྒྲ་དང་འབྲེལ་པ་ཡིན་པས་དེ་བཞིན་དུ་སྒྲ་ཡང་རྟག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་འདི་ལྟ་བུ་ནི་རིག་ བྱེད་ཀྱི་ལུང་ཉིད་ལས་ཤེས་པར་བྱའོ། །གང་ཡང་སངས་རྒྱས་པས་ལུང་གི་རྗེས་སུ་དཔག་པའི་ཁོངས་སུ་གཏོགས་སོ་ཞེས་བཏགས་པ་དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར། མངོན་སུམ་རྗེས་སུ་དཔག་པ་དང་། །སྒྲ་ལས་བྱུང་དང་ཉེར་འཇལ་བཅས། །དོན་གྱིས་གོ་དང་དངོས་ མེད་པའི། །གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད། །ཅེས་བྱ་བ་དག་འདི་སྐད་ཀྱང་སྨྲ་བར་ནུས་ཏེ། འདི་ནི་རྗེས་དཔག་ལས་ཐ་དད། །ཚད་མ་ཡིན་ཕྱིར་གཞན་དེ་བཞིན། །ཡང་ན་གཅིག་དང་དུ་མའི་ཡུལ། །རྟོགས་པར་གྱུར་པ་ཇི་བཞིན་ནོ། །ལུང་ནི་རྗེས་སུ་དཔག་པ་ལས་གཞན་ཡིན་ 98-276a ཏེ། ཚད་མ་ཡིན་པའི་ཕྱིར་མངོན་སུམ་གྱི་ཚད་མ་བཞིན་ནོ། །ཡང་ན་མངོན་སུམ་ནི་དངོས་པོའི་རང་གི་མཚན་ཉིད་ལ་དམིགས་པའི་ཕྱིར་ཡུལ་གཅིག་གི་དོན་རྟོགས་པ་ཡིན་ལ། རྗེས་སུ་དཔག་པ་ནི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཡུལ་དུ་ མའི་དོན་རྟོགས་པ་ཡིན་པ་དེ་བཞིན་དུ་ལུང་ཡང་ཐར་པ་ཞེས་བྱ་བ་གཅིག་གི་དོན་དང་མཐོ་རིས་ལ་སོགས་པ་དུ་མའི་དོན་ཡང་རྟོགས་པར་འགྱུར་བ་ཡིན་པས་དེའི་ཕྱིར། ལུང་ནི་རྗེས་སུ་དཔག་པ་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། མངོན་སུམ་བཞིན་དུ་ཡུལ་གཅིག་གི་དོན་རྟོགས་ པ་ཡང་ཡིན་ནོ། །རྗེས་སུ་དཔག་པ་བཞིན་དུ་ཡུལ་དུ་མའི་དོན་རྟོགས་པ་ཡང་ཡིན་ནོ། །གཞན་ཡང་། རྟགས་དང་འབྲེལ་པ་མ་མཐོང་བའི། །དངོས་དོན་བློ་ཡི་རྒྱུ་ཕྱིར་རམ། །ཡང་ན་ཐ་དད་བློ་བསྐྱེད་པའི། །རྒྱུར་གྱུར་པ་ཉིད་ཡིན་ཕྱིར་རོ། །མ་མཐོང་བ་ཡང་དེ་ཡིན་ལ། །རྟགས་ཀྱང་དེ་ ཡིན་པས་རྟགས་མ་མཐོང་བའོ། །དེ་དང་འབྲེལ་པ་གང་ལ་མ་མཐོང་བ་དེ་ནི་རྟགས་དང་འབྲེལ་པ་མ་མཐོང་བ་སྟེ། གང་གི་ཞེ་ན། མཐོ་རིས་ལ་སོགས་པའི་དངོས་པོའི་དོན་གྱིའོ། །གང་ལ་རྟགས་དང་འབྲེལ་པའི་དངོས་པོའི་དོན་མ་མཐོང་བའི་བློ་ཡོད་པ་དེ་ནི་རྟགས་དང་འབྲེལ་པའི་དངོས་ པོའི་དོན་མ་མཐོང་བའི་བློ་ཅན་ནོ། །དེའི་རྒྱུའི་ངོ་བོར་གྱུར་པ་ཡིན་པའི་ཕྱིར། རྟགས་དང་འབྲེལ་པ་མ་མཐོང་བའི། །དངོས་དོན་བློ་ཡི་རྒྱུ་ཕྱིར་རོ། །ཞེས་བྱ་བའོ། །བློ་གང་ལ་ཐ་དད་པའི་སྤྱོད་ཡུལ་ཡོད་པ་དེ་ནི། ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་ཡིན་ནོ། །ཐ་དད་པའི་སྤྱོད་ ཡུལ་ཅན་གྱི་བློ་དག་སྐྱེ་བའི་རྒྱུར་གྱུར་པ་ནི། ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་དག་སྐྱེ་བའི་རྒྱུར་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་སྐྱེ་བའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་ལུང་ནི་རྗེས་སུ་དཔོག་པ་ལས་གཞན་ཡིན་པར་ཤེས་པར་བྱའོ། །སྔོན་མེད་པ་ཡང་བྱ་བས་ གསལ། །ཐར་པའང་བྱ་བ་སྒྲུབ་པར་བྱེད། །མཁས་གང་ཟླ་བའི་བཏུང་སོགས་ཀྱིས། །མཐར་བྱེད་པ་ལས་ངེས་པར་རྒྱལ། །སྔོན་མེད་པ་ཞེས་བྱ་བ་ནི་ཆོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་མཆོད་སྦྱིན་ལ་སོགས་པའི་བྱ་བས་གསལ་བར་བྱེད་དོ། །སྔོན་མེད་པ་གསལ་བར་བྱེད་ 98-276b པའི་བྱ་བ་དེ་ནི་ཐར་པ་སྒྲུབ་པར་གྱུར་པ་ཡང་ཡིན་ནོ། །གང་གི་ཕྱིར་ཟླ་བ་བཏུང་བ་ལ་སོགས་པས་ཉེ་བར་མཚོན་པའི་བྱ་བ་དེ་དག་ཉིད་ཀྱིས་རྣལ་འབྱོར་པ་དེ་མཐར་བྱེད་པ་ལས་རྣམ་པར་རྒྱལ་ཞིང་འཆི་བ་མེད་པར་འགྱུར་ཏེ། ཇི་ལྟར་ཟླ་བ་འཐུངས་སོ། །འཆི་བ་མེད་པར་ གྱུར་ཏོ། །སྐྱེ་བ་མེད་པའི་ཡེ་ཤེས་སུ་གྱུར་ཏོ། །དེ་ལྟ་བུ་ནི་རིག་བྱེད་ཤེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་ལྟ་བུའོ། །ཡང་དེ་ལྟ་བུར་རིག་བྱེད་ལ་སྨྲས་པ་རྣམས་ནི་འདི་ཡིན་ཏེ། དྲང་སྲོང་ལྷས་བསྟེན་དམ་པས་འདོད། །ལམ་སྙིང་བཟང་པོ་རེག་དོན་འདི། །ཕྱི་ རོལ་དམངས་རིགས་བུད་མེད་གཟུགས། །འཛིན་པས་རིགས་ལྡན་གསུམ་འདི་སྤངས། །ལྷ་ཚངས་པ་ལ་སོགས་པ་རྣམས་དང་། གརྒ་དང་། འབའ་ཤིསྠ་ལ་སོགས་པ་ཐུབ་པ་རྣམས་ཀྱིས་བསྟེན་པ་དང་། དམ་པ་སྟེ་མཁས་པ་རྣམས་ཀྱིས་འདོད་པར་གྱུར་པ་འདི་ནི། དུས་རིང་པོ་ནས་འཇུག་པ་ཡིན་པས་སྙིང་པོའོ། །བགྲོད་པར་བྱ་བས་ན་ལམ་མོ། །དགའ་བ་བསྐྱེད་པས་ན་བཟང་པོའོ། །རིགས་པས་འཐད་པས་ན་རིགས་པ་དང་ལྡན་པའི་རིག་བྱེད་ཀྱི་དོན་ནི་ཕྱི་རོལ་དུ་གྱུར་པ་བུད་མེད་ཀྱི་གཟུགས་འཛིན་པ་དམངས་རིགས་སངས་རྒྱས་པ་ཞེས་ བྱ་བས་ལམ་གསུམ་པོ་དེ་སྤོང་བར་བྱེད་དོ། །སྙན་དངགས་དང་། མཆོད་སྦྱིན་དང་། སྲིད་སྲུང་ཞེས་བྱ་བ་གསུམ་པོ་དེ་ཉིད་གསུམ་ཡིན་ལ་དེ་རྣམས་ཀྱིས་ནི་སེམས་ཅན་གྱི་དོན་ཡང་བསྡུས་ཤིང་གྲུབ་པའི་མཐའ་ཐམས་ཅད་ཀྱི་ཡང་རྩ་བ་ཡིན་ནོ། །ཅི་ལྟར་ཞེ་ན། འདི་ལ་གང་ཡོད་ གཞན་ལ་ཡོད། །འདི་ལ་གང་མེད་འགའ་ལའང་མེད། །ཆོས་ལ་སོགས་པ་བཞི་པོ་ཡང་། །དེ་ཉིད་གཞན་ནའང་མཐོང་བ་མིན། །གང་ཅུང་ཞིག་ཆོས་དང་འདོད་པ་དང་། དོན་དང་ཐར་པ་ཞེས་བྱ་བ་བཞི་པོར་བརྗོད་པ་རིག་བྱེད་འདི་ལ་ཡོད་པ་དེ་དག་ཉིད་གྲུབ་པའི་མཐའ་ཐམས་ ཅད་ལ་ཡང་ཡོད་པ་ཡིན་གྱི། གང་ཡང་རིག་བྱེད་ལ་མེད་པ་དེ་ནི་མུ་སྟེགས་གཞན་གང་ལ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཆོས་དང་། འདོད་པ་དང་། དོན་དང་། ཐར་པ་ཞེས་བྱ་བ་བཞི་པོའི་རྟེན་དུ་གྱུར་པ་ནི་རིག་བྱེད་འབའ་ཞིག་ཁོ་ན་ཡིན་ནོ། །གཞན་ཡང་། གཏན་ཚིགས་ 98-277a སྨྲ་བས་གཏན་ཚིགས་ཀྱིས། །ལམ་གསུམ་པོ་ནི་སུན་འབྱིན་ཏེ། །རྗེས་སུ་དཔག་པ་གཙོར་གྱུར་ཕྱིར། །རང་གི་ལུགས་ནི་གསལ་བྱེད་གང་། །ལམ་གསུམ་ཞེས་བྱ་བར་གྲགས་པ་སྟེ། གཏན་ཚིགས་ཀྱིས་སུན་དབྱུང་བར་མི་བྱ་སྟེ། ཇི་ལྟ་ཞེ་ན། སྙིང་དང་ ཤེས་པ་ཅན་གྱི་ཆོས། །ཡན་ལག་དང་བཅས་རིག་གསོ་བ། །གནང་བས་གྲུབ་པ་བཞི་པོ་ནི། །གཏན་ཚིགས་དག་གིས་གཞིག་མི་བྱ། །ཞེས་བསྟན་པའི་ཕྱིར་ཏེ། གཞན་དག་ལུགས་འདི་ལས་ཤིན་ཏུ་འདས་ནས་ལམ་གསུམ་པོ་དེ་སུན་འདོན་པར་བྱེད་པ་ཉིད་ཀྱིས་རང་གི་གྲུབ་ པའི་མཐའ་གསལ་བར་བྱེད་པ་གང་ཡིན་པ་དེ་དག་གིས་ནི་མངོན་སུམ་དུ་མཐོང་བ་མ་ཡིན་ནོ། །ལོང་བ་རྐང་པའི་ཚོད་དཔགས་ཀྱིས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་རྣམས། །ལྟུང་བར་དཀའ་བ་མ་ཡིན་ནོ། །མིག་དང་བྲལ་བར་གྱུར་པ་རྣམས་ རྐང་པ་ཉིད་ཀྱིས་ནོམ་ཞིང་གཡང་སའི་ལམ་ནས་འགྲོ་བར་བྱེད་པ་ལྟར་གཏན་ཚིགས་སྨྲ་བ་རྣམས་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཏེ། དེ་དག་ནི་ངན་འགྲོར་ལྟུང་བ་ལས་བཟློག་པར་དཀའ་བ་ཡིན་ནོ། །དེའི་ཕྱིར་ན་ཁོ་བོ་ཅག་ནི་གཏན་ཚིགས་སྨྲ་བ་ཚད་མར་མི་བྱེད་དོ། ། གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གཏན་ཚིགས་སྨྲ་བ་ཚད་མར་བསྟན་པ་ཡིན་ནོ་ཞེ་ན། འདི་ལ་འགའ་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། །ཐམས་ཅད་མཁྱེན་པར་སངས་རྒྱས་ལ། །བཏགས་ན་འཇིག་རྟེན་གུས་བྱའི་ཕྱིར། །དེང་སོང་འདི་ན་ཐམས་ཅད་ མཁྱེན་པ་མེད་དེ། དམིགས་པར་མ་གྱུར་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །གང་ཡང་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་ཡིན་ནོ། །ཞེས་བཏགས་པ་ནི་དྲང་པོར་བསྟན་པ་མ་ཡིན་ཏེ། དེ་ནི་འཇིག་རྟེན་པ་རྣམས་ཡིད་ཆེས་པ་བསྐྱེད་པའི་དོན་དུ་ཡིན་ནོ། །འཇིག་རྟེན་པ་རྣམས་ཀྱིས་ སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བར་ཤེས་ན་བདག་ལ་དད་པར་གྱུར་ནས་བསྙེན་བཀུར་བྱེད་པར་འགྱུར་རོ་སྙམ་ནས་བསྟན་པ་ཡིན་ནོ། །དེ་བཞིན་དུ། སངས་རྒྱས་གསུང་ཡང་ཚད་མ་མིན། །བྱས་པའི་ཕྱིར་ན་གཞན་བཞིན་ནོ། །རྫོགས་པའི་སངས་རྒྱས་ཀུན་མཁྱེན་ 98-277b མིན། །སྐྱེས་བུ་ཡིན་ཕྱིར་གཞན་བཞིན་ནོ། །བྱས་པ་ཉིད་ཡིན་པར་མཚུངས་པའི་ཕྱིར་ཆད་པར་སྨྲ་བ་ལ་སོགས་པའི་ཚིག་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་ཚད་མ་མ་ཡིན་པ་ཉིད་དོ། །སྐྱེས་བུ་ཉིད་ཡིན་པར་མཚུངས་པའི་ཕྱིར་རྒྱལ་པོའི་བུ་གཞན་དག་བཞིན་དུ་སངས་རྒྱས་ནི་ཐམས་ ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །གཞན་ཡང་། སངས་རྒྱས་གསུང་ནི་ཚད་མ་མིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར། །ཇི་ལྟར་གང་སྨྲས་དེ་དེ་ལྟར། །གཅེར་བུར་གྱུར་པའི་ལྟ་བ་བཞིན། །སངས་རྒྱས་གསུང་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཚད་མ་མ་ཡིན་ ཞེས་བྱ་བ་ནི་དེའི་ཆོས་སོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །ལྟ་བ་གསུམ་སུན་འབྱིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གསུམ་ལ་ལྟ་བ་ནི་ལྟ་བ་གསུམ་སྟེ། གྲུབ་པའི་མཐའ་གསུམ་མོ། །དེ་སུན་འབྱིན་པར་བྱེད་པ་ནི་ལྟ་བ་གསུམ་སུན་འབྱིན་པའོ། །གང་དང་གང་ལ་ལྟ་ བ་རྣམ་པ་གསུམ་སུན་འབྱིན་པ་ཡོད་པ་དེ་དང་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་གཅེར་བུར་རྒྱུ་བའི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ཏེ། རྨོངས་པ་འཛིན་པ་མེད་པ་ཡང་མི་མཐུན་པར་ཞུགས་པ་ཡིན་ཏེ། དེ་ཡང་འདི་སྐད་གྲག་གོ། །མཆོད་འོས་ཀྱིས་རང་གི་འཁོར་འདུས་ཤིང་ཚོགས་ པ་ན་གྲངས་ཅན་ལ་སོགས་པ་མུ་སྟེགས་བྱེད་རྣམས་ལ་རང་གི་བློས་བརྟགས་པའི་གྲུབ་པའི་མཐའ་ཐམས་ཅད་བྱིན་ཟིན་པ་དང་། དེ་ནས་ཕྱིས་ཚངས་པར་ཡང་ཕྱིན་པར་འགྱུར་བ་ན་དེས་དེ་ལ་སྨྲས་པ། ཚངས་པ་ཆེན་པོ་བདེ་བར་བྱོན། །ཤིན་ཏུ་འཕྱི་བར་འདིར་འོངས་སོ། །བསྟན་བཅོས་ ཐམས་ཅད་བྱིན་ཟིན་པས། །ཁྱོད་ནི་རིག་བྱེད་འདི་ལོང་ཅིག །ཅེས་སྨྲ་བ་དང་། ཕྱིན་ཅི་ལོག་གི་ལྟ་བས་ཉམས་པར་གྱུར་པའི་བློ་ཅན་གང་དག་སྦྱིན་བདག་རྣམས་ཀྱང་འདི་ལྟར་ཕྱིན་ཅི་ལོག་ལ་དགོད་པར་བྱེད་དེ། བྲམ་ཟེ་ལ་ནི་སྦྱིན་མི་བྱ། །ར་གསོད་མི་བཟད་ལས་བྱེད་ཅིང་། །ཁྲུས་ བྱས་བྱུགས་ནས་ཁྱིམ་བཞིན་དུ། །དེ་ཡི་ཟས་ཀྱིས་རྒྱགས་གྱུར་ནས། །སྡིག་པ་མང་པོ་དག་བྱས་པས། །སྦྱིན་བདག་སྡིག་དེས་གོས་པར་བྱེད། །ཇི་ལྟར་རྐུན་མ་ཟན་བྱིན་པས། །དེས་མ་བརྐུས་ཀྱང་འཆིང་བ་ལྟར། །དེ་བཞིན་སྦྱིན་བདག་འཆིང་བ་སྟེ། །སྡིག་པ་བྱེད་ལ་ཟན་བྱིན་ཕྱིར། ། 98-278a ཞེས་བྱ་བ་ལ་སོགས་པ་འབྲེལ་པ་མེད་པ་སྨྲ་བར་བྱེད་ཅིང་། ལྟ་བ་གསུམ་ལ་འཇུག་པར་མི་བྱེད་དེ། དེ་ལྟ་བུ་ནི་ཕྱོགས་གཉི་ག་ལ་གྲགས་པའི་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་ལྟ་བུ་ནི་དཔྱོད་པ་ཅན་གྱིས་ཉེ་བར་བཀོད་པའི་ཕྱོགས་སྔ་མ་བཞིན་ནོ། །འདིའི་ལན་བརྗོད་ པར་བྱ་བའི་ཕྱིར་སྨྲས་པ། སྒྲ་དོན་རིགས་པ་ཤེས་པ་ཡིས། །ཕྱོགས་སུ་ལྷུང་བའི་དུག་སྤངས་ནས། །ཡང་དག་ཅི་བཞིན་ཚོལ་བྱེད་ན། །འདི་ལ་འདི་ལྟར་དཔྱད་པར་བྱ། །གང་གི་ཕྱིར་རང་གི་ལྟ་བ་ལ་མངོན་པར་ཞེན་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་ངེས་པར་འཛིན་པར་མི་ནུས་པས་དེས་ན་ ཕྱོགས་སུ་ལྷུང་བའི་དུག་མེད་པར་བྱས་ལ། སྒྲའི་དོན་ཤེས་པ་དང་རིགས་པ་ཤེས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་དཔྱད་པར་བྱའོ་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པས་བདག་ཉིད་ལ་ཉེ་བར་བསྟན་པ་ཡིན་ནོ། །འདིའི་དཔྱད་པར་བྱ་བ་ཇི་ལྟ་བུ་ཞེ་ན། བརྒྱུད་ནས་འོངས་པས་མ་ཆད་པ། ། ལུང་ཉིད་ཡིན་པས་ལུང་ཞེ་ན། །ཀུན་གྱི་ལུང་ཡང་འགྲུབ་འགྱུར་བས། །ངེས་པར་གང་གི་དེ་ཉིད་གཟུང་། །ཕྲད་ནས་རབ་ཏུ་བྱིན་པ་ཡིན་པས་ན་བརྒྱུད་ནས་འོངས་པ་སྟེ། རང་གི་སྟོན་པའི་ཚིག་རྣམས་སྔ་མའི་རྒྱུད་ལས་ཕྱི་མའི་རྒྱུད་ལ་སྤེལ་བའོ། །དེ་མ་ཆད་པ་ནི་བར་དུ་མེད་པར་མ་གྱུར་ པ་སྟེ། ལུང་ཞེས་བྱ་བ་ནི་དེ་ལྟ་བུ་ཡིན་པར་འདོད་དོ། །དེ་ཡང་རྩ་བའི་རྩ་བ་བརྒྱད་ཅུར་འགྱུར་ལ། དེའི་ཐ་དད་ཀྱི་དབྱེ་བ་ནི་སངས་རྒྱས་པ་དང་། འཛིན་པ་མེད་པ་དང་། འཚོ་བ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་པ་དང་། ཁྱབ་འཇུག་སེམས་པ་པ་དང་། དབྱི་ གུ་གསུམ་པ་དང་། ཀོ་ལྤགས་དུམ་བུ་ཅན་དང་། མཉམ་པར་སྤྱོད་པ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མེ་ཡོ་ཨ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་ལོ་སྐྱོང་བ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། གླང་པོའི་རྒྱལ་མཚན་ཅན་དང་། ཀློག་ཅན་དང་། ནད་ཅན་དང་། རྟ་འདུལ་བ་དང་། ཀ་ལན་ད་ཀ་པ་དང་། སྣོད་གཙང་མ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ 98-278b ལག་ཐམས་ཅད་རལ་ཀའི་ནང་དུ་གཏུམས་པ་དང་། སྒྲོན་མ་ལྷག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་བ་དང་། དབང་པོ་ཆེན་པོ་དང་། ཞ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་ དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། དུང་གི་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་མེད་པ་དང་། ཀུན་དུ་གནོད་པ་མེད་པ་དང་། སྣ་ ཚོགས་ལྟ་བ་དང་། ཀ་ཀན་འདའ་བ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁུངས་ན་གནས་པ་པ་དང་། ཟླ་བ་ཕྱེད་པ་པ་དང་། ཆོས་སེམས་པ་པ་དང་། མ་ལ་གུས་པ་པ་དང་། ཕ་ལ་གུས་པ་པ་དང་། ཟླ་བ་ཤར་བ་པ་དང་། ཉི་མ་ཤར་བ་པ་དང་། ལག་པར་ཟ་བ་པ་དང་། སྙིང་གིས་འཚོ་བ་དང་། འདས་པར་གྱུར་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་པ་དང་། གསུམ་གྱིས་འཚོ་བ་དང་། འཇུག་པ་པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་དང་། ནགས་ན་གནས་པ་དང་། བེའི་ཁན་ས་པ་དང་། བ་ལ་ཁི་ལྱ་བ་ དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པོ་དང་། ཕྱུགས་བདག་པ་དང་། གཽ་ཏ་མ་པ་དང་། ཞིབ་མ་ཅན་དང་། ཤིན་ཏུ་ཁྲུས་བྱས་པ་དང་། མཚེའུའི་འགྲམ་ན་གནས་པ་དང་། འཚོ་བ་པ་དང་། འཁོར་བ་ལས་གྲོལ་བ་དང་། ཐོག་མ་པ་དང་། འཐོར་བྱེད་པ་དང་། བ་ར་དྷ་ཛ་པ་དང་། བ་ ཤའི་གྲངས་ཅན་པ་དང་། པ་ཏན་ཛ་ལ་པ་དང་། ལྷ་མཆོད་པ་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་དུ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ ར་བ་ན་གནས་པ་པ་དང་། མཆོག་གི་མཆོག་པ་དང་། གཅེར་བུ་གཉེན་གྱི་བུ་པ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་བ་དང་། ཀ་ཏ་ཡའི་བུ་དང་། ལྷག་སྤྱོད་ཀྱི་བུ་དང་། བ་ལང་གི་བརྟུལ་ཞུགས་ཅན་དང་། རི་དྭགས་ཀྱི་བརྟུལ་ཞུགས་ཅན་དང་། རྟའི་བརྟུལ་ཞུགས་ཅན་དང་། 98-279a ཁྱིའི་བརྟུལ་ཞུགས་ཅན་དང་། གསོལ་བ་མི་འདེབས་པའི་བརྟུལ་ཞུགས་ཅན་དང་། ཞིབ་པོའི་བརྟུལ་ཞུགས་ཅན་དང་། མེའི་བརྟུལ་ཞུགས་ཅན་དང་། གཞོན་ནུའི་བརྟུལ་ཞུགས་ཅན་དང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དང་། ཆུ་ལས་སྐྱེས་པའི་ ཕྲེང་བ་ཅན་དང་། སོའི་གཏུན་རྡུང་ཅན་དང་། རྡོ་འཐག་པ་པ་དང་། ཡང་དག་པར་ཁྲུས་བྱེད་པ་དང་། ཆོས་ཡང་དག་པར་ལྟ་བ་དང་། སྐྱེས་ནས་དག་པ་དང་། ལས་ཀྱིས་དག་པ་པ་དང་། ཆུ་ལ་བྱི་འཛུལ་བྱེད་པ་དང་། དགོན་པ་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལ་སེམས་ ཡོད་པར་ལྟ་བ་ལ་སོགས་པ་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་པོ་ཐམས་ཅད་ཀྱང་བརྒྱུད་ནས་འོངས་པ་རྒྱུན་ཆད་པ་མེད་པས་ཐམས་ཅད་ཀྱང་རང་གི་དམ་ཚིག་ལས་གྲགས་པའི་ལུང་གི་བསྔགས་པ་བརྗོད་པ་ལ་ཤིན་ཏུ་དཔའ་བས་རྒོལ་བར་བྱེད་དོ། །དེ་ལྟར་གྱུར་ན་ལུང་ཐམས་ཅད་ཀྱང་གྲུབ་ པར་ཐལ་བར་འགྱུར་རོ། །གལ་ཏེ་འདི་དག་ཐམས་ཅད་གྲུབ་ཏུ་ཟད་མོད། སེར་སྣས་ཅི་ཞིག་བྱ་ཞེ་ན། དེ་ནི་འགལ་བ་ཡང་མེད་དོ། །འོན་ཀྱང་གང་ཐམས་ཅད་གྲུབ་པར་གྱུར་ན་དེ་འགྲུབ་པར་མི་འགྱུར་རོ། །དེ་ལུང་གཞན་ཐོས་པར་གྱུར་པས་བློ་གཞན་བསྐྱེད་པར་གྱུར་པའི་རྒོལ་བ་རྣམས་ འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ་ཞེས་རྩོད་པ་འབྱུང་བར་འགྱུར་བས། གལ་ཏེ་རིགས་པས་རྟག་བཟོད་པའི། །ཚིག་གང་ཡིན་པ་དེ་ལུང་ཡིན། །རེ་ཞིག་དེ་ཉིད་དཔྱད་པར་བྱ། །ཕྱི་ནས་དེ་ཡིས་གང་བསྟན་པའོ། །བརྒྱུད་ནས་འོངས་པ་རྒྱུད་ཆད་མེད་པ་བདེན་དུ་ཟིན་ཀྱང་སྟོན་པ་རང་གི་ ཚིག་རིགས་པས་བརྟག་བཟོད་པ་ཡིན་པར་འདོད་པའི་ཚིག་དེ་ཉིད་རེ་ཞིག་འདི་ལྟར་སྟོན་པ་ཇི་ལྟ་བུ་ཞིག་གིས་རིགས་པ་གང་གིས་འདི་ལྟ་བུ་བསྟན་པ་ཡིན་ཞེས་བརྟག་པར་བྱ་བ་ཡིན་ལ། ཕྱི་ནས་ནི་དེའི་ཚིག་དོན་ཅུང་ཞིག་དང་བཅས་པར་བསྟན་པ་དེ་རྣམས་ཀྱང་། ཅི་བརྟག་བཟོད་པ་ཞིག་ཡིན་ ནམ་མ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ནོ། །ཇི་ལྟར་མི་མཁས་པ་འགའ་ཞིག་ནོར་བུ་མཆིང་བུ་ལ། ཡང་དག་པའི་རིན་པོ་ཆེ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ནི་རིན་པོ་ཆེ་ལྟར་སྣང་བ་ཡིན་ནོ། །བསྲེག་པ་དང་བདར་བ་ལ་སོགས་པ་མི་བཟོད་པའི་ཕྱིར། མཆིང་བུ་ཡིན་ནོ་ཞེས་བསྟན་ 98-279b པ་བཞིན་ཞེས་བསྒྲུབས་པ་ན་དེ་ཉིད་ཡང་ལུང་ཡིན་ནོ་ཞེས་སྒྲུབ་པར་བྱེད་ཅིང་རྟོག་པ་ནི་རིགས་པ་མ་ཡིན་གྱི། ཡང་གང་ཞིག་བསྲེག་པ་དང་བདར་དང་བཟོད་པའི་གསེར་བཟང་པོ་བཞིན་དུ་རྣམ་པར་འགྱུར་བ་མེད་པ་དེ་ནི་ལུང་ཡིན་ནོ་ཞེས་བྱ་བའོ། །འདིའི་རིགས་པ་གང་ཡིན་ཞེ་ན། དེ་ལ་དེ་ཡི་ གཉེན་པོའི་ཕྱིར། །ཡེ་ཤེས་གྲོལ་བ་ཞེས་འདོད་དེ། །ནད་ཀྱི་གཉེན་པོ་ཡིན་པའི་ཕྱིར། །སྨན་གྱིས་ནད་ལས་གྲོལ་བ་ཉིད། །ཡེ་ཤེས་ནི་གྲོལ་བ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཀུན་ལ་རབ་ཏུ་གྲགས་པའི་ཕྱོགས་ཡིན་ནོ། །དེ་ནི་མི་ཤེས་པའི་མི་མཐུན་པར་གྱུར་པ་གཉེན་པོ་ཡིན་ པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཇི་ལྟ་བུར་ཞེ་ན། ནད་ཀྱི་གཉེན་པོ་ཉིད་ཀྱི་སྨན་གྱིས་ནད་ལས་གྲོལ་བར་བྱེད་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །གཞན་ཡང་། བྱ་བས་གྲོལ་བ་འཐོབ་པ་མིན། །བྱ་བ་ཡིན་ཕྱིར་ཞིང་ལས་བཞིན། །བློ་མ་ཡིན་ཕྱིར་བརྗོད་བྱའི་ཕྱིར། །ཅུང་ཟད་ དུས་ཅན་ཡིན་ཕྱིར་ཡང་། །འབྲུ་དང་། བྱོལ་སོང་དང་། མར་དང་། ཆུང་མའི་འབྲེལ་པའི་བྱ་བ་རྣམས་ཀྱིས་གྲོལ་བ་འཐོབ་པར་འགྱུར་བ་མ་ཡིན་ཏེ། བྱ་བ་ཡིན་པའི་ཕྱིར་ཐོང་གཤོལ་གྱི་ལས་ཀྱི་བྱ་བ་ལ་སོགས་པ་བཞིན་ནོ། །གཞན་ཡང་། སྐྱེས་བུའི་ཚིག་གི་སྐྱོན་བཅས་ཕྱིར། །ཚད་མ་ མིན་པར་འདོད་ཅེ་ན། །གསེར་རྟོག་ཤེས་སོགས་ཚིག་རྣམས་ཀྱི། །གཏན་ཚིགས་ཉིད་ནི་མ་ངེས་འགྱུར། །འཇིག་རྟེན་ན་སྐྱེས་བུ་གང་དག་གི་ཚིག་ལ་ཐེ་ཚོམ་ཟ་བར་འགྱུར་བ་ཡང་ཡོད་དེ། ཇི་ལྟར་ཆུ་ངོགས་འདི་ན་འབྲས་བུ་ཡོད་དོ་ཞེས་ཟེར་ལ། བརྒྱ་ལ་ནི་ཡོད་ཀྱང་སྲིད། བརྒྱ་ལ་ནི་མེད་ཀྱང་སྲིད་པ་ལྟ་བུའོ། །ཡང་གང་དག་གི་ཚིག་ལ་ཐེ་ཚོམ་ཟ་བར་མི་འགྱུར་བ་ཡང་ཡོད་དེ། འཇིག་རྟེན་ཐམས་ཅད་ལ་ཚད་མར་གྱུར་པ་ཡིན་པའི་ཕྱིར་ཇི་ལྟར་གསེར་ལ་སོགས་པ་རྟོག་ཤེས་པ་བཞིན་ནོ། །དེས་ན་གཏན་ཚིགས་མ་ངེས་པ་ཉིད་ཡིན་པར་ངེས་པར་གཟུང་བར་ བྱ་སྟེ། སྐྱེས་བུ་ཡིན་པའི་ཕྱིར། ཅི་ཆུ་ཀླུང་གི་འགྲམ་ན་འབྲས་བུ་ཡོད་དོ་ཞེས་སྨྲ་བར་བྱེད་པའི་སྐྱེས་བུའི་ཚིག་ཚད་མ་མ་ཡིན་པ་ལྟ་བུ་ཞིག་ཡིན་ནམ། འོན་ཏེ་གསེར་རྟོག་ཤེས་པའི་སྐྱེས་བུ་ལ་སོགས་པའི་ཚིག་བཞིན་དུ་འདིའི་ཚིག་ཚད་མར་གྱུར་པ་ཉིད་གཅིག་ཡིན་ཞེས་བྱ་བ་དེ་ལྟ་ 98-280a བུ་ནི་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་སྐྱེས་བུ་སྐྱོན་གྱིས་ཉམས་པར་གྱུར་པ་ཡིན་པའི་ཕྱིར། སྐྱེས་བུའི་ཚིག་བརྫུན་པ་ཡིན་ནོ་ཞེས་ནི་བདག་མི་སྨྲའི། འོན་ཀྱང་བྱས་པ་ཉིད་ཀྱི་ཕྱིར་ནའོ། །རིག་བྱེད་ནི་འདིར་བྱས་པ་མ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འོན་ཏེ་བྱས་པ་མིན་པའི་ཕྱིར། །རིག་བྱེད་ཚད་མར་སྒྲུབ་ཅེ་ན། །གཏན་ཚིགས་ཐུན་མོང་མིན་ཉིད་དང་། །མ་གྲུབ་པ་ཡི་དོན་ཡང་ཡིན། །རིག་བྱེད་ནི་བྱས་པ་མ་ཡིན་ཏེ། བྱེད་པ་པོ་མེད་པའི་ཕྱིར་རོ། །ཇི་ལྟ་ཞེས་དྲིས་ན་དཔེ་ཡོད་པ་མ་ཡིན་པས་གཏན་ཚིགས་ཐུན་ མོང་མ་ཡིན་པ་ཉིད་ཡིན་ནོ། །སངས་རྒྱས་པ་ལ་ནི་བྱས་པ་མ་ཡིན་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་པར་གྲགས་པས་དེ་གཞན་ལ་མ་གྲུབ་པ་ཉིད་ཀྱང་ཡིན་ནོ། །གཞན་ཡང་ཁྱོད་ཉིད་ཀྱི་ལུང་ལས་ཀྱང་། སྙན་དངགས་རི་ལ་སྙན་རིག་བྱས། །སྲིད་སྲུང་རི་ལ་སྲིད་རིག་བྱས། །སྐལ་ ལྡན་གྱིས་ནི་ཕུག་རོན་ཅན། །དེས་བརྗོད་ཨངྒི་ར་སས་བྱས། །ཞེས་འབྱུང་བ་མ་ཡིན་ནམ། གལ་ཏེ། རྗེས་སུ་བསྟན་ཡིན་སྐྱོན་མེད་དོ། །ཞེ་ན་སངས་རྒྱས་ཀྱིའང་མ་བྱས། །སྔོན་གྱི་སངས་རྒྱས་རྫོགས་སངས་རྒྱས། །ཇི་ལྟར་རྟོགས་དེ་གསལ་བྱས་ཡིན། །གལ་ཏེ་རྗེས་སུ་བསྟན་པ་ཡིན་ པས་རིག་བྱེད་བྱས་པ་མ་ཡིན་པ་ཉིད་ཡིན་ནོ་ཞེས་ཁྱེད་འདོད་ན་སངས་རྒྱས་ཀྱི་གསུང་འདི་ཡང་བྱས་པ་མ་ཡིན་པ་ཉིད་ཡིན་ཏེ། སྔོན་གྱི་སངས་རྒྱས་ཀྱིས་རྫོགས་པར་སངས་རྒྱས་ནས། བསྟན་པ་དེ་དག་ཉིད་ཡི་གེ་མང་ཉུང་མེད་པས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །དེའི་ ཕྱིར་སངས་རྒྱས་ཀྱི་གསུང་ཡང་རྗེས་སུ་བསྟན་པ་ཡིན་གྱི་བྱས་པ་ནི་མ་ཡིན་པས་ཚད་མ་ཉིད་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་བཞི་པ། བྱས་པ་ཉིད་དུ་རྗེས་དཔག་པས། །ཕྱོགས་ལ་རྗེས་སུ་དཔག་པས་གནོད། །བྱེད་པོ་མི་དྲན་མ་ གྲུབ་པས། །གཏན་ཚིགས་འདི་ནི་མ་གྲུབ་ཉིད། །རིག་བྱེད་བྱས་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་མི་ནུས་པ་མ་ཡིན་ནོ། །ཇི་སྐད་སྨྲ་བར་ཡང་མི་ནུས་ཏེ། རིག་བྱེད་ནི་ཚད་མ་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། གྲངས་ཅན་ལ་སོགས་པའི་ཚིག་བཞིན་ནོ། །གང་ཡང་རིག་བྱེད་ 98-280b མ་བྱས་པ་ཡིན་ཏེ། བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་ཟེར་བ་དེ་ལ་ཡང་དགོན་པ་སྟོང་པ་ན་ཡོད་པའི་ཁྲོན་པ་བཞིན་དུ། བྱེད་པ་པོ་མི་དྲན་དུ་ཟིན་ཀྱང་བྱེད་པ་པོ་ཡོད་པ་ཉིད་ཡིན་པས་བདག་དང་གཞན་ལ་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཞན་ཡང་གལ་ཏེ་ སྔགས་ཀྱི་བྱེད་པོ་སྔོན། །སྔགས་དང་བཅས་པར་བྱུང་གྱུར་པས། །བྱེད་པོས་བྱས་ཀྱང་མ་བྱས་པར། །ཁྱོད་ཀྱིས་བསྟན་བཅོས་སྔོན་འདོད་པས། །གལ་ཏེ་ཁོ་བོ་ཅག་གི་སྔགས་ཀྱི་བྱེད་པ་པོ་ནི་སྐྱེ་དགུའི་བདག་པོ་ཡིན་པ་དེ་ནི་སྔགས་དང་ལྷན་ཅིག་ཏུ་བྱུང་བ་ཡིན་པས་དེའི་ཕྱིར་དེས་ བྱས་སུ་ཟིན་ཀྱང་མ་བྱས་པ་ཡིན་ནོ་ཞེ་ན། དེ་དང་ལྷན་ཅིག་བྱུང་བཅས་ཕྱིར། །སྐྱེ་བ་དྲན་པས་སྨྲས་པ་བཞིན། །བསྟན་བཅོས་བྱེད་པོ་དང་བཅས་ན། །འདི་ལྟར་ཅི་ཕྱིར་སྨྲ་མི་བྱེད། །སྔགས་ཟློས་པ་དང་བཅས་བཞིན་དུ་སྐྱེ་དགུའི་བདག་པོ་སྐྱེས་པ་ཡིན་ན། ཅིའི་ཕྱིར་འདི་འདིའི་བྱེད་ པ་པོར་མི་འགྱུར། ཇི་ལྟར་སྐྱེ་བ་དྲན་པ་ཅུང་ཞིག་སྨྲ་བ་དང་བཅས་བཞིན་དུ་སྐྱེ་བར་གྱུར་པ་ན་དེ་ལ་སྐྱེ་བ་དྲན་པས་བྱས་པ་ཞེས་རྗོད་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་སྐྱེ་དགུའི་བདག་པོ་སྔགས་བརྗོད་པ་དང་བཅས་པར་སྐྱེ་བར་གྱུར་པས་དེ་བྱས་པ་ཡིན་བཞིན་དུ་མ་བྱས་པ་ཞེས་ཇི་ལྟར་ བརྗོད་པ་དེ་བཞིན་དུ། རྟོགས་དང་རྗེས་སུ་མཐུན་ཕྱིར་རམ། །དེ་བཞིན་ཡི་གེའི་ལུགས་ལྡན་ཕྱིར། །རིག་བྱེད་ཚིག་རྣམས་གཟུང་བྱ་མིན། །བྱེད་པོ་སྐྱེས་བུ་མིན་ནམ་ཅི། །རིག་བྱེད་ཀྱི་ཚིག་ནི་སྐྱེས་བུས་བྱས་པ་ཉིད་ཡིན་ཏེ། ཡི་གེས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དང་། ཡི་གེས་རྗེས་སུ་ ཕན་འདོགས་པའི་ཕྱིར་དང་། ཡི་གེའི་ལུགས་དང་ལྡན་པའི་ཕྱིར་གྲངས་ཅན་ལ་སོགས་པ་བཞིན་ཏེ། ཇི་ལྟར་འདིར། ལྟེ་བའི་ཕྱོགས་ན་གནས་པའི་སྲོག་གི་རླུང་སྟེང་དུ་འབྱུང་བར་བྱེད་པ་ན་སྙིང་ག་དང་། མགྲིན་པ་དང་། མགོ་བོ་དང་། མཚོག་མ་དང་། སྣའི་རྩེ་མོ་དང་། སོ་དང་། མཆུ་ ལ་སོགས་པའི་གནས་རྣམས་ལ་ཐུག་པར་གྱུར་པ་དང་། བྱེད་པ་དང་། འབད་པའི་རྐྱེན་ཚོགས་པར་གྱུར་པས་ཀ་ལ་སོགས་པའི་ཡི་གེ་རྣམས་བསྐྱེད་ནས། བདག་དང་གཞན་རྣམས་ཀྱིས་ཡི་གེའི་ཆ་རྟོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་རིག་བྱེད་ཀྱི་ཚིག་ཀྱང་འབད་པས་བསྐྱེད་ནས་ཡི་གེའི་ 98-281a ཆ་རྟོགས་པ་སྐྱེ་བར་འགྱུར་བ་ཡིན་ནོ། །ཇི་ལྟར་སྐྱེས་བུའི་ཚིག་ཡི་གེར་སྒྲུབ་པ་ལ་རྗེས་སུ་མཐུན་པ་ཡིན་པ་དེ་བཞིན་དུ་རིག་བྱེད་ཀྱི་ཚིག་ཀྱང་ཡི་གེར་མངོན་པར་གྲུབ་པ་ལ་རྗེས་སུ་མཐུན་པ་ཡིན་ནོ། །ཡང་ན་ཇི་ལྟར་གྲངས་ཅན་ལ་སོགས་པའི་ཚིག་རྣམས་ཡི་གེ་བརྗོད་ པའི་རིམ་གྱིས་འདོན་པར་བྱེད་པ་དེ་བཞིན་དུ་རིག་བྱེད་ཀྱི་ཚིག་ཀྱང་ཡིན་ནོ། །དེས་ན་འདི་སྐྱེས་བུས་བྱས་པ་མ་ཡིན་པ་ཡིན་ཞེས་བྱ་བ་ཇི་ལྟ་བུ་ཡིན། གནས་དང་། བྱེད་པ་དང་། འབད་པ་ལ་སོགས་པ་གང་དག་གིས་ཡི་གེ་མངོན་པར་བསྒྲུབས་པ་ལས་རྗེས་སུ་དཔག་ནས་མ་སྐྱེས་ པའི་ཡི་གེ་ནི་ཡོད་པ་མ་ཡིན་པས་རིག་བྱེད་ནི་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་མ་གྲུབ་ལ། རྗེས་སུ་དཔག་པ་དང་འགལ་བ་དང་གྲགས་པས་ཀྱང་གནོད་པ་ཡང་ཡིན་ཏེ། འཇིག་རྟེན་ན་ནི་སྐྱེ་དགུའི་འབད་པ་ལ་ལྟོས་ནས་ཡི་གེ་མངོན་པར་འགྲུབ་པ་མཐོང་གི །གློ་བུར་དུ་ནམ་མཁའ་འམ་ རི་ལ་སོགས་པ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་ན། རིག་བྱེད་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བརྟགས་པ་ཙམ་ཁོ་ན་ཡིན་ནོ། །འདིས་ཀྱང་རིག་བྱེད་ཚིག་རྣམས་ནི། །སྐྱེས་བུས་བྱས་པ་ཡིན་པར་འདོད། །བརྗོད་འདོད་དོན་གྱི་བློ་སྐྱེ་བའི། །རྒྱུ་ཕྱིར་འདོད་པ་སྤྱོད་པ་ བཞིན། །བརྗོད་པར་འདོད་པ་ནི་བརྗོད་པར་འདོད་པའི་དོན་ཏོ། །དེ་ལ་བརྗོད་པར་འདོད་པའི་དོན་གྱི་བློ་སྐྱེ་བའི་རྒྱུ་ནི་བརྗོད་འདོད་དོན་གྱི་བློ་སྐྱེ་བའི་རྒྱུའོ། །དེའི་ཕྱིར་དངོས་པོ་ནི་བརྗོད་པར་འདོད་པའི་དོན་གྱི་བློ་སྐྱེ་བའི་རྒྱུ་ཉིད་དོ། །དེའི་ཕྱིར་ན། བརྗོད་འདོད་དོན་གྱི་བླ་སྐྱེ་བའི། །རྒྱུ་ཕྱིར་ ཞེས་བྱ་བ་སྟེ། དཔེར་ན་འདོད་པ་དང་། བརྗོད་པ་དང་། འགྲོ་བ་དང་། འོང་བ་ལ་སོགས་པ་བསམས་ཤིང་འདོད་པ་ནི་དོན་ཞེས་བྱ་སྟེ། དེ་ལྟ་བུའི་གཏན་ཚིགས་ཡོད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་ཆུ་ས་མཁའ་ཞེས་བྱ་བ་ནི་ཆུ་དང་། ས་དང་ནམ་མཁའི་དོན་མངོན་པར་བརྗོད་པ་ཅན་ གྱི་ཚིག་ཡིན་ལ། དེ་ལྟ་བུ་ལ་སོགས་པའི་རིག་བྱེད་ཀྱང་བརྗོད་པའི་དོན་གྱི་བློ་སྐྱེད་པའི་རྒྱུ་ཡིན་པས་ཇི་ལྟར་ན་འདི་སྐྱེས་བུས་བྱས་པ་མ་ཡིན། ཡང་བསྟན་བཅོས་ཕལ་ཆེར་ནི་སྐྱེས་བུ་དམ་པས་བྱས་པ་ཡིན་ཏེ། དགེ་བའི་ཆོས་ཀུན་དུ་སྡུད་པའི་ཕྱིར། ཁྱད་པར་དུ་སྐྱེས་བུ་མི་བཟད་པས་བྱས་ 98-281b པ། རིག་བྱེད་འདི་ནི་གཞལ་བྱ་སྟེ། །འབྱུང་པོ་འཚེ་དང་ཆང་འཐུང་བརྫུན། །སྨྲ་ཕྱིར་མ་གའི་བསྟན་བཅོས་བཞིན། །མ་ག་ལ་སོགས་པ་ཕྱིན་ཅི་ལོག་གི་བརྟུལ་ཞུགས་ཅན། པར་སིག་ལ་སོགས་ཀླ་ཀློའི་གནས་ན་གནས་པ་དེ་དག་གི་གྲུབ་པའི་མཐའ་ནི་འདི་ལྟར་གྲགས་ཏེ་ས་ལ་གནོད་པ་ བྱེད་པ་ཡིན་པའི་ཕྱིར། གྲོག་མ་ལ་སོགས་པ་བསད་པ་ནི་ཆོས་མ་ཡིན་པ་མ་ཡིན་ནོ། །བ་ལང་བསད་ན་རྭ་བརྩེགས་པ་ལ་བརྟེན་ནས་མཐོ་རིས་སུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཕྱུགས་ཀྱི་སྙིང་བསྲེགས་པས་བདུགས་ན་གནས་མཐོན་པོ་གོང་མའི་ནམ་མཁར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུ་ དང་། དེ་བཞིན་དུ་བུད་མེད་ཐམས་ཅད་ནི་གཏུན་དང་། མེ་ཏོག་དང་འབྲས་བུ་དང་གཡོས་ཟིན་པའི་ཟས་དང་། ཁྲུས་བྱ་བའི་འབབ་སྟེགས་དང་། ལམ་ཞེས་བྱ་བ་ལ་སོགས་པ་དང་འདྲ་བ་ཡིན་པས་མ་དང་། སྲིང་མོ་དང་། བུ་མོ་ལ་སོགས་པ་ལ་བགྲོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་བ་ནི་ལེགས་ པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད་པའི་མ་གའི་གྲུབ་པའི་མཐའ་དེ་དང་རིག་བྱེད་ལ་ཁྱད་པར་ཅི་ཞིག་ཡོད་དེ། གང་གི་ཕྱིར་རིག་བྱེད་པས་སྨྲས་པ། རིག་བྱེད་འཚེ་བ་གང་བསྟན་པ། །བསྟན་བཅོས་གཞན་དུ་སྨད་གྱུར་ཀྱང་། །དེས་ནི་སྡིག་བྱས་མི་འགྱུར་བར། །གཞན་དུ་སྐྱེ་བ་དག་གིས་བསྟན་ ཏོ་ཞེས་བྱ་བ་ལ་སོགས་པ་དང་། སྦྲང་རྩིས་བསྡུ་བར་བྱའོ་ཞེས་བྱ་བ་དང་། བ་ལང་ཡང་གསད་པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་མེ་ལ་སྐྱེས་བུ་དང་། རྟ་དང་། བ་ལང་དང་། ར་རྣམས་བསྲེག་ཅིང་གསད་པར་བྱའོ། །ཡང་ན་འདི་དག་དབུགས་བསུབས་ལ་གསད་པར་བྱ་ སྟེ། སེམས་པ་མེད་པར་བྱའོ། །ཡང་ན་མེས་བསྐོར་བའི་དཀྱིལ་དུ་ཚ་བས་གདུང་བར་བྱའོ་ཞེས་བྱ་བ་དང་། ཡང་ན་རྟ་དག་གི་མཆོད་སྦྱིན་ལ་རྟ་རེ་རེ་ལ་ཁབ་ལྔ་བརྒྱ་ལྔ་བརྒྱ་བཙུགས་ལ་ཤིན་ཏུ་ཟུག་གཟེར་དང་ལྡན་པར་བྱས་ནས་སྦྱིན་སྲེག་བྱའོ་ཞེས་རྗེས་སུ་གནང་བ་ཡོད་པ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པར་བྱ་བ་ཡང་རྗེས་སུ་གནང་ངོ་ཞེས་བ་ལང་གི་བརྟུལ་ཞུགས་ཅན་གྱི་མཆོད་སྦྱིན་ལས་བསྟན་ཏེ། བྲམ་ཟེས་བ་ལང་གི་མཆོད་སྦྱིན་བྱས་ནས་ལོ་གཅིག་གི་བར་དུ་བ་ལང་གི་བརྟུལ་ཞུགས་ལ་གནས་པར་བྱ་སྟེ། བ་ལང་བཞིན་དུ་ཆུ་བཏུང་ 98-282a ཞིང་རྩྭ་ཡང་གཅད་པར་བྱ་ལ། མ་ལ་ཡང་བཞོན་པར་བྱ། མའི་སྤུན་ཟླ་ལ་ཡང་བཞོན་པར་བྱ། རང་གི་རིགས་ལ་ཡང་བཞོན་པར་བྱ་སྟེ། གང་དང་གང་དུ་ཞུགས་ཤིང་འདུག་པ་དེར་རྙེད་པ་དེ་དང་དེ་ལ་སྤྱད་ཅིང་བ་ལང་བཞིན་དུ་སྤྱད་ན་འཇིག་རྟེན་ཐམས་ ཅད་ལས་རྒྱལ་བར་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་རྟོགས་པ་ལ་ཕན་པའི་ཡལ་ག་ལས་ཀྱང་བ་ལང་གི་ཆོས་བཞིན་དུ་རྐང་ལག་བཞི་བཙུགས་ཤིང་གདོང་ཐུར་དུ་བལྟར་བཅུག་ལ། དེའི་མོ་མཚན་ལ་བསྣམས་ལ། བྲམ་ཟེའི་གདོང་གིས་ནམ་མཁའ་ལ་བལྟ་བར་བྱའོ། །ཅིའི་ ཕྱིར་འདི་སྐད་དུ་བསྟན་ཞེ་ན། ལམ་ཡངས་པ་འདི་ནི་ལྷར་འགྲོ་བའི་ལམ་སྟེ། གང་བུ་དང་ལྡན་པ་དེ་འདི་ནས་སོང་ནས་མྱ་ངན་མེད་པར་འགྲོ་བའི་ཕྱིར་རོ། །བྱོལ་སོང་ནི་ལོ་རྒན་གཞོན་མི་ལྟའོ། །དེ་བཞིན་དུ་དེས་ཀྱང་མ་ལ་ཡང་འཁྲིག་པ་སྤྱད་པར་བྱའོ་ཞེས་བསྟན་པས་འདོད་པ་དང་མཚུངས་ པར་ལྡན་པ་ལ་མི་བདེན་པའི་ཚིག་ཀྱང་ཡོད་པ་མ་ཡིན་ལ། ངོ་ཚ་དང་ཡང་ཤིན་ཏུ་བྲལ་བར་གྱུར་པ་ཉིད་ཡིན་ནོ། །དེ་ལ་ཡང་མཆོད་སྦྱིན་བྱེད་པས་འཁྲིག་པ་མངོན་པར་འདོད་ན་གཞོན་ནུ་མ་དང་བསྲུབ་པར་བྱ་སྟེ། མྱུར་དུ་ཤུགས་ཀྱིས་སྤྱད་ཅིང་མཉམ་དུ་བསྲུབས་ལ་དེ་ཉིད་དུ་གཞག་གོ། ། དྲག་ཏུ་ཁྱུ་མཆོག་བཞིན་དུ་བྱའོ། །གང་བུད་མེད་རྒན་པ་ལ་སྤྱད་ན་ནི་དེ་ནས་གཞོན་ནུ་མ་ལ་མཆོད་སྦྱིན་བྱེད་པས་འཁྲིག་པར་བྱ་སྟེ། ཇི་ལྟར་ས་ཀུ་ནི་ལ་གནོད་པ་བྱས་ན་ཀུ་ཅོ་འདོན་ཞིང་རྒོལ་བར་བྱེད་པ་ལྟར་དེ་ཡང་ཀུ་ཅོ་འདོན་པར་བྱེད་རྡེག་པར་བྱེད་ཀྱང་དེ་ཉིད་ཀྱི་ནང་དུ་སྔར་ཇི་ལྟར་བསྟན་པ་ལྟར་ས་ བོན་བླུགས་པར་བྱའོ། །དེ་ལ་བདག་པོས་ཡང་སྨྲས་པ། གང་ལས་སྐྱེས་བུའི་ས་བོན་འབྱུང་བ་འདི་ལ་ཁྱོད་དགའ་བར་གྱིས་ཤིག །འདི་ནི་ཁྱོད་ཀྱི་ཡིན་ནོ། །གང་བརླ་གཉིས་ཀྱི་བར་ན་གནས་པའི་ཁྱོད་ཀྱི་ཉེར་གནས་ཞེས་བྱ་བ་འདིའི་ནང་དུ་ངའི་ཕོ་མཚན་འདིས་བརྡེག་པར་བྱའོ་ཞེས་བྱ་ བ་བསྟན་པ་དང་ཆང་བཏུང་བར་ཡང་བསྟན་ཏེ། ནོར་བུ་སྐུད་པ་ལ་བསྐུས་པའི་མཆོད་སྦྱིན་བར་ཏ་ཀའི་དུམ་བུ་ལས་ཆང་འདི་འཐུངས་ཀྱང་ཉམས་པར་མི་འགྱུར་ཏེ། འདི་ནི་སྐྱེ་དགུའི་བདག་པོས་སྟོབས་བསྐྱེད་པ་ཡིན་ནོ་ཞེས་འདི་ལྟ་བུར་རིག་ནས་ཆང་འཐུང་བ་ནི་སྐྱེ་དགུའི་བདག་པོས་སྟོབས་ 98-282b བསྐྱེད་པར་བྱས་པ་ཉིད་ཡིན་ནོ་ཞེས་བསྟན་པ་དང་བསྐུ་བར་ཡང་འབྱུང་སྟེ། དྲན་པར་བྱེད་པའི་བསླབ་པའི་འཁོར་ལོ་ལས། ཉི་མ་བདུན་དུ་ལྟོགས་ན་དམངས་རིགས། །ཉི་མ་བཅུ་གཉིས་པ་ལ་རྗེའུ་རིགས་ཀྱི། ཟླ་ཕྱེད་ཡིན་ན་རྒྱལ་རིགས་དག་གིའོ། །སྲོག་ལ་ཐུག་ན་ལན་གཉིས་སྐྱེ་བའོ། ། གང་དག་སྲོག་ནི་གཟུང་བའི་ཕྱིར། །སྡིག་པའི་ལས་དག་བྱེད་པ་སྟེ། །དེ་ནི་ཆོས་འདོད་མིན་ཞེས་བྱ། །རྒུད་དུས་ཆོས་འདི་ཤེས་པར་བྱ། །ཞེས་བྱ་བ་དང་། དེ་བཞིན་དུ་འདི་དག་ཐམས་ཅད་ནི་ཚངས་པས་བྲམ་ཟེའི་དོན་དུ་བསྐྱེད་པ་ཡིན་པར་འདོད་ལ། བྲམ་ཟེའི་སྟོབས་དང་བྲལ་བར་གྱུར་པས་ དམངས་རིགས་ཀྱིས་ཀྱང་ཡོངས་སུ་སྤྱོད་པ་ཡིན་ནོ། །དེ་ལྟ་བས་ན་བྲམ་ཟེ་རང་གི་རྫས་རང་གིས་སྤྱོད་ཅིང་འཛིན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། བརྫུན་དུ་སྨྲ་བ་ཡང་འདི་ལྟར་འབྱུང་སྟེ། ཁྱོད་ཀྱི་མས་ཀྱང་རྗེས་སུ་གནང་། ཕས་ཀྱང་རྗེས་སུ་གནང་། སྤུན་ཟླས་ཀྱང་རྗེས་སུ་གནང་། མངལ་གཅིག་པས་ཀྱང་རྗེས་སུ་གནང་། རིགས་གཅིག་པས་ཀྱང་རྗེས་སུ་གནང་ཞིང་། དེ་དག་གིས་འདི་ལྟར་འདོད་པ་ཡིན་པ་ལ་ཁྱོད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་སྨྲ་བར་བྱེད་ཀྱང་། བྱོལ་སོང་རྣམས་ནི་སེམས་ཀུན་དུ་རྨོངས་པ་ཡིན་པས་གནང་བ་སྟེར་བ་ཡང་རིགས་པ་མ་ཡིན་ལ། རང་གི་དགེ་བའི་ལས་བྱས་པ་མེད་པར་མཐོ་རིས་སུ་འགྲོ་བ་ཡང་མེད་དོ། །མཆོད་སྦྱིན་དེ་ཉིད་དུ་བྱོལ་སོང་ལ་འདི་སྐད་ཀྱང་རྗོད་པར་བྱེད་དེ། ཁྱོད་ཀྱི་སྲོག་ནི་རླུང་དུ་འགྱུར་བ་ཡིན། ཁྲག་ཆུར་ཡིན། རུས་པ་ནི་སར་ཡིན། ཡིད་ནི་ཟླ་བར་ཡིན། མིག་ནི་ཉི་མར་ཡིན། ལྷ་གང་ཡིན་པ་དེ་ནི་ནམ་ མཁར་ཡིན་ནོ་ནམ་མཁར་ཡིན་ནོ་ཞེས་སྨྲ་བར་བྱེད་པ་དང་། དེ་བཞིན་དུ་སྦྱིན་སྲེག་མཁན་པོས་རྟ་གསོད་པར་བྱེད་པ་ན་འདི་ལྟ་བུའི་སྔགས་བརྗོད་ཅིང་སྨྲ་བར་བྱེད་དོ། །ཁྱོད་འདིར་གསོད་ཅིང་འཆིང་བ་མ་ཡིན་གྱི། འདི་ལྟ་བུའི་སྤྱོད་པ་དང་བྲལ་བ་ལྷའི་གནས་སུ་སྔོན་བྱས་པའི་ལས་བཟང་པོས་སྙིང་དུ་ སྡུག་པ་དང་གྲོགས་རྣམས་དང་ལྷན་ཅིག་ཏུ་མཆོད་སྦྱིན་ལ་སོགས་པའི་གནས་ཉི་མས་སྦྱིན་པར་བྱེད་དོ་ཞེས་རྣམ་པར་འཚེ་བར་བྱེད་བཞིན་དུ་ཡང་ཁྱོད་འཆི་བར་མི་འགྱུར་རོ་ཞེས་བརྫུན་དུ་སྨྲ་བར་བྱེད་དེ། བྱོལ་སོང་ཉོན་མོངས་དེས་དེའི་དོན་ཡང་གོ་བར་མི་འགྱུར་རོ། །དེ་བཞིན་དུ་ 98-283a མཆོད་སྦྱིན་གྱི་ཆོ་ག་ལས་འདི་སྐད་སྨྲས་ཏེ། འདིར་བདག་གིས་མེ་ལ་མཆོད་སྦྱིན་བྱས་སོ། །སྲོག་གི་མཐར་ཐུག་པ་རྣམས་འདོད་འཇོའི་བའམ་ལྷའི་བུ་མོར་འགྱུར་རོ། །བཅིངས་པ་མཐར་ཐུག་པ་རྣམས་གཅིག་གམ། བཅུའམ། བརྒྱའམ། སྟོང་ངམ། ཁྲིའམ། འབུམ་མམ། བྱེ་བའམ། དུང་ཕྱུར་རམ། ས་འདིའམ། མཐོ་རིས་ལ་དབང་བར་འགྱུར་རོ་ཞེས་སྨྲ་ཡང་སྦྱིན་སྲེག་བྱས་པའི་སྲོག་མཐར་ཐུག་པ་དེ་རྣམས་འདོད་འཇོའི་བར་འགྱུར་བའམ། ལྷའི་བུ་མོར་འགྱུར་བ་མ་ཡིན་ཏེ། སེམས་པ་དང་བྲལ་བའི་ཕྱིར་རོ། །ཡང་དེ་ལས་འཁྲི་ཤིང་ཉི་མ་ ཞེས་བྱ་བ་རྡོས་བརྡུང་བ་ན་རིག་བྱེད་བཀླགས་ན་དེ་ཉན་པར་བྱེད་དོ་ཞེས་སྨྲ་བར་བྱེད་ལ། རྡོ་ལ་ནི་རྣ་བའི་དབང་པོ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྦྲང་རྩི་མྱོང་བར་བྱེད་པ་དང་། བག་སྣ་བྱེད་པ་དང་། མངལ་ཉེ་བར་ལེན་པ་དང་། བུ་བཙས་པ་དང་། མཆོད་སྦྱིན་གྱི་དུས་སུ་བརྗོད་པ་དེ་དག་ ཐམས་ཅད་ཇི་ལྟ་བ་བཞིན་གྱི་འབྲས་བུ་ཡོད་པ་མ་ཡིན་གྱི། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ནི་བརྫུན་དུ་སྨྲས་པ་ཡིན་ནོ། །རིག་བྱེད་ལས་སྨྲས་པ་ཕལ་ཆེར་ནི་འབྲེལ་པ་མེད་པའི་ངག་ཀྱལ་བ་མང་དུ་བརྗོད་པ་ཡང་ཡིན་ཏེ། འདི་ལྟར་ལྷ་ཚངས་པས་ནི་ཁྱོད་བསྐྱེད་དོ། །ཐ་སྐར་གྱི་བུ་ནི་དཔུང་པ་ ཡིན་ནོ། །རྒྱལ་ནི་ལག་པ་དག་གོ། །མེ་ལྷ་མཆོད་པའི་ཁས་ནི་ཁྱོད་བླངས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་བུའི་སྦྱིན་བདག་བསླུ་བ་འབའ་ཞིག་གི་ཕྱིར་བཅོས་མ་བྱས་པ་ཡིན་ཏེ། ལྷ་ཚངས་པས་ཅི་ལྟར་དེའི་ཕྱིར་གསོལ་བ་འདེབས་པའི་བྱ་བ་བྱེད་ཅིང་། ཅི་ལྟར་དེ་དང་ཉེ་བར་ འོང་བར་འགྱུར། དེ་བཞིན་དུ་བདག་དང་གཞན་གཉིས་ཀྱིས་མཉམ་དུ་གླུར་ལེན་པར་བྱེད་དེ། འདི་ལྟར་ཚངས་པ་དེ་ནི་རྒྱ་ཆེར་གཙང་བར་བྱེད་དེ། སྭ་ཏེ། ཧེ་ཧེ་ཧེ། ཧོ་ཧོ་ཧོ། ཧཱ་ཧཱ་ཧཱ། ཨི་ཧི་ཨཱི། གཙོ་བོ་མིན་པ་ལུས་ཀུན་དུ་སྣ་ཚོགས་ལྷ་དེ། ཧོ་ཧོ་ཧོ། ཨ་ཧཱ། ཨ་ཧཱ། ཨ་ཧཱ། ཧཱ་ཧཱ་ཧཱ། ཨཱ་ཨཱ། ཧཱ་ཧཱ་ཧཱ་ཞེས་བྱ་བ་ལ་སོགས་པ་དོན་མེད་པའི་ཚིག་ཉི་ཚེ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་རྟས་དག་གི་མཆོད་སྦྱིན་ལས། མཆོད་སྦྱིན་བྱེད་པས་ཆུང་མ་ལ་འདི་སྐད་དུ། སྐྱེས་བུ་གཞན་ལ་ཕར་ཞོན་ཞིང་འགྲོ་བ། ཁྱོད་ཅེས་གཤེ་བར་བྱེད་ཅིང་ཁྲོས་ 98-283b ནས་རྟའི་ཕོ་མཚན་དེའི་མར་འཛུགས་ཤིང་སུན་འབྱིན་པར་བྱེད་དོ། །གཞན་ཡང་བདག་གིས་འདི་ལྟར་ཐོས་ཏེ། མཆོད་སྦྱིན་ཤིང་ཤུན་ཅན་ཞེས་བྱ་བ་སུ་ལ་ཡང་རིག་བྱེད་སྨྲ་བར་བྱེད་པའི་བྲམ་ཟེ་མོ་དང་རྩོད་པ་ལས་དེ་རྒྱལ་བར་གྱུར་ཏོ། །དེ་ནས་དེས་དེ་དང་འཁྲིག་པ་སྤྱད་ པ་ལས། ཨ་ཤྭད་ཐའི་འབྲས་བུ་ཟ་བ་སྐྱེས་ཏེ། དེ་རིག་བྱེད་ཀྱི་སློབ་དཔོན་ཡིན་ཞེས་གྲག་གོ། །དེ་བཞིན་དུ་ཡ་མུ་ནའི་ཆུ་བོའི་གླིང་གི་བར་དུ་དྲང་སྲོང་པར་ཤ་དེ་ཚུལ་ཁྲིམས་ཉམས་ནས་ཉ་པའི་བུ་མོ་སྟོབས་ཀྱིས་བླངས་ནས་འདོད་པ་སྤྱད་པ་ལས་དྲང་སྲོང་འབྱས་སྐྱེས་སོ། །དེ་རིམ་གྱིས་ཀོ་ ཤི་ཀ་ཞེས་བྱ་བའི་ཚོགས་ཅན་མ་དང་འདོད་པ་སྤྱད་པ་ལས་དྲང་སྲོང་ནེ་ཙོ་ཞེས་བྱ་བར་སྐྱེས་སོ། །དེའི་རྐང་པའི་རྟིང་པས་དེའི་མགོ་ལ་བརྒྱབ་པ་དང་། དེས་སྨྲས་པ། མཛེས་ཁྱོད་ཕྲག་དོག་གིས་བསྡམས་ནས། །རོ་སྨད་ལྕིད་ཁུར་རྐང་པ་ཡིས། །བདག་གི་མགོ་བོར་བརྒྱབ་པ་ནི། །ཨེ་མའོ་ བདག་ནི་རྗེས་སུ་བཟུང་། །གང་དག་འདོད་པས་སྐོམ་གྱུར་ནས། །སྨད་མཛེས་མདངས་ལྡན་མ་ཁྱོད་ལ། །གཞོལ་ནས་རྐང་པས་བརྒྱབ་གྱུར་པས། །བདག་གིས་ཅི་ཞིག་ཐོབ་མ་གྱུར། །ཞེས་བྱ་བ་ལ་སོགས་པ་གྲག་པར་ཐོས་ཏེ། དེ་ལྟར་ཚངས་པར་སྤྱོད་པ་མ་ཡིན་པ་འདོད་པ་ལ་ཞེན་ཅིང་ ཆགས་ལ་འཆུམས་པས་རིག་བྱེད་གཅིག་དུམ་བུ་བཞིར་བྱས་པ་ཡིན་ནོ་ཞེས་གྲག་གོ། །དེའི་ཕྱིར་ན་ཇི་ལྟར་ན་རིག་བྱེད་སྐྱེས་བུ་དམ་པ་མ་ཡིན་པས་བྱས་པ་མ་ཡིན། འདི་ལྟར་བརྗོད་པར་ཡང་བྱ་སྟེ། རིག་བྱེད་ནི་ཆོས་རྟོགས་པ་ལ་ཚད་མར་གྱུར་པ་མ་ཡིན་ཏེ། འཚེ་བ་དང་། ཚངས་པར་ སྤྱོད་པ་མ་ཡིན་པ་དང་། ཆང་འཐུང་བ་ལ་སོགས་པ་གསལ་བར་བྱེད་པ་དང་། རྗེས་སུ་མཐུན་པའི་ཚིག་བརྗོད་པའི་ཕྱིར་རྔོན་པ་དང་། པར་སིག་ལ་སོགས་པ་འཚེ་བ་ཡོངས་སུ་སྨྲ་བའི་ཚིག་བཞིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱི་ས་ལ་སོགས་པར་བྱོལ་སོང་བསད་པས་ཆོས་ བསྒྲུབ་པ་མ་ཡིན་ཏེ། གནོད་སེམས་སྔོན་དུ་སོང་བ་ཡིན་པའི་ཕྱིར་བསྐྱེད་ནས་གསོད་པར་བྱེད་པའི་སེམས་བཞིན་ནོ། །རིག་བྱེད་ནི་ཆོས་རྟོགས་པ་ལ་ཚད་མར་གྱུར་པ་མ་ཡིན་ཏེ། གང་གི་ཕྱིར་བགྲོད་པར་བྱ་བ་མ་ཡིན་པ་ལ་ཡང་བགྲོད་པར་བྱ་བར་ཉེ་བར་སྟོན་པའི་ཕྱིར་མེད་པ་པ་ 98-284a དང་། པར་སིག་གི་བསྟན་བཅོས་བཞིན་ནོ། །ཡང་ན་འདོད་པ་དང་གནོད་སེམས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་སླུས་བྱེད་པའི་བསྟན་བཅོས་བཞིན་ནོ། །གལ་ཏེ་ཡང་རིག་བྱེད་ལས་བསྟན་པའི་འཚེ་བ་ནི་མི་འདོད་པའི་འབྲས་བུ་འབྱུང་བ་མ་ཡིན་ཏེ། སྔགས་ ཀྱིས་ཡོངས་སུ་བཟུང་བའི་ཕྱིར། དུག་ཉེ་བར་ལོངས་སྤྱོད་པར་བྱེད་པ་བཞིན་ནམ། བསྟན་བཅོས་ལས་འབྱུང་བ་ཡིན་པའི་ཕྱིར་སྦྱིན་པ་བཞིན་ནོ་ཞེ་ན། ཚད་མ་གཉིས་ཉེ་བར་དགོད་པར་བྱས་པ་དེ་ལ་སློབ་དཔོན་གྱིས་ལན་སྨྲས་པ། གལ་ཏེ་གནོད་སེམས་མི་འདོད་པའི། །འབྲས་བུ་མི་འབྱིན་ འདོད་པའི་འབྱིན། །སྔགས་ཀྱིས་གཟུང་ཕྱིར་དུག་སྤྱོད་བཞིན། །བསྟན་བཅོས་འབྱུང་ཕྱིར་སྦྱིན་པ་བཞིན། །ཞེས་བྱ་བ་སྟེ། གལ་ཏེ་སྡིག་པའི་བདག་ཉིད་ཅན་ཡིན་ན་ཡང་སྔགས་ཀྱིས་ཡོངས་སུ་བཟུང་བའི་དུག་ཟོས་པ་ན་ནད་ལ་ཕན་པར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་གང་དང་གང་ བསྟན་བཅོས་ལས་འབྱུང་བ་དེ་ནི་འདོད་པའི་འབྲས་བུ་སྟེར་བ་ཡིན་ཏེ། དཔེར་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བཞིན་ཏེ། ལོངས་སྤྱོད་དང་མཐོ་རིས་ལ་སོགས་པ་འཐོབ་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལ་འདི་ཡང་སྐྱོན་དང་བཅས་པ་ཡིན་ཏེ། སྔགས་སོགས་ཕྱེ་མས་བཀུག་པ་ ཡིས། །བགྲོད་མྱིན་ལ་ཡང་བགྲོད་བྱ་གང་། །སྔར་བསྟན་ཆང་བཏུང་ཕྱི་མ་ཡང་། །དེ་ནས་མ་ངེས་པ་ཉིད་ཡིན། །ཚད་མའི་སྦྱོར་བ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྔགས་ཀྱིས་ཡོངས་སུ་བཟུང་བ་ཡིན་པའི་ཕྱིར་དུག་ལ་ཉེ་བར་ལོངས་སྤྱོད་པ་བཞིན་དུ་ཅི་འཚེ་བ་འདི་འདོད་པའི་འབྲས་བུ་ འབྱུང་བ་ཞིག་ཡིན་ནམ། འོན་ཏེ་འདིར་སྔགས་དང་ཕྱེ་མ་ལ་སོགས་པས་བཀུག་པའི་མ་དང་སྲིང་མོ་ལ་སོགས་པ་བཀུག་པ་ལ་འཁྲིག་པ་སྤྱད་པ་བྱས་པ་བཞིན་དུ་འཚེ་བ་འདི་མི་འདོད་པའི་འབྲས་བུ་འབྱིན་པ་ཅིག་ཡིན་ཞེས་བྱ་བ་དང་། དེ་བཞིན་དུ་བསྟན་བཅོས་ལས་འབྱུང་བ་ཡིན་ པའི་ཕྱིར་འཚེ་བ་འདི་སྦྱིན་པ་བཞིན་དུ་འདོད་པའི་འབྲས་བུ་སྟེར་བ་ཞིག་ཡིན་ནམ། འོན་ཏེ་འདིར་ཆང་འཐུང་བ་བཞིན་དུ་མི་འདོད་པའི་འབྲས་བུ་སྟེར་བ་ཞིག་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ཏེ། མཆོད་སྦྱིན་གྱི་དུས་སུ་ནི་ཆང་བཏུང་བར་རྗེས་སུ་གནང་ལ། ཡང་དེ་ཉིད་ཤིན་ཏུ་ 98-284b དགག་པ་བྱས་པ་ཡང་ཡིན་ནོ། །དེ་ལྟ་བས་ན། བློ་སྔོན་མ་སོང་བྱ་བ་ཡིས། །དུག་ཟོས་ན་ཡང་འཆི་བྱེད་ལ། །ལས་ནི་བློ་སྔོན་མ་སོང་ལ། །འབྲས་བུ་འབྱིན་པར་མ་བསྟན་ཏོ། །དུག་ནི་ཟོས་པ་ཙམ་ཉིད་ཀྱིས། །བྱ་བ་མེད་ཀྱང་འཆི་བ་བྱེད་པ་ཡིན་གྱི་སྦྱོར་བ་དང་བཅས་པ་འབའ་ཞིག་ གིས་ནི་མ་ཡིན་ནོ། །ལས་ནི་དེ་ལྟ་བུ་ཉིད་ཡིན་པར་མི་འགྱུར་རོ། །དེ་ཉིད་ཕྱིར་ན་དུག་གི་དཔེ། །མཐུན་པ་མིན་པས་རིགས་ལྡན་མིན། །དེས་ན་སྔགས་ཀྱིས་ཕྱུགས་གསོད་པ། །རིགས་པ་མིན་པར་རྟོགས་པར་བྱ། །གཞན་ཡང་། ཚེ་ཡི་བར་དུ་གཅོད་བྱེད་ཕྱིར། །སྔགས་ ཀྱིས་གཟུང་བར་འདོད་པ་ཡི། །འབྲས་བུ་འབྱིན་པར་མི་འདོད་དེ། །དུག་མཚོན་བསྟན་བཅོས་སྦྱོར་བ་བཞིན། །སྔགས་ཀྱིས་ཡོངས་སུ་གཟུང་བ་ཡང་མི་འདོད་པའི་འབྲས་བུ་འབྱིན་པར་ཁོ་བོ་ཅག་འདོད་དེ། ཚེའི་བར་དུ་གཅོད་པ་ཡིན་པའི་ཕྱིར་རོ། །གང་དང་གང་ཚེའི་བར་དུ་གཅོད་ པར་བྱེད་པ་དེ་དང་དེ་ནི་མི་འདོད་པའི་འབྲས་བུ་འབྱིན་པ་ཡིན་ཏེ། དཔེར་ན་དུག་དང་མཚོན་གྱི་སྦྱོར་བས་འཚེ་བ་བྱས་པ་བཞིན་ནོ། །གཞན་ཡང་། རང་གི་ལུགས་ལས་བསྟན་ཞེ་ན། །འཁོར་བ་སྒྲོལ་བྱེད་པའི་ཡང་འགྲུབ། །ཐུན་མོང་གཏན་ཚིགས་སྨྲ་ཞེ་ན། །གཞན་ལ་མ་གྲུབ་པ་ཉིད་ ཡིན། །བསྟན་བཅོས་ལས་འབྱུང་ཞེས་བྱ་བ་ཡང་འདིར་དཔྱད་པར་བྱ་བ་ཡིན་ཏེ། ཅི་རང་གི་བསྟན་བཅོས་ལས་བསྟན་པ་ལ་བྱའམ། འོན་ཏེ་འདིར་བསྟན་བཅོས་སྤྱི་ལ་འབྱུང་བ་ཡིན། དེ་ལ་རང་གི་བསྟན་བཅོས་ཚད་མར་བྱས་ནས་ཡིན་ན་ནི་འཁོར་བ་གྲོལ་བར་བྱེད་པ་པའི་གྲུབ་པའི་མཐའ་ དང་རིག་བྱེད་མཚུངས་པར་འགྱུར་ཏེ། འཁོར་བ་གྲོལ་བར་བྱེད་པ་པོ་ཡང་མཐའ་འཁོ་བ་དབེན་པར་སོང་ནས་འབུ་དང་། གྲོག་སྦུར་དང་། ཕྱེ་མ་ལེབ་ལ་སོགས་པ་མང་པོ་གསོད་ཅིང་། འདི་ལྟར་ཆོ་ག་འདིས་འཁོར་བ་ལས་གྲོལ་བར་འགྱུར་རོ་ཞེས་སྨྲ་བར་གྲག་གོ། །བསྟན་ བཅོས་ཐུན་མོང་དུ་བྱས་ནས་འབྱུང་བ་ཡིན་པར་རྟོག་པར་བྱེད་ན་ནི་སངས་རྒྱས་པ་ལ་གཏན་ཚིགས་ཀྱི་དོན་འདི་མ་གྲུབ་སྟེ། ཁོ་བོ་ཅག་གི་བསྟན་བཅོས་ལས་ནི་རྣམ་པ་འགའ་ཞིག་གིས་ཀྱང་འཚེ་བ་དང་མཚུངས་པར་ལྡན་པ་ལས་ཀྱང་འདོད་པའི་འབྲས་བུ་འབྱིན་པར་བྱེད་པ་ 98-285a བསྟན་པ་མེད་དོ། །ཇི་ལྟར་གཞན་དག་གིས་སྨྲས་པ། གང་ཡང་སྔགས་ཀྱིས་མ་བཟུང་བའི། །བསོད་ནམས་ཅུང་ཞིག་ཅི་བྱས་པ། །དེ་ཀུན་འབྲས་བུ་མེད་འགྱུར་བའམ། །མི་འདོད་པ་ཡི་འབྲས་ཤེ་ན། །སྔགས་ཀྱིས་གཞན་ནི་གསོད་པ་གང་། ། དེ་ཡང་སྐྱོན་མེད་ཐལ་བར་འགྱུར། །དབང་དུ་བྱེད་པའི་སྔགས་གང་གིས། །གཞན་གྱི་བུད་མེད་བསྟེན་པ་དང་། །སྔགས་ཀྱི་སྟོབས་ཀྱིས་འཚེ་འགྱུར་གང་། །གལ་ཏེ་གསོད་པར་མི་འདོད་ན། །གཞན་གྱི་ནོར་ནི་རྐུ་བྱེད་པ། །དེ་ཡང་སྐྱོན་བཅས་མ་ཡིན་འགྱུར། །གལ་ཏེ་སྔགས་ སྔོན་སོང་བའི་ལས། །དེར་ནི་དགེར་འདོད་གཞན་མ་ཡིན། །ཞེ་ན་ལུང་ནི་འདྲ་བ་ལ། །གཏན་ཚིགས་ཁྱད་པར་སྨྲ་དགོས་སོ། །གལ་ཏེ་སྲོག་ཆགས་སྔགས་བཏབ་པས། །གང་ཡང་བཅིང་བ་མ་བྱས་ལ། །གཡོ་བ་མེད་པར་བྱ་ཞེ་ན། །དེ་ལྟ་ན་ཡང་ཁྱད་པར་མེད། །གང་ཕྱིར་སྒོ་ཀུན་ བསུབས་ནས་ནི། །བཟུང་ནས་ནུས་མེད་བྱོལ་སོང་དག །མཚོན་ཆ་རྣོན་པོས་གསོད་པ་ལ། །དེ་ལ་སྔགས་ཀྱིས་ཅི་ཞིག་བྱ། །གལ་ཏེ་ཡང་འདི་སྐད་དུ། རང་ཉིད་རང་བྱུང་གྱུར་པ་ཡིས། །མཆོད་སྦྱིན་དོན་དུ་བྱོལ་སོང་བསྐྱེད། །དེས་ན་དེ་ལ་དགོས་པའི་ཕྱིར། །མཆོད་སྦྱིན་ཆོས་ཡིན་འདི་ ལྟར་དཔེར། །བྲམ་ཟེའི་དོན་དུ་འཚེ་བྱེད་པ། །འདི་ལྟར་ཆོས་མིན་མིན་པ་བཞིན། །ཞེ་ན་འདི་ལ་བརྗོད་པར་བྱ་སྟེ། མཆོད་སྦྱིན་བྱོལ་སོང་རྣམས་གཙེས་ཀྱང་། །འབྲས་བུ་མི་འདོད་མིན་དེ་ཡི། །དོན་ཕྱིར་ཞེ་ན་བྲམ་ཟེའི་ཕྱིར། །ཅི་ལྟར་འདོད་པས་འཚེ་བྱེད་བཞིན། །མཆོད་སྦྱིན་དེའི་དོན་གང་ ཡིན་པ་དེ་ནི་དེའི་དོན་ཏེ། དེའི་དོན་གྱི་ངོ་བོ་ནི་དེའི་དོན་ཉིད་དོ། །དེ་ལྟ་བས་ན་དེའི་དོན་དུ་ཞེས་བྱ་བ་ནི་རྒྱུའི་དོན་དུའོ། །དེ་ལྟར་ཕ་རོལ་པོས་སྨྲས་པའི་ཚད་མ་ལ་རྒོལ་བའི་རྟོག་གེས་གནོད་པ་བསྟན་པའི་ཕྱིར་སྨྲས་པ། བྱོལ་སོང་སྤྱད་པའི་ཕྱིར་བསྐྱེད་དེ། །སྤྱད་བྱ་ཡིན་ཕྱིར་བུད་མེད་བཞིན། །དེ་ཕྱིར་ མཆོད་སྦྱིན་ཕྱིན་མ་གྲུབ། །བྱོལ་སོང་གཏན་ཚིགས་མ་གྲུབ་ཕྱིར། །བྱོལ་སོང་རྣམས་ནི་མཆོད་སྦྱིན་གྱི་ཕྱིར་བསྐྱེད་པ་མ་ཡིན་གྱི། འོན་ཀྱང་འདིར་དགེ་བའི་ལས་བྱས་པའི་སྤྱོད་པ་པོ་རྣམས་ཀྱི་ལས་ཉེ་བར་བསགས་པའི་དབང་གིས་འོ་མ་དང་མར་དང་། བལ་ལ་སོགས་པ་ཉེ་ 98-285b བར་སྤྱོད་པའི་དོན་དུ་བྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྤྱད་པར་བྱ་བ་ཡིན་པས་ན་སྤྱད་བྱ་སྟེ། དེའི་ངོ་བོ་ནི་སྤྱད་བྱ་ཉིད་དོ། །དེའི་ཕྱིར་ན་སྤྱད་པར་བྱ་བའི་ཕྱིར་ཞེས་བྱ་བ་སྟེ། དཔེར་ན་བུད་མེད་ལ་འཁྱུད་པ་དང་། རྩེ་བ་དང་། རེག་པ་ལ་སོགས་པ་ནི་ཉེ་བར་ལོངས་སྤྱད་པར་བྱ་བའི་ ཕྱིར་ཡིན་གྱི། གསད་པའི་ཕྱིར་ནི་མ་ཡིན་པ་དེ་བཞིན་དུ་བྱོལ་སོང་རྣམས་ཀྱང་ཡིན་ནོ། །དེའི་ཕྱིར་ན་མཆོད་སྦྱིན་གྱི་དོན་དུ་ཡིན་པར་མ་གྲུབ་པས་དེའི་དོན་དུ་ཞེས་བྱ་བའི་གཏན་ཚིགས་གཞན་ལ་མ་གྲུབ་པ་ཉིད་ཡིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱི་གནས་སུ་བསད་ན་མི་འདོད་པའི་འབྲས་ བུ་མི་འབྱུང་ངོ་ཞེས་བྱ་བ་དང་། སྔགས་ཀྱིས་ཡོངས་སུ་བཟུང་ནས་བསྟན་བཅོས་ལས་འབྱུང་བའི་ཆོ་ག་བཞིན་དུ་བྱས་ན་ཡང་ཞེས་བྱ་བ་འདི་ལ་ཡང་ལན། དབུས་ཀྱི་མཆོད་སྦྱིན་གནས་བསད་ནའང་། །མ་འཁྲུལ་བསམས་བཞིན་བསད་པའི་ཕྱིར། །ཕྱི་མར་བྱེད་པ་མི་འདོད་པའི། །འབྲས་ བུར་འགྱུར་ཏེ་གཞན་བཞིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱི་གནས་སུ་གང་བསད་པ་དེ་མ་བསད་པ་ཡིན་ནོ་ཞེས་འདོད་པ་དེ་ལ་ཡང་བྱེད་པ་པོ་ལ་མི་འདོད་པའི་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སོ། །བསམས་བཞིན་དུ་མ་འཁྲུལ་པར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། མ་ བསམས་པར་ཡེངས་པས་བསད་ཀྱང་སྲོག་གཅད་པར་མི་འགྱུར་ལ། བྱོལ་སོང་གསད་པར་འདོད་པ་ལས་མི་བསད་པར་གྱུར་ན་ཡང་འཁྲུལ་པ་ཡིན་པའི་ཕྱིར་མི་བསད་པར་མི་འགྱུར་ཏེ། དོན་དེའི་ཕྱིར་ཁྱད་པར་གཉིས་བརྗོད་པ་ཡིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱི་གནས་སུ་ཡང་ སྤང་བར་བྱ་བའི་ཕྱིར་བྱ་གསོད་པ་དང་། ལུག་གསོད་པ་ལ་སོགས་པ་བྱས་པའི་མི་འདོད་པའི་འབྲས་བུ་ནི་དཔེ་སྟེ། སྐྱེ་བ་གཞན་ལ་མི་འདོད་པའི་འབྲས་བུ་འབྱིན་པར་བྱེད་པ་བཞིན་ནོ། །དེ་ཡང་ཇི་ལྟར་ངེས་བརྗོད་བྱེད་པ་དགོན་པ་ན་འདི་ལྟར་འདོན་པར་བྱེད་དེ། མ་མཐོང་བའི་མཆོད་ སྦྱིན་བཅོ་བརྒྱད་བསྟན་པ་ནི་ཉམས་པ་ཡིན་ནོ་ཞེས་བྱ་བ་དང་། གཞན་ཡང་གང་ལས་འདི་ལ་བརྟེན་ཅིང་མངོན་པར་དགའ་བ་དེ་ནི་རྒ་བ་དང་འཆི་བ་ཡང་འབྱུང་ཞིང་ལྷུང་བར་འགྱུར་རོ། །གཞན་ཡང་གསུམ་ལྡན་གྱི་དུས་ན་སྣ་ཚོགས་ཟང་ཞེས་བྱ་བའི་མཆོད་སྦྱིན་ལ་དྲང་སྲོང་ 98-286a རྣམས་རྩོད་པར་གྱུར་པ་ན། དེར་ཨ་ཤྭད་ཐའི་འབྲས་བུ་ཟ་བ་ལ་སོགས་པས་སྨྲས་པ། བྱོལ་སོང་རྣམས་ཀྱིས་མཆོད་སྦྱིན་བྱའོ་ཞེས་ཟེར་རོ། །སྐྲ་ཡེགས་ལ་སོགས་པས་སྨྲས་པ། བྱོལ་སོང་གསད་པར་མི་བྱའོ་ཞེས་ཟེར་ཏེ། འདིར་སྨྲས་པ། གོ་བིལ་ མཆོད་སྦྱིན་ཤིང་ཤུན་ཅན། །འབེ་ཤམ་པ་ན་ཤེས་བྱ་དག །སྔོན་འདིར་བྱོལ་སོང་གསད་བྱ་བར། །འདི་དག་གིས་ནི་ཉེ་བར་བཏགས། །དེར་ནི་གཉིས་སྐྱེས་མང་ཐོས་ཀྱིས། འདི་སྐད་ཟེར་བ་ཆོས་མིན་ཞེས། །དེ་ཡི་གཞུང་དེ་རབ་ཏུ་བཀག །དེ་ལྟར་ཤིན་ཏུ་རྩོད་པར་གྱུར། །དེ་ན་ཨེ་དྷ་དྲང་སྲོང་ རྒྱལ། །གཅིག་དེ་གཉིས་ཀྱིས་དཔང་པོ་བྱས། །དེ་ཡིས་བདེན་པར་སྨྲས་པ་དང་། །ཤ་ཟ་འདོད་རྣམས་ཁྲོས་གྱུར་ཏེ། །གཉིས་སྐྱེས་པ་དེ་བསད་ནས་ཟོས། །ད་དུང་ས་ཀེ་ཏའི་ཡུལ་ན། །ཨེ་དྷ་གཏུབས་པ་ཞེས་བྱར་སྒྲོགས། །གཉིས་སྐྱེས་གང་གིས་ཨེ་དྷའི་ཤ །མ་ཟོས་པ་དེ་ སྤངས་གྱུར་ན། །གྲལ་དུ་བསྙེན་པར་མ་གྱུར་ཏེ། །ད་དུང་གྲལ་མེད་པ་ཞེས་བརྗོད། །དེ་ལས་གཞན་ཡང་དབང་པོ་ནི། །རྒྱལ་པོའི་དྲང་སྲོང་འབའ་སུ་དྲིས། །ཨེ་དྷ་བསད་པས་འཇིགས་སྐྲག་ནས། །དེ་ཡིས་བརྫུན་གྱི་ཚིག་གཅིག་སྨྲས། །དེ་ནི་ལུས་དེ་ས་གས་པར། །འཇུག་དུས་ ཆོས་སྨྲ་བ་དག་གིས། །སྨྲས་པ་འདིར་ནི་བདེན་པར་སྨྲོས། །ངན་འགྲོར་འགྲོ་བར་གྱུར་ཏ་རེ། །ཆོས་ཀྱི་ཕྱོགས་ནི་ཉམས་བྱེད་ཅིང་། །ཆོས་མིན་ཕྱོགས་དག་རྒྱལ་བྱེད་པའི། །བརྫུན་གྱི་ཚིག་དེ་སྨྲས་པས་ན། །རྒྱལ་དེ་ས་གས་ནང་དུ་སོང་། །བརྫུན་གྱི་དབང་པོའི་བྲམ་ཟེ་ལ། ། ཕན་གདགས་པར་ནི་བྱ་བའི་ཕྱིར། །ཀུན་གྱིས་ངེས་པར་མཆོད་སྦྱིན་དུས། །ས་ལ་རྒྱུན་དག་སྦྲེང་བར་བྱེད། །ཅེས་བྱ་བ་འབྱུང་སྟེ། དེའི་ཕྱིར་ན། མཆོད་སྦྱིན་ལ་ནི་བསད་པ་ཡང་། །མི་འདོད་པ་ཡི་འབྲས་བུ་འབྱུང་། །བསམས་བཞིན་དུ་ནི་སྲོག་འཆད་པའི། །སྡུག་ བསྔལ་བསྐྱེད་ཕྱིར་གཞན་བཞིན་ནོ། །གསད་པར་བྱའོ་ཞེས་ངེས་པར་བསམ་པ་བྱས་ནས། སྲོག་འཆད་པའི་སྡུག་བསྔལ་འདི་ལ་ཡོད་པས་སྲོག་འཆད་པའི་སྡུག་བསྔལ་ལོ། །དེ་བསྐྱེད་པ་ནི་རྒྱུ་སྟེ། སྲོག་འཆད་པའི་སྡུག་བསྔལ་བསྐྱེད་པའི་འོ། །དཔེར་ན་འཐབ་མོ་དང་། 98-286b གཡུལ་ངོར་མཚོན་གྱིས་བརྒྱབ་ནས་བསད་པ་མི་འདོད་པའི་འབྲས་བུ་བསྐྱེད་པ་ཡིན་པ་ལྟར་མཆོད་སྦྱིན་ལ་བསད་པ་ཡང་དེ་བཞིན་ནོ། །ཡང་ཅིའི་ཕྱིར་མི་འདོད་པའི་འབྲས་བུ་ཅན་ཡིན་པར་འདོད་ཅེ་ན། སྨྲས་པ། བྱ་བ་ཇི་ལྟར་བྱས་པ་ལས། །དེ་འདྲའི་འབྲས་བུ་ལུས་ལ་མཐོང་། ། བྱེད་པོ་དེ་འདྲའི་མ་མཐོང་ཡང་། །བསད་པ་ཡིན་ཕྱིར་གཞན་བཞིན་ནོ། །གང་ལ་སྲོག་དང་བྲལ་བའི་སྡུག་བསྔལ་ལུས་འདི་ཉིད་ལ་སྡུག་བསྔལ་དུ་གྱུར་པ་མཐོང་བ་དེ་བཞིན་དུ་ཇི་ལྟར་མཆོད་སྦྱིན་ལ་བྱས་པ་ཡིན་ཡང་མི་དགེ་བའི་ལས་ཉེ་བར་བསགས་པ་ཡོངས་སུ་སྨིན་པ་ཐོབ་པར་གྱུར་པ་ལས་དེ་དང་འདྲ་བའི་སྲོག་དང་བྲལ་བའི་སྡུག་བསྔལ་གྱི་བདག་ཉིད་ཀྱི་འབྲས་བུ་སྐྱེ་བ་གཞན་བརྒྱ་སྟོང་མང་པོར་མངོན་པར་འགྲུབ་པར་འགྱུར་ཏེ། དཔེར་ན་བྲམ་ཟེའི་སྲོག་བཅད་ཅིང་བསད་པ་ལ་སོགས་པ་བཞིན་ནོ། །འདིར་དྲང་སྲོང་སྐྱེད་བྱེད་ཀྱི་ཡལ་ག་ལས་སྨྲས་པ། སྔོན་དུས་གཉིས་ལྡན་འཇིག་རྟེན་འདི། ། ཐམས་ཅད་འཚེ་བ་མེད་པར་གནས། །དེས་ན་དོན་ལ་བསྡུ་གྱུར་པས། །བྱོལ་སོང་དག་ནི་བསད་པ་ཉིད། །ཆོས་ལྡན་ཨེ་དྷ་བསད་བྱས་ཤིང་། །སྔོན་གྱི་རིག་བྱེད་བོར་ནས་ནི། །རྫས་ཀྱི་དོན་དུ་རིག་བྱེད་ཀྱང་། །རིགས་ལས་གཞན་དུ་སྒྲུབ་པར་བྱེད། །འཇིག་རྟེན་འཇུག་པར་བྱ་བའི་ཕྱིར། །མ་ཁྱབ་ རིགས་པ་མི་ལྡན་པ། །ཁྱིམ་པའི་དངོས་པོ་ལ་དགའ་བས། །ཆགས་དང་འདོད་པའི་དབང་དུ་གྱུར། །བསམ་གཏན་བྱེད་པ་མི་ནུས་ཕྱིར། །དགོན་པར་གནས་པའི་ཆོ་ག་སྤངས། །དེ་ལས་འགའ་ཞིག་དཀའ་ཐུབ་སྟེ། །དེ་བཞིན་འགའ་ཞིག་མེ་ལ་བརྟེན། །གཞན་པ་དག་ནི་མཆོད་སྦྱིན་རྩོམ། །བདག་ ཀྱང་མཆོད་ཅིང་གཞན་ལ་སྐུལ། །སྡིག་ཅན་རྨོངས་པ་འབྲས་བུ་འདོད། །ཐོས་མང་དག་ལ་སྨོད་བྱེད་ཅིང་། །ཆགས་པས་རྨོངས་པ་དག་ལ་བརྟེན། །ལས་ངན་ཆོས་སུ་འདུ་ཤེས་ཤིང་། །དེ་དག་རྣམས་ཀྱི་བྱ་བ་རྩོམ། །རྒྱལ་པོ་དེ་ནི་བདག་མི་འདོད། །ཚངས་པ་ནས་བརྩམས་དམྱལ་བའི་བར། ། སྲོག་ཆགས་ཀུན་ལ་སྲོག་ཕངས་ན། །གཞན་གྱི་དེ་ནི་བཅད་བྱས་པས། །ཇི་ལྟ་བུར་ན་བདེ་བར་གྱུར། །འབྱུང་པོ་རྣམས་ནི་བདེ་འདོད་ལ། །འཇིག་རྟེན་ཀུན་ནི་སྡུག་བསྔལ་ལྡན། །གང་ལ་མང་དུ་གནོད་བྱས་ན། །དེ་བདེའི་སྣོད་དུ་ཇི་ལྟར་འགྱུར། །ཞེས་སྨྲས་པ་འབྱུང་བ་དང་། མྱོས་འགྱུར་བཏུང་ 98-287a སོགས་ཀྱང་བཤད་པ། །ཇི་ལྟར་བསྟན་བཞིན་སྤང་བྱ་སྟེ། །དེས་ན་མྱོས་འགྱུར་བསྟེན་མི་བྱ། །མྱོས་པར་འགྱུར་ཕྱིར་མྱོས་སོགས་བཞིན། །མཆོད་སྦྱིན་ལ་ཆང་འཐུང་བ་ཡང་མི་འདོད་པའི་འབྲས་བུ་འབྱུང་བ་ཡིན་ཏེ། མྱོས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ རྨོངས་པ་མྱོས་ཆང་ལ་དགའ་བ་བཞིན་ནོ། །དེའི་ཕྱིར་མཆོད་སྦྱིན་ནམ། གཞན་དུ་ཡང་རུང་བ་ཐམས་ཅད་དུ་མྱོས་པར་འགྱུར་བ་བསྟེན་པར་བྱ་བ་མ་ཡིན་ཏེ། མྱོས་པར་འགྱུར་བ་བསྐྱེད་པ་ཡིན་པའི་ཕྱིར། ད་དུ་རའམ་ཨ་ག་ཏའི་མེ་ཏོག་ལ་སོགས་པ་བཞིན་ནོ། །གལ་ཏེ་སྔགས་ཀྱིས་ ཡོངས་སུ་བཟུང་བའི་མྱོས་པར་འགྱུར་བ་ནི་མཆོད་སྦྱིན་གྱི་དུས་སུ་སྐྱོན་མེད་པ་ཡིན་ནོ་ཞེ་ན། མཆོད་སྦྱིན་སྔགས་ཀྱིས་ཡོངས་བཟུང་བའི། །མྱོས་འགྱུར་སྐྱོན་མེད་མ་ཡིན་ཏེ། །མྱོས་ཕྱིར་དཔེར་ན་གཞན་བཞིན་ཏེ། །སྔགས་ཀྱིས་བཏབ་པས་མཐོང་བ་བཞིན། །མཆོད་སྦྱིན་གྱི་དུས་ཀྱི་ སྔགས་ཀྱིས་ཡོངས་སུ་བཟུང་བའི་མྱོས་པར་འགྱུར་བ་ཡང་སྐྱོན་མེད་པ་མ་ཡིན་པ་ཉིད་ཡིན་ཏེ། མྱོས་པར་འགྱུར་བའི་ནུས་པ་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་ལ་དེའི་དྲི་དང་རོ་དང་མྱོས་པར་འགྱུར་བ་མེད་པར་གྱུར་ན་ནི་འཐུང་བར་ཡང་སུ་ཡང་འདོད་པར་མི་འགྱུར་བ་ཞིག་ན། དྲི་དང་རོ་ལ་ མངོན་པར་ཆགས་པ་ཉིད་ཀྱིས་དེར་དེ་དག་འཐུང་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་ན་ཆང་ལ་དགའ་བ་ལ་སོགས་པ་རྣམས་སྔགས་བཟླས་ནས་མྱོས་པར་འགྱུར་བ་འཐུང་བ་བཞིན་དུ་སྐྱོན་དང་བཅས་པ་ཉིད་ཡིན་ཏེ། མྱོས་པར་བྱེད་པ་དང་མ་བྲལ་བའི་ཕྱིར་རོ། །གང་ཡང་འདི་སྐད་དུ། རིག་བྱེད་ ཀྱི་ལུང་མེད་ན་སྔོན་མེད་པ་ལ་སོགས་པ་རྟགས་མ་མཐོང་བ་རྣམས་རྟོགས་པར་མི་འགྱུར་རོ་ཞེས་ཟེར་བ་དེ་ལ་ཡང་འདིར། རྟགས་ནི་མཐོང་བ་མེད་ཅེས་ཏེ། །གལ་ཏེ་མཐོ་རིས་སོགས་མི་ངེས། །ཞེ་ན་རྟགས་ལས་རྗེས་དཔག་དེས། །ངེས་པས་ངེས་པ་མིན་ནམ་ཅི། །འདི་ན་ལ་ལ་ནི་རྟགས་ དང་འབྲེལ་པ་ངེས་པར་མཐོང་བ་གཟུང་བར་བྱ་བ་ཡིན་ཏེ། ཇི་ལྟར་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་སོགས་པའོ། །ལ་ལ་ནི་རྗེས་སུ་དཔག་པས་ཡིན་ཏེ། ཇི་ལྟར་དུ་བ་ལས་མེ་ཡོད་པ་ཉིད་ལྟ་བུའོ། །དེ་བཞིན་དུ་ཟླ་བ་དང་། ཉི་མ་དང་། སྐར་མ་ལ་སོགས་པ་ 98-287b མཐོང་བ་ལས་དེ་ལས་གཞན་པའི་མཐོ་རིས་ཀྱང་ཡོད་པར་ཤེས་ལ། བདེ་བ་ཉིད་དང་། སྡུག་བསྔལ་ཉིད་དང་། རིགས་དམན་པ་དང་། རིགས་མཆོག་དང་། ཕྱུག་པོ་དང་། དབུལ་པོ་ལ་སོགས་པའི་སྐྱེ་བོ་མཐོང་བ་ལས་སྔོན་མེད་པ་ཡོད་པ་ཉིད་དུ་ཤེས་ཏེ། ཡུལ་ལ་ཆགས་ པ་སྤངས་པ་ལས་འདི་ཉིད་དུ་ཡང་ཡོན་ཏན་དང་ལྡན་པ་མཐོང་ལ་ཡུལ་ལ་ཆགས་པ་དང་བཅས་པར་གྱུར་པའི་ཕྱེ་མ་ལེབ་དང་། སྦྲང་མ་དང་། གླང་པོ་དང་། འདོད་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱི་སྐྱོན་མཐོང་བ་ལས་ངན་འགྲོ་ཡང་ཡོད་པ་ཉིད་དུ་རྗེས་སུ་དཔག་ཅིང་ངེས་པར་གཟུང་བར་ བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་གསུངས་པ་བདེན་པར་མཐོང་བ་ཉིད་ཀྱིས་དེ་ལས་རྗེས་སུ་དཔགས་ནས་མཐོ་རིས་དང་ཐར་པ་ཡང་ཡོད་པ་ཉིད་དོ་ཞེས་བསྟན་པ་ཡང་བདེན་པར་འགྱུར་བས་རྗེས་སུ་དཔག་པ་དང་བྲལ་བའི་ལུང་འབའ་ ཞིག་གིས་ནི་མཐོ་རིས་དང་སྔོན་མེད་པ་ལ་སོགས་པའི་དངོས་པོ་གཏན་ལ་དབབ་པར་མི་ནུས་སོ། །དེས་ན་འདི་ལྟར་རྗེས་སུ་དཔག་པ་ཉིད་ཀྱིས་མཐོ་རིས་ལ་སོགས་པ་གཏན་ལ་ཕེབས་པར་ཅིའི་ཕྱིར་མི་འགྱུར་ན། རིག་བྱེད་བཏགས་པས་ཅི་ཞིག་བྱ། །གང་ཡང་སྔར་སྒྲ་རྟག་པ་ ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་བསྒྲུབ་པ་བྱས་པ་དེ་སུན་དབྱུང་བའི་ཕྱིར་སྨྲས་པ། ལན་ཅིག་འཇུག་ཕྱིར་ཞེས་བྱ་འདིར། །མར་མེའང་ལན་ཅིག་ཉིད་འཇུག་པས། །གཏན་ཚིགས་མ་ངེས་ཉིད་ཡིན་ཕྱིར། །སྒྲ་ཡི་རྟག་པ་ཉིད་ཀྱང་བརྫུན། །མར་མེ་ཡང་རབ་ཏུ་འབར་བ་དང་པོ་ཉིད་ཀྱིས་ མཐོང་བར་འདོད་པའི་དོན་མཐོང་བར་འགྱུར་གྱི། དེ་འབར་བ་གཉིས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ལ་ལན་ཅིག་འཇུག་པ་ཡིན་པས་ཅི་མར་མེ་བཞིན་དུ་སྒྲ་འདི་མི་རྟག་པ་ཉིད་དུ་འགྱུར་བ་ཞིག་ཡིན་ནམ། འོན་ཏེ་ལན་ཅིག་འཇུག་པ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་དུ་རྟག་པ་ཞིག་ ཡིན་པར་འགྱུར་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ཏེ། དེས་ན་སྒྲ་ནི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་ཉམས་པ་ཡིན་ནོ། །གཞན་གྱིས་ཉེ་བར་བཀོད་པའི་རྗེས་སུ་དཔག་པ་སུན་དབྱུང་བ་བྱས་ནས་རང་གི་ཚད་མ་ཉེ་བར་འགོད་པར་བྱེད་པ་ནི། ཡོད་ཕྱིར་སྒྲ་ནི་མི་རྟག་སྟེ། །ཅི་ཕྱིར་བྱ་བ་ 98-288a བཞིན་མི་གཟུང་། །ཡང་ན་ལུས་ཀྱི་གཡོ་བ་བཞིན། བློ་ཡི་རྒྱུ་ཕྱིར་ཉམས་པར་འགྱུར། །སྒྲ་ནི་ཆོས་ཅན་ནོ། །མི་རྟག་པ་ཉིད་ནི་ཆོས་སོ། །ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་དང་གང་ཡོད་པ་དེ་ནི་མི་རྟག་སྟེ། དཔེར་ན་འགྲོ་བ་དང་ བཙོ་བླག་ལ་སོགས་པའི་བྱ་བ་ཡིན་ནོ། །ཡང་ན་སྒྲ་ནི་ཉམས་པར་འགྱུར་བ་ཡིན་ཏེ། བློའི་རྒྱུ་ཡིན་པའི་ཕྱིར་རོ། །གང་དང་གང་བློའི་རྒྱུར་གྱུར་པ་དེ་དང་དེ་ནི་ཉམས་པར་འགྱུར་བ་ཡིན་ཏེ། ཇི་ལྟར་སྟེང་དུ་འབྱིན་པ་དང་འོག་ཏུ་གནོན་པ་དང་། བརྐྱང་བ་དང་བསྐུམ་པ་ལ་སོགས་ པའི་ལུས་ཀྱི་གཡོ་བ་བཞིན་ནོ། །གཞན་ཡང་སྔར་སྟན་པ་དག་གི ། གོམས་ཕྱིར་ཕྱིས་ཤེས་ཞེས་པ་ཡང་། །གཏན་ཚིགས་རྗེས་འགྲོ་མེད་པ་ཉིད། །གོམས་དང་ཕྱིས་ཀྱང་ཤེས་པ་ནི། །རྟག་མིན་ནམ་ཡང་མ་མཐོང་ཕྱིར། །ཡང་དང་ཡང་གོམས་པར་བྱས་ཀྱང་སྒྲ་ནི་བརྗོད་པ་ཉིད་ན་ཉམས་པར་ འགྱུར་བ་ཡིན་ནོ། །དེ་ལ་ཡི་གེ་དང་པོ་བརྗོད་པའི་བློ་འགག་པར་འགྱུར་བ་ན་སྐྱེ་མཆེད་དྲུག་ལ་ནུས་པ་བཞག་ནས་འགག་པར་འགྱུར་རོ། །ནུས་པ་དེ་ཡོངས་སུ་སྨིན་པ་ཐོབ་ནས་ཡི་གེ་གཉིས་པ་བརྗོད་པའི་བློ་མངོན་པར་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་ཇི་སྲིད་དོན་རྫོགས་ཀྱི་བར་དུ་ཡིན་ ནོ། །དེའི་ཕྱིར་ཡི་གེ་རྣམས་ལ་ཕན་ཚུན་གྱི་འབྲེལ་པ་མེད་པ་དང་། སྐད་ཅིག་མ་ཡིན་པའི་ཕྱིར་རྟག་པ་ཉིད་དུ་ག་ལ་འགྱུར། ཡི་གེ་རེ་རེ་ལ་ཡང་ཐོག་མ་དང་། བར་དང་། ཐ་མ་ལ་སོགས་པའི་དུས་མང་པོ་ཉིད་ཡོད་པ་ཡིན་ལ། རྣ་བའི་དབང་པོ་ནི་སྐད་ཅིག་མ་ཉིད་ཡིན་པས་སྒྲ་མ་ལུས་པ་ངེས་ པར་འཛིན་པ་ཡོད་པ་མ་ཡིན་ནོ། །དེས་ན་སྒྲ་ཉིད་ཀྱང་རེ་ཞིག་བསྒྲུབ་པར་དཀའ་ན་སྒྲ་དེ་ལ་གོམས་པ་ལྟ་ག་ལ་ཡོད་པར་འགྱུར། ཕྱིས་ཤེས་པའི་ཤེས་པ་ཡང་བློ་སྔ་མ་འགགས་པར་གྱུར་པ་དང་། བློ་ཕྱི་མ་སྐྱེ་བར་འགྱུར་བ་དེ་ལ་འབྲེལ་པ་མེད་པའི་ཕྱིར་ཕྱིས་ཤེས་པ་ཡང་རྟག་པ་ཡིན་ནོ། ། གཞན་ཡང་། སྒྲ་ཉིད་རྟག་པ་ཉིད་མ་གྲུབ། །སྒྲ་ཉིད་དཔེ་ཡང་མ་ཡིན་ལ། །མངོན་པར་གསལ་བྱེད་པ་ཡང་བཀག །འདི་ནི་ངག་གིས་གསལ་བྱེད་མིན། །སྒྲའི་རྟག་པ་ཉིད་གྲུབ་ན་ནི་སྒྲ་ཉིད་རྟག་པར་འགྱུར་ན་གང་གི་ཕྱིར་སྒྲ་མི་རྟག་པ་ཉིད་དུ་བསྒྲུབས་པ་ཉིད་ཀྱིས་དེ་བཞིན་དུ་སྒྲ་ཉིད་ཀྱང་ 98-288b མི་རྟག་པ་ཡིན་ན། ཇི་ལྟར་ན་དཔེ་ཉིད་དུ་ཉེ་བར་དགོད་པར་བྱ། རྐན་དང་། མཆུ་སྦྱར་བ་ལ་སོགས་པ་དང་། གནས་དང་། བྱེད་པ་དང་། འབད་པ་ལ་སོགས་པའི་ཚོགས་པས་སྒྲ་བྱས་པ་ཡིན་པར་ངེས་པར་གཟུང་བར་བྱ་བ་ཡིན་པས་སྒྲ་ནི་མངོན་པར་གསལ་བར་བྱ་བ་ཡིན་ནོ་ ཞེས་བྱ་བར་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་སྒྲ་དེ་མཉན་བྱ་ན། །ངག་གིས་གསལ་བར་ཇི་ལྟར་འདོད། །རྟོགས་པ་ཞེས་བྱའང་བརྡ་ཉིད་པས། །འདི་ཉིད་སྒྲ་རུ་ཐལ་བར་འགྱུར། །གལ་ཏེ་སྒྲའི་རང་གི་ངོ་བོ་རྣ་བའི་དབང་པོས་གཟུང་བར་བྱ་བ་ཉིད་ཡིན་ན་སྒྲ་དེ་ ཡང་དབྱངས་ཡིན་པས་དེས་ན་དབྱངས་གཞན་གྱིས་ཡང་ཇི་ལྟར་གསལ་བར་བྱེད་པར་འགྱུར། སྒྲ་དང་དོན་དག་རྟག་ཏུ་འབྲེལ་བ་ཡོད་པས་སྒྲས་དོན་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་བདེན་ཏེ། བསྐལ་པ་དང་པོ་ལ་ཤེས་པ་དང་ལྡན་པ་རྣམས་ཚོགས་ནས་ འདི་ལ་ནི་བ་ལང་ཞེས་བརྗོད་པར་བྱའོ། །འདི་ལ་ནི་མི་ཞེས་བྱའོ་ཞེས་བརྡ་བྱས་པ་ཡིན་གྱི། བ་ལང་ཞེས་བྱ་བའི་སྒྲ་ལ་ལྐོག་ཤལ་དང་རྔ་མ་ལ་སོགས་པས་ཉེ་བར་མཚོན་པའི་རིལ་པོ་ཡོད་པ་མ་ཡིན་ལ། མི་ཞེས་བྱ་བའི་སྒྲ་ལ་ཡང་མགོ་དང་རྐང་པ་དང་ལག་པས་ཉེ་བར་མཚོན་པའི་ལུས་ཉེ་ བར་དམིགས་པ་མ་ཡིན་ནོ། །དེས་ན་འདི་ལྟར་སྒྲ་དང་དོན་འབྲེལ་པ་ཡོད་ནས་རྟོགས་པ་ནི་མ་ཡིན་ནོ། །གཞན་དུ་ན་བརྡ་ལས་ཡིན་པས་གང་ལས་དོན་རྟོགས་པར་འགྱུར་བ་དེ་ལ་སྒྲ་ཞེས་བྱ་བ་ཡིན་ན་བརྡ་ཉིད་སྒྲ་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །གལ་ཏེ་འདི་ལྟར་བརྡ་ལས་དོན་རྟོགས་ པར་འགྱུར་གྱི་སྒྲ་ལས་མ་ཡིན་ཏེ། དང་པོ་བརྡ་ནི་མེད་པ་ན། །རྟོག་པ་ཡོད་པར་མི་རིགས་སོ། །བསྐལ་པ་དང་པོ་པའི་སེམས་ཅན་གང་དག་སྐྱེས་པར་གྱུར་པ་ན་བརྡ་ཤེས་པ་ནི་མེད་ན་དེ་རྣམས་ཀྱིས་བ་ལང་ཞེས་བརྗོད་པའི་སྒྲའི་དོན་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། འཁོར་བ་ཐོག་མ་ མེད་པ་ལྟར། །བརྡ་ཡང་རྗེས་སུ་འཇུག་པ་ཉིད། །དེ་ལྟ་བུར་རྟོགས་པ་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་པ་ལྟར་བརྡ་ཡང་དེ་བཞིན་ཏེ། སྲེག་པའི་བསྐལ་པའི་དུས་ན་མི་རྣམས་འདི་ནས་ཤི་འཕོས་ནས་ཐམས་ཅད་འོད་ 98-289a གསལ་གྱི་ལྷའི་ནང་དུ་སྐྱེས་པར་གྱུར་ཏོ། །ཡང་ས་འདི་ཆགས་པར་གྱུར་པ་ན་ལྷ་དེ་དག་འདིར་བབས་ནས་རོ་ལ་ཆགས་ཏེ་གནས་སོ། །དེ་དག་འཕགས་པའི་སྐད་ཀྱིས་སྨྲ་བར་བྱེད་ཅིང་བསྐལ་པ་དང་པོ་ལ་བ་ལང་ཞེས་བྱ་བ་ལ་སོགས་པའི་མིང་དུ་གྲགས་པ་ཡང་དང་ཡང་ བརྡར་བྱས་པ་ཡིན་པས་དེས་ན་དང་པོ་བརྡ་མེད་པ་མ་ཡིན་ནོ། གང་ཡང་འདི་སྐད་དུ། འདི་ནི་རྗེས་དཔག་ལས་ཐ་དད། །ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། རྗེས་སུ་དཔག་པའི་ཚད་མ་ཉིད། །དེ་བདག་ཉིད་ལས་ཐ་དད་མིན། །དེས་ན་ཚད་མ་ཡིན་ཕྱིར་ཞེས། ། བྱ་བའི་གཏན་ཚིགས་འདི་མ་ངེས། །རྗེས་སུ་དཔག་པ་མེད་པར་ལུང་ཙམ་གྱིས་བསྒྲུབ་བྱ་འགྲུབ་པ་ནི་མེད་དེ། རང་གི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་དང་། དུ་མ་ཉིད་ཡིན་པའི་ཕྱིར་རོ། །ཚད་མ་ཉིད་ཅེས་བྱ་བ་འདི་ཅི་མངོན་སུམ་གྱི་ཚད་མ་བཞིན་དུ་རྗེས་སུ་དཔག་པ་ལུང་ལས་ཐ་དད་པར་ འགྱུར་བ་ཞིག་ཡིན་ནམ། འོན་ཏེ་ཚད་མ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པའི་ཚད་མའི་རང་གི་ངོ་བོ་བཞིན་དུ་ཐ་མི་དད་པར་གྱུར་པ་ཞིག་ཡིན་ན་ཞེས་བྱ་བའོ། །གཞན་ཡང་། ཐ་དད་སྤྱོད་ཡུལ་ཅན་གྱི་བློ། །རྒྱུད་ཉིད་དུ་ནི་ཁྱོད་ཀྱི་དེ། །མ་གྲུབ་ཐ་དད་ཡུལ་ཡིན་ཕྱིར། །གཏན་ཚིགས་མ་གྲུབ་ཉིད་ དུ་འགྱུར། །རྗེས་སུ་དཔག་པ་ནི་ལུང་ལས་ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་སྐྱེ་བའི་རྒྱུར་གྱུར་པ་ཡོད་པ་མ་ཡིན་ཏེ། ལུང་ལས་རྗེས་སུ་དཔག་པ་དང་བཅས་ན་བསྒྲུབ་བྱ་སྒྲུབ་པར་ནུས་པར་འགྱུར་གྱི་རྗེས་སུ་དཔག་པ་དང་བྲལ་བའི་ལུང་གིས་ཡིན་པར་ནི་མཁས་པ་རྣམས་ཀྱིས་ འདོད་པ་ནི་མ་ཡིན་ཏེ། མགོན་པོར་སྨྲ་བ་དང་། འདོད་བཞིན་འཇུག་པ་དང་། ཐབས་ཀྱིས་རྒྱལ་བར་སྒྲུབ་པའི་བསྟན་བཅོས་བཞིན་ནོ། །དེས་ན་ལུང་ནི་རྗེས་སུ་དཔག་པའི་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་ཁོ་བོ་ཅག་ལ་གྲགས་པས་ཐ་དད་པའི་ཡུལ་གྱི་བློ་སྐྱེ་བའི་རྒྱུ་ ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །གང་ཡང་འདི་སྐད་དུ་གཅིག་དང་དུ་མའི་དོན་གྱི་ཡུལ་རྟོགས་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་ལུང་ལས་གཞན་ཡིན་ཏེ། སྒྲ་ལས་བྱུང་བའི་ཚད་མ་བཞིན་ནོ་ཞེས་བྱ་བ་དེ་ལ་ཡང་། དུ་མའི་དོན་དངོས་ཐ་དད་ 98-289b ཕྱིར། །དོན་གཅིག་མིན་པ་རྟོགས་པའི་རྒྱུ། །རྗེས་སུ་དཔག་པར་ཡང་འདོད་པས། །དེ་ཕྱིར་སྒྲ་བྱུང་ལས་གཞན་མིན། །སྒྲ་གང་གིས་བྱང་གྲོལ་ཞེས་བྱ་བའི་སྒྲ་མངོན་པར་བརྗོད་པ་ན་དོན་གཅིག་ཡང་དག་པར་རྟོགས་པར་འགྱུར་ལ། མཐོ་རིས་ཞེས་བྱ་བའི་སྒྲ་མངོན་པར་ བརྗོད་པ་ན་ནི་དོན་དུ་མ་རྟོགས་པར་འགྱུར་རོ། །དེ་ཡང་རྗེས་སུ་དཔག་པ་མེད་པར་མ་ཡིན་པས་སྒྲ་ལས་བྱུང་བ་ཞེས་བྱ་བ་ཡང་རྗེས་སུ་དཔག་པའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །གཞན་ཡང་། རྟགས་དང་འབྲེལ་པ་མ་མཐོང་བས། །མཐོང་བའི་དོན་ལས་རྗེས་དཔག་ཉིད། ། གང་ཕྱིར་རྟོགས་བྱ་རྟོགས་པར་བྱེད། །དེ་ཕྱིར་དེ་མ་ཐག་ཏུ་མིན། །མཐོ་རིས་ལ་སོགས་པའི་རྟགས་མཐོང་བ་མེད་ན་ཡང་མཐོང་བའི་དོན་ལ་རྗེས་སུ་དཔག་པ་ཉིད་ཀྱིས་རྟོགས་བྱ་རྟོགས་པར་འགྱུར་རོ། །གང་ལ་ཞེ་ན། མཐོ་རིས་ནི་ཡོད་དོ་ཐར་པ་ནི་ཡོད་དོ་ཞེས་དེ་བཞིན་གཤེགས་པས་བསྟན་པའི་ལུང་ གང་ཡིན་པ་ལའོ། །དེ་ལས་འདི་སྐད་དུ་འདུས་བྱས་ཐམས་ཅད་ནི་མི་རྟག་གོ་ཞེས་བརྗོད་ཅིང་གསུངས་པ་ལྟ་བུ་སྟེ། དེས་ན་རྗེས་སུ་དཔག་པ་ཉིད་ཀྱི་མཐོ་རིས་དང་ཐར་པ་ཡང་ཡོད་པར་རྟོགས་པར་བྱ་བ་ཡིན་གྱི་ལུང་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་ལུང་རྗེས་སུ་དཔག་པའི་ཁོངས་སུ་ གཏོགས་པ་ཉིད་ཡིན་ནོ། །གཞན་ཡང་། རྗེས་དཔག་སྒྲ་བྱུང་ཐ་དད་མིན། །ལྐོག་གྱུར་ཤེས་པའི་རྒྱུ་ཉིད་ཡིན། །འབྲེལ་པ་དྲན་ལ་ལྟོས་བཅས་ཕྱིར། །ཇི་ལྟར་རྗེས་དཔོག་རང་ཉིད་བཞིན། །སྒྲ་ལས་བྱུང་བས་ན་སྒྲ་བྱུང་སྟེ། ལུང་ཉིད་དོ། །དེ་ལ་དེ་ཡང་མེ་ཏོག་དང་འབྲས་བུ་དང་ ཡལ་ག་དང་བཅས་པའི་ཤིང་ལ་སོགས་པའི་དོན་སྒྲ་ཐོས་པ་ཉིད་ན་རྟོགས་པར་འགྱུར་བ་ནི་གང་ཤིང་ལ་མེ་ཏོག་ལ་སོགས་པ་དང་བཅས་པའི་འབྲེལ་པ་སྔར་མཐོང་བ་ལས་དྲན་པ་སྐྱེ་བར་འགྱུར་བ་ཡིན་པས་དེ་ནི་སྔར་གྱི་འབྲེལ་པ་ལ་ལྟོས་པ་ཞེས་བྱ་སྟེ། འབྲེལ་པ་དྲན་པ་ལ་ལྟོས་པའི་ ཕྱིར་རོ། །དེ་ལྟར་རྗེས་སུ་དཔག་པ་རང་ཉིད་མེ་དང་ཉེ་བར་གནས་སུ་ཟིན་ཀྱང་དུ་བ་དང་མེར་འབྲེལ་པ་མཐོང་བ་དྲན་པ་ལ་ལྟོས་པ་བཞིན་ནོ། །སྔོན་མེད་བྱ་བས་གསལ་མི་བྱེད། །སྒྲ་ཡི་གསལ་བྱེད་བཀག་པ་བཞིན། །གསལ་བར་བྱས་པའི་བུམ་པ་ལྟར། །སྔོན་མེད་པ་ཡང་མི་རྟག་ 98-290a འདོད། །ཆོས་ཀྱང་མཆོད་སྦྱིན་ལ་སོགས་པའི་བྱ་བས་བསྒྲུབས་པ་ཉིད་ཡིན་གྱི་གསལ་བར་བྱས་པ་ནི་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་སྒྲ་དང་མེས་གསལ་བར་བྱས་པ་མ་ཡིན་ནོ། །གལ་ཏེ་རྟག་པ་ཉིད་ཡིན་པའི་ཕྱིར་ཆོས་ནི་བྱ་བས་གསལ་བར་བྱས་པ་ཉིད་ ཡིན་གྱི་བྱས་པ་ནི་མ་ཡིན་ཏེ། ཇི་ལྟར་མུན་པའི་ནང་ན་གནས་པའི་བུམ་པ་མར་མེས་གསལ་བར་བྱེད་པ་བཞིན་ནོ་ཞེ་ན། མངོན་པར་གསལ་བར་བྱེད་པ་ཡིན་དུ་ལྟ་གཞུག་ན་དེ་ལྟ་ན་ཡང་སྔོན་མེད་པ་དེ་བུམ་པ་བཞིན་དུ་མི་རྟག་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདོད་པ་ཉམས་པ་ཡིན་ནོ། །གཞན་ ཡང་། ཟླ་བའི་བཏུང་སོགས་བྱ་བའི་འབྲས། །རྟག་པ་མིན་པ་ཉིད་དུ་འདོད། །བྱ་བའི་འབྲས་བུ་ཡིན་ཕྱིར་དཔེར། །འདོད་པའི་རྒྱུ་བྱུང་འབྲས་བུ་བཞིན། །ཟླ་བའི་བཏུང་བ་ལ་སོགས་པའི་བྱ་བ་གང་དག་ཡིན་པའི་འབྲས་བུ་དེ་ནི་བདུད་རྩི་ཉིད་དང་། རྟག་པ་ཉིད་ཡིན་པར་མངོན་པར་འདོད་དུ་ཟིན་ཀྱང་མི་ རྟག་པ་ཉིད་ཡིན་ཏེ། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་དང་གང་བྱ་བའི་འབྲས་བུ་ཡིན་པ་དེ་ནི་མི་རྟག་སྟེ། དཔེར་ན་འདོད་པའི་སེམས་པའི་རྗེས་ཐོགས་ལ་སྐྱེས་པའི་ཡུལ་གྱི་བདེ་བའི་འབྲས་བུ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ། ཟླ་བའི་བཏུང་སོགས་བྱ་བ་ཡིས། ། ཐར་པ་འཐོབ་པར་མི་རིགས་ཏེ། །བྱ་བ་ཡིན་ཕྱིར་འདོད་པ་ཡི། །རྒྱུ་མཚན་བྱ་བ་མི་འདོད་ལྟར། །ཟླ་བའི་བཏུང་བ་དང་བྱོལ་སོང་གི་མཆོད་སྦྱིན་ལ་སོགས་པའི་བྱ་བ་ནི་འཇིག་རྟེན་ལས་མི་འདའ་བ་ཉིད་ཡིན་པའི་ཕྱིར་ཐར་པ་འཐོབ་པར་བྱེད་པར་རིགས་པ་མ་ཡིན་ཏེ། བྱ་བ་ཡིན་ པར་མཚུངས་པའི་ཕྱིར་ཇི་ལྟར་འདོད་པ་སྤྱོད་པའི་རྒྱུ་ཕེབས་པར་སྨྲ་བ་དང་། གཉིས་ཀྱིས་གཉིས་སྤྲོད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བྱ་བ་བཞིན་ནོ། །དེ་ཕྱིར་ལམ་འདི་ལ་བརྟེན་ནས། །མཐར་བྱེད་ལས་རྒྱལ་འགྱུར་མ་ཡིན། །བློ་ཡིས་སྤྱོད་པའི་ནུས་མེད་པ། །གཞན་རྗེས་ འབྲང་བས་འདི་ལ་བརྟེན། །རང་ཉིད་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་བསམ་གཏན་གྱི་ཤེས་པའི་ལམ་གང་མཐོང་བའི་ལམ་དེ་ལ་བརྟེན་ནམ་ངེས་པར་མཐར་བྱེད་པ་ལས་རྒྱལ་བར་འགྱུར་གྱི། གང་དག་གཞན་གྱི་རྗེས་སུ་འབྲང་ཞིང་བློས་སྤྱོད་པའི་ནུས་པ་མེད་པ་ 98-290b ཡོངས་སུ་བརྟགས་པའི་ཡང་དག་པ་མ་ཡིན་པའི་ལམ་དེས་ཇི་ལྟར་མཐར་བྱེད་པ་ལས་རྒྱལ་བར་འགྱུར་བ་ཡིན། དེའི་ཕྱིར་ན་གང་ཟླ་བའི་བཏུང་བ་ལ་སོགས་པའི་བྱ་བས་མཐར་བྱེད་པ་ལས་རྒྱལ་བར་འགྱུར་རོ་ཞེས་བྱ་བ་གང་སྨྲས་པ་དེ་བདེན་པ་མ་ཡིན་ནོ། །གལ་ཏེ་ཡང་། འཆི་མེད་ ཉིད་ནི་ཡོད་པའི་ཕྱིར། །ཉེར་ཞི་རིག་བྱེད་ཡོད་ཅེ་ན། །མེད་དེ་འདི་ནི་ཕྱིན་ཅི་ལོག །མི་རྟག་པ་ལ་རྟག་པར་བཏགས། །རིགས་ལས་བྱུང་བའི་དོན་གསུམ་པོ། །ཤིས་བརྗོད་བསྟོད་དང་ཆོ་ག་དག །གང་ཕྱིར་དོན་ནི་གསུམ་པོ་འདིས། །ཐར་པ་ནམ་ཡང་འཐོབ་མ་ཡིན། །གལ་ཏེ་སྙིང་ པོ་ཉིད་ཡིན་པས། །རིག་བྱེད་ཚད་མར་འདོད་ཅེ་ན། །མི་ཤེས་ཕྱིན་ཅི་ལོག་ལྟ་སོགས། །ཅི་ཡི་ཕྱིར་ན་ཚད་མ་མིན། །ཞེས་བྱ་བ་ཡིན་ནོ། །དྲང་སྲོང་ལྷས་བསྟན་དམ་པས་འདོད། །ཅེས་བྱ་བ་ལ་སོགས་པའི་ཕྱོགས་སྔ་མའི་ལན་བརྗོད་པར་བྱ་བའི་ཕྱིར་སྨྲས་པ། ལྷའི་བླ་མ་ཕུར་བུས་བསྟན་ པའི་རྒྱུད་ལས་རིག་བྱེད་སུན་དབྱུང་བ་ཉིད་ཡིན་ཏེ། ཅི་ལྟར་ཞེ་ན། སྨྲས་པ། རྫས་ཀྱི་དོན་དུ་ལྷ་གསོལ་མཆོད་བྱེད་པས་སྟ་གོན་ལ་གནས་པ་དང་། གཏོར་མ་བསྟབས་པ་ལ་སོགས་པ་ཀུན་དུ་བརྟགས་པ་ཡིན་གྱི། དེ་ལྟར་ལྷ་སྟ་གོན་དུ་ཉེ་བར་གནས་པ་ལ་སོགས་པ་ནི་འགྲུབ་པ་མ་ ཡིན་ཏེ། ཅི་མཐོ་རིས་སུ་མུ་གེ་ཆེན་པོ་བྱུང་བར་གྱུར་ནས་གང་གི་ཕྱིར་འདིར་གཏོར་མའི་ཆ་ཤས་དང་། ཁུར་བའི་ཕྱེད་དུམ་དང་། བསང་གཏོར་གྱི་ཆུ་དང་། ར་ཤ་དང་། འབྲས་མ་ཆག་པ་ལ་སོགས་པ་ལ་ཁྱིའི་ཚུལ་བཟུང་ནས་ལྷ་རྣམས་འདིར་བབས་ཤིང་ཟ་བར་འགྱུར་བ་ཡིན་ ནམ་ཞེས་བྱ་བ་དང་། དེ་བཞིན་དུ་ཡང་སྨྲས་པ། སྐྱོན་ཅན་གཙང་སྦྲ་ཅན་མང་འདུས་ནས་འཚོ་བའི་ཕྱིར། །ལྷ་ཡི་སྟ་གོན་ལ་སོགས་འགའ་ཞིག་བརྩམས་གྱུར་ནས། །ཕྱུགས་བསད་སྙིང་པོར་གྱུར་རྣམས་བསླུས་པ་རྣམས་ཀྱིས་ཟོས། །རྭ་དང་རྨིག་པ་པགས་པ་ཅན་འདི་ཀ་ལ་ སྟེར། །ཁྱིམ་མེད་མ་དང་མཆོད་སྦྱིན་ཤིང་ཤུན་ཅན། །མགྲིན་པ་སྐུད་པས་བཅིངས་དང་འདྲེག་མཁན་དང་། །རྗེའུ་རིགས་གཉིས་དང་མཆིལ་ལྷམ་མཁན་པོ་དང་། །དྲུག་གི་རིག་བྱེད་འདི་ནི་བརྟགས་པ་ཡིན། །གནས་སྐབས་ཆོས་ཅན་གང་དག་དང་། །གཞན་ཡང་རིགས་ 98-291a ཀྱི་ཆོས་ཅན་དག །ནོར་ཅན་རྣམས་ཀྱི་ནོར་ཚོགས་ལ། །བྱ་རྒོད་བཞིན་དུ་དྲུངས་ནས་འབྱིན། །མེ་ལ་སྦྱིན་སྲེག་ལ་སོགས་ལས། །བྱིས་པའི་རྩོད་མོ་བཞིན་མཚོན་ཆ། །མེ་ཡི་སྦྱིན་སྲེག་གསུམ་རིག་འདོན། །དབྱུ་གུ་གསུམ་ཅན་ཐལ་བས་བསྐུ། ། བློ་དང་རྩོལ་བས་དམན་རྣམས་ཀྱིས། །འཚོ་ཕྱིར་བྱས་ཞེས་ཕུར་བུ་སྨྲ། །དེ་བཞིན་དུ་གྲོང་ཁྱེར་གྱི་ནང་དུ་ཚུལ་བཅོས་པའི་རྐུན་པོ་རྣམས་ཀྱིས་དེ་དག་གཏན་ཚིགས་ཀྱི་ཐོ་བས་མགོ་བོ་ནས་གླེབ་པར་བྱའོ་ཞེས་ཀྱང་འབྱུང་བས་དེ་ལྟ་བས་ན་ལྷའི་དྲང་སྲོང་གིས་སྟེན་ཅེས་བྱ་བ་ཡང་རིགས་པ་ པ་མ་ཡིན་ནོ། །ལན་གསུམ་པོ་ནི་སྟོན་བྱེད་པ། །ཚངས་པ་ཁྱབ་འཇུག་བདེ་བྱེད་རྣམས། །ཉོན་མོངས་བདག་ཉིད་སྤྱོད་མཐོང་བས། །གང་ཕྱིར་གསུམ་འདི་སྤང་བའི་རིགས། །ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན་པའི་གསུང་ནི་དོན་ཇི་ལྟ་བ་བཞིན་ཡིན་ པར་འགྱུར་གྱི། གང་ཡང་གདོན་གྱིས་ཟིན་པ་བཞིན་དུ་ཉོན་མོངས་པ་དང་བཅས་པའི་འདོད་པའི་རྗེས་སུ་ཞུགས་པ་རྣམས་ཀྱི་ཚིག་གི་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། ཉོན་མོངས་པ་དང་བཅས་པས་བྱས་པ་ཡིན་པའི་ཕྱིར་ལྟ་བ་གསུམ་པོ་ཉིད་ནི་སྤང་བར་རིགས་པ་ཁོ་ན་ཡིན་གྱི་མི་རིགས་པ་ མ་ཡིན་ནོ། །དེ་ལ་རེ་ཞིག་ཚངས་པའི་ཉོན་མོངས་པ་དང་བཅས་པའི་རང་བཞིན་ནི་འདི་ཡིན་ཏེ། རིག་བྱེད་ལས་འདི་ལྟར་འབྱུང་ངོ་། །ཇི་ལྟར་སྲིད་པ་གསུམ་པོ་ནི། །མེས་པོས་བསྐྱེད་པ་ཡིན་ཞེས་གྲགས། །ལེགས་པ་ཐམས་ཅད་རྣམ་སྤངས་ཏེ། །འཕགས་པ་རྣམས་ཀྱིས་མཉན་བྱ་མིན། ། ལྷ་མོ་འདོད་དགའ་དང་འདུས་ནས། །འདོད་པའི་བདེ་བ་ཉམས་མྱོང་སྟེ། །གཞོན་ནུ་ས་ནད་འདོད་དགའ་ལས། །འཇིག་རྟེན་བྱེད་པ་དེས་བསྐྱེད་དོ། །མེས་པོ་དེས་ནི་དགའ་བྱེད་མ། །དེ་ལ་བྱིན་ནས་འདི་སྐད་སྨྲས། །སྐྱེས་བུ་རྣམས་ཀྱིས་བུད་མེད་སྤྱོད། །བུད་མེད་རྣམས་ཀྱང་སྐྱེས་བུ་ ལ། །ཞེས་བསྟན་པ་ཡོད་པས་དེའི་ཕྱིར། འདོད་པ་མེད་ན་ཇི་ལྟར་འདི། །འདོད་དགའ་མ་ལ་སྤྱོད་པར་བྱེད། །དེ་བཞིན་འདོད་བྲལ་ལྷ་མོ་ལ། །འགྲོ་གཙོ་སྟོབས་ཀྱིས་ཅི་ཕྱིར་སྤྱོད། །འདི་ནི་སྐྱེ་དགུའི་བདག་ལས་སྐྱེས། །དེ་ནི་རང་བྱུང་བུ་ཡིན་ན། །རང་བྱུང་ཚ་མོ་འདོད་ལྡན་ལ། །སྤྱད་པར་ 98-291b གྱུར་པ་ཡིན་ནམ་ཅི། །དེ་བཞིན་དུ་འདི་ལྟར་གྲག་སྟེ། སྐྱེ་དགུའི་བདག་པོ་གསལ་བ་ཞེས་བྱ་བ་ཚངས་པའི་ཁ་ནས་སྐྱེས་སོ། །དེས་མཆོད་སྦྱིན་ཅིག་བྱེད་པའི་དུས་སུ་ཚངས་པ་སྤྱན་དྲངས་པ་དང་དེ་མ་འོངས་སོ། །དེ་ནས་སྐྱེ་དགུའི་བདག་པོས་རང་གི་བུ་མོ་གཞོན་ནུ་མ་རྣམས་ཕོ་ཉར་ བཏང་ངོ་། །དེ་རྣམས་ཀྱིས་ལ་ལས་ནི་ལག་པ་ནས་དྲངས། ལ་ལས་ནི་ཅོ་ཏོ་ནས་དྲངས་ཏེ་ཚངས་པ་མཆོད་སྦྱིན་གྱི་གནས་སུ་ཁྱེར་རོ། །དེ་གཞོན་ནུ་མ་རྣམས་ཀྱི་ལུས་དང་རེག་པར་གྱུར་པ་ན་འདོད་པས་སེམས་མྱོས་པར་གྱུར་ནས་ཁུ་བ་བྱུང་ངོ་། །དེ་མཆོད་སྦྱིན་བྱེད་པའི་སྲེག་གཟར་གྱིས་ བླངས་ནས་བསྲེག་བྱ་བཞིན་དུ་མེའི་ནང་དུ་བླུགས་སོ། །དེ་ནས་འབར་བའི་ཕྲེང་བས་ཀུན་ནས་འཁོར་བཞིན་དུ་ཐུབ་པ་ངན་སྤོང་དང་། ཨངྒི་རས་སྐྱེས་པར་གྱུར་ཏོ། །དེའི་ལྷག་མ་དུ་བའི་ནང་དུ་ལུས་པ་ལས་ཨ་ཏྲི་བྱུང་ངོ་ཞེས་ཟེར་ཏེ། དེས་ན་འདིར་ཡང་སྐྱེ་དགུའི་བདག་པོ་ལས་སྐྱེས་པ་ རང་གི་ཚ་མོ་ལ་འདོད་པའི་སེམས་སྐྱེས་ནས་བྱུང་བའི་ཁུ་བ་ལྷ་ཐམས་ཅད་ཀྱི་ཁ་ཡིན་པར་འདོད་པའི་མེའི་ནང་དུ་ཚོགས་ཀྱི་ནང་དུ་ལྡུགས་པར་བྱེད་པས་སྨྱོན་པའི་སྤྱོད་པ་དང་འདྲ་བ་ཚངས་པ་ལ་ཡང་ཡོད་པ་ཡིན་ནོ། །གང་གི་ཕྱིར་སྨྲས་པ། རིགས་ལས་དྲང་སྲོང་སྐྱེ་བསྟན་པ། །འདི་ལྟར་ བྱུང་འདི་བརྟག་མི་བྱ། །གཉིས་སྐྱེས་རྣམས་ཀྱིས་གསང་བ་གང་། །ཀུན་ལ་བརྗོད་པར་བྱ་བ་མིན། །རང་བྱུང་གི་ནི་སྤྱོད་པ་འདི། །འཁྲུལ་པར་གྱུར་པ་འདི་ལ་ལྟོས། །ཚ་མོ་མཐོང་དང་རེག་པ་ལས། །བྱོལ་སོང་བཞིན་དུ་གང་ཆགས་ནས། །ལུས་ནི་འབྱུང་བར་གྱུར་པ་ལས། །མི་ གཙང་ཤོར་བར་གྱུར་པ་འདི། །མི་ནི་སེམས་དང་ལྡན་པ་འགའ། །མ་སྐྱེས་ཡིན་ན་འདི་བྱེད་དམ། །ཁྱི་དང་བོང་བུ་དག་གི་ནི། །སྤྱོད་པ་འཕགས་པས་སྨད་པ་ལ། །རང་བྱུང་སྤྱོད་པས་དེས་ན་དེ། །དེ་དག་དང་ནི་ཁྱད་ཅི་ཡོད། །དེ་བཞིན་དུ་ཏ་ལའི་རྐང་པ་དང་ཧ་ཧ་ཞེས་ཟེར་བ་གསད་པར་བྱ་བའི་ཕྱིར་ སྐྱེ་བོ་བརྒྱ་སྟོང་དུ་མའི་ཚོགས་གསོད་པར་བྱེད་པའི་གཤིན་རྗེ་བསྐྱེད་པ་དང་། འཕེལ་བྱེད་དང་། ན་མུ་ཅི་དང་། སྡོམ་པ་དང་། མགྲིན་བཅུ་གསད་པའི་ཐབས་ཀྱི་མན་ངག་ཀྱང་རིག་བྱེད་ལས་བསྟན་པས་ཚངས་པ་ནི་ཉོན་མོངས་པ་དྲག་པོ་དང་ལྡན་པ་ཡིན་ནོ། །ཁྱབ་འཇུག་དང་དབང་ 98-292a ཕྱུག་ཆེན་པོ་དག་ནི་ཉོན་མོངས་པའི་བདག་ཉིད་ཅན་ཡིན་པར་ཕྱིས་སྟོན་པར་འགྱུར་བས་འདིར་མ་བསྟན་ཏོ། །ཕ་རོལ་གྱི་བསམ་པ་ཁས་བླངས་ནས་སྨྲས་པ། ཤེས་ལྡན་ཤེས་པས་སྡིག་པ་དག །སྲེག་སྟེ་མེ་ཡིས་ཤིང་བཞིན་ནོ། །དེས་ན་མཐུ་ཡི་ཁྱད་པར་གྱིས། ། ངན་འགྲོ་དེ་ནི་འགྲོ་ཞེ་ན། །ཞེས་བྱ་བ་ལ། གལ་ཏེ་རྨོངས་པ་ལོང་བ་དང་འདྲ་བ་དག་ནི་སྡིག་པ་ཆུང་ངུས་ཀྱང་ངན་འགྲོར་འགྲོ་བར་འགྱུར་བ་ཡིན་གྱི། ཡེ་ཤེས་ཀྱི་སྣང་བ་སྐྱེས་ཤིང་ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་ལྡན་པས་ནི་སྡིག་པ་མ་ལུས་པར་སྲེག་པ་ཡིན་པས་དེས་སྡིག་པས་ གོས་པ་མ་ཡིན་ནོ་ཞེ་ན། འདི་ལ། གང་གིས་ཉོན་མོངས་སྲེག་ནུས་པའི། །མཁས་པ་ཤེས་དེ་ཤེས་ལྡན་ན། །དེ་ནི་སྡིག་པ་བྱེད་མི་འགྱུར། །དེའི་རྒྱུ་ཤེས་ལྡན་ལ་མེད་ཕྱིར། །ཞེས་བརྗོད་པར་བྱ་སྟེ། ས་དང་ལྡན་པ་རྣམས་ཀྱི་ཤེས་པ་དང་ལྡན་པ་ཉིད་ནི་འདི་ཡིན་ཏེ། གང་ཉོན་མོངས་པ་ རྣམས་སོག་པར་མི་བྱེད་ཅིང་། ཉོན་མོངས་པ་བསགས་པ་རྣམས་ཀྱང་ཞི་བར་བྱེད་པ་ཡིན་པས་དེའི་ཕྱིར་ཤེས་པ་དང་ལྡན་པ་རྣམས་ནི་སྲོག་གཅོད་པ་ལ་སོགས་པའི་སྡིག་པའི་ལས་མི་བྱེད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བའི་སྡིག་པའི་རྒྱུ་རྣམས་མེད་ པའི་ཕྱིར་རོ། །འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་ནི་སྡིག་པའི་ལས་བྱེད་པར་འགྱུར་ཏེ། ཇི་སྐད་དུ། འདོད་ཆགས་ཀྱིས་ནི་ཆོས་མི་མཐོང་། །ཞེས་བྱ་བ་དང་། དེ་བཞིན་དུ། ཞེ་སྡང་དང་། གཏི་མུག་ལ་ཡང་བསྟན་པ་ཡིན་ནོ། །ཡང་ཁྱེད་ནི་གཅིག་ཏུ་མི་དགེ་བའི་ ལམ་ལ་ཞུགས་པ་ཡིན་ཏེ། ལྟུང་བར་བྱེད་པའི་ལས་རྣམས་ཀྱིས། །རྣལ་འབྱོར་གྲུབ་ལ་མི་གོས་ཞེས། །སྨྲ་ཞིང་ཡང་དག་ལམ་ཉམས་ལ། །གཞན་དག་གི་ཡང་ཉམས་པར་བྱེད། །གྲུབ་པའི་རྣལ་འབྱོར་བསམ་གཏན་ལ་སོགས་པ་གང་ཡིན་པ་དེ་ནི་རྣལ་འབྱོར་གྲུབ་པའོ། ། དེ་ལ་ནི་མི་དགེ་བའི་ལས་བྲམ་ཟེ་བསད་པ་ལ་སོགས་པ་ལྟུང་བར་བྱེད་པ་བྱས་ཀྱང་གོས་པར་མི་འགྱུར་རོ་ཞེས་ཟེར་བ་གྲག་སྟེ། དེ་སྐད་ཟེར་བ་དེ་དག་ནི་ལས་ཀྱི་འབྲས་བུ་ཉམས་པར་མི་འགྱུར་བ་དང་། གྲོལ་བའི་ལམ་ཡང་མི་ཤེས་པར་གྱུར་པ་ཡིན་ལ། གཞན་སེམས་ 98-292b ཅན་མང་པོ་དེའི་གཞུང་གི་རྗེས་སུ་འབྲང་བ་རྣམས་ཀྱང་འཁོར་བའི་དགོན་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་ལྔ་པ། གལ་ཏེ་དེ་རྣམས་ལ་སྡིག་པ་བསྲེག་པའི་ནུས་པ་ཡོད་ན་ཅིའི་ཕྱིར་དབང་ཕྱུག་གིས་ ཚངས་པ་བསད་པའི་སྡིག་པ་ཟླ་བ་དང་། ཉི་མ་དང་། བུད་མེད་དང་། ཤིང་ལ་སོགས་པ་རྣམས་ལ་ཆ་དགོད་པར་བྱེད་པ་ཡིན། ཉི་མ་དང་། ཟླ་བ་ཡང་ཅིའི་ཕྱིར། ནད་ཀྱི་རྒྱལ་པོ་ཟད་བྱེད་ལེན་པར་བྱེད། དེས་ན་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ནི་ཤེས་པ་དང་ལྡན་པ་ མ་ཡིན་ནོ། །ཅི་ལྟར་ཞེ་ན། ཚངས་ལ་སོགས་པས་དེ་ཉིད་དོན། །བློ་ཡིས་མཐོང་བར་མི་འདོད་དེ། །ཚངས་པ་དང་ནི་རྩེ་གསུམ་ཅན། །ཐིག་ལེ་མཆོག་མར་ཀུན་ཆགས་ཕྱིར། །ཐིག་ལེ་མཆོག་མ་ཞེས་བྱ་བའི་ལྷ་མོ་ལ། དབང་ཕྱུག་ཆེན་པོ་ཀུན་དུ་ཆགས་ནས་གདོང་བཞི་མངོན་པར་ སྤྲུལ་པ་དང་ཚངས་པ་ཡང་ཀུན་དུ་ཆགས་པར་གྱུར་པ་ཉིད་ཀྱིས་གདོང་ལྔ་བསྐྱེད་དེ། གདོང་དེ་དག་གིས་བལྟས་ཀྱང་ངོམས་པར་མ་གྱུར་ཏོ་ཞེས་གྲག་གོ། །གཞན་ཡང་བྷ་ག་མ་ཐ་ནའི་གཞུང་ལས། ལྷ་ཆེན་པོས་ལོ་བརྒྱ་ཚང་བར་ཨུ་མ་དང་ལྷན་ཅིག་ཏུ་འཁྲིག་པའི་སྦྱོར་བ་ལ་གནས་པར་གྱུར་ཏོ། ། དེ་བཞིན་དུ་ལྷ་ཤིང་ནི་ནགས་ཚལ་དུ་ཞུགས་པ་ན། ཐུབ་པའི་བུ་མོ་མཐོང་བ་ན་འདོད་པས་མྱོས་པ་ཉིད་དུ་གྱུར་ནས་མཚན་མ་འགྲེང་བར་གྱུར་ཏོ། །དྲང་སྲོང་དེ་ཁྲོས་པར་གྱུར་པས་ལྟུང་བར་བྱས་སོ། །འདི་སྐད་ཀྱང་སྨྲས་ཏེ། དུར་ཁྲོད་ན་ནི་གང་གནས་ཤིང་། །འབྱུང་པོའི་ཚོགས་དང་ལྷན་ཅིག་ དགའ། །འདི་འདྲ་བ་ཡང་ལྷ་ཡིན་ན། །ཤ་ཟ་ཅི་འདྲ་བ་ཞིག་ཡོད། །ཚངས་པར་སྤྱོད་དང་འགལ་བ་ཡིན། །གཟུགས་སུ་འདི་ནི་མཐོང་བཞིན་དུ། །རྨོངས་པ་མི་ཤེས་པ་དག་ལ། །ཚངས་པར་སྤྱོད་པ་ཡིན་ཞེས་སྨྲ། །འཇིག་རྟེན་ཀུན་གྱི་མངོན་སུམ་དུ། །དཀའ་ཐུབ་མཚན་མ་འགྲེང་གྱུར་ པ། །མཁས་པ་གཉེན་དང་བཅས་རྣམས་ཀྱིས། །འདི་འདྲ་མཐོང་བ་མི་འདོད་དོ། །ཉིས་ན་ཚངས་པར་སྤྱོད་མིན་པའི། །ཁྱིམ་པའི་ཆ་ལུགས་ཉིད་རུང་གི། །ཚངས་པར་སྤྱོད་པར་ཁས་འཆེ་བའི། །བདེ་བྱེད་མཐོང་བར་མི་འདོད་དོ། །མཚན་མ་ལྟུང་བ་དེ་ལ་ནི། །དྲི་དང་ཕྲེང་སོགས་ 98-293a ལོངས་སྤྱོད་མཆོག །དེ་བཞིན་བདེ་བྱེད་ལ་མ་ཡིན། །འགལ་བ་ཉིད་དུ་མཐོང་བ་ཡིན། །གང་གི་མིང་ཐོས་སྐྱེ་བོའི་ཚོགས། །ཤིན་ཏུ་ངོ་མཚར་འགྱུར་བ་ཡི། །གང་ལས་མི་གཙང་ཚོགས་འབྱུང་བ། །དེ་ནི་ལྷ་ཡིན་ཇི་ལྟར་འདོད། །ཤིན་ཏུ་ངོ་ཚ་མེད་ གྱུར་པས། །མཚན་མའི་རྩེ་ནས་དབང་བསྐུར་བས། །གང་གིས་བདག་ཉིད་ཅོ་འདྲི་བ། །དེ་ལས་ལྷག་པ་ཅི་ཞིག་བྱ། །ཞེས་བྱ་བའོ། །འདོད་ཆགས་དྲག་པོ་ཅན་ཡིན་པར་སྨྲས་ནས་ཞེ་སྡང་དྲག་པོ་དང་ལྡན་པ་ཡིན་པ་ཉིད་དུ་སྨྲས་པ། དང་པོར་ཁྲོ་མེས་མ་བསྲེགས་ནས། ། གྲོང་ཁྱེར་སུམ་བརྩེགས་ཅི་ལྟར་བསྲེགས། །ཉི་རྒྱལ་སོ་ཕྱུང་ཅི་ལྟ་བུ། །ཉི་སྐལ་མིག་བྱུང་ཅི་ལྟ་བུ། །ཁྲོ་བོའི་མེས་ནི་དང་པོར་རེ་ཞིག་ཁྲོ་བ་ཅན་ཉིད་སྲེག་པར་བྱེད་དེ། འདི་ལྟར་དབང་ཕྱུག་ཆེན་པོའི་ཐིག་ལེ་མཆོག་མ་ཤོར་བ་ལས་བྱུང་བའི་ཁྲོ་བའི་མེས་བསྲེགས་ཤིང་བསྙེན་པར་དཀའ་བར་ གྱུར་ནས་ལྷ་མ་ཡིན་དུ་འབར་བའི་ཕྲེང་བ་ཅན་དྲུག་གིས་བསྐོར་ནས་གནས་པའི་གྲོང་ཁྱེར་སུམ་རྩེག་གི་སྟེང་དུ་མེའི་མཚོན་འཕངས་ནས་བསྲེགས་པར་གྱུར་ཏོ། །ཡང་སྐྱེ་དགུའི་བདག་པོ་གསལ་བ་མཆོད་སྦྱིན་བྱེད་པའི་དུས་སུ་ལྷ་ཐམས་ཅད་ཚོགས་པ་ན་དེ་ཐོད་པའི་ཕྲེང་བས་མགོ་བརྒྱན་ཅིང་ ཐལ་བས་ལུས་བསྐུས། ལག་པ་ན་ཐོད་པ་ཐོགས་ཏེ་སྨྱོན་པའི་བརྟུལ་ཞུགས་འཛིན་བཞིན་དུ་ཤིན་ཏུ་འཕྱི་བ་ན་འོངས་སོ། །དེ་མཐོང་ནས་རྒྱལ་ཆེས་བྱ་བའི་ཉི་མས་གད་མོ་བྱས་སོ། །བཟང་པོ་ཞེས་བྱ་བའི་ཉི་མས་མིག་བཙུམ་བྱས་སོ། །དེས་ན་བདེ་བྱེད་ཁྲོ་བོའི་མེས་ཚིག་ ནས་རྒྱལ་གྱི་ནི་སོ་རྣམས་ལྷུང་བར་བྱས་སོ། །བཟང་པོའི་ནི་མིག་ལྷུང་བར་བྱས་སོ་ཞེས་འབྱུང་ངོ་། །གཏི་མུག་དྲག་པོ་ཅན་ཡང་ཡིན་ཏེ། ཚངས་བསད་ཆང་འཐུངས་འདོད་པ་ཅན། །དབང་ཕྱུག་དེ་ནི་མཐོང་ཞེ་ན། །དེ་ཡི་ལམ་གྱི་རྗེས་འབྲང་བ། །ཇི་ལྟར་དེ་ཉིད་མི་མཐོང་འགྱུར། ། རྨོངས་པ་མ་ཡིན་པ་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འབྱུང་བར་མི་འགྱུར་རོ། །དབང་ཕྱུག་ཆེན་པོ་ནི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ཏེ། ཚངས་པ་བསད་པ་དང་། ཆང་འཐུངས་པ་དང་། འདོད་པ་བསྟེན་པ་ཡིན་པའི་ཕྱིར་རྔོན་པ་དང་། ཆང་འཚོང་བ་ལ་བརྟེན་ 98-293b པ་པ་དང་། སྨད་འཚོང་མ་ལ་ཆགས་པའི་སྐྱེས་བུ་བཞིན་ནོ། །དེའི་ཕྱིར་ན་རེ་ཞིག་དེ་ཉིད་ལ་ཡང་དེ་ཁོ་ན་ཉིད་མཐོང་བ་ཡོད་པ་མ་ཡིན་ན་ཡང་དེའི་ཉེ་བར་བསྟན་པའི་ལམ་ནས་འཇུག་པ་ལ་ལྟ་གྲོལ་བ་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །ཁྱབ་འཇུག་ཡིན་ན་སྒྲ་གཅན་དང་། ། ཙ་རུ་ར་དང་དམྱལ་ལ་སོགས། །སྙིང་རྗེ་མེད་པར་གྱུར་པ་ཡིས། །ནོར་སྲོག་ཕྲལ་བ་ཇི་ལྟ་བུ། །གལ་ཏེ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཡིན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལུགས་འདིས་དོན་དམ་པ་རྟོགས་པར་འགྱུར་བ་ཡང་མ་ཡིན་ལ་དོན་དམ་པ་མཐོང་ན་ནི་འདི་ལྟ་བུའི་སྤྱོད་པ་དང་ ལྡན་པར་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་། གཞན་ནོར་ཆུང་མ་མ་བྱིན་ལེན། །ཆང་སྲེད་སྲོག་ནི་གཅོད་པ་དག །དེ་ཉིད་མཐོང་བར་འོས་གྱུར་ན། །རི་བྲགས་རྐུན་མོ་ཤིན་ཏུའང་ཡིན། །གལ་ཏེ་སྲོག་གཅོད་པར་བྱེད་པ་དང་། གཞན་གྱི་ནོར་འཕྲོག་པར་བྱེད་པ་དང་། ཆང་ ལ་སྲེད་པ་དང་། གཞན་ལ་སླུ་བར་བྱེད་པའི་ཚིག་སྨྲ་བ་དང་། གཞན་གྱི་ཆུང་མ་ལ་ཉལ་བར་བྱེད་པ་ལ་སོགས་པ་དག་གིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་ནི་རི་བྲགས་པ་དང་། རྐུན་མོ་ལ་སོགས་པ་གཅིག་ཏུ་སྡིག་པ་ལ་ཞུགས་པ་རྣམས་ཤིན་ཏུ་གྲོལ་བར་ཡང་འགྱུར་ལ། གཞན་ གྱིས་ཀྱང་མཆོད་པར་འགྱུར་བ་ཞིག་ན་དེ་ལྟར་ནི་མི་འདོད་དོ། །གཞན་གྱིས་བསམ་པ་སྨྲས་པ། སྐྱེ་དགུ་བསྐྱང་ལ་གསལ་བའི་ཕྱིར། །ལྷ་མིན་ལྷ་ཡི་ཚེར་མ་དག །བསད་ཀྱང་སྐྱོན་ནི་ཡོད་མིན་ཏེ། །དེ་ནི་ཆོས་བསྲུང་ཕྱིར་ཞེ་ན། ཞེས་བྱ་བ་སྟེ། མི་ཡང་ལྷའི་དཔུང་ཡིན་ལ་ལྷས་ ཀྱང་མི་རྣམས་དཔལ་དང་སྐལ་བ་བཟང་པོ་དང་། ཚེའི་མཐར་ཐུག་པ་ཐོབ་པར་བྱེད་ཅིང་རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ། །ལྷ་མ་ཡིན་ནི་ལྷའི་ཕྱོགས་ཀྱི་མི་མཐུན་པར་གྱུར་པ་ཡིན་པས་བསད་ཀྱང་ཆོས་མ་ཡིན་པར་འགྱུར་བ་མ་ཡིན་ཏེ། ཆོས་བསྲུང་བའི་ཕྱིར་རོ་ཞེ་ན། འདི་ལ། གལ་ཏེ་ དེ་ནི་ཆོས་བསྲུང་པར། །འདོད་པ་ཡིན་ན་ཅི་ཡི་ཕྱིར། །གཞན་ནོར་བུད་མེད་རྐུ་བ་དང་། །གཡོ་སྒྱུ་ལ་འཇུག་སྤོང་མི་བྱེད། །གང་འདི་ལྟར་ལྷ་མ་ཡིན་བསད་པ་ལྟ་ལྷའི་ངན་འགྲོར་བོར་གྱུར་ཅིང་སྐྱེ་དགུ་ལ་གནོད་པ་བྱེད་པ་ཡིན་པས་ཆོས་བསྲུང་བའི་ཕྱིར་ཡིན་ན་རྒྱལ་པོ་དམྱལ་བ་པའི་བུད་མེད་ 98-294a སྟོང་ཕྲག་བཅུ་དྲུག་འཕྲོག་པར་བྱེད་པ་དང་། རྒྱལ་པོ་བྱིས་པ་སྐྱོང་གི་གསེར་མདོག་མ་འཕྲོག་པར་བྱེད་པ་དང་། སྡེ་ཕམ་བྱེད་ཀྱི་ནོར་བུ་ས་མན་ཏ་ཀ་འཕྲོག་པར་བྱེད་པ་དང་། གཡོ་དང་སྒྱུ་ཡིས་ཕན་པ་བྱེད་པའི་ལྷ་མ་ཡིན་གྱི་རྒྱལ་པོ་གཏོར་མ་བསླུས་པ་ ལ་སོགས་པ་ཕྱིན་ཅི་ལོག་ཏུ་ཞུགས་པ་འདི་ལྟ་བུ་ཅིའི་ཕྱིར་ཡོངས་སུ་སྤོང་བར་མི་བྱེད། དེའི་ཕྱིར་ན་འདི་ནི་ཆོས་འདོད་པ་མ་ཡིན་པ་ཉིད་ཡིན་ནོ། །དེ་ལ་གཞན་གྱི་བུད་མེད་དང་ནོར་འཕྲོག་པར་བྱེད་པའི་ཕྱིར་ཆགས་པས་ཟིལ་གྱིས་མནན་པ་ཉིད་ཀྱང་ཡིན་པར་འགྱུར་རོ། །རྟ་མགྲིན་དང་ སུན་ད་དང་། ཉེ་བའི་སུན་ད་དང་། ཧི་ར་ཎུ་ཀ་ཤི་བུ་དང་། ཀང་ས་ལ་སོགས་པའི་ལྷ་མ་ཡིན་བསད་པའི་ཕྱིར་ཞེ་སྡང་གིས་ཟིལ་གྱིས་མནན་པ་ཡང་ཡིན་ནོ། །གཏོར་མ་བསླུས་པ་དང་། གོས་ངན་གྱིས་མགྲོན་དུ་བོས་པ་དང་། བསིལ་བྱེད་མ་ཕྲོགས་པ་ལ་སོགས་པ་རིག་བྱེད་པ་ཉིད་ཀྱི་ཕྱིར་ཀུན་དུ་ རྨོངས་པ་ཉིད་ཀྱང་ཡིན་ནོ། །འདི་སྐད་སྨྲ་བར་ཡང་ནུས་པ་ཡིན་ཏེ། སྲེད་མེད་ཀྱི་བུ་ནི་འདོད་ཆགས་དང་བཅས་པ་ཡིན་ཏེ། བུད་མེད་སྟོང་ཕྲག་བཅུ་དྲུག་འཕྲོག་པར་བྱེད་པའི་ཕྱིར་རྒྱལ་པོ་ངན་པ་བཞིན་ཞེས་བྱ་བའམ། ཕྱུགས་རྫི་མོ་དང་ལྷན་ཅིག་ཀུན་དུ་ཆགས་ཤིང་འདོད་པས་རྩེ་བ་ ཉམས་སུ་མྱོང་བར་བྱེད་པའི་ཕྱིར་བ་ལང་རྫི་གཞན་བཞིན་ནོ། །སྲེད་མེད་ཀྱི་བུ་ནི་ཞེ་སྡང་དང་བཅས་པ་ཡང་ཡིན་ཏེ། རྟག་ཏུ་སྲོག་གཅོད་པ་ལ་ཞུགས་པ་ཡིན་པའི་ཕྱིར། རྔོན་པ་དང་། བྱ་བ་ལ་སོགས་པ་བཞིན་ནོ། །སྲེད་མེད་ཀྱི་བུ་ནི་གཏི་མུག་དང་བཅས་པ་ཡིན་ཏེ། ཟླ་བ་ བཞིའི་བར་དུ་གཉིད་འོག་པའི་ཕྱིར་སྦལ་པ་དང་སྦྲུལ་ལ་སོགས་པ་བཞིན་ནོ། །འགྲོ་བའི་དེ་ཉིད་དེའི་རང་བཞིན། །རང་བཞིན་ཡིན་ཕྱིར་དོང་ཚེ་བཞིན། །འགྲོ་བ་མི་རྟག་པར་མཐོང་ན། །དེ་ནི་ཇི་ལྟར་རྟག་པར་འདོད། །གལ་ཏེ་འགྲོ་ལས་དེ་བཞིན་ཏེ། །ས་དང་རྫ་མཁན་བཞིན་ ཞེ་ན། །རྫ་མཁན་དང་ནི་ས་བཞིན་དུ། །མི་རྟག་པར་ནི་མཚོན་པར་བྱ། །སྲེད་མེད་ཀྱི་བུ་ནི་ཆོས་འདོད་པ་མ་ཡིན་པར་ངེས་པར་གཟུང་བར་བྱ་བ་ཡིན་ན་ཇི་ལྟར་ན་ཆོས་སྲུང་བར་བྱེད་པར་འགྱུརཅིའི་ཕྱིར་ཞེ་ན། ཆོས་མིན་འདོད་པ་མ་ཡིན་ན། །དེ་བྱེད་པར་ནི་ཇི་ལྟར་འགྱུར། ། 98-294b གང་ལ་ལྐོག་ཏུ་གྱུར་པའི་སྐྱོན། །མི་ཤེས་ཕྱིར་ན་བྱས་པ་ཡིན། །གལ་ཏེ་འདི་ཆོས་འབའ་ཞིག་ཁོ་ན་ལ་དགའ་བར་གྱུར་པ་ཞིག་ཡིན་ན་ནི་ཆོས་མ་ཡིན་པ་བྱེད་དུ་འཇུག་པར་མི་འགྱུར་ལ། རང་ཡང་ཆོས་མ་ཡིན་པ་བྱེད་པར་མི་འགྱུར་རོ། །ཡང་ན་ཆོས་མ་ཡིན་པའི་འབྲས་བུ་རྣམ་པར་ མ་ཤེས་པས་མ་འོངས་པའི་སྐྱོན་མ་མཐོང་བའི་ཕྱིར་ཆོས་མ་ཡིན་པ་དེ་བསྐྱེད་པར་བྱས་པ་ཡིན་ཏེ། ཐ་མལ་པའི་སྐྱེས་བུ་བཞིན་དུ་འདི་རྨོངས་པ་ཉིད་དུ་འགྱུར་རོ། །གཞན་ཡང་ཅི་འདིའི་འཇིག་རྟེན་སྐྱོང་བ་ཡང་ཕ་དང་། མ་དང་། བུ་དང་། གྲོགས་ལ་སོགས་པ་ལ་བརྩེ་བས་བསྐྱེད་ པ་ཡིན་ནམ། འོན་ཏེ་སྙིང་རྗེས་ཡིན། དེས་ཅིར་འགྱུར། སྲེད་པས་འཇིག་རྟེན་སྐྱོང་ཞེ་ན། །སྲེད་པའི་བྲན་དུ་ཇི་ལྟར་འོས། །སྙིང་རྗེས་ཞེ་ན་འཇིག་རྟེན་རྣམས། །སྒྱུ་མས་རྨོངས་པར་ཅི་ཕྱིར་བྱེད། །འཇིག་རྟེན་འདི་དག་ཐམས་ཅད་ནི་སྲེད་པའི་དབང་དུ་སོང་བ་ཡིན་ལ། དེ་ལྟར་སྲེད་པའི་ དབང་དུ་སོང་བ་ནི་སྲེད་པའི་དབང་དུ་སོང་བ་ཉིད་ཡིན་པའི་ཕྱིར་བྲན་དུ་གྱུར་པ་དེས། འཇིག་རྟེན་ཐམས་ཅད་བསྐྱེད་ཅིང་བྱས། །ཞེས་བྱ་བར་རིགས་པ་མ་ཡིན་ནོ། །སྙིང་རྗེས་འཇིག་རྟེན་སྐྱོང་བ་ཡིན་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྒྱུ་མས་རྨོངས་པར་བྱེད་པར་རིགས་པ་མ་ཡིན་ནོ། །གཞན་ཡང་། སྐྱེ་དང་འཆི་སོགས་སྡུག་བསྔལ་ཅན། །ལྷ་མ་ཡིན་ལའང་ཅིས་མི་བརྩེ། །ཐམས་ཅད་མཉམ་པར་མཐོང་བའི་ཕྱིར། །དགྲ་ཡི་འདུ་ཤེས་མི་རིགས་སོ། །གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པ་ནི་སྙིང་རྗེ་སྟེ། མཉམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། ། གལ་ཏེ་འདི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་ཅན་དུ་འདྲ་བར་འགྱུར་ལ། ལ་ལ་ལ་ནི་བཤེས་ཀྱི་འདུ་ཤེས། ལ་ལ་ལ་ནི་དགྲའི་འདུ་ཤེས་མི་མཉམ་པར་སྤྱོད་པ་ཉིད་མཐོང་བས་སྙིང་རྗེ་ཅན་ཉིད་མ་ཡིན་ནོ། །དེས་ན་ཁྱབ་འཇུག་ནི་ཆགས་པ་དང་། ཞེ་སྡང་ འབའ་ཞིག་ཅན་ཡིན་པར་ཤེས་པར་བྱའི་བརྩེ་བ་ཅན་ཡང་མ་ཡིན་ལ། སྙིང་བརྩེ་བ་ཅན་ཡང་མ་ཡིན་ནོ། །དེ་བཞིན་དུ། རང་ཉིད་འགྲོ་བའི་བྱེད་པོ་ཡིན། །སྐྱེ་འཇིག་དག་གི་གཙོ་བོ་ནི། །ཕན་པར་བྱེད་ལ་བརྩེ་བ་ལྟར། །ཕན་བྱེད་ལ་བརྩེ་དེ་ཅི་ལྟར། །གལ་ཏེ་འགྲོ་གཙོ་ 98-295a འདི་ཡིན་པས། །འདི་ལས་ལྷག་པའི་མཆོག་མེད་ན། །ཅིའི་ཕྱིར་མདངས་ལྡན་མ་བཅས་པས། །ཐུབ་པ་གོས་ངན་ཁུར་བར་བྱེད། །ཡང་ན་དེ་ཡི་སྤྱོད་མཐོང་ནས། །སྐྱེ་དགུ་བྱེད་པོ་ཞེས་བྱའི་བྱའི་བློ། །རང་གིས་བྱས་སམ་སློབ་ཡིན་ནའང་། །ཁུར་བར་བྱེད་པའི་བློ་ཅི་ཡི་ཡིན། ། མཆོད་འོས་དཀའ་ཐུབ་ལྷག་ཅེ་ན། །དཀའ་ཐུབ་གཙོ་ཡིན་དེ་མ་ཡིན། །དམོད་པས་འཇིགས་པ་ཡིན་ཞེ་ན། །བྱེད་པོ་ཡིན་པའི་ཡོན་ཏན་ཅི། །འདོད་ཆགས་ཞེ་སྡང་སོགས་འདྲེས་པའི། །འཕྲོག་བྱེད་སྤྱོད་པ་འདི་ཅི་ཡིན། །འཕགས་མིན་སྤྱོད་པ་འདི་ལྡན་པ། །དེ་ནི་ཇི་ལྟར་སྐྱེས་མཆོག་ ཡིན། །ཇི་ལྟར་བསྟན་པའི་རིམ་པས་གང་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་དྲི་མ་ཅན་དུ་བྱས་པའི་སྤྱོད་པ་ཡོད་པ་དེ་ཇི་ལྟར་ན་དེ་ཁོ་ན་ཉིད་རིག་པ་ཡིན། སྐྱེ་བོ་བཟང་པོ་མ་ཡིན་པའི་རྗེས་སུ་འཇུག་པར་བྱེད་ཅིང་དམན་པའི་ལས་བྱེད་པ་དེ་རྒྱུ་གང་གིས་ན་སྐྱེས་བུའི་ མཆོག་ཡིན་པར་འདོད་པར་བྱེད། །འགྲོ་བ་མཉམ་མེད་འཕྲོག་བྱེད་ལ། །གལ་ཏེ་དེ་ལ་སྟོབས་ཡོད་ན། །ཅི་ཕྱིར་ཤུགས་ཅན་ནག་པོ་ཡིས། །འཇིགས་ནས་ཕུག་ཏུ་ཞུགས་ཞེས་གྲག །ཤུགས་ཅན་ནག་པོས་འཇིགས་སྐྲག་ནས། །རྒྱལ་པོའི་དྲང་སྲོང་མུ་ཙུ་ཀུའི། །ཁྲི་ཡི་འོག་ཏུ་ཞུགས་ གྱུར་པར། །ནག་པོར་གྱུར་པ་མིན་ནམ་ཅི། །གྲོང་ཁྱེར་མང་པོར་གནས་པ་ན། །ཁུང་ནས་རྐུན་མོ་བཞིན་འབྲོས་པ། །གལ་ཏེ་སྲིད་གསུམ་དེ་བསྐྱེད་ན། །ལྷ་མ་ཡིན་ལ་ཅི་ཕྱིར་འཇིགས། །གང་ཚེ་རྒས་བྱེད་མདས་ཕོག་ནས། །འདི་ནི་འཆི་བར་འགྱུར་བའི་ཚེ། །དེ་ཉིད་མཐོང་བའི་ཤེས་པ་ དང་། །དེ་ཡི་སྟོབས་ཀྱང་གང་དུ་སོང་། །སྒྱུ་དང་གཡོ་ཡིས་རྨོངས་བྱས་ཏེ། །ངན་པའི་ལས་ལ་སྦྱར་བྱས་ནས། །བླ་མ་གཉེན་བསད་འཇིགས་པ་ཡིས། །སྲིད་སྒྲུབ་ཏུ་གྱུར་ཇི་ལྟ་བུ། །དགྲ་ཚོགས་ཟད་པར་བྱ་བ་ལ། །ངེས་པར་རང་ལ་ནུས་མེད་པས། །གང་ཕྱིར་སྙིང་རྗེ་མེད་པས་ གཞན། །བསྐུལ་བའི་དོན་དུ་སོང་བར་གྱུར། །ཞེས་བྱ་བ་དང་། གཞན་ཡང་འདིས་ཐམས་ཅད་བསྐྱེད་པ་ཡིན་ན་བསིལ་བྱེད་མ་འཕྲོག་པར་བྱེད་པའི་མ་ར་ན་ཅིའི་ཕྱིར་སྐྱེད་པར་བྱེད། ཀུན་ལ་ཁྱབ་པ་ཉིད་ཡིན་ན་ཡང་ཅིའི་ཕྱིར་ཁྱབ་འཇུག་བདག་ཉིད་ཀྱིས་ཁྱབ་འཇུག་གསོད་པར་བྱེད། 98-295b ཐམས་ཅད་མཁྱེན་པ་ཉིད་ཡིན་ན་ཡང་བསིལ་བྱེད་མ་སའི་ནང་དུ་ཞུགས་པར་གྱུར་པ་འདིས་ཅིའི་ཕྱིར་ཤེས་པར་མ་གྱུར། ཡང་ན་འདི་དག་ཐམས་ཅད་རྩེད་མོའི་དོན་དུ་བསྐྱེད་པ་ཡིན་ན་ཡོན་ཏན་གྱི་ཁྱད་པར་མེད་པའི་ཕྱིར་བྱིས་པ་ཆུང་ངུའི་རྩེད་མོ་དང་འདྲ་བར་རྩེད་མོ་འདི་མཚོན་པར་བྱའོ། ། ལྷ་མ་ཡིན་གཏོར་མ་ཡང་ཁྱབ་འཇུག་ཉིད་ཡིན། ཁྱབ་འཇུག་ཉིད་སླུ་བར་བྱེད་པ་ཡང་ཇི་ལྟ་བུ། དེ་ནི་གཞན་ཡིན་ནོ་ཞེ་ན་སྐྱེ་དགུ་འདི་ཀུན་ཡང་མ་ཡིན་ནོ། །མཆོད་གནས་མ་ཡིན་པ་ཉིད་ཀྱང་ཡིན་ཏེ། གང་འདི་དང་ཕྲད་ནས་གཏོར་མས་ས་ཆེན་པོ་སྦྱིན་པ་བྱས་པ་ལས་བཅིངས་པ་ཐོབ་པར་གྱུར་ པས་སོ། །གང་གི་ཚེ་ས་འདི་ཆུའི་ནང་དུ་ནུབ་པར་གྱུར་པ་ན་ཕག་གི་གཟུགས་སུ་གྱུར་ནས་བཏེག་པའི་ཚེ་གང་དུ་གནས་ནས་བཏེག་པ་ཡང་སྨྲོས་ཤིག །ས་ལ་བརྟེན་ནས་སོ་ཞེ་ན། དེ་ལྟ་ན་ནི་ས་གཏིང་དུ་ནུབ་པ་མ་ཡིན་ནོ། །གཏིང་དུ་ནུབ་པོ་ཞེ་ན་ནི་དེ་ལ་བརྟེན་པར་ཅི་ལྟར་འགྱུར། དེས་ན་ཚུལ་འདི་ རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྒྲ་གཅན་ཡང་འདིས་མ་བསྐྱེད་པ་ཉིད་ཡིན་པར་རིགས། བསྐྱེད་ནས་མགོ་བཅད་པ་ལ་ཡོན་ཏན་ཅི་ཡོད། འདིས་བདག་ཅག་གི་བདུད་རྩི་ཕྲོགས་པར་འགྱུར་རོ་ཞེས་ཀྱང་ཤེས་པར་ཅིའི་ཕྱིར་མ་གྱུར། དགྲས་འཇིགས་ནས་མཚོན་ཆ་འཛིན་པར་བྱེད་པ་ གནོད་པར་བྱེད་པ་དེ་ལྟ་བུ་ཡང་བསྐྱེད་ནས་ཅི་ཞིག་བྱ། གང་གི་ཚེ་འཇིགས་པ་མེད་དོ་ཞེ་ན་ཡང་མཚོན་ཆ་བཟུང་ནས་ཅི་ཞིག་བྱ་གཞན་གསད་པའི་ཕྱིར་མཚོན་ཆ་འཛིན་པ་ཡིན་པས་རྔོན་པ་དང་གདོལ་པ་ལ་སོགས་པ་བཞིན་དུ་ཤིན་ཏུ་ཆོས་དང་མི་ལྡན་པར་གྱུར་པ་ཉིད་ཡིན་ནོ། །གལ་ཏེ་རང་གིས་ བསྐྱེད་པས་བསད་ཀྱང་ཆོས་མ་ཡིན་པར་མི་འགྱུར་ཞེ་ན། བུ་ལ་སོགས་པ་བསད་པ་ལྟར་མ་ངེས་པ་ཉིད་ཡིན་ནོ། །དེ་ལ་གུས་པར་གྱུར་པ་ནི་ཉམས་པར་འགྱུར་བ་མ་ཡིན་ནོ་ཞེས་གང་འདོད་པ་དེ་ཡང་དེའི་ཆུང་མ་དགྲས་ཁྱེར་བར་གྱུར་པ་དང་། དེའི་རྒྱུད་རྒྱུན་ཆད་པར་གྱུར་པ་ཡང་ཇི་ལྟ་བུ་ཡིན། རང་ཡང་ལྷ་མ་ཡིན་རྒས་བྱེད་ཀྱི་མདངས་རྒྱབ་ནས་ཤི་བར་གྱུར་པ་ཡང་ཇི་ལྟ་བུ་ཡིན། དེས་ན། གང་ཡང་ཅུང་ཞིག་དབང་ཕྱུག་ལྡན། །གལ་ཏེ་དེ་ལ་གནས་ཡིན་ན། །དེ་ནི་ཀུན་ལ་ཁྱབ་ཉིད་མིན། །དེས་ན་གཞུང་འདི་དོར་བར་གྱིས། །འོག་ཏུ་ཞུགས་ནས་ས་བཏེག་པ། །ཁྱབ་པ་ 98-296a ཡིན་ན་ཇི་ལྟར་རུང་། །འོན་ཏེ་འདི་དེར་མ་གནས་ནའང་། །ཁྱབ་པར་སྨྲ་བར་མི་མཛེས་སོ། །འོག་ཏུ་ཞུགས་ནས་ས་འཛིན་པར། །ནུས་ན་དྲང་སྲོང་དམོད་པ་ཡིས། །རང་རིགས་ས་འོག་འགྲོ་གྱུར་པ། །འཛིན་པར་མི་བྱེད་ཇི་ལྟ་བུ། །དེ་ལ་གུས་པ་མི་ཉམས་ ཞེས། །གང་ལ་དེ་ལྟའི་བློ་ཡོད་ན། །དེ་ལ་གུས་པའི་བུད་མེད་དག །ཅོ་གཟུང་དགྲས་ཁྱེར་ཇི་ལྟ་བུ། །དེ་འབར་ཤིག་ཀྱང་མ་ཡིན་གྱི། །བཤེས་དང་གཉེན་དང་བུ་རྣམས་དང་། །དེ་ལ་གུས་པར་མཐོང་བ་གཞན། །ཀུན་ཀྱང་ཉམས་པར་གྱུར་པ་ཉིད། །ཅེས་བྱ་བ་ཡིན་ནོ། །འདིར་ སྨྲས་པ། འདི་ལྟ་བུ་དག་ནི་རིགས་པ་མ་ཡིན་གྱི་གྲུབ་པའི་མཐའ་མི་ཤེས་པ་ཡིན་ནོ། །ཁྱབ་འཇུག་གི་ངོ་བོ་ཉིད་ནི་གཉིས་ཡིན་ཏེ། ལྷ་རྫས་ཀྱི་ངོ་བོ་དང་། ས་སྟེང་གི་ངོ་བོ་ཅན་ནོ། །དེ་ལ་ལྷ་རྫས་ནི་ཞི་བ་གཅིག་པུའོ། །ས་སྟེང་གི་ནི་ཞི་བ་མ་ཡིན་པ་རྣམ་པ་བཅུ་ཡིན་ལ། དེ་འདིར་འོངས་ ནས་གདུག་པ་ཅན་འདུལ་བའི་བྱ་བ་བསྟན་པ་ཉིད་ཡིན་ཏེ། གང་ཡང་། ཉ་དང་རུས་སྦལ་ཕག་པ་དང་། །སེང་མགོ་ཅན་མི་མིའུ་ཐུང་དང་། །ར་མོ་ར་མ་ཁྱབ་འཇུག་དང་། །སངས་རྒྱས་ཀལ་ཀའི་ཅན་འདི་བཅུ། །ཞེས་བྱ་བ་སྨྲས་པ་ཡིན་ནོ། །རབ་ཏུ་བྱེད་པ་གཉིས་ཀྱིས་གཞན་གྱི་བསམ་པ་ བསྟན་པ། འཕྲོག་བྱེད་འདི་ཡི་དངོས་གཞན་ཞིག །ཞི་བར་གལ་ཏེ་རྟོག་བྱེད་ལ། །གང་མཐོང་དུལ་གང་ཡང་སྲིད་དུ། །འབྱུང་བར་མི་འགྱུར་གང་ཡིན་པ། །འདི་ཡི་ཡོད་མིན་མེད་མ་ཡིན། །ཡོད་མིན་མེད་པ་མིན་པའང་མིན། །དེས་ན་མེད་ཕྱིར་ཡོད་པའི་ཕྱིར། །ཡོད་མེད་མིན་ ཕྱིར་དེ་ནི་མཆོག །ཅེས་བྱ་བ་སྟེ། ལྷ་རྫས་ཀྱི་ངོ་བོ་ནི་བསམ་གཏན་གྱི་མིག་གིས་མཐོང་བར་བྱ་བ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་དེ་མཐོང་ན་ཡང་འཁོར་བར་ལུས་མངོན་པར་འགྲུབ་པར་མི་འགྱུར་གྱི། འོན་ཀྱང་འཆི་བ་མེད་པ་ལ་ཐིམ་པར་འགྱུར་རོ། །འདི་ནི་ཡོད་པ་ཉིད་དམ་ མེད་པ་ཉིད་དམ། ཡོད་པ་དང་མེད་པ་ཉིད་དུ་ཡང་བསྟན་པར་མི་ནུས་སོ། །དེའི་ཕྱིར་ན་དེ་ནི་མཆོག་བླ་ན་མེད་པ་དམ་པ་གཙོ་བོ་ཞེས་བྱའོ་ཞེ་ན། འདི་ལ་འདི་ནི་ཐལ་བར་འགྱུར་བ་བསྒྲུབ་པར་བྱ་སྟེ། ཅི་ཉ་ལ་སོགས་པའི་ངོ་བོ་དང་ལྷ་རྫས་ཀྱི་ངོ་བོ་དེ་གཞན་ཞིག་ཡིན་ནམ། འོན་ཏེ་མ་ཡིན། དེ་ལ་ 98-296b གཞན་ཡིན་པ་ཉིད་དུ་ནི་མི་འགྲུབ་བོ། ཇི་ལྟ་ཞེ་ན། ཉ་སོགས་ངོ་བོ་ཡོད་པའི་ཕྱིར། །གཞན་ཡིན་ན་ཡང་འཆི་མེད་མིན། །གཞན་མིན་ཉིད་ནའང་གཞན་མིན་ཕྱིར། །དེ་ནི་ཞི་མིན་གཞན་བཞིན་ནོ། །ལྷ་རྫས་ཀྱི་ངོ་བོ་ནི་ཡོད་པ་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་ལ། ཉ་ལ་སོགས་པའི་ངོ་བོ་ནི་ ཡོད་པའི་གཟུགས་ཡིན་པས་དེའི་ཕྱིར་ན་འདི་ལས་གཞན་ཉིད་ཡིན་པར་འདོད་དུ་ཟིན་ཀྱང་། དེ་ལྟ་ན་ཡང་འཆི་བ་མེད་པར་བསྟན་པར་བྱ་བ་མ་ཡིན་ཏེ། མཚན་ཉིད་ཐ་དད་པ་ཡིན་པའི་ཕྱིར་དབང་ཕྱུག་ལ་སོགས་པར་བསྟན་པ་མེད་པ་བཞིན་ནོ། །གཞན་མ་ཡིན་པ་ཉིད་དུ་རྟོག་པར་བྱེད་ན་ཡང་ཇི་ལྟར་ཉ་ ལ་སོགས་པའི་ངོ་བོ་ཞི་བ་མ་ཡིན་པ་དང་ཉམས་པར་འགྱུར་བ་མ་ཡིན་པ་བཞིན་དུ་ལྷ་རྫས་ཀྱང་མ་ཞི་བ་ཉིད་དང་། མི་རྟག་པ་ལ་སོགས་པ་སྐྱོན་དང་བཅས་པ་ཉིད་དུ་འགྱུར་རོ། །གལ་ཏེ་གཅིག་ནི་ཞི་བདག་ཉིད། །ཡིན་ནའང་གཅིག་ནི་མ་ཞི་ན། །བུད་མེད་འཕྱོན་མའང་བསྔགས་པར་འོས། ། ལུས་ཀྱི་ཕྱེད་ནི་འདོད་པའི་ཕྱིར། །གལ་ཏེ་འདི་ལྷ་རྫས་ཀྱི་ངོ་བོ་ནི་ཞི་བ་ཡིན་ལ། ཉ་ལ་སོགས་པའི་ངོ་བོ་ནི་མ་ཞི་བ་ཡིན་ནོ་ཞེས་སྨྲས་ན། འདི་དག་གང་ཞེ་ན། མེད་པ་ཉིད་ཡིན་པས་དེས་ན་བདག་གི་ལུས་ཕྱེད་ནི་གཞན་ལ་མི་འགྲོ་བ་ཉིད་ཡིན་ལ། ཕྱེད་ནི་གཞན་ལ་འགྲོ་བ་ཡིན་ནོ་ཞེས་བྱ་བ་ལ་ སོགས་པ་སྨྲ་བའི་བུད་མེད་འཕྱོན་མ་ཡང་བསྔགས་པར་བྱ་བ་ཉིད་དུ་འགྱུར་ལ། འདི་ལྟ་བུའི་ལུགས་ནི་མི་སྲིད་པ་ཡང་ཡིན་ནོ། །སེང་གེའི་མགོ་ཅན་གྱི་མི་ལ་སོགས་པའི་རྗེས་སུ་དཔགས་ན། ལྷ་རྫས་ཀྱི་ངོ་བོ་ཡང་མ་ཞི་བ་ཉིད་ཡིན་པར་འགྱུར་རོ། །དེ་བཞིན་དུ། ཡོད་སོགས་ སྒྲ་ཡིས་བརྗོད་མིན་ཕྱིར། །མཆོག་ཅེས་བྱ་བའང་རིགས་པ་མིན། །ཡོད་ན་མཆོག་ཏུ་རིགས་འགྱུར་ལ། །རྒྱུ་ཉིད་དུ་ཡང་རིགས་པ་ཡིན། །དངོས་པོ་ཡོད་པ་ལ་ནི་རྒྱལ་པོ་བཞིན་དུ་གཙོ་བོ་ཉིད་དུ་ཡང་རིགས་ལ། དེ་ཉིད་ནི་ས་བོན་ལ་སོགས་པ་བཞིན་དུ་རྒྱུ་ཉིད་ཡིན་པར་ཡང་ རིགས་ཀྱི། མེད་པར་རི་བོང་གི་རྭ་ལ་སོགས་པ་ནི་མཆོག་ཉིད་དང་རྒྱུ་ཉིད་ཡིན་པར་རིགས་པ་མ་ཡིན་ནོ། །ཡོད་པ་ལ་སོགས་པའི་སྒྲས་ལྷ་རྫས་ཀྱི་ངོ་བོ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དང་། མཆོག་ཉིད་ཅེས་ཀྱང་བརྗོད་པ་འདི་ལྟར་འགལ་བ་ཉིད་ཀྱང་ཡིན་ནོ། །གཞན་ཡང་། རྒྱུ་ཉིད་ 98-297a ཡིན་པ་སྤངས་པ་ཡིན། །གཞན་ཉིད་ཡིན་པའང་སྔ་མ་བཞིན། །རྒྱུ་ཡང་མ་ཡིན་གཞན་ཡང་མིན། །འཆི་མེད་མ་ཡིན་སྐྱེ་བའང་མིན། །དབང་ཕྱུག་རྒྱུ་ཡིན་པ་སྔར་རབ་ཏུ་བཀག་པ་བཞིན་དུ་ཁྱབ་འཇུག་རྒྱུ་ཡིན་པར་འདོད་པ་ཡང་དགག་པ་བྱས་པ་ཡིན་ནོ། །དེའི་ཕྱིར་ན་ གང་གི་ཡང་རྒྱུ་མ་ཡིན་ནོ། །ཐ་དད་དུ་གྱུར་པ་ཡང་མ་ཡིན་ཏེ། དངོས་པོ་ལ་དབྱེ་བ་མེད་པས་ཐ་དད་དུ་གྱུར་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །འཆི་བ་མེད་པ་ཡང་མ་ཡིན་ཏེ། སྐྱེས་པར་གྱུར་པ་ཉམས་པར་འགྱུར་བ་ལས་འཆི་བ་ཞེས་བྱ་བར་འགྱུར་གྱི་འཆི་བ་མེད་པ་ནི་ཉམས་པར་འགྱུར་བ་མ་ཡིན་ཏེ། སྐྱེས་པ་ཡོད་པ་མ་ཡིན་པས་འཆི་བ་ཡང་ཡོད་པར་མི་འགྱུར་རོ། །དེས་ན་འདི་ནི་འཆི་བ་མེད་པར་འགྱུར་བ་ཡང་མ་ཡིན་པས་འཆི་བ་མེད་པ་མ་ཡིན་པའོ། །གཞན་ཡང་ཅི་འདི་དངོས་པོ་ཞིག་ཡིན་ནམ། དངོས་པོ་མེད་པ་ཞིག་ཡིན། དེ་ལ། གལ་ཏེ་འཆི་མེད་དངོས་མིན་ན། །འདི་ནི་ཉམས་འགྱུར་རོ་སོགས་ བཞིན། །གལ་ཏེ་འཆི་མེད་དངོས་མིན་ན། །དེ་མེད་ནམ་མཁའི་མེ་ཏོག་བཞིན། །འབྱུང་བར་འགྱུར་བས་དངོས་པོ་སྟེ། །སྐྱེ་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །གང་སྐྱེ་བར་གྱུར་པ་དེ་ནི་ངེས་པར་ཉམས་པར་གྱུར་པ་ཡིན་ཏེ། རོ་དང་། གཟུགས་དང་། དྲི་ལ་སོགས་པ་བཞིན་འདི་ཡང་ ཉམས་པར་གྱུར་པ་ཉིད་ཡིན་ནོ། །དངོས་པོ་མ་ཡིན་ཏེ། དངོས་པོ་མེད་པ་ཡིན་ན་ཡང་འདི་ལྟར་དངོས་པོ་མེད་པ་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་གམ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ཤིན་ཏུ་མེད་པར་གྱུར་པ་ཉིད་ཡིན་ནོ། །གལ་ཏེ་འདི་ནི་གཅིག་ཏུ་ཡོད་པ་ཡང་མ་ཡིན་ཏེ། མ་སྐྱེས་ པའི་ཕྱིར་རོ། །གཅིག་ཏུ་མེད་པ་ཡང་མ་ཡིན་ཏེ། རྣལ་འབྱོར་པའི་མིག་གིས་མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡོད་པ་དང་མེད་པའི་ངོ་བོ་ཡང་ཡིན་ནོ་ཞེ་ན། ཡོད་མིན་མེད་མིན་མི་རིགས་ཏེ། །མེ་ལ་གྲང་དང་དྲོ་བཞིན་ནོ། །གལ་ཏེ་ཡོད་ན་ཇི་ལྟར་མེད་པ་ཡིན། །གལ་ཏེ་མེད་ནའང་ཇི་ ལྟར་ཡོད་པ་ཡིན། །ཇི་ལྟར་མེ་ནི་གྲང་བ་དང་དྲོ་བ་གཉི་གའི་ངོ་བོ་ཡིན་པར་འགལ་བ་ཡིན་ནོ། །དེ་བཞིན་འཆི་བ་མེད་པ་དེ། །བརྗོད་མེད་ཡིན་པར་ཇི་ལྟར་རིགས། །ཡོད་ན་ཡོད་པ་དང་མེད་པ་ལ་སོགས་པའི་བརྗོད་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར། འདི་ནི་བརྗོད་དུ་མེད་པ་ཡིན་ནོ་ཞེས་བྱ་བ་དང་། 98-297b དེ་ལྟ་ན་ཡང་འཆི་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་འཇུག་པར་རིགས་པ་མ་ཡིན་ནོ། །གལ་ཏེ་ཡང་འཆི་བ་མེད་པ་ལ་སོགས་པའི་ཆོས་འདི་བརྗོད་པར་བྱ་བ་ཡིན་ན་འདི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་མ་ཡིན་ན། རྒྱུར་སྨྲ་བ་དག་གིས་སྨྲས་པའི་བདག་ཏུ་སྨྲ་བའི་བརྗོད་དུ་མེད་ པ་དང་འདི་འདྲ་བ་ཡིན་ནོ་ཞེ་ན། བརྗོད་དུ་མེད་ཉིད་བདག་དང་ནི། །འདྲ་ན་མེད་མིན་བཀག་པ་ཉིད། །རིག་བྱེད་སྨྲ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པར་གང་བདག་གི་བརྗོད་དུ་མེད་པ་ཉིད་དགག་པར་བྱས་པས་དེ་འདིར་ཡང་རྟོགས་པར་བྱའོ། །དེའི་ཕྱིར་ན་འདིའི་བརྗོད་དུ་མེད་པ་ཉིད་ཀྱང་མ་གྲུབ་པ་ཉིད་ ཡིན་ནོ། །གཞན་ཡང་། འཆི་བ་མེད་ཕྱིར་འཆི་མེད་ཅེས། །འཆི་མེད་མེད་ཕྱིར་འཆི་མེད་མིན། །གལ་ཏེ་འདི་སྐད་དུ། འཆི་བ་མེད་པ་ཡིན་པའི་ཕྱིར་འདི་ནི་འཆི་བ་མེད་པ་ཡིན་ནོ་ཞེ་ན། བུམ་པའམ་མི་ཡང་རུང་འཆི་བ་དང་བྲལ་བར་གྱུར་པ་ནི་འགའ་ཡང་མེད་པས་དཔེ་མེད་པར་བསྒྲུབ་བྱ་ འགྲུབ་པ་མ་ཡིན་ནོ། །གལ་ཏེ་ཡང་འདི་སྐད་དུ། ཉ་ལ་སོགས་པའི་ངོ་བོ་འཆི་བ་མཐོང་བས་འཆི་བར་འགྱུར་བ་ཡོད་པའི་ཕྱིར་དེས་ན་དཔེ་མེད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་འཆི་བ་ཉིད་ཡོད་པ་མ་ཡིན་པས་མི་འཆི་བ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འཆི་བ་མེད་པར་བསྟན་པ་ཡོད་ པ་མ་ཡིན་ནོ། །སྐྱོན་རྣམས་སྦ་ཕྱིར་བཏགས་པ་ཡི། །དེ་ཡི་དངོས་པོ་གཞན་ཞིག་སྟེ། །དེ་ལ་དམིགས་ན་ཇི་ལྟ་བུ། །གྲོལ་འདོད་གྲོལ་བར་འགྱུར་བ་ཡིན། །གང་ཁྱོད་ཀྱི་ངག་གི་གྲུབ་པའི་མཐའ་ཉམས་པར་འགྱུར་བ་སྤང་བར་བྱ་བའི་ཕྱིར་ལྷ་རྫས་ཀྱི་ངོ་བོར་བཏགས་པར་གྱུར་པ་དེ་ཡང་བཤད་ མ་ཐག་པའི་རིགས་པས་ཡོད་པ་ཉིད་དུ་སྒྲུབ་པར་དཀའ་ན། ཇི་ལྟར་ན་དེ་ལ་དམིགས་ན་གྲོལ་བར་འདོད་པ་རྣམས་གྲོལ་བར་འགྱུར་བ་ཡིན། དེ་ལ་རྣལ་འབྱོར་གྱི་ཆོ་ག་ཉེ་བར་བསྟན་པ་ཡོད་པས་གྲོལ་བ་འགྲུབ་པར་འགྱུར་རོ་ཞེས་ཕ་རོལ་པོས་སྨྲས་པ། ཚངས་པ་དང་ནི་ནོར་ལྷ་ཡིས། །གླུར་ བླངས་གསང་བ་ཨོཾ་ཞེས་བྱ། །ཚངས་པའི་ཡི་གེ་དེ་ཉིད་ནི། །ཡོད་དེ་ཀུན་ལ་ཁྱབ་པ་ཡིན། །དེ་ནི་ཚད་གསུམ་གསལ་བ་ཡིན། །དེ་བཞིན་ཤིན་ཏུ་ཕྲ་བར་བསྟན། །དང་པོའི་རྒྱུ་ནི་ཡི་གེ་ཨ། །ངག་དང་སྙིང་སྟོབས་ས་མེ་བསྡུས། །ལས་དང་ནམ་མཁའ་ཉིད་དག་ཀྱང་། །ཡིད་བརྟུལ་ 98-298a སྙིང་སྟོབས་ཨུ་དང་ལྡན། །བྱེད་པོའི་ཡི་གེ་མའི་མིང་ཅན། །སྲོག་དང་མུན་པ་གསུམ་ས་ཡིན། །འགྲོ་བ་ཐམས་ཅད་སྡུད་པར་བྱེད། །གཉིད་ཆེན་ཤིན་ཏུ་ལོག་པའི་རྒྱུའོ། །འཕོ་དང་བསམ་གཏན་རླུང་འབྱུང་འཇུག །གཟུང་བར་བྱ་དང་རྟག་པ་དག །ཏིང་འཛིན་ ཞེས་བྱ་རྣལ་འབྱོར་གྱི། །ཡན་ལག་དྲུག་ཏུ་བརྗོད་པ་ཡིན། །དབང་པོ་ཀུན་གྱི་ཤེས་པ་ནི། །ཡུལ་ལ་གཡོ་བར་བྱེད་པ་རྣམས། །ཡང་དག་བསྡུས་ལ་སྲོག་ལྡན་ནི། །ཡིད་ལ་བསམ་གཏན་བྱ་བ་སྟེ། །གནས་དག་ཏུ་ནི་སྤང་ཞིང་བྱ། །ཞེས་བྱ་བའོ། །གཞན་གྱི་བསམ་པ་ཕྱོགས་སྔ་མ་འདི་ ལྟ་བུ་ཡང་ཉེ་བར་དགོད་པར་བྱ་སྟེ། དབང་པོ་དག་དང་དབང་དོན་དག །རུས་སྦལ་ཡན་ལག་བཞིན་བསྡུས་ལ། །དྲན་པས་ཡི་གེ་ཨོཾ་བརྗོད་ན། །དེ་གུས་སྐྱེས་བུ་གྲོལ་བར་འགྱུར། །ཞེས་བྱ་བ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་དབང་པོའི་དོན་གཟུགས་ལ་སོགས་པ་ལ་རུས་ སྦལ་གྱི་ཡན་ལག་རྣམས་སྦེད་པར་བྱེད་པ་ལྟར་རབ་ཏུ་ཟློག་ཅིང་བསྡུས་ནས་ཇི་ལྟར་བསྟན་པའི་ཡི་གེ་ཨོཾ་ཚད་གསུམ་དང་ལྡན་པ་ཡིད་ལ་བསམ་ས་ན་ཁྱབ་འཇུག་ལ་གུས་པ་དེ་གྲོལ་བར་འགྱུར་རོ་ཞེས་དེ་ལ་འདི་སྐད་དུ། འཕྲོག་བྱེད་གུས་པས་གྲོལ་བར་ནི། །འཕྲོག་བྱེད་མཐོང་བས་ མི་རིགས་ཉིད། །རྣམ་རྟོག་མཚན་མ་དང་བཅས་ཕྱིར། །དཔེར་ན་འཕྲོག་བྱེད་མཐོང་བ་བཞིན། །རྣམ་པར་རྟོག་པ་མེད་ཅིང་མཚན་མ་མེད་པའི་བསམ་གཏན་ནི་སེམས་ཞི་བར་བྱེད་པ་ཡིན་པར་རིགས་ཀྱི། གང་ཡང་རྣམ་པར་རྟོག་པ་དང་བཅས་ཤིང་མཚན་མ་དང་བཅས་པ་འཇིག་རྟེན་ པའི་ཤེས་པ་ལས་ཁྱད་མེད་པ་དེ་གོམས་པར་བྱས་སུ་ཟིན་ཀྱང་ཐར་པ་ཐོབ་པར་འགྱུར་བ་མ་ཡིན་ཏེ། དེས་ན་ཡང་དག་པའི་ཤེས་པ་མ་ཡིན་པའི་རྣལ་འབྱོར་པ་འཕྲོག་བྱེད་ལ་གུས་པ་རྣམས་འཕྲོག་བྱེད་འཕྲོག་པར་མཐོང་བས་གྲོལ་བར་རིགས་པ་མ་ཡིན་ཏེ། རྣམ་པར་རྟོག་པའི་མཚན་མ་ དང་བཅས་པའི་ཕྱིར། དཔེར་ན་འཕྲོག་བྱེད་དེ་རལ་པ་གཟིངས་ཤིང་བཤིག་པ་དང་ལྡན་པའི་སེང་གེ་མཐོང་བ་བཞིན་ནོ། །རྣམ་པར་རྟོག་པ་དང་བཅས་པའི་བློ་དག་ནི་བརྫུན་པ་ཉིད་ཡིན་ནོ་ཞེས་འདིར་སྨྲས་པ། གྲོལ་ཕྱིར་རྣལ་འབྱོར་ལྡན་པ་ཡི། །མི་རྟོག་བློ་ཡང་མི་འདོད་དེ། ། 98-298b མཚན་མར་འཛིན་ཕྱིར་བརྫུན་ཡིན་ན། །ཡོངས་སུ་བཏགས་པ་སྨོས་ཅི་དགོས། །གལ་ཏེ་རྣལ་འབྱོར་པའི་རྣམ་པར་མི་རྟོག་པའི་བློ་ཡང་ཅི་ཞིག་ལ་དམིགས་པ་ཡིན་པར་རྟོག་ན་ནི་དེ་ཡང་རེ་ཞིག་དམིགས་པའི་མཚན་མ་ལ་རྟོག་པ་ཡིན་པའི་ཕྱིར། གྲོལ་བར་མི་འགྱུར་ན་གང་ཡང་བློ་གང་ཞིག་ དངོས་པོའི་མཚན་མར་འཛིན་པའི་རྟོག་པའི་ངོ་བོ་ཉིད་ཡིན་པ་དེ་ནི་བརྫུན་པ་ཉིད་ཡིན་གྱི། བདེན་པ་ནི་མ་ཡིན་ཏེ། མཚན་མར་འཛིན་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་ཤེས་པ་བཞིན་ནོ། །གཞན་ཡང་། ཆགས་སོགས་ཀུན་དུ་སྤྱོད་པའི་ཕྱིར། །ཚངས་སོགས་རྣམས་ནི་ཕྱུགས་རྫི་བཞིན། ། དེ་ཉིད་རིག་པ་སྤངས་པའི་ཕྱིར། །རྒྱུ་ལ་མཁས་པ་མ་ཡིན་ནོ། །དོན་དམ་པའི་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཡོད་པར་གྱུར་པ་གྲོལ་བར་ལྟ་ག་ལ་འགྱུར། དེས་ན་འདོད་ཆགས་ལ་སོགས་པ་ནི་འཁོར་བའི་རྒྱུ་ཡིན་ལ། འདོད་ཆགས་ ཟད་པ་ལ་སོགས་པ་ནི་ཐར་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་རྒྱུ་ལ་རྨོངས་པ་ནི་ཁྱེད་ཁོ་ན་ཡིན་གྱི་ཁོ་བོ་ཅག་ནི་མ་ཡིན་ནོ། །དེའི་ཕྱིར་འདི་དག་ཉིད་དེ་ཁོ་ན་ཉིད་རིག་པ་ཡིན་ནོ་ཞེས་ཟེར་བ་དེ་དགག་པར་བྱ་བ་ཡིན་ཏེ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ནི་དོན་དམ་པ་རིག་པ་མ་ ཡིན་ཏེ། འདོད་ཆགས་ལ་སོགས་པ་ཀུན་དུ་སྤྱོད་པ་མཐོང་བའི་ཕྱིར། རི་བྲགས་པ་དང་རྔོན་པ་ལ་སོགས་པའི་ཚོགས་བཞིན་ནོ། །གཞན་ཡང་། བདེན་པའི་ཆོས་ནི་བསྟན་པའམ། །རང་ཉིད་སྒྲུབ་པར་བྱེད་པ་ཡིས། །ཆོས་ནི་བསྲུང་བར་འགྱུར་ཡིན་ན། །དེ་ལ་འདི་ནི་གཉི་ག་མེད། ། ཆོས་བསྲུང་བ་ནི་རང་ཉིད་ཡང་དག་པར་བསྒྲུབས་པར་གྱུར་པའམ། ཕྱིན་ཅི་མ་ལོག་པའི་ལམ་ཉེ་བར་བསྟན་པས་ཡིན་ནོ། །དེ་དག་ནི་བདག་ཉིད་ཀྱང་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལ་གནས་པ་ཡིན་ན། ཇི་ལྟར་གཞན་དག་ཡང་དག་པའི་སྒྲུབ་པ་ལ་འགོད་པར་ནུས་པར་འགྱུར། དེའི་ཕྱིར་ན་ ཚངས་པ་ལ་སོགས་པ་འདི་དག་ལ་ནི་ཆོས་བསྲུང་བ་རྣམ་པ་གཉི་ག་ཡང་ཡོད་པ་མ་ཡིན་པས་འདི་དག་ནི་རང་ཉིད་ཀྱང་ཆོས་བདེན་པ་ལ་ཞུགས་པ་མ་ཡིན་ལ། ཆོས་བདེན་པ་ཉེ་བར་སྟོན་པར་བྱེད་པ་ཡང་མ་ཡིན་ནོ། །ཀུན་ཀྱང་བསྐྱེད་པའི་རྒྱུ་ཉིད་དུ། །སྨྲ་ལ་རང་བདག་ཐ་དད་པ། ། 98-299a གང་གི་ཚིག་ལ་བདེན་པའམ། །མི་བདེན་པར་ནི་བརྟག་པར་བྱ། །འདི་ལ་རེ་ཞིག་ཚངས་པ་ནི་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་རྒྱུ་བ་དང་མི་རྒྱུ་བ་འདི་དག་ནི་བདག་གིས་བསྐྱེད་དོ་སྙམ་དུ་སེམས་སོ། །དེའི་གཞུང་གི་རྗེས་སུ་འབྲང་བ་དག་འདི་སྐད་ཀྱང་སྨྲ་སྟེ། འདི་ བསྐལ་པ་གཞན་ལ་ནི་སྐལ་ལྡན་ཞེས་བྱ། དང་པོ་ལ་ནི་རང་བྱུང་ཞེས་བྱ། གཉིས་པ་ལ་ནི་ཚངས་པ་ཞེས་བྱ། གསུམ་པ་ལ་ནི་སྐྱེ་དགུའི་བདག་པོ་ཞེས་བྱ། བཞི་པ་ལ་ནི་པདྨའི་སྐྱེ་གནས་ཅན་ཞེས་བྱ། ལྔ་པ་ལ་ནི་གདོང་བཞི་པ་ཞེས་བྱ། དྲུག་པ་ལ་ནི་མེས་པོ་ཞེས་བྱ། བདུན་པ་ལ་ནི་གསེར་གྱི་ སྙིང་པོ་ཅན་ཞེས་བྱའོ། །སྐྱེ་དགུའི་བདག་པོ་བྱུང་ནས་ནི་འཇིག་རྟེན་གྱི་མ་བརྒྱད་བསྐྱེད་དོ། །དེ་ནས་ཉི་མའི་མས་ནི་ལྷ་ཐམས་ཅད་བསྐྱེད་དོ། །སྦྱིན་བྱེད་མའི་མས་ནི་ལྷ་མ་ཡིན་བསྐྱེད་དོ། །མིའི་མས་ནི་མི་རྣམས། །ཀླུའི་མས་ནི་ཀླུ་རྣམས་སོ། །ནམ་མཁའ་ལྡིང་གི་མས་ནི་ནམ་མཁའ་ལྡིང་རྣམས་སོ། ། ཚངས་པའི་ཁ་ནས་ནི་བྲམ་ཟེ་རྣམས་བསྐྱེད་དོ། །དཔུང་པ་ལས་ནི་རྒྱལ་རིགས་སོ། །བརླ་དག་ལས་ནི་རྗེའུ་རིགས་སོ། །རྐང་པའི་མཐིལ་དག་ལས་ནི་དམངས་རིགས་ཞེས་བྱ་བ་ལ་སོགས་བརྗོད་པར་བྱེད་དོ། །ཁྱབ་འཇུག་དག་ནི་འདི་སྐད་དུ་རྗོད་པར་བྱེད་དེ་སྐལ་ལྡན་ནོར་ལྷ་འདི་ནི་ཐམས་ཅད་མཁྱེན་ པ་ཐམས་ཅད་གཟིགས་པ། འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཐར་པ་སྦྱིན་པར་བྱེད་པ་འདོད་པའི་ལྷ་དང་། ཡང་དག་པ་འདྲེན་པར་བྱེད་པ་དང་། མི་འགག་པ་དང་། ནོར་གྱི་ལྷ་དང་། སྟོབས་བཟངས་དང་། འཆི་མེད་ལ་སོགས་པའི་ངོ་བོར་ནི་གཙོར་གནས་པར་བྱེད་ལ། ཀུན་གྱི་བདག་ཉིད་དང་། ཀུན་ལ་ཞུགས་པ་དང་། ཀུན་ལ་ཁྱབ་པ་ལ་སོགས་པ་ཡང་ཡིན་པར་སྨྲ་ལ། དེ་རང་ཉིད་ཀྱང་འདི་སྐད་དུ། ང་ནི་མེ་ཆུ་རླུང་ཡང་ཡིན། །བཟའ་བཏུང་སྐྱེ་དགུའི་བདག་པོའང་ང་། །ང་ནི་བྲམ་ཟེའི་ལུས་སུ་གནས། །སྤྱོད་པ་པོ་ཡིན་སྦྱིན་པོའང་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲའོ། །དབང་ཕྱུག་ཆེན་ པོ་བྱེད་པ་པོ་ཡིན་ཞེས་ཀྱང་ཁ་ཅིག་སྨྲ་སྟེ། ས་དང་། ཆུ་དང་། རླུང་དང་། མེ་དང་། མཆོད་སྦྱིན་དང་། ནམ་མཁའ་དང་། ཟླ་བ་དང་། ཉི་མ་ཞེས་བྱ་བ་བརྒྱད་པོ་འདི་དག་གི་གཟུགས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་བྱས་ནས་གནས་སོ་ཞེས་འདོད་པར་བྱེད་དོ། །དེའི་མན་ངག་ཉིད་ 98-299b ལས་འདི་སྐད་ཀྱང་སྨྲ་སྟེ། ཕྲ་ཞིང་རྟག་ལ་ལུས་བྲལ་བྱེད་མེད་ཀུན་ཁྱབ་བྱེད་པའོ། །གོམས་བྱེད་བསམ་གཏན་རྣལ་འབྱོར་གོམས་རྣམས་དྲི་མེད་བློ་ཡི་ཡུལ། །ཟླ་ཉི་མ་དང་ས་ཆུ་རླུང་དང་མཆོད་སྦྱིན་བདག་པོའི་དངོས། །དབང་ཕྱུག་གྲུབ་པའི་ཞི་བའི་བདེ་བ་འདོད་པ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་གསུམ་ཆར་ཡང་རང་རང་གི་ནུས་པ་དང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་མང་དུ་སྨྲ་བར་བྱེད་པ་དེ་དག་ལ་གང་གི་ནི་བདེན་པ་ཡིན་ཞིང་གང་གི་ནི་མ་ཡིན། གང་གི་ནི་སྐྱེད་པ་པོ་ཡིན་ཞིང་གང་གི་ནི་མ་ཡིན་ཞེས་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་གཅིག་ཕྱིར་སྐྱོན་མེད་ཅེ་ན། །ཚངས་པ་ཚངས་བསད་ཅི་ལྟ་བུ། །གཅིག་ཉིད་རབ་ཏུ་བཀག་པའི་ཕྱིར། །ཅིག་ཉིད་ཡིན་པར་མི་རིགས་སོ། །འདི་དག་གི་དངོས་པོ་ནི་གཅིག་ཡིན་ལ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཞེས་བྱ་བ་དབྱེ་བ་ནི་གསུམ་ཡིན་ནོ་ཞེ་ན། གལ་ཏེ་འདིའི་ངོ་བོ་ཐ་དད་པ་མེད་ན་གསལ་བས་མཆོད་སྦྱིན་གྲུབ་པའི་དུས་སུ་དབང་ཕྱུག་ཆེན་པོས་རྒྱལ་གྱི་སོ་ཕྱུང་བ་དང་། སྐལ་བ་ཅན་གྱི་མིག་ལྷུང་བར་བྱས་པ་ན་ལྷའི་ཚོགས་ཐམས་ཅད་ཁྲོས་པར་གྱུར་ནས་སྨྲས་པ། རང་བཞིན་ངན་པ་འདི་གང་ལས་སྐྱེས་པ་ཞིག་ཡིན་ཞེས་སྨྲས་པ་དང་། ཚངས་པས་གདོང་གཅིག་སྤྲུལ་ནས་འདིའི་སྐྱེ་བ་ངས་བརྗོད་པར་བྱའོ་ཞེས་སྨྲས་པ་དང་། དབང་ཕྱུག་ཆེན་པོ་ཁྲོས་པར་གྱུར་ནས་ཚངས་པའི་མགོ་དེ་སེན་མོས་བཅད་དོ་ཞེས་གྲགས་པ་ཇི་ལྟར་ན་ཚངས་པས་ཚངས་པ་གསོད་པར་བྱེད་པ་ཡིན། རང་གི་བདག་ཉིད་བསད་པ་ཡིན་ནོ་ཞེ་ན་ཡང་ཅིའི་ཕྱིར་སྡིག་པ་དག་པར་བྱ་བའི་ཕྱིར་དུས་རིང་པོར་བརྟུལ་ཞུགས་སྤྱོད་པར་བྱེད། དེས་ན་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པར་དངོས་པོ་ཐམས་ཅད་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བཀག་པ་ཡིན་པས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་རྣམས་གཅིག་པ་ཉིད་དུ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་། བདག་ལས་དབྱེ་བ་མི་རིགས་པས། །གསུམ་ཉིད་དུ་ཡང་ཇི་ལྟར་འགྱུར། གལ་ཏེ་འདི་རྣམས་ཀྱིས་བསྐྱེད་པ་ལ་ཆ་གསུམ་གྱི་དབྱེ་བས་དབྱེ་བ་ཡོད་དེ། འདི་ནི་ཚངས་པས་བསྐྱེད་པའོ། །འདི་ནི་ཁྱབ་འཇུག་གིས་བསྐྱེད་པའོ། །འདི་ནི་དབང་ཕྱུག་ཆེན་པོས་བསྐྱེད་པའོ་ཞེས་བྱ་བར་ཡོད་པར་གྱུར་ན་ནི་དེ་རྣམས་ཀྱི་བདག་གི་ངོ་བོ་ལ་ཡང་དབྱེ་བ་ཡོད་ 98-300a པར་འདོད་པ་ཡིན་ན། དེ་ལྟ་ན་ཡང་བདག་ལ་དབྱེ་བ་ཡོད་པར་རིགས་པར་མི་འགྱུར་རོ། །གང་ཡང་གསུམ་པོ་འདི་རྣམས་ཉིད་ཀུན་ལ་ཞུགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་སྐྱེད་པ་པོ་ཡིན་ན་དེ་ལྟ་ན་ཡང་དབྱེ་བ་ཡོད་པར་རིགས་པ་མ་ཡིན་ཏེ། གཅིག་གི་བདག་ཉིད་ཡིན་ པའི་ཕྱིར་ནམ་མཁའ་བཞིན་ནོ། །གཞན་ཡང་། སྡུག་བསྔལ་རྒྱུ་ལ་རྨོངས་རྣམས་ལ། །དེ་ཞིའི་གཏམ་ཡང་ག་ལ་ཡོད། །གང་ཡང་འདི་ལྟར་རེ་ཞིག་རང་ཉིད་ཀྱི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་འབྱུང་བའི་རྒྱུའོ། །འདི་ནི་སྡུག་བསྔལ་ཉེ་བར་ཞི་བའོ། །འདི་ནི་སྡུག་བསྔལ་ཉེ་ བར་ཞི་བའི་ལམ་མོ་ཞེས་བྱ་བར་ཤེས་པར་གྱུར་ན། དེ་གཞན་དག་ལ་ཡང་ཞི་བའི་རྒྱུ་སྟོན་པར་བྱེད་པར་ནུས་ཀྱི། གང་དག་འདི་ལྟར་རང་ཉིད་ཀྱང་། །འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུ་མི་ཤེས་པར་གྱུར་པ་དེས་ཇི་ལྟར་གཞན་དག་ལ་གྲོལ་བའི་ལམ་ཉེ་བར་སྟོན་པར་འགྱུར། རང་གིས་ ལམ་མངོན་པར་ཤེས་པ་ཡིན་པས་གཞན་རྣམས་ལ་ཡང་ལམ་ཉེ་བར་སྟོན་པར་ནུས་པ་ཡིན་ནོ། །ཡང་ཇི་ལྟར་དེ་རྣམས་རྒྱུ་ལ་རྨོངས་པ་ཡིན་པར་ངེས་པར་གཟུང་བར་བྱ་ཞེ་ན། རིགས་ལས་རྣལ་འབྱོར་བསྟན་པ་ནི། །དེ་བསྟན་པ་ལས་ཉམས་པའི་ཕྱིར། །ཆོས་བསྲུང་བར་ནི་ནུས་པ་ཡི། །རེ་ ཞིག་ཆོས་བདེན་སྨྲ་མི་ནུས། །གང་རིག་བྱེད་ལས་ཉེ་བར་བསྟན་པའི་རྣལ་འབྱོར་དེ་ནི་ཐར་པའི་རྒྱུ་ཉེ་བར་བསྟན་པ་ལས་ཉམས་པ་ཡིན་ཏེ། ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །དེས་ན་འདི་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་སྨྲ་བར་བྱེད་པ་མ་ཡིན་པས་ཆོས་སྲུང་བར་བྱེད་ནུས་པ་མ་ཡིན་ཏེ། སྒྲུབ་ པ་ལས་ནི་ཉམས་པའི་ཕྱིར། །གཞན་དག་ཞི་བར་འཁྲིད་མི་ནུས། །ཇི་ལྟར་གཡང་སར་རང་ལྟུང་བ། །གཞན་དག་འདྲེན་པར་མི་ནུས་སོ། །སྒྲུབ་པ་ལས་ཉམས་པའི་ཕྱིར་ཞེས་བྱ་བ་བདག་ཉིད་ཀྱིས་ལམ་མངོན་པར་མི་ཤེས་པའི་ཕྱིར་ཏེ། ཇི་ལྟར་འགའ་ཞིག་རང་ཉིད་གཡང་སར་ལྷུང་བར་གྱུར་ ན་གཞན་དག་གདོན་པར་མི་ནུས་པ་ལྟར་དེ་བཞིན་དུ་རང་ཉིད་འཁོར་བའི་གཡང་སར་ལྷུང་བར་གྱུར་པ་ཉིད་ཀྱིས་གཞན་དག་གདོན་པར་ནུས་པ་མ་ཡིན་ནོ། །ཇི་སྐད་བཤད་པའི་རིམ་པ་དེ་ཉིད་ཀྱིས། །རྟོག་པའི་དྲ་བས་བཏགས་པ་ཡི། །ལོག་པའི་གཏན་ཚིགས་གསུམ་པོ་ལ། །རིགས་སམ་ 98-300b མི་རིགས་དཔྱད་ནས་ནི། །གསུམ་པོ་འདི་ནི་གཏང་བའི་རིགས། །གྲུབ་པའི་མཐའ་ཀུན་དང་འགལ་བའི་རྟོག་པའི་དྲ་བས་ཉེ་བར་བསགས་པའི་འབྲུ་དང་། བྱོལ་སོང་དང་། མར་དང་། ཆུང་མའི་འབྲེལ་བའི་ལས་ལ་སོགས་པ་ཅན་གསུམ་པོ་ནི་ཐར་པའི་རྒྱུ་ལ་ཕྱིན་ཅི་ལོག་དང་ལྡན་པ་ཡིན་པས། ཇི་སྐད་བསྟན་པའི་རིམ་པས་རིགས་པ་དང་འགལ་བ་ཡིན་ནོ་ཞེས་རབ་ཏུ་སྒྲུབ་པའི་ཕྱིར་ལམ་གསུམ་པོ་གང་ཡིན་པ་དེ་ནི་གཏང་བར་རིགས་སོ་ཞེས་སྨྲས་སོ། །གཞན་ཡང་། སྣ་ཚོགས་བྱེད་པ་བདེ་བྱེད་སོགས། །རིགས་པ་མིན་པར་སྔར་སྨྲས་སོ། །བྱེད་པོ་ཡིན་པར་བདེན་ཉིད་ན། །འདི་དག་གིས་ནི་ ཅི་ཞིག་བྱས། །དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་རབ་ཏུ་བྱེད་པར་དབང་ཕྱུག་ལ་སོགས་པའི་རྒྱུ་རྣམས་ཐམས་ཅད་དགག་པར་བྱས་པ་དེ་ལ་བརྙས་ནས་ཡང་གལ་ཏེ་ཁྱེད་འགྲོ་བ་རྣམས་ཀྱི་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་ཡིན་ནོ་སྙམ་དུ་སེམས་ན། དངོས་པོ་ཅི་ཞིག་དེ་དག་གིས་བྱས་པར་སྨྲ་དགོས་སོ། །དེ་ལ་རེ་ཞིག་བདག་ནི་མ་སྐྱེས་ཕྱིར། །དེ་ཡི་བྱས་པར་མི་འདོད་དོ། །ཆོས་དང་ཆོས་མིན་དེས་མ་སྐྱེད། །དེ་ཡི་ཡོན་ཏན་ཇི་ལྟར་བཞིན། །རེ་ཞིག་བདག་ནི་མ་སྐྱེས་པ་ཡིན་པའི་ཕྱིར་བསྐྱེད་པར་མི་ནུས་པས་དེ་ནི་དབང་ཕྱུག་གིས་བྱས་པ་མ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པ་ཡང་དེའི་ཡོན་ཏན་ཡིན་པར་འདོད་པས་དབང་ཕྱུག་གིས་བསྐྱེད་པ་མ་ཡིན་ཏེ། ཇི་ལྟར་ན་ད་ལྟར་གྱི་ཆོས་དང་ཆོས་མ་ཡིན་པའི་རྒྱུས་མི་ལ་སོགས་པ་ཉིད་བྱས་པ་ཡིན་གྱི། མ་བྱས་པའི་ཆོས་དང་ཆོས་མ་ཡིན་པ་མི་དམིགས་པ་ལྟར་སྔོན་ཡང་དེ་བཞིན་ནོ། །ཇི་ལྟར་ཡང་། གལ་ཏེ་འདི་དག་བྱེད་པོས་ཡིན། །ལས་ཀྱི་བྱ་བའི་མ་ཡིན་ན། །ལས་དང་བྱ་བ་དེ་དག་གིས། །རྒྱུ་དང་འབྲས་བུ་ཇི་ལྟར་འགྱུར། །བདེ་དང་སྡུག་བསྔལ་ཉེར་དམིགས་པའི། །ལུས་ཀྱང་དེ་དག་ལ་འཇུག་པས། །དེས་ན་ལུས་ཅན་རྣམས་ཀྱི་ལུས། །དབང་ཕྱུག་སོགས་ཀྱིས་བྱས་མི་རིགས། །ལུས་ཅན་རྣམས་ཀྱི་ལུས་ཀྱི་འཇུག་པ་ཡང་ཆོས་དང་ཆོས་མ་ཡིན་ པ་དེ་དག་གིས་བྱས་པ་ཡིན་ཏེ། ཅིའི་ཕྱིར་ན་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །དེས་ན་ལུས་ཀྱང་དབང་ཕྱུག་གིས་བྱས་པ་མ་ཡིན་ནོ། །གལ་ཏེ་ཡང་དང་པོ་སྲིད་པའི་དུས་ན་ནི་ཆོས་དང་ཆོས་མ་ཡིན་པ་དབང་ཕྱུག་གིས་བྱས་པ་ཉིད་ཡིན་ལ། དེ་ཕྱིན་ཆད་ཀྱི་འཇུག་པ་ནི་ཆོས་ 98-301a མ་ཡིན་པས་བྱས་པ་ཡིན་ནོ་ཞེ་ན། དེ་ལ། བསྐལ་པ་དང་པོའི་ལུས་ཅན་ལུས། །སྔོན་བྱས་མ་མཐོང་རྒྱུ་ཅན་ཏེ། །བདེ་སོགས་འབྱུང་བའི་རྒྱུ་ཡིན་ཕྱིར། །དཔེར་ན་ད་ལྟར་ལུས་བཞིན་ནོ། །བསྐལ་པ་དང་པོ་པའི་ལུས་ཅན་རྣམས་ཀྱི་ལུས་བྱུང་བར་གྱུར་པ་ཡང་འཁོར་བ་ཐོག་མ་ མེད་པ་ཉིད་ནས་དེ་དག་གིས་སྔོན་བྱས་པའི་ཆོས་དང་ཆོས་མ་ཡིན་པའི་རྒྱུ་ཅན་ཉིད་ཡིན་ཏེ། བདེ་བ་ལ་སོགས་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་ལུས་ཀྱི་རྒྱུ་ཆོས་དང་ཆོས་མ་ཡིན་པ་ལྟར་བསྐལ་པ་དང་པོ་པའི་ལུས་ཀྱང་དེ་བཞིན་ཡིན་པས་དབང་ཕྱུག་གིས་བྱས་པ་ནི་མ་ཡིན་ནོ། །གཞན་ཡང་། གལ་ཏེ་དབང་ཕྱུག་གི་དབང་ཕྱུག །དེ་ཡང་བསོད་ནམས་བྱས་ཤེ་ན། །དེ་ཡང་བསོད་ནམས་གཞན་དབང་ཕྱིར། །དབང་ཕྱུག་དབང་ཕྱུག་མིན་པར་འགྱུར། །འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་གང་ཅུང་ཞིག་ཅི་ཡོད་པ་དེ་ཐམས་ཅད་ནི་བསོད་ནམས་ཀྱིས་བྱས་པ་ཡིན་ཏེ། ལུང་ལས། སྦྱིན་ པ་དང་། ཚུལ་ཁྲིམས་དང་། བསམ་གཏན་གྱིས་ལོངས་སྤྱོད་དང་། མཐོ་རིས་དང་། བྱང་གྲོལ་ཐོབ་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གལ་ཏེ་དབང་ཕྱུག་གི་དབང་ཕྱུག་ཀྱང་བསོད་ནམས་ཀྱིས་བྱས་པ་ཡིན་པར་འདོད་ན། བསོད་ནམས་ཀྱི་གཞན་དབང་དུ་གྱུར་པ་ཡིན་པའི་ཕྱིར་དབང་ཕྱུག་ཉིད་ ཉམས་པ་ཡིན་ནོ། །གལ་ཏེ་ཡང་། གལ་ཏེ་དབང་ཕྱུག་གི་དབང་ཕྱུག །གློ་བུར་གྱུར་པར་འདོད་ན་ནི། །དེས་ན་གཞན་དང་མཚུངས་པའི་ཕྱིར། །དབང་ཕྱུག་དབང་ཕྱུག་མིན་པར་འགྱུར། །འདིའི་དབང་ཕྱུག་ཉིད་ནི་རང་བྱུང་བ་ཡིན་གྱི། བསོད་ནམས་ཀྱིས་བྱས་པ་མ་ཡིན་ནོ་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱང་ དབང་ཕྱུག་ཉིད་དུ་འགྱུར་ཏེ། བསོད་ནམས་ལ་ལྟོས་མི་དགོས་པའི་ཕྱིར་རོ། །གཞན་ཡང་། དབང་ཕྱུག་ཤེས་དངོས་ཡིན་ཞེ་ན། །དེས་ན་དེས་བྱས་འགྲོ་བ་རྣམས། །རྒྱུ་ཡི་རྗེས་སུ་བྱེད་པའི་ཕྱིར། །ཀུན་ཀྱང་སེམས་དང་ལྡན་པར་གྱུར། །འཇིག་རྟེན་ནི་འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་འབྱུང་བ་ མཐོང་སྟེ། སེམས་མེད་པའི་ནས་ལ་སོགས་པ་དག་ལས་ནི་སེམས་མེད་པའི་མྱུ་གུ་ལ་སོགས་པ་འབྱུང་ལ། སེམས་དང་བཅས་པའི་མི་ལ་སོགས་པ་དག་ལས་ནི་སེམས་དང་བཅས་པའི་ལུས་ཅན་འབྱུང་ངོ་། །དེ་ལ་གལ་ཏེ་དབང་ཕྱུག་ཤེས་པའི་ངོ་བོ་ཞིག་ཡིན་ན་རྒྱུ་དང་འབྲས་བུ་མཐུན་པ་འབྱུང་ 98-301b བ་ཡིན་པའི་ཕྱིར་དེས་ན་འགྲོ་བ་ཐམས་ཅད་སེམས་དང་བཅས་པ་ཡིན་པར་ཐོབ་པར་འགྱུར་རོ། །གཞན་ཡང་། གལ་ཏེ་དབང་ཕྱུག་རྒྱུ་ཡིན་ན། །འགྲོ་བ་ཕྲ་སོགས་ལྡན་པར་འགྱུར། །གལ་ཏེ་འགྲོ་བ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཡིན་ན། ཇི་ལྟར་དབང་ཕྱུག་ཕྲ་བ་དང་། མཆོད་པར་བྱས་པ་དང་། ཡང་བ་དང་། བདག་པོར་གྱུར་པ་དང་། དབང་དུ་གྱུར་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་ཤེས་པ་དང་ལྡན་པ་ལྟར་དེ་བཞིན་དུ་འགྲོ་བ་རྣམས་ཀྱང་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པར་འགྱུར་བར་རིགས་ན། འགྲོ་བ་རྣམས་ནི་དབང་ཕྱུག་གི་ཡོན་ ཏན་བརྒྱད་དང་ལྡན་པ་མ་ཡིན་ནོ། །དེས་ན་འདི་ལྟར་འགྲོ་བ་རྣམས་ཀྱི་བྱེད་པ་པོ་ནི་དབང་ཕྱུག་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཞན་ཡང་འདི་ལྟར། ལས་བྱེད་དབང་ཕྱུག་ཡིན་ཞེ་ན། །དེ་ཡང་དམྱལ་བ་དག་ཏུ་འཚེད། །དེ་མིན་གཞན་དག་འཚེད་ན་ནི། །བྱས་ཉམས་མ་བྱས་ཕྲད་པར་འགྱུར། ། གང་འདི་ལྟར་དགེ་བ་དང་མི་དགེ་བའི་ལས་སྐྱེ་བོ་དག་གིས་བྱེད་པ་དེའི་བྱེད་པ་པོ་དབང་ཕྱུག་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་བྱེད་པ་པོ་ཡིན་ན་ནི་སྡིག་པ་བྱེད་པ་ཡིན་པའི་ཕྱིར། དམྱལ་བའི་མེ་འབར་བའི་ཕྲེང་བ་ལ་སོགས་བདག་ཏུ་སྲེག་པར་གྱུར་པ་ན་ཇི་ལྟར་དབང་ཕྱུག་ལས་ཉམས་པར་གྱུར་པ་མ་ཡིན། འོན་ཏེ་སྡིག་པ་བྱས་སུ་ཟིན་ཀྱང་འབྲས་བུ་མི་འབྱུང་ངོ་ཞེ་ན། ལས་བྱས་པ་རྣམས་ཆུད་ཟོས་པར་གྱུར་པ་ཡིན་ནོ། །དབང་ཕྱུག་གིས་བྱས་པའི་ལས་རྣམས་ཀྱིས་དེ་རྣམས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་ཡིན་ནོ་ཞེ་ན། མ་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཡིན་ པས་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་རོ། །ཐར་པ་མེད་པ་ཡང་ཡིན་ཏེ། རྟག་ཏུ་སྡུག་བསྔལ་རྒྱུ་ལྡན་ཕྱིར། །རྟག་ཏུ་སྡུག་བསྔལ་ག་ལ་ཞི། །མེ་ནི་འབར་བར་གྱུར་པ་ཡི། །ཚ་བ་མ་ཞི་མཐོང་བ་བཞིན། །སྡུག་བསྔལ་གྱི་བྱེད་པ་པོ་དབང་ཕྱུག་ཡིན་ལ་དེ་ཡང་རྟག་པ་ཡིན་པས་རྟག་ཏུ་སྡུག་བསྔལ་ ཉམས་སུ་མྱོང་བར་འགྱུར་རོ། །སྡུག་བསྔལ་མེད་པ་ནི་ཐར་པ་ཡིན་ན། དེ་ནི་རྟག་པས་ནམ་ཡང་གཞན་དུ་བྱ་བར་མི་ནུས་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་རྒྱུ་བྱེད་པ་པོ་དབང་ཕྱུག་རྟག་ཏུ་ཡོད་ན་དེ་ཞི་བར་ག་ལ་འགྱུར་ཏེ། དཔེར་ན་འབར་བའི་ཕྲེང་བས་ཀུན་ནས་བསྐོར་བའི་མེ་ཡོད་ན་དེའི་ཚ་བ་ཞི་བར་ 98-302a འགྱུར་བ་རིགས་པ་མ་ཡིན་པ་བཞིན་ནོ། །གཅིག་པུ་སྣ་ཚོགས་མིན་ཞེ་ན། །འབྲས་བུ་སྣ་ཚོགས་ཇི་ལྟ་བུ། །འདོད་པས་སྣ་ཚོགས་ཡིན་ཞེ་ནའང་། །གཅིག་པུ་སྣ་ཚོགས་མི་རིགས་སོ། །གལ་ཏེ་དབང་ཕྱུག་ནི་གཅིག་ཉིད་ཡིན་གྱི་སྣ་ཚོགས་མ་ཡིན་ནོ་ཞེ་ན། འབྲས་ བུ་རྣམས་ཀྱང་དངོས་པོ་གཅིག་ཡིན་པར་འགྱུར་གྱི་སྣ་ཚོགས་སུ་མི་འགྱུར་རོ། །གལ་ཏེ་འདོད་པའི་དབང་གིས་སྣ་ཚོགས་ཉིད་ཡིན་པར་འདོད་ན་ཡང་སྔར་ནི་གཞན་འདོད་པར་བྱེད་ལ། ཕྱིས་ཀྱང་གཞན་འདོད་པར་བྱེད་པས་དབང་ཕྱུག་འདིའི་ངོ་བོ་གཅིག་ཉིད་དུ་མི་འགྲུབ་བོ། །གཞན་ཡང་། རྟག་ པ་ཆ་མེད་ཕྲ་བ་དང་། །འགྲོ་བའི་བྱེད་པོ་གཅིག་པོ་ཉིད། །ཀུན་ལ་ཁྱབ་པ་ཡིན་ནོ་ལོ། །འདི་ལས་མཚར་བ་གཞན་ཅི་ཡོད། །རྒྱུ་འགྱུར་བ་མེད་པའི་འབྲས་བུ་གང་གི་ཡང་རྒྱུར་གྱུར་པ་མ་ཡིན་པས་དེས་ན་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་འདིའི་རྟག་པ་ཉིད་ཉམས་སོ། །ཆ་ཤས་མེད་པ་ཡིན་པའི་ཕྱིར་ དང་ཕྲ་བ་ཉིད་ཡིན་པའི་ཕྱིར་ཡོད་པ་ཉིད་ཀྱང་མ་ཡིན་ནོ། །གཅིག་ཡིན་པའི་ཕྱིར་ཀུན་ལ་ཁྱབ་པ་ཡང་མ་ཡིན་ཏེ། དེས་ན་རིགས་པ་དང་མི་ལྡན་པའི་ཚིག་འདི་ལྟ་བུ་ནི་ངོ་མཚར་འབའ་ཞིག་ཏུ་བྱ་བ་ཡིན་ནོ། །གལ་ཏེ་མི་འགྱུར་བའི་ངོ་བོ་ཉིད་ཡིན་ཀྱང་རྩེད་མོའི་དོན་དུ་སྣ་ཚོགས་འདི་སྐྱེད་པར་བྱེད་ པ་ཡིན་གྱི། ཡང་འགྱུར་བ་ཡོད་པ་ནི་མ་ཡིན་ཏེ། དེ་བསྐྱེད་པའི་འབྲས་བུ་ནི་དགའ་བ་ཡིན་ནོ་ཞེ་ན། གང་འདི་ལྟ་བུའི་དགའ་བའི་གཞན་དབང་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་འདིའི་དབང་ཕྱུག་ཉིད་ཉམས་པ་ཡིན་ནོ། །སྙིང་རྗེ་དང་བྲལ་བ་ཉིད་ཀྱིས་སྐྱེ་བོ་གདུག་པ་ཅན་དང་ཁྱད་པར་མེད་པར་བཟུང་ བར་བྱའོ་ཞེས་བྱ་བ་སྨྲས་པ། ཕན་ཚུན་ཟ་བས་འཇིགས་པ་ཡི། །བདེ་བ་རྙེད་དཀའི་དུད་འགྲོ་དང་། །ཞིབ་ཏུ་འཐག་ཅིང་གཅོད་འབིགས་པའི། །སྡུག་བསྔལ་གྱིས་གཟིར་དམྱལ་བ་དང་། །མི་རྣམས་སྐྱེ་རྒ་ནད་དག་དང་། །སྡུག་བསྔལ་ཟུག་རྔུའི་རྨ་གཏོད་ནས། །དགའ་གྱུར་ གང་ཡིན་དྲག་པོ་ཞེས། །མིང་དོན་ལྡན་པ་དེ་ཕྱག་འཚལ། །རྩེད་མོ་ཡིན་ཡང་བདག་དང་གཞན་བདེ་བར་བྱེད་པ་དེ་ནི་བྱ་བར་རིགས་ན། རྩེད་མོ་གང་ཞིག་བདག་འབའ་ཞིག་བདེའི་གཞན་རྣམས་ལ་ཤིན་ཏུ་གནོད་པར་གྱུར་པ་སྐྱེ་བོ་སྡིག་པ་ཅན་གྱི་སྤྱོད་པ་དང་མཐུན་པར་ཞུགས་པ་གང་ཡིན་པ་ 98-302b དེས་ཅི་ཞིག་བྱ། དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་ལ་སོགས་པ་བྱེད་པས་སྲོག་གི་ངོར་ཤིན་ཏུ་འཇིགས་ཤིང་སྐྲག་པར་གྱུར་པ་དང་། དམྱལ་བ་རྣམས་ཀྱང་ཞིབ་ཏུ་འཐག་པ་དང་། གཅད་པ་དང་། དབུག་པ་དང་། བཙོ་བ་དང་། བསྲེག་པ་དང་། གསད་པ་ལ་སོགས་པ་དང་། མི་རྣམས་ ཀྱང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལ་སོགས་པས་སྡུག་བསྔལ་བ་མཐོང་བ་ན་དགའ་བ་སྐྱེ་བར་འགྱུར་བའི་ཕྱིར་དེས་ན་སྡུག་བསྔལ་བསྐྱེད་པའི་དོན་གྱིས་དྲག་པོ་ཞེས་བྱ་བ་སྟེ། དེ་ནི་དོན་དང་རྗེས་སུ་ མཐུན་པ་ཉིད་ཀྱི་མིང་དོན་དང་ལྡན་པ་དྲག་པོ་ཞེས་བྱ་བ་སྟེ། སྙིང་རྗེ་མེད་པ་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པ་ལ་ཕྱག་འཚལ་ལོ་ཞེས་བསྟིང་བའོ། །གལ་ཏེ་ཅི་ཁྱོད་ཅི་འདོད་པ་སྨྲོས་ཤིག །འཛིན་པ་ཅན་གང་ནོར་ལྡན་དང་། །གཞན་གྱི་འཚོ་བཅས་དགེ་བ་ཅན། །ཆོས་མིན་ཅན་ འགའ་མཐོང་ནས་ལྡན། །དབང་ཕྱུག་སྤྱོད་པར་གསལ་བ་ཡིན། །ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །གཏོང་བ་ལ་གོམས་པའི་དགེ་བ་ཅན་ནི་ནོར་འཐོབ་པར་འགྱུར་ཞིང་ནོར་དང་ ལྡན་པར་གྱུར་ནས་ཀྱང་གཏོང་བའི་ངང་ཚུལ་ཅན་དུ་འགྱུར་བ་ཡིན་ན། གཞན་དུ་འཛིན་པ་ཅན་ལ་ནོར་དང་ལྡན་པར་མཐོང་ངོ་། །དེ་བཞིན་དུ་དགེ་བ་དང་ལྡན་པ་ནི་གཞན་གྱི་གདོང་ལ་བལྟ་བར་མི་འགྱུར་བར་རིགས་ལ། དགེ་བ་ཅན་མ་ཡིན་ན་ནི་གོ་འཕང་མཐོན་པོ་འཐོབ་པར་མི་རིགས་ན། ཆོས་དང་ལྡན་ པ་ནི་གཞན་གྱི་སློང་མོ་ལ་སོགས་པས་འཚོ་བ་མཐོང་ལ། ཆོས་དང་མི་ལྡན་པ་ནི་གོ་འཕང་མཐོན་པོ་ལ་གནས་པ་མཐོང་ངོ་། །ཡོན་ཏན་དང་ལྡན་པ་ནི་ཚེ་རིང་ལ། ངན་པར་སྤྱོད་པ་ལ་ཞུགས་པ་ནི་ཚེ་ཐུང་བ་དང་། གཏོང་བ་དང་ལྡན་པ་ནི་འབྱོར་པ་དང་ལྡན་པར་རིགས་ན། འདི་དག་ཐམས་ཅད་ཕྱིན་ ཅི་ལོག་ཏུ་མཐོང་སྟེ། དེའི་ཕྱིར་འདི་ལྟར་ངེས་པ་ཁོ་ནར་འདི་དག་ནི་དབང་ཕྱུག་གིས་བྱས་པ་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེ་ན། འདི་དག་ཐམས་ཅད་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་དུ་སེམས་ཏེ། གང་གི་ཕྱིར། ཁ་ཅིག་སངས་རྒྱས་པ་ཡང་བདེ། །དེ་ལ་གུས་པ་ཁ་ཅིག་སྡུག ། 98-303a དབང་ཕྱུག་བཀས་ནི་བསོད་ནམས་ཅན། །དག་ཀྱང་ཅི་ཕྱིར་སྡིག་མི་བྱེད། །གལ་ཏེ་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ཡིན་ན། ཅིའི་ཕྱིར་སངས་རྒྱས་པ་ལ་ཡང་བདེ་བ་དང་ལྡན་པ་མཐོང་ལ། དེ་ལ་གུས་པ་ཡང་སྡུག་བསྔལ་དང་ལྡན་པར་འགྱུར་བ་ཡིན། འཇིག་རྟེན་ ན་ཁ་ཅིག་སྡིག་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལོང་བ་དང་། འོན་པ་དང་། ནད་པ་ལ་སོགས་པ་ཡང་མཐོང་ན་དེ་དག་ཅིའི་ཕྱིར་བསོད་ནམས་ཀྱི་སྣོད་དུ་མ་གྱུར། གང་ཡང་གཟུགས་བཟང་བ་དང་། སྟོབས་དང་ལྡན་པ་བསོད་ནམས་ཀྱིས་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཡང་སྣང་ན་དེ་དག་ཅིའི་ཕྱིར་ དབང་ཕྱུག་གི་བཀའ་བཞིན་དུ་སྡིག་པ་སྤྱོད་པར་མི་འགྱུར། དེས་ན་འདི་ལྟར་ནི་རིགས་པ་ཡིན་ནོ། །སྣ་ཚོགས་ལས་ལས་མི་ཤེས་པས། །དེ་རྒྱུ་ཉིད་དུ་སྨྲ་བ་ཡིན། །འགྲོ་བ་སྣ་ཚོགས་འདི་དག་གི་རྒྱུ་ནི་དགེ་བ་དང་། མི་དགེ་བའི་ལས་ཉིད་ཡིན་པས་དེས་ན་སྣ་ཚོགས་འདི་དག་ནི་ལས་ཀྱིས་བྱས་པ་ ཡིན་ལ། འགྲོ་བ་རྣམས་ཀྱི་རྒྱུ་ནི་དབང་ཕྱུག་ཡིན་ནོ་ཞེས་མི་ཤེས་པ་དག་གིས་སྒྲོ་འདོགས་ཤིང་རྗོད་པར་བྱེད་ཀྱང་ཇི་སྐད་བསྟན་པའི་རིམ་པས་བསྒྲུབ་པར་ནི་དཀའོ། །འདིའི་སྐྱེ་བ་པོ་དང་བྱེད་པ་པོ་ཉིད་དགག་པ་བྱས་པས་ཚངས་པ་དང་ནག་པོ་ཡང་འདྲ་བར་དཔྱད་པར་བྱ་བ་ཉིད་ཡིན་ནོ། །ཅི་ལྟར་ཞེ་ན། སྣ་ཚོགས་བྱེད་པར་ཚངས་པ་ནི། །མི་རིགས་སྔོན་དུ་བསྟན་པ་བཞིན། །ཚངས་པ་བྱེད་པོར་བདེན་ན་ཡང་། །དེ་ཡིས་ཅི་ཞིག་བྱས་པར་འགྱུར། །དེ་བཞིན་དུ། སྣ་ཚོགས་བྱེད་པོ་ཁྱབ་འཇུག་མིན། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཤི་བའི་རྒྱུད་ལས་བསྟན་པའི་བསམ་གཏན་གྱི་རྣལ་འབྱོར་ཡང་མི་རིགས་ པ་ཉིད་དུ་བསྒྲུབ་པའི་ཕྱིར་སྨྲས་པ། དང་པོར་སེམས་ནི་མཉམ་གཞག་པས། །བློ་ཡི་སྒོ་རྣམས་ལེགས་བསྡམས་ལ། །ཡིད་ལ་ཤི་བ་གཞག་པར་བྱ། །འདི་ལྟར་ཡི་གེ་ཨོཾ་བསྒོམས་ཏེ། །སྙིང་ལ་གཟུགས་ཀྱིས་གཟུང་བྱས་པ། །ས་སོགས་གཟུགས་ལ་གོམས་པར་བྱ། །བདེ་བྱེད་མཉེས་ན་ སྡུག་བསྔལ་ལས། །གྲོལ་འགྱུར་ཟེར་བ་འདི་མི་བདེན། །འདི་ལ་རྣལ་འབྱོར་པས་དང་པོར་མཉམ་པར་གཞག་པའི་སེམས་སུ་བྱས་ལ། བློའི་སྒོ་དབང་པོ་ཐམས་ཅད་བསྡམས་ཏེ། ཕྲ་བ་རྟག་པ་ཆ་ཤེས་མེད་པ་ཞི་བ་ལ་དམིགས་པར་བྱ་སྟེ། ཚད་གསུམ་དང་ལྡན་པའི་ཡི་གེ་ཨོཾ་བརྗོད་ཅིང་། 98-303b ས་ལ་སོགས་པ་བསྟན་བཅོས་ལས་བསྟན་པ་བཞིན་དུ་གཟུང་བར་བྱ་ཞིང་སེམས་ལ་བཟུང་ན། བསམ་གཏན་གྱི་མིག་གིས་དབང་ཕྱུག་ཆེན་པོ་མཐོང་བར་འགྱུར་ཞིང་གྲོལ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བ་གང་འདོད་པ་དེ་ཡང་རིགས་པ་མ་ཡིན་ནོ། །གང་གི་ཕྱིར། ཇི་སྲིད་ཡིད་ཀྱི་ཤེས་འབྱུང་བ། །དེ་ཉིད་གྲོལ་བར་མི་རིགས་ཏེ། །ཡིད་ཤེས་འབྱུང་ཞིང་ཇི་ལྟར་སྔར། །གྲོལ་བར་མ་གྱུར་པ་བཞིན་ནོ། །ཇི་སྲིད་ཡིད་ཀྱི་ཤེས་པ་འབྱུང་བ་ཡོད་པ་དེ་སྲིད་དུ་དབང་ཕྱུག་མཐོང་དུ་ཟིན་ཀྱང་གྲོལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སོ། །ཡིད་ཀྱི་ཤེས་པ་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཇི་ལྟར་སྔར་བསམ་གཏན་གྱི་རྣལ་འབྱོར་མ་སྐྱེས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །ཇི་ལྟར་ཞེ་ན། དབང་ཕྱུག་ལ་གུས་གྲོལ་འགྱུར་བར། །མི་རིགས་བདེ་བྱེད་མཐོང་བ་ཡང་། །དམིགས་ལ་གནས་པ་ཡིན་པའི་ཕྱིར། །དཔེར་ན་མཐོ་ཡོར་མཐོང་བ་བཞིན། །རྟག་པ་ཉིད་ཡིན་པའི་ཕྱིར་དབང་ཕྱུག་ལ་བརྟེན་པ་ཞེས་བྱའོ། །དེ་མཐོང་བས་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་མི་རིགས་ཏེ། རྣམ་པར་རྟོག་པའི་མཚན་མ་དང་བཅས་པ་ཡིན་པའི་ཕྱིར་ཇི་ལྟར་ཤིང་དང་རྡོའི་རང་བཞིན་གྱི་མཐོ་ཡོར་མཐོང་བ་བཞིན་ནོ། །གཞན་ཡང་། སྡུག་བསྔལ་རྒྱུ་ནི་དབང་ཕྱུག་ན། །དེ་ནི་རྟག་ཕྱིར་བཅོས་སུ་མེད། །དེས་ན་སྡུག་བསྔལ་མཐར་འགྲོ་བར། །དབང་ཕྱུག་ནམ་ཡང་འགྱུར་མ་ཡིན། །གལ་ཏེ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་དང་། དབང་ཕྱུག་ཡིན་ན་དེ་རྟག་པ་ཡིན་པའི་ཕྱིར་འགྱུར་བ་མེད་པ་ཡིན་པས་རྒྱུ་ཡོད་ཀྱི་བར་དུ་སྡུག་བསྔལ་འགག་པར་འགྱུར་བ་མ་ཡིན་ནོ། །དེས་ན་དབང་ཕྱུག་མཐོང་དུ་ཟིན་ཀྱང་སྡུག་བསྔལ་གྱི་རྒྱུ་སྤངས་པ་མེད་པས་དབང་ཕྱུག་རྒྱུར་སྨྲ་བའི་གཞུང་ལ་ནམ་ཡང་སྡུག་བསྔལ་གྱི་མཐར་འགྲོ་བ་ཡོད་པ་མ་ཡིན་ནོ། །འདིས་ནི་ལྷག་མའང་དགག་བྱས་ཕྱིར། །ཚངས་པ་ཁྱབ་འཇུག་བདག་སྨྲ་ལ། །མི་རིགས་ཕྱིར་ན་དབང་ཕྱུག་སོགས། །བཏགས་ལ་བློ་ནི་དགའ་མི་བྱེད། །ཚངས་པ་རྒྱུར་སྨྲ་བས་ཚངས་ པ་མཐོང་བས་གྲོལ་བར་འདོད་ལ། ཁྱབ་འཇུག་པས་ནི་ཁྱབ་འཇུག་མཐོང་བས་སོ། །བདག་ཏུ་སྨྲ་བས་ནི་སྐྱེས་བུ་མཐོང་བ་སྟེ། ཐམས་ཅད་དབང་ཕྱུག་རབ་ཏུ་བཀག་པ་དང་འདྲ་བར་བཀག་པ་ཡིན་ནོ། །དེས་ན་གྲུབ་པའི་མཐའ་སྐྱོན་ཅན་ཡིན་པའི་ཕྱིར། ཁོ་བོ་ཅག་ནི་ཚངས་པ་དང་། ཁྱབ་ 98-304a འཇུག་དང་། དབང་ཕྱུག་ཆེན་པོ་དང་། དེ་དག་གིས་ཉེ་བར་བརྟེན་ཅིང་བསྟན་པའི་རིག་བྱེད་ཀྱི་གྲུབ་པའི་མཐའ་ལ་ཡང་དགའ་བར་མི་བྱེད་པ་ཡིན་ནོ། །རིགས་བཞིའི་དབྱེ་བ་ལ་སོགས་པ་ཡང་མི་རིགས་ལ། རྒྱས་བྱེད་ཀྱི་སྙིང་པོ་ལ་སོགས་པ་ལས་དེའི་དབྱེ་བའི་ ཚིག་འབྱུང་བ་ཡང་མི་རིགས་ཏེ། གང་གི་ཕྱིར་རིགས་གཅིག་ཉིད་ཡིན་ཏེ། སྐྱེ་དགུའི་བདག་པོ་ལས་གཞན་མ་ཡིན་པའི་ཕྱིར། ཁ་དང་དཔུང་པ་དང་བརླ་དང་། རྐང་པ་ལས་སྐྱེས་པ་ཡིན་པའི་ཕྱིར། དཔེར་ན་པ་ན་སའི་ཤིང་གི་སྡོང་པོ་དང་། ཡལ་ག་དང་། རྩ་བ་དང་། ཡལ་ག་ཕྲེའུ་ལ་སོགས་པ་ ལས་བྱུང་བའི་པ་ན་སའི་འབྲས་བུ་ནི་གཞན་མ་ཡིན་ཏེ། གཅིག་པ་ཉིད་ཡིན་པ་བཞིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་དྲུག་པ། གཞན་ཡང་འདི་ལྟར་བྲམ་ཟེ་ཞེས་བྱ་བ་ནི་མིའི་སྐྱེ་བ་ལས་གཞན་ཞིག་ཡིན་ནམ་འོན་ཏེ་གཞན་མ་ཡིན། མིའི་སྐྱེ་བ་ལས་ གཞན་ཞིག་ཡིན་ན་ནི་ཁྱི་དང་ཕག་བཞིན་དུ་འགྱུར་རོ། །གཞན་མ་ཡིན་ན་ནི་དམངས་རིགས་ཀྱང་བྲམ་ཟེའི་མིའི་རིགས་ལས་གཞན་མ་ཡིན་པ་ཉིད་ཡིན་ཏེ། བྲམ་ཟེ་བཞིན་ནོ། །བྲམ་ཟེ་ཡང་དམངས་རིགས་ཀྱི་མིའི་རིགས་ལས་གཞན་མ་ཡིན་པས་དམངས་རིགས་སོ་ཞེ་ན། གཞན་ཡང་ཁ་ནི་རྟག་ཏུ་ མི་གཙང་བ་འཛག་པ་ཡིན་ལ། ལག་པ་དང་། བརླ་དང་རྐང་པ་ནི་གཙང་བ་ཡིན་ནོ། །དེས་ན་བྲམ་ཟེ་ནི་ཁ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ན་ཡང་མི་གཙང་བ་དང་ལྷན་ཅིག་འཇུག་པ་ཡིན་པའི་ཕྱིར། བྲམ་ཟེའི་རིགས་ནི་གཙོ་བོ་མ་ཡིན་ནོ། །ཡང་བྲམ་ཟེ་མོ་ཡང་ཁ་ནས་སྐྱེས་པ་ཡང་མ་ཡིན་ན་ནི་སྲིང་མོ་དང་ འཁྲིག་པ་སྤྱོད་པར་མི་རིགས་སོ། །གལ་ཏེ་ཁ་ནས་སྐྱེས་སོ་ཞེ་ན། མངལ་གཞན་ལས་སྐྱེས་པའི་ཕྱིར། ད་ལྟར་འདི་དག་གི་བྲམ་ཟེ་ཉམས་པ་ཡིན་ནོ། །མངལ་ནས་སྐྱེས་པ་ནི་མཐོང་བའི་ཕྱིར་ལ་ཁ་ནས་སྐྱེས་པ་ནི་མ་མཐོང་བའི་ཕྱིར་བྲམ་ཟེ་ནི་འགའ་ཡང་ཁ་ནས་སྐྱེས་པ་ཉིད་དུ་མི་རིགས་སོ། ། གཞན་ཡང་འཚོ་བ་བྲམ་ཟེ་ཡིན་ནམ། འོན་ཏེ་ལུས་ཡིན། དེ་ལ་འཚོ་བ་བྲམ་ཟེ་ཉིད་ཡིན་ན་ནི་སྲོག་ཆགས་ཀུན་ཡང་བྲམ་ཟེ་ཡིན་པར་ཐལ་བར་འགྱུར་ལ། སྲིད་པ་གཞན་དུ་འཕོ་བར་གྱུར་པ་ན་ཡང་བྲམ་ཟེ་ལ་གཞན་དུ་མི་འགྱུར་བར་ཐལ་བར་འགྱུར་ན། འདི་སྐད་དུ། དམངས་རིགས་ཀྱིས་ནི་ཡོན་ 98-304b བླངས་ན། །བྲམ་ཟེ་བོང་བུར་སྐྱེ་བར་འགྱུར། །བོང་བུའི་སྐྱེ་བ་བཅུ་གཉིས་ལེན། །སྐྱེ་བ་དྲུག་ཅུར་ཕག་ཏུ་འགྱུར། །ཁྱི་ཡི་སྐྱེ་བ་བདུན་ཅུ་ལེན། །ཞེས་བྱ་བ་ལ་སོགས་པ་དྲང་སྲོང་ཤེད་ཀྱིས་བསྟན་པ་དང་། དེ་བཞིན་དུ། གྲོང་ཁྱེར་བཅུ་པའི་བྲན་བཅུ་དང་། །མྱ་ངམ་གྱི་ནི་རི་དགས་བཅུ། །མདར་རྒྱུ་ ཚལ་གྱི་དཱུར་བ་དག །བྲམ་ཟེས་དེ་མ་བསམས་སམ་ཅི། །ཞེས་བྱ་བ་ལ་སོགས་པ་དང་། དུད་འགྲོ་ལ་ཡང་རིགས་བཞི་ཡོད་པ་ཉིད་དེ། གང་ཡང་ཁྱི་དཀར་པོ་ནི་བྲམ་ཟེའོ། །ནག་པོ་ནི་དམངས་རིགས་སོ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་འདི་དག་ནི་མཁས་པ་རྣམས་ཀྱིས་བཞད་གད་དུ་ བྱ་བ་ཡིན་ནོ། །འོན་ཏེ་རིགས་བྲམ་ཟེ་ཡིན་ནོ་ཞེ་ན། ལས་རྣམས་ཀྱིས་ཀྱང་ལྟུང་བར་མི་འགྱུར་བ་ཞིག་ན། གང་ཡང་འདི་སྐད་དུ། གང་གིས་བྲམ་ཟེ་ཉིད་ཐོབ་ནས། །རྒྱལ་པོའི་བཀའ་བཞིན་སྒྲུབ་བྱེད་པ། །དེ་ནི་བྲམ་ཟེ་ཉིད་བོར་ནས། །དམངས་རིགས་ཉིད་དུ་གྱུར་པ་ཡིན། །ཞེས་བྱ་བ་ལ་སོགས་ པ་དང་། དེ་བཞིན་དུ་བྲམ་ཟེ་ཤི་བའི་རོ་བསྲེགས་པ་ཡང་བྲམ་ཟེ་གསོད་པ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །ལས་ངན་བྱས་པས་བྲམ་ཟེ་དམངས་རིགས་སུ་འགྱུར་བ་ཉིད་ཡིན་ན་ལས་བཟང་པོ་བྱས་པའི་དམངས་རིགས་ཀྱང་ཅིའི་ཕྱིར་བྲམ་ཟེར་མི་འགྱུར། གལ་ཏེ་ཕ་དང་མ་དག་པ་ཉིད་དང་། བྲམ་ ཟེའི་ལས་ལ་གནས་པ་ཉིད་ནི་བྲམ་ཟེ་ཡིན་པར་འགྱུར་གྱི། དམངས་རིགས་ནི་སྐྱེ་གནས་ངན་པ་ལས་སྐྱེས་པ་ཡིན་པའི་ཕྱིར། བྲམ་ཟེའི་ལས་ལ་གནས་སུ་ཟིན་ཀྱང་བྲམ་ཟེ་ཡིན་པར་མི་འགྱུར་རོ་ཞེ་ན། དུས་ཆེན་ཤིན་ཏུ་མང་པོ་འདས། །བུད་མེད་སེམས་ནི་ཤིན་ཏུ་གཡོ། །དེ་ཕྱིར་བྲམ་ཟེ་ཞེས་ བྱའི་རིགས། །འགའ་ཡང་གང་ལའང་ཡོད་མ་ཡིན། །ཞེས་བྱ་བས་རིགས་དག་པ་ཉིད་དུ་ཡང་བསྒྲུབ་པར་ཤིན་ཏུ་དཀའ་སྟེ། འདིར་བུད་མེད་རྣམས་ནི་སྐྱེས་བུ་གཞན་དང་ཉལ་ན་ཡང་སྐྱོན་དུ་བརྩི་བ་མ་ཡིན་པས་དམངས་རིགས་དང་། རྗེའུ་རིགས་དང་། རྒྱལ་རིགས་རྣམས་ཀྱང་སྐྱེས་པ་ དང་། གཞན་ཡང་བྲམ་ཟེའི་རིགས་ཡིན་ཡང་ཡུལ་འཁོར་འཛིན་ལ་སོགས་པ་རྒྱལ་རིགས་ཉིད་དུ་གྱུར་པ་དང་། རྒྱས་པ་དང་། སྣ་ཚོགས་བཤེས་གཉེན་ལ་སོགས་པ་རྣམས་བྲམ་ཟེ་མོ་མ་ཡིན་པ་ལས་སྐྱེས་ཀྱང་བྲམ་ཟེའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རིགས་ནི་བྲམ་ཟེའི་རྒྱུ་ཉིད་མ་ཡིན་ནོ། ། 98-305a གང་ཡང་སྨྲས་པ། རྩལ་དང་རྩལ་གྱི་སྡེ་དག་དང་། །དེ་བཞིན་ཐོས་པའི་རྩ་ཆེན་དག །དྲང་སྲོང་ཆེན་པོ་གཽ་ཏ་མ། །བྲན་སོང་ཉལ་བའི་མངལ་ནས་སྐྱེས། །གཞུང་ནི་རྩོམ་པར་བྱེད་པ་ཡི། །ཀུནྡ་བྲམ་ཟེའི་དྲང་སྲོང་ཡང་། །ཐུབ་པ་ཆེན་པོ་ཀུནྡ་ཡིས། །གདོལ་པ་མོ་དང་ཉལ་ལས་ སྐྱེས། །ཉ་བ་ཡི་ནི་བུ་མོ་ལ། །ཕ་ནི་མཆོག་འགྲོ་ཞེས་བྱ་བས། །ཉལ་ལས་དྲང་སྲོང་གླིང་ལམ་སྐྱེས། །དེ་ཡང་བྲམ་ཟེ་ཞེས་བརྗོད་དོ། །བྲམ་ཟེའི་དྲང་སྲོང་འཇིག་རྟེན་གྲགས། །ཐོས་མང་རིག་བྱེད་འདོན་བྱེད་པ། །དྲང་སྲོང་རྭ་ཞེས་བྱ་བའི་མ། །དུད་འགྲོར་སྐྱེས་པའི་རི་དགས་ཡིན། །སྦོམ་དང་དེ་བཞིན་ རས་བལ་ཅན། །དམངས་རིགས་བུ་ཡིན་བྲམ་ཟེར་གྲགས། །ཟླ་བའི་བཏུང་བ་མང་འཐུངས་ནས། །འཇིག་རྟེན་དྲང་སྲོང་ཆེན་པོར་གྲགས། །འཇིག་རྟེན་དུ་ནི་གྲགས་གྱུར་པ། །བྲམ་ཟེ་ལུམ་བུ་ཞེས་བྱ་བ། །ཐོས་མང་དེ་ཡང་གདོལ་པའི་རིགས། །ལུང་མ་ཞེས་བྱ་བ་ལས་སྐྱེས། བུར་ཤིང་བུ་མོ་ལས་ སྐྱེས་པའི། །དྲང་སྲོང་དྲང་སྲོང་ཀ་ནཱ་ཡང་། །ཀ་ནཱ་ཡ་ཡི་རིགས་བཅས་པ། །སྐྱེས་པ་ཡིན་ཞེས་རྗོད་པར་བྱེད། །དྲང་སྲོང་ཀ་པི་ཛ་ལ་ཡང་། །དྲང་སྲོང་དབང་བྱེད་ཆེན་པོ་ཡིས། །གདོལ་པ་ཕྲེང་བ་མོ་ལ་ནི། །ཉལ་ལས་སྐྱེས་པ་ཡིན་ཞེས་ཐོས། །ཨ་ག་སྟ་དང་དབང་བྱེད་ནི། །བུམ་པའི་ནང་ནས་སྐྱེས་ ཞེས་ཐོས། །བུམ་པའང་བུམ་པའི་ནང་ནས་སྐྱེས། །དེ་བཞིན་གཙང་སྐྱེས་ཆུ་ལས་སྐྱེས། །པདྨའི་འདབ་ལས་ཤེས་རབ་མྱུར། །ཀ་པཏྟྱ་ནི་ཐལ་བ་ལས། །མགོ་ལ་ཐོད་པ་ཅན་ཉིད་ནི། །ཐོད་པ་ལས་ནི་སྐྱེས་ཞེས་ཟེར། །ཞེས་བྱ་བ་སྟེ། གལ་ཏེ་ཡང་དཀའ་ཐུབ་དང་། ཐོས་པ་དང་། སྐྱེ་གནས་ཉིད་ ཀྱིས་བྲམ་ཟེ་ཡིན་ནོ་ཞེ་ན། དཀའ་ཐུབ་དང་། ཐོས་པ་ཉམས་པ་རྣམས་བྲམ་ཟེ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅིའི་ཕྱིར། དམངས་རིགས་རྣམས་ཀྱི་དཀའ་ཐུབ་དང་། །ཐོས་པ་བྱེད་པ་དགག་པར་བྱ། །བྲམ་ཟེ་དང་། དམངས་རིགས་ཀྱི་ལུས་དང་། དབང་པོ་དང་། བློ་ལ་ཁྱད་པར་ནི་ཅུང་ ཞིག་ཀྱང་མ་མཐོང་སྟེ། ཇི་ལྟར་གང་གི་ཕྱིར། རླུང་དང་བད་ཀན་མཁྲིས་པ་དག་ནི་ཞི་བྱེད་པའི། །སྨན་ནི་རིགས་ཀྱི་ཁྱད་པར་ངེས་པས་མི་བྱེད་ལྟར། །འདོད་ཆགས་ལ་སོགས་ངེས་པར་ཞི་བར་བྱེད་པའི་ཆོས། །རིགས་ངེས་པ་ལས་ཁྱད་པར་མེད་པའང་དེ་བཞིན་ནོ། །རིགས་བཞི་པོ་དག་ 98-305b དུག་གིས་ཟིན་ནས་སྨན་ནི་བསྟེན་པ་ལས། །ཀུན་ལ་དུག་ནི་བཞི་འགྱུར་འདྲ་སྟེ་ཐམས་ཅད་མཉམ་པ་ཡིན། །དེ་བཞིན་ཉོན་མོངས་དུག་ཟིན་རིགས་བཞིས་ཆོས་ཀྱི་སྨན་བསྟེན་ན། །བཞི་ཆར་དུག་བྲལ་གྱུར་ཏེ་ཆོས་སྨན་ཀུན་ལ་མཉམ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བསྟན་པས་རིགས་བཞི་ བརྟག་པ་ནི་རིགས་པ་མ་ཡིན་ནོ། །གང་ཡང་འདི་སྐད་དུ། ཕྱི་རོལ་དམངས་རིགས་བུད་མེད་གཟུགས། །འཛིན་པས་རིགས་ལྡན་གསུམ་འདི་སྤངས། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་སྐྱོན་དང་བཅས་པ་ཉིད་ཡིན་པས་སྤོང་བ་ཉིད་ཡིན་གྱི་མ་བརྟགས་པ་ནི་མ་ཡིན་ནོ་ཞེས་བསྟན་ པའི་ཕྱིར། ཆུ་ཡིས་སྡིག་པ་དག་པ་འཁྲུལ། །དགེ་སོགས་ཉོ་ཚོང་བྱེད་པ་དག །ཉེས་བསྟན་གསུམ་ལ་མཐོང་བས་ན། །གང་ཕྱིར་གསུམ་འདི་གཏོང་བའི་རིགས། །འབབ་སྟེགས་སུ་ཁྲུས་བྱས་པས་སྡིག་པ་དག་པར་འདོད་པ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པ་ཉེ་ཞིང་ འཚོང་བ་ལ་སོགས་པ་ཉེས་པར་བསྟན་པ་གསུམ་པོ་འདི་ལ་མཐོང་བས་ཁོ་བོ་ཅག་གིས་སྤོང་བ་ཡིན་གྱི་མ་བརྟགས་པར་ནི་མ་ཡིན་ནོ། །གང་དེ་ལ་སྨྲས་པ། ས་སྟེངས་ན་མི་ཤི་འབབ་སྟེགས། །འོད་ཀྱིས་སྣང་དང་པདྨའི་སྙིང་། །ཁམས་གསུམ་དག་ནི་ཐམས་ཅད་ན། །ཀུ་རུའི་ཞིང་ནི་རབ་ཏུ་ བསྔགས། །ཀུ་རུའི་ཞིང་གི་རྡུལ་དག་ནི། །རླུང་གིས་ཁྱེར་བས་རེག་གྱུར་ནའང་། །ཉེས་པར་བྱས་པའི་ལས་ཅན་ཡང་། །འགྲོ་བ་མཆོག་ཏུ་ཁྱེར་བར་བྱེད། །གང་འགའ་ཟླ་བའི་སྐལ་ཅན་དང་། །དེ་བཞིན་དུ་ནི་དབྱངས་ཅན་དང་། །ཕག་ཅན་དང་ནི་འདབ་མ་ཅན། །སིན་དུ་རྒྱ་མཚོར་འདྲེ་བ་དག །ཁྲུས་ ས་འདི་རྣམས་གང་གི་ཕྱིར། །དག་པར་འདོད་ནས་ཁྲུས་བྱེད་པ། །སྡིག་པ་དག་པའི་བདག་ཉིད་དེ། །ངེས་པར་མཐོ་རིས་འགྲོ་བར་འགྱུར། །རིག་པ་གང་དག་གིས་ཤེ་ན། །འདག་འཆལ་དག་གིས་བསྒོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ཅན་མཆོད་སྦྱིན་གྱིས་བསྒོས་ ནས། །འབབ་སྟེགས་བཀྲུས་པའང་དེ་བཞིན་དག །ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ནི་རིགས་པ་མ་ཡིན་ཏེ། འདི་ནི་སྡིག་པ་དག་མི་འགྱུར། །མ་རིག་པ་དང་མ་མཐོང་ཕྱིར། །མ་བསྒོས་ཕྱིར་དང་བག་ཆགས་ཕྱིར། །དྲན་པའི་ཤེས་དང་དགེ་བ་བཞིན། ། 98-306a སྡིག་པ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཆུས་དག་པར་མི་འགྱུར་ཞེས་བྱ་བ་ནི་དེའི་ཆོས་སོ། །མི་རེག་པ་དང་། མི་མཐོང་བ་དང་། བསྒོར་མེད་པ་དང་། བག་ཆགས་སུ་གནས་པའི་ཕྱིར་ཞེས་བྱ་བ་བཞི་ནི་གཏན་ཚིགས་ཏེ། གང་རེག་པར་བྱ་བར་ནུས་པ་དང་གང་འདི་ནི་ འདི་ནའོ་ཞེས་བྱ་བ་ལ་སོགས་པར་མཐོང་བ་དང་། གང་ལ་བསྒོ་བར་བྱ་བར་ནུས་པ་དེ་ནི་གོས་ལ་སོགས་པ་བཞིན་དུ་དག་པར་བྱ་བར་རུང་ན་སྡིག་པ་ནི་གཟུང་དུ་མེད་པ་བལྟར་མེད་པ་བསྒོར་མེད་པ་ཡིན་ན། དེ་ཇི་ལྟར་ན་དག་པར་འགྱུར། །འོན་ཀྱང་མི་དགེ་བའི་སེམས་ཀྱིས་བག་ཆགས་བཞག་ པ་ལས་སྡིག་པ་ཡོད་པར་ཤེས་པར་བྱ་སྟེ། ཇི་ལྟར་ལུས་ཅན་གྱི་རྒྱུད་དུ་གཏོགས་པའི་དྲན་པའི་ཤེས་པ་དང་། བསོད་ནམས་ཆུས་བཀྲུར་མེད་པ་ལྟར་སྡིག་པ་ཡང་དེ་བཞིན་ནོ། །ཡང་ན། པད་སྙིང་རྐང་བྱུང་ཀླུང་སོགས་ཀྱི། །ཆུས་ནི་སྡིག་པ་དག་མི་འགྱུར། །རེག་བྱའི་ཕྱིར་རམ་བསྒོ་བྱའི་ཕྱིར། ། ཁྱིམ་གྱི་ངན་སྐྱུགས་ཆུ་བཞིན་ནོ། །པདྨའི་སྙིང་པོའི་འབབ་སྟེགས་ཀྱི་ངོ་བོ་ནི་པདྨའི་སྙིང་པོ་ཉིད་དོ། །རྐང་པ་ལས་བྱུང་བའི་ངོ་བོ་ནི་རྐང་པ་ལས་བྱུང་བ་ཉིད་དེ། ཆུ་ཀླུང་ངོ་། །དེས་སྡིག་པ་དག་པར་མི་འགྱུར་ཏེ། རེག་ཏུ་ཡོད་པའི་ཕྱིར་རམ་རླན་པར་བྱེད་པའི་ཕྱིར་རོ། །གང་རེག་ཏུ་ཡོད་པ་དང་རླན་ པར་བྱེད་པ་དེས་སྡིག་པ་ཡང་དག་པར་བྱེད་ནུས་པ་མ་ཡིན་ཏེ། ཇི་ལྟར་ཁྱིམ་གྱི་ངན་སྐྱུགས་ཆུ་བཞིན་ནོ། །གཞན་ཡང་། རང་བཞིན་བསོད་ནམས་མ་ཡིན་ལས། །ཆུར་ཞུགས་སོགས་ཀྱིས་ཟད་གྱུར་ན། །འབབ་སྟེགས་སོགས་སུ་ཁྲུས་བྱས་རྣམས། །སྡུག་བསྔལ་མི་འགྱུར་རྒྱུ་མེད་ཕྱིར། ། སྔོན་མི་དགེ་བ་ལ་སོགས་པའི་འབྲས་བུ་ལ་སྤྱོད་པའི་ལོང་བ་དང་། འོན་པ་དང་། ཞ་བོ་དང་། གྲུམ་པོ་ལ་སོགས་པ་རྣམས་གལ་ཏེ་འབབ་སྟེགས་ཀྱི་ཆུ་ལ་ཁྲུས་བྱས་ཤིང་། དབང་བསྐུར་བས་སྡིག་པ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་ན་ནི། ཆུའི་ནང་དུ་ཞུགས་པ་ལ་སོགས་པ་ཉིད་ ཀྱིས་ལོང་བ་དང་། འོན་པ་དང་། ཞ་བོ་དང་། གྲུམ་པོ་ལ་སོགས་པ་རྣམས། ཁྲུས་བྱས་པ་ལ་སོགས་པ་དེ་ཕྱིན་ཆད་རྒྱུ་མེད་པའི་ཕྱིར་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །ལས་རྣམས་ཟད་པའང་མ་ཡིན་པས། །སྡིག་པ་ཟད་པ་འགའ་ཡང་མེད། །ནང་གི་བདག་ཉིད་མི་འགག་ 98-306b ཅེས། །བསྟན་པ་ཡོད་པས་དེ་ཡང་བརྫུན། །གང་ཡང་འགའ་ཞིག་ཉིན་རེ་སྡིག་པའི་ལས་བྱེད་ཅིང་། སྡིག་པ་ལ་སོགས་པ་བྱེད་པ་དེ་རྣམས་འབབ་སྟེགས་ལ་སོགས་པ་དེ་རྣམས་སུ་ཁྲུས་བྱས་ཤིང་དབང་བསྐུར་བས་ཡོངས་སུ་ཟད་པར་འགྱུར་ན་ནི་སྡིག་པ་བྱས་པ་འགའ་ཡང་ཡོད་པར་མི་འགྱུར་ལ། དེས་ན་འགའ་ཡང་ངན་སོང་དུ་ལྷུང་བར་འགྱུར་བ་ཞིག་ན། གང་ཡང་འདི་ལྟར་དྲང་སྲོང་རྒྱས་པས། བདག་ནི་ཆུ་བོ་དམ་པ་སྦྱིན་འབབ་སྟེགས། །བདེན་ཆུའི་སྦྱིན་པ་ཆུ་ངོགས་དཀའ་ཐུབ་རླབས། །དེ་བཞིན་བྱེད་དང་བཅས་པས་དེར་ཁྲུས་བྱ། །ནང་གི་བདག་ཉིད་ཆུ་ཡིས་དག་མ་ཡིན། ། ལུས་དང་ངག་དང་ལས་རྣམས་ནི། །གང་གིས་གསུམ་པོ་མ་དག་པ། །རྒྱ་མཚོ་གསུམ་དུ་ཁྲུས་བྱས་ཀྱང་། །དེ་ནི་དྲི་མ་མེད་ཉིད་ཡིན། །དབང་པོའི་སྒོ་ནི་རབ་བསྡམས་ནས། །མཉམ་པར་གཞག་པས་གར་གནས་པ། །དེ་ཡིས་ཀུ་རུའི་ཞིང་དག་དང་། །ནེ་མི་ཤ་དང་པད་སྙིང་སྟེ། །འདོད་ དང་ཁྲོ་དང་རྨོངས་པ་ལས། །གང་ཞིག་རྒྱལ་བ་དེ་དག་དཔའ། །འབབ་སྟེགས་གང་དུ་ཁྲུས་བྱེད་པ། །སྐྱོང་མཛད་དེ་ཡིས་ཅི་ཞིག་བགྱི། །ཆུ་ཡིས་བངས་པར་གྱུར་པ་ལ། །ཁྲུས་བྱས་པ་ཞེས་མི་བྱ་ཡི། །ཕྱི་ནང་བཅས་པར་དག་པ་ཡིས། །དཀའ་ཐུབ་ཅན་གང་དེ་ཁྲུས་བྱས། །རྡུལ་དང་འདམ་ དང་དྲི་མ་སོགས། །ཟག་པ་རྣམས་ནི་ཆུ་ཉིད་ཀྱིས། །དག་པར་བགྱིད་ཀྱི་རྒྱལ་པོ་ལགས། །ཆོས་བྱའི་འབྲས་བུ་ཆུ་ཡིས་མིན། །གང་གཱར་བཀྲུས་ནས་དག་པ་ཡི། །ལུས་དང་ངག་དང་ཡིད་འཇུག་པ། །ཁྱད་པར་ཕྲ་མོ་ཙམ་ཡང་ནི། །འབྱུང་པོ་རྣམས་ལ་མ་མཐོང་ངོ་། །འདོད་པ་མཆོད་ སྦྱིན་ཆེན་པོ་མཆོད་བྱས་ནས། །མི་དབང་འབབ་སྟེགས་རྟག་ཏུ་ཁྲུས་བྱས་ཀྱང་། །ཁྲོ་དང་འདོད་དག་དེ་བཞིན་མང་འཕེལ་ནས། །གང་ཕྱིར་མི་གསོད་ལ་སོགས་སྡིག་དག་བྱེད། །དེ་ཕྱིར་དྲི་མའི་རྒྱུ་ནི་ཡོད་གྱུར་པ། །དེ་སྲིད་མཆོད་སྦྱིན་འབབ་སྟེགས་ཆུས་མི་འདག །མར་མེ་སྙིང་པོ་འབར་ བ་ཡོད་པ་ན། །འོད་རྣམས་ཆུ་ཡིས་བླུགས་ཀྱང་མི་ཉམས་བཞིན། །ཞེས་བྱ་བ་ལ་སོགས་པ་བསྟེན་པ་ཡོད་པས་ཁྱེད་རང་གི་དམ་ཚིག་ལས་འབབ་སྟེགས་སུ་ཁྲུས་བྱས་པས་སྡིག་པ་ཡོངས་སུ་ཟད་པ་ཡིན་པར་མ་གྲུབ་པའི་ཕྱིར། ཆུས་ཁྲུས་བྱས་པས་སྡིག་པ་ཟད་པར་འགྱུར་རོ་ཞེས་ 98-307a སྨྲ་བ་འདི་ནི་མཛེས་པ་མ་ཡིན་ནོ། །གང་ཡང་འདི་སྐད་དུ། བྲམ་ཟེ་དག་གིས་སྡིག་པ་བྱས་པ་དག་གི་སྡིག་པ་བླངས་ནས་བསོད་ནམས་ཀྱི་ཆ་འགོད་པར་བྱེད་དོ་ཞེས་ཟེར་བ་དེ་ཡང་རིགས་པ་འདིས་རིགས་པ་མ་ཡིན་ཏེ། རྒྱུད་གཞན་ལས་ནི་རྒྱུད་གཞན་དུ། །སྡིག་པ་འཕོ་བ་ མིན་པར་གཟུང་། །ལུས་ཅན་མིན་ཕྱིར་འདོད་ཆགས་དང་། །ཞེ་སྡང་གཏི་མུག་མི་འཕོ་བཞིན། །དངོས་དང་ལྡན་པའི་རྫས་ལ་ནི། །རྒྱུད་གཞན་ལས་རྒྱུད་གཞན་ལ་འཕོ་བ་མཐོང་སྟེ། ཇི་ལྟར་བུ་བཞིན་ནོ། །སྡིག་པ་ནི་གཟུགས་ཅན་མ་ཡིན་པས། ཇི་ལྟར་གཞན་གྱི་འདོད་ཆགས་ཀྱིས་ གཞན་འདོད་ཆགས་ཅན་དུ་མི་འགྱུར་བ་དང་། གཞན་གྱི་ཞེ་སྡང་གིས་གཞན་ཞེ་སྡང་ཅན་དུ་མི་འགྱུར་བ་དང་། གཞན་གྱི་གཏི་མུག་གིས་གཞན་གཏི་མུག་ཅན་དུ་མི་འགྱུར་བ་དང་། གཞན་བཀྲེས་ཤིང་སྐོམ་པ་གཞན་ལ་མི་གནོད་པ་དང་། གཞན་ཚིམ་པས་གཞན་ཚིམ་པར་མི་འགྱུར་བ་ལྟར། དེ་བཞིན་དུ་གཞན་གྱིས་བྱས་པའི་སྡིག་པའི་འབྲས་བུ་གཞན་གྱིས་འགོད་པར་མི་འགྱུར་རོ། །གཞན་ཡང་། དེ་ཚེ་བསོད་ནམས་བླངས་པ་ནི། །མི་རིགས་ཞེས་ནི་ངེས་པར་བྱ། །སེམས་དང་མཚུངས་པར་ལྡན་པ་ཡི། །དཔེར་ན་བདེ་དང་སྡུག་བསྔལ་བཞིན། །གསེར་དང་གོས་ལ་སོགས་པའི་ གཟུགས་ཅན་ཉིད་ཀྱི་དངོས་པོ་ནི་སྦྱིན་པ་དང་། བླང་བར་རིགས་ཀྱི་བསོད་ནམས་དང་སྡིག་པ་དག་ནི་མ་ཡིན་ཏེ་སེམས་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་དཔེར་ན་བདེ་བ་དང་སྡུག་བསྔལ་དག་སྦྱིན་པ་དང་བླང་བར་མི་རིགས་པ་བཞིན་ནོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་དག་སྦྱིན་པ་དང་ བླང་བར་ནུས་པ་ཞིག་ཡིན་ན་ནི་བདག་པོ་ཐམས་ཅད་སྡུག་བསྔལ་བར་གྱུར་པ་ན་རང་གི་བྲན་ལ་སྡུག་བསྔལ་ལྷག་མ་མ་ལུས་པར་བྱིན་ནས་དེ་དག་གི་བདེ་བ་ལེན་པར་འགྱུར་ལ། སྙིང་རྗེ་ཅན་དག་ཀྱང་སྐྱེ་དགུ་སྡུག་བསྔལ་ཅན་དག་ལ་རང་གི་བདེ་བ་བྱིན་ནས། དེ་དག་གི་སྡུག་བསྔལ་ལེན་ པར་འགྱུར་བ་ཞིག་ན་དེ་ལྟ་བུ་ནི་མེད་དོ། །དེ་བཞིན་དུ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་ལེན་པ་དང་སྦྱིན་པ་ཡོད་པ་མ་ཡིན་ནོ། །ལུང་རྒྱས་བྱེད་ལས་ཀྱང་འདི་སྐད་དུ། འདིར་ནི་དགེ་དང་མི་དགེ་བའི། །རང་གིས་བྱས་པའི་ལས་རྣམས་ནི། །ཆུད་ཟ་བར་ནི་མི་འགྱུར་ཏེ། །དེའི་ཕྱིར་ 98-307b སྡིག་སྤངས་མདུང་གི་བུ། །ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་། འབར་སོགས་ནང་དུ་མཆོངས་པ་ཉིད། །ཚངས་པའི་འཇིག་རྟེན་སོགས་འགྲོ་བར། །བསྟན་པའི་ལུགས་ངན་གསུམ་ལས་མཐོང་། །དེ་ཕྱིར་སྤང་བར་རིགས་པ་ཡིན། །མེར་འཇུག་པ་དང་། གཡང་སར་ མཆོང་བ་དང་། སྨྱུང་བར་གནས་པ་ལ་སོགས་པའི་བྱ་བས་ཚངས་པའི་འཇིག་རྟེན་དང་། དབང་ཕྱུག་ཆེན་པོ་དང་། ཚོགས་བདག་དང་། ཁྱབ་འཇུག་ལ་སོགས་པའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ་ཞེས་ཟེར་བ་མི་བདེན་པར་བསྟན་པ་མཐོང་བའི་ཕྱིར་རོ། །གསུམ་པོ་འདི་ནི་གཏང་ བར་རིགས་པ་ཁོ་ནའོ། །ཇི་ལྟར་ཞེ་ན། རིགས་པ་དང་མི་ལྡན་པའི་ཕྱིར་ཏེ། མེར་མཆོད་ལ་སོགས་ཚངས་པ་ཡིས། །འཇིག་རྟེན་སོགས་ཐོབ་རྒྱུ་མ་ཡིན། །སྲོག་ལ་གནོད་པར་བྱེད་པའི་ཕྱིར། །ཕྱེ་མ་ལེབ་སོགས་མཐོང་བ་བཞིན། །གང་དགེ་བའི་སེམས་དང་བྲལ་བའི་མེར་འཇུག་ པ་དང་། གཡང་སར་མཆོང་བ་ལ་སོགས་པ་རྣམས་ནི་ཚངས་པའི་འཇིག་རྟེན་ལ་སོགས་པ་འཐོབ་པའི་རྒྱུ་མ་ཡིན་ཏེ། སྲོག་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར། །ཇི་ལྟར་ཕྱེ་མ་ལེབ་དང་ཕྱི་བྱི་དང་། སྦྲང་མ་ལ་སོགས་པ་མེར་མཆོང་བ་དང་། ཨེ་ནེ་ཡ་དང་སྤྲེའུ་ལ་སོགས་པ་གཡང་སར་ མཆོང་བ་དང་། རྒྱ་མཚོའི་ནང་དུ་གྲུ་བོ་ཆེ་ཞིག་ནས། །སྐྱེ་བོ་ཤི་བར་གྱུར་པ་དང་། །ལམ་དུ་ལམ་བརྒྱགས་མ་ལུས་པར་ཟད་ནས་འགྲོན་པོ་བཀྲེས་པས་ཉེན་པས་སྲོག་དང་བྲལ་བར་གྱུར་པ་རྣམས་མཐོ་རིས་སུ་འགྲོ་བའི་རྒྱུ་མ་ཡིན་པ་བཞིན་ནོ། །གཞན་ཡང་། བཟའ་དང་བཏུང་བ་སྤངས་པ་ཡིས། ། མཐོ་རིས་འཐོབ་པར་མི་འདོད་དེ། །བཀྲེས་དང་སྐོམ་པའི་རྒྱུ་ཡིན་ཕྱིར། །ཟས་མ་ཟོས་པས་གདུངས་པ་བཞིན། །ཟས་དང་སྐོམ་མ་ཟོས་པས་མཐོ་རིས་འཐོབ་པ་མ་ཡིན་ཏེ། བཀྲེས་པ་དང་སྐོམ་པས་གདུངས་པའི་རྒྱུ་ཡིན་པའི་ཕྱིར་ཁྲོས་པའམ་ནད་དམ། མ་རྙེད་པའི་དབང་གིས་ ཟས་མ་ཟོས་པ་བཞིན་ནོ། །གཞན་ཡང་། ཟས་མ་ཟོས་སོགས་བསོད་ནམས་འགྱུར། །སྤངས་ཕྱིར་སྡིག་སྤངས་བཞིན་ཞེ་ན། །བདེན་སོགས་སྤངས་པས་གཏན་ཚིགས་འདི། །མ་ངེས་པ་ཉིད་ཡིན་པར་འགྱུར། །ཟས་མ་ཟོས་པས་བསོད་ནམས་འཐོབ་པར་འགྱུར་ཏེ། སྤངས་ 98-308a པ་ཡིན་པའི་ཕྱིར་སྡིག་པ་ལས་ལོག་པ་བཞིན་ནོ་ཞེས་སྨྲ་བ་དེ་ཡང་ཐེ་ཚོམ་དུ་འགྱུར་བ་ཡིན་ཏེ། ཅི་སྤངས་པ་ཡིན་པའི་ཕྱིར་བདེན་པ་དང་ཚངས་པར་སྤྱོད་པ་སྤངས་པ་བཞིན་དུ་བསོད་ནམས་མ་ཡིན་པ་ཉིད་དུ་འགྱུར་བ་ཞིག་ཡིན་ནམ། འོན་ཏེ་སྤངས་པ་ཡིན་པའི་ཕྱིར། འཚེ་བ་ ལ་སོགས་པ་སྤངས་པ་བཞིན་དུ་ཟས་སྤངས་པ་ཡང་བསོད་ནམས་སུ་འགྱུར་བ་ཞིག་ཡིན་ཞེས་སྤངས་པས་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཉིད་ཡིན་ནོ། །གཞན་ཡང་། ཟས་སྤངས་བསོད་ནམས་མི་འགྱུར་ཏེ། །བྱ་བ་དེ་ལ་སྡིག་མེད་ཕྱིར། །དགེ་བ་ཡིད་ལ་བྱེད་པ་ཡི། །ཡིད་ལ་བྱེད་པ་ སྤངས་པ་བཞིན། །བྱ་བ་གང་ཞིག་སྤྱད་པ་ལས་སྡིག་པ་འབྱུང་བར་འགྱུར་བ་དེ་ལྟ་བུ་སྤངས་པ་ནི་བསོད་ནམས་སུ་འགྱུར་བར་རིགས་ན་ཟས་ལ་སྤྱོད་པའི་བྱ་བ་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་སྲོག་འཛིན་ཅིང་བསོད་ནམས་སྐྱེ་བའི་སྒོར་གྱུར་པ་ཡིན་ལ། གལ་ཏེ་དེ་སྤྱད་པས་ཆོས་མ་ཡིན་པར་འགྱུར་ ན་ནི་འཇིག་རྟེན་ཐམས་ཅད་ཀྱང་ཆོས་མ་ཡིན་པ་ཁོ་ན་དང་ལྡན་པར་འགྱུར་ན་དེ་ལྟར་ནི་མ་གྲགས་སོ། །དེའི་ཕྱིར་ཟས་ལ་སྤྱོད་པའི་བྱ་བ་ལ་ཡང་སྡིག་པ་ཡོད་པར་མ་མཐོང་ལ། ཟས་ལ་མི་སྤྱོད་པའི་བྱ་བ་ལ་སོགས་པ་ལ་ཡང་བསོད་ནམས་ཡོད་པར་མ་མཐོང་ངོ་། །འདིས་ནི་གདུང་བ་ལྔ་པ་ལ་སོགས་ པའི་བརྟུལ་ཞུགས་ཀྱང་ལུས་གདུང་བར་བྱེད་པ་འབའ་ཞིག་ཏུ་ཟད་པའི་ཕྱིར་མཐོ་རིས་དང་བྱང་གྲོལ་ལ་སོགས་པ་འཐོབ་པའི་རྒྱུ་མ་ཡིན་ནོ་ཞེས་ཀྱང་བཏན་པ་ཡིན་ནོ། །རྒྱས་བྱེད་ལ་སོགས་པའི་ལུང་ལས་འདི་ལྟར་སྔ་ཕྱི་འགལ་བ་ཡང་ཡོད་པས་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། ནུབ་ གཅིག་ལམ་ནི་ནུབ་གསུམ་མམ། །བདུན་དུའམ་ནི་ཉིན་གཅིག་ཉིད། །གང་ཞིག་སྨྱུང་བར་གནས་པ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཞེས་བྱ་བ་ལ་སོགས་པ་སྤྲས་ནས་ཡང་། ཟླ་ཕྱེད་དམ་ནི་ཟླ་གཅིག་ཏུ། །སྨྱུང་བར་སྤྱད་པར་མི་བྱ་སྟེ། །ལུས་ལ་གནོད་པ་བྱེད་པའི་ཕྱིར། །དཀའ་ཐུབ་ མ་ཡིན་ཆོས་ལྡན་མིན། །འགའ་ཞིག་བརྟུལ་ཞུགས་སྨྱུང་བར་གནས། །ལུས་ལ་གནོད་པ་བྱེད་པ་སྟེ། །ནང་གི་བདག་ཉིད་སྡུག་བསྔལ་ཕྱིར། །དེས་ནི་མཐོ་རིས་རྟོགས་མི་འགྱུར། །རྟག་ཏུ་ལུས་ནི་རྒྱས་པ་དང་། །སེམས་དང་དབང་པོ་གསལ་བ་ཡིས། །ཕྲ་བའི་ཆོས་རྣམས་རྟོགས་ 98-308b འགྱུར་གྱི། །རྒོད་དང་ཞུམ་པས་མ་ཡིན་ནོ། །ཞེས་བསྟན་པ་དང་། དེ་བཞིན་དུ། དགུན་གྱི་དུས་སུ་ཆུ་ཡི་ནང་དུ་གནས། །ཚ་བའི་དུས་སུ་གདུང་བ་ལྔ་བསྟེན་བྱ། །དབྱར་གྱི་དུས་སུ་བླ་གབ་མེད་པར་གནས། །བྲམ་ཟེ་དེ་ནི་དཀའ་ཐུབ་དྲག་པོ་སྤྱོད། །ཅེས་བྱ་བ་སྨྲས་ནས། ཡང་ བྲམ་ཟེ་མེ་བཞིའི་དཀྱིལ་གནས་ནས། །ལྔ་པ་ཉི་མས་གདུང་བ་ཡི། །གདུང་བ་དེ་ནི་མདུང་གི་བུ། །ལྔ་པའི་དཀའ་ཐུབ་མ་ཡིན་གྱི། །བཀྲེས་དང་ཆགས་པའི་མེ་དག་དང་། །ཁྲོ་དང་འདོད་པའི་མྱ་ངན་དག །ལྔ་པོ་འདི་ལས་གང་རྒྱལ་བ། །དེ་ནི་གདུང་བ་ལྔ་ཅན་འདོད། །རྟག་ཏུ་འདོད་ དང་ཁྲོ་ལས་རྒྱལ། །བདེ་ལྡན་དབང་པོ་བསྡམས་པ་དག །འདི་ནི་མཁས་པའི་དཀའ་ཐུབ་ཡིན། །ལུས་ཀྱི་གདུང་བ་མ་ཡིན་ནོ། །འཚེ་མེད་བདེན་པའི་ཚིག་དང་ལྡན། །ཁྲོ་མེད་དུལ་ལ་དྲང་བ་དག །འདི་ནི་དཀའ་ཐུབ་མཆོག་ཡིན་གྱི། །ལུས་སྐམ་བྱེད་པ་མ་ཡིན་ནོ། །སྡུག་བསྔལ་རང་བཞིན་ དཀའ་ཐུབ་གང་། །སྡུག་བསྔལ་སྡུག་བསྔལ་བརྒྱུད་མར་འཇུག །ཤེས་པའི་རང་བཞིན་དཀའ་ཐུབ་གང་། །བདེ་བས་བདེ་བ་བརྒྱུད་མར་འཇུག །ཅེས་བྱ་བ་ལ་སོགས་པ་འབྱུང་བས་དེ་ལྟ་བུའི་རང་གི་གྲུབ་པའི་མཐའ་དང་ཡང་འགལ་བར་སྨྱུང་བར་གནས་པ་ལ་སོགས་པས་ལུས་གདུང་བར་ བྱེད་པའི་བདེན་པ་བརྟགས་པས་ཅི་ཞིག་བྱ། གཞན་ཡང་རྒྱས་བྱེད་ལ་སོགས་པའི་ལུང་ལས་སྔ་ཕྱི་འགལ་བ་མང་དུ་མཐོང་སྟེ། བུ་མེད་པ་ལ་འཇིག་རྟེན་ནི། །བཟང་པོ་ཡེ་མེད་རྒྱས་བྱེད་ཀྱི། །ཅི་ལྟར་གླིང་ལམ་ཅན་གྱིས་ནི། །རྒས་ཀར་བསུས་ནས་སྨྲས་པ་བཞིན། །ཞེས་བྱ་བ་ལ་ སོགས་པ་སྨྲས་ནས་ཡང་། གཞོན་ནུ་ཚངས་པར་སྤྱོད་བྱེད་པ། །དཀའ་ཐུབ་སྤྱོད་པ་སྤངས་པ་སྟེ། །དྲང་སྲོང་དེ་ནི་མཐོ་རིས་གནོན། །ཚངས་སྤྱོད་འབྲས་བུ་དམ་པ་ཡིན། །དེ་བཞིན་དུ། ངེས་པར་བརྩེ་མེད་དགའ་བོ་ཡིས། །གཡུལ་ངོར་འབྲོས་པ་མེད་པར་ནི། །གཡུལ་ལ་མངོན་ ཕྱོགས་སུ་གྱུར་ན། །ཤི་ན་མཐོ་རིས་འགྲོ་བར་འགྱུར། །ཞེས་བྱ་བ་སྨྲས་ནས། ཡང་སྨྲས་པ། གང་ཡང་རང་སེམས་གདུག་པ་ཡིས། །གཞན་ལ་འཚེ་དེ་རྒྱས་བྱེད་ཀྱི། །དྲག་པོ་དྲག་པོའི་ལས་ཅན་ཏེ། །ཤིན་ཏུ་སྨད་པའི་དམྱལ་བར་འགྲོ། །རང་ལ་རྗེས་སུ་མི་མཐུན་པ། །དེ་ནི་གཞན་ 98-309a ལ་མི་བྱ་སྟེ། །འདིར་ནི་ཆོས་རྣམས་བསྡུས་པ་ཡིན། །གཞན་ནི་འདོད་པས་འཇུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་མ་ཡིན་ནམ་ཞེས་སྨྲས་པ་ན། འདིར་སྨྲས་པ། སངས་རྒྱས་པ་ནི་འདི་ལྟར་བདག་ཉིད་ཆོས་ལ་གནས་པ་ཡིན་ནོ་སྙམ་དུ་སེམས་ ཤིང་གཞན་ལ་ཁ་ཟེར་ཞིང་དམོད་པར་བྱེད་ཀྱང་རང་ཉིད་ཤ་ཟ་བ་ལ་འབད་པ་ཆེར་བྱེད་པར་གྲགས་ལ། སེམས་ཅན་སྲོག་མ་བཅད་པར་ནི་ཤ་རྙེད་པར་མི་འགྱུར་བས་དེས་ན་སྙིང་རྗེ་དང་བྲལ་བ་ཡིན་པའི་ཕྱིར། རི་དགས་ཀྱི་རྔོན་པ་ལ་སོགས་པ་བཞིན་དུ་སྡིག་པ་བྱེད་པ་ཉིད་ཡིན་ནོ་ཞེ་ ན། འདི་ལ་བརྗོད་པར་བྱ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་དགོངས་པ། རུས་པ་དང་། རྐང་པའི་གཏིང་ནས་བརྩེ་བ་མངའ་བ་དེས་ཇི་ལྟར་ན་ཤ་ཟ་བར་རྗེས་སུ་གནང་བ་ཡིན། ཐེག་པ་ཆེན་པོའི་གཞུང་ལས། བཅོམ་ལྡན་འདས་ ཀྱིས་མ་གནང་བ་ཁོ་ན་ཡིན་ཏེ། གླང་པོའི་རྩལ་དང་། སྤྲིན་ཆེན་པོ་དང་། ལང་ཀར་གཤེགས་པ་དང་། སོར་མོའི་ཕྲེང་བ་ལ་སོགས་པའི་མདོ་ལས། ཤ་ཟ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ཉིད་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པའི་གཞུང་ལས་ནི། མཐའ་གསུམ་དག་པའི་ཤ་གང་དག ། ཟས་ཀྱང་སྡིག་ཏུ་མི་འགྱུར་ཏེ། །དངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །ཞེས་འབྱུང་སྟེ། འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད། ཐོས་པ་ཡང་མེད། དོགས་པ་ཡང་མེད་པ་ནི་སྡིག་པའི་སེམས་དང་བྲལ་བ་ ཡིན་པས་ནད་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། དངས་མ་དང་། གཅིན་དང་། ངན་སྐྱུགས་ལ་སོགས་པར་འགྱུར་བའི་ཕྱིར། ཇི་ལྟར་སློང་མོས་རྙེད་པའི་ཟས་ནི་སློང་མོའི་ཟོས་ཏེ། དེ་ཟོས་པས་སྡིག་ཏུ་མི་འགྱུར་ བ་བཞིན་ནོ། །གཞན་ཡང་། གང་ཡང་ཤ་ནི་ཟོས་པ་ཡིས། །སྡིག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་པ་བཟློག་པའི་རྒྱུ་ཡིན་ཕྱིར། །མ་བླངས་བྱིན་པའི་ཟས་བཞིན་ནོ། །ཤ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཟོས་པས་སྡིག་པའི་རྒྱུར་མི་འགྱུར་ཞེས་བྱ་བ་ནི་ཆོས་སོ། །བཀྲེས་པ་ཟློག་ 98-309b པར་བྱེད་པ་སྟེ། ཞི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། ཟས་ཀྱི་དུས་སུ་མ་བླངས་པར་རྙེད་པའི་ཟས་སྐོམ་བཞིན་ནོ། །ཤ་ནི་མི་བཟའ་བ་ཡིན་ཕྱིར། །མི་ཟ་ཞེ་ན་ལུས་ལ་གཏོགས། །ས་བོན་དང་ནི་བརྟན་བྱེད་པ། །མི་གཙང་མི་གཙང་སྲིན་བུ་བཞིན། །ཤ་ནི་བཟའ་བར་མི་བྱ་བ་ ཉིད་དེ། ཕྱི་ས་ལ་སོགས་པ་བཞིན་ནོ་ཞེ་ན་རང་གི་ལུས་འདི་ཡང་བརྟག་པར་བྱ་བ་ཉིད་ཡིན་ཏེ། སྐྲ་དང་། སེན་མོ་དང་། བ་སྤུ་དང་། པགས་པ་དང་། ཕྱི་ཤུན་དང་། ཤ་དང་། རྒྱུས་པ་དང་། ཁྲག་དང་། རུས་པ་དང་། རྐང་དང་། མཁལ་མ་དང་། སྙིང་དང་། གློ་བ་སྲལ་ དང་། མཆིན་པ་དང་། མཚེར་པ་དང་། གློ་བ་དང་། རྒྱུ་མ་དང་། བཞག་དང་། ལོང་ཀ་དང་། གཅིན་དང་། ཕྱི་ས་དང་། མཆིལ་མ་དང་། རྔུལ་དང་། ཚིལ་དང་། ལུད་པ་དང་། མཆི་མ་དང་། རྣག་དང་། མཁྲིས་པ་དང་། མཆིལ་སྣབས་དང་། ཞག་དང་། ཆུ་སེར་དང་། དྲི་ མ་དང་། ཀླད་པ་དང་། ཀླད་རྒྱས་དང་། མིག་རྣག་དང་། རྣ་སྤབས་ཞེས་བྱ་བ་ལ་སོགས་པ་མི་གཙང་བའི་རྫས་སུམ་ཅུ་རྩོ་དྲུག་གིས་གང་བའི་རྨའི་སྒོ་དགུ་ནས་རྟག་ཏུ་མི་གཙང་བ་ཟག་པ་ཁྲག་དང་ཁུ་བ་མི་གཙང་བའི་ས་བོན་ལས་བྱུང་བ། མི་གཙང་བའི་ཁུ་བས་ཉེ་བར་བསྟན་ཅིང་། ཕྱི་ས་དང་ངན་སྐྱུགས་ཀྱི་དངས་མ་ས་གཡོགས་ནས། མངལ་གྱི་ནང་ནས་བྱུང་བའི་ལུས་འདི་ནི་མི་གཙང་བའི་ནང་ན་གནས་པའི་སྲིན་བུ་དང་འདྲ་བར་ཤིན་ཏུ་མི་གཙང་བ་ཡིན་ན་ཤ་ཟོས་པས་མི་གཙང་བ་ལྷག་པ་ཅི་ཞིག་ཏུ་འགྱུར། དེས་ན་འདི་ནི་ཅི་ཡང་མ་ཡིན་ནོ། །གལ་ཏེ་ཡང་སྐྱེ་བོ་ བཟང་པོ་རྣམས་ཀྱིས་འདོད་པ་ཡིན་དུ་ཟིན་ཀྱང་ཉ་ལ་སོགས་པའི་ཤ་ནི་བཟའ་བར་མི་བྱ་སྟེ། ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར། བ་ལང་དང་བོང་བུའི་ཤ་བཞིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་བ་ནི། ཁུ་བ་སོགས་ལས་བྱུང་བའི་ཕྱིར། །ཉ་ཤ་སོགས་ནི་དམང་ཅེ་ན། །མར་དང་འོ་སོགས་ རྒྱུ་ཡིན་པས། །འདི་ནི་མ་ངེས་པ་ཉིད་ཡིན། །ཁུ་བ་དང་ཁྲག་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཅི་བ་ལང་ལ་སོགས་པའི་ཤ་བཞིན་དུ་ཉ་ཤ་ལ་སོགས་པ་ཡང་བཟའ་བར་བྱ་བ་མ་ཡིན་པ་ཞིག་ཡིན་ནམ། འོན་ཏེ་ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར ། མར་དང་འོ་མ་ལ་སོགས་པ་བཞིན་ 98-310a དུ་བཟའ་བར་བྱ་བ་ཉིད་ཡིན་ཞེས་ཐེ་ཚོམ་དུ་འགྱུར་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་ཡང་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མེད་པར་འགྱུར་བས་དེས་ན་སྲོག་གཅོད་པ་ནི་ཟ་བ་པོ་ཉིད་ཡིན་ཏེ། འཚོ་བར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་དུ་ འཇུག་པ་ལྟ་བུའོ་ཞེ་ན། དེ་ལ། ཤ་ཟ་སྲོག་གཅོད་ཉིད་ཡིན་ཏེ། །དེའི་ཕྱིར་རྒྱུ་མཚན་ཕྱིར་ཞེ་ན། །པགས་སོགས་ཐོགས་པས་གཏན་ཚིགས་ནི། །མ་ངེས་པ་ཉིད་ཡིན་པར་འགྱུར། །གང་པགས་པ་ལ་སོགས་པ་ཐོགས་པའི་དཀའ་ཐུབ་མེད་ན་ཤར་བ་ལ་སོགས་པ་གསོད་པར་ཡང་མི་འགྱུར་ རོ། །དེས་ན་དེ་ནི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་པར་འཇུག་པ་པོ་བཞིན་དུ་ཤ་ཟ་བ་སྲོག་གཅོད་པ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་པགས་པ་ལ་སོགས་པ་འཆང་བ་བཞིན་དུ་སྲོག་གཅོད་པ་མ་ཡིན་པ་ཉིད་དུ་འགྱུར་ཞེས་བྱ་བས་གཏན་ཚིགས་མ་ངེས་པ་ ཉིད་ཡིན་ནོ། །རྒྱུ་མཚན་ཙམ་གྱིས་རྟོགས་པར་བྱེད་ན་སྐྱོན་མང་པོ་གཞན་ཡང་ཡོད་པར་ཐལ་བར་འགྱུར་ཏེ། ཇི་ལྟར། འཇལ་དང་སྲང་ལ་གཡོ་བྱེད་དང་། །ཉོ་བར་འདོད་པ་མི་དགེ་མཉམ། །འཚོ་བྱེད་ནོར་ནི་རྙེད་པ་དེའི། །གང་ཡང་སྡིག་པ་དག་ལས་ནི། །སྐྱོན་ནི་གཉིས་ཀྱིས་ལྷག་པ་རུ། །ཉོ་ བ་པོ་ལས་འབྱུང་བར་འདོད། །དེ་བཞིན་བུད་མེད་བདག་པོ་བཞིན། །འདོད་པའི་ཁ་ཟས་སྦྱིན་བྱེད་དང་། །སྐལ་བ་ལྡན་པའི་བུད་མེད་དང་། །གང་དག་ཆོས་དེ་སྟོན་པ་དང་། །ཚུལ་ཁྲིམས་མེད་ལ་དམོད་པ་དག །སྐྱོན་ཚོགས་འཇོམས་ཕྱིར་ཏི་ཏི་རི། །དགྲ་གསོས་ལས་ཀྱང་ངེས་པར་ནི། །ཆོས་མ་ ཡིན་པ་ཐོབ་པར་འགྱུར། །ཀུན་དགའ་ར་བ་ཁྲོན་པ་རྫིང་། །དེ་ནི་ལུས་ཅན་ཤི་གྱུར་ན། །བྱེད་པའི་སྐྱེ་མཆེད་ཡིན་པའི་ཕྱིར། །དེ་ལ་སྐྱོན་འདི་ཡོད་པར་འགྱུར། །གསད་བྱ་ཡོད་པས་གསོད་ཡོད་ཀྱི། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་འཐོབ་པར་ འགྱུར། །མཐོང་དང་ཐོས་དང་བསྡམས་པ་དང་། །རེག་དང་དྲན་པ་ཉིད་དང་ནི། །ཤ་ལ་བྱས་ནའང་ཆོས་མིན་འབྲེལ། །འདི་ལྟ་བུར་ནི་འགྱུར་བ་ཡིན། །གསལ་བར་བྱེད་པའི་ཉི་མ་དང་། །སྐྱེ་བའི་རྒྱུ་ནི་ཕ་དག་དང་། །སྐྱོང་བར་བྱེད་པའི་མི་བདག་དང་། །དེ་རྣམས་སྡིག་པའི་བྱེད་པོ་ཉིད། །གོས་ 98-310b བྱེད་པ་ཡི་ལྟར་བྱས་ནས། །ཟས་ཀྱི་བྱ་བའང་མི་རིགས་ཏེ། །གང་ཕྱིར་སྐྱོན་ནི་གཉིས་འབྱུང་བ། །མ་ཟོས་པ་ལ་མ་ཡིན་ཏེ། །ཟོས་ལས་སྲོག་ཆགས་སྐྱེ་འགྱུར་ཞིང་། །དེ་དག་ཐུར་དུ་འབྱུང་བར་འགྱུར། །སྐྱེས་པ་ཉམས་འགྱུར་མ་ཟོས་ན། །མ་སྐྱེས་སྐྱེ་བར་མི་འགྱུར་རོ། །གལ་ཏེ་གཞན་གྱི་ རྒྱུ་མཚན་གྱི། །སྐྱོན་དེ་ཁྱོད་ནི་མི་འདོད་ན། །གཞན་གྱིས་བསད་པར་གྱུར་པ་ཡང་། །སྡིག་དེ་སྤྱོད་པ་ག་ལ་འོང་། །གང་ཕྱིར་མི་སྡིག་གནང་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེ་ཕྱིར་ཤ་སོགས་རྗེས་གནང་བ། །སྐྱོན་མེད་པར་ནི་གཟུང་བར་བྱ། །གཞན་ཡང་། ཤ་ཟ་བ་ནི་སྐྱོན་བཅས་མིན། །དེ་ཚེ་ སྲོག་ཆགས་གནོད་མིན་ཕྱིར། །མུ་ཏིག་རྨ་བྱའི་སྒྲོ་སོགས་དང་། །འབྲས་དང་ཆུ་ཡི་དགོས་པ་བཞིན། །སྲོག་ཆགས་ཀྱི་ལུས་ལ་སྡུག་བསྔལ་སྐྱེད་ནས་ཤ་ཟོས་ན་སྐྱོན་དང་བཅས་པར་འགྱུར་གྱི། ཤ་ཟ་བའི་དུས་ན་སྲོག་ཆགས་ཀྱི་ལུས་ཀྱི་ཤ་ལ་སེམས་མེད་པས་སྡུག་བསྔལ་སྐྱེ་བར་མི་ འགྱུར་ན་སྡིག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཉ་ཕྱིས་དང་། ཉ་དང་། གླང་པོ་ཆེའི་མུ་ཏིག་གི་འབྲས་བུ་རྣམས་དང་། རྨ་བྱའི་སྒྲོ་དང་། གཡག་རྔ་དང་། སོ་དང་། རུས་པ་དང་། པགས་པ་ལ་སོགས་པ་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པའི་དུས་ན། སྲོག་ཆགས་ལ་སྡུག་བསྔལ་ཅུང་ཞིག་ ཀྱང་མེད་པ་དང་། འབྲས་བུ་དང་། ཆུ་ལ་སོགས་པ་ལོངས་སྤྱོད་པའི་དུས་ན་གང་ལ་ཡང་གནོད་པ་མེད་པ་ལྟར་དེ་བཞིན་དུ་ཤ་ཟ་བར་བྱེད་ཀྱང་དེའི་ཚེ་གནོད་པ་མེད་པས་སྐྱོན་མེད་དེ། སྐྱོན་ཡོད་ན་ནི་ཤི་བའི་རོ་སྲེག་པ་ཡང་སྡིག་པ་ཡོད་པར་འགྱུར་རོ། །གལ་ཏེ་ཡང་འདིར་དེ་ལྟ་ན་ཡང་ཤ་ནི་བཟའ་བར་ བྱ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྐྱེ་བར་བྱེད་པ་ཉིད་ཡིན་ཏེ། ཤ་ཟོས་ན་ནི་སྟོབས་སྐྱེ་བར་འགྱུར་ལ། སྟོབས་ལས་ནི་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ལ། འདོད་ཆགས་ཀུན་རྟོག་ལས་བྱུང་ཕྱིར། །ཤ་ཟོས་དེ་ཡི་རྒྱུ་མ་ཡིན། །དེ་མ་ཟོས་ལའང་དེ་འབྱུང་སྟེ། །རྩྭ་ཟན་བ་ལང་ལ་སོགས་བཞིན། །ཞེས་བརྗོད་པར་བྱ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་རྩ་བར་གྱུར་པ་ལས་འབྱུང་གི་ཤ་ཟོས་པ་ལས་མ་ཡིན་ཏེ། ཇི་ལྟར། ཀུན་རྟོག་ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་གྱིས་ཏེ། །ཁྱེད་ནི་ཀུན་རྟོག་མ་བྱེད་དང་། །དེས་ན་ 98-311a ཁྱོད་ལ་འབྱུང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་སྟེ། ཅི་བ་ལང་དང་། བོང་བུ་ལ་སོགས་པ་རྩྭ་ཟ་བ་དེ་དག་དུས་ཐམས་ཅད་དུ་འདོད་ཆགས་ཀྱི་སེམས་ཀྱིས་གནོད་པར་གྱུར་པ་གང་ཡིན་པ་དེ་དག་ཅི་ཤ་ཟ་བ་ཡིན་ནམ། དེས་ན་མཐའ་གསུམ་དག་པའི་ ཤ་ཟོས་ནས། སྐྱོན་དང་ལྡན་པར་འགྱུར་བ་མ་ཡིན་པ་ཉིད་དེ། ཇི་ལྟར། མཐོང་དང་ཐོས་དང་དོགས་པ་ཡིས། །གང་གི་ཆེད་དུ་བྱས་ཤེས་པའི། །ཤ་དེ་དེ་ཡིས་བཟའ་མི་བྱ། །དེ་ལས་གཞན་གང་ཡིན་དེས་བཟའ། །རོ་ཆགས་ཚོལ་དང་གསོད་པ་དང་། །སྙིང་རྗེ་མེད་པའི་བསམ་སྤངས་ནས། ། ཤ་ནི་ཟོས་པར་གྱུར་ན་ཡང་། །སྐྱོན་བཅས་མ་ཡིན་ཟས་མཆོག་བཞིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །ལམ་གསུམ་པོ་དེ་སྤངས་པའི་རྒྱུ་གཞན་ཡང་སྨྲས་པ། སེམས་མེད་པ་ཡི་བསྟན་པ་ལའང་། །སེམས་ནི་ཡོད་པར་རྟོགས་བྱེད་པའི། །ཉེས་བསྟན་གསུམ་ལ་མཐོང་བས་ན། ། གསུམ་པོ་འདི་ནི་སྤང་བའི་རིགས། །ཞེས་བྱ་བ་སྟེ། ལྗོན་ཤིང་རྣམས་ནི་སེམས་དང་བཅས་པ་ཡིན་ཏེ། དབང་པོ་ཡོད་པའི་ཕྱིར་མི་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་གསུམ་པོ་དེ་ལས་འདོད་པ་ཡིན་ནོ། །དེ་ཡང་འདི་ལྟར་རྒུན་འབྲུ་དང་ཏྲ་པུ་ཤ་ལ་སོགས་པའི་འཁྲི་ཤིང་རྣམས་ནི་གཞན་ལ་ བརྟེན་ཅིང་རྒྱས་པར་འགྱུར་བ་མཐོང་བ་དང་། སྨན་སྦྲུལ་མགོ་དང་ཉི་མའི་རྗེས་སུ་འབྲང་བ་ལ་སོགས་པ་རྣམས་ཉི་མ་ཇི་ལྟར་འགྲོ་བའི་རྗེས་སུ་ཡོངས་སུ་འགྱུར་བས་ན་མིག་གི་དབང་པོ་ཡོད་པ་ཉིད་དུ་རྗེས་སུ་དཔག་པ་ཡིན་ལ། ལྗོན་ཤིང་རྣམས་ཀྱང་སྤྲིན་མཐུག་པོ་ལས་སྒྲ་འབྱུང་བར་གྱུར་པ་ ན་ཆུ་ཤིང་ལ་སོགས་པ་རྣམས་ཀྱི་འབྲས་བུ་འབྱུང་བར་རྩོམ་པས་ན་རྣ་བའི་དབང་པོ་ཡོད་པ་ཉིད་ཡིན་ལ། མ་ཏུ་ལུང་གའི་ཤིང་གི་རྩ་བར་ཁྱི་རོ་རུལ་པ་གཞག་པ་ན་འབྲས་བུ་མང་དུ་འབྱུང་བར་འགྱུར་བས་སྣའི་དབང་པོ་ཡོད་པ་ཉིད་ཡིན་ནོ། །སྐྱུ་རུ་རའི་ཤིང་ལ་འོ་མ་བླུགས་པ་ན་འབྲས་བུ་ མངར་བོར་འབྱུང་བར་འགྱུར་བས་ལྕེའི་དབང་པོ་ཡོད་པ་ཡིན་ནོ། །རེག་ན་འཁུམ་པའི་འོ་མ་ཅན་ལ་གང་གི་ཚེ་རེག་པར་གྱུར་པ་ན་འདི་ལྟར་འཁུམ་པས་ལུས་ཀྱི་དབང་པོ་དང་ལྡན་པ་ཡིན་ནོ། །གང་གི་ཕྱིར་འདོད་པས་མྱོས་ཤིང་སྒེག་པར་གྱུར་པའི་ལང་ཚོ་ལ་བབ་པའི་བུད་མེད་ཀྱི་རྐང་པ་ 98-311b རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་ཤིང་རྐང་གདུབ་དང་ལྡན་པས་ཆེད་དུ་བརྩམས་ཏེ། ཤིང་མྱ་ངན་མེད་མེ་ཏོག་དང་འབྲས་བུ་མི་འབྱུང་བ་ལ་བརྒྱབ་ན་འདོད་པ་དང་ལྡན་པའི་བུད་མེད་རིགས་ལས་ཉམས་པ་དང་། སྤྱོད་པ་ན་བདེ་བ་དང་ངོ་ཚ་བ་དུས་གཅིག་སྐྱེ་བ་ལྟར་མྱ་ངན་མེད་ཀྱི་ཤིང་ཡང་དེ་ རྐང་པ་ས་རེག་པ་ན་བདེ་བ་དང་ངོ་ཚ་བ་དང་ལྡན་པ་བཞིན་དུ་མེ་ཏོག་དང་འབྲས་བུ་རྒྱས་པར་འབྱུང་བ་དང་། དེ་བཞིན་དུ་ལང་ཚོ་ལ་བབ་པའི་བུད་མེད་ཀྱི་ཁ་བུར་ཆང་གིས་བཀང་ནས་མེ་ཏོག་མི་འབྱུང་བའི་བ་ཀུ་ལའི་ཤིང་ལ་གཏོར་ནས་བགད་ན་མེ་ཏོག་རྣམས་གད་མོ་བྱེད་ཅིང་འབྱུང་སྟེ། ཤིང་ རྣམས་ཀྱང་དུས་ཇི་ལྟ་བ་བཞིན་དུ་མེ་ཏོག་དང་འབྲས་བུ་ལ་སོགས་པ་འབྱིན་པར་བྱེད་པས་ཡིད་ཀྱི་དབང་པོ་ཡོད་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་བུ་སེམས་མེད་པའི་ཤིང་ལ་སོགས་པ་ལ་ཡང་སེམས་ཡོད་པར་རྟོག་ཅིང་ངེས་པར་འཛིན་པའི་རིག་བྱེད་གསུམ་པོ་འདི་སྤང་བའི་རིགས་སོ། ། ཇི་ལྟར་ཞེ་ན། དབང་པོ་ཡོད་པའི་ཕྱིར་ཞེས་བྱ་བ་འདི་མ་ངེས་པ་ཉིད་ཡིན་ཏེ། དབང་པོ་མེད་པ་རྣམས་ལ་ཡང་སེམས་མེད་བཞིན་དུ་ཡང་ཡུལ་ལ་ཉེ་བར་དམིགས་པ་ལྟ་བུའི་འཁྲུལ་པ་འབྱུང་སྟེ། ཇི་ལྟར་མིག་མེད་ཀྱང་རྡོ་ཁབ་ལེན་དང་། ལྕགས་ཉེ་བར་གྱུར་པ་ལས་ལྕགས་འབྱར་བར་ འགྱུར་བ་དང་། ཁར་བའི་སྣོད་ལ་རྣ་བ་མེད་བཞིན་དུ་ཡང་སྒྲ་ཆེན་པོ་གཞན་གྲག་པ་ན་དེ་ལས་སྒྲ་བརྙན་འབྱུང་བ་དང་། དུག་ལ་སྣ་དང་། ལྕེ་མེད་ཀྱང་ཁྲག་དྲིའི་རྗེས་སུ་རབ་ཏུ་རྒྱས་པར་འགྱུར་ཞིང་ཚ་དང་ཕྲད་པ་ལས་ལྦུ་བ་འབྱུང་བ་དང་། དྲིལ་བུ་ལ་སོགས་པ་ལ་ལུས་ཀྱི་དབང་པོ་ མེད་ཀྱང་སྒྲའི་རྒྱུན་འབྱུང་བ་དང་། བྱི་བའི་དུག་གིས་དུས་ཚོད་ཤེས་པ་མེད་ཀྱང་ནམ་ཞོ་དབྱུང་བའི་ཚེ་རྒྱས་ཤིང་ལྡང་བ་ལྟར། དེ་བཞིན་དུ་རྒུན་འབྲུ་དང་ཏྲ་པུ་ཤ་ལ་སོགས་པ་རྣམས་ལ་མིག་གི་དབང་པོ་མེད་ཀྱང་རླུང་གི་ཁམས་རྒྱས་པར་གྱུར་པ་ལས་འཁྲི་ཤིང་སྟེང་དུ་འབྱུང་བར་འགྱུར་ བ་མེ་འབར་བ་བཞིན་ནོ། །སྨན་སྦྲུལ་མགོ་དང་སུ་གར་ཙ་ལ་སོགས་པ་ཡང་ཆུའི་ཁམས་ཀྱིས་རྒྱས་པར་གྱུར་པ་ལ་ཉི་མའི་འོད་ཟེར་གྱིས་ཕོག་པར་གྱུར་པ་ན་ནང་གི་ཆུ་སྐམས་པ་ན་ལུས་དང་འདབ་མ་རྒྱས་པ་དེ་ཉི་མ་ལ་མངོན་དུ་ཕྱོགས་པར་འགྱུར་བ་མ་ཡིན་ཏེ། པགས་པ་རློན་པ་ 98-312a སྐམས་པ་བཞིན་ནོ། །ཆུ་ཤིང་དང་མ་དུ་ལུང་ག་ལ་སོགས་པའི་འབྲས་བུ་འབྱུང་བ་དང་། མྱ་ངན་མེད་པ་ལ་སོགས་པའི་མེ་ཏོག་ནི་རྐྱེན་དུ་མ་ཉིད་ལས་གྲུབ་པའི་འབྲས་བུ་ཡིན་པས་མཁྱུད་སྤྱད་ཀྱིས་སྦྱོར་བ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་རིམས་ཉིན་གསུམ་པས་ བཏབ་པ་ལ་ཐུན་མཚམས་རྣམས་སུ་བག་ཆག་པའི་དུམ་བུ་རེ་བྱིན་པ་ཉིན་གསུམ་དུ་བྱས་ན་ཞི་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་རེག་པས་འཁུམ་པའི་ལོ་མ་ཅན་དང་། ཉི་མར་གྱུར་པའི་རྗེས་སུ་འབྲང་བ་ལ་སོགས་པའི་གཏན་ཚིགས་ཀྱང་མེ་ལ་སོགས་པར་རེག་པར་པགས་པ་དང་། སྤུ་དང་། མགོས་བཤུད་པའི་བལ་གོས་དང་། རྩྭའི་པིར་ལ་བ་ལང་གི་ལྕི་བ་སྐམ་པོའི་ཕྱེ་མ་བཏབ་པས་ཚོན་རྩིས་བསྐུ་བར་བདེ་བ་དང་། འཁྲུལ་འཁོར་དང་། རྒྱུ་སྐར་དང་། འཁོར་ལོ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་ཡིན་ལ། དུས་གཅིག་ཏུ་འབྱུང་བའི་ཆུ་བུར་གྱི་ཕྲེང་བ་ལ་སོགས་ པས་ཀྱང་མ་ངེས་པ་ཉིད་ཡིན་ཏེ། མེ་ཏོག་འཕྲོག་གི་ལྷ་བསྐྱོད་པར་གྱུར་པ་ལྟ་བུའོ། །སྐྱུ་རུ་རའི་ཤིང་གི་རོ་མྱང་བ་མེད་ཀྱང་། རྟེན་ལ་འོ་མས་རྒྱས་པར་གྱུར་ན་འབྲས་བུ་མངར་པོར་འབྱུང་བ་ཡིན་ནོ། །སྣའི་དབང་པོ་མེད་ཀྱང་དྲི་ཞིམ་པོ་འབྱུང་བ་ཡིན་ཏེ། ཚ་དང་ལེ་ལི་ཏ་སྦྱར་བ་ལས་འབྱུང་ བ་བཞིན་ནོ། །དེ་བཞིན་ཡིད་ཀྱི་ཤེས་པ་མེད་ཀྱང་དུས་སུ་སྐྱེ་བ་ཉིད་ནི་སེམས་ཅན་རྣམས་ཀྱི་ལས་དགེ་བ་དང་མི་དགེ་བ་བདག་པོར་གྱུར་པས་ཡིན་ནོ། །གཞན་ཡང་། ལྗོན་ཤིང་སེམས་དང་བཅས་པ་མིན། །སྐྱེ་གནས་བཞི་ནི་མ་བསྡུས་ཕྱིར། །དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར། ། ཕག་དུམ་བཞིན་དུ་བེམས་པོ་ཡིན། །ལྗོན་ཤིང་ནི་ཆོས་ཅན་ནོ། །དེ་ལ་སེམས་ཡོད་པ་མ་ཡིན་ཞེས་བྱ་བ་ནི་དེའི་ཆོས་སོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །སྐྱེ་གནས་བཞིས་མ་བསྡུས་པའི་ཕྱིར་ཞེས་བྱ་བ་དང་། དཀྱིལ་དུ་བཅད་ཀྱང་མི་བཟོད་པ་མེད་པའི་ཕྱིར་ ཞེས་བྱ་བ་གཉིས་ནི་གཏན་ཚིགས་ཏེ་སྲོག་ཆགས་རྣམས་ནི་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་ཞེས་བྱ་བའི་སྐྱེ་གནས་བཞི་ལས་སྐྱེ་ཞིང་འབྱུང་བར་མཐོང་ན་ལྗོན་ཤིང་ནི་སྐྱེ་གནས་འདི་དག་ལས་སྐྱེ་བ་མ་ཡིན་ནོ། །ཡང་གལ་ཏེ་ 98-312b བརྟོལ་ནས་སྟེང་དུ་སྐྱེ་ཞེས་བྱ་བ་སྐྱེ་གནས་ལྔ་པ་ཡིན་ནོ་ཞེ་ན། ལྗོན་ཤིང་ལ་སོགས་པ་སེམས་དང་བཅས་པ་ཡིན་ནོ་ཞེས་ཟེར་བ་བརྟགས་པ་ཉིད་ཡིན་པ་བཞིན་དུ་འདི་ཡང་བརྟགས་པ་ཉིད་ཡིན་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་མ་གྲུབ་བོ། །བརྟོལ་ནས་སྟེང་དུ་འབྱུང་བའི་སྐྱེ་གནས་ཅན་ཡིན་དུ་ ཟིན་ཀྱང་། ལྗོན་ཤིང་ལ་སོགས་པ་དག་སེམས་དང་བཅས་པ་ཉིད་ནི་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་ཉིད་ནི་གང་སྲོག་དང་བཅས་པ་དེ་ནི་ཚོར་བ་ཡོད་པའི་ཕྱིར་ཤིན་ཏུ་གཡོ་ཞིང་མི་བཟོད་པ་ཡིན་ན་ལྗོན་ཤིང་དེ་དག་ནི་དཀྱིལ་དུ་བཅད་ཀྱང་གཡོ་བ་མེད་དེ། ཚོར་བ་མེད་པའི་ཕྱིར་རོ། །གང་དང་ གང་དུ་སྐྱེ་གནས་བཞིས་མ་བསྡུས་ཤིང་། གང་དང་གང་དཀྱིལ་དུ་བཅད་པ་ན་གཡོ་འགུལ་ཡོད་པ་དེ་ནི་སེམས་དང་བཅས་པ་ཡིན་ཏེ། བེམས་པོ་ཉིད་དུ་མཚུངས་པར་རྗེས་སུ་དཔག་པ་ཡིན་པས་དཔེར་ན་ཕག་དུམ་བཞིན་ཞེས་བྱའོ། །དཀྱིལ་ཞེས་སྨོས་པ་ནི་རྟེའུ་སྦྲུལ་དང་ལུང་གི་ མཇུག་མ་དང་། ལྷ་དང་ལྷ་མ་ཡིན་གྱི་ལུས་བཅད་པ་སྤང་བའི་ཕྱིར་རོ། །ཡང་ཚུལ་གཞན་གྱིས་གཞན་གྱི་བསམ་པ་ཉེ་བར་དགོད་པ་ནི། གལ་ཏེ་སྲོག་ཆགས་རྐང་བརྒྱ་ལྟར། །རེག་ན་འཁུམ་པར་འགྱུར་བས་ན། །ས་མ་ག་དང་ཐལ་སྦྱར་ནི། །སེམས་དང་བཅས་པར་འདོད་ཅེ་ན། །ཞེས་ བྱ་བ་ནི། སྨན་ས་མ་ག་དང་ཐལ་སྦྱར་ནི་སེམས་དང་བཅས་པ་ཡིན་ཏེ། རེག་ན་འཁུམ་པར་འགྱུར་བ་ཡིན་པའི་ཕྱིར། སྲོག་ཆགས་རྐང་བརྒྱ་བཞིན་ནོ། །རྐང་བརྒྱ་ཞེས་བྱ་བའི་སྲོག་ཆགས་ཡོད་དེ། དེ་ལ་རེག་མ་ཐག་ཏུ་འཁྱིལ་བར་འགྱུར་བ་ལྟར། དེ་བཞིན་དུ་སྨན་ས་མ་ག་དང་ ཐལ་སྦྱར་ལ་ཡང་ཉི་མའི་འོད་ཀྱིས་ཕོག་ན་རྒྱས་ལ་རེག་ན་འཁུམ་པར་འགྱུར་བ་ཡིན་པས་དེའི་ཕྱིར། སེམས་དང་བཅས་པ་ཡིན་ནོ་ཞེ་ན། མེ་ཡིས་རེག་པའི་སྐྲ་སོགས་དང་། །སྐྲ་ལ་མཚལ་ཕྱེས་བླུགས་པ་ཡི། །ཁྱད་པར་དེ་དག་ཉིད་ཀྱིས་ཀྱང་། །འདི་ནི་མ་ངེས་པ་ཉིད་ཡིན། ། སྐྲ་ནི་སེམས་དང་བཅས་པའི་ལུས་ལས་སྐྱེས་པ་ཡིན་ན་ཡང་དེ་ལྟ་ན་ཡང་སེམས་དང་བཅས་པ་མ་ཡིན་ཏེ། དེས་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཕྱིར་རོ། །དེ་ལས་མེས་རེག་པར་གྱུར་པ་ན་ཡང་འཁུམ་པར་འགྱུར་ལ། མཚལ་གྱི་ཕྱེ་མས་ཁྱབ་པར་བྱས་པ་ན་ཡང་ 98-313a འཁུམ་པར་འགྱུར་དུ་ཟིན་ཀྱང་། འཁུམ་པ་ཙམ་གྱིས་སྐྲ་རྣམས་སེམས་དང་བཅས་པ་ཉིད་ཡིན་པར་ནི་ངེས་པར་བྱ་བར་མི་ནུས་པ་ལྟར། དེ་བཞིན་དུ་སྨན་ཐལ་སྦྱར་ལ་སོགས་པ་རྣམས་ཀྱང་རླུང་གི་ཁམས་ལྷག་པར་ཡོད་པ་ལས་འཁུམ་པ་དང་རྒྱས་ པར་འགྱུར་ཏེ། ཉི་མའི་འོད་ཟེར་གྱིས་རེག་པས་པདྨ་ལ་སོགས་པའི་མེ་ཏོག་རྒྱས་པར་འབྱུང་བ་བཞིན་ནོ་ཞེས་དཔྱད་པར་བྱ་བ་ཡིན་ཏེ། ཅི་འཁུམ་པར་འགྱུར་བའི་ཕྱིར། སྲོག་ཆགས་རྐང་བརྒྱ་ལ་སོགས་པ་བཞིན་དུ་ལྗོན་ཤིང་རྣམས་སེམས་དང་བཅས་པ་ཉིད་གཅིག་ཡིན་ནམ། འོན་ཏེ་མེས་རེག་པ་ན་སྐྲ་འཁུམ་པ་བཞིན་དུ་ཤིང་རྣམས་སེམས་མེད་པ་ཉིད་གཅིག་ཡིན་ཞེས་བྱ་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་ལྗོན་ཤིང་རྣམས་ནི་སེམས་དང་བཅས་པ་ཉིད་ཡིན་ཏེ། ཚེའི་དབྱེ་བ་དང་ནད་གསོ་བ་ལ་སོགས་པའི་བྱ་བའི་མན་ངག་ཉེ་བར་བསྟན་ པའི་ཕྱིར་རོ། །སེམས་མེད་པ་རྡོ་ལ་སོགས་པ་རྣམས་ལ་ནི་གསོ་བའི་ཐབས་གང་དུ་ཡང་མ་མཐོང་ལ། ལྗོན་ཤིང་རྣམས་ལ་ནི་གཙང་གཅད་པ་ལ་སོགས་པ་བསྟན་པ་ཡོད་པས་དེའི་ཕྱིར། སེམས་དང་བཅས་པ་ཡིན་ཏེ། མེ་བཞིན་ནོ་ཞེ་ན། འདི་སྐད་བརྗོད་པར་བྱ་སྟེ། ནད་གསོ་བ་ཞེས་བྱ་ བ་ནི་སེམས་དང་བཅས་པའི་ལུས་ཀྱི་ཆོས་ཡིན་པའི་ཕྱིར། སེམས་མེད་པ་རྣམས་ལ་དེ་མ་གྲུབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ཏེ། འབྱུང་བའི་འགྱུར་བ་ལྡོག་པ་ཉིད་ཙམ་འདིར་མངོན་སུམ་དུ་གྱུར་པ་ལ། དེ་དག་ཀྱང་སེམས་དང་བཅས་པ་ལྟ་བུར་མཐོང་བའི་ཆང་དང་། གླ་རྩི་དང་། མཚོན་ཆ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་ཡིན་ནོ། །དེ་བཞིན་དུ། གསོ་བ་ཡོད་པས་ཤིང་རྣམས་ནི་སེམས་དང་བཅས་པར་མི་འགྲུབ་སྟེ། ཆང་ལ་སོགས་པ་ཉམས་པ་དག །ལྡོག་པ་ཡོད་པས་ཐེ་ཚོམ་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཆང་དག་ནུས་པ་ཉམས་པར་ གྱུར་པ་ལས་ཡང་འདུས་བྱས་པའི་ཁྱད་པར་གྱིས་ནུས་པ་དང་ལྡན་པར་འགྱུར་བའམ། གསེར་ལ་སོགས་པ་རྣམས་ཀྱང་དྲི་མ་དང་ལྷན་ཅིག་འབྱུང་བས་དྲི་མ་ཅན་དུ་གྱུར་པ་ལ་ཡང་། འདུས་བྱས་པ་ལས་ཡང་དག་པར་གྱུར་ཅིང་ལྕི་བ་ཉིད་ལ་སོགས་པར་འགྱུར་བས་གསོ་བ་ཡོད་པའི་ཕྱིར་ 98-313b ཞེས་བྱ་བ་འདིས་ཐེ་ཚོམ་དུ་འགྱུར་བ་ཡིན་ཏེ། ཅི་གསོ་བ་ཡོད་པའི་ཕྱིར། མི་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཡིན་ནམ། འོན་ཏེ་གསོ་བ་ཡོད་པའི་ཕྱིར་ཉམས་པར་གྱུར་པའི་ཆང་ལྡོག་པར་འགྱུར་བ་བཞིན་དུ་སེམས་མེད་པ་ཉིད་ཡིན་ཞེས་བྱ་བས་འདི་ལྟར་སེམས་དང་བཅས་པ་ཉིད་དུ་མ་གྲུབ་ པ་ཉིད་ཡིན་ནོ། །ཡང་ཕྱོགས་སྔ་མ་བས་ཉེ་བར་བཟློག་པའི་ཕྱིར་གཞན་སྨྲས་པ། མཐུན་པ་ལས་སྐྱེ་འཕེལ་འགྱུར་དང་། །སྡང་སེམས་དུས་ལྡན་སྐྱེ་བའི་ཕྱིར། །དེ་བཞིན་གཉིད་ལོག་སྨྱོ་བའི་ཕྱིར། །སེམས་ཡོད་རྟ་སོགས་བཞིན་དུ་འདོད། །ཇི་ལྟར་རྟ་ལས་རྟ་སྐྱེའི་བ་ལང་ནི་མ་ཡིན་ནོ། ། དེ་བཞིན་དུ་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་འབྱུང་གི །འབྲས་ཁར་བའི་མྱུ་གུ་ནི་མ་ཡིན་ཏེ། འདི་ལྟ་བུ་ནི་མཐུན་པ་ལས་སྐྱེ་བའོ། །ཇི་ལྟར་རྟེའུ་དང་། གཞོན་ནུ་དང་། རྒན་པོའི་གནས་སྐབས་ཀྱི་དབྱེ་བས་རྟ་དག་འཕེལ་བར་འགྱུར་བ་བཞིན་དུ་ལྗོན་ཤིང་ཡང་མྱུ་གུ་དང་། སྡོང་བུ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རིམ་གྱིས་འཕེལ་བར་འགྱུར་ཏེ། འདི་ལྟ་བུ་ནི་འཕེལ་བའོ། །གནོད་པར་བྱ་བའི་བསམ་པ་གང་ལ་ཡོད་པ་ནི་སྡང་སེམས་ཉིད་དེ། དུག་གི་ཤིང་ལ་སོགས་པ་རྣམས་ཀྱིས་སྲོག་འཇོམས་པར་བྱེད་པའི་ཕྱིར་འདི་ལ་སྡང་བའི་ སེམས་ཡོད་དོ་ཞེས་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་བ་ལང་དང་རྟ་ལ་སོགས་པ་ནི་དཔྱིད་ཀྱི་དུས་ལ་སོགས་པ་དག་ལས་སྐྱེ་བར་འགྱུར་ལ། ཁྱི་ནི་སྟོན་གྱི་དུས་སུ་སྐྱེ་བ་ལྟར་དེ་བཞིན་དུ་ལྗོན་ཤིང་ཡང་དཔྱིད་དང་དབྱར་གྱི་དུས་དང་ལྡན་པ་ལས་སྐྱེ་བའོ། །ལྗོན་ཤིང་གི་ཚེའི་དབྱེ་བ་ལས་འདི་ ལྟར། གཉིད་ལོག་པའམ། མྱོས་པའི་དུས་སུ་བསྐྱེད་དོ་ཞེས་འབྱུང་སྟེ། དགུན་གྱི་དུས་སུ་ནི་གཉིད་ལོག་གོ། །དབྱར་གྱི་དུས་སུ་ནི་སྨྱོ་བ་ཡིན་ཏེ། ཇི་ལྟར་རྐྱང་ལ་སོགས་པ་གཉིད་ལོག་པ་བཞིན་ནོ་ཞེ་ན། འདིའི་ལན་ནི། ལྷོག་པ་བྱུ་རུ་བཻཌཱུརྱ། །རིན་ཆེན་གསེར་གྱི་མྱུག་སོགས་ཀྱིས། ། ཤིང་རྣམས་སེམས་དང་བཅས་པར་ནི། །འདི་ལྟར་མ་ངེས་པ་ཉིད་ཡིན། །འདི་ལྟར་མཐུན་པ་ལས་བྱུང་བ་ཞེས་བྱ་བའི་དཔེར་ན་སྐྲ་ཉེ་བར་དགོད་དེ། སྐྲ་བྲེགས་པ་ན་སྐྲ་ཉིད་ལས་ཡང་སྐྱེ་བར་འགྱུར་ཡང་དེ་སེམས་དང་བཅས་པ་ནི་མ་ཡིན་པ་བཞིན་ནོ། །འཕེལ་བར་འགྱུར་བ་ཡང་འདི་ལྟར་སྐྲ་དང་ 98-314a སེན་མོ་དང་། སེན་འདབ་པའི་ཚད་དང་། ཀུ་སྨན་དའི་འབྲས་བུ་དང་བཅས་པ་དང་། བཻཌཱུརྱ་དང་། གསེར་གྱི་མྱུ་གུ་དང་། གྲོག་མཁར་གྱི་ས་དང་། ལྷོག་པ་དང་། བྱུ་རུ་ལ་སོགས་པ་འདི་དག་ཐམས་ཅད་ནི་དཔེ་སྟེ། འདི་དག་ཐམས་ཅད་ཀྱང་འཕེལ་བར་ འགྱུར་བ་ཡིན་ན་ཡང་སེམས་དང་བཅས་པ་ནི་མ་ཡིན་པ་བཞིན་ནོ། །གལ་ཏེ་ལྷོག་པ་ཡང་སེམས་དང་བཅས་པ་ཡིན་ཏེ། སེམས་དང་བཅས་པའི་ལུས་ལས་བྱུང་བའི་ཕྱིར་རོ། །དེ་ལ་ཐ་དད་པའི་སེམས་ནི་ཡོད་པ་མ་ཡིན་ནོ། །རིན་པོ་ཆེ་དང་གསེར་གྱི་མྱུ་གུ་ལ་སོགས་པ་རྣམས་ཆུ་འཛིན་གྱི་སྒྲ་ སྒྲོགས་པའི་དུས་སུ་སྐྱེ་བར་འགྱུར་བ་ནི་དུས་སུ་སྐྱེ་བའི་དཔེ་ཉིད་ཡིན་ནོ། །ལྗོན་ཤིང་རྣམས་དགུན་གྱི་དུས་སུ་གཉིད་ལོག་པ་ནི་མ་ཡིན་ཏེ། འོན་ཀྱང་མེའི་ཁམས་ཉམས་ཤིང་ཡོངས་སུ་སྨིན་པར་གྱུར་པ་ལས་ལོ་མ་དང་འབྲས་བུ་བསགས་པ་ལྷགས་པར་གྱུར་པ་ཡིན་ལ། དེའི་ཚེ་དེའི་ནང་གི་ཁུ་བ་ རྣམས་རིམ་གྱིས་སྐམས་ཤིང་མེད་པར་གྱུར་པ་ཡིན་ནོ། །རང་གི་གནས་དང་ས་གཞན་དག་ཀྱང་ཉི་མའི་འོད་ཟེར་གྱིས་སྐམས་ཤིང་གདུངས་པ་ལས་རིམ་གྱིས་འཕེལ་ཞིང་རྒྱས་པར་འགྱུར་རོ། །དབྱར་གྱི་དུས་སུ་ནི་ཆུ་ཤིན་ཏུ་མང་བར་གྱུར་པས་སྐམ་པར་མི་འགྱུར་ཞིང་རང་དང་གཞན་གྱིས་ འཕེལ་བ་ཉིད་ཀྱིས་སྨྱོས་པ་ཡིན་ནོ། །གང་ཡང་འབྲས་ཁར་མའི་ས་བོན་དང་། བུར་ཤིང་གི་མྱུ་གུ་ལ་སོགས་པ་ཡང་སོས་ཀའི་དུས་ཆུ་དང་བཅས་པ་ལ་བསྐྲུན་ན་འཕེལ་བར་འགྱུར་བ་ཡིན་ཡང་དེ་དག་གཉིད་ལོག་པའམ། སྨྱོ་བར་གྱུར་པ་ཡིན་ནོ། །གཞན་ཡང་འཁུམས་ཤིང་མི་བསྐྱེད་ པ་གཉིད་ལོག་པར་འདོད་པ་དེ་ཡང་ནས་ལ་སོགས་པའི་ལོ་ཏོག་སྨིན་པ་དང་། སྨན་ཡིད་བདེ་དང་། བ་སནྟི་དང་། འབྲི་ཏ་ཀ་ར་ལ་སོགས་པ་ནི་དཔྱིད་ཀྱི་དུས་སུ་མེ་ཏོག་རྒྱས་པར་འགྱུར་ལ། བིལ་བའི་འབྲས་བུ་འཕེལ་བ་དང་། སྐྱུར་རྩི་ཆེན་པོ་དང་། ས་བོན་གྱི་སྣོད་ལ་སོགས་པའི་འབྲས་ བུ་རྣམས་དགུན་གྱི་དུས་སུ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་ནགས་དང་འགལ་བ་ཞེས་བྱ་བའི་ཤིང་གི་མྱུ་གུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་དུས་དེར་སྨིན་པར་འགྱུར་བས་ཅི་ཁ་ཅིག་ནི་གཉིད་ལོག་པ་ཁ་ཅིག་ནི་གཉིད་མ་ལོག་པ་ཡིན་ནམ་ཞེས་ 98-314b བྱ་བ་དང་། ཡང་དེ་ལ་མཐུན་པ་ལས་སྐྱེ་བ་ཡིན་པས་ཅི་སྐྲ་ལ་སོགས་པ་བཞིན་དུ་སེམས་མེད་པ་ཉིད་གཅིག་ཡིན་ནམ། འོན་ཏེ་རྟ་ལ་སོགས་པ་བཞིན་དུ་སེམས་དང་ལྡན་པར་འགྱུར་ཞེས་བྱ་བ་དང་། དེ་བཞིན་དུ་འཕེལ་བར་འགྱུར་བ་ཡིན་པས་ལྷོག་པ་དང་། བྱུ་རུ་ལ་སོགས་པ་བཞིན་དུ་ སེམས་དང་མི་ལྡན་པ་ཞིག་ཡིན་ནམ། འོན་ཏེ་འཕེལ་བར་འགྱུར་བས་བ་ལང་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཉིད་གཅིག་ཡིན་ཞེས་བྱ་བ་དེ་ལྟར་མ་ངེས་པ་ཉིད་ཡིན་པའི་ཕྱིར། སེམས་དང་བཅས་པ་ཉིད་དུ་མ་གྲུབ་བོ། །གཞན་ཡང་། འདི་དག་ལ་ནི་སེམས་མེད་ཕྱིར། །སྡང་ སེམས་ཞེས་བྱའང་མ་གྲུབ་ཉིད། །གཏན་ཚིགས་དོན་ཡང་མ་གྲུབ་སྟེ། །ལྷོག་པ་སོགས་ཀྱིས་མ་ངེས་ཉིད། །སེམས་དང་ལྡན་ནི་གཉིད་ལོག་པ་དང་། སྡང་བའི་སེམས་ཀྱང་འབྱུང་བར་རིགས་ཀྱི་སེམས་མེད་པ་ལ་ནི་མ་ཡིན་པས་དེས་ན་སྡང་བའི་སེམས་དང་གཉིད་ལོག་པ་ཞེས་བྱ་བའི་གཏན་ ཚིགས་གཉིས་ནི་གཞན་ཁོ་བོ་ཅག་ལ་ཡེ་མ་གྲུབ་པ་ཡིན་ནོ། །ལོ་མ་འཁུམ་པ་དང་། མེ་ཏོག་དང་འབྲས་བུ་འབྱུང་བ་ཞེས་བྱ་བ་དེ་ཡང་སེམས་མེད་པའི་འབྱུང་བ་གཞན་དག་ལ་ཡང་མཐོང་བ་ཡིན་ཏེ། དཔེར་ན་ཁ་བ་དང་། ཟླ་བ་དང་། ཉི་མ་དང་། རིན་པོ་ཆེ་དང་། རྡོ་ཁབ་ལེན་དང་། ཉེ་བར་གྲུབ་པ་ལས་ རྩྭ་དང་། ལོ་མ་དང་། ཆུ་ཤེལ་དང་། མེ་ཤེལ་དང་། ཆུ་ལས་འཁུམ་པ་དང་། རྒྱས་པ་དང་། ཆུ་དང་། མེ་འབྱུང་བ་དང་། ལྕགས་གཡོ་བར་འགྱུར་བ་ལ་སོགས་པ་འབྱུང་ངོ་། །མཐུན་པ་ལས་སྐྱེས་པ་ལ་སོགས་པའི་གཏན་ཚིགས་གཞན་གསུམ་ནི་མཛེ་ནད་ལ་སོགས་པ་དག་གིས་མ་ངེས་པ་ ཉིད་ཡིན་ཏེ། ཇི་ལྟར་ལུས་ཀྱི་ཕྱོགས་གཅིག་ཏུ་བྱུང་བའི་མཛེ་ནད་ཉིད་ལུས་ཀྱི་ཕྱོགས་ཐམས་ཅད་དུ་རིམ་གྱིས་སྐྱེ་བར་འགྱུར་བ་དང་། ཟ་འཕྲུག་ལ་ཟ་འཕྲུག་ཉིད་འབྱུང་བ་མཐུན་པ་ལས་སྐྱེ་བ་དེ་དག་ཉིད་ཀྱིས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། ཅི་མཐུན་པ་ལས་སྐྱེ་བ་ཡིན་པའི་ཕྱིར། རྟ་ལ་སོགས་པ་བཞིན་དུ་ཤིང་རྣམས་སེམས་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་མཛེ་ནད་ལ་སོགས་པ་བཞིན་དུ་སེམས་མེད་པ་ཉིད་གཅིག་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་ལྷོག་རྒལ་ལ་སོགས་པ་དང་པོ་ནི་ཆུང་ངུན་དུ་སྐྲང་ལ། ཕྱིས་དེ་བས་ཆེར་འགྱུར་ཞིང་ཉི་མ་གཞན་དག་ལ་དེ་བས་ཀྱང་ཤིན་ཏུ་ཆེ་ 98-315a བར་འགྱུར་བས་དེ་བས་ན་འཕེལ་བར་འགྱུར་བ་ཞེས་བྱ་བའི་གཏན་ཚིགས་འདི་ནི་མ་ངེས་པ་ཉིད་ཡིན་ཏེ། འཕེལ་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་ཅི་བ་ལང་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་ལྷོག་པ་ལ་སོགས་པ་བཞིན་དུ་སེམས་མེད་པ་ཞིག་ ཡིན་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་སྟོན་ཞེས་བྱ་བ་དང་། དབྱར་དང་། དཔྱིད་ཀྱི་དུས་རྣམས་ལ་མཁྲིས་པ་དང་། རླུང་དང་། བད་ཀན་རྣམས་སྐྱེ་བར་འགྱུར་ཞེས་བྱ་བས་ཅི་ནུས་སུ་སྐྱེ་བ་ཡིན་པའི་ཕྱིར་མཁྲིས་པ་དང་། རླུང་དང་། བད་ཀན་བཞིན་དུ་སེམས་མེད་པ་ཞིག་ཡིན་ནམ། འོན་ཏེ་རྟ་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཞིག་ཡིན་ཞེས་བྱ་བས་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་སངས་རྒྱས་པ་ཤིང་རྣམས་ལ་སེམས་མེད་པར་འདོད་ན་འདི་རྣམས་གང་ལས་ནི་འབྱུང་བར་འགྱུར། ཅི་ལྟར་ན་ཁ་ཅིག་ནི་གནོད་པར་བྱེད་པ་ཡིན་ཞིང་། ཁ་ཅིག་ནི་ཕན་པ་བཞིན་དུ་སེམས་དང་བཅས་པ་ཞིག་ཡིན། ཇི་ལྟར་ན་དུས་སུ་སྐྱེ་བར་འགྱུར་བ་ཉིད་ཡིན་ཞེ་ན། དེ་ལ། སེམས་ཅན་རྣམས་ཀྱི་ལས་དབང་གིས། །རྩ་བས་འབྱུང་བ་དུས་སུ་སྐྱེ། །དམྱལ་བ་དང་ནི་མཐོ་རིས་ཀྱིས། །མཚོན་དང་དཔག་བསམ་ཤིང་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། སྣོད་ཀྱི་འཇིག་རྟེན་མ་ལུས་པ་ནི་སེམས་ཅན་གྱི་ལས་བདག་པོར་གྱུར་པ་ཉིད་ལས་ཀུན་དུ་འབྱུང་བ་ཡིན་ནོ། །ཁྱད་པར་དུ་དམྱལ་བ་རྣམས་ཀྱིས་ལས་ངན་པ་བྱས་པ་བདག་པོར་གྱུར་པ་ལས། རལ་གྲི་ལོ་མའི་ནགས་ཚལ་དང་། ཤལ་མ་རིའི་སྡོང་པོ་ལ་སོགས་པས་གཅོད་པ་དང་། འབིགས་པ་དང་། གཤེགས་པར་བྱེད་པ་ལ་སོགས་པ་འབྱུང་བ་ཡིན་ནོ། ། མཐོ་རིས་ཀྱི་འཇིག་རྟེན་གྱི་ལས་བཟང་པོ་བྱས་པའི་རྒྱུ་ལས་ནི་དཔག་བསམ་གྱི་ཤིང་ལས་གོས་དང་། ཟས་དང་། ཉེ་བར་སྤྱད་པ་དང་། བདེ་བའི་འབྱོར་པ་སྦྱིན་པར་བྱེད་པ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་མིའི་འཇིག་རྟེན་ལ་ཡང་ཚེར་མ་དང་དུག་གི་ཤིང་ལ་སོགས་པ་འཚོ་བ་ལ་གནོད་པར་བྱེད་པ་ དག་ཀྱང་སྡིག་པའི་ལས་བདག་པོར་གྱུར་པ་ལས་བྱུང་བ་ཡིན་ལ། ཙམ་པ་ཀ་དང་། ཨ་ཤོ་ཀ་དང་། པདྨ་དང་། ཨུཏྤལ་དང་། ཨ་མྲ་དང་། པ་ན་ས་དང་། ན་ལི་ཀེ་ར་ལ་སོགས་པ་རྣམས་སེམས་མེད་ཀྱང་དགེ་བའི་ལས་ཀྱི་རྒྱུ་ལས་ཕན་པ་དང་། བདེ་བ་སྦྱིན་པར་བྱེད་པ་ཡིན་ཏེ། 98-315b གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུརྱ་ལ་སོགས་པའི་རིན་པོ་ཆེ་བཞིན་ནོ། །འདི་དག་གི་དུས་སུ་སྐྱེ་བ་ཉིད་ཀྱང་ལས་ཉིད་ཀྱིས་བསྐྱེད་པ་ཡིན་ཏེ། དུས་ཇི་ལྟ་བ་བཞིན་དུ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེས་ན་འདི་དག་ལ་སེམས་མེད་པས་ཉེ་བར་སྤྱད་པར་བྱ་བ་ཡིན་པ་ལ་ སྐྱོན་མེད་དོ། །ཡང་སེམས་དང་བཅས་པ་ཉིད་གཅིག་ཡིན་ན་ནི་འབྲས་ཆན་དང་། ཕྱེ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་མ་ལ་སོགས་པ་ཟོས་ན་ཡང་སེམས་ཅན་གྱི་ཤ་ཟོས་པར་འགྱུར་བ་ཡིན་ལ། ཏིལ་གྱི་ཏིལ་མར་དང་། བུར་ཤིང་གི་ཁུ་བ་ལ་སོགས་པ་འཐུངས་ན་ཡང་ སྲོག་ཆགས་ཀྱི་ལུས་ལས་བྱུང་བའི་ཁྲག་འཐུངས་པ་ཡིན་པས་དེས་ན་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་སྡིག་པ་ཆེན་པོ་བྱས་པར་འགྱུར་རོ། །གཞན་ཡང་། འཚེ་བ་མེད་པ་ཆོས་ཀྱི་མཆོག །ཅེས་བསྟན་པ་འབྱུང་བས། དེས་ན་ཁ་ཟས་ཀྱི་བྱ་བ་ལ་རྟག་ཏུ་སྤྱོད་པ་ན་འཚེ་བ་ལ་འཇུག་ པ་ཉིད་དུ་འགྱུར་བའི་ཕྱིར་ཆོས་ཀྱང་ག་ལ་ཡོད་དེ། འཁོར་བ་ལས་ཇི་ལྟར་གྲོལ་བར་འགྱུར་ཏེ། ཐར་པ་འདོད་པ་རྣམས་ཟས་མ་ཟོས་ན་ནི་འཆི་བར་འགྱུར་ལ། ཟོས་ན་ནི་སྲོག་ཆགས་ལ་གནོད་པར་འགྱུར་བས་ཆོས་ཉམས་པར་འགྱུར་རོ། །དེས་ན་ལྗོན་ཤིང་ལ་སེམས་ཡོད་པར་ རྟོག་པ་འདིས་ནི་བདག་ཉིད་ལ་གནོད་པ་བྱེད་པ་ཡིན་ནོ། །དེ་ཡང་སྔོན་གྱི་སློབ་དཔོན་དག་གིས་འདི་སྐད་དུ། ཚེ་དང་དྲོད་དང་རྣམ་ཤེས་དང་། །གཡོ་བ་ཞེས་བྱ་སོ་སོའི་ཞིང་། །ཆོས་འདི་གང་ལ་དམིགས་གྱུར་པ། །དེ་ལ་འཚོ་བ་ཞེས་བྱའོ། །དྲོད་མེད་གཡོ་བ་མེད་ཉིད་དང་། ། ཐོས་ལ་སོགས་པར་མི་འགྱུར་དང་། །སྒྲ་ལ་སོགས་པ་རྟོགས་མེད་ནི། །སེམས་ཅན་མ་ཡིན་བསྟན་པ་ཉིད། །དགེ་བ་དང་ནི་མི་དགེའི་ལས། །སེམས་ཡོད་རྣམས་ལ་འབྱུང་འགྱུར་གྱི། །བསྟན་པ་རྣམས་ལ་དེ་མེད་པས། །དེས་ན་ཤིང་རྣམས་སེམས་མེད་ཡིན། །འདོད་དང་ཞེ་སྡང་ དང་བྲལ་ཞིང་། །ལུས་ལ་ངལ་བ་མེད་པ་དང་། །རིགས་དང་མི་རིགས་ལས་གྲོལ་བས། །དེས་ན་ཤིང་ལ་སེམས་པ་མེད། །སྲོག་ནི་འབྱུང་འཇུག་བྱེ་བཙུམས་སོགས། །ལུས་ཀྱི་ཕྱི་རོལ་བྱ་བ་རྣམས། །བསྟན་པ་རྣམས་ལ་མ་མཐོང་བས། །དེ་ནས་ཤིང་ལ་སེམས་པ་མེད། ། 98-316a ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་བདུན་པ་སྟེ་ཐ་མའོ། །ཡང་དཔྱོད་པ་པའི་རྒོལ་བ་གཞན་བསྟན་པའི་ཕྱིར་སྨྲས་པ། ལམ་གསུམ་ཇི་བཞིན་དོན་ལྡན་ཡིན། །ཚངས་པས་ བསྟན་ཕྱིར་སྨན་དཔྱད་བཞིན། །འདས་དང་མ་འོངས་མཁྱེན་པ་པོ། །དེས་བསྟན་པ་བསྒྲུབ་བྱ་ཡིན་ཞེ་ན། ལམ་གསུམ་ནི་ཆོས་ཅན་ནོ། །དོན་ཇི་ལྟ་བ་བཞིན་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཆོས་སོ། །ཚངས་པས་བསྟན་པ་ཡིན་པའི་ཕྱིར། །འདས་པ་དང་མ་འོངས་པ་མཁྱེན་པའི་ཐུབ་པས་བསྟན་པའི་ ཕྱིར་ཞེས་བྱ་བ་གཉིས་ནི་གཏན་ཚིགས་ཏེ། གང་དང་གང་ཚངས་པས་བསྟན་པའམ། འདས་པ་དང་མ་འོངས་པ་མཁྱེན་པས་བསྟན་པ་གང་ཡིན་པ་དེ་དང་དེ་ནི་དོན་ཇི་ལྟ་བ་བཞིན་ཏེ། དཔེར་ན་སྨན་དཔྱད་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ནོ་ཞེ་ན། དེ་ལ་འདི་ལྟར། ཚངས་སྨྲས་ཞེས་བྱའི་གཏན་ ཚིགས་དག །སྐྱེད་བྱེད་སོགས་ཀྱིས་སྨྲས་པ་ནི། །ཉེས་པར་བརྟགས་པར་བསྒྲུབས་པའི་ཕྱིར། །དེས་ན་ཁྱོད་ཀྱིས་འདི་ལྟར་ངེས། །སྐྱེད་པར་བྱེད་པས་ན་སྐྱེད་བྱེད་དེ། འཇིག་རྟེན་གསུམ་གྱི་སྐྱེད་པ་པོའོ། །གང་དག་ལ་སྐྱེད་པ་པོ་དང་པོ་ན་ཡོད་པ་ནི་སྐྱེད་བྱེད་སོགས་ཏེ། མཆོད་སྦྱིན་དང་། བྱོལ་སོང་ བསད་པ་དང་། དགེ་བ་ལ་སོགས་པ་ཉོ་ཞིང་བཙོང་བ་རྣམས་སོ། །ཉེས་པར་བརྟགས་པ་ནི་མི་ཤེས་པས་སོ། །སྐྱེད་བྱེད་ལ་སོགས་པ་རྣམས་ཀྱིས་སྨྲས་པ་ནི། ཇི་སྐད་བསྟན་པའི་རིགས་པས་བདག་གིས་བསྒྲུབས་པའོ། །དེས་ན་སྐྱེད་བྱེད་སོགས་ཀྱིས་སྨྲས་པ་ནི་ཉེས་པར་བརྟགས་ པར་བསྒྲུབས་པའི་ཕྱིར་ཞེས་བྱ་བ་སྟེ། དེས་ན་ཚངས་པས་བསྟན་པའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ནི་མ་ངེས་པ་ཉིད་ཡིན་ཏེ། ཇི་ལྟར་ཚངས་པས་བསྟན་པ་ཡིན་པའི་ཕྱིར། སྨན་དཔྱད་ལ་སོགས་པ་བཞིན་དུ་ཅི་ལམ་གསུམ་པོ་འདི་བདེན་པ་ཉིད་གཅིག་ཡིན་ནམ། འོན་ཏེ་སྐྱེད་བྱེད་ལ་སོགས་ པས་སྨྲས་པ། ཉེས་པར་བརྟགས་པས་བསྒྲུབས་པ་བཞིན་དུ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་ཞེས་བྱ་བས་མ་ངེས་པ་ཉིད་ཡིན། གལ་ཏེ་ཡང་སྨན་དཔྱད་བསྟན་པ་བཞིན་དུ་སྐྱེད་བྱེད་ཀྱིས་བསྟན་བཞིན་དུ་དོན་ཇི་ལྟ་བ་བཞིན་དུ་ཡིན་ནོ་ཞེས་བྱ་བ་སྨྲ་བར་བྱེད་ན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། 98-316b འགའ་ཞིག་དོན་བཞིན་མཐོང་བ་ཡིས། །ཀུན་དུ་དོན་བཞིན་མ་ཡིན་ཏེ། །གནག་རྫི་སྨྱོན་པའི་ཚིག་རྣམས་ནི། །ཀུན་དུ་ཇི་བཞིན་དོན་མིན་བཞིན། །དེ་ཁོ་ན་ཉིད་མཐོང་བ་རྣམས་ལ་ནི་ཇི་ལྟ་བ་བཞིན་གྱི་དོན་དང་ལྡན་པ་ཡིན་ནོ་ཞེས་ཚུལ་འདི་རིགས་ཀྱི། ཚངས་པ་ནི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ པར་སྔར་རབ་ཏུ་བསྒྲུབས་པས་དེའི་ཚིག་ནི་ལ་ལ་ནི་དོན་ཇི་ལྟ་བ་བཞིན་དུ་འབྱུང་ལ་ལ་ལ་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་བ་ལང་རྫིའི་ཚིག་རྣམས་སམ། སྨྱོན་པ་ལ་སོགས་པའི་ཚིག་རྣམས་ལ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ་ལ་ལ་ནི་མ་ཡིན་པ་བཞིན་ནོ། །གང་ཡང་འདས་པ་དང་མ་འོངས་པ་ཤེས་པས་བསྟན་པ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ཡང་། འདས་དང་མ་འོངས་ཤེས་པ་ཉིད། །ཡི་དགས་ལ་སོགས་ལ་ཡང་ཡོད། །དེ་ཡིས་སྨྲས་པ་ཐམས་ཅད་མིན། །དེ་ཕྱིར་གཏན་ཚིགས་དཔྱད་བྱ་ཡིན། །ཡི་དགས་དང་། སྲིན་པོ་དང་། གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་ཀྱང་འདས་པ་དང་མ་འོངས་པ་ཅུང་ཞིག་ཤེས་པ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ཏེ། བྱ་རྒོད་ཀྱིས་ཤི་བའི་རོ་ཤེས་པ་དང་། ཁྭ་དང་། གྲོག་མ་ལ་སོགས་པས་ཆར་འབབ་པ་ཤེས་པ་ལྟར། དེ་བཞིན་དུ་ཨ་ཏྲེ་དང་། རྒྱས་པ་ལ་སོགས་པའི་ཐུབ་པ་རྣམས་ཀྱིས་ཀྱང་གང་འགའ་ཞིག་ཤེས་པ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་གིས་སྨྲས་པ། ཐམས་ཅད་རིགས་པ་དང་ལྡན་པ་མ་ཡིན་པས་དཔྱད་པར་བྱ་བ་ཡིན་ཏེ། ཅི་འདས་པ་དང་མ་འོངས་པ་ཤེས་པའི་ཐུབ་པ་རྣམས་ཀྱི་ཚིག་བཞིན་དུ། ལམ་གསུམ་པོ་འདི་དོན་ཇི་ལྟ་བ་བཞིན་ཡིན་ནམ། འོན་ཏེ་འདས་པ་དང་། མ་འོངས་ པ་ཤེས་པའི་ཡི་དགས་ལ་སོགས་པའི་ཚིག་བཞིན་དུ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཞིག་ཡིན་ཞེས་བྱ་བའོ། །གཞན་ཡང་། ཆོས་སོགས་འདི་ལ་གང་ཡོད་པ། །དེ་ཉིད་གཞན་ལའང་ཡོད་ཅེས་པ། །རེས་འགའ་སྲིན་བུའི་ཡི་གེའི་ཚུལ། །ལེགས་བཤད་འགའ་ཞིག་མཐོང་བ་ཡིན། ། གསུམ་པོ་འདི་ལ་ནི་ཡོངས་སུ་དག་པའི་ཆོས་འབའ་ཞིག་ཡོད་པར་མ་མཐོང་ངོ་། །འགའ་ཞིག་ལ་རེས་འགའ་ཆོས་ཀྱི་ཆ་མཐོང་བ་ནི་སྲིན་བུའི་ཡི་གེའི་ཚུལ་འདི་ཡིན་ཏེ། ཡོན་ཏན་ཞེས་བྱ་བའི་སྲིན་བུས་ཤིང་ལ་ཟོས་པ་དང་། ལ་ལར་ཡི་གེ་འདྲ་བའི་རི་མོ་འབྱུང་ཡང་རེ་ཞིག་དེ་ལ་ 98-317a ཡི་གེ་ཤེས་པའི་རིགས་པ་ནི་ཡོད་པ་མ་ཡིན་ནོ། །གཞན་ཡང་། ཇི་ལྟར་མི་གཙང་ཕུང་པོའི་ནང་། །རིན་ཆེན་འགའ་ཞིག་མཐོང་གྱུར་པ། །རབ་ཏུ་སྐྱེ་དང་དེ་ཡི་མཐུ། །ཤེས་དང་ལྡན་པས་དེ་ཤེས་གྱུར། །ཇི་ལྟར། མི་གཙང་བའི་ཕུང་པོ་འགའ་ཞིག་གི་དཀྱིལ་དུ་རིན་པོ་ ཆེ་ཡོད་པ་མཐོང་བ་ན་རིན་པོ་ཆེ་བརྟག་པ་ལ་མཁས་པས་དེ་མཐོང་ན་ནི་རྒྱ་མཚོ་ཆེན་པོའི་རིན་པོ་ཆེའི་རི་དེ་ལས་འདི་བྱུང་བ་ཡིན་གྱི། མི་གཙང་བའི་ཕུང་པོ་འདི་ལས་བྱུང་བ་ནི་མ་ཡིན་ནོ་སྙམ་དུ་ཤེས་ལ་མཐུ་ཡང་ཤེས་ཏེ། འདིའི་མཐུས་ནད་ལ་སོགས་པ་ཞི་བ་དང་། དུག་ཉམས་པར་བྱེད་པའི་མཐུ་ཡང་འདི་ལ་ཡོད་དོ་སྙམ་དུ་ཤེས་པ་ཡིན་ནོ། །ལེགས་བཤད་འགའ་ཞིག་གསུམ་པ་ལ། །རབ་ཏུ་མཐོང་བའང་དེ་དང་འདྲ། །ཁྱིམ་སྲང་མི་གཙང་ཕུང་པོ་ལས། །རིན་ཆེན་འབྱུང་བ་མ་ཡིན་ནོ། །སྲོག་ཆགས་ལ་འཚེ་བ་དང་། ཆང་འཐུང་བ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་སྐྱོན་དུ་མ་དང་ལྡན་པའི་མི་གཙང་བའི་ཕུང་པོ་དང་འདྲ་བ་ལྟ་བ་གསུམ་པོའི་ནང་ན། རིན་པོ་ཆེ་གསེར་དང་འདྲ་བ་ཆོས་རིན་པོ་ཆེ་འགའ་ཞིག་མཐོང་དུ་ཟིན་ཀྱང་། རིན་པོ་ཆེ་བརྟག་པ་ལ་མཁས་པ་འདྲ་བ་རྣམས་ལ་འདི་ལྟ་བུའི་ཤེས་པ་འབྱུང་སྟེ། འདི་ལས་ནི་ཆོས་རིན་པོ་ཆེ་འདི་ལྟ་བུ་འབྱུང་བ་མ་ཡིན་གྱི། གཞན་དུ་ན་སངས་རྒྱས་པ་ལ་སོགས་པའི་གཞུང་ལས་བཏུས་ནས་དེའི་ནང་དུ་བསྲེས་པ་ཡིན་ཏེ། སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་ཉེ་བར་སྤྱད་པའི་གྲོང་བར་གྱི་སྲང་ན་མི་གཙང་བའི་ཕུང་པོ་ཡོད་པ་ལས་བཻཌཱུརྱ་ལ་སོགས་པའི་རིན་པོ་ཆེ་འབྱུང་བ་མ་ཡིན་པ་བཞིན་ནོ། །དེ་ལྟར་ན་བོང་བུའི་འོ་མ་བསྲུབས་པ་ལས་མི་གཙང་བའི་དྲི་འབྱུང་ བ་ལྟར་མུ་སྟེགས་པ་རྣམས་ཀྱིས་སྨྲས་པ་ཡང་དེ་བཞིན་ནོ། །གང་ཡང་རྗེས་སུ་དཔག་པ་གཅོར་བཟུང་ནས། ལམ་གསུམ་པོ་སུན་འབྱིན་པར་བྱེད་པ་རྣམས་ནི་དམུས་ལོང་གཡང་སར་ལྷུང་བར་དཀའ་བ་མ་ཡིན་པ་དང་འདྲའོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། སྐྱོན་མེད་རྗེས་སུ་དཔག་པ་ཡིས། །རིགས་སམ་མི་རིགས་མ་དཔྱད་པར། །བློ་ནི་གཞན་གྱིས་བསྐྱེད་པའི་ཕྱིར། །ལུང་གཞན་དག་ལ་ཐེ་ཚོམ་ཟ། །སློབ་མ་ནི་རྣམ་པ་གསུམ་ཡོད་དེ། ལུང་གཞན་མཐོང་ན་འདི་ལྟར་ཡིན་ནམ། མ་ཡིན་ཞེས་ཐེ་ཚོམ་ཟ་བའི་བློ་ཅན་དང་། ལུང་གཅིག་ལ་ 98-317b རབ་ཏུ་ཞུགས་ཤིང་ཞེན་པར་གྱུར་ནས་གཞན་ལ་སེམས་ཀྱིས་སྡང་བར་གྱུར་ཅིང་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཅན་དང་། ལུང་ཐམས་ཅད་ལ་རིགས་པ་ཡིན་ནམ། རིགས་པ་མ་ཡིན་ཞེས་དཔྱོད་པར་མི་ནུས་པའི་རྟོགས་པ་དང་བྲལ་བའི་བློ་ཅན་ནོ། །དེ་ལ་ལུང་གཞན་གྱིས་ཐེ་ཚོམ་བསྐྱེད་ པའམ། ཕྱིན་ཅི་ལོག་ཏུ་ཞེན་པར་གྱུར་པའི་བློ་གང་ལ་ཡོད་པ་དེ་དག་ནི་རྗེས་སུ་དཔག་པ་མེད་པར་རིགས་སམ། མི་རིགས་ཞེས་དཔྱོད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཀླུང་ཆེན་བརྒལ་འདོད་པ། །གཟིངས་དག་ཡོངས་སུ་འཛིན་པ་ལྟར། །དེ་བཞིན་གཏང་བྱ་ཡིན་ན་ཡང་། །རྗེས་སུ་ དཔག་པར་གཟུང་བར་རིགས། །ཇི་ལྟར་ཆུ་ཀླུང་ཆེན་པོ་རྒལ་བར་འདོད་པ་རྣམས་གཟིངས་དང་། གྲུ་ལ་སོགས་པ་ལ་བརྟེན་ནས་ཕ་རོལ་དུ་འགྲོ་ཞིང་དེར་ཕྱིན་པ་དང་བོར་ནས་འགྲོ་བར་བྱེད་པ་ལྟར། དེ་བཞིན་དུ་ཤེས་བྱའི་ཆུ་བོ་རྒལ་བར་འདོད་པས་ཀྱང་རྗེས་སུ་དཔག་པའི་གཟིངས་འདི་ཡོངས་སུ་ གཟུང་ལ་ཤེས་བྱ་རྟོགས་པར་གྱུར་པ་དང་། དེ་ཡང་གཏང་བར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་གཏང་བར་བྱ་བ་དེ། སྤང་བར་བྱ་བ་ཡིན་ན་ཡང་འདི་ནི་རེ་ཞིག་གཟུང་བར་བྱ་བ་ཉིད་ཡིན་ཏེ། དེ་མེད་པར་དེ་ཁོ་ན་ཉིད་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སློབ་མ་གཉིས་བསྔགས་པས་བསྟན་ནས། དཔྱོད་པ་མེད་པའི་བློ་ཅན་གྱི་སློབ་མ་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ། སྒྲ་ཙམ་རྗེས་སུ་འབྲང་བྱེད་ཅིང་། །སོང་བའི་རྗེས་སུ་འགྲོ་བྱེད་པའི། །དམུས་ལོང་བཞིན་དུ་དཀྱིལ་འཁོར་འདིར། །བྱིས་པ་འཁོར་བར་འཁོར་བ་ཡིན། །ཇི་ལྟར་དམུས་ལོང་རང་གིས་མཐོང་བ་མེད་པར་གྱུར་པ་དེ་གཞན་གྱིས་ སྒྲ་བྱས་པ་ཙམ་གྱིས་རྗེས་སུ་འབྲང་བ་དེ་དག་ནི། གཡང་སའི་གནས་དག་ལས་རྒལ་བར་འགྱུར་བ་མ་ཡིན་པ་ལྟར་དེ་བཞིན་དུ་བྱིས་པ་མི་ཤེས་པ་དག་གིས་བྱས་པའི་ལུང་ཞེས་བྱ་བའི་སྒྲ་ཙམ་གྱིས་རྗེས་སུ་འབྲང་བར་བྱེད་པ་དག་ཀྱང་སྲིད་པ་གསུམ་གྱི་འགྲོ་བའི་འཁོར་བ་ལས་ཐར་བར་ འགྱུར་བ་མ་ཡིན་ནོ། །དེས་ན་སྒྲ་ཙམ་གྱིས་རྗེས་སུ་འབྲང་བ་ན་ལྟུང་བར་འགྱུར་བར་སླ་བ་ཉིད་ཡིན་པའི་ཕྱིར་སྨྲས་པ། བརྟེན་པ་མེད་པའི་དམུས་ལོང་དག །ཉམ་ངའི་གནས་སུ་འགྲོ་བྱེད་ལྟར། །སྒྲ་ཙམ་གཙོ་བོར་བྱེད་པ་རྣམས། །ལྟུང་བར་དཀའ་བ་མ་ཡིན་ནོ། །ཇི་ལྟར་དམུས་ལོང་དབྱུག་ 98-318a པ་ལ་སོགས་པའི་རྟེན་མེད་ཅིང་། མིག་དང་ལྡན་པས་ཉེ་བར་བསྟན་པ་མེད་བཞིན་དུ་སྒྲ་ཐོས་པ་ཙམ་གྱིས་རྗེས་སུ་འབྲང་ནས། ཉམ་ང་བའི་ལམ་དུ་འགྲོ་བར་བྱེད་པ་ནི་ལྟུང་བར་འགྱུར་བ་ཉིད་ཡིན་ལ། རྟེན་དང་བཅས་པ་ལེགས་པར་བསྟན་པའི་ལམ་བདེ་བ་ ནས་འགྲོ་བ་ནི་ལྟུང་བའི་སྐལ་བ་ཅན་དུ་མི་འགྱུར་རོ། །དེ་བཞིན་དུ་རྟོག་གེའི་ཤེས་པ་རྗེས་སུ་དཔག་པའི་མིག་གིས་གང་དངོས་པོའི་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ངེས་པར་བཟུང་བ་དེ་ནི་དམིགས་པ་ཡིན་ནོ། །དེ་ཁོ་ན་ཉིད་དེ་ལ་དམིགས་པར་མི་བྱེད་པར་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པས་མི་ཤེས་པ་བརྟགས་པའི་ལུང་ཞེས་བྱ་བའི་རྗེས་སུ་འབྲང་བའི་དམུས་ལོང་དང་འདྲ་བ་ནི་འཁོར་བར་ལྟུང་བར་འགྱུར་བ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་གང་དག་ངེས་པར་བརྟགས་པའི་ལམ་བདེ་བ་ཉིད་འཕགས་པའི་ལམ་ཡན་ལག་བརྒྱད་ནས། རྣམ་པར་ཐར་པའི་སྒོ་གསུམ་ལ་བརྟེན་ནས་འགྲོ་བ་དེ་ནི་འཁོར་བའི་གཡང་སར་ལྟུང་བར་མི་འགྱུར་རོ། །དེས་ན་སྒྲ་ཙམ་གྱིས་རྗེས་སུ་འབྲང་བ་ཉིད་ནི་ལྟུང་བར་སླ་བ་ཉིད་ཡིན་པའི་ཕྱིར། རྗེས་སུ་དཔག་པ་གཙོར་འཛིན་རྣམས། །ལྟུང་བར་དཀའ་བ་མ་ཡིན་ནོ། །ཞེས་གང་སྨྲས་པ་དེ་ནི་ལེགས་པར་སྨྲས་པ་མ་ཡིན་ནོ། །གང་ཡང་རིག་བྱེད་ཉིད་ཐམས་ཅད་མཁྱེན་པ་ཡིན་གྱི། ཐམས་ཅད་མཁྱེན་པའི་སྐྱེས་བུ་ཉིད་ནི་སྤོང་བར་བྱེད་ཅིང་སྡང་བའི་སེམས་ཀྱིས་འདི་སྐད་དུ། འདི་ན་གང་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེའི་ལན་ནི་འདི་ཡིན་ཏེ། ཀུན་མཁྱེན་ཞེས་བྱའི་སྒྲ་འདི་ཡང་། །ཡུལ་འགའ་ཞིག་ལ་ཇི་བཞིན་ཡིན། །སེང་གེའི་སྒྲ་ཡང་ལ་ལ་བདེན། །ཁ་ཅིག་ཉེ་བར་བཏགས་པ་ཉིད། །གང་ཡང་མཛེས་མི་དང་། སེར་སྐྱ་དང་། གཟེགས་ཟན་ལ་སོགས་པ་ཐུབ་པ་རྣམས་ནི་ཉོན་མོངས་པ་དང་བཅས་པའི་སེམས་ཅན་ལ་ཕན་པའི་ཐབས་ལ་མི་མཁས་པ་དང་། དེ་བཞིན་དུ་འདས་པ་ལ་སོགས་པའི་ཤེས་བྱའི་ཕྱོགས་གཅིག་ ཤེས་པའི་དབང་དུ་བྱས་ནས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་སྒྲ་ཉེ་བར་འདོགས་པས་བརྟགས་པ་པ་ཡིན་ཏེ། ཐུབ་པ་སེར་སྐྱ་ཀུན་མཁྱེན་ཉིད། །ཅེས་བྱ་བ་ལ་སོགས་པའོ། །དེ་དག་ནི་ཉེ་བར་བཏགས་ནས་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་སྒྲས་བརྗོད་པ་ཡིན་པར་ངེས་པར་ 98-318b གཟུང་བར་བྱ་བ་ཡིན་ལ། འདིར་མ་མཐོང་དུ་ཟིན་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པ་ནི། ཐམས་ཅད་མཁྱེན་པ་ཉིད་ཡིན་ཞེས་ངེས་པར་གཟུང་བར་བྱ་སྟེ། ཇི་ལྟར་སེན་མོ་དང་། མཆེ་བ་རྣོ་བ་དང་། རལ་པ་ལ་སོགས་པ་མེད་ཀྱང་དཔའ་བ་དང་། རྟུལ་ཕོད་པ་ལ་སོགས་པའི་བྱ་བ་དང་ལྡན་པའི་སྐྱེས་བུ་ལ་སེང་གེ་ཞེས་ཉེ་བར་འདོགས་ཏེ། བྲམ་ཟེ་ལ་ཡང་སེང་གེ་ཞེས་ཟེར་རོ། །མ་མཐོང་དུ་ཟིན་ཀྱང་སེང་གེ་ཞེས་ཉེ་བར་བཏགས་པའི་སྒྲ་ལས་རྗེས་སུ་དཔགས་ནས་ངེས་པར་རལ་པ་བརྒྱ་བཤིག་ ཅིང་གཡེངས་པ་སྡེར་མོ་རྣོན་པོ་དང་ལྡན་པ། མཆེ་བ་རྣོན་པོ་གཙིགས་པ། རི་དགས་ལ་སོགས་པ་གཞན་སྐྲག་པར་བྱེད་པའི་ང་རོ་ཅན་སེང་གེ་ཞེས་བྱ་བའི་སྒྲ་དངོས་སུ་བསྟན་པར་བྱ་བ་གཞན་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དེ་བཞིན་དུ་ད་ལྟར་མ་མཐོང་བས་ཐམས་ཅད་མཁྱེན་པ་ཉིད་མེད་པ་མ་ཡིན་ནོ། །གང་ཡང་འདི་སྐད་དུ། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། སྐྱེས་བུ་ཡིན་པར་མཚུངས་པའི་ཕྱིར་སྐྱེས་བུ་གཞན་བཞིན་ནོ་ཞེས་ཟེར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་བྱས་པ་ཡིན་པའི་ཕྱིར་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ་ཞེས་ཟེར་བ་དེ་ལ་ཡང་། ཆོས་དང་སྤྲུལ་པའི་སྐུ་དག་ནི། །ང་ལ་མི་ཉིད་དུ་མ་གྲུབ། །དེ་བཞིན་གཤེགས་པའང་མ་གྲུབ་སྟེ། །དེས་ན་མ་ངེས་པ་ཉིད་ཡིན། །སྐྱེས་བུའི་མཚན་ཉིད་དང་ལྡན་པ་ལ་སྐྱེས་བུ་ཞེས་བྱ་བའི་སྒྲ་འཇུག་པ་བཞིན་ནོ། །དེ་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ཀྱི་རྣམ་པ་གང་དུ་ཡང་མ་གཏོགས་པའི་ཕྱིར་དང་། གཟུགས་མེད་པ་ཡིན་པའི་ཕྱིར་བུད་མེད་དང་། སྐྱེས་པ་ལ་སོགས་པའི་རྣམ་པར་རྟོག་པ་འཇུག་པ་མ་ཡིན་པས་རེ་ཞིག་ཆོས་ཀྱི་སྐུ་ལ་ནི་སྐྱེས་བུ་ཞེས་བྱ་བ་མེད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་རྟེན་གནས་གྱུར་པ་འཇིག་རྟེན་ལས་འདས་པ་ཟློག་པ་མེད་པའི་ཕུང་པོ་དང་ལྡན་པའི་ཕྱིར། ཁམས་དང་། འགྲོ་བ་དང་། སྐྱེ་གནས་རྣམས་ལས་ཤིན་ཏུ་འདས་པའི་ཕྱིར་དང་། འོག་མིན་གྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་དང་། སྐྱེས་པ་དང་བུད་མེད་ཀྱི་དབང་པོ་མི་མངའ་བའི་ཕྱིར་སྐྱེས་བུ་མེད་དོ། །དེའི་བྱིན་རླབས་ཀྱིས་འཇུག་པ་འདིར་འཁྲུངས་པའི་སྤྲུལ་པའི་སྐུ་ཡང་གཟུགས་དང་། སྒྲ་དང་། རོ་དང་། 98-319a རེག་བྱ་ཞེས་བྱ་བ་སྐྱེ་མཆེད་བཞིའི་བདག་ཉིད་ཅན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་དུ་སེམས་ཅན་མ་ཡིན་པར་གྲགས་པས་དེ་ཡང་སྐྱེས་བུ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་སྐྱེས་བུ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ལ། སྐྱེས་བུའི་དཔེ་ ཡང་བསྒྲུབ་བྱས་སྟོང་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་བསམ་གྱིས་མི་ཁྱབ་པ་ཐོགས་པ་མེད་པ། ལྷུན་གྱིས་གྲུབ་པར་འཇུག་པ། རྣམ་པར་རྟོག་པ་མེད་པ་ནམ་མཁའ་བཞིན་དུ་ཐོག་མཐའ་མེད་པ། ཉོན་མོངས་པའི་དྲ་བ་རྣམས་ བག་ཆགས་དང་བཅས་པར་དྲུངས་ནས་ཕྱུང་བ། ཀུན་ནས་ཉོན་མོངས་པ་མེད་པའི་ཡེ་ཤེས་གང་ཡིན་པ་ཡང་གང་དག་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་པ་རྣམས་ཀྱང་ཉིན་པར་བྱེད་པའི་འོད་ཟེར་གྱིས་ཟིལ་གྱིས་མནན་པའི་སྲིན་བུ་ མེ་ཁྱེར་གྱི་འོད་བཞིན་དུ་མཛེས་པ་མ་ཡིན་ན་དེ་ཡང་ཐ་མལ་པའི་སྐྱེས་བུ་ངན་པའི་ཤེས་པ་འདྲ་བ་ལྟ་ག་ལ་ཡིན། དེས་ན་སྐྱེས་བུའི་ཤེས་པ་བཞིན། །ཞེས་བྱ་བའི་དཔེ་ཡང་མ་གྲུབ་པ་ཡིན་ནོ། །གཞན་ཡང་། གལ་ཏེ་ཇི་ལྟར་ཁྱེད་བཅོམ་ལྡན། །ཐམས་ཅད་མཁྱེན་པ་མིན་པར་འདོད། །བདེ་བྱེད་ ཁྱབ་འཇུག་སོགས་དག་གི། །ཤེས་པ་དེ་ལྟར་མིན་ཞེ་ན། །གལ་ཏེ་ཁྱོད་ཀྱི་བློ་ལ་འདི་སྙམ་དུ་ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་རྣམས་ནི་འཇིག་རྟེན་སྐྱེད་པར་བྱེད་ཅིང་སྡུད་པར་ཡང་བྱེད་ལ། དེ་རྣམས་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་འཆགས་པ་དང་། གནས་པ་དང་། འཇིག་པ་ ཡང་ཤེས་ལ། གྲོལ་བའི་ལམ་ཡང་ཤེས་པ་ཡིན་ནོ། །ཡང་སངས་རྒྱས་ནི་དེ་དག་ལ་སྡང་ཞིང་དེ་དག་གིས་བྱས་པའི་སྐྱེད་པ་དང་། སྡུད་པ་དང་། མི་མཐུན་པའི་སྐྱེ་བ་ལ་སོགས་པའི་རྒྱུ་རིགས་པ་མ་ཡིན་པར་རྗོད་པར་ཡང་བྱེད་ལ། མངོན་སུམ་དུ་མཐོང་བཞིན་དུ་ཡང་དངོས་པོ་རྣམས་ནི་མཐོང་བ་སྟོང་པ་ཉིད་དོ་ཞེས་སྨྲ་བར་བྱེད་པ་མེད་པའི་ཕྱོགས་གསལ་བར་བྱེད་པ་ཉིད་ཡིན་ལ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་ལྟ་ཇི་ལྟར་འགྱུར་ཞེ་ན། འདི་སྐད་བརྗོད་པར་བྱ་སྟེ། ཇི་ལྟར་དེ་དག་གིས་ཤེས་ལྟར། །ཐམས་ཅད་མཁྱེན་པ་དེ་བདེན་ན། །རབ་རིབ་ཅན་གྱིས་མཐོང་བ་ལྟར། །དྲི་མེད་མིག་གིས་མི་ 98-319b མཐོང་བཞིན། །ཇི་ལྟར་དགེ་བ་དང་མི་དགེ་བའི་ལས་ཡང་དག་པར་བསགས་པ་ལས་འཇིག་རྟེན་སྣ་ཚོགས་འདིར་རབ་ཏུ་འབྱུང་བ་ཡིན་ལ། འཛིན་པ་ཐམས་ཅད་ཡོངས་སུ་སྤངས་པ་ལས་ནི་ཐར་པར་འགྱུར་བ་ཡིན་ནོ་ཞེས་བྱ་བར་མཁྱེན་ནས་ཁོ་བོ་ཅག་གི་བཅོམ་ལྡན་འདས་ཀྱིས་ཞི་བ་དང་། ཁྱབ་འཇུག་དང་། ཚངས་པས་བསྐྱེད་པ་དང་། སྡུད་པ་ཡིན་པར་བཏགས་པ་ནི་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ནོ་ཞེས་མཛད་ནས་དེའི་རྗེས་སུ་འབྲང་བར་མི་མཛད་དེ། རབ་རིབ་ཅན་གྱིས་བརྟགས་པའི་སྐྲ་ཤད་འཛིངས་པ་དང་། སྦྲང་མ་དང་། བུང་བ་དང་། ཟླ་བ་གཉིས་པ་ལ་སོགས་པའི་དངོས་པོ་མཐོང་བ་རྣམས་རྣམ་པར་དག་པའི་མིག་ཅན་གྱིས་ནི་མཐོང་བ་མ་ཡིན་ནོ། །འོན་ཀྱང་སྙིང་རྗེའི་དབང་ཁོ་ནས་རབ་རིབ་ཅན་དེ་དག་ལ་ཇི་ལྟར་ན། འདི་དག་ནི་སྐྲ་ཤད་ལ་སོགས་པ་བདེན་པ་མ་ཡིན་པ་མཐོང་ཞིང་འཛིན་པ་འདི་དག་དང་བྲལ་ནས་རྣམ་པར་དག་པའི་མཐོང་བ་དང་ལྡན་པར་འགྱུར་སྙམ་དུ་དགོངས་སོ། །ཡང་ན་འདི་ལྟར་ཐམས་ཅད་མཁྱེན། །ཆོག་ཤེས་ཉིད་དུ་འདོད་ན་ནི། །གང་ཕྱིར་མཛེ་མི་ནི་སོགས་ཀྱི། །གཏན་ཚིགས་འདི་ནི་མ་ངེས་ཉིད། །གལ་ཏེ་ཚངས་པ་ལ་སོགས་པ་ལས་ཕྱིན་ཅི་ལོག་ཏུ་ཤེས་པའི་རྣམ་པ་འདིས་སངས་རྒྱས་ནི་བརྫུན་པར་ཤེས་པ་ཡིན་ཏེ། སྐྱེས་བུ་ཡིན་པའི་ཕྱིར་ཐ་མལ་པའི་སྐྱེས་བུ་བཞིན་ནོ་ཞེས་སྨྲ་ན་ཡང་། མཛེའི་མི་ནི་ལ་སོགས་པ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་པས་མ་ངེས་པ་ཉིད་ཡིན་ཏེ། སྐྱེས་བུ་ཡིན་པའི་ཕྱིར། ཐ་མལ་པའི་སྐྱེས་བུ་བཞིན་དུ་ཕྱིན་ཅི་ལོག་ཏུ་ཤེས་པ་ཞིག་ཡིན་ནམ། འོན་ཏེ་མཛེའི་མི་ནི་བཞིན་དུ་སྐྱེས་བུ་ཡིན་པའི་ཕྱིར། ཕྱིན་ཅི་མ་ལོག་པར་ཤེས་ པ་ཞིག་ཡིན་ཞེས་བྱ་བ་ཡིན་ནོ། །གཞན་ཡང་། ཅུང་ཞིག་ཤེས་ཀྱིས་ཀུན་མི་ཤེས། །ཞེ་ན་ཐུབ་པས་གང་མ་མཁྱེན། །མཐོ་རིས་བྱང་གྲོལ་ལམ་ཞེ་ན། །བསྟན་པ་འདི་ལས་བསྟན་པ་ཉིད། །གལ་ཏེ་དོན་ཅུང་ཟད་ཅིག་ཤེས་པ་ལ་མི་ཤེས་པའོ་ཞེས་བཏགས་པ་ཡིན་པ་ཅུང་ཞིག་ཤེས་ཀྱང་ ཐམས་ཅད་མ་ཡིན་ནོ་ཞེ་ན། དེས་ཅི་ཞིག་མ་མཁྱེན། གལ་ཏེ་མཐོ་རིས་དང་བྱང་གྲོལ་གྱི་ལམ་མ་ཤེས་སོ་ཞེ་ན། དེ་ནི་འདི་ལྟར་མཁྱེན་པ་ཁོ་ན་སྟེ། སྡིག་པ་ལས་ལྡོག་པར་བྱེད་ཅིང་དགེ་བ་ལ་འཇུག་པར་བྱེད་པའི་ཆོས་ནི་ལྷ་དང་མི་ཉིད་ཀྱི་ལམ་ཡིན་ནོ། །ཡང་དག་པའི་ལྟ་བ་དང་། 98-320a ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་གྲོལ་ འཐོབ་པའི་རྒྱུ་ཡིན་པར་མཁྱེན་ནས་བསྟན་པ་ཡིན་ནོ། །བསྟན་དུ་ཟིན་ཀྱང་མི་རིགས་ཞེས། །གལ་ཏེ་ཁྱོད་ཀྱི་བློས་འབྱུང་ན། །མི་ཤེས་པ་ཉིད་ཡིན་པས་ན། །དེ་ཡི་ལན་ཡང་སྨྲས་ཟིན་ཏོ། །ལམ་བསྟན་དུ་ཟིན་ཀྱང་ཡང་དག་པ་མ་ཡིན་ཞེ་ན། དེ་ལྟ་བ་ཡང་ལོག་པར་ཤེས་པ་ཉིད་དུ་འགྱུར་གྲང་ན། དེའི་ ལན་ཡང་མཛེའི་མི་ནི་ལ་སོགས་པ་དག་གིས་མ་ངེས་པ་ཉིད་ཡིན་པར་བསྟན་ཟིན་པ་ཡིན་ཏེ། དབུ་མའི་བསྟན་བཅོས་མ་ལུས་པ་ལས་རིགས་པ་དང་མ་རིགས་པ་དཔྱད་པ་བྱས་པ་ཡིན་པས་ཁྱོད་ཀྱི་གཞུང་ཁོ་ན་ཉེས་པར་སྨྲས་པ་ཡིན་གྱི། ཁོ་བོ་ཅག་གི་གཞུང་ནི་མ་ཡིན་པར་རབ་ཏུ་གྲགས་པ་ཡིན་ནོ། ། བསྟན་བཅོས་བློ་སྒྲའི་ཕྱོགས་བྱས་ཀྱང་། །གཏན་ལ་དབབ་པར་འདྲ་བ་ཡིན། །དཔྱོད་པ་ཅན་སོགས་མ་ངེས་ཉིད། །བྱས་པའི་ཕྱིར་ན་སྐྱོན་དང་ལྡན། །སངས་རྒྱས་པའི་བསྟན་བཅོས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ལ། སངས་རྒྱས་པའི་ཤེས་པ་ཡང་ཐམས་ཅད་མཁྱེན་པ་མ་ཡིན། སངས་རྒྱས་ པའི་གསུང་རབ་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། བྱས་པའི་ཕྱིར་འཇིག་རྟེན་འདི་པའི་བསྟན་བཅོས་དང་། བློ་དང་སྒྲ་ལ་སོགས་པ་བཞིན་ནོ་ཞེ་ན། འདི་ལ་ཡང་དཔྱད་པར་བྱ་སྟེ། བྱས་པ་ཡིན་པའི་ཕྱིར། ཅི་འཇིག་རྟེན་པའི་བསྟན་བཅོས་བཞིན་དུ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཞིག་ ཡིན་ནམ། འོན་ཏེ་དཔྱོད་པ་ལ་སོགས་པ་བཞིན་དུ་ཐམས་ཅད་མཁྱེན་པ་ཡིན་པ་ཉིད་དུ་འགྱུར། དེ་བཞིན་དུ་བྱས་པའི་ཕྱིར་དཔྱོད་པ་ལ་སོགས་པའི་བློ་བཞིན་དུ་དོན་ཇི་ལྟ་བུ་ཉིད་གཅིག་ཡིན་ནམ། འོན་ཏེ་འདི་པ་ལ་སོགས་པའི་བློ་བཞིན་དུ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་གཅིག་ཡིན་ནམ། གཞན་ཡང་བྱས་པ་ཡིན་པའི་ཕྱིར་དཔྱོད་པའི་ཚིག་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་དོན་ཇི་ལྟ་བ་ཉིད་གཅིག་ཡིན་ནམ། འོན་ཏེ་འཇིག་རྟེན་འདི་པ་ལ་སོགས་པའི་ཚིག་བཞིན་དུ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་གཅིག་ཡིན་ཞེས་བྱ་བས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་ག་ 98-320b ཡང་ཁྱབ་པའི་ཕྱིར་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྐྱོན་དང་བཅས་པ་ཉིད་ཡིན་ནོ། །གང་ཡང་ལྟ་བ་གསུམ་སུན་འབྱིན་པའི་ཕྱིར། གཅེར་བུར་རྒྱུ་བའི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་གསུང་ཡང་ཚད་མ་མ་ཡིན་ནོ་ཞེས་ཟེར་བ་དེ་ལ་ཡང་ལན། གསུམ་པོ་སུན་འབྱིན་པར་འདྲ་ བས། །གཅེར་བུར་རྒྱུ་ལྟར་བདག་འདོད་པས། །བསྒྲུབ་བྱའི་རྗེས་སུ་འགྲོ་མེད་ཕྱིར། །དཔེ་ནི་མེད་པ་ཉིད་ཡིན་ནོ། །གསུམ་པོ་སུན་འབྱིན་པར་འདྲ་བའི་ངོ་བོ་ནི་འདྲ་བ་ཉིད་དེ། གཅེར་བུ་རྒྱུ་བ་དང་། ཁོ་བོ་ཅག་གོ། །ཇི་ལྟར་ཁོ་བོ་ཅག་ནི་ལྟ་བ་གསུམ་པོ་སུན་འབྱིན་པར་བྱེད་པ་དེ་བཞིན་དུ། གཅེར་བུར་རྒྱུ་བའི་ལྟ་བ་ཡང་སུན་འབྱིན་པར་བྱེད་པ་ཡིན་པས་ལྟ་བ་གསུམ་པོ་སུན་འབྱིན་པར་བྱེད་པའི་ཕྱིར། གཅེར་བུར་རྒྱུ་བའི་ལྟ་བ་ཁོ་བོ་ཅག་གིས་ཚད་མར་མི་བྱེད་པ་མ་ཡིན་གྱི། འོན་ཀྱང་སྐྲ་འབལ་བ་དང་། ལུས་གདུང་བ་ལ་སོགས་པ་ལྟ་བ་ངན་པ་ཡོད་པས་ཡིན་ནོ། །དེ་ལ་ཁོ་བོ་ཅག་ལ་ནི་ ལྟ་བ་གསུམ་པོ་སུན་འབྱིན་པར་བྱེད་པའི་ཕྱིར་ཞེས་བྱ་བའི་སྒྲུབ་པར་བྱེད་པ་འདིས་གཅེར་བུར་རྒྱུ་བའི་ལྟ་བ་ཡང་འདྲ་བ་བཞིན་ནོ་ཞེས་བྱ་བའི་དཔེ་ཡོད་པར་མ་གྲུབ་པ་ཡིན་པས། དཔེ་མེད་པ་ཉིད་ཀྱི་ཕྱིར་སྔར་བསྟན་པའི་ཚད་མ་རྣམས་མ་གྲུབ་པ་ཡིན་ནོ། །དབུ་མའི་སྙིང་པོ་ལས་དཔྱོད་པའི་དེ་ཁོ་ན་ཉིད་ གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་དགུ་པའོ།། །།༄། །བཅུ་པ། ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པར་བསྟན་པའི་ལེའུའི་འགྲེལ་པ།གལ་ཏེ་འདིར་གཅེར་བུར་རྒྱུ་བ་རྣམས་ཉེ་བར་ལྷགས་ནས་འདི་སྐད་དུ། གང་ཐམས་ཅད་མཁྱེན་པ་ཉིད་དེས། ཁོ་བོ་ཅག་གི་གཞུང་སུན་འབྱིན་པར་ནུས་ཀྱི། འདི་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ལུང་མ་བསྟན་པ་དང་འཁོར་བའི་ཐོག་མའི་མཐའ་མ་ཤེས་པ་དང་། ཤིན་ཏུ་མཛེས་མ་བསད་པ་མ་རིག་པ་དང་། བྲམ་ཟེའི་བུ་མོ་མཛེས་མས་སྐུར་པ་བཏབ་པ་དང་། གྲོང་ཁྱེར་པ་ཊ་ལ་པུ་ཏྲ་ཉམས་པར་འགྱུར་བ་ལུང་མ་བསྟན་པ་དང་། ཟླ་བ་གསུམ་དུ་ནས་ཟོས་པ་དང་། ལྷུང་བཟེད་བཀྲུས་པ་བཞིན་དུ་ལོག་པ་དང་། རྡོའི་འཁྲུལ་འཁོར་འཕངས་པ་དང་། ནོར་སྐྱོང་དྲུང་དུ་འོངས་པ་དང་། ལྷས་བྱིན་རབ་ཏུ་འབྱིན་པར་བྱེད་པ་དང་། རྒྱུ་སྐར་བཟང་པོ་བསྙེན་བཀུར་བར་འཇོག་པ་དང་། ལྷག་སྤྱོད་དང་། ལ་བ་ཅན་དང་ལྔ་སྟེ་བསྙེན་བཀུར་བྱེད་པ་མི་ཤེས་པ་དང་། 98-321a ཤིང་གི་ཕུང་པོའི་མདོ་སྡེ་སྟོན་པར་བྱེད་པ་དང་། སེང་ལྡེང་གི་ཚལ་པ་ཟུག་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་དང་། ཐམས་ཅད་མཁྱེན་པ་ལ་སུན་འབྱིན་པ་ལ་སོགས་པ་ཐམས་ཅད་མ་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཐ་མལ་པའི་སྐྱེས་བུ་བཞིན་ནོ། ། ཞེ་ན། གཅེར་བུར་རྒྱུ་བས་ཐུབ་པ་ལ། །ཀུན་མ་བསྟན་པས་ཀུན་མཁྱེན་མིན། །ཞེས་སྨྲས་ཁྱུ་མཆོག་སོགས་མ་ངེས། །བརྗོད་དུ་མེད་པར་བརྗོད་པའི་ཕྱིར། །ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཞེས་བྱ་བ་མེད་པར་དགག་པའི་དོན་དུ་རྟོག་ན་ནི་དེ་མེད་པ་ཡིན་ཏེ་ཐམས་ཅད་མ་ཡིན་པ་ནི་ཐམས་ཅད་ མེད་པའོ། །དེ་ཤེས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའོ་ཞེས་ཟེར་བ་ཡིན་པས་གྲུབ་པ་སྒྲུབ་པ་ཉིད་ཡིན་ནོ། །བསྒྲུབ་བྱའི་རྗེས་སུ་འགྲོ་བ་མེད་པ་ཡང་ཡིན་ཏེ། ཐ་མལ་པའི་སྐྱེས་བུ་རྣམས་ནི་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མ་ཡིན་ནོ། །ཐམས་ཅད་མ་བསྟན་པའི་ཕྱིར་ཞེས་བྱ་བ་ཡང་ཐམས་ཅད་མེད་པར་བསྟན་པ་ཞེས་བྱ་བར་འགྱུར་བས་དམ་བཅས་པའི་ཕྱོགས་གཅིག་གཏན་ཚིགས་ཡིན་པར་འགྱུར་རོ། །སྒྲུབ་པར་བྱེད་པ་དཔེ་དང་ལྡན་པ་ཡང་མ་ཡིན་ནོ། །གཞན་ཡང་མ་ཡིན་པར་དགག་པ་ཡིན་ན་ནི་ཐམས་ཅད་མ་ཡིན་པ་ནི་དངོས་པོ་མེད་པ་ཞེས་བྱ་བ་ཡིན་ལ། གང་གིས་དེ་ཤེས་པ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་ཞིང་། གང་ཐམས་ཅད་མཁྱེན་པ་ཡིན་པ་དེ་དེ་བཞིན་གཤེགས་པའོ། །གང་དེ་བཞིན་གཤེགས་པ་ཡིན་པ་དེ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་གི་དོན་འཇུག་སྟེ། དེ་ཡང་འདི་ལྟར་དེ་བཞིན་དུ་གསུང་བས་ན། དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་ཞེས་བྱ་བ་ནི་ཅི་ཞིག་ཅེ་ན།དངོས་པོ་ཐམས་ཅད་མེད་པའི་ངོ་བོ་སྟེ། དེ་འདིས་མཁྱེན་ཅིང་གསུངས་པ་ཡིན་ནོ། །དེ་བཞིན་དུ་གང་མི་ཤེས་པའི་གཉིད་རིང་དུ་སྤངས་པ་ནི་སངས་རྒྱས་སོ། །གང་སངས་རྒྱས་ཡིན་པ་དེ་ནི་མི་ཤེས་པའི་གཉིད་རིང་དུ་སྤངས་པ་ཡིན་པས་འབྲས་བུ་མཐོང་ནས་མིང་དུ་འཇུག་པ་ཡིན་ཏེ། སྐྱེས་བུ་དཔའ་བོ་ལ་སོགས་པ་ལྟར་ཡིན་ན། ཁྱུ་མཆོག་ལ་སོགས་པ་ལ་ནི་འདི་ཡོད་པ་མ་ཡིན་ནོ། །ཡང་ན་དམན་པའི་དོན་ཉིད་དུ་དགག་པ་ཡིན་ན་ནི་ཐམས་ཅད་མི་ཤེས་ཞེས་བྱ་བ་ཅུང་ཞིག་ཤེས་ཞེས་བྱ་བ་ཡིན་པས། གང་ཁྱོད་ཀྱིས་ལུང་མ་བསྟན་པའི་དངོས་པོ་ལ་སོགས་པ་རྣམས་ 98-321b ཕྱོགས་སྔ་མར་བྱས་པ་དེ་ཡང་འདིས་ཐམས་ཅད་མཁྱེན་པ་ཁོ་ན་ཡིན་ནོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་དེས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་མཁྱེན་པ་ཡིན་ནོ། །དེ་ལྟ་ན་ཡང་ཉན་པ་པོའི་སྐྱེ་བོ་བློ་དམན་པ་རྣམས་ལ་བསྟན་པར་མི་རིགས་པས་མ་བསྟན་པ་མ་ཡིན་ཏེ། ཇི་ལྟར་བསྟན་ པར་མི་རིགས་ཤེ་ན། གལ་ཏེ་དེ་བཞིན་གཤེགས་པ་ནོངས་པ་ཕན་ཚུན་འབྱུང་ངོ་ཞེས་བརྗོད་ན་ནི་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་སོ་སོའི་སྐྱེ་བོ་དང་འདྲ་བ་ཉིད་དུ་འགྱུར་རོ། །གལ་ཏེ་མི་འབྱུང་ངོ་ཞེས་བརྗོད་ན་ནི་མར་མེ་ཤི་བར་གྱུར་པ་བཞིན་དུ་རྒྱུན་ཆད་པ་ཉིད་ཡིན་པས་སྨོན་ལམ་ བཏབ་པ་འབྲས་བུ་མེད་པར་འགྱུར་རོ། །འོན་ཏེ་འབྱུང་བ་ཡང་ཡིན་མི་འབྱུང་བ་ཡང་ཡིན་ཞེས་བརྗོད་ན་ནི་མེ་ལ་གྲང་བ་དང་དྲོ་བ་གཉིས་འགལ་བ་ལྟར་སྐྱོན་ཡོད་པར་འགྱུར་རོ། །འབྱུང་བར་འགྱུར་རོ་ཞེས་བྱ་བ་གྲུབ་ན་དེ་བཀག་པའི་མི་འབྱུང་ངོ་ཞེས་བྱ་བར་ཡང་འགྲུབ་པར་འགྱུར་ལ་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་གྲུབ་ན་ཡང་དེ་བཀག་པར་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ཡང་འགྲུབ་པ་ཉིད་ཡིན་ན་གཉི་ག་ཡང་མ་གྲུབ་པས་གཉི་ག་ཡང་མ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་དབང་དུ་མཛད་པའི་དེ་བཞིན་གཤེགས་པ་ནི་གང་དུ་སེམས་ཅན་གྱི་དོན་མཛད་ཟིན་པ་དེར་ནི་མྱ་ངན་ལས་ འདས་པར་སྟོན་ཏེ། གང་ཤིང་ཟད་པའི་མེ་ཤི་བར་འགྱུར་བ་བཞིན་ནོ། །ཡང་གང་དུ་གདུལ་བྱའི་བྱ་བ་དང་རྗེས་སུ་མཐུན་པར་གཟིགས་པ་དེར་ནི་ཆོས་ཉིད་ལས་ཐོབ་པའི་སྐུ་བསྐྲུན་ནས་འབར་བར་འགྱུར་ཏེ། བུད་ཤིང་མང་པོ་སྤུངས་པ་ལས་མེ་འབར་བར་འགྱུར་བ་བཞིན་ནོ། །དེས་ན་བཅོམ་ ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ནོངས་ཕན་ཆད་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གཉི་ག་ཡང་མ་གསུངས་ལ། འབྱུང་བ་དང་མི་འབྱུང་བ་གཅིག་པ་དུས་གཅིག་ཏུ་མ་ཡིན་པས་འབྱུང་བ་དང་། མི་འབྱུང་བ་གཉི་ག་མ་གསུངས་ལ། གཉི་ག་མ་གྲུབ་པས་དགག་པར་བྱ་བ་ མེད་པའི་ཕྱིར་གཉི་ག་མ་ཡིན་པ་ཡང་མ་གསུངས་སོ། །དངོས་པོ་རྣམས་ཀྱི་སྐྱེ་བ་དང་འགག་པ་དག་གིས་འཇིག་རྟེན་རྟག་པ་ལ་སོགས་པ་མཁྱེན་ཀྱང་མ་གསུངས་པ་ཉིད་ཡིན་ཏེ། གང་གི་ཕྱིར་ཕུང་པོའི་རྒྱུན་སྔ་མ་འགགས་པས་འགྱུར་བ་ཡིན་པའི་ཕྱིར། འཇིག་རྟེན་རྟག་པ་ཡང་མ་ཡིན་ལ། 98-322a གང་གི་ཕྱིར་དེའི་རྒྱུ་ལས། ཕུང་པོའི་རྒྱུན་གཞན་འབྱུང་བས་འཇིག་རྟེན་མི་རྟག་པ་ཡང་མ་ཡིན་ནོ། །རྟག་པ་ཡང་ཡིན། མི་རྟག་པ་ཡང་ཡིན་ཞེས་བྱ་བར་ཡང་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །གལ་ཏེ་འགའ་ཞིག་རྟག་པ་ཡོད་ན་ནི་དེ་དགག་པའི་ཕྱིར། མི་རྟག་ ཅེས་བྱ་བ་ཡང་འགྲུབ་པ་ཡིན་ལ། གང་ཞིག་མི་རྟག་པ་ཉིད་དུ་གྲུབ་ན་ཡང་དེ་རབ་ཏུ་དགག་པའི་ཕྱིར། མི་རྟག་པ་མ་ཡིན་ཞེས་བྱ་བར་འགྲུབ་པར་འགྱུར་ན། རྟག་པ་དང་། མི་རྟག་པ་དག་མ་གྲུབ་པས་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ཡང་མི་འགྱུར་རོ། །འཇིག་ རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའི་རྒྱུན་གནས་པ་ལ་བྱ་ལ། གལ་ཏེ་འཇིག་རྟེན་མཐའ་དང་ལྡན་པ་ཡིན་ན་ནི་ཕུང་པོ་སྔ་མ་ནི་འགགས། ཕུང་པོ་ཕྱི་མ་ནི་མི་འབྱུང་བས་རྒྱུན་འཆད་པ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་མེད་པར་འགྱུར་རོ། །གལ་ཏེ་འཇིག་རྟེན་མཐའ་དང་མི་ལྡན་ནི་ཕུང་པོ་འདི་མ་ཉམས་ བཞིན་དུ་ཕུང་པོ་གཞན་ལེན་པར་འགྱུར་རོ། །དེ་ལྟ་ན་ཡང་རྟག་པ་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་ཡོད་པར་མི་འགྱུར་རོ། །མཐའ་དང་ལྡན་པ་ཡང་ཡིན་མཐའ་དང་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་ཡང་འགལ་བ་ཉིད་ཡིན་ནོ། །མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་ནི་རབ་ཏུ་ གྲགས་པས་དེ་དག་དགག་པ་ཡང་མེད་པའི་ཕྱིར། འཇིག་རྟེན་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ནོ། །མཉམ་པ་ཉིད་ཡིན་པའི་ཕྱིར་སྲོག་དེ་ལུས་དེའི་ཞེས་ཀྱང་མ་གསུངས་ཏེ། གལ་ཏེ་སྲོག་གང་ཡིན་པ་དེ་ལུས་ཀྱང་ཡིན་པར་གྱུར་ན་ནི་ལུས་ཉམས་པར་གྱུར་པ་ན་ སྲོག་ཀྱང་ཉམས་པར་འགྱུར་རོ། །གལ་ཏེ་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞིག་ཡིན་ན་ནི་ལུས་ལ་མ་ལྟོས་པར་ཡང་སྲོག་དམིགས་པར་འགྱུར་རོ། །ལུས་དང་སྲོག་འདུས་པར་གྱུར་པ་ལས་ཕུང་པོ་ལྔ་པོ་འདི་ལས་སེམས་ཅན་ཞེས་བརྗོད་པ་ལ་ལྟོས་ནས་བཅོམ་ལྡན་འདས་མཁྱེན་ བཞིན་དུ་མི་གསུང་བར་བཞུགས་པ་ཡིན་ནོ། །གཞན་ཡང་གཅེར་བུར་རྒྱུ་བ་རྣམས་ཀྱིས་བསྟན་བཅོས་བྱེད་པ་ཁྱུ་མཆོག་ལ་སོགས་པ་རྣམས་ཀྱིས་ཀྱང་སྨྲ་བར་མི་ནུས་པ་རྣམས་མ་སྨྲས་པ་ཉིད་ཡིན་ཏེ། གསེར་དང་སོར་གདུབ་ནི་གཞན་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ 98-322b གང་ཟག་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་གཅིག་ཏུ་བརྗོད་པ་མ་བྱས་པས་དེས་ན་མ་ངེས་པ་ཉིད་ཡིན་ཏེ། ཅི་ཐམས་ཅད་མ་བསྟན་པའི་ཕྱིར་ཁྱུ་མཆོག་ལ་སོགས་པ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གཅིག་ཡིན་ནམ། འོན་ཏེ་སྐྱེས་བུ་ཐ་མལ་པ་བཞིན་དུ་ཐམས་ཅད་ མཁྱེན་པ་མ་ཡིན་པ་གཅིག་ཡིན་ཞེས་བྱ་བའོ། །འཇིག་རྟེན་ན་ཡང་དཔྱོད་པ་དང་ལྡན་པའི་བློ་ཅན་ཞིག་ལ་འགའ་ཞིག་གིས་ཅི་རྩིག་པ་ཉིད་ཁྱིམ་ཡིན་ནམ། འོན་ཏེ་རྩིག་པ་ལས་གཞན་ཞིག་ཁྱིམ་ཡིན་རྩིག་པ་ལ་ཁྱིམ་ཡོད་དམ། ཁྱིམ་ལ་རྩིག་པ་ཡོད་ཅེས་དྲིས་པ་ལས། དེ་བློས་དཔྱོད་པ་ན་ གལ་ཏེ་རྩིག་པ་ཉིད་ཁྱིམ་ཡིན་ན་ནི་སྨྱིག་མ་དང་སྦ་ལ་སོགས་པ་རྣམས་དོན་མེད་པར་འགྱུར་རོ། །འོན་ཏེ་རྩིག་པ་ལས། ཁྱིམ་གཞན་ཡིན་ན་ནི་རྩིག་པ་ལ་མ་ལྟོས་པར་ཁྱིམ་དམིགས་པར་ཡང་འགྱུར་རོ། །ཁྱིམ་དང་རྩིག་པ་ཐ་དད་པ་ཡིན་ན་ནི་རྩིག་པ་ལ་ཁྱིམ་ཡོད་ཅིང་ཁྱིམ་ལ་ཡང་རྩིག་པ་ཡོད་པར་ འགྱུར་ན་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །དེས་ན་དེས་དེ་བསྟན་པར་མི་ནུས་པས་རེ་ཞིག་མི་སྨྲ་བར་འདུག་ཀྱང་ཤེས་པ་མེད་པ་མ་ཡིན་ནོ་ཞེས་འདོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། ཇི་སྐད་བསྟན་པའི་རིམ་པས། ཉན་པ་པོ་བློ་དམན་པ་རྣམས་ལ་བསྟན་པར་རིགས་པ་མ་ཡིན་པས། ལུང་དུ་མ་བསྟན་པའི་དངོས་པོ་རྣམས་མཁྱེན་བཞིན་དུ་མ་གསུངས་པ་ཡིན་ནོ། །དེའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་མ་གྲུབ་པོ། །གཞན་ཡང་། འཁོར་བའི་ཐོག་མ་མ་རིག་ཅིང་། །རྒྱུ་ཡང་རབ་ཏུ་མ་ཤེས་ལ། །དེའི་ཕྱིར་མ་རིག་རིག་མེད་ཕྱིར། །དེ་ནི་ནམ་མཁའི་རང་ བཞིན་ནོ། །འཁོར་བ་ལ་ཐོག་མ་མེད་དོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པར་མི་འགྱུར་ཏེ། གང་གི་ཕྱིར་འཁོར་བ་དེ་ལ་ཐོག་མ་མེད་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ནམ་མཁའི་དྲི་དང་། རོ་དང་། རེག་པ་བཞིན་ནོ། །གང་ཡང་སེར་སྐྱ་དང་། གཟེགས་ ཟན་དང་། མཛེའི་མི་ནི་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་རློམ་པ་དག་ལ་འགའ་ཞིག་གིས་ཅི་ནམ་མཁའ་འདི་དྲི་ཞིམ་པའམ། དྲི་མི་ཞིམ་པའམ། མངར་བའམ། སྐྱུར་བའམ། འཇམ་པའམ། རྩུབ་པ་ཞིག་ཡིན་ནམ། དེ་བཞིན་དུ་བོང་བུ་དང་། རྔ་མོ་དང་། རྟའི་རྭ་ 98-323a རྣམས་ཀྱི་ཁ་དོག་དང་དབྱིབས་ཇི་ལྟ་བུ་ཡིན། ནྱ་གྲོ་དྷ་དང་། ཨུ་དུམ་བཱ་ར་དང་། ནམ་མཁའ་རྣམས་ཀྱི་མེ་ཏོག་གི་དྲི་ནི་གང་ཡིན། མདའ་རྒྱུ་དང་། ཀུ་ཤ་དང་། ཀ་ཤ་དང་། བིའུ་ལ་རྣམས་ཀྱི་འབྲས་བུའི་རོ་ནི་ཇི་ལྟ་བུ། རུས་སྦལ་དང་། སྦྲུལ་གྱི་སྤུ་དང་། དྲི་ཟའི་ གྲོང་ཁྱེར་གྱི་བུད་མེད་རྣམས་ཀྱི་རེག་པ་ནི་ཇི་ལྟ་བུ་ཡིན་ཞེས་དྲིས་པ་ན་དེ་དག་གལ་ཏེ་འདི་དག་གི་དངོས་པོ་ནི་མེད་པ་ཡིན་ནོ་ཞེས་ཟེར་ན་ཡང་དེས་དེ་དག་ཤེས་པ་མེད་པར་ནི་མི་འགྱུར་རོ། །དེ་བཞིན་དུ་འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་པས་དེས་ན་འདི་ལྟར་དེ་ནི་མེད་དོ་ཞེས་ཐུབ་པས་བསྟན་པ་ཡིན་ནོ། །འདིའི་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ཡིན་ཏེ། གང་དངོས་པོ་ཡོད་པ་ཡང་ཡོད་པ་ཉིད་དུ་སྟོན། གང་མེད་པ་ཡང་མེད་པ་ཉིད་དུ་སྟོན་པའོ། །ཅི་སྒོ་ང་སྔ་ལ་བྱ་ནི་འཕྱིའམ། བྱ་ནི་སྔ་ལ་སྒོ་ང་ནི་འཕྱིའམ། ཅི་ས་བོན་ནི་སྔ་ལ་མྱུ་གུ་འཕྱིའམ། མྱུ་གུ་སྔ་ལ་ས་བོན་འཕྱིའམ། འོན་ཏེ་དུས་གཅིག་ཏུ་ཡིན་ ཞེས་བྱ་བ་དང་། དེ་བཞིན་དུ་ཟོ་ཆུན་གྱི་རྒྱུད་ལ་ཡང་སྔ་མ་དང་ཕྱི་མ་མེད་པར་འཇིག་རྟེན་ལ་རབ་ཏུ་གྲགས་ཤིང་དངོས་པོ་རྣམས་ལ་ཡང་ཐོག་མ་མེད་པར་གྲགས་པ་ཡིན་ནོ། །དེ་བཞིན་དུ་འཁོར་བ་ཡང་བལྟ་བར་བྱ་སྟེ། དེའི་ཕྱིར་འཁོར་བའི་ཐོག་མ་མ་ཤེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་ཡིན་ནོ། །གཞན་ཡང་ཤིན་ཏུ་མཛེས་མ་བསད་པ་མ་ཤེས་པས་སྐྱབས་མ་བྱས་པ་ཡིན་ཞེ་ན། གལ་ཏེ་ཐུབ་པའི་མཐུས་ནུས་ན། །སེམས་ཅན་ཐམས་ཅད་མྱ་ངན་འདའ། །མུ་སྟེགས་རྣམས་ཀྱིས་ཞག་བདུན་ན། །ནོར་དང་ཕྲག་དོག་དག་གི་ཕྱིར། །མཛེས་མ་བདག་གིས་བསད་དོ་ཞེས། ། རང་ཉིད་ཀྱིས་ནི་བསྟན་པ་ཡིན། །བཅོམ་ལྡན་འདས་ལ་ཞུས་པ་ན་ཉི་མ་བདུན་པ་ལ་བརྗོད་པར་བྱའོ་ཞེས་གསུངས་ནས་མ་བསྟན་པ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་བཏང་སྙོམས་སུ་མཛད་པ་ཡིན་གྱི། མ་མཁྱེན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཤིན་ཏུ་མཛེས་མ་བསད་ པ་མཁྱེན་པས་ཐམས་ཅད་མཁྱེན་པ་མ་ཡིན་པ་མ་ཡིན་ནོ། །ཇི་ལྟར་ཐག་པ་ཆད་གྱུར་ན། །ཤིང་གཤོངས་ས་ལ་ལྷུང་བ་ནི། །རྒྱལ་བཅས་སྐྱེ་བོའི་འཁོར་མཐོང་ནས། །དེ་དག་ངོ་མཚར་ཆེ་བར་གྱུར། །མངོན་དུ་བསྟན་པར་བྱ་བའི་ཕྱིར། །སྐྱོབ་པས་གཞན་དུ་དེ་མ་བསྒྱུར། །སཱ་ལ་ཅན་གྲོང་ 98-323b ཞུགས་པ་ནི། །སེམས་ཅན་དོན་གྱི་བྱ་བ་མཛད། །གང་ཕྱིར་བདུད་ལས་རྒྱལ་ཟིན་པས། །བདུད་ཀྱི་ལས་ནི་དེ་ན་མེད། །ཉན་ཐོས་ཚོགས་བཅས་དཔའ་བོ་ནི། །དེར་ནི་བསོད་སྙོམས་ཆད་གྱུར་པས། །སེམས་ནི་ཞུམ་པར་མ་མཐོང་ཚེ། །མང་པོ་བྱང་ཆུབ་ཏུ་ངེས་གྱུར། །དེ་བས་ན་གང་དུ་ལྷུང་བཟེད་བཀྲུས་པ་བཞིན་དུ་ཕྱིར་ལོག་པ་ནི་མ་འོངས་པའི་དུས་རྗེས་སུ་བསྲུང་བའི་ཕྱིར་ཡིན་པར་བལྟ་བར་བྱ་སྟེ། བསོད་སྙོམས་པ་གང་དག་གྲོང་དུ་བསོད་སྙོམས་ལ་ཞུགས་པ་ན་བསོད་སྙོམས་མ་ཐོབ་པར་གྱུར་པའི་ཚེ་དེ་འདི་སྙམ་དུ་སེམས་པར་བྱེད་དེ། བསོད་ནམས་ཀྱི་ཚོགས་ལེགས་པར་བསགས་པའི་དེ་བཞིན་གཤེགས་པ་དེ་ཉིད་ཀྱང་ཇི་ལྟར་ལྷུང་བཟེད་བཀྲུས་པ་བཞིན་དུ་ཕྱིར་ལོག་ན་ཡང་བདག་ལྟ་བུ་དགེ་བའི་རྩ་བ་ཤིན་ཏུ་ཆུང་བ་ལྟ་ཅི་ཞིག་ཡིན་སྙམ་དུ་སེམས་སོ། །བདུད་ལ་ཡང་བཅོམ་ལྡན་འདས་ཀྱི་བསོད་ནམས་ཀྱི་བར་ཆད་བྱ་བའི་ནུས་པ་ཡོད་པ་མ་ཡིན་ནོ། །འོན་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཉིད་དུ་བལྟ་བར་བྱ་སྟེ། དེར་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པས་ཆོས་སྟོན་ཆད་པར་གྱུར་པ་ན་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང་ལྷའི་བུ་གཞན་དག་གིས་ཀྱང་། འདི་དག་གི་སེམས་ཞུམ་པའམ། ཉམས་པའམ། ཡིད་མི་བདེ་བར་མ་གྱུར་ཏམ་ཞེས་སེམས་ཀྱིས་སེམས་ལ་བལྟས་པས་ན་བཅོམ་ལྡན་འདས་དང་། ཉན་ཐོས་ཀྱི་དགེ་འདུན་དེ་རྣམས་ཀྱི་སེམས་ཡིད་མི་བདེ་བའམ། དམན་པར་མ་གྱུར་པས་ལྷའི་བུ་སྟོང་ཕྲག་བདུན་ཅུས་སེམས་རབ་ཏུ་དང་བས་ཕྱག་འཚལ་ཏེ། ཆོས་བསྟན་པ་ཐོས་ནས་དེ་རྣམས་ཀྱི་ཆོས་ཀྱི་མིག་དག་པར་གྱུར་པ་ཡིན་ནོ། །ཟླ་བ་གསུམ་དུ་ནས་གསོལ་བ་ཡང་དེ་བཞིན་གཤེགས་པས་ཁྱིམ་བདག་དང་། བྲམ་ཟེ་རྣམས་ཀྱིས་ང་མགྲོན་དུ་བོས་ནས་ཕྱིས་བལྟ་བར་མི་འགྱུར་རོ་ཞེས་མཁྱེན་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེར་གཤེགས་པ་ཡིན་ནོ། །གང་རྟ་ལྔ་བརྒྱ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བཅས་པ་དེ་དག་ལ་ཟླ་བ་གསུམ་དུ་རྟ་ཆས་གསོལ་བ་དེ་དག་ནི་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་པ་སྡིག་པའི་གྲོགས་པོའི་དབང་དུ་གྱུར་པས་སྡིག་པའི་ལས་བྱས་ཤིང་། དེས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཡིན་ནོ། །གང་ཡང་རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན་རྟ་ཅང་ཤེས་སུ་གྱུར་ 98-324a པ་དེ་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་སྨོན་ལམ་གྱི་དབང་གིས་བསམས་བཞིན་དུ་རྟ་དེ་དག་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེར་སྐྱེས་པ་ཡིན་ཏེ། རྟ་ཅང་ཤེས་དེའི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱང་སྔོན་གྱི་སྐྱེ་བ་དྲན་པར་གྱུར་ཅིང་། བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་ཡང་དེ་དག་ཡོངས་སུ་གཟུང་བའི་ཕྱིར་དེར་གཤེགས་པ་ཡིན་ལ། རྟ་ལྔ་བརྒྱ་པོ་དེ་དག་ཀྱང་རིམ་གྱིས་དུས་བྱས་པར་གྱུར་པ་ན། དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིང་། ལྷར་གྱུར་ནས་ཡང་དེ་བཞིན་ གཤེགས་པ་ལ་མཆོད་པ་བྱས་ཤིང་། ཆོས་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །རྟ་དེ་དག་གི་རྟ་རྫི་ཡང་རང་སངས་རྒྱས་སུ་ལུང་བསྟན་ཏོ། །གླང་ཆེན་དུལ་བར་བྱ་ཕྱིར་དང་། །འགྲོ་བ་རྣམས་ནི་གདུལ་བའི་ཕྱིར། བཅོམ་ལྡན་གྲོང་ཁྱེར་གཤེགས་པ་ ཡིན། །ཐུབ་པ་བཅོམ་ལྡན་མི་མཁྱེན་མིན། །ལྷས་བྱིན་གྱིས་ནི་སྒྱོགས་འཕངས་པ། །དེ་ཡང་འགྲོ་ལ་ཕན་ཕྱིར་ཏེ། །གཞན་གྱི་གནོད་ལས་གྲོལ་བ་ཡི། །ཆེ་བའི་བདག་ཉིད་བསྟན་པ་ཡིན། །སྐྱེས་བུ་ལྔ་བརྒྱ་བརྟེན་པའི་རྡོ། །ཆེན་པོ་འཕངས་པར་གྱུར་པ་ནི། །གནོད་སྦྱིན་ཀིམ་པས་དེ་མཐོང་ནས། ། རང་གི་ལུས་ལ་བཟེད་པ་ཡིན། །ལྷ་དང་ལྷ་མིན་རྣམས་དང་ནི། །སྟོང་ཕྲག་དག་ནི་བརྒྱ་སྙེད་ཀྱིས ། །དད་པའི་དབང་པོ་སོགས་ཐོབ་ནས། །སྲིད་པ་ལས་ནི་གྲོལ་བར་འགྱུར། །ལྷ་སྦྱིན་ཁྱིམ་ན་གནས་ན་ནི། །འཁོར་ལོས་སྒྱུར་བའི་སྟོབས་ལྡན་ཞིང་། །འཁོར་དང་སྟོབས་ནི་ཐོབ་གྱུར་ནས། ། བསྟན་པ་འདི་ནི་ཉམས་པར་བྱེད། །བློ་ངན་འདི་ནི་རབ་བྱུང་ན། །ང་ལ་ཅི་ཡང་བྱེད་མི་ནུས། །དེ་ལྟར་སྟོན་པས་གཟིགས་ནས་ནི། །རབ་ཏུ་བྱུང་བ་མ་བཟློག་གོ། །ཆོ་འཕྲུལ་དག་ནི་མཐོང་འགྱུར་ཞིང་། །ཆོས་ནི་ཐོས་པར་གྱུར་ནས་འདི། །བསོད་ནམས་སོགས་པར་གཟིགས་གྱུར་ནས། །རྒྱུ་སྐར་ བཟང་པོ་བཞག་པ་ཡིན། །ལྷག་སྤྱོད་ཤི་བར་གྱུར་པ་ཡང་། །བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཁོ་ན་ཡིན་ནོ། །འོན་ཀྱང་དེ་ནི་འཇིག་རྟེན་ཕལ་ཆེར་གྱི་སྟོན་པ་ཡིན་པར་འདོད་ལ། ཡང་དག་པའི་སྟོད་པ་ནི་དེ་མ་ཡིན་ཏེ། གང་གི་ཕྱིར་རངས་བྱེད་ཀྱི་བུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་བསྐལ་ 98-324b པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་གནས་ནས་དེ་ནས་འཕོས་ནས་འདིར་གནས་ཤིང་བསམ་གཏན་བྱེད་པ་ན་བྱི་བའི་སྒྲས་གནོད་པར་གྱུར་པས། ཞེ་སྡང་སྐྱེས་པར་གྱུར་ཅིང་། འདོད་པས་བྱི་ལར་སྐྱེས་ནས་སྲོག་ཆགས་མང་པོ་གསོད་པར་བྱེད་ཅིང་བྱི་ལར་སྐྱེས་པ་ཡིན་ནོ། །དེ་ལ་བདག་ཉིད་བླ་ན་མེད་ པའི་སྟོན་པ་ཡིན་པར་བསྟན་པར་བྱ་བའི་ཕྱིར་དང་། རང་ཉིད་ཀྱིས་ཉམས་སུ་མྱོང་བའི་ཆོས་བདུད་རྩི་ནི་མཁས་པ་ཤེས་པ་དང་ལྡན་པས་རིག་པར་བྱ་བ་ཡིན་པར་བསྟན་པའི་ཕྱིར་དང་། བདག་ཉིད་ཀྱི་སྔོན་གྱི་སློབ་དཔོན་ཡིན་པས་ཇི་ལྟར་རྙེད་པའི་ཆོས་བདུད་རྩི་བགོ་བཤའ་མཛད་ཅིང་བྱས་པ་མཁྱེན་པ་ ཡིན་ནོ་ཞེས་ཇི་ལྟར་དེར་འདུས་ཤིང་འཚོགས་པའི་ལྷ་དང་ཀླུ་ལ་སོགས་པས་ཤེས་པར་བྱ་བའི་ཕྱིར་ལྷག་སྤྱོད་དང་། རིང་ཕུར་རྗེས་སུ་དྲན་པར་མཛད་པ་ཡིན་ནོ། །ལྷ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་སྐབས་གནང་བས་ཐུགས་ལ་བལྟས་ནས། དེ་དག་ནི་ཤི་ནས་ཞག་བདུན་དང་ཉི་མ་གསུམ་ལོན་ ནོ་ཞེས་གསོལ་བ་ཡིན་གྱི། གཞན་དུ་ན་བཅོམ་ལྡན་འདས་ཀྱི་ཐུགས་ནི་སུས་ཀྱང་ཤེས་པར་མི་ནུས་སོ། །ལྔ་སྡེ་དང་། བཟང་པོའི་སྡེ་གང་ན་ཡོད་ཅེས་རྨེད་པ་འདི་ཡང་འདི་དག་ལས་མ་གཏོགས་པ་གཞན་ནི་ཆོས་ཟབ་མོ་འདིའི་སྣོད་མ་ཡིན་ནོ་སྙམ་ནས་ཆོས་ཀྱི་སྣོད་ཡིན་པའི་དབང་དུ་མཛད་ནས་ཡིན་ལ། ལྷ་རྣམས་ཀྱིས་ཀྱང་ཐུགས་ཤེས་ནས། ལྷ་དག་གིས་སྨྲས་པ་ན། ལྷ་དག་དང་སེམས་ཅན་གཞན་མང་པོ་དག་གིས་ཀྱང་ངེས་པར་དེ་ལྟར་འཛིན་པར་བྱེད་པས་དེ་ལྟ་བུའི་ཐབས་ལ་མཁས་པས་ཡིན་གྱི། བཅོམ་ལྡན་འདས་ཀྱིས་མི་མཁྱེན་པ་ནི་མ་ཡིན་ནོ། །ཤིང་གི་ཕུང་པོ་ལྟ་བུའི་མདོ་སྡེ་བསྟན་པ་ཡང་བསམ་པ་ངན་པ་ཅན་གྱི་དགེ་སློང་དྲུག་ཅུ་དང་། ཚེ་ཟད་པའི་དགེ་སློང་དྲུག་ཅུ་དང་། འདོད་ཆགས་ཤིན་ཏུ་དྲག་པའི་དགེ་སློང་དྲུག་ཅུ་ངན་སོང་དུ་སྐྱེ་བར་གཟིགས་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཛད་དེ། དེ་རྣམས་ཀྱིས་ཆོས་བསྟན་པ་ཐོས་ནས་ཤི་འཕོས་ནས་ཁྱད་པར་ཅན་གྱི་འགྲོ་བར་སྐྱེས་པར་གྱུར་པ་ཡིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་བསྟན་པ་ཡང་ཐབས་ལ་མཁས་པ་ཡིན་གྱི། མི་མཁྱེན་པ་ནི་མ་ཡིན་ཏེ། ཇི་ལྟ་ཞེ་ན། མཉན་ཡོད་འདི་ཉིད་དུ་སྐྱེས་བུ་སྲིད་པ་ཐ་མ་ཉི་ཤུ་ཞིག་དགྲར་གྱུར་པ་ཉི་ཤུས་གསོད་པར་འདོད་པར་གྱུར་ལ། དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ 98-325a མཐུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་བཞི་བཅུ་པོ་དེ་དག་གདུལ་བའི་དུས་ལ་བབ་པ་དང་དེའི་དུས་སུ་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་ལ་ཕན་པར་ཡང་གཟིགས་ནས། སེང་ལྡེང་གི་ཚལ་པ་དེ་ཡང་བསྟན་ནས་བཀའ་སྩལ་པ། སེང་ ལྡེང་གི་ཚལ་པ་འདི་ངའི་ཞབས་ལ་འཛུགས་པར་འགྱུར་རོ། །དེ་ནས་མཽད་གལ་གྱི་བུ་ཆེན་པོས་གསོལ་པ། བདག་གིས་འདི་འཇིག་རྟེན་གྱི་ཁམས་གཞན་དུ་བསྐྱུར་བར་བགྱིའོ་ཞེས་སེང་ལྡེང་གི་ཚལ་པ་ལ་འཇུས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་གྱུར་ཅིང་སྟེང་དུ་འབྱུང་བར་གྱུར་ཀྱང་དེའི་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་ཡང་བསྐྱོད་པར་མ་ནུས་སོ། །དེ་ནས་དེ་བཞིན་གཤེགས་པ་ཉིད་གདན་ལ་བཞུགས་བཞིན་དུ་ཕྱག་གཡས་པས་ཞབས་བཟུང་ནས་སེང་ལྡེང་གི་ཚལ་པ་དེའི་སྟེང་དུ་བཞག་གོ། །དེས་རྡོ་རྗེའི་སྙིང་པོ་ལྟ་བུ་ཕུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ངས་སྔོན་རྒྱ་མཚོའི་ནང་དུ་ཚོང་པ་ཞིག་མདུང་གིས་བརྒྱབ་ནས་བསད་དེ། ལས་དེའི་ལྷག་མ་འདི་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་གསོད་འདོད་པའི་སྐྱེས་བུ་ཉི་ཤུ་པོ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཆོས་ཀྱི་རྗེ་ཉིད་ལ་ཡང་རེ་ཞིག་འདི་ལྟར་ལས་རྣམས་སྨིན་པར་འགྱུར་ན། ཅིའི་ཕྱིར་ན་བདག་ཅག་ལ་འབྱུང་བར་མི་འགྱུར་སྙམ་ནས་དེ་རྣམས་ཀྱིས་དེ་བཞིན་གཤེགས་པའི་མདུན་དུ་ཉེས་པ་བཤགས་པ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ངེས་པར་སྲོག་གཅོད་པའི་ལས་ཐར་བར་མཛད་དོ་ཞེས་གསོལ་ཏེ། དེ་ནས་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་ཆོས་བསྟན་པ་མཛད་པས་སྐྱེས་བུ་བཞི་བཅུ་པོ་གང་ཡིན་པ་རྣམས་ཀྱིས་ནི་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །མིང་དང་རིགས་ལ་སོགས་པས་མ་བསྟན་ཀྱང་བསམ་པ་ངན་པ་སེམས་པ་སྨྲ་བ་ངན་པ་སྨྲ་བ། བྱ་བ་ངན་པ་བྱེད་པའི་བྱིས་པ་ནི་ཐམས་ཅད་མཁྱེན་པ་སུན་འབྱིན་པ་ཡིན་ཞེས་བསྟན་པ་ཡིན་པས་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་བཞིན་དུ་ནད་པ་ལ་ནད་དྲི་བ་ལ་སོགས་པ་ཡང་རྒྱས་པར་ཐབས་ལ་མཁས་པའི་མདོ་ལས་ཤེས་པར་ 98-325b བྱའོ། །དབུ་མའི་སྙིང་པོ་ལས་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པར་བསྟན་པ་སྟེ་ལེའུ་བཅུ་པའོ།། །།༄། །བཅུ་གཅིག་པ། བསྟོད་པ་དང་མཚན་བསྟན་པའི་ལེའུའི་འགྲེལ་པ། བསྟན་བཅོས་བྱེད་པས་དོན་བྱ་བ་བྱས་ཟིན་ན་བསྟན་བཅོས་ཡོངས་སུ་རྫོགས་པར་སྟོན་པ་ལ་མངོན་པར་བསྟོད་པ། ཐ་སྙད་ལ་ཡང་རྨོངས་གྱུར་པ། །ལྟ་བའི་ཕྲེང་འཁྲུགས་འགྲོ་རྣམས་ལས། །གཉིས་མེད་དེ་ཉིད་ནམ་མཁའ་འདྲ། །སྐལ་ལྡན་སེམས་ཅན་བཀྲི་ཕྱིར་དང་། །འཇིག་རྟེན་གཉིས་ལ་ཕན་གདགས་ཕྱིར། །གང་གིས་འཇིག་རྟེན་ཀུན་རྫོབ་ནི། །འཇིག་རྟེན་འདས་ཀྱང་སྟོན་མཛད་པ། །འཇིག་རྟེན་རེག་པ་དེ་ལ་འདུད། །ཐ་སྙད་དེ་ནི་ཐ་སྙད་དུ་བྱེད་པ་སྟེ་འཇིག་རྟེན་གྱི་ཀུན་རྫོབ་པོ། །དེ་ལ་ཡང་རྨོངས་པ་ནི་འགྲོ་བ་རྣམས་ཏེ། ཇི་ལྟ་ཞེ་ན། ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་ཀྱི་ཕྲེང་བའི་དྲ་བས་ཀུན་ནས་འཁྲུགས་པའི་ཕྱིར་རོ། །ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་གང་ཡིན་ཞེ་ན། མདོ་སྡེ་ཚངས་པའི་དྲ་བ་ལས་གསུངས་པ་སྟེ། འདི་ལྟར་སྔོན་གྱི་མཐའ་ལ་རྟོག་པའི་མུ་སྟེགས་ནི་བཅོ་བརྒྱད་དེ། དེ་རྣམས་ལས་བཞི་ནི་རྟག་པར་སྨྲ་བའོ། །བཞི་ནི་གཞན་འགའ་ཞིག་རྟག་པར་སྨྲ་བའོ། །བཞི་ནི་མཐའ་དང་ལྡན་པ་དང་མཐའ་དང་མི་ལྡན་པར་སྨྲ་བའོ། །བཞི་ནི་ངག་གི་རྣམ་པར་གཡེང་བ་ཅན་ནོ། །གཉིས་ནི་རྒྱུ་མེད་པར་འབྱུང་བར་སྨྲ་བ་སྟེ་དེ་ལྟར་བཅོ་བརྒྱད་དོ། །ཕྱི་མའི་མཐའ་ལ་རྟོག་པ་ནི་བཞི་བཅུ་རྩ་བཞི་སྟེ། དེ་རྣམས་ལས་བཅུ་དྲུག་ནི་འདུ་ཤེས་དང་ལྡན་པར་སྨྲ་བའོ། །བརྒྱད་ནི་འདུ་ཤེས་མེད་པར་སྨྲ་བའོ། །བརྒྱད་ནི་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བའོ། །ལྔ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བའོ། །བདུན་ནི་ཆད་པར་སྨྲ་བ་སྟེ་དེ་ལྟར་བཞི་བཅུ་རྩ་བཞི་ཡིན་ནོ། །དེ་ལ་རྟག་པར་སྨྲ་བ་བཞི་ནི། འདི་ལས་ཕྱི་རོལ་དུ་གྱུར་པའི་དགེ་སྦྱོང་དང་བྲམ་ཟེ་འབའ་ཞིག་འཇིག་རྟེན་པའི་ཡང་དག་པའི་ཚུལ་བཞིན་ཡིད་ལ་བྱེད་པ་གོམས་པར་བྱས་པ་ལས། བློ་དམན་པ་དང་། འཇིག་པ་དང་། ཆགས་པའི་བསྐལ་པ་སུམ་ཅུ་རྗེས་སུ་དྲན་པར་འགྱུར་ལ། དེའི་ཕྱི་རོལ་ལ་ཤེས་པ་མི་འཇུག་པ་ཡང་ཡོད་དོ། །བློ་འབྲིང་པོ་འགའ་ཞིག་ནི་འཇིག་པ་དང་ཆགས་པའི་བསྐལ་པ་དྲུག་ཅུ་རྗེས་སུ་དྲན་པ་ཡོད་དོ། །དེ་ལས་གཞན་པ་བློ་རྣོན་པོ་དག་གིས་ནི་བསྐལ་པ་དགུ་བཅུ་རྗེས་སུ་དྲན་པ་ཡང་ཡོད་ལ་དེའི་ཕ་རོལ་ན་ནི་འཇིག་རྟེན་པ་ 98-326a མེད་དོ། །ཡང་གཞན་དག་ལྷའི་མིག་གིས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་མཐོང་བ་ཡང་ཡོད་དེ། དེ་རྣམས་ནི་རྒྱུ་བཞི་པོ་འདིས་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ཁོ་ན་འཁོར་བར་རྒྱུག་ཅིང་འཁོར་གྱི། སེམས་ཅན་གཞན་ནི་མེད་པས་ཉུང་བ་ཡང་མ་ཡིན་མང་བ་ཡང་མ་ཡིན་ཏེ། དེས་ན་བདག་དང་འཇིག་རྟེན་ནི་རྟག་པ་མ་ཡིན་ནོ་སྙམ་དུ་ཤེས་སོ་ཞེས་སྨྲ་བ་དག་གོ། །འགའ་ཞིག་རྟག་པར་སྨྲ་བ་བཞི་ནི་འདི་ལྟར་འཇིག་རྟེན་ཆགས་པར་གྱུར་པ་ན་ཚེ་ཟད་པ་དང་། ལས་ཟད་པ་དང་། བསོད་ནམས་ཟད་པའི་སེམས་ཅན་འགའ་ཞིག་འོད་གསལ་གྱི་ལྷ་ལས་ཤི་འཕོས་ནས་ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེས་པ་ན་དེ་བོང་ཚོད་དང་གཟུགས་དང་སྟོབས་དང་ལྡན་པར་འགྱུར་ཞིང་ཚེ་རིང་རིང་དུ་གནས་པས་དེ་དུས་རིང་པོར་གནས་ཤིང་འདས་པ་ན། ཨེ་མའོ་འདིར་སེམས་ཅན་གཞན་ཞིག་སྐྱེས་པར་གྱུར་ན་ཅི་མ་རུང་སྙམ་པའི་དགའ་བ་སྐྱེ་བར་འགྱུར་རོ། །དེ་ནས་ཚེ་དང་ལས་དང་བསོད་ ནམས་ཟད་པའི་སེམས་ཅན་འགའ་ཞིག་འོད་གསལ་ནས་ཤི་འཕོས་ནས་ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེ་བར་འགྱུར་རོ། །དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ཚངས་པ་འདིས་སྤྲུལ་ལོ་སྙམ་མོ། །ཚངས་པ་ཡང་འདི་སྙམ་དུ་བདག་གིས་འདི་དག་བསྐྱེད་དོ་སྙམ་དུ་སེམས་སོ། །དེ་ནས་འགའ་ཞིག་ཤི་འཕོས་ནས་འདིར་སྐྱེས་པར་གྱུར་ལ། ཁྱིམ་སྤངས་ནས་རབ་ཏུ་བྱུང་ཞིང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ནོ། །དེ་དག་འདི་སྙམ་དུ་གང་སྤྲུལ་པར་བྱེད་པའི་ཚངས་པ་དེ་ནི་རྟག་པ་ཉིད་ཡིན་ལ། ཡང་བདག་ཅག་ནི་དེས་སྤྲུལ་པ་མི་རྟག་པ་ཉིད་ཡིན་ནོ་སྙམ་དུ་སེམས་ལ། ཚངས་པ་དེ་ལ་ཡང་སྡིག་པ་ཅན་གྱི་ལྟ་བ་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གངས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་དང་། གང་ཡང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་། ལུས་ཞེས་བྱ་བའི་དབང་པོའི་ཆོས་འདི་རྣམས་ནི་མི་རྟག་པ་མི་བརྟན་པ་ཐེར་ཟུག་པ་མ་ཡིན་པའོ། །གང་སེམས་དང་། ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་འདི་རྣམས་ནི་རྟག་པ་བརྟན་པ་ཐེར་ཟུག་པའོ་ཞེས་སྟོན་པར་བྱེད་ལ། དེ་ནས་འགའ་ཞིག་ནི་ཤི་འཕོས་ནས་འདིར་སྐྱེས་ལ། རབ་ཏུ་བྱུང་ཞིང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྔོན་གྱི་སྐྱེ་གནས་རྗེས་སུ་དྲན་པར་འགྱུར་ལ། དེ་ཉིད་ཀྱིས་ཚངས་པའི་སྡིག་ 98-326b པ་ཅན་གྱི་ལྟ་བ་དེ་ས་ལ་སོགས་པ་ནི་ཐེར་ཟུག་པ་མ་ཡིན་ལ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ནི་ཐེར་ཟུག་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རྩེད་མོས་ཤེས་བཞིན་མ་ཡིན་པ་ཅན་ཞེས་བྱ་བའི་ལྷ་ཡོད་དེ་དེ་དག་ག་ཞ་དང་། རྩེད་མོའི་དགའ་བ་ལ་ཤིན་ཏུ་གནས་པར་གྱུར་པ་ན་དེ་དག་གི་དྲན་པ་དང་ཤེས་བཞིན་མེད་པར་གྱུར་ནས་ལུས་ཤི་འཕོས་པར་གྱུར་ཏེ། འདིར་སྐྱེས་པ་དང་། སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་ནས་འདི་ལྟར་གང་དག་ག་ཞ་དང་། རྩེད་མོའི་དགའ་བ་ལ་ཤིན་ཏུ་མི་དགའ་བ་དེ་དག་ནི་རྟག་པ་ཡིན་ནོ། །ཡང་ཁོ་བོ་ཅག་ནི་དུས་རིང་པོར་ག་ཞ་དང་། རྩེད་མོའི་དགའ་བ་ལ་གནས་པས་དེ་ནས་ཤི་འཕོས་པ་ཡིན་པས་མི་རྟག་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཡང་ཡིད་ཀྱི་སྡང་བ་ཅན་ཞེས་བྱ་བའི་ལྷ་ཡོད་དོ། །དེ་དག་དུས་རིང་པོར་གཅིག་ལ་གཅིག་ཕན་ཚུན་ལྟ་ཞིང་ཡིད་ཀྱི་སྣང་བས་སྡང་བར་བྱེད་དོ། །དེ་ནས་ལུས་ཤི་འཕོས་པར་གྱུར་ཅིང་། འདིར་སྐྱེས་པར་གྱུར་ནས་རབ་ཏུ་བྱུང་ཞིང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་པ་དང་། འདི་སྐད་དུ། གང་ཕན་ཚུན་ཡིད་སྡང་བར་མི་བྱེད་པ་དེ་ནི་རྟག་པའོ། །ཡང་ཁོ་བོ་ཅག་ནི་ཕན་ཚུན་ཡིད་སྡང་བར་བྱས་པས་དེ་ནས་ཤི་འཕོས་པ་ཡིན་པས་མི་རྟག་པ་ཡིན་ནོ་ཞེས་ཟེར་རོ། །མཐའ་དང་ལྡན་པ་དང་མཐའ་དང་མི་ལྡན་པར་སྨྲ་བ་བཞི་ནི་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་དང་འགའ་ཞིག་བདག་དང་འཇིག་རྟེན་གྱི་མཐའ་ལ་ལྟ་བར་བྱེད་པ་ན་ཤེས་པ་ཆུང་བ་ཡིན་པའི་ཕྱིར། གང་ཕན་ཆད་ཤེས་པ་མི་འཇུག་པ་དེ་ལ་མཐའ་ཡིན་ནོ་ཞེས་རབ་ཏུ་སྨྲ་བར་བྱེད་དོ། །ཡང་ཁ་ཅིག་ནི་སེམས་ཀྱི་ཏིང་ངེ་འཛིན་གྱིས་སྟེང་དང་། འོག་དང་། ཐད་ཀར་ཡང་འཇིག་རྟེན་གྱི་མཐའ་མཐོང་བར་མ་གྱུར་པ་ན། འཇིག་རྟེན་ནི་མཐའ་དང་མི་ལྡན་པའོ་ཞེས་སྨྲ་བར་བྱེད་དོ། །ཁ་ཅིག་ནི་མིའི་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡིན་ལ། ཚངས་པའི་འཇིག་རྟེན་ནི་མཐའ་དང་མི་ལྡན་པ་ཡིན་པས་དེས་ན་འཇིག་རྟེན་ནི་ མཐའ་དང་ལྡན་པ་ཡང་ཡིན། མཐའ་དང་མི་ལྡན་པ་ཡང་ཡིན་ནོ་ཞེས་འདོད་དོ། །ཡང་དགེ་སྦྱོང་དང་བྲམ་ཟེ་རྟོག་གེ་དང་ལྡན་པ། དཔྱོད་པ་དང་ལྡན་པར་གྱུར་པ་འགའ་ཞིག་ནི་དེས་རྟོག་གེ་དང་རབ་ཏུ་ལྡན་པའི་བློས་འདི་ལྟར་དཔྱོད་དེ། གང་རེ་ཞིག་འཇིག་རྟེན་མཐའ་དང་ལྡན་ཞེས་ཟེར་བ་དེ་ 98-327a རྣམས་ཀྱི་ཤེས་པ་ཡང་མི་བདེན་པ་ཡིན་ལ། ད་ལྟ་གང་ཡང་འཇིག་རྟེན་མཐའ་དང་མི་ལྡན་ཞེས་ཟེར་བ་ཡང་མི་བདེན་པ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་འདིའི་ཚད་གཞལ་བར་ མི་ནུས་པ་དེའི་ཕྱིར་ན་མཐའ་དང་ལྡན་པ་ཡང་མ་ཡིན་ལ། འདི་ལྟར་ཚངས་པ་ལ་སོགས་པ་ནས་ལྗང་བའི་བར་ལ་མཐའ་ཡོད་པས་དེས་ན་མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །ངག་གི་རྣམ་པར་གཡེང་བ་ཅན་བཞི་ནི་འདིར་འགའ་ཞིག་ལ་དགེ་བ་དང་མི་དགེ་བའི་འབྲས་བུ་ཅི་ཡོད་པ་ཞིག་ཡིན་ནམ།མེད་པ་ཞིག་ཡིན་ཞེས་དྲི་བ་དྲིས་པ་ན། དེ་རྡུགས་ཀྱི་དོགས་པའི་འཇིགས་པས་རྡུགས་ན་མི་རུང་ངོ་སྙམ་ནས་ཚིག་གིས་གཡེང་བར་བྱེད་དེ། དེ་ལྟ་བུ་ཡང་མ་ཡིན། དེ་བཞིན་དུ་ཡང་མ་ཡིན་གཞན་ཡང་མ་ཡིན་འདི་ཡང་མ་ཡིན་དེ་ཡང་མ་ཡིན་འདི་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སྨྲ་བར་བྱེད་དེ། དེ་བཞིན་དུ་ཅི་འཇིག་རྟེན་ཕ་རོལ་ཡོད་དམ་མེད་ཅེས་དྲིས་པ་ན། གལ་ཏེ་རེ་ཞིག་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་སྨྲ་ན་ནི་བདག་གི་མངོན་སུམ་དུ་མ་གྱུར་ལ། འོན་ཏེ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་སྨྲ་ན་ཡང་། ལྷའི་མིག་དང་ལྡན་པ་འཇིག་རྟེན་ཕ་རོལ་རིག་པ་དག་ཡོད་པས། དེས་བདག་རྡུགས་པར་བྱས་ པར་འོང་ངོ་ཞེས་བརྫུན་སྨྲས་ན་འཇིགས་པས་དེ་ལྟར་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གཡེང་བར་བྱེད་དོ། །དེ་བཞིན་དུ་འགའ་ཞིག་ལ་འདི་ལྟར་དགེའམ་ཞེས་དྲིས་པ་ན་བདག་གིས་ངེས་པར་དགེ་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། བདག་གིས་ངེས་ པར་ཤེས་ཤིང་མཐོང་ཡང་དགེ་བ་ནི་འདི་ལྟ་བུའོ་ཞེས་ལུང་བསྟན་ན་ཡང་བདག་དེ་ལ་ཕན་འདོགས་པར་འགྱུར་ལ། ཤེས་ཤིང་མཐོང་ལ་ལུང་དུ་མ་བསྟན་ན་ཡང་བདག་དེས་ཚར་གཅོད་པར་འགྱུར་བས་དེ་ལྟར་ན་ཕན་འདོགས་པ་དང་། ཚར་གཅོད་པའི་འཇིགས་པས་དེ་ལྟར་ཡང་མ་ཡིན་ཞེས་ བྱ་བའི་ཚིག་གིས་གང་ཟག་གཡེང་བར་བྱེད་དོ། །དེ་བཞིན་དུ་འགའ་ཞིག་ཤིན་ཏུ་ཞུམ་ཞིང་རྨོངས་པར་གྱུར་པ་དེ་ལ་དྲིས་པ་ན་མཐུན་པས་ལན་འདེབས་པར་མི་ནུས་པ་ཡིན་པའི་ཕྱིར་དེ་ལྟར་ཡང་མ་ཡིན། དེ་བཞིན་དུ་ཡང་མ་ཡིན། གཞན་དུ་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་ 98-327b བའི་ཚིག་གིས་རྣམ་པར་གཡེང་བར་བྱེད་པའོ། །རྒྱུ་མེད་པ་ལས་འབྱུང་བར་སྨྲ་བ་གཉིས་ནི་འདུ་ཤེས་མེད་པའི་སེམས་ཅན་ཞེས་བྱ་བའི་ལྷ་ཡོད་དེ། དེ་དག་ལ་ནི་འདུ་ཤེས་འབྱུང་བར་གྱུར་པ་ཙམ་གྱིས་ལུས་འཆི་འཕོ་བར་འགྱུར་རོ། །དེ་དག་ལས་ཁ་ཅིག་འདིར་སྐྱེས་པར་གྱུར་པ་ལ་རབ་ཏུ་བྱུང་ ཞིང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་ལ། འདི་སྐད་དུ་བདག་སྔོན་མེད་པ་ལས་བྱུང་བ་ཡིན་པའི་ཕྱིར། དེས་ན་བདག་ནི་མེད་པ་ལས་བྱུང་བ་ཡིན་ཏེ། རྒྱུ་མེད་པ་ལས་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ། །གང་རྟོག་གེ་པར་གྱུར་པ་ཁ་ཅིག་ནི་རྟོག་གེ་དང་བཅས་པའི་རིམ་གྱིས་རང་གིས་མཐོང་བ་དང་། རང་གི་སྤོབས་པས་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་ཞེས་སྨྲས་ཏེ། དེ་ལྟར་ན་སྔོན་གྱི་མཐའ་ལ་རྟོག་པ་བཅོ་བརྒྱད་པ་ཡིན་ནོ། །ཕྱི་མའི་མཐའ་ལ་བརྟེན་པ་འདུ་ཤེས་སུ་སྨྲ་བ་བཅུ་དྲུག་ནི་བདག་དང་འཇིག་རྟེན་ནི་གཟུགས་ཅན་འདུ་ཤེས་དང་ལྡན་པའོ་ཞེས་བྱ་བ་དང་། བདག་ནི་གཟུགས་མེད་པ་འདུ་ཤེས་དང་ལྡན་པའོ་ཞེས་བྱ་བ་དང་། བདག་དང་འདུ་ཤེས་ནི་གཟུགས་ཅན་ཡང་ཡིན་གཟུགས་མེད་པ་ཡང་ཡིན་ཞེས་བྱ་བ་དང་། བདག་དང་འདུ་ཤེས་ནི་གཟུགས་ཅན་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་བྱ་བ་དང་བདག་འདུ་ཤེས་ཅན་ནི་མཐའ་དང་ལྡན་པའོ་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་ནི་མཐའ་དང་མི་ལྡན་པའོ་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་ནི་མཐའ་དང་ལྡན་པ་ཡང་མིན་མཐའ་དང་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་བདག་འདུ་ཤེས་ཅན་ནི་གཅིག་ཏུ་བདེ་བ་ཞེས་བྱ་བ་དང་། གཅིག་ཏུ་སྡུག་བསྔལ་ཞེས་བྱ་བ་དང་། བདེ་བ་ཡང་ཡིན་སྡུག་བསྔལ་བ་ཡང་ཡིན་ཞེས་བྱ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་གཅིག་པུའོ་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་དུ་མའོ་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་མཐའ་མེད་པའོ་ཞེས་བྱ་བ་དང་། བདག་འདུ་ཤེས་ཅན་ནི་ཚད་མེད་པའོ་ཞེས་ 98-328a བྱ་བ་འདི་རྣམས་ཉིད་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་དང་། འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི་བདག་དང་འཇིག་རྟེན་འདུ་ཤེས་མེད་པ་གཟུགས་ཅན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་གཟུགས་མེད་པའོ་ཞེས་བྱ་བ་དང་། གཟུགས་ཅན་ཡང་ཡིན་གཟུགས་མེད་པ་ཡང་ཡིན་ཞེས་བྱ་བ་དང་། བདག་འདུ་ཤེས་མེད་པ་ནི་གཟུགས་ཅན་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ཞེས་བྱ་བ་དང་། བདག་མཐའ་དང་ལྡན་པ་དང་། བདག་མཐའ་དང་མི་ལྡན་པ་དང་མཐའ་དང་ལྡན་པ་ཡང་ཡིན་མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། བདག་འདུ་ཤེས་མེད་པ་ནི་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་དག་གོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྨྲ་བ་བརྒྱད་ནི་བདག་གཟུགས་ཅན་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་པ་ཡང་མ་ཡིན་ཞེས་བྱ་བ་དང་། དེ་བཞིན་དུ་གཟུགས་ཅན་མ་ཡིན་པ་དང་གཟུགས་ཅན་ཡང་ཡིན་གཟུགས་ཅན་མ་ཡིན་པ་ཡང་ཡིན་ཞེས་བྱ་བ་དང་། གཟུགས་ཅན་ཡང་མ་ཡིན་གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་དང་མཐའ་དང་ལྡན་པ་ཡང་ཡིན་མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། བདག་འདུ་ཤེས་མེད་འདུ་ཤེས་མེད་མིན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་འདི་དག་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བ་ལྔ་ནི། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་འགའ་ཞིག་འདི་སྐད་དུ། གང་གི་ཚེ་བདག་འདོད་པའི་ཡོན་ཏན་ལྔ་མཚུངས་པར་ཐོབ་ཅིང་མཚུངས་པར་སྤྱོད་ལ་མཚུངས་པར་ལྡན་པར་གྱུར་ཅིང་། ཡོངས་སུ་སྤྱོད་པར་གྱུར་པ་དེའི་ཚེ་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་འདི་སྐད་སྨྲ་སྟེ། འདི་ཡང་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཡིན་ལ། འོན་ཀྱང་འདི་བས་མཆོག་ཏུ་གྱ་ནོམ་པ་འགའ་ཞིག་ཡོད་དེ། གང་ཡིན་ཞེ་ན། འདི་ལ་བདག་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་མངོན་པར་བསྒྲུབས་ནས་གནས་ཏེ། དེ་ལྟ་བུ་ནི་རེ་ཞིག་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་ཟེར་རོ་ 98-328b དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་མངོན་པར་བསྒྲུབས་ནས་གནས་པ་ནི་རེ་ཞིག་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཐོབ་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །ཆད་པར་སྨྲ་བ་བདུན་ནི་འདི་ན་འགའ་ཞིག་བདག་ནི་འབྱུང་བ་ཆེན་པོ་བཞི་ལས་ གྱུར་པའི་གཟུགས་ཅན་ཏེ། ཕ་དང་མ་ལས་བྱུང་བ་ཆད་ཅིང་ཉམས་པར་འགྱུར་བ་དེ་ཙམ་ཉིད་མ་ཡིན་པས་བདག་ནི་ཡང་དག་པར་ཆད་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་གང་གི་ཚེ་བདག་འདོད་པ་ན་སྤྱོད་པའི་ལྷའི་ལུས་ཁམ་གྱི་ཟས་ཀྱིས་འཚོ་བར་གྱུར་ཅིང་། རྣམ་པར་ འཇིག་པར་འགྱུར་བའི་ཕྱིར་བདག་ནི་ཡང་དག་པར་ཆད་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་ཡིད་ཀྱི་རང་བཞིན་གྱི་ལྷའི་ལུས་ཡན་ལག་དང་། ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ། དབང་པོ་མ་ཚང་བ་མེད་པ། རྣམ་པར་འཇིག་པར་འགྱུར་བ་དེ་ལྟ་བུ་ནི་བདག་ཡང་དག་པར་ ཆད་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལས་གཞན་པ་དག་ནི་གང་གི་ཚེ་བདག་གཟུགས་མེད། འདུ་ཤེས་ཀྱི་རང་བཞིན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་པར་གྱུར་པ་དང་། འདུ་ཤེས་ཀྱི་རང་བཞིན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་པར་གྱུར་པ་དང་། འདུ་ཤེས་ཀྱི་རང་བཞིན་ཅི་ཡང་ མེད་པའི་སྐྱེ་མཆེད་ཐོབ་པར་གྱུར་ཅིང་། རྣམ་པར་འཇིག་པར་གྱུར་པ་ནི་བདག་ཡང་དག་པར་ཆད་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་གྱིས་སྨྲས་པ། འདི་ཡང་ཡང་དག་པར་ཆད་པ་མ་ཡིན་གྱི། འོ་ན་ཇི་ལྟ་བུ་ཞེ་ན། གང་ཡང་བདག་གཟུགས་མེད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་ཐོབ་པར་གྱུར་ཅིང་། རྣམ་པར་འཇིག་པར་གྱུར་པ་དེ་ལྟ་བུ་ནི་བདག་ཡང་དག་པར་ཆད་པར་གྱུར་པ་ཡིན་ནོ་ཞེས་ཟེར་ཏེ། འདི་དག་ནི་ལྟ་བ་ངན་པའི་ཕྲེང་བ་དྲུག་ཅུ་རྩ་གཉིས་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དེ་དག་བདེན་པ་མ་ཡིན་ནོ་ཞེས་བྱ་བར་མཁྱེན་ནས་དེ་དག་ལས་རྣམ་པར་གྲོལ་བ་ཡིན་ནོ། ། འཇིག་རྟེན་ནི་དེ་དག་ལ་འཛིན་པ་ཉིད་ཡིན་པའི་ཕྱིར་མོངས་པར་གྱུར་པའོ། །ཤིན་ཏུ་རྨོངས་པར་གྱུར་པ་དེ་དག་ཉིད་དངོས་པོ་དང་། དངོས་པོ་མེད་པ་གཉིས་ལས་གྲོལ་བ། ནམ་མཁའ་དང་འདྲ་བ་གོས་པ་མེད་པའི་དོན་དམ་པའི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་བཀྲི་བར་བཞེད་པས་འཇིག་རྟེན་ 98-329a འདིར་ལྟ་བ་རྣམ་པར་དག་པར་བྱ་བ་དང་། འཇིག་རྟེན་ཕ་རོལ་དུ་ཕན་པ་དང་བདེ་བ་སྐྱེད་པས་འཇིག་རྟེན་གཉིས་ལ་ཕན་གདགས་པའི་ཕྱིར་ཏེ། དེའི་དོན་དུ་སྟེ། གང་གིས་ལྟ་བ་ངན་པར་ལྟུང་བའི་འཇིག་རྟེན་དང་ཐུན་མོང་མ་ཡིན་ལ། འཇིག་རྟེན་གྱི་ཡང་དག་པའི་ཀུན་རྫོབ་རྟེན་ཅིང་འབྲེལ་ པར་འབྱུང་བ་ཞེས་བྱ་བ་དངོས་པོ་མེད་པ་ཉིད་དུ་ཡོངས་སུ་མཁྱེན་པས་ཁམས་གསུམ་ལས་ཤིན་ཏུ་འདས་ཀྱང་སྟོན་པར་མཛད་པའོ། །འཇིག་པར་འགྱུར་བའི་དོན་གྱིས་ན་གང་གིས་དེ་ལྟར་མཁྱེན་པ་དེ་ལ་འདུད་དོ་ཞེས་བྱ་བ་ཕྱག་འཚལ་བའོ། །དེ་ལྟར་བསྟན་པའི་བསྟན་བཅོས་ཀྱི་མཚན་བརྗོད་པའི་སྒོ་ནས་ཡོངས་སུ་རྫོགས་པར་བསྟན་པ། དེ་ལྟར་འདི་ནི་དབུ་མ་ཡི། །སྙིང་པོ་མདོར་བསྡུས་བྱས་པ་ཡིན། །བློ་ལྡན་མདོ་སྡེ་དུ་མ་ཡི། །གཟུགས་བརྙན་ལྟ་བའི་མེ་ལོང་ཡིན། །དེ་ལྟར་ཞེས་བྱ་བ་ནི། བཤད་མ་ཐག་པའི་རིམ་པས་སོ། །མཐའ་གཉིས་རྣམ་པར་སྤངས་པས་དབུས་དང་འདྲ་བས་ན་དབུ་མ་སྟེ། དབུས་ཉིད་དབུ་མའོ་ཞེས་རང་གི་དོན་དེ་ལ་ཕན་པ་བརྗོད་པའོ། །དབུ་མའི་ལམ་དེ་སྟོན་པར་བྱེད་ཅིང་། སྒྲོགས་པར་བྱེད་པས་ཀ་ཞེས་བྱ་སྟེ། སྐད་ཀྱི་དབྱིངས་ཀྱི་སྒྲ་ལས་དབུ་མའི་བསྟན་བཅོས་ཞེས་བྱ་བའམ། དབུ་མ་ཞེས་བྱ་བའི་མིང་གང་ལ་ཡོད་པ་དེ་ནི་དབུ་མའོ། །ཡང་ན་ཀ་ཞེས་བྱ་བའི་མིང་གིས་བརྗོད་པ་ཡིན་པས་དབུ་མ་ཞེས་བྱ་སྟེ། དབུ་མའི་གྲུབ་པའི་མཐའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡོངས་སུ་རྫོགས་པའི་བསྟན་བཅོས་སོ། །མདོར་བསྡུས་ཞེས་བྱ་བ་ནི། ཚིག་གི་རིམ་པ་རྒྱས་པ་སྤངས་པའོ། །སྙིང་པོ་ཞེས་བྱ་བ་ནི་སྙིང་པོའི་དོན་སྒྲུབ་པར་བྱེད་པའོ། །བྱས་པ་ཞེས་བྱ་བ་ནི་རྣམ་པར་བཀོད་པ་སྟེ། བདག་ཤེས་རབ་ཀྱིས་དཔྱོད་པར་བྱེད་པས་སོ། །དེས་ན་བསྟན་བཅོས་བྱེད་པའི་སློབ་དཔོན་བདག་ཉིད་བསྟན་པ་ཡིན་ནོ། །བློ་ལྡན་ཞེས་བྱ་བ་ལ་བློ་ནི་རིགས་པ་དང་མི་རིགས་པ་དཔྱོད་པར་བྱེད་པའི་ཤེས་རབ་སྟེ། གང་དག་ལ་དེ་ཡོད་པ་ནི་བློ་ལྡན་ནོ། །མདོ་སྡེ་དུ་མའི་གཟུགས་བརྙན་ལྟ་བའི་མེ་ལོང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཐེག་པ་ཆེན་པོའི་མདོ་སྡེ་མ་ལུས་པའི་ཡང་དག་པའི་དོན་གྱི་ལུས་ཀྱི་རང་གི་ངོ་བོ་སྒྲུབ་པར་བྱེད་པས། དྲི་མ་མེད་པའི་མེ་ལོང་ལྟ་བུ་སྟེ། འདི་ལྟར་དབུ་མའི་སྙིང་པོའི་བསྟན་བཅོས་འདིའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་ཆེན་པོའི་མདོ་ 98-329b སྡེ་མ་ལུས་པའི་དོན་ཡོངས་སུ་གསལ་བར་བྱས་པའོ། །དབུ་མའི་སྙིང་པོའི་བསྟན་བཅོས་འདི། །ཡང་དག་བཀྲོལ་ནས་དགེ་བ་ནི། །ཅུང་ཞིག་བདག་གིས་གང་ཐོབ་དེས། །འགྲོ་རྣམས་བྱང་ཆུབ་སྣོད་གྱུར་ཅིག །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། བསྟོད་པ་དང་མཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པའི་འགྲེལ་པ་རྟོག་གེ་འབར་བ། སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་རྫོགས་སོ།། །།དབུ་མའི་སྙིང་པོ་རྟོག་གེ་འབར་བ་འདི། །མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར། །དེ་ཡི་བསོད་ནམས་ཅུང་ཞིག་ གང་ཐོབ་དེས། །སྟོན་པ་བློ་གསལ་ཡོན་བདག་འཁོར་བཅས་དང་། །འགྲོ་བ་མཐའ་ཡས་མ་ལུས་ཐམས་ཅད་ཀྱིས། །ལོག་རྟོག་ལྟ་བའི་དྲི་མ་ཀུན་སྤངས་ནས། །འགྲོ་ཀུན་བྱང་ཆུབ་འཚང་རྒྱ་མྱུར་ཐོབ་ཤོག །གཟིགས་པ་རྣམས་ཀྱིས་མི་བཅད་མི་བསྟིང་ཞུ། །ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཞིར། ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།  
116-199b Ārya-mahāratnakūṭadharmaparyāyaśata-sāhasrikakāśyapaparivartaṭīkā ༄། །མདོར་བསྟན་པ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་རཏྣ་ཀཱུ་ཊ་དྷརྨ་པརྱ་ཡ་པ་རི་བརྟྟ་ཤ་ཏ་ས་ཧ་སྲི་ཀ་ཀཱ་ཤྱ་པ་པ་རི་བརྟྟ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འོད་སྲུངས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོ་སྡུག་བསྔལ་མཚོ་རྒལ་བ། །ཐུགས་རྗེ་ཆེ་དང་ལྡན་ལ་ཕྱག་འཚལ་ཏེ། །ཡང་དག་དོན་ གྱི་རྒྱན་གྱིས་མཛེས་བྱས་པ། །དཀོན་མཆོག་བརྩེགས་པའི་བཤད་པ་བརྗོད་པར་བྱ། །སྨྲས་པ། ཁྱོད་དཀོན་མཆོག་བརྩེགས་པ་འཆད་འདོད་དོ་ཞེས་ཟེར་ན། ཆོས་ཀྱི་རྣམ་གྲངས་འདི་དཀོན་མཆོག་བརྩེགས་པ་ཞེས་བཏགས་པ་ཅི། དགོས་པ་དེ་ཉིད་ཇེ་བཤད་དགོས་སོ། །སྨྲས་པ། ཐེག་པ་ཆེན་པོའི་ཆོས་ དཀོན་མཆོག་གི་རྣམ་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་ལ་ཆོས་དཀོན་མཆོག་གི་རྣམ་པ་ཇི་སྙེད་པ་དེ་བསྡུས་པ་ན། དཀོན་མཆོག་བརྩེགས་པ་ཞེས་བྱའོ། །བརྩེགས་པ་ནི་སྤུངས་པ་དང་། ཕུང་པོ་དང་། བཅེར་བ་ཞེས་བྱ་བ་དང་། དོན་ཐ་དད་པ་མ་ཡིན་ནོ། །དེ་ལ་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་པ་ཆེན་པོར་རྣམ་པ་བཅུ་དྲུག་གིས་ཆོས་བསྟན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སྒྲུབ་པ་ན་ལོག་པར་ཞུགས་པར་འགྱུར་བ་ལོག་པར་སྒྲུབ་པའི་རྣམ་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སྒྲུབ་པ་ཡང་དག་པར་ཞུགས་པར་འགྱུར་བ་ཡང་དག་པར་ 116-200a སྒྲུབ་པའི་རྣམ་པ་དང་། ཡང་དག་པར་སྒྲུབ་པའི་ལེགས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པ། ཆོས་སྤྱོད་པ། མཉམ་པར་སྤྱོད་པ། དགེ་བ་སྤྱོད་པ། ཆོས་ལ་གནས་པའི་ཚུལ་གྱི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ལ་གནོད་པར་ སེམས་པ་དད་པ་ཡང་དག་པར་བསྐྱེད་པའི་ཕྱིར་དཔེའི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་པ་དང་། ཉན་ཐོས་ཀྱི་བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་གྱི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཤིན་ཏུ་བསླབས་པའི་བྱང་ ཆུབ་སེམས་དཔའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་དེ་ལ་ཉན་ཐོས་ཀྱི་བསླབ་པའི་རྣམ་པ་དང་། དགེ་སྦྱོང་ལེགས་པར་མ་བསླབས་པའི་རྣམ་པ་དང་། དགེ་སྦྱོང་ལེགས་པར་བསླབས་པའི་རྣམ་ པ་དང་། བརྡའི་སྡོམ་པ་ལ་གནས་པའི་རྣམ་པ་དང་། དོན་དམ་པའི་སྡོམ་པ་ལ་གནས་པའི་རྣམ་པ་དང་། དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི་རྣམ་པ་དང་། ལྡེམ་པོ་ངག་ཏུ་སྨྲས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པ་སྟེ། བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཐེག་པ་ཆེན་པོ་རྣམ་པ་བཅུ་དྲུག་པོ་འདི་དག་གིས་ཆོས་བསྟན་ཏེ། རྣམ་པ་འདི་དག་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་སྣང་ངོ་། །དེ་བས་ན་ཐེག་པ་ཆེན་པོ་ལས་གསུངས་པའི་ཆོས་དཀོན་མཆོག་གི་རྣམ་པ་ཐམས་ཅད་བསྡུས་པའི་ཕྱིར་དཀོན་ མཆོག་བརྩེགས་པ་ཞེས་བྱའོ། །སྨྲས་པ། ཇི་ལྟར་ན་ཐེག་པ་ཆེན་པོ་ལས་གསུངས་པའི་རྣམ་པ་དེ་དག་ཐམས་ཅད་མདོ་སྡེ་འདིར་བསྡུས། སྨྲས་པ། ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནས། བརྩམས་ཏེ་ནག་པོའི་ཕྱོགས་སུ་བསྡུས་པའི་བཞི་ པ་ཕྲག་བརྒྱད་པོ་དག་ནི་ལོག་པར་སྒྲུབ་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །ཆོས་བཞི་པོ་དག་ནི་ཤེས་རབ་ཆེན་པོར་འགྱུར་བའོ་ཞེས་བྱ་བ་ནས་བརྩམས་ཏེ། དཀར་པོའི་ཕྱོགས་ཀྱི་ཆོས་སུ་བསྡུས་པ་བཞི་པ་ཕྲག་བརྒྱད་པོ་དག་ནི། ཡང་དག་པར་སྒྲུབ་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །བཞི་པོ་འདི་དག་ནི་ 116-200b བྱང་ཆུབ་སེམས་དཔའི་གཏེར་ཆེན་པོ་རྙེད་པའོ་ཞེས་བྱ་བ་ནས་བརྩམས་ཏེ། བཞི་པ་ཕྲག་བཞི་པོ་དག་ནི་ཡང་དག་པར་སྒྲུབ་པའི་ལེགས་པའི་རྣམ་པར་བསྡུ་བར་རིག་པར་བྱ་སྟེ། དེ་ལྟར་བཞི་ཕྲག་ཉི་ཤུ་པོ་དེ་དག་གིས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལེགས་པར་བསྡུ་བར་ཡོངས་ སུ་བསྟན་པ་ཡིན་ནོ། །འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སུམ་ཅུ་རྩ་གཉིས་པོ་དག་ནི་ཚུལ་ཁྲིམས་ཀྱི་རྣམ་པར་གཞག་པར་རིག་པར་བྱའོ། །འོད་སྲུངས་ཁྱོད་ལ་དཔེར་བྱ་བ་བསྟན་ཏོ་ཞེས་བྱ་བ་ནས་བརྩམས་ཏེ། དཔེ་བཅུ་ དགུ་པོ་དག་ནི། དཔེའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་དེ་བས་ན་བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འདོད་པས་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་ འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལས་ས་བོན་རྣམས་མི་འབྱུང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། ཉན་ཐོས་ཀྱི་བསླབ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་གྱི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནས་བརྩམས་ ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་ནང་དུ་ཡོངས་སུ་ཚོལ་ཅིག །ཕྱི་རོལ་དུ་མ་རྒྱུག་ཅིག་ཅེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་དེ་ལ་ཉན་ཐོས་ཀྱི་བསླབ་པའི་རྣམ་པར་བསྡུ་ བར་རིག་པར་བྱའོ། །འོད་སྲུངས་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་འོད་སྲུངས་ཇི་ཙམ་གྱིས་ནི། དགེ་སྦྱོང་ནི་བཞི་པོ་འདི་དག་གོ་ཞེས་བྱ་བ་ལ་དགེ་སྦྱོང་གོང་མ་གསུམ་པོ་ནི་དགེ་སྦྱོང་ལེགས་པར་མ་བསླབས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །བཞི་པ་ནི་དགེ་སྦྱོང་ལེགས་པར་བསླབས་པའི་རྣམ་པར་བསྡུ་བར་རིག་པར་ བྱའོ། །འོད་སྲུངས་བཞི་པོ་འདི་དག་ནི་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་མ་ཡིན་ཏེ་ཞེས་བྱ་བ་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་བཞི་པོ་དག་ནི་བརྡའི་སྡོམ་པ་ལ་གནས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །འོད་སྲུངས་ཚུལ་ཁྲིམས་ཚུལ་ཁྲིམས་ཞེས་བྱ་བ་ནི་གང་ལ་བདག་མེད་པ་དང་། བདག་གི་ 116-201a བ་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། དོན་དམ་པའི་སྡོམ་པ་ལ་གནས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་བསམ་གཏན་ཐོབ་པ་ལྔ་བརྒྱ་པོ་འདི་ དག་སྟན་ལས་ལངས་ཏེ་མཆིས་སོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོང་དོང་། གང་ནས་ལྷགས་ཞེས་བྱ་བ་ནས་བརྩམས་ཏེ། ལྡེམ་ པོའི་ངག་ཏུ་སྨྲས་པའི་རྣམ་པར་བསྡུ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་ཇི་ཙམ་དུ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ རྣམས་ལ་ཕན་འདོགས་པར་གྱུར་པ་ནི་ངོ་མཚར་ཏོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པར་བསྡུས་པར་རིག་པར་བྱ་སྟེ། ཐེག་པ་ཆེན་པོ་ལས་གསུངས་པའི་ཆོས་དཀོན་མཆོག་གི་རྣམ་པ་བཅུ་དྲུག་པོ་འདི་དག་བསྡུ་བའི་ཕྱིར་ཆོས་ཀྱི་རྣམ་ གྲངས་འདི་དཀོན་མཆོག་བརྩེགས་པ་ཞེས་བཏགས་པར་རིག་པར་བྱའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཞེས་བྱ་བ་གནས་བརྗོད་པ་ཅི་དགོས་ཤེ་ན། སྨྲས་པ། བཅོམ་ལྡན་འདས་གནས་འདི་ན་བཞུགས་ཞེས་བྱ་བ་ནི་སེམས་ཅན་བསོད་ནམས་ལྷུར་ལེན་པ་རྣམས་ལ་ཡུལ་དེ་མཆོད་རྟེན་གྱི་དངོས་པོས་ བསོད་ནམས་བསྐྱེད་པའི་ཕྱིར་གནས་བརྗོད་པར་རིག་པར་བྱའོ། །འོ་ན་ཆོས་ཀྱི་རྣམ་གྲངས་འདི་ཅིའི་ཕྱིར་རྒྱལ་པོའི་ཁབ་ཏུ་བཤད་ཀྱི་གཞན་དག་ཏུ་མ་བཤད་ཅེ་ན། སྨྲས་པ། ཆོས་ཀྱི་རྣམ་གྲངས་འདི་ཆོས་ཀྱི་རྒྱལ་པོའི་གནས་སུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་རྒྱལ་པོའི་ཁབ་རྒྱལ་པོའི་གནས་སུ་གྱུར་པས་རྒྱལ་པོའི་ ཁབ་ཅེས་བྱ་བ་བརྗོད་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཀྱི་རྒྱལ་པོའི་གནས་སུ་གྱུར་པ་བསྟན་པའི་ཕྱིར་རྒྱལ་པོའི་ཁབ་ཉིད་དུ་བཤད་དོ། །འོ་ན་ཅིའི་ཕྱིར་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཤད་ཀྱི་ཡུལ་གཞན་དུ་མ་ཡིན་ཞེ་ན། སྨྲས་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་བརྩེགས་ 116-201b པ་ལྟར་ཁྱད་ཞུགས་པར་བསྟན་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། བདག་དང་གཞན་གྱི་དོན་སྒྲུབ་པའི་དབང་དུ་བྱས་པའི་ཕྱིར་རོ། །དགེ་སློང་བརྒྱ་སྟོང་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དྲུག་ཅེས་བྱ་བ་ལ། སྨྲས་པ། དེ་ལ་བྱང་ཆུབ་སེམས་དཔའི་ཆེད་ཀྱི་ཕྱིར་བསྟན་པ་འདི་ལ་བྱང་ཆུབ་སེམས་དཔའ་སྨོས་པ་ ནི་རིགས་ན་ཉན་ཐོས་ཀྱི་དགེ་འདུན་སྨོས་པ་ཅི་དགོས། སྨྲས་པ། ཉན་ཐོས་ཀྱི་དགེ་འདུན་སྨོས་པ་ནི་ཉན་ཐོས་ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བ་དང་། མ་ངེས་པ་རྣམས་ཡིད་ཆེས་པར་བྱ་བ་དང་། རྣམ་པར་དག་པ་རྣམས་བདག་ལ་ང་རྒྱལ་བྱེད་པ་སྤང་བའི་ཕྱིར་ཏེ། ཉན་ཐོས་གང་ དག་ཉོན་མོངས་པ་ཐམས་ཅད་སྤངས་པས་འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བསྟན་པ་ལ་རྣམ་པར་དག་པའི་ཡན་ལག་ཏུ་བྱ་བ་འདི་ཙམ་དུ་ཟད་དོ་སྙམ་ནས་བདག་ལ་ང་རྒྱལ་བསྐྱེད་པའི་མངོན་པའི་ང་རྒྱལ་དེ་དོར་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་ཉོན་མོངས་ པ་དང་། ཤེས་བྱའི་སྒྲིབ་པ་སྤང་བའི་རྒྱུར་གྱུར་པ་ཆོས་ཀྱི་རྣམ་གྲངས་འདི་ལས་བསྟན་པའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དཔེ་ལས་འདས་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་འབྲས་བུ་སྟོན་ཏོ། །ཉན་ཐོས་རྣམས་པས་བྱང་ཆུབ་སེམས་དཔའ་འདི་ དག་ཇི་ལྟར་ཅིའི་ཕྱིར་མང་བར་འགྱུར་སྙམ་དུ་མ་འོངས་པའི་སྐྱེ་བོ་དག་གི་དོགས་པ་བསལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་ཞེས་སྡུད་པར་བྱེད་པ་སྨོས་སོ། །སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཅེས་པ་ནི་གཏམ་འདིའི་སྣོད་དུ་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་སངས་རྒྱས་ཀྱི་ཞིང་ དེ་དག་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་སྟོན་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ནས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་འདིར་འོང་ཅི་དགོས་ཤེ་ན། སྨྲས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་དགོས་པ་སྟེ། སངས་རྒྱས་ཀྱི་ཞིང་འདི་ན་ཡོད་པའི་སེམས་ཅན་རྣམས་བྱང་ ཆུབ་སེམས་དཔའ་དེ་དག་གིས་སྔོན་ཡོངས་སུ་སྨིན་པར་བྱས་པས། སྐལ་བ་མཉམ་པ་གང་ཡིན་པ་དེ་དག་ཉིད་ལས་ཉན་པར་སེམས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་དག་ན་ཡང་སངས་རྒྱས་བཞུགས་པར་བསྟན་པའི་ཕྱིར་རོ། །བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དེ་དང་མཚུངས་པར་སྤྱད་པ་ 116-202a རྣམས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་ལ་ལྟ་འདོད་པ་སྐྱེད་པ་དང་། སངས་རྒྱས་མང་བར་བརྗོད་པ་དང་། སེམས་ཅན་གཞན་དག་ཀྱང་སངས་རྒྱས་སུ་འགྲུབ་པར་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་སྔོན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ དེ་དང་སྐལ་བ་འདྲ་བས་སངས་རྒྱས་ཀྱི་ཞིང་གཞན་དག་ནས་བཅོམ་ལྡན་འདས་ལ་ལྟ་བའི་ཕྱིར་ལྷགས་སོ། །སྨྲས་པ། ཅིའི་ཕྱིར་ཉན་ཐོས་དག་པས་བྱང་ཆུབ་སེམས་དཔའ་ཆེས་མང་། སྨྲས་པ། བྱང་ཆུབ་སེམས་དཔའ་མང་བ་ནི་དེ་དག་གི་སྒྲུབ་པར་གཏོགས་པའི་ཕྱིར་རོ། །སྨྲས་པ། ཅིའི་ཕྱིར་ཉན་ཐོས་ཀྱི་ དགེ་འདུན་ནི་གོང་དུ་སྨོས། སྨྲས་པ། དེ་བྱིན་གྱིས་བརླབས་ནས་བསྟན་པ་རྩོམ་པའི་ཕྱིར་རོ། །སྨྲས་པ། ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་དང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་སྨོས། སྨྲས་པ། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་ འདུས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་སྨོས་པ་ནི་ཆོས་མཉན་པ་དོན་དུ་མི་གཉེར་བ་དང་། ལེ་ལོ་དང་ང་རྒྱལ་གྱི་དབང་གིས་མི་འོང་བ་དེའི་གཉེན་པོའི་ཕྱིར་ཏེ། བདག་ཉིད་ཆོས་ཉན་པ་དོན་དུ་གཉེར་བས། གཞན་དང་གཞན་དག་ནས་ལྷགས་ཀྱི། གཞན་གྱི་རྗེས་སུ་འབྲང་བ་མ་ཡིན་པ་དང་། འཇིག་རྟེན་གྱི་ ཁམས་ཐག་རིང་པོ་གཞན་དག་ནས་ཀྱང་ལྷགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་དབང་བསྐུར་བ་ཐོབ་པ་དག་ཀྱང་ལྷགས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཀྱི། ཅིའི་ཕྱིར་འདོད་པར་མི་བྱ་བ་སྙམ་པ་སྟེ། དེ་ལྟར་དེའི་གཉེན་པོའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ་ཞེས་ བྱ་བ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཆེན་པོ་ལས་བརྩམས་ཏེ་ཆོས་སྟོན་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་མ་ཡིན་ཞེ་ན། སྨྲས་པ། འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ་ནི་བསྟན་པའི་ནུས་པ་བརྗོད་པའི་ཕྱིར་ཏེ། མ་རྟོགས་པ་དང་མ་མོས་པ་དག་ཀྱང་ཐེག་པ་ཆེན་པོའི་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དེ་ལ་ ལོག་པར་སྒྲུབ་པ་བསྡུས་པ་སྔར་བསྟན་པ་བཞི་པ་ཕྲག་བརྒྱད་པོ་དག་ནི་གོང་ནས་གོང་དུ་མངོན་པར་སྒྲུབ་པས་གོ་རིམས་སུ་རིག་པར་བྱ་སྟེ། བཞི་པ་དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་ལོག་པར་སྒྲུབ་པའོ། །གཉིས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པ་དྲན་པ་ཉམས་པའི་ 116-202b ཕྱིར་རོ། །གསུམ་པ་ནི་དྲན་པ་ཉམས་པ་དཀར་པོའི་ཆོས་ཡོངས་སུ་ཟད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི་དཀར་པོའི་ཆོས་ཡོངས་སུ་ཟད་པས་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་པ་ཡིད་མི་མཉམ་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །ལྔ་པ་ནི་ཡིད་མི་མཉམ་པ་ཀུན་དུ་འབྱུང་བ་གདུལ་དཀའ་བའི་ཕྱིར་རོ། །དྲུག་པ་ནི་ གདུལ་དཀའ་བ་ལམ་མ་ཡིན་པར་འགྲོ་བའི་ཕྱིར་རོ། །བདུན་པ་ནི་ལམ་མ་ཡིན་པར་འགྲོ་བ་དམ་པ་མ་ཡིན་པ་དང་། ཀུན་དུ་འདུ་བའི་ཕྱིར་རོ། །བརྒྱད་པ་ནི་དམ་པ་མ་ཡིན་པ་དང་། ཀུན་དུ་འདུ་བའི་དོན་ཇི་ལྟ་བ་བཞིན་གྱི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཕྱིར་ལོག་པར་སྒྲུབ་པའོ། །དེ་ལས་བཟློག་པ་ཡང་ དག་པར་སྒྲུབ་པར་བསྡུས་པ་བཞི་པ་ཕྲག་བརྒྱད་པོ་སྔར་བསྟན་པ་རྣམས་ཀྱང་གོང་ནས་གོང་དུ་མངོན་པར་སྒྲུབ་པས་གོ་རིམས་སུ་རིག་པར་བྱ་སྟེ། བཞི་པ་དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་སྐོང་བའི་ཕྱིར་ཡང་དག་པར་སྒྲུབ་པའོ། །གཉིས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དྲན་པ་ཉམས་ པར་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི་དྲན་པ་མ་ཉམས་པ་དཀར་པོའི་ཆོས་མངོན་པར་འཕེལ་བའི་ཕྱིར་རོ། །བཞི་པ་ནི་དཀར་པོའི་ཆོས་མངོན་པར་འཕེལ་བ་བྱང་ཆུབ་སེམས་དཔའི་ཆ་ཡིད་མཉམ་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །ལྔ་པ་ནི་ཡིད་མཉམ་པ་ཀུན་དུ་འབྱུང་བ་གདུལ་སླའི་ཕྱིར་རོ། །དྲུག་པ་ནི་གདུལ་ སླ་བ་ཡང་དག་པའི་ལམ་དུ་འགྲོ་བའི་ཕྱིར་རོ། །བདུན་པ་ནི་ཡང་དག་པའི་ལམ་དུ་འགྲོ་བ་དམ་པ་དང་ཀུན་དུ་འདུ་བའི་ཕྱིར་རོ། །བརྒྱད་པ་ནི་དམ་པ་དང་ཀུན་དུ་འདུ་བ་བྱང་ཆུབ་སེམས་དཔའི་དོན་ཇི་ལྟ་བ་བཞིན་ཡིན་པའི་ཕྱིར་ཡང་དག་པར་སྒྲུབ་པའོ། །ཡང་དག་པར་སྒྲུབ་པའི་ལེགས་པར་བསྡུས་པ་སྔར་བསྟན་པ་བཞི་ པ་ཕྲག་བཞི་པོ་དག་ཀྱང་གོང་ནས་གོང་དུ་མངོན་པར་སྒྲུབ་པའི་གོ་རིམས་སུ་རིག་པར་བྱ་སྟེ། བཞི་པ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་ཞུགས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་སྩོག་པའི་ཕྱིར་རོ། །བཞི་པ་གཉིས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྩོག་པ་ལ་བརྟེན་ནས་སྒྲིབ་པ་ རྣམ་པར་དག་པའི་ཕྱིར་རོ། །བཞི་པ་གསུམ་པ་ནི་སྒྲིབ་པ་རྣམ་པར་དག་པ་ལ་བརྟེན་ནས་དཀར་པོའི་ཆོས་ཀྱི་སྒོ་ཐམས་ཅད་ཀུན་དུ་འཐོབ་པའི་ཕྱིར་རོ། །བཞི་པའི་བཞི་པ་ནི་དཀར་པོའི་ཆོས་ཀྱི་སྒོ་ཐམས་ཅད་ཀུན་དུ་ཐོབ་པ་ལ་བརྟེན་ནས་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་ལ་སྦྱོར་བ་དང་། བསོད་ནམས་ 116-203a དཔག་ཏུ་མེད་པ་བསྐྱེད་པའི་ཕྱིར་རོ། །བཞི་པ་ཕྲག་ཉི་ཤུ་པོའི་གོ་རིམས་ནི་བཤད་ཟིན་ཏོ།། །། ༄། །རྒྱས་པར་བཤད་པ། ༈ དང་པོ། ལོག་པར་སྒྲུབ་པའི་རྣམ་པ། ད་འདི་མན་ཆད་ནི་དེ་དག་ཉིད་ཀྱི་ཚིག་གཉེར་བཤད་པ་བརྗོད་པར་བྱའོ། །འོད་སྲུངས་ཆོས་བཞི་པོ་འདི་དག་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བའོ་ ཞེས་འདི་ཅིའི་ཕྱིར་བརྩམས་ཤེ་ན། སྨྲས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་རྨོངས་པ་རྣམས་ལ་བསྟན་པ་དང་། བག་མེད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པ་དང་། ཞུམ་པ་རྣམས་གཟེངས་བསྟོད་པ་དང་། ཡང་དག་པར་ཞུགས་པ་ དགའ་བར་བྱ་བའི་ཕྱིར་རོ། །འོད་སྲུངས་ཞེས་བཀའ་སྩལ་པ་ནི་ཉན་པ་རྣམས་ལ་འདུན་པར་སྦྱོར་བའོ། །ཆོས་ཞེས་བྱ་བ་ནི་གང་ཟག་བསལ་བའི་ཕྱིར་ཆོས་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྒྲ་མ་སྨོས་ན་ཅི་ཆོས་ཡིན་ནམ། འོན་ཏེ་གང་ཟག་ཡིན་ཞེས་ཐེ་ཚོམ་དུ་འགྱུར་རོ། །སྨྲས་པ། རང་གི་སྒྲ་བརྗོད་པའི་ཕྱིར་བཞི་ ཞེས་གྲངས་སྨོས་པ་ནི་དོན་མེད་དོ། །སྨྲས་པ། བཞི་ཞེས་གྲངས་སྨོས་པ་ནི་རྒྱ་ཆེ་བར་དོགས་ནས་དེ་ཉན་མི་འདོད་པ་རྣམས་སྤང་བ་དང་། གྲངས་སྨོས་པ་དག་ཀྱང་དྲན་པར་བྱ་བ་དང་། གཟུང་སླ་བའི་ཕྱིར་ཏེ། མེ་ཏོག་བརྒྱུས་པ་བཞིན་ནོ། །ཅིའི་ཕྱིར་བཞི་ཉིད་དེ། མི་མང་མི་ཉུང་ཞེ་ན། ལ་ལ་ན་རེ་ཧ་ཅང་སྐྱོན་དུ་འགྱུར་ བས་ཀླན་ཀར་མི་འགྱུར་རོ་ཞེས་སོ། །གཞན་དག་ནི་ཤེས་རབ་ཀྱི་ཚོགས་རྣམ་པ་གསུམ་ཡོངས་སུ་ཉམས་པ་བསྡུས་པའི་ཕྱིར་བཞིའོ་ཞེས་ཟེར་རོ། །མདོར་ན་ཤེས་རབ་ནི་རྣམ་པ་གསུམ་སྟེ། ཐོས་པའི་དང་། བསམ་པའི་དང་། བསྒོམ་པའིའོ། །དེ་ལ་ཚིག་དང་པོ་གོང་མ་གསུམ་པོ་དག་གིས་ནི་ཤས་ཆེར་ ཐོས་པའི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་སྟོན་ཏོ། །ཚིག་བཞི་པ་ཐ་མས་ནི་ཤས་ཆེར་བསམ་པ་དང་། བསྒོམ་པའི་ཡེ་ཤེས་ཀྱི་ཚོགས་ཕྱིར་ཞིང་ཡོངས་སུ་ཉམས་པར་སྟོན་ཏེ་དེ་བས་ནི་བཞི་ཉིད་དོ། །འདི་དག་ཅེས་བྱ་བ་ནི་ཆོས་ཉེ་བ་འདི་དག་ཉིད་ཀྱི་སོ་སོར་རྣམ་པར་དབྱེ་བའི་བཤད་པ་བསྟན་ཏོ། །བྱང་ ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་དོན་བརྗོད་པར་བྱ་བ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་ཡང་། བྱང་ཆུབ་སེམས་དཔའ་སྨོས་པ་ནི་རྣམ་པ་གསུམ་པོ་འདི་དག་གིས་རིག་པར་བྱ་སྟེ། མོས་པ་དང་། སྦྱོར་བ་དང་། ཁོང་དུ་ཆུད་པའོ། །མོས་ 116-203b པ་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཟབ་མོས་རྟོགས་པ་ལ་མོས་པའོ། །སྦྱོར་བ་ཇི་ལྟ་བུ་ཞེ་ན། བདག་དང་གཞན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྦྱོར་བའོ། །ཁོང་དུ་ཆུད་པ་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་སྟོབས་ཀྱིས་བྱང་ཆུབ་ཁོང་དུ་ཆུད་པའོ། །ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་ ནི་ཐོབ་པ་དང་། མ་ཐོབ་པ་ལས་ཡོངས་སུ་ཉམས་པའོ། །ཐོབ་པ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་གང་ཞེ་ན། ཡོངས་སུ་ཉམས་པ་གང་གིས་ཡོངས་སུ་ཉམས་པ་སྟེ། ཟག་པ་མེད་པ་ནི་མ་ཐོབ་པ་ལས་ཡོངས་སུ་ཉམས་པས་སོ། །གཞན་ནི་གཉི་ག་བྱེ་བྲག་མེད་པས་སོ། །ཤེས་རབ་ལས་ཡོངས་སུ་ ཉམས་པའི་ཚིག་གིས་ནི་བྱེ་བྲག་མེད་པའི་ཕྱིར་གལ་ཏེ་ཟག་པ་མེད་པ་ལས་གཏོགས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། བཤད་ཟིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཚོགས་ཡོངས་སུ་ཉམས་པ་ཞེས་བརྗོད་པ་ནི་རྒྱུ་ལ་འབྲས་བུ་གདགས་པར་བྱས་ནས་བརྗོད་པའོ། །ཤེས་རབ་ལས་ཡོངས་སུ་ཉམས་པ་ཞེས་ བྱ་བ་ཅིའི་ཕྱིར་ཞེ་ན། ཟག་པ་དང་བཅས་པའི་ཤེས་རབ་ནི། ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་སུ་གྱུར་པ་ཡིན་ཏེ། དེ་བས་ན་ཟག་པ་དང་བཅས་པ་ནི་ཐོབ་པ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་སོ། །ཟག་པ་མེད་པ་ནི་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཉིད་ཀྱིས་ཏེ། ཟག་པ་མེད་པ་ ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་མེད་དོ། །སྨྲས་པ། ཇི་ལྟར་ན་མི་གུས་པ་ལ་སོགས་པའི་ཆོས་རྣམས་ཀྱིས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར། སྨྲས་པ། ཁོང་ཁྲོ་བས་ན་མི་གུས་སོ། །མི་གུས་པས་ན་མི་ཉན་ཏོ། །མི་ཉན་པས་ན་བྱང་བར་མི་འགྱུར་རོ། །མ་བྱང་བས་ནི་ཚེ་འདི་ཉིད་ལ་ཤེས་ རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཆོས་ལ་སེར་སྣ་བྱེད་ཅིང་། སློབ་དཔོན་ཆོས་འཆད་པས་ནི་མི་སྟོན་ཏོ། །མི་སྟོན་པས་ན་ཚེ་རབས་གཞན་ན་རྐྱེན་དང་མི་ལྡན་པར་འགྱུར་རོ། །རྐྱེན་དང་མི་ལྡན་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །གང་ཟག་ཆོས་འདོད་པ་རྣམས་ལ་ཆོས་ཀྱི་ བར་ཆད་བྱེད་པར་ཆོས་ཉན་པ་ལ་སྒྲིབ་པར་འགྱུར་རོ། །ཉན་པ་ལ་སྒྲིབ་པས་གཏི་མུག་པར་འགྱུར་ཏེ། བསོད་ནམས་མ་ཡིན་པ་སྐྱེད་དོ། །དེ་བས་ན་ཚེ་རབས་གཞན་ན་ཡང་རྨོངས་པར་འགྱུར་རོ། །རྨོངས་པས་ན་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །བདག་སྟོད་ཅིང་གཞན་སྨོད་པ་ན་ཕྱིན་ 116-204a ཅི་ལོག་ཏུ་མངོན་པར་ཞེན་པས་ལོག་པར་སྟོན་ཏོ། །ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་ཏེ་ལོག་པར་སྟོན་པས་ཚེ་རབས་གཞན་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །སྨྲས་པ། གང་གི་དུས་ན་ཡོངས་སུ་ཉམས་པར་འགྱུར། སྨྲས་པ། དུས་གཉིས་ཏེ། ཚེ་འདི་དང་། ཚེ་རབས་གཞན་ནའོ། །སྨྲས་པ། གང་གི་ཚེ་རབས་གཞནའོ། །སྨྲས་པ། གང་གི་ཚེ་སྦྱིན་པ་ལ་སོགས་པ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་སེར་སྣ་ལ་སོགས་པའི་ཆོས་རྣམས་ཀྱང་ཡོད་ན་ཅིའི་ཕྱིར་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་ ཉིད་བསྟན་གྱི། སྦྱིན་པ་ལ་སོགས་པ་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན། སྨྲས་པ། གཙོ་བོའི་ཕྱིར་ཏེ་ཤེས་རབ་ཀྱི་ངོ་བོ་ཉིད་ནི་བྱང་ཆུབ་བོ། །དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ཤེས་རབ་ལ་གནས་སོ། །ཤེས་རབ་ལ་ལོག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་དང་ བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་ལོག་པར་ཞུགས་པ་ཡིན་ནོ། །ཤེས་རབ་ལ་ཡང་དག་པར་ཞུགས་ན་བྱང་ཆུབ་དང་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །དེ་བས་ན་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་ཉིད་བསྟན་གྱི། སྦྱིན་པ་ལ་སོགས་པ་ལས་ ཡོངས་སུ་ཉམས་པར་གྱུར་པའི་རྒྱུ་ནི་མ་ཡིན་ནོ། །མི་གུས་པ་ལ་སོགས་པ་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་ཚིག་བཞི་པོ་འདི་དག་གིས་མི་ཉན་པ་ལ་སོགས་པའི་ཆོས་བཞི་ཡོངས་སུ་སྟོན་ཏེ། མི་གུས་པས་ནི་མི་ཉན་པར་ཡོངས་སུ་སྟོན་ཏོ། །ཆོས་ལ་སེར་སྣ་བྱེད་ཅིང་སློབ་དཔོན་ཆོས་འཆབ་པས་ནི་མི་ སྟོན་ཏོ། །ཆོས་ཀྱི་བར་ཆད་བྱེད་པས་ཉན་པ་ལ་སྒྲིབ་པའོ། །མངོན་པའི་ང་རྒྱལ་གྱིས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་སྟོན་པའོ། །ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བའི་མི་ཉན་པ་ལ་སོགས་པའི་ཆོས་བཞི་པོ་འདི་དག་ལ་བརྟེན་ནས་ཚེ་འདི་དང་ཚེ་རབས་གཞན་ན་ཡེ་ཤེས་དང་མི་མཐུན་པའི་ཆོས་བཞི་ པོ་གཞན་དག་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། བྱང་བར་མི་འགྱུར་བ་དང་། རྐྱེན་དང་མི་ལྡན་པ་དང་། གཏི་མུག་པར་འགྱུར་བ་སྟེ། བསོད་ནམས་མ་ཡིན་པ་སྐྱེད་པ་དང་། ཕྱིན་ཅི་ལོག་གོ། །མི་ཉན་པ་ལ་བརྟེན་ནས་ཚེ་རབས་འདི་ལ་བྱང་བར་མི་འགྱུར་རོ། །མི་སྟོན་པ་ལ་བརྟེན་ནས་ཚེ་རབས་གཞན་ན་རྐྱེན་ 116-204b དང་མི་ལྡན་པར་འགྱུར་རོ། །ཉན་པ་ལ་སྒྲིབ་པ་ལ་བརྟེན་ནས་ཚེ་རབས་གཞན་ན་གཏི་མུག་པར་འགྱུར་ཏེ། བསོད་ནམས་མ་ཡིན་པ་སྐྱེད་དོ། །ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་སྟོན་པ་ལ་བརྟེན་ནས་ཚེ་རབས་གཞན་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཆོས་དང་ཆོས་སྨྲ་བ་ལ་མི་གུས་པ་ཡིན་ཞེས་བྱ་བའི་ཚིག་གཉིས་ པོ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། ཚིག་གཉིས་ཀྱིས་ནི་ཉན་པའི་རྒྱུ་ཡོངས་སུ་རྫོགས་པར་སྟོན་ཏེ། ལ་ལ་ནི་ཆོས་ལ་གནོད་པར་སེམས་པས་མི་ཉན་ཀྱང་ཆོས་སྨྲ་བ་ལ་གུས་པས་ཉན། ལ་ལ་ནི་ཆོས་སྨྲ་བ་ལ་གནོད་པར་སེམས་པས་མི་ཉན་ཀྱང་ཆོས་ལ་གུས་པས་ཉན་ཏོ། །གང་གཉི་ག་ལས་གནོད་པར་སེམས་པ་ དེ་ནི་ཡང་མི་ཉན་ཏོ། །དེ་བས་ན་བརྗོད་པ་གཉིས་ཀྱིས་མི་ཉན་པའི་རྒྱུ་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། །ཆོས་ལ་སེར་སྣ་བྱེད་ཅིང་སློབ་དཔོན་ཆོས་འཆབ་པ་ཡིན་ཞེས་བྱ་བའི་ཚིག་འདི་གཉིས་བྱེ་བྲག་ཅི་ཡོད། སྨྲས་པ། གཞན་གྱིས་ཤེས་པ་བས་བདག་ལྷག་པར་མངོན་པར་བསྙེམས་པས་ཆོས་ལ་ སེར་སྣ་བྱེད་དོ། །གཞན་གྱི་བརྙས་ཀྱིས་འཇིགས་པའི་ཕྱིར་སློབ་དཔོན་ཆོས་འཆབ་བོ། །ཡང་ན་བྱེ་བྲག་མེད་པར་ཆོས་ཐམས་ཅད་མི་སྟོན་པའི་ཕྱིར་ཆོས་ལ་སེར་སྣ་བྱེད་དོ། །ཁ་ཅིག་སྟོན་ཁ་ཅིག་མི་སྟོན་པའི་ཕྱིར་སློབ་དཔོན་ཆོས་འཆབ་བོ། །ཡང་ན་ཆོས་ལ་སེར་སྣ་བྱེད་དེ། ཆོས་ཡོངས་སུ་མི་སྟེར་བས་བསམ་ པ་ལ་ལོག་པར་འཇུག་གོ། །སློབ་དཔོན་ཆོས་འཆབ་པ་ནི་ཆོས་ལ་སེར་སྣ་བྱེད་པའི་བསམ་པ་ལས་བྱུང་བའི་སྦྱོར་བ་ལོག་པར་འཇུག་གོ། །གང་ཟག་ཆོས་འདོད་པ་རྣམས་ལ་ཆོས་ཀྱི་བར་ཆད་བྱེད། མོས་པ་ཟློག་པར་བྱེད། རྣམ་པར་འཁྲུག་པར་བྱེད་དེ། མི་སྟོན་ཅིང་རབ་ཏུ་འཆབ་པ་ཡིན་ཞེས་བྱ་བའི་ཚིག་འདི་དག་ལ་བྱེ་བྲག་ ཅི་ཡོད་ཅེ་ན། དེ་ལ་ཆོས་ཀྱི་བར་ཆད་བྱེད་ཅེས་བྱ་བ་དེ་ནི་བསྟན་པའི་ཚིག་གོ། །ཇི་ལྟར་ཆོས་ཀྱི་བར་ཆད་བྱེད། མོས་པ་ཟློག་པར་བྱེད། རྣམ་པར་འཁྲུག་པར་བྱེད་དེ། མི་སྟོན་ཅིང་རབ་ཏུ་འཆབ་ཅེས་བྱ་བ་དང་ཇི་ལྟར་མོས་པ་ཟློག་པར་བྱེད་ཅེ་ན། ཆོས་དང་གང་ཟག་ལ་མི་སྙན་པ་བརྗོད་པའི་ཕྱིར་ཏེ། ཆོས་དང་གང་ཟག་གང་ ལས་ཉན་པར་འདོད་པར་གྱུར་པའི་ཆོས་དེ་དང་། གང་ཟག་དེ་ལ་མེད་པའི་གནོད་པར་བྱེད་པ་དང་ལྡན་པའི་ཚིག་གིས་ཅི་ནས་ཉན་པར་མི་འགྱུར་བ་དེ་ལྟ་དེ་ལྟ་བུར་མི་སྙན་པ་བརྗོད་པའོ། །ཇི་ལྟར་རྣམ་པར་འཁྲུག་པར་བྱེད་ཅེ་ན། བྱ་བ་ངན་པས་རྣམ་པར་གཡེང་བར་བྱེད་པ་སྟེ། ཅི་ནས་ཀྱང་ཉན་པ་མེད་པར་འགྱུར་བ་དེ་ལྟ་ 116-205a དེ་ལྟ་བུར་བྱ་བ་ངན་པས་ཉན་པ་ལ་རྣམ་པར་འཁྲུག་པར་བྱེད་པའོ། །ཇི་ལྟར་མི་སྟོན་ཅེ་ན། མི་འཆད་པ་དང་། མི་འཆོལ་བ་དང་། མི་སྟོན་པ་སྟེ། ཆོས་དོན་དུ་གཉེར་བ་གཞན་དག་གིས་དྲིས་ཏེ། ཆོས་སྨྲོས་ཤིག་ཅེས་བྱ་བ་ནས་ཆོས་ལ་སེར་སྣ་བྱེད་པས་མི་འཆད་དོ། །ཆོས་སྨྲ་བ་གཞན་ལ་མི་ འཆོལ། དྲིས་ཀྱང་སྐབས་མི་འབྱེད་པའོ། །ཇི་ལྟར་རབ་ཏུ་འཆབ་ཅེ་ན། ཉན་པའི་བསྔགས་པ་མ་ཡིན་པ་བརྗོད་པ་སྟེ། ཆོས་འདི་ནི་ཟབ་ལ་ཁྱོད་ནི་ཤེས་རབ་ཞན་པས་ཆོས་འདི་ཁྱོད་ཀྱིས་ཤེས་པར་མི་ནུས་སོ་ཞེས་ཉན་པ་ལ་མི་སྙན་པ་བརྗོད་པས་ཆོས་བསྟན་པ་རབ་ཏུ་འཆབ་པར་བྱེད་དོ། །དེ་ལྟར་ཆོས་ཀྱི་བར་ ཆད་བྱེད་པས་མི་ཁོམ་པར་སྐྱེ་སྟེ། ཚོགས་ཡོངས་སུ་རྫོགས་པར་མི་བྱེད་དོ། །མངོན་པའི་ང་རྒྱལ་གྱིས་བདག་བསྟོད་ཅིང་གཞན་སྨོད་པ་ཡིན་ཞེས་བྱ་བའི་ཚིག་དེ་དག་གི་དོན་གང་ཡིན་ཞེ་ན། མངོན་པའི་ང་རྒྱལ་ཞེས་བྱ་བ་དེ་ནི་བསྟན་པའི་ཚིག་གོ། །ཇི་ལྟར་ན་མངོན་པའི་ང་རྒྱལ་ཡིན་ཞེ་ན། གང་བདག་ལ་ བསྟོད་པ་དང་གཞན་ལ་སྨོད་པ་ཡིན་ནོ། །བདག་ལ་བསྟོད་པ་ཇི་ལྟ་བུ་ཡིན་ཞེ་ན། ལོག་པར་རྟོགས་པ་དང་། བསྒོམས་པ་དང་། བཤད་པ་དག་ལ་ལེགས་པར་རྟོགས་པ་དང་། བསྒོམས་པ་དང་། བཤད་པར་མངོན་པར་ཞེན་པའོ། །གཞན་ལ་སྨོད་པ་ཇི་ལྟ་བུ་ཡིན་ཞེ་ན། གཞན་དག་གིས་ལེགས་པར་ རྟོགས་པ་དང་། བསྒོམས་པ་དང་བཤད་པ་དག་ལ་ལོག་པར་རྟོགས་པ་དང་། བསྒོམས་པ་དང་བཤད་པར་མངོན་པར་ཞེན་པ་སྟེ། མངོན་པའི་ང་རྒྱལ་གྱི་ཉེས་པས་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པའི་ཤེས་རབ་དང་ཆོས་མངོན་པར་རྟོགས་པའི་མཐར་ཐུག་པར་འགྲོ་བས་བསྡུས་པའི་ཤེས་རབ་མི་ འཐོབ་པོ། །མདོར་བསྡུས་ན་གང་ལས་ཡོངས་སུ་ཉམས་པ་དང་། ཇི་ལྟ་བ་དང་གང་གི་དུས་དང་། ཆོས་ཇི་སྙེད་ཅིག་གིས་ཡོངས་སུ་ཉམས་པར་འགྱུར་བ་དེ་ཡོངས་སུ་བསྟན་ཏོ། །གང་ལས་ཡོངས་སུ་ཉམས་ཤེ་ན། ཤེས་རབ་ལས་སོ། །ཇི་ལྟ་བ་ཞེས་བྱ་བ་ནི་རྣམ་པ་གང་གིས་ཡོངས་སུ་ཉམས་པར་འགྱུར་བ་སྟེ། སྔར་ བཤད་པ་ཡིན་ནོ། །གང་གི་དུས་ན་ཞེ་ན། ཚེ་འདི་དང་ཚེ་རབས་གཞན་ནོ། །ཆོས་ཇི་སྙེད་ཅིག་གིས་ཤེ་ན། མི་གུས་པ་ལ་སོགས་པའི་ཆོས་བཞི་པོ་དག་གིས་སོ། ། ༈ གཉིས་པ། ཡང་དག་སྒྲུབ་པའི་རྣམ་པ། ཤེས་རབ་ལས་ཡོངས་སུ་ཉམས་པར་བྱེད་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་གུས་པ་ལ་སོགས་པ་ཆོས་བཞི་པོ་འདི་དག་གི་གཉེན་པོར་ཆོས་བཞི་བསྟན་ཏེ། 116-205b འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །གུས་པ་དང་བཅས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ཆོས་བཞི་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས་བྱང་ཆུབ་ སེམས་དཔའི་ཤེས་རབ་ཆེན་པོའི་རྒྱུར་གྱུར་པ་ཤེས་རབ་རྣམ་པ་བཞི་རབ་ཏུ་འཐོབ་སྟེ། བྱང་བར་བྱེད་པ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པའོ། །གུས་པ་དང་བཅས་པས་ཆོས་ཉན་པས་བྱང་བར་བྱེད་པའི་ཤེས་རབ་རབ་ཏུ་འཐོབ་ པོ། །ཇི་ལྟར་ཐོས་པ་དང་། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པས་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ། །མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་ཤེས་ཏེ། མགོའམ་ཐོད་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་ཏེ། ཇི་ལྟར་ ཐོས་པའི་ཆོས་རྣམས་ཀྱང་འཛིན་ཏོ། །ཐོས་པ་ཡོངས་སུ་ཚོལ་ཞིང་འཛིན་པས་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །སྒྲུབ་པ་སྙིང་པོར་བྱེད་པ་ཡིན་གྱི། སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་ཞེས་བྱ་བ་ནི་སྒྲུབ་པ་སྙིང་པོར་བྱེད་པས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པའི་ཤེས་རབ་རབ་ ཏུ་འཐོབ་བོ། །དེ་ལ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་ཡིན་ཞེས་བྱ་བ་ནི། མི་གུས་པ་ལས་བཟློག་པ་སྟེ། གུས་པ་དང་བཅས་པར་རིག་པར་བྱའོ། །ཇི་ལྟར་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །ཟང་ཟིང་མེད་པའི་སེམས་ཀྱིས་མི་རེ་ བ་ནི་ཐོབ་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་ལ་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། འཐོབ་པ་དང་བཀུར་སྟི་ནི་ཆོས་ལ་སེར་སྣ་བྱེད་པའི་རྒྱུའི་ཕྱིར་རོ། །འཐོབ་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ནི་བསྔགས་པ་འདོན་པའོ། །མང་དུ་ ཐོས་པ་ལས་ཤེས་རབ་འབྱུང་བར་ཤེས་ཏེ། མགོའམ་ཐོད་པ་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་བ་ནི་ཐོས་པ་ཡོངས་སུ་འཚལ་བའི་ཕྱིར་རབ་ཏུ་གུས་པས་བྱ་བ་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་གི་མགོའམ་ཐོད་ལ་མེ་འབར་ན། བྱ་བ་ཐམས་ཅད་བཏང་སྟེ། མགོའམ་ཐོད་ 116-206a ལ་མེ་འབར་བ་བསལ་བའི་ཕྱིར་རབ་ཏུ་འབད་པར་རྩོམ་པ་ལྟར་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་ཏེ། ཐོས་པ་ནི་ཤེས་རབ་ཀྱི་རྒྱུ་ཡིན་པ་དང་། ཤེས་རབ་ཀྱང་ཐམས་ཅད་མཁྱེན་པ་འཐོབ་པའི་བར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གུས་པ་དང་ལྡན་ན་ཐོས་པ་ཡོངས་སུ་ཚོལ་ལོ། །བདག་དང་གཞན་ ལ་ཕན་པར་འདོད་པས་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན་ཏོ། །གང་ཐོས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་པ་ནི་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ། །སྒྲུབ་པ་སྙིང་པོར་བྱེད་པས་དེའི་རིགས་པའི་རྗེས་སུ་འབྲང་བའི་ཤེས་རབ་སྐྱེའོ། །སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་ཞེས་བྱ་བ་ལ་སྨྲ་བའི་ཚིག་དམ་ པར་འཛིན་པ་མ་ཡིན། བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་པ་ནི་སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་པ་སྟེ། ཐོས་པས་ཆོག་པར་འཛིན་པ་མ་ཡིན། འཆད་པས་ཆོག་པར་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་མི་དགོས་པ་དང་དོན་མེད་པའི་ཚིག་དམ་པར་བྱེད་པ་མ་ཡིན་ཞེས་ བྱ་བའི་ཐ་ཚིག་གོ། །འདི་དག་གི་གོ་རིམས་ནི་ཆོས་ལ་མི་གུས་པས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་སྟེ། ཆོས་ལ་སེར་སྣ་བྱེད་པས་གང་ཟག་ཆོས་འདོད་པ་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་དོ། །དེ་ཤེས་རབ་ཀྱི་རྒྱུ་རྣམ་པ་གསུམ་པོ་དེ་ལས་ཡོངས་སུ་ཉམས་ཏེ། ཤེས་རབ་འཆལ་བས་མངོན་པའི་ང་རྒྱལ་ཅན་ཡིན་ནོ། །དཀར་པོའི་ ཕྱོགས་ནི་དེ་ལས་བཟློག་པ་སྟེ། ཆོས་ལ་གུས་པ་དང་བཅས་པས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་འཇུག་གོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པས་ཆོས་ལ་སེར་སྣ་བྱེད་པ་དང་བྲལ་ཏེ། ཇི་ལྟར་ཐོས་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །ཆོས་སྟོན་པར་འདོད་པའི་ཕྱིར་མང་དུ་ཐོས་པ་ཡོངས་སུ་ ཚོལ་ལོ། །མང་དུ་ཐོས་ནས་བདག་དང་གཞན་དག་ལ་ཕན་གདགས་པའི་རྒྱུ་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་གྱི། སྨྲ་བ་དང་བརྗོད་པའི་ཚིག་དམ་པར་འཛིན་པ་མ་ཡིན་ནོ། །ཤེས་རབ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བའོ། །བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པའི་རྩ་བ་སྟེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བའི་ དོན་དུ་བྱང་ཆུབ་ཀྱི་སེམས་ལས་ཉམས་པ་དང་། མི་ཉམས་པའི་རྒྱུའི་ཆོས་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་རོ་ཞེས་གསུངས་སོ། །སྨྲས་པ། ཅིའི་ཕྱིར་ཉམས་པའི་རྒྱུ་བཞི་ཉིད་དེ་མི་མང་མི་ཉུང་། སྨྲས་པ། ཉམས་ 116-206b པ་རྣམ་པ་བཞིའི་ཕྱིར་རོ། །དེ་ལས་མདོར་བསྡུ་ན་ཉམས་པ་ནི་རྣམ་པ་བཞི་སྟེ། མ་བརྗོད་པས་ཉམས་པ་དང་། བྱང་ཆུབ་ཀྱི་སེམས་ལ་སྐྱོན་དུ་ལྟ་བའི་ཕྱིར་ལོག་པར་བརྗོད་པས་ཉམས་པ་དང་། ཡང་དག་པར་བླངས་པའི་བརྡའི་སེམས་ཉམས་པ་དང་། ཆོས་ཉིད་ཀྱིས་ཐོབ་པའི་སེམས་ཉམས་པ་སྟེ། ཉམས་ པའི་ཆོས་རྣམ་པ་འདི་བཞིའི་རྒྱུ་ཉམས་པ་བཞི་ཉིད་དེ། གོ་རིམས་བཞིན་དུ་རིག་པར་བྱའོ། །སློབ་དཔོན་དང་བླ་མ་དང་སྦྱིན་གནས་ལ་སླུ་ཞེས་བྱ་བ་ནི། བླ་མ་རྣམས་ལ་བདག་གི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་སྨྲའི། བརྫུན་གྱི་ཚིག་གིས་བསླུ་བའི་ཕྱིར་བླ་མ་རྣམས་ལ་སླུ་བ་ཡིན་ནོ། །དེ་ལ་སློབ་དཔོན་ནི་གླེང་ བ་དང་ཉེ་བར་སྟོན་པ་ཡིན་ཏེ། གང་ཉེས་པ་འདི་ལྟ་བུ་བྱུང་ངོ་ཞེས་གླེང་ཞིང་འདི་ནི་བྱ་བ་མ་ཡིན་པ་ཞེས་ཉེས་པ་ལས་འབྱིན་པའི་ཐབས་སྟོན་ལ། འདི་ལྟར་གྱིས་ཤིག་ཅེས་སྟོན་པའོ། །བླ་མ་ནི་ཕན་པར་འདོད་པ་ཉིད་དོ། སྦྱིན་གནས་ནི་གྲངས་སུ་མ་གཏོགས་ཀྱང་ཡོན་ཏན་དང་ལྡན་པའོ། །དེ་དག་གིས་སྙིང་བརྩེ་ བའི་ཕྱིར་གླེང་བ་ན་བདག་གི་འདས་པར་གྱུར་པ་བརྫུན་གྱི་ཚིག་གིས་མགོ་རྨོངས་པར་བྱེད་དེ། དེས་ལས་ཀྱི་སྒྲིབ་པ་ཆེན་པོ་སོགས་སོ། །ལས་ཀྱི་སྒྲིབ་པ་ཆེ་བའི་ཕྱིར་མ་བརྗོད་པས་བྱང་ཆུབ་ཀྱི་སེམས་ལས་ཉམས་པར་རིག་པར་བྱའོ། །མགོ་རྨོངས་པར་བྱེད་མ་ནུས་སུ་ཟིན་ཀྱང་། བརྫུན་ལ་གོམས་པའི་ཉེས་པའི་སྒྲིབ་པས་ ཀྱང་། བྱང་ཆུབ་ཀྱི་སེམས་ལས་ཉམས་པར་གྱུར་པ་སྟེ། འདི་ནི་རྒྱུ་དང་པོའོ། །གཞན་འགྱོད་པ་མེད་པ་ལ་འགྱོད་པར་བྱེད་པ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་འགྱོད་པ་མེད་པའི་གནས་ལ་ཕྱིན་ཅི་ལོག་སྐྱེད་པའི་ཕྱིར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་ཡང་དག་པའི་བསླབ་པ་ལ་ཉེ་བར་གནས་པ་ རྣམས་བསླབ་པའི་ཚིག་རྣམས་ལ་མགོ་རྨོངས་པར་བྱེད་པས། འདི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ལ་ལྷག་པའི་བསམ་པ་མ་ཡིན་པ་ལ་ཞུགས་པའི་ཕྱིར་སྒྱུ་དང་གཡོས་བསླབ་པའི་ཚིག་རྣམས་ལ་མགོ་རྨོངས་པར་བྱེད་དེ། ལས་ཀྱི་སྒྲིབ་པ་མི་བཟད་པ་སོགས་སོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་ལ་སྐྱོན་དུ་ལྟ་བའི་ཕྱིར་ལོག་ པར་བརྗོད་པས་དེ་བྱང་ཆུབ་ཀྱི་སེམས་ལས་ཉམས་པར་འགྱུར་རོ། །མགོ་རྨོངས་པར་བྱེད་མ་ནུས་སུ་ཟིན་ཀྱང་ཉེས་པའི་སྒྲིབ་པས་དེ་བྱང་ཆུབ་ཀྱི་སེམས་ལས་ཉམས་པར་འགྱུར་ཏེ། འདི་ནི་རྒྱུ་གཉིས་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། 116-207a བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་ཞེས་བྱ་བ་ནི་ཆོས་དོན་དུ་གཉེར་བ་རྣམས་གང་ལས་ཆོས་ཐོས་པར་འགྱུར་བ་དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་ཕྱིར་ཏེ། གང་དག་ཐེག་པ་ཆེན་པོ་ལ་མོས་པར་འདོད་པའམ། སྒྲུབ་པར་འདོད་པར་གྱུར་པ་དག་དེ་ལས་མོས་པ་བཟློག་པའི་ ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་སྨྲ་བའོ། །དམིགས་མ་ཕྱེ་བ་དང་། དམིགས་ཀྱིས་ཕྱེ་བ་དང་རྣམ་པར་ཕྱེ་ནས་ཉེས་པར་བརྗོད་དོ། །དེ་ལ་དམིགས་མ་ཕྱེ་བར་ཉེས་པ་ཡོངས་སུ་བརྗོད་པ་ནི་བསྔགས་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་ སྟེ། དཔེར་ན་ངང་ཚུལ་ངན་པ་ཅན་ཞེས་བྱ་བ་ལྟ་བུའོ། །དམིགས་ཀྱིས་ཕྱེ་ནས་ཉེས་པ་བརྗོད་པ་ནི་མི་སྙན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་སྟེ། དཔེར་ན་མི་གཙང་བར་སྤྱོད་ཅེས་བྱ་བ་ལྟ་བུའོ། །རྣམ་པར་ཕྱེ་ནས་ཉེས་པ་བརྗོད་པ་ནི་བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་ཏེ། རྣམ་པ་འདི་དང་འདིས་ ཞེས་བྱ་བའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་མ་ཕྱེ་བ་དང་། དམིགས་ཀྱིས་ཕྱེ་བ་དང་རྣམ་པར་ཕྱེ་ནས་ཉེས་པ་བརྗོད་པའི་ཕྱིར་ཐེག་པ་ཆེན་པོ་སྒྲུབ་པར་འདོད་པ་རྣམས་ལ་མགོ་རྨོངས་པར་བྱེད་དོ། །དེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་མི་གུས་པ་སྐྱེས་ཏེ། ཡོན་ཏན་ཡང་དག་པར་ བཅབས་པས་ལས་ཀྱི་སྒྲིབ་པ་མི་བཟད་པ་སོགས་སོ། །སྒྲིབ་པ་དེས་ནི་དེའི་ཡང་དག་པར་བླངས་པའི་བརྡའི་སེམས་ཉམས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་དག་པར་བཅབས་པར་མ་ནུས་སུ་ཟིན་ཀྱང་ཉེས་པའི་སྒྲིབ་པས་དེའི་སེམས་ཉམས་པར་འགྱུར་ཏེ། འདི་ནི་རྒྱུ་གསུམ་ པའོ། །སྒྱུ་དང་། གཡོས་གཞན་ལ་ཉེ་བར་སྤྱོད། ལྷག་པའི་བསམ་པས་མ་ཡིན་ཞེས་བྱ་བ་ནི་ཆོས་སྨྲ་བ་རྣམས་ཀྱི་གསང་བའི་གནས་རྣམ་པར་འབྱེད་པས་མགོ་རྨོངས་པར་བྱ་བའི་ཕྱིར་རོ། །དེ་ལ་སྒྱུ་ཞེས་བྱ་བ་ནི། བཅོས་པས་ཉེས་པར་སྤྱོད་པའོ། །དེ་ལ་གཡོ་ཞེས་བྱ་བ་ནི་སེམས་གྱ་གྱུ་བའོ། །ལྷག་པའི་ བསམ་པས་མ་ཡིན་ཞེས་བྱ་བ་ནི་རང་བཞིན་མ་ཡིན་པའི་རྗེས་སུ་ཞུགས་པས་ཆོས་སྨྲ་བའི་གང་ཟག་རྣམས་ཀྱི་གསང་བའི་གནས་རྣམ་པར་འབྱེད་པས་སྦྱོར་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རྣམས་ལས་གསང་བའི་གནས་དག་ཐོས་ནས་ཐེག་པ་ཆེན་པོ་སྒྲུབ་པར་འདོད་པ་རྣམས་མོས་པ་བཟློག་པར་ 116-207b བྱའོ་ཞེས་དེ་ལྟར་སྦྱོར་བས་ལས་ཀྱི་སྒྲིབ་པ་ཆེན་པོ་བསགས་ཏེ། ལས་ཀྱི་སྒྲིབ་པ་དེས་ཆོས་ཉིད་ཀྱིས་འཐོབ་པའི་སེམས་ལས་རིང་དུ་གྱུར་པའི་ཚུལ་གྱིས་ཉམས་པར་འགྱུར་རོ། །མོས་པ་བཟློག་མ་ནུས་སུ་ཟིན་ཀྱང་དེའི་ཉེས་པའི་སྒྲིབ་པ་དེ་ལྟ་བུས་ཀྱང་སེམས་ཉམས་པར་འགྱུར་རོ། །མདོར་བསྡུ་ན་གང་ལས་ ཉམས་པར་འགྱུར་ཞེ་ན། སེམས་ལས་སོ། །གང་གི་ཚེ་འགྱུར་ཞེ་ན། ཚེ་འདི་དང་ཚེ་རབས་གཞན་པའོ། །ཇི་ལྟར་འགྱུར་ཞེ་ན། སྒྲུབ་པ་དག་ན་སློབ་དཔོན་ལ་སོགས་པ་དག་ལ་ལོག་པར་བྱེད་པས་སོ། །ཇི་སྙེད་ཅིག་གིས་ཤེ་ན། རྒྱུ་བཞི་པོ་དག་གིས་ཏེ་འདི་ནི་བཤད་ཟིན་ཏོ། །དེའི་གཉེན་པོ་ནི་དཀར་པོའི་ཕྱོགས་ སུ་རིག་པར་བྱ་སྟེ། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་མི་སྨྲ་ཞེས་བྱ་བ་ནི་བདེན་པ་རྗེས་སུ་བསྲུང་བ། ལུས་དང་སྲོག་ལ་མི་ལྟའོ། །ཐ་ན་བཞད་གད་ཀྱི་ཕྱིར་ཡང་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལ་ཡང་འཇིགས་པར་ལྟའོ། །སྒྱུ་དང་གཡོ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་ བསམ་པས་གནས་པ་ཞེས་བྱ་བ་ལ། ལྷག་པའི་བསམ་པ་ཞེས་བྱ་བ་ནི། རང་བཞིན་དང་མཐུན་པའོ། །སྒྱུ་མེད་པ་ཞེས་བྱ་བ་དེ་ནི་བཅོས་མ་མ་ཡིན་པ་ཉེ་བར་སྤྱོད་པ་ཀུན་དུ་སྟོན་པའོ། །གཡོ་མེད་པ་ཞེས་བྱ་བ་དེ་ནི་གྱ་གྱུ་དང་བྲལ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྟོན་པར་འདུ་ཤེས་བསྐྱེད་ཅིང་། དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་ཞེས་བྱ་བ་ནི་གང་ལས་ཆོས་ཐོས་པ་དེ་བསྔགས་པའི་ཕྱིར་རོ། །ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ ཞེས་བྱ་བ་ནི་མཆོག་གི་དོན་དུ་སྤྱོད་པ་བསྡུ་བའི་དངོས་པོས་ཡོངས་སུ་སྨིན་པར་བྱེད་པར་སེམས་པའོ། །དེ་དག་གི་གོ་རིམས་ནི། སློབ་དཔོན་ལ་སོགས་པ་སླུ་བས་སློབ་དཔོན་ལ་སོགས་པ་ལ་ནི་གུས་ཏེ། བསླབ་པ་ལ་མི་གུས་པས་བདག་འགྱོད་པ་མེད་དེ། གཞན་འགྱོད་པ་མེད་པ་ལ་རྣམ་པར་གཙེ་བའི་བསམ་པས་འགྱོད་ པར་བྱེད་དོ། །འགྱོད་པ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལས་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་སྨྲ་བའོ། །བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བས་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་གཞན་ལ་ཕན་པར་བྱ་བ་ལས་བྱུང་བ་མེད་པས་སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་པའི་ལྷག་པའི་ 116-208a བསམ་པ་མ་ཡིན་ནོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་རྒྱུ་རྣམས་ཀྱི་གོ་རིམས་ནི་བྱང་ཆུབ་ཀྱི་སེམས་ཆུད་ཟ་བར་མི་འགྱུར་བའི་རྒྱུ་བདེན་པའི་ཚིག་གོམས་པར་བྱས་པས་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་མི་ཉམས་པའི་བྱང་ཆུབ་སེམས་དཔའ་སྒྱུ་དང་། གཡོ་མེད་པའི་ཕྱིར་བྱང་ཆུབ་ ཀྱི་སེམས་ལས་བྱུང་བ་གཞན་ལ་ཕན་པར་བྱ་བ། ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་གནས་སོ། །བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་གཞན་ལ་ཕན་པར་བསམ་པ་ལས་བྱུང་བའི་ཆོས་ཤིན་ཏུ་རྨད་དུ་བྱུང་བ་དང་། དཔག་ཏུ་མེད་པ་དག་རང་གི་རྒྱུད་ལ་དམིགས་ནས་བྱང་ཆུབ་ཀྱི་སེམས་ ལ་གུས་པ་དང་། བྱང་ཆུབ་ཀྱི་སེམས་ཀྱང་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་དོ། །ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་གུས་པས་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་གོ། །བྱང་ཆུབ་ཀྱི་ཕྱིར་སེམས་པ་ནི། བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །སྨྲས་པ་འདི་ལྟར་དང་པོར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བའི་རང་བཞིན་གང་། ཚུལ་གང་། གང་ལ་དམིགས། ཡོན་ཏན་གང་། ཁྱད་པར་གང་། གང་གིས་བསྡུས། གང་གི་རྩ་བ། གང་གི་འབྲས་བུ། གང་གི་གནས། སྨྲས་པ། དང་པོར་ཡང་དག་པར་སྨོན་པ་ནི་རང་བཞིན་ནོ། །ཡིད་ཀྱིས་སྨོན་པ་ནི་ཚུལ་ལོ། །བྱང་ཆུབ་ལ་དམིགས་ཤིང་སེམས་ཅན་གྱི་དོན་ལ་དམིགས་སོ། །ཐམས་ཅད་མཁྱེན་པའི་རྒྱུ་ཡིན་པའི་ཕྱིར་ཡོན་ ཏན་དཔག་ཏུ་མེད་དོ། །འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ལས་མཆོག་ཏུ་གྱུར་པས་ཁྱད་པར་དུ་འཕགས་སོ། །མོས་པ་སྤྱོད་པའི་སས་བསྡུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའོ། །སྙིང་རྗེའི་འབྲས་བུའོ། །བྱང་ཆུབ་སེམས་དཔའི་བསླབ་ པའི་གནས་སོ། །དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཡང་མདོར་བསྡུ་ན། འབྱུང་བ་དང་། མི་འབྱུང་བ་དང་། འབྱུང་བ་ནི་གང་སྐྱེས་ནས་རྒྱུན་མི་འཆད་པར་རྗེས་སུ་འཇུག་པ་ཡིན་པའོ། །དེའི་ལྡོག་པ་ཡང་རྣམ་པ་གཉིས་ཏེ། རྒྱུན་ཆད་པ་པ་དང་རྒྱུན་མི་འཆད་པའོ། །དེ་ལ་རྒྱུན་ཆད་པ་ནི་གང་ལན་ཅིག་ 116-208b ལོག་ནས་ཡང་མི་སྐྱེ་བའོ། །རྒྱུན་མི་འཆད་པ་ནི་གང་ལོག་ཀྱང་ཡང་སྐྱེའོ། །སེམས་དེ་ཡང་རྐྱེན་བཞི་དང་། རྒྱུ་བཞི་དང་། སྟོབས་བཞི་པོ་དག་གིས་སྐྱེ་སྟེ། རྐྱེན་བཞི་པོ་དག་གང་ཞེ་ན། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་མཐོང་ངམ་ཐོས་པ་དང་། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་བརྩམས་པའི་ཆོས་ཐོས་པ་དང་། སེམས་ཅན་ལ་སྙིང་བརྩེ་བར་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པ་དང་། དུས་ངན་པའི་སེམས་ཅན་ཤིན་དུ་སྡུག་བསྔལ་བ་དག་མཐོང་བའོ། །རྒྱུ་བཞི་པོ་གང་ཞེ་ན། རིགས་ཕུན་སུམ་ཚོགས་ པ་དང་། བཤེས་གཉེན་དམ་པ་ཕུན་སུམ་ཚོགས་པ་དང་། སྙིང་རྗེ་དང་། འཁོར་བའི་སྡུག་བསྔལ་དུས་རིང་བ་སྣ་ཚོགས་པ་མི་བཟད་པ། མཚམས་མེད་པས་མི་འཇིགས་པའོ། །སྟོབས་བཞི་པོ་དག་གང་ཞེ་ན། རང་གི་སྟོབས་དང་། གཞན་གྱི་སྟོབས་དང་། རྒྱུའི་སྟོབས་དང་། སྦྱོར་བའི་ སྟོབས་སོ། །དེ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནི་རང་གི་སྟོབས་སོ། །གཞན་གྱི་མཐུས་བསྐྱེད་པར་འདོད་པ་ནི་གཞན་གྱི་སྟོབས་སོ། །སྔོན་ཆད་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པའི་དགེ་བའི་ཆོས་གོམས་པར་བྱས་པ་ནི་རྒྱུའི་སྟོབས་སོ། །ཚེ་འདི་ལ་སྐྱེས་བུ་དམ་ པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། སེམས་པ་ལ་སོགས་པས་དུས་རིང་པོར་དགེ་བའི་ཆོས་གོམས་པར་བྱས་པ་ནི་སྦྱོར་བའི་སྟོབས་སོ། །རྐྱེན་བཞི་པོ་དང་རྒྱུ་བཞི་པོ་ཚོགས་པའམ། མ་ཚོགས་པ་དག་ལ་བརྟེན་པ་དེ་ལ་གལ་ཏེ། རང་གི་སྟོབས་དང་རྒྱུའི་སྟོབས་ཏེ། སྟོབས་གཉིས་ཚོགས་པས་ སེམས་གང་སྐྱེ་བ་དེ་ནི་དེ་ལྟར་བརྟན་པ་དང་། སྙིང་པོ་ཡོད་པ་དང་། མི་གཡོ་བར་སྐྱེ་བའོ། །གཞན་གྱི་སྟོབས་དང་སྦྱོར་བའི་སྟོབས་ཀྱིས་སེམས་དེ་སྐྱེ་བ་ནི་མི་བརྟན་པར་སྐྱེ་བར་རིག་པར་བྱའོ། །དེའི་ལོག་པའི་རྒྱུ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། རིགས་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། སྡིག་པའི་གྲོགས་ པོས་ཡོངས་སུ་ཟིན་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པའོ། །བྱང་ཆུབ་ཀྱི་སེམས་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གནས་པར་བྱས་ནས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་ཟིན་པའི་དགེ་བའི་ཆོས་རྣམས་ལ་སྦྱོར་ 116-209a རོ། །དེ་ལྟར་སྦྱོར་བ་དེའི་དགེ་བའི་ཆོས་ཡོངས་སུ་ཟད་པ་དང་། འཕེལ་བའི་རྒྱུའི་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པའོ། །སྨྲས་པ། ཅིའི་ ཕྱིར་དགེ་བའི་ཆོས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུའི་ཆོས་བཞི་ཉིད་དེ། མི་མང་མི་ཉུང་། སྨྲས་པ། དགེ་བའི་ཆོས་ཡོངས་སུ་ཟད་པར་འགྱུར་བ་རྣམ་པ་བཞིའི་ཕྱིར་ཏེ། འདི་ལ་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཡོངས་སུ་ཟད་པར་འགྱུར་བ་རྣམ་པ་བཞི་སྟེ། མི་སྐྱེ་བས་ཡོངས་སུ་ཟད་པར་འགྱུར་ བ་དང་། མི་འཕེལ་བར་ཡོངས་སུ་ཟད་པར་འགྱུར་བ་དང་། རྩ་བ་ནས་བཅོམ་པས་ཡོངས་སུ་ཟད་པར་འགྱུར་བ་དང་། རྒྱང་བསྲིངས་པས་ཡོངས་སུ་ཟད་པར་འགྱུར་བའོ། །དེ་ལ་དཀར་པོའི་ཆོས་རྣམས་མི་སྐྱེ་བས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུ་ནི་མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱང་ཕན་པའི་བརྗོད་པ་ཚོལ་ བ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་མངོན་པར་མི་ཤེས་པའི་བྱང་ཆུབ་སེམས་དཔའ་མངོན་པའི་ང་རྒྱལ་གྱིས་ཟིན་པ་ནི་འཐོབ་པ་དང་། བཀུར་སྟི་ལ་ལྟ་བས་གཞན་དང་འགྲན་པའི་དབང་དུ་བྱས་ཏེ། འཇིག་རྟེན་རྒྱང་ཕན་པའི་བརྗོད་པ་ཡོངས་སུ་ཚོལ་བའི་ཕྱིར་དཀར་པོའི་ཆོས་ རྣམས་ཀྱི་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་ན་དཀར་པོའི་ཆོས་རྣམས་མི་སྐྱེ་བའི་ཡོངས་སུ་ཟད་པས་ཡོངས་སུ་ཟད་པར་འགྱུར་རོ། །སྔོན་ཐོབ་པ་རྣམས་ཀྱང་བྱ་བ་གཞན་ལ་ཆགས་ཏེ། ཉན་པ་ལ་གཡེལ་བ་མི་འཕེལ་བས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུ་ནི་འཐོབ་པ་དང་། བཀུར་སྟི་ལ་ཆགས་ཏེ་ཁྱིམ་ལ་ལྟའོ། ། དེ་འཐོབ་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། །འཐོབ་པ་དང་བཀུར་སྟི་ལ་ཆགས་པ་ནི། འཐོབ་པ་དང་བཀུར་སྟི་ལ་ཆགས་པའོ། །འཐོབ་པ་དང་བཀུར་སྟི་ལ་ཆགས་པས་ལོག་པར་ཡོངས་སུ་སྤྱོད་པ་བསྟན་པ་ཡིན་ནོ། །ཁྱིམ་ལ་ལྟ་བས་ནི་འདུ་འཛི་མང་བར་བསྟན་པ་ཡིན་ ནོ། །སྨྲས་པ། འདི་གཉིས་གང་ལས་བྱུང་། སྨྲས་པ། ཡང་དག་པར་འོངས་པའི་ཐོབ་པས་ཆོག་པར་མི་འཛིན་ཏེ། ཚུལ་འཆོས་པ་ལ་སོགས་པ་ལ་གནས་པ་དང་། འཕགས་པའི་རིགས་རྣམས་ལ་མི་གནས་པ་ལས་བྱུང་། འདི་ལྟར་འཐོབ་པ་དང་བཀུར་སྟི་ལ་ཆགས་པས་ཁྱིམ་རྣམས་ལ་ལྟ་བ་དེ་འདུ་ 116-209b འཛི་མང་བའི་ཕྱིར་ཐོས་པ་ལ་སོགས་པ་དགེ་བའི་ཆོས་རྣམས་མ་འཕེལ་ལོ། །ཐོས་པ་ལ་སོགས་པ་མི་འཕེལ་བས་ཐོས་པ་ལ་སོགས་པ་དགེ་བའི་ཆོས་མི་འཕེལ་བའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་རོ། །རྩ་བ་ནས་འཇོམས་པས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུ་ནི་བྱང་ཆུབ་སེམས་ དཔའ་ལ་ཁྲོ་ཞིང་སྐུར་པ་འདེབས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཉེས་པར་ལྟ་བ་ནི་ཁྲོ་བའོ། །བྱང་ཆུབ་སེམས་དཔའ་ལ་ཁྲོ་བ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་སྟེ། འཁྲུལ་པའི་ཉེས་པ་གཞན་ཚོལ་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་བྱུང་བའམ། མ་བྱུང་བ་ གླེང་བས་ལས་ཀྱི་སྒྲིབ་པ་རྒྱ་ཆེན་པོ་སོགས་ཏེ། གདོན་མི་ཟ་བར་དེའི་དགེ་བའི་ཆོས་རྣམས་རྩ་བ་ནས་འཇོམས་པའི་ཡོངས་སུ་ཟད་པས་ཡོངས་སུ་ཟད་པར་འགྱུར་རོ། །རྒྱང་བསྲིངས་པས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུ་ནི་མ་ཐོས་པ་དང་། མ་ཟིན་པའི་མདོ་སྡེ་རྣམས་སྤོང་བ་སྟེ། མ་ཐོས་པ་ཞེས་བྱ་བ་ནི་ ཐོས་པའི་ལམ་དུ་མ་གྱུར་པའོ། །མ་ཟིན་པ་ཞེས་བྱ་བ་ནི་ཐོས་པའི་ལམ་དུ་གྱུར་ཀྱང་མ་ཟིན་པ་སྟེ། ངེས་པའི་དོན་གྱི་མདོ་སྡེ་རྣམས་སྤོང་ཞིང་། འདི་ལས་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་འདི་གསུངས་སོ་ཞེས་བྱ་བ་སྟེ། ཆེན་པོ་བསྟན་པ་ཆོས་ཉིད་ལས་དགོངས་ཏེ་གསུངས་པའི་དོན་དེ་བཞིན་ གཤེགས་པའི་དགོངས་པ་ལ་སུ་ལོག་པས་འཇལ་བ་དེའི་དམ་པའི་ཆོས་ལ་སྐུར་པ་ཆེར་བཏབ་པས་གནོད་པ་ཐོབ་སྟེ། དེའི་དཀར་པོའི་ཆོས་རྣམས་རྒྱང་བསྲིང་བའི་ཡོངས་སུ་ཟད་པས་ཡོངས་སུ་ཟད་པར་འགྱུར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་ བཞི་དང་ལྡན་ན། ཡོངས་སུ་མི་འབྲི་བའི་ཆོས་ཅན་དུ་འགྱུར་ཏེ། ཁྱད་པར་དུ་འགྲོའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡོངས་སུ་ཚོལ་བ་ལས་བརྩམས་ནས། ལེགས་པར་ཐོས་པ་ཚོལ་གྱི་ཉེས་པར་ཐོས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། ། དེ་ལ་ལེགས་པར་ཐོས་པ་ཚོལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ནི་ལེགས་པར་ཐོས་པ་ཚོལ་བའོ། །ཉེས་པར་ཐོས་པ་མ་ཡིན་ཞེས་བྱ་བ་ལ། འཇིག་རྟེན་རྒྱང་པན་པའི་བརྗོད་པའི་དབང་དུ་བྱས་པ་རྣམས་མི་ཉན་པ་ནི་ཉེས་པར་ཐོས་པ་མ་ཡིན་པའོ། །སེམས་ཅན་ཐམས་ 116-210a ཅད་ལ་ང་རྒྱལ་མེད་པའི་ཕྱིར་ཁྱི་དང་འདྲ་བའི་སེམས་ཡིན་ཞེས་བྱ་བ་ལ་ང་རྒྱལ་གྱིས་ཟིན་པ་རྣམས་ནི་འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཚོལ་བར་འགྱུར་ཏེ། འཐོབ་པ་དང་བཀུར་སྟིའི་རྒྱུར་གྱུར་པ་འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཚོལ་བ་ཡོངས་སུ་བཏང་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ ཕ་རོལ་ཏུ་ཕྱིན་པ་དྲུག་བཙལ་བའི་ཕྱིར་འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཚོལ་བའི་རྒྱུ་ལས་བཟློག་པ་སྟོན་ཏོ། །ཆོས་ཀྱི་ཐོབ་པས་ཆོག་པར་འཛིན་ཏེ། ལོག་པར་ཚོལ་བ་ཐམས་ཅད་ཡོངས་སུ་སྤངས་ཤིང་འཕགས་པའི་རིགས་ལ་དགའ་བ་ཡིན་ཞེས་བྱ་བ་ནི་དེ་ཡང་དག་པར་འོངས་པའི་འཐོབ་པས་ཚིམ་པའི་ཕྱིར་ཆོས་ཀྱི་ཐོབ་ པས་ཆོག་པར་འཛིན་ཏོ། །ཚུལ་འཆོས་པ་ལ་སོགས་པའི་ཉེས་པ་ཡོངས་སུ་བཏང་བའི་ཕྱིར་ལོག་པས་འཚོ་བ་ཐམས་ཅད་ཡོངས་སུ་སྤངས་སོ། །མི་སྲིད་པའི་རང་བཞིན་ཅན་དུ་གྱུར་པའི་ཕྱིར་འཕགས་པའི་རིགས་ལ་དགའོ། །དེ་ལྟར་ཡང་དག་པར་ཞུགས་པར་རང་གི་བྱ་བ་དམ་པར་འཛིན་པ་ཉེས་པ་བྱུང་བ་ཡང་ གཞན་གྱིས་རྗེས་སུ་བསྲུང་བས་གཞན་གྱིས་མི་གླེང་ན་ཉེས་པ་གཞན་དང་འཁྲུལ་པ་ཚོལ་བ་ལྟ་ག་ལ་འགྱུར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོལ་བ་ལ་བརྩོན་པ་དེའི་བློས། ཆོས་གང་དག་མི་རྟོགས་པ་དེ་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་མངོན་སུམ་དུ་གཟིགས་པའི་ཕྱིར་མངོན་སུམ་མོ་ཞེས་ མི་སྤོང་ངོ་། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་མཐའ་ཡས་པ་དང་། མོས་པ་ཐ་དད་པ་ལ་བལྟས་ནས་ཆོས་བསྟན་པའི་ཕྱིར་རོ། །མདོར་བསྡུ་ན་གང་དག་ཡོངས་སུ་ཟད་པར་འགྱུར་བ་དང་། ཇི་ལྟར་ཡོངས་སུ་ཟད་པར་འགྱུར་བ་དང་། གང་གི་དུས་དང་། ཆོས་ཇི་སྙེད་ཅིག་གིས་ཡོངས་སུ་ཟད་པར་འགྱུར་བ་ དེ་བསྟན་ཏེ ། གང་དག་ཡོངས་སུ་ཟད་པར་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་སོ། །ཇི་ལྟར་ཡོངས་སུ་ཟད་པར་འགྱུར་ཞེ་ན། མངོན་པའི་ང་རྒྱལ་ལ་བརྟེན་ནས་འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཚོལ་བ་ལ་སོགས་པའི་རིམ་གྱིས་སོ། །གང་གི་དུས་ཤེ་ན། ཚེ་འདི་དང་ཚེ་རབས་གཞན་ནའོ། །ཆོས་ཇི་སྙེད་ཅིག་ གིས་ཤེ་ན། ཆོས་བཞི་པོ་དག་གིས་སོ། །དཀར་པོའི་ཕྱོགས་ལ་ཡང་དགེ་བའི་ཕྱོགས་གང་དག་སྐྱེ་བར་འགྱུར། ཇི་ལྟར་སྐྱེ་བར་འགྱུར། གང་གི་དུས་ན་སྐྱེ་བར་འགྱུར། ཆོས་ཇི་སྙེད་ཅིག་གིས་སྐྱེ་བར་འགྱུར་ཞེས་བཟློག་སྟེ་ཡོངས་སུ་བསྟན་ཏོ། །ཆོས་བཞི་པོ་འདི་དག་གི་གོ་རིམས་ནི་མངོན་པའི་ང་རྒྱལ་གྱིས་ 116-210b ཟིན་ཏོ། །འཐོབ་པ་དང་བཀུར་སྟི་ལ་ལྟ་བས་འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཚོལ་ལོ། །བཙལ་བར་བྱ་བ་ཁྱིམ་གང་དག་ནས་འཐོབ་པར་བྱེད་པའི་ཁྱིམ་དེ་དག་ལ་ལྟའོ། །འཐོབ་པ་དང་བཀུར་སྟི་ལ་ཆགས་པས་ཕྲག་དོག་དང་སེར་སྣ་ལ་སོགས་པའི་སེམས་ཀྱིས་ཁྱིམ་དེར་གཏོགས་པའི་བྱང་ཆུབ་སེམས་དཔའ་ གཞན་དག་ལ་ཁྲོ་ཞིང་སྐུར་པ་འདེབས་སོ། །དེ་ལ་ཁྲོས་པ་ཉིད་ཀྱི་ཕྱིར་དམ་པའི་ཆོས་སྤོང་ངོ་། །དཀར་པོའི་ཕྱོགས་ཀྱི་གོ་རིམས་ནི་ང་རྒྱལ་ལ་སོགས་པའི་ཉེས་པ་རྣམས་མེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡང་དག་པར་ཉན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ན་འཐོབ་ པ་དང་བཀུར་སྟི་ལ་ཆགས་པ་སྐུར་པ་འདེབས་པའི་རྒྱུ་མེད་པས་ཆོས་ཀྱི་འཐོབ་པས་ཆོག་པར་འཛིན་ཏེ། ལོག་པས་འཚོ་བ་དེ་དག་སྤངས་ཤིང་འཕགས་པའི་རིགས་ལ་དགའ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་མེད་པས་ཉེས་པ་བྱུང་བ་དང་མ་བྱུང་བ་ལས་གཞན་ལ་མི་གླེང་ངོ་། །ཐར་པ་འདོད་ པས་དམ་པའི་ཆོས་མི་སྤོང་ངོ་། །དཀར་པོའི་ཆོས་ཡོངས་སུ་ཟད་པར་འགྱུར་བའི་རྒྱུའི་ཆོས་རྣམས་སྤངས་པ་དང་། དཀར་པོའི་ཆོས་ཡོངས་སུ་ཉམས་པར་མི་འགྱུར་བའི་རྒྱུའི་ཆོས་རྣམས་ཡང་དག་པར་འཛིན་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་པ་ཡིད་མི་མཉམ་པར་ཀུན་ཏུ་འབྱུང་བ་སྤང་བར་བྱ་ བ་དང་། བྱང་ཆུབ་སེམས་དཔའི་ཆ་ཡིད་མཉམ་པ་ཀུན་དུ་འབྱུང་བ་ཡང་དག་པར་འཛིན་དུ་གཞུག་པའི་དོན་དུ་ཡོན་པོ་དང་། ཡོན་པོ་མ་ཡིན་པའི་སེམས་བསྐྱེད་པ་ཉེ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འོད་སྲུངས་བཞི་པོ་འདི་དག་ནི་ཡོན་པོར་སེམས་བསྐྱེད་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་ སྤང་བར་བྱའོ་ཞེས་རྒྱ་ཆེར་གསུངས་པའོ། །སྨྲས་པ། ཅིའི་ཕྱིར་བཞི་ཉིད་དེ། མི་མང་མི་ཉུང་། སྨྲས་པ། ལ་ལ་ན་རེ་ཧ་ཅང་སྐྱོན་དུ་འགྱུར་བས་ཀླན་ཀར་མི་འགྱུར་རོ་ཞེས་ཟེར་རོ། །ཡོ་བ་རྣམ་པ་བཞིའི་དབང་དུ་བྱས་པ་ཡིན་ནོ། །ཡོ་བ་རྣམ་པ་བཞིའི་དབང་དུ་བྱས་ནས་ཡོན་པོར་སེམས་བསྐྱེད་པར་རིག་པར་བྱ་སྟེ། ཐེག་ པ་ཆེན་པོ་ལ་ཡོ་བ་དང་ཡོངས་སུ་སྨིན་པར་བྱེད་པ་ལ་ཡོ་བ་དང་། བསོད་ནམས་ཀྱི་ཚོགས་ལ་ཡོ་བ་དང་། ཡེ་ཤེས་ཀྱི་ཚོགས་ལ་ཡོ་བའོ། །དེ་ལ་ཐེག་པ་ཆེན་པོ་ལ་ཡོ་བའི་རྒྱུ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་དང་། ཡིད་གཉིས་དང་། ཐེ་ཚོམ་ཟ་བ་སྟེ། སྟོན་པ་ལ་ཡིད་མི་ཆེས་ན་བསླབ་པ་ལ་མི་གུས་པའི་ཕྱིར་ 116-211a སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་ཟ་བ་ལ་སོགས་པ་ཉེ་བར་བཟུང་ནས་ཐེག་པ་ཆེན་པོ་ལ་ཁྱད་དུ་གསོད་པར་ཞུགས་པ་ཡིན་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཡོད་པ་ལ་ནི་སོམ་ཉི་ཟའོ། །ཆེ་བ་ཉིད་ལ་ནི་ཡིད་གཉིས་ཟའོ། །ཡེ་ཤེས་འཐོབ་པ་ལ་ནི་ཐེ་ཚོམ་ཟའོ། །ཡོངས་སུ་སྨིན་པར་བྱེད་པ་ ལ་ཡོ་བའི་རྒྱུ་ནི། སེམས་ཅན་རྣམས་ང་རྒྱལ་དང་། རྒྱགས་པ་དང་། འཆབ་པ་དང་། ཁྲོ་བ་དང་། གནོད་པར་སེམས་པའོ། །ང་རྒྱལ་ལ་སོགས་པས་ཟིལ་གྱིས་ནོན་ན་སེམས་ཅན་ཁྱད་དུ་གསོད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་བྱེད་དེ། ང་རྒྱལ་དང་། རྒྱགས་པ་དང་། འཆབ་པ་དང་། ཁྲོ་བ་ དང་། གནོད་པར་སེམས་པ་ནི་བླ་མ་རྣམས་དང་། སློབ་མ་རྣམས་དང་། གླེང་བ་རྣམས་དང་། གནོད་པར་བྱེད་པ་རྣམས་དང་། གནོད་པར་མི་བྱེད་པ་རྣམས་ལ་གོ་རིམས་བཞིན་དུ་རིག་པར་བྱའོ། །བསོད་ནམས་ཀྱི་ཚོགས་ལ་ཡོ་བའི་རྒྱུ་ནི། གཞན་གྱིས་འཐོབ་པ་རྣམས་ལ་ཕྲག་དོག་དང་སེར་སྣ་བྱེད་པའོ། །དེ་ལ་གཞན་ གྱི་འཐོབ་པ་མཐོང་ནས་སེམས་ཀྱི་ཁྱད་པར་འཁྲུགས་པ་ནི་ཕྲག་དོག་གོ། །དེ་ལ་སྨོན་པ་ནི་སེར་སྣའོ། །ཕྲག་དོག་དང་སེར་སྣ་དེ་ཉིད་ལས་སེམས་སོང་སྟེ། བསོད་ནམས་ཀྱི་ཚོགས་རྣམས་ལ་ཁྱད་དུ་གསོད་པར་འཇུག་པ་ནི་བསོད་ནམས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཡེ་ཤེས་ཀྱི་ཚོགས་ལ་ཡོ་བའི་རྒྱུ་ནི་བྱང་ཆུབ་ སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པའོ། །བསྔགས་པ་མ་ཡིན་པ་ལ་སོགས་པའི་དོན་ནི་སྔར་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་བརྗོད་པས་ཐེག་པ་ཆེན་པོ་སྤོང་བར་རིག་པར་བྱའོ། །ཐེག་ པ་ཆེན་པོ་སྤངས་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཚོགས་རྣམས་ལ་ཁྱད་དུ་གསོད་པར་འཇུག་པ་ཡང་ཡེ་ཤེས་ཀྱི་ཚོགས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱའོ། །ཡོན་པོའི་གཉེན་པོར་དྲང་པོའི་མཚན་ཉིད་བསྟན་ཏེ། འོད་སྲུངས་བཞི་ པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དྲང་པོ་དྲང་བའི་མཚན་ཉིད་ཡིན་ཏེ། བཞི་གང་ཞེ་ན། ཉེས་པ་བྱུང་བ་མི་འཆབ་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་ཉེས་པ་བྱུང་བ་མི་འཆབ་ཅེས་བྱ་བ་ནི་བསྟན་པའི་ཚིག་གོ། །རྣམ་པར་འབྱེད་ཅེས་བྱ་བ་ནི་དངོས་པོ་ཡོངས་སུ་བརྗོད་པའོ། །འཆགས་པ་ཞེས་བྱ་བ་ནི་ཉེས་པ་ 116-211b སོ་སོར་འཆགས་པའོ། །ཅི་ནས་ཀྱང་འགྱོད་པར་མི་འགྱུར་བ་དེ་ལྟར་འཐོབ་པ་ནི་ཀུན་ནས་ལྡང་བ་མེད་པ་ཡིན་ནོ། །རྒྱལ་སྲིད་སྟོར་བའམ། ནོར་ཡལ་བའམ་ཞེས་བྱ་བ་ནི། བདེན་པའི་བསམ་པས་ལོངས་སྤྱོད་ལ་མི་ལྟ་བར་ཡོངས་སུ་སྟོན་ཏོ། །སྲོག་གི་བར་ཆད་དུ་འགྱུར་ཡང་ཞེས་བྱ་བ་ནི་སྲོག་ལ་མི་ལྟ་བའོ། ། གཞན་ནས་གཞན་དུ་བསྒྱུར་བའི་ཚིག་མི་སྨྲ་ཞེས་བྱ་བ་ནི། དོན་གཞན་དུ་སྦྱོར་བའི་དོན་བཏང་སྟེ་མགོ་རྨོངས་པར་མི་བྱེད་པའོ། །གཞན་གྱིས་གནོད་པར་བྱས་པ། ཁྲོ་བ་དང་། གཤེ་བ་དང་། སྨོད་པ་དང་། སྤྱོ་བ་དང་། བརྡེག་པ་དང་། བསྡིགས་པ་དང་། གསོད་པ་དང་། བཅིང་བ་བྱས་པ་ཐམས་ཅད་ལ་བདག་ གིས་ཉེས་པར་སེམས་ཞེས་བྱ་བའི་ཚིག་འདི་རྣམས་ལ་བྱེ་བྲག་ཅི་ཡོད་ཅེ་ན། དེ་ལ་ཁྲོ་བ་ནི་ཁ་ན་མ་ཐོ་བ་མ་བྱུང་བ་བརྗོད་པའོ། །གཤེ་བ་ནི་ཁ་ན་མ་ཐོ་བ་བྱུང་བ་བརྗོད་པའོ། །སྨོད་པ་ནི་རིགས་ལ་སོགས་པའི་ཉེས་པ་བརྗོད་པའོ། །སྤྱོ་བ་ནི་ཁ་ན་མ་ཐོ་བ་བྱུང་བས་རྣམ་པར་འཇོམས་པའོ། །བསྡིགས་པ་ནི་ལུས་ཀྱི་ཚུལ་ གྱིས་བསྡིགས་པའོ། །བརྡེག་པ་ནི་ལུས་ཀྱི་ཡན་ལག་ལག་པ་ལ་སོགས་པས་སོ། །གསོད་པ་ནི་ལག་པ་ལ་སོགས་པ་དང་འབྲེལ་པ་མཚོན་ཆ་ལ་སོགས་པས་སོ། །བཅིང་བ་ནི་ཐག་པ་ལ་སོགས་པས་སོ། །དེ་ལ་སོགས་པ་གཞན་གྱིས་གནོད་པར་བྱས་པ་རྣམས་ལ་བདག་གིས་ཉེས་པར་སེམས་པའོ། ། ལས་ཀྱི་རྣམ་པར་སྨིན་པའི་ཕྱིར་འབྲང་བས་གཞན་དག་ལས་མི་འཁྲུགས་ཞེས་བྱ་བ་ནི་ཁྲོ་བའི་ཀུན་ནས་བསྐོར་བ་ལྡང་བར་མི་བྱེད་པའོ། །ཁོན་དུ་འཛིན་པ་མེད་ཅེས་བྱ་བ་ནི་མདུད་པར་འཛིན་པ་མེད་པའོ། །དེ་དད་པ་ལ་རབ་ཏུ་གནས་པ་ཡིན་ཏེ། བསམ་པ་ཡོངས་སུ་དག་པའི་ཕྱིར་ཐམས་ཅད་དད་པར་མི་འགྱུར་བའི་ སངས་རྒྱས་ཀྱི་ཆོས་ལ་མངོན་པར་དད་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ལྷག་པའི་བསམ་པས་མོས་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཚིག་འདི་དག་གི་གོ་རིམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐེ་ཚོམ་ཟ་བས་ཚུལ་ཁྲིམས་ལ་མི་གུས་ཏེ། སེམས་ཅན་རྣམས་ལ་ལོག་པར་སྒྲུབ་བོ། །ལོག་པར་སྒྲུབ་པས་འཐོབ་པ་ ལ་སེར་སྣ་བྱེད་པའོ། །སེར་སྣའི་ཟིལ་གྱིས་ནན་པས་བྱང་ཆུབ་སེམས་འཐོབ་པ་དང་ལྡན་པ་མཐོང་ངམ་ཐོས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་སྨྲའོ། །དཀར་པོའི་ཕྱོགས་ཀྱི་གོ་རིམས་ནི་ཚུལ་ཁྲིམས་དང་ལྡན་པས་བདེན་པ་རྗེས་སུ་བསྲུང་ངོ་། །བདེན་པ་རྗེས་སུ་བསྲུང་བས་ 116-212a བཟོད་པ་དང་ལྡན་པ་ཡིན་ནོ། །བཟོད་པ་དང་ལྡན་པས་བསམ་པ་རྣམ་པར་དག་སྟེ། སངས་རྒྱས་ཀྱི་ཆོས་ལ་མངོན་པར་དད་དོ། །མདོར་བསྡུ་ན་ཡོན་པོ་གང་ཞེ་ན། སེམས་ཀྱིས་ཁྱད་དུ་གསོད་པའོ། །གང་ལ་ཡོ་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་དང་། སེམས་ཅན་རྣམས་ལའོ། །གང་གི་ ཚེ་ཞེ་ན། འདི་ལ་གོམས་པར་བྱས་པས་མ་འོངས་པ་ན་ཡང་ངོ་། །ཆོས་ཇི་སྙེད་ཅིག་གིས་ཤེ་ན། ཇི་སྐད་སྨོས་པའི་ཆོས་བཞི་པོ་དག་གིས་སོ། །དྲང་པོ་གང་ཡིན་པ་དང་། དོན་གང་དྲང་བ་དང་། གང་གི་ཚེ་དང་། ཆོས་ཇི་སྙེད་ཅིག་གིས་ཞེས་དཀར་པོའི་ཕྱོགས་ཀྱང་བཟློག་སྟེ་རིག་པར་བྱའོ། །ཡོན་པོར་སེམས་བསྐྱེད་ པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དག་ནི། བྱང་ཆུབ་སེམས་དཔའ་དྲང་པོ་རྣམས་ཀྱི་དྲང་བའི་མཚན་ཉིད་དུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དྲང་པོ་རྣམས་ཡང་དག་པར་འདུལ་བའི་ཕྱིར་དང་། དམུ་རྒོད་དུ་བྱེད་པའི་ཆོས་ཡོངས་སུ་སྤོང་བ་དང་། དམུ་རྒོད་མ་ཡིན་པ་ཡང་དག་པར་འཛིན་དུ་གཞུག་པའི་དོན་དུ་ དམུ་རྒོད་དང་། དམུ་རྒོད་དུ་བྱེད་པ་མ་ཡིན་པའི་ཆོས་རྣམས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དམུ་རྒོད་དོ་ཞེས་རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་ཞེ་ན། དམུ་རྒོད་རྣམ་པ་བཞིའི་རྒྱུའི་ཕྱིར་རོ། །དམུ་རྒོད་རྣམ་པ་བཞི་གང་ཞེ་ན། གནས་ ལ་དམུ་རྒོད་པ་དང་། འཇུག་པ་ལ་དམུ་རྒོད་པ་དང་། ཡོངས་སུ་སྤྱོད་པ་ལ་དམུ་རྒོད་པ་དང་། འགྲོགས་པ་ལ་དམུ་རྒོད་པའོ། །དེ་ལ་དམུ་རྒོད་ཅེས་བྱ་བ་ནི། གདུལ་དཀའ་བ་སྟེ་རྟ་དམུ་རྒོད་བཞིན་ནོ། །དམུ་རྒོད་དུ་བྱེད་པའི་ཆོས་བཞི་པོ་འདི་དག་བྱང་ཆུབ་སེམས་དཔས་བསྒོམས་ན་སྒྲིབ་པར་འགྱུར་བའི་ཕྱིར་དམུ་རྒོད་ དུ་བྱེད་པ་ཞེས་བྱའོ། །དེ་ལ་ཐོས་པས་གཡེང་བའི་ཆོས་སུ་གནས་པ་ནི་གནས་ལ་དམུ་རྒོད་པའི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་སེམས་མ་ཞི་བ་རང་གི་གནས་སུ་བཞག་ན་འདུག་ཏུ་མི་བཏུབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དམུ་རྒོད་ཀྱང་ཐོས་པ་དམ་པར་འཛིན་པས་ཐོས་པར་གཡེངས་ཏེ། སེམས་མ་ཞི་བས་དགེ་ བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་བཞག་ན་འདུག་ཏུ་མི་བཏུབ་བོ། །རྗེས་སུ་བསྟན་པ་ལ་གཡེང་བའི་ཆོས་སུ་གནས་པ་ནི་འཇུག་པ་ལ་དམུ་རྒོད་པའི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་ལམ་བདེ་བར་བཅུག་ན་དམུ་རྒོད་དུ་གྱུར་པས་ལམ་མི་བདེ་བར་འཇུག་པ་དེ་བཞིན་དུ་བྱང་ 116-212b ཆུབ་སེམས་དཔའ་དམུ་རྒོད་ཀྱང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་རྗེས་སུ་བསླབས་ཤིང་བསྟན་ན་ཕྱིན་ཅི་ལོག་ཏུ་རྟོགས་པས་གདམས་ངག་ལོག་པར་འཛིན་པ་ཡིན་ནོ། །དང་བས་བྱིན་པ་ལོག་པར་ལྟུང་བར་བྱེད་པ་ནི་ཡོངས་སུ་སྤྱོད་པ་ལ་དམུ་རྒོད་པའི་རྒྱུ་སྟེ། དཔེར་ན་ རྟ་དམུ་རྒོད་ནི་རྟ་ཅང་ཤེས་ཀྱི་ནང་དུ་བཅུག་ན་རྟ་ཅང་ཤེས་རྣམས་དང་ཡོངས་སུ་སྤྱོད་པ་མི་འདྲ་བ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དམུ་རྒོད་ཀྱང་བྱང་ཆུབ་སེམས་དཔའ་ཅང་ཤེས་ཀྱི་ནང་དུ་སོན་ན་ཚུལ་ཁྲིམས་ལ་སྐྱོན་ཡོད་པས་དད་པས་བྱིན་པ་ཟ་བ་ལ་འགྱོད་དེ། བྱང་ཆུབ་སེམས་དཔའ་ཅང་ཤེས་དང་ སྐལ་བ་མི་མཉམ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་ལ་མི་གུས་པ་ནི་གྲོགས་ལ་དམུ་རྒོད་པ་ནི་སྡུག་བསྔལ་གྱི་རྒྱུ་སྟེ། དཔེར་ན་རྟ་དམུ་རྒོད་ནི་དམུ་རྒོད་དུ་གྱུར་པས་རྟ་ཅང་ཤེས་པ་རྣམས་དང་འགྲོགས་པ་ན་སྡུག་བསྔལ་བར་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ དམུ་རྒོད་རང་གི་ལྟ་བ་བསྙེམས་པ་ལ་གནས་པ་ཡང་བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་དང་འགྲོགས་ན་སྡུག་བསྔལ་བར་གནས་ལ། བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་ཀྱང་དམུ་རྒོད་ཀྱིས་སྡུག་བསྔལ་བར་གནས་སོ། །དེ་ལ་དུལ་བ་ནི་དབང་པོ་སྡོམ་པ་བྱེ་བྲག་ཏུ་འཕགས་ པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཅང་ཤེས་པའོ། །བཞི་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་ཐོས་པ་ཉན་ཏེ་དེ་ལ་ནན་ཏན་དུ་བྱེད་ཅིང་དོན་གྱི་ཕྱིར་འབྲང་གི། ཡི་གེའི་ཕྱིར་འབྲང་བ་མ་ཡིན་པ་ ཞེས་བྱ་བ་ནི་སྐྱོན་གདགས་པ་དང་། བག་རྐྱོང་སྟེ། དེ་སྐད་བརྒལ་བ་ལེགས་པར་ལྟ་བས་ཆོས་ཉན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་ཆོས་འཛིན་པ་ལ་མི་སླུ་བའོ། །རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་ཅིང་བཀའ་བློ་བདེ་བ་ལ་ལེགས་པར་བྱེད་པའི་ ལས་བྱེད་ཅིང་། བླ་མ་ལ་ཉན་པར་གྱུར་པ་ཡིན་ཞེས་བྱ་བ་ཚིག་དེ་དག་གི་དོན་ཅི་ཞེ་ན། དེ་ལ་རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་པ་ཞེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ། །བཀའ་བློ་བདེ་ཞེས་བྱ་བ་ནི་ཚིག་བཟོད་པའི་ཕྱིར་རོ། །ལེགས་པར་བྱེད་པའི་ལས་བྱེད་ཅེས་བྱ་བ་ནི་དུས་ཐམས་ཅད་དུ་ཉེས་པ་མེད་པའི་ 116-213a ཕྱིར་རོ། །བླ་མ་ལ་ཉན་པར་གྱུར་པ་ཡིན་ཞེས་བྱ་བ་ནི་གདམས་ངག་ལ་གུས་པ་དང་བཅས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་དགོན་པ་ལ་མི་སླུའོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་མ་ཉམས་ཏེ། ཅང་ཤེས་པས་ཟས་ཀུན་ཟ་ཞེས་བྱ་བ་ནི་ བསླབ་པ་ལ་ཤིན་ཏུ་གུས་པས་དད་པས་བྱིན་པ་ཡོངས་སུ་སྤྱོད་པར་བསྟན་ཏོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་མ་ཉམས་ཞེས་བྱ་བ་ནི་འདིར་ཚུལ་ཁྲིམས་ཉིད་ཏིང་ངེ་འཛིན་གྱི་སྒྲར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་བསོད་ནམས་བྱ་བ་བརྩོན་པ་ལ་མི་སླུའོ། །བྱང་ཆུབ་ སེམས་དཔའ་དུལ་བ་ཅང་ཤེས་པ་རྣམས་མཐོང་ན་གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་ནས་དེ་དེའི་ཡོན་ཏན་ལ་རེ་བ་ཡིན་ཞེས་བྱ་བ་ཚིག་དེ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། དེ་ལ་དུལ་བ་དང་ཅང་ཤེས་ཀྱི་དོན་སྔར་བསྟན་པ་ཡིན་ནོ། །གུས་པ་དང་བཅས་པ་ནི་གུས་པ་ བསྐྱེད་པའི་ཕྱིར་རོ། །དེ་ལ་གཞོལ་བ་ནི་ལྟ་འདོད་པའི་ཕྱིར་རོ། །དེ་ལ་འབབ་པ་ནི་བསྙེན་བཀུར་བྱེད་འདོད་པའི་ཕྱིར་རོ། །དེ་ལ་བབ་པ་ནི་ཉན་འདོད་པའི་ཕྱིར་རོ། །དེའི་ཡོན་ཏན་ལ་རེ་བ་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་འདོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་འཁོར་ དང་འདུག་པ་ལ་མི་སླུའོ། །མདོར་བསྡུ་ན་དམུ་རྒོད་གང་ཡིན་པ་དང་། ཇི་ལྟ་བ་དང་། གང་གི་ཚེ་དང་ཇི་སྙེད་ཅིག་གིས་ཤེས་ཏེ་ཡོངས་སུ་བསྟན་ཏེ། དེ་ལ་དམུ་རྒོད་ནི་གདུལ་དཀའ་བའོ། །ཇི་ལྟར་འགྱུར་ཞེ་ན། ཐོས་པ་དམ་པར་འཛིན་པ་ལ་སོགས་པའི་རྒྱུ་རྣམས་ཀྱིས་སོ། །གང་གི་ཚེ་ཞེ་ན། འདི་དང་ཚེ་ རབས་གཞན་ན་སྟེ། གོམས་པར་བྱས་པའི་ཕྱིར་རོ། །ཇི་སྙེད་ཅིག་གིས་ཤེ་ན། ཐོས་པ་ལ་གཡེང་བའི་ཆོས་སུ་གནས་པ་ལ་སོགས་པས་སོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་རིག་པར་བྱའོ། །དེ་དག་གི་གོ་རིམས་ནི་ཐོས་པ་ལ་གཡེང་བའི་ཆོས་སུ་གནས་པས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་ སྒྲུབ་སྟེ། དེ་བསྟན་པ་ལ་གཡེང་བའི་ཆོས་སུ་གནས་པ་ཡིན་ནོ། །བསྟན་པ་ལ་གཡེང་བའི་ཆོས་སུ་བསྟན་པ་ནི་དད་པས་བྱིན་པས་ལོག་པར་ལྟུང་བར་བྱེད་དོ། །དེ་ལྟར་ཉོན་མོངས་པ་ཅན་ནི་སྒྱུ་ཅན་ཏེ། བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་པ་ཐོབ་པ་རྣམས་ལ་མི་གུས་པ་ཡིན་ནོ། །དེ་ལས་བཟློག་པ་ནི་ 116-213b དཀར་པོའི་ཕྱོགས་ཀྱི་གོ་རིམས་སུ་རིག་པར་བྱའོ། །དམུ་རྒོད་དུ་བྱེད་པའི་ཆོས་རྣམས་དང་བྲལ་ཏེ། དམུ་རྒོད་དུ་བྱེད་པ་མ་ཡིན་པའི་ཆོས་རྣམས་ཡང་དག་པར་འཛིན་དུ་བཅུག་ནས་དམུ་རྒོད་དུ་བྱེད་པ་མ་ཡིན་པའི་ཆོས་ལ་རྣམ་པར་གནས་པ་རྣམས་ཀྱི་འཁྲུལ་བའི་ཆོས་ཡོངས་སུ་སྤང་བ་དང་། མ་འཁྲུལ་བའི་ ཆོས་ཡང་དག་པར་འཛིན་དུ་གཞུག་པའི་དོན་དུ་འཁྲུལ་བ་དང་། མ་འཁྲུལ་བའི་ཆོས་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པའོ་ཞེས་རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་སྨྲས་པ། བྱང་ཆུབ་སེམས་དཔའི་འཁྲུལ་པ་ནི་འཁྲུལ་ པ་རྣམ་པ་བཞིའི་དབང་དུ་བྱས་པར་རིག་པར་བྱ་སྟེ། མ་བྱས་པའི་འཁྲུལ་པ་དང་། ཧ་ཅང་བྱས་པའི་འཁྲུལ་པ་དང་། ངན་པར་བྱས་པའི་འཁྲུལ་པ་དང་། ཉེས་པར་བྱས་པའི་འཁྲུལ་པའོ། །དེ་ལ་མ་བྱས་པའི་འཁྲུལ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་སྟེ། སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བྱ་བར་བརྩམས་ལ་ཡོངས་སུ་སྨིན་པའི་མཐར་མ་ཕྱིན་པ་སྟེ། དད་པ་མ་ཞེན་པའི་སེམས་ཅན་རྣམས་ལ་བར་སྐབས་སུ་བཤད་པའི་རྒྱུན་གཅོད་པ་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པའོ། །ཧ་ཅང་བྱས་པའི་འཁྲུལ་པ་ནི་སེམས་ཅན་སྣོད་དུ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ བསྟན་པ་སྟེ། སེམས་ཅན་ཐེག་པ་ཆུང་ངུ་བ། ཐེག་པ་ཆེན་པོ་འདོད་པ་རྣམས་ལ་མི་འཚལ་བ་བཤད་པའོ། །ངན་པར་བྱས་པའི་འཁྲུལ་པ་ནི་རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་ཆུང་ངུ་བཤད་པ་སྟེ། ཐེག་པ་ཆེན་པོ་པ་ཐེག་པ་ཆུང་ངུ་འདོད་པ་རྣམས་ལ་ཆ་མ་ཡིན་པ་བཤད་པའོ། །ཉེས་པར་ བྱས་པའི་འཁྲུལ་པ་ནི་སེམས་ཅན་ཡང་དག་པ་ལ་རབ་ཏུ་གནས་པ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་ལ་རི་མོ་བྱེད་པ་སྟེ། ངང་ཚུལ་ངན་པ། སྡིག་པའི་ཆོས་སྡུད་ཅིང་སྡོམ་པ་ལ་གནས་པ་དང་། སྡོམ་པ་ལ་མི་གནས་པ་རྣམས་ལ་ཕྱོགས་ལ་འདོད་ཆགས་མི་སྙོམས་པར་སྟོན་ཏོ། །དེ་ལ་རྣམ་པ་གསུམ་ གྱིས་སྡོམ་པ་ལ་གནས་པར་རིག་པར་བྱ་སྟེ། ཉེས་པ་མེད་པའི་ལས་ཀྱི་མཐའི་ཕྱིར་ཡང་དག་པ་ལ་རབ་ཏུ་གནས་པ་དང་། ཚུལ་ཁྲིམས་ལ་སྐྱོན་མེད་པའི་ཚུལ་ཁྲིམས་དང་ལྡན་པ་དང་། བསླབ་པ་ལ་གུས་པ་དང་བཅས་པའི་ཕྱིར་དགེ་བའི་ཆོས་ཅན་ནོ། །རྣམ་པ་གཉིས་སྡོམ་པ་ལ་མི་གནས་པར་རིག་པར་བྱ་སྟེ། 116-214a ཚུལ་ཁྲིམས་ཉམས་པའི་ཕྱིར་ངང་ཚུལ་ངན་པའོ། །བསླབ་པ་ལ་མི་གུས་པས་ནི་སྡིག་པའི་ཆོས་ཅན་ནོ། །ཐེག་པ་ཆུང་ངུ་ལ་མོས་པའོ། །དེ་ལ་འཁྲུལ་པ་ནི་སེམས་ཅན་རྣམས་ལ་ལམ་ལོག་པར་གཏང་བར་རིག་པར་བྱའོ། །འཁྲུལ་པ་བཞི་པོ་འདི་དག་གིས་ཆོས་བཞི་པོ་ཡོངས་སུ་བསྟན་པ་སྟེ། མི་འཆད་པ་དང་། མི་འཚམ་པ་འཆད་པ་དང་། ཆ་མ་ཡིན་པ་འཆད་པ་དང་། མི་སྙོམས་པར་འཆད་པའོ། །མི་འཆད་པ་ནི་སྔ་ཕྱིར་བཤད་པས་སྐྱོ་སྟེ། སེམས་མི་མཉམ་པའོ། །མི་འཚམ་པ་འཆད་པ་ནི། བཤད་པའི་ཐབས་མི་ཤེས་པའོ། །ཆ་མ་ཡིན་པ་འཆད་པ་ནི་ཐེག་པ་ཆུང་ངུ་ལ་མོས་པའོ། །མི་སྙོམས་ པར་འཆད་པ་ནི་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་ལ་རྗེས་སུ་སྟོན་པར་སྦྱོར་བའོ། །དེ་ལ་སེམས་མི་མཉམ་པས་མི་སྟོན་ཏེ། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་མི་བྱེད་པས་སེམས་ཅན་རྣམས་ལ་སླུའོ། །བཤད་པ་ཐབས་མི་ཤེས་པའི་ཕྱིར་དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་མི་འཛིན་པ་དང་། ཐེག་པ་ཆུང་ངུ་ལ་མོས་པའི་ཕྱིར་དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་འདོར་བ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་ལ་རྗེས་སུ་སྟོན་པར་སྦྱོར་བས་བསོད་ནམས་མ་ཡིན་པ་བསྐྱེད་དེ། སེམས་ཅན་རྣམས་ལ་སླུའོ། །དེའི་གཉེན་པོ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ ཆུབ་སེམས་དཔའི་ལམ་མོ། །བཞི་གང་ཞེ་ན་ཞེས་རྒྱ་ཆེར་གསུངས་པའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཞེས་བྱ་བ་ནི་བདག་དང་གཞན་དུ་སེམས་མཉམ་པས་སེམས་ཅན་དད་པ་མ་ཞེན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་ཡོངས་སུ་རྫོགས་ཀྱི་བར་དུ་ཆོས་འཆད་པའི་ཕྱིར་མ་བྱས་པའི་འཁྲུལ་ པ་ཡོངས་སུ་སྤོང་བར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཐུན་པར་ཆོས་སྟོན་ཅེས་བྱ་བ་ལ། ཆོས་མཚུངས་པ་ནི་མཐུན་པའི་ཆོས་ཏེ། སེམས་ཅན་སྣོད་དུ་མ་གྱུར་པ་ཐེག་པ་ཆུང་ངུ་པ་ཐེག་པ་ཆེན་པོ་འདོད་པ་རྣམས་ལ་ཅི་རིགས་པར་ཆོས་འཆད་པར་ཧ་ཅང་བྱས་པའི་འཁྲུལ་པ་ཡོངས་སུ་སྤང་བར་ རིག་པར་བྱ་སྟེ། སྣོད་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་ཅེས་བྱ་བ་ནི་སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་ཐེག་པ་ཆེན་པོ་པ། ཐེག་པ་ཆུང་ངུ་འདོད་པ་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་པའི་ཕྱིར་ 116-214b ངན་པར་བྱས་པའི་འཁྲུལ་པ་སེལ་བར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་སྡོམ་པ་ལ་གནས་པ་དང་། སྡོམ་པ་ལ་མི་གནས་པའི་སེམས་ཅན་རྣམས་ལ་ཕྱོགས་ལ་འདོད་ཆགས་དང་བྲལ་བར་སྦྱོར་བས་ཉེས་པར་བྱས་པའི་འཁྲུལ་པ་ སེལ་བར་རིག་པར་བྱའོ། །ལམ་ལོག་པར་འགྲོ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དམ་པ་མ་ཡིན་པ་དང་། འདུ་བའི་རྒྱུ་ལས་བཟློག་སྟེ། དམ་པ་དང་འདུ་བ་ལ་དམ་པ་མ་ཡིན་པ་དང་འདུ་བའི་རྒྱུད་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་གྲོགས་པོ་ངན་པ་ཞེས་ རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་སྨྲས་པ། གྲོགས་པོ་ངན་པ་བཞིའི་དབང་དུ་བྱས་ན་གྲོགས་པོ་ངན་པ་བཞིར་རིག་པར་བྱ་སྟེ། ཐེག་པའི་གྲོགས་པོ་ངན་པ་དང་། གནས་པའི་གྲོགས་པོ་ངན་པ་དང་། བསྟན་པའི་གྲོགས་པོ་ངན་པ་དང་། ཆོས་ཀྱི་གྲོགས་པོ་ངན་པའོ། །ཉན་ཐོས་ཀྱི་ཐེག་པ་ཅན་ དག་ལ་ཕན་པའི་ཕྱིར་ཞུགས་པ་ནི་རང་གི་བསམ་པ་དང་འདྲ་བ་སྒྲུབ་པས་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་མོས་པ་ཟློག་པར་བྱེད་དེ། ཐེག་པ་ཆེན་པོ་ལས་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་ཐེག་པ་ཆེན་པོའི་གྲོགས་པོ་ངན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཐེག་པ་ཅན་དོན་ཆུང་ཞིང་བྱ་བ་ཉུང་བ་ནི་ སེམས་ཅན་གྱི་དོན་དུ་སྦྱོར་བ་ལ་མི་ཕྱོགས་པས་སེམས་ཅན་གྱི་དོན་དུ་སྦྱོར་བར་གནས་པ་ལས་མོས་པ་ཟློག་པར་བྱེད་དེ། སེམས་ཅན་གྱི་དོན་སྦྱོར་བར་གནས་པ་ལས་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་གནས་པའི་གྲོགས་པོ་ངན་པར་རིག་པར་བྱའོ། །འཇིག་རྟེན་རྒྱང་པན་པའི་བརྗོད་པ་སྣ་ཚོགས་ཀྱི་སྤོབས་པ་ ཅན་ནི་བསྟན་པ་ལས་མོས་པ་ཟློག་པར་བྱེད་དེ། བསྟན་པ་ལས་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་བསྟན་པའི་གྲོགས་པོ་ངན་པར་རིག་པར་བྱའོ། །གང་ལ་བསྟན་པས་འཇིག་རྟེན་གྱི་ཟང་ཟིང་ཀུན་སྡུད་པར་འགྱུར་གྱི་ཆོས་ཀུན་མི་སྡུད་པ་ནི་དགེ་བའི་ཆོས་རྣམས་རྒྱུན་དུ་བསྒོམ་པ་ཡོངས་སུ་ཉམས་པར་གྱུར་ པའི་དབང་དུ་བྱས་ཏེ། དགེ་བའི་ཆོས་ཡོངས་སུ་ཉམས་པའི་རྒྱུའི་དངོས་པོའི་དུས་ན་ཆོས་ཀྱི་གྲོགས་པོ་ངན་པར་རིག་པར་བྱའོ། །དེའི་གཉེན་པོ་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནོ། །བཞི་པོ་གང་ཞེ་ན་ཞེས་རྒྱ་ཆེར་གསུངས་ 116-215a པའོ། །དེ་ལ་བྱང་ཆུབ་ཀྱི་ལམ་སྟོན་པའི་ཕྱིར་སློང་བ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་བའི་གཉེན་པོའི་ཕྱིར་སློང་བ་ནི་དགེ་བའི་བཤེས་གཉེན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་འདི་ སྙམ་དུ་སེམས་ཏེ། སློང་བ་ལ་བརྟེན་ནས་བདག་གིས་བསོད་ནམས་མང་དུ་བྱས་ཏེ། བྱང་ཆུབ་ཀྱི་ཕྱིར་བསྔོས་པ་དོན་མེད་པར་འགྱུར་དུ་འོང་སྙམ་ནས་ཐེག་པ་ཆུང་ངུ་མི་འདོད་དོ། །སྦྱིན་པ་ནི་བྱང་ཆུབ་ཀྱི་ལམ་སྟོན་པའི་ཕྱིར་དགེ་བའི་རྩ་བ་བྱས་པས་ཐེག་པ་ཆེན་པོ་ལས་ཡོངས་སུ་མི་ཉམས་སོ། །ཐོས་པའི་ཤེས་ རབ་སྟོན་པའི་ཕྱིར་ཆོས་སྨྲ་བ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་གནས་པ་ལས་རབ་ཏུ་ཉམས་པའི་གཉེན་པོར་མང་དུ་ཐོས་པས་གཞན་དག་ལ་ཆོས་སྟོན་པར་འདོད་པ་སྟེ། གང་གི་ཕྱིར་སྤྲོ་བ་ཆུང་བ་མ་ཡིན་པར་གནས་པ་དང་སྟེན་པའོ། །ཐོས་པའི་ཤེས་རབ་ཀྱིས་བརྟེན་པའི་ཕྱིར་འཁོར་ བའི་འཇིགས་པས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དགེ་བའི་རྩ་བ་ཐམས་ཅད་སྟོན་པའི་ཕྱིར་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་འཛུད་པ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་བསྟན་པ་ལས་རབ་ཏུ་ཉམས་པར་འགྱུར་བའི་གཉེན་པོར་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་ འཛུད་པས་ལོག་པའི་བསྟན་པ་ལས་རིང་དུ་གྱུར་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བརྟན་པས་གཞན་གྱི་དོན་བྱ་བར་ནུས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་སྟོན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའི་དགེ་བའི་གཤེས་གཉེན་ ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ལས་རབ་ཏུ་ཉམས་པར་འགྱུར་བའི་གཉེན་པོར་སངས་རྒྱས་ལས་གདམས་ངག་དོན་ཡོད་པའི་བྱེ་བྲག་ཐོབ་པར་མཐོང་བས་ཟང་ཟིང་ལ་གདུ་བ་མ་ཡིན་ཏེ། ཟང་ཟིང་ལ་གདུ་བ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་ན་སངས་རྒྱས་ཀྱིས་ཆོས་བསྟན་པའི་ཕྱིར་ དགེ་བའི་རྩ་བ་མང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དམ་པ་མ་ཡིན་པ་དང་འདུ་བ་ལས་བཟློག་སྟེ། དམ་པ་དང་འདུ་བ་ན་བྱང་ཆུབ་སེམས་དཔའ་དོན་ཇི་ལྟ་བ་བཞིན་དུ་འཛིན་དུ་གཞུག་པར་བཞེད་ནས་སངས་རྒྱས་ཀྱིས་དོན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་མཚན་ཉིད་བསྟན་པའི་ཕྱིར། 116-215b འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་གཟུགས་བརྙན་ནོ་ཞེས་རྒྱ་ཆེར་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན། སྨྲས་པ། བྱང་ཆུབ་སེམས་དཔའི་གཟུགས་བརྙན་རྣམ་པ་བཞིའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་གཟུགས་བརྙན་རྣམ་པ་བཞིར་རིག་པར་བྱ་སྟེ། མང་དུ་ཐོས་པའི་ གཟུགས་བརྙན་དང་། དགོན་པ་ལ་གནས་པའི་གཟུགས་བརྙན་དང་། བསོད་ནམས་བྱ་བ་ལ་སྦྱོར་བའི་གཟུགས་བརྙན་དང་། ཚོགས་ཡོངས་སུ་སྡུད་པའི་གཟུགས་བརྙན་ནོ། །འཐོབ་པ་དང་བཀུར་སྟི་འདོད་པ་མ་ཡིན་ཀྱི། ཆོས་འདོད་པ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་བར་ཆད་བྱེད་པར་ འདོད་པ་ཆོས་འཛིན་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །བརྗོད་པའི་སྒྲ་ཚིགས་སུ་བཅད་པ་འདོད་ཀྱི། ཡོན་ཏན་འདོད་པ་མ་ཡིན་ཞེས་བྱ་བ་ནི་སྒྲ་འདོད་པའི་བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། ། བདག་བདེ་བར་འདོད་ཀྱི་སེམས་ཅན་གྱི་སྡུག་བསྔལ་སེལ་བར་འདོད་པ་མ་ཡིན་ཞེས་བྱ་བ་ནི་ཟང་ཟིང་གི་འབྲས་བུ་དང་འབྲེལ་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་བསོད་ནམས་བྱ་བ་ལ་སྦྱོར་ཡང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །འཁོར་གྱི་ཚོགས་འདོད་ཀྱི་བདེན་པ་འདོད་པ་ མ་ཡིན་ཞེས་བྱ་བ་ནི། གང་གཡོག་དང་ཡོངས་སུ་སྤྱོད་པ་དང་། བརྗོད་པ་དང་འབྲལ་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་འཁོར་དང་འདུག་ཀྱང་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྒྲུབ་པ་ནི་ཆོས་འཛིན་པའམ། དགོན་པའམ། བསོད་ནམས་བྱ་ བ་ལ་སྦྱོར་བའམ། འཁོར་དང་འདུག་ཀྱང་རུང་སྟེ། བདག་མ་རུང་བར་བྱེད་དོ། །དེའི་གཉེན་པོར་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་རིག་པར་བྱ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ནོ། །བཞི་གང་ཞེ་ན་ཞེས་རྒྱ་ཆེར་གསུངས་པའོ། །དེ་ལ་སྟོང་པ་ ཉིད་ལ། མོས་པས་འཐོབ་པ་དང་བཀུར་སྟི་འདོད་པ་མ་ཡིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་ཆོས་དོན་དུ་གཉེར་ཏེ། ཆོས་ཀྱི་རྒྱུ་བསོད་ནམས་མང་དུ་སོགས་པའི་ཕྱིར་རོ། །བདག་མེད་པ་ལ་བཟོད་པས། བརྗོད་པའི་སྒྲ་ཚིགས་སུ་བཅད་པ་འདོད་པ་ཡིན་ནོ། །སྙིང་རྗེ་བས་བྱང་ཆུབ་ 116-216a སེམས་དཔའ་ཡོན་ཏན་འདོད་པ་ཡིན་ནོ། །བསམ་པས་མྱ་ངན་ལས་འདས་པར་སོང་བས་བདག་བདེ་བར་འདོད་པ་མ་ཡིན་ནོ། །སྦྱོར་བ་འཁོར་བར་སོང་བས་སེམས་ཅན་གྱི་སྡུག་བསྔལ་སེལ་བར་འདོད་པ་མ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟ་བའི་སྦྱིན་པས་འཁོར་གྱི་ ཚོགས་འདོད་པ་མ་ཡིན་ནོ། །རྣམ་པར་སྨིན་པ་ལ་མི་རེ་བས་དབེན་པ་འདོད་པ་ཡིན་ནོ། །དཀར་པོའི་ཕྱོགས་ལ་སྟོང་པ་ཉིད་ལ་མོས་པ་ལ་སོགས་པའི་ཆོས་རྣམས་ལས་བརྩམས་པ་ཅི་དགོས། སྨྲས་པ། སྦྱིན་པ་ལ་སོགས་པ་ལམ་གྱི་ཚོགས་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་བར་སེམས་ ཤིང་བྱང་ཆུབ་སེམས་དཔའི་ལམ་གྱི་ཁྱད་པར་ཉན་པ་ལ་དགའ་བར་གྱུར་པ་རྣམས་ལ་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་སངས་རྒྱས་སུ་སྒྲུབ་པ་བྱང་ཆུབ་སེམས་དཔའི་ཆོས་མངོན་པར་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཞི་ཞེས་གསུངས་སོ། །སྨྲས་པ། ཅིའི་ཕྱིར་བཞི་ཁོ་ན་སྟེ། མི་མང་མི་ཉུང་། སྨྲས་པ། ལ་ལ་ན་རེ་ཧ་ཅང་སྐྱོན་དུ་འགྱུར་བས་ཀླན་ཀར་མི་འགྱུར་རོ་ཞེས་ཟེར་རོ། །ཡང་རྨད་དུ་བྱུང་བའི་ཆོས་ཀྱི་རྒྱུ་བསྟན་པའི་ཕྱིར་བཞི་སྟེ། སྟོང་པ་ཉིད་ཡུན་རིང་པོར་ཤིན་ཏུ་བསྒོམས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་སྟོང་པ་ཉིད་བསྒོམ་པའི་རྒྱུ་འདྲ་བས་སྐྱེ་དགུ་མ་རིག་པར་ གྱུར་པ་རྣམས་ཀྱི་མ་རིག་པ་གདུལ་བའི་ཕྱིར་ཆོས་བསྟན་པ་ན་གུས་པར་འགྱུར་རོ། །ང་རྒྱལ་མེད་པ་བདག་མེད་པ་ཤིན་ཏུ་བསྒོམས་པས། སྐྱེ་དགུ་ང་རྒྱལ་དང་ལྡན་པ་རྣམས་ཀྱི་ང་རྒྱལ་གདུལ་བའི་ཕྱིར་ཆོས་བསྟན་པ་ན་གུས་པར་འགྱུར་རོ། །བསམ་པ་མྱ་ངན་ལས་འདས་པ་རབ་ཏུ་ཞི་བ་ཤིན་ཏུ་བསྒོམས་པས་སྐྱེ་ དགུ་མ་ཞི་བ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པ་ལ་གུས་པར་འགྱུར་རོ། །སེར་སྣའི་གཉེན་པོ་ཆོས་དང་ཟང་ཟིང་གི་སྦྱིན་པ་ཤིན་ཏུ་བསྒོམས་པས་སྐྱེ་དགུ་ལེན་པ་ལ་དགའ་བ་རྣམས་ཀྱི་ལེན་པ་ཀུན་དུ་གཞོམ་པའི་ཕྱིར་ཆོས་བསྟན་པ་ན་གུས་པར་འགྱུར་རོ། །ཡང་ན་བྱང་ཆུབ་སེམས་དཔའི་ཚོགས་ ཐམས་ཅད་བསྡུས་པའི་ཕྱིར་བཞི་སྟེ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་གཉིས་ཏེ། ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་སོ། །དེ་ལྟར་སྟོང་པ་ཉིད་དང་། བདག་མེད་པ་ལ་མོས་པ་དང་། བསམ་པ་མྱ་ངན་ལས་འདས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། ། 116-216b ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ལ་སོགས་པ་ཚིག་ལྷག་མ་རྣམས་ཀྱིས་ནི་བསོད་ནམས་ཀྱི་ཚོགས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཚོགས་སུ་བསྡུས་པའི་ཕྱིར་བཞི་སྟེ། དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟ་ཞིང་། རྣམ་པར་སྨིན་པ་ལ་མི་རེ་བའི་ཆོས་དང་། ཟང་ཟིང་གི་ སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་སོ། །བསམ་པ་མྱ་ངན་ལས་འདས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ། བསམ་པ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་དཔའ་འཁོར་བས་སྐྱོ་ནས་ངང་ཚུལ་ངན་པའི་རྒྱུ་ཉོན་མོངས་པ་རྣམས་རྣམ་པར་སེལ་བ་རང་བཞིན་གྱི་ཚུལ་ཁྲིམས་ཉིད་ཀྱིས་ ས་བོན་གྱི་ཆོས་རབ་ཏུ་འཐོབ་པོ། །བདག་མེད་པའི་བཟོད་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ། བདག་མེད་པའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་པའི་གནས་ཉོན་མོངས་པ་རྣམས་རྣམ་པར་བསལ་བའི་ཕྱིར་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་མི་འཁྲུགས་པ་ཡིན་ནོ། །ལས་ ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སྦྱོར་བ་འཁོར་བར་སོང་བས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་ཐམས་ཅད་མཁྱེན་པ་ལ་ཡིད་ཆེས་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བའི་སྡུག་བསྔལ་མི་ཟད་པས་ཉེན་པའི་སེམས་ཅན་རྣམས་ལ་ལྟ་ བ་དང་བསྟན་པས་འཁོར་བའི་སྡུག་བསྔལ་ལ་ཇི་མི་སྙམ་པའི་འཁོར་བ་ཉིད་དུ་སྦྱོར་བ་ནི་དགེ་བའི་རྩ་བ་མངོན་པར་སྤེལ་བའི་ཕྱིར་བརྩོན་འགྲུས་ཆེན་པོ་རྩོམ་མོ། །སྙིང་རྗེ་ཆེ་བས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཏེ། སྙིང་རྗེ་ཆེན་པོ་ནི་རྩ་བའི་བསམ་གཏན་དུ་གཏོགས་པའི་ཕྱིར་རོ། །སྟོང་པ་ཉིད་ལ་མོས་པས་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་སོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་བྱང་ཆུབ་སེམས་དཔའི་བདེན་པའི་གནས་ཏེ་མི་སླུ་བའི་ཕྱིར་རོ། །དེའི་གྲོགས་ནི་སྙིང་རྗེ་ཆེན་པོ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སྦྱོར་བ་འཁོར་བར་སོང་བ་སྟེ། སེམས་ཅན་གྱི་བྱ་བ་མཐར་ཐུག་པར་བྱེད་པས་ཕྱིན་ ཅི་མ་ལོག་པར་འཇུག་གོ། །དེ་ལྟ་བས་ན་སྙིང་རྗེ་ཆེན་པོ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སྦྱོར་བ་འཁོར་བར་སང་བས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་ཆོས་འདི་དག་ནི་བདེན་པའི་གནས་སུ་བལྟའོ། །བདེན་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ 116-217a བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བར་གནས་སོ། །རྣམ་པར་སྨིན་པ་ལ་མི་རེ་བའི་ཆོས་དང་ཟང་ཟིང་གི་སྦྱིན་པ་ནི་གཏོང་བའི་གནས་ཏེ། གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་དང་ཟང་ཟིང་ལ་སེར་སྣ་བྱེད་པ་ཚར་གཅོད་པར་འགྱུར་རོ། །བསམ་པ་མྱ་ངན་ལས་འདས་པ་ ནི། ཉེ་བར་ཞི་བའི་གནས་ཏེ། ཉེ་བར་ཞི་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བར་མ་ཞི་བ་ཚར་གཅོད་པས་བསམ་གཏན་ལ་སོགས་པ་སྟེ་འགྲུབ་པའི་རྒྱུའོ། །སྟོང་པ་ཉིད་དང་བདག་མེད་པ་ལ་མོས་པ་ནི་ཤེས་རབ་ཀྱི་གནས་ཏེ། ཤེས་རབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་རྣམས་རྣམ་པར་ གནོན་པས་སྤོང་བའི་གཉེན་པོར་གྱུར་པའི་ཕྱིར་སངས་རྒྱས་སུ་གྲུབ་ཀྱི་བར་དུ་བྱང་ཆུབ་སྒྲུབ་པའི་དགེ་བའི་རྩ་བ་རྣམས་རྣམ་པར་སྦྱོར་བ་འཕེལ་བར་བྱེད་དོ། །རྣམ་པར་སྨིན་པ་ལ་མི་རེ་བའི་ཆོས་དང་ཟང་ཟིང་སྦྱིན་པ་ནི་བྱམས་པ་སྟེ། གཞན་དག་ལ་ཕན་འདོགས་པར་འཇུག་པའི་ཕྱིར་རོ། །སྙིང་རྗེ་བས་ནི་ སྙིང་རྗེ་ཉིད་དོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་འཁོར་བར་སྦྱོར་བ་ན་སེམས་ཅན་གྱི་དོན་བྱ་བ་ལ་གཞོལ་བ་གཞན་ལ་ཕན་པ་འགྲུབ་པའི་ཕྱིར་སེམས་རབ་ཏུ་དགའ་བ་ནི་དགའ་བའོ། །ཡང་ན་བསམ་པ་ནི་མྱ་ངན་ལས་འདས་པའི་ཕྱིར་ཉོན་མོངས་པ་རྣམ་པར་ བསྩལ་ཏེ། ཉོན་མོངས་པའི་གདུང་བ་མེད་པས་སེམས་རབ་ཏུ་དགའ་བ་ནི་དགའ་བའོ། །ཡང་ན་འདུ་བྱེད་རྣམས་ལ་བདག་མེད་པས་དཔྱོད་པ་ནི་ཆོས་ཀྱི་རྗེས་སུ་འགྲོ་བའི་དད་པ་རབ་ཏུ་ཐོབ་པས། བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་དྲན་ནས། སེམས་རབ་ཏུ་དགའ་བ་ནི་དགའ་བའོ། །ཡང་ན་ འབྱུང་བ་མཐོང་བས་རང་གི་མཐུ་ཐོབ་སྟེ། འཁོར་བའི་འདམ་དུ་བྱིང་བའི་འཇིག་རྟེན་ལ་བརྟགས་ནས་འཁོར་བའི་འདམ་ཆེན་པོ་མ་རིག་པ་ལས་འཇིག་རྟེན་བཏོན་ཏེ། མྱ་ངན་ལས་འདས་པ་ཞི་བའི་དབྱིངས་སུ་འཇོག་ནུས་སོ་སྙམ་པའམ་སེམས་ཅན་གྱི་ཚོགས་བསྒྲལ་བ་ལ་ལྟ་བས་གཞན་ལ་ཕན་པར་ བྱ་བར་ནུས་པ་ནི་གཞན་ལ་ཕན་པར་སྦྱོར་བ་སྟེ། ཕན་པར་སྦྱོར་བའི་ཕྱིར། གཞན་ལ་ཕན་པར་བྱེད་པའམ། ནུས་པའམ། སེམས་ཅན་གྱི་ཚོགས་བདེ་བར་གྱུར་པ་ཉིད་མཐོང་ནས་སེམས་ཅན་རབ་ཏུ་དགའ་བ་ནི་དགའ་བའོ། །འདུ་བྱེད་སྟོང་པ་རྣམས་ལ་རབ་ཏུ་རྟོག་པ་ནི། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ 116-217b མེད་པས་མཉམ་པ་ཉིད་ཐོབ་སྟེ། སེམས་ཅན་གྱི་ལས་རྣམ་པར་གཞག་པའི་ཆོས་རྣམས་ལ་ལྷུན་གྱིས་གྲུབ་ནས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཞིན་དུ་བཏང་སྙོམས་སོ། །རྣམ་པར་སྨིན་པ་ལ་མི་རེ་བ་ནི་སྦྱིན་པའོ། །ཆོས་དང་ཟང་ཟིང་སྦྱིན་པ་ནི་སྙན་པར་སྨྲ་བའོ། །སྙིང་རྗེས་ སེམས་ཅན་གྱི་བྱ་བ་སྒྲུབ་པ་ནི་དོན་དཔྱོད་པའོ། །ཚིག་ལྷག་མ་རྣམས་ནི་སེམས་ཅན་ལ་ཕན་པ་སྒྲུབ་པར་ཞུགས་པའི་ཕྱིར་དོན་མཐུན་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡོངས་སུ་བསྡུས་པས་བཞི་ཞེས་བྱ་བའོ། །སྟོན་པ་ཉིད་ཀྱི་དོན་བརྗོད་དགོས་སོ། །སྨྲས་པ། །ཤེས་རབ་ཀྱིས་རབ་ ཏུ་བརྟགས་ནས་འདུ་བྱེད་རྣམས་ཀྱི་རང་བཞིན་མི་དམིགས་པ་ནི་སྟོང་པ་ཉིད་དོ། །སྨྲས་པ། ཀྱེ་ཅི་ཤེས་རབ་ཀྱིས་འདུ་བྱེད་རྣམས་འཇིག་གམ། སྨྲས་པ། མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་མཚན་མའི་སྤྱོད་ཡུལ་གྱི་ཕྱིར་རྣམ་པར་ཤེས་པའི་ཡུལ་དོན་དམ་པར་མེད་པ། ཡང་དག་པ་མ་ཡིན་པར་སྒྲོ་ བཏགས་པར་གནས་པ། ཡང་དག་པ་མ་ཡིན་པའི་དངོས་པོ་ཡོངས་སུ་སྦྱང་བའི་ས་ལ་རྣམ་པར་ཤེས་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་བཟོད་པ་ཆུང་ངུ་ནས་བཟུང་སྟེ། རིགས་ཀྱི་སའི་དུས་ཀྱི་བར་དུ་ཆེན་པོ་དང་། འབྲིང་དང་། ཕྲ་མོ་རབ་ཏུ་འབྱེད་པའི་རིམ་གྱིས་རྣམ་པར་བཤིག་ནས་ཟག་པ་མེད་པའི་ཤེས་ རབ་ཀྱི་རྐྱེན་དུ་འགྱུར་བས་འགག་གོ། །དེས་ན་དོན་དམ་པ་མཐོང་བའི་བར་དུ་གཅོད་པའི་རྒྱུ་མཚན་མའི་སྤྱོད་ཡུལ་གྱི་རྣམ་པར་ཤེས་པ་རྐྱེན་མེད་པས་དོན་དམ་པའི་ཡུལ་ཡིན་པས་ཟག་པ་མེད་པའི་ཤེས་རབ་ཀྱིས་མཚན་མ་མེད་པའི་དབྱིངས་མཐོང་ངོ་། །ཆོས་ཀྱི་དབྱིངས་མཐོང་བས་སྐྱོན་མེད་པ་ལ་འཇུག་སྟེ། རང་གི་ མཚན་ཉིད་མཐོང་བས་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་ཡུལ་ལམ་ཡིན་ན་ནི། རྣམ་པར་ཤེས་པ་དང་བྱེ་བྲག་མེད་པའི་ཕྱིར་ཆོས་ཀྱིས་དེ་ཁོ་ན་དེ་མཚུངས་པས་འཇིག་རྟེན་ནི་རྣམ་པར་ཤེས་པས་དོན་བྱས་པའི་ཕྱིར་ལམ་བསྒོམ་པ་དོན་མེད་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་ལ་ཤེས་རབ་ཅེས་ཟེར་ན་ནི་ མི་རུང་སྟེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་འགྱུར་ཏེ། ཤེས་རབ་ཀྱི་མཚན་ཉིད་ཀྱི་ཕྱིར་ཤེས་པ་ནི་རྣམ་པ་ཡིན་ཏེ། ཤེས་རབ་ཀྱིས་ནི་རང་གི་མཚན་ཉིད་མི་རྟག་པ་ལ་སོགས་པར་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་ནི་དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དོ། །རྣམ་པར་ 116-218a ཤེས་པའི་དོན་བྱས་པའི་དེ་བས་ན་རྣམ་པར་ཤེས་པ་དང་བྱེ་བྲག་མེད་པ་ཡིན་ནོ་ཞེ་ན། དེ་རིགས་ཏེ། ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །གལ་ཏེ་རབ་ཏུ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་ཏེ། དེས་རང་གི་མཚན་ཉིད་འཛིན་ པར་ནི་མི་འཐད་དོ། །ཅི་སྟེ་རང་གི་མཚན་ཉིད་ཀྱང་འཛིན་ན་ནི་རང་གི་མཚན་ཉིད་མ་བོར་བས་དངོས་པོ་རྣམ་པར་རིག་པའི་མཚན་ཉིད་དུ་འགྱུར་ཏེ། རྣམ་པར་ཤེས་པ་བྱེ་བྲག་མེད་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པའི་རྗེས་སུ་འཇུག་ཅེས་ཟེར་ན་ཡང་མི་རུང་སྟེ། འགལ་བའི་ཕྱིར་རོ། །དེ་ནི་འདི་ལྟར་ འགྱུར་ཏེ། ཤེས་རབ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་རྐྱེན་ཡིན་ཏེ། དེ་ནི་དངོས་པོའི་སྤྱོད་ཡུལ་ལོ། །དེ་རྗེས་སུ་འཇུག་པའི་ཕྱིར་ཤེས་རབ་ཀྱིས་རང་གི་མཚན་ཉིད་མི་རྟག་པ་ལ་སོགས་པས་འཛིན་ཏོ་ཞེས་བྱ་བ་ནི་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན་འགལ་བའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་མི་ མཐུན་པས་གཟུགས་ཉིད་མི་རྟག་པ་ཉིད་ཡིན་ནོ། །གལ་ཏེ་གཟུགས་ཉིད་མི་རྟག་པ་ཉིད་ཡིན་ན་ནི་ཤེས་རབ་ཀྱིས་འཛིན་པར་འགྱུར་ན་མ་ཡིན་ཏེ། དེ་བས་ན་ཤེས་རབ་ནི་རང་གི་མཚན་ཉིད་མི་འཛིན་ཏོ། །རྣམ་པར་ཤེས་པ་ཡང་ཤེས་རབ་ཀྱི་རྗེས་སུ་འཇུག་པས་དེའི་རང་བཞིན་དུ་འགྱུར་ཏེ། དོན་དམ་པའི་ཡུལ་ ཡིན་པས་རང་གི་མཚན་ཉིད་འདོར་བའི་སྐྱོན་དུ་འགྱུར་རོ། །དེ་བས་ན་རང་གི་མཚན་ཉིད་ཤེས་རབ་ཀྱི་ཡུལ་ལམ། དོན་དམ་པ་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་བ་མེད་དོ། །སྨྲས་པ། ཀྱེ་ཅི་སྟོང་པ་ཉིད་ལ་མོས་པས་ལས་ཀྱི་རྣམ་པ་ལ་ཡིད་ཆེས་པ་ལ་གནོད་དེ། དེས་ན་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཞེས་དེ་སྐད་ བརྗོད་དམ། སྨྲས་པ། སྲིད་པས་སོ་སོར་བརྗོད་པ་ལ་ཉེས་པ་མེད་དོ། །འདི་ལ་ཤེས་རབ་ཀྱིས་འདུ་བྱེད་རྣམས་རབ་ཏུ་རྣམ་པར་བཤིག་ནས་སེམས་ཅན་མི་དམིགས་པ་ནི་འདུ་བྱེད་རྣམས་ལ་རང་བཞིན་མེད་པ་དང་། གཡོ་མེད་པར་རིག་ནས། རྐྱེན་འདི་ལ་མི་མཁས་པ་ནི་འདུ་བྱེད་རྣམས་གནས་པ་མེད་ལ་གཡོ་བ་མེད་ན་ བྱེད་པ་ནི་གང་འབྲས་བུ་དང་འབྲེལ་བ་ནི་གང་ཞེས་ཀུན་དུ་གཏི་མུག་པར་འགྱུར་རོ། །ཀུན་དུ་གཏི་མུག་པས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་འོད་སྲུངས་གང་ཟག་ཏུ་ལྟ་བ་ལ་གནས་པ་རི་རབ་ཙམ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་ 116-218b གསུངས་སོ། །དེ་སྐད་དུ། སྟོང་ཉིད་ལྟ་བ་ཐམས་ཅད་ཀྱི། །འབྱུང་བར་རྒྱལ་བ་རྣམས་ཀྱིས་གསུངས། །གང་དག་སྟོང་པ་ཉིད་ལྟ་ལ། །དེ་ནི་སྒྲུབ་ཏུ་མེད་པར་བཤད། །སྟོང་པ་ཉིད་ལ་ལྟ་ཉེས་པ། །བློ་ཞན་རྣམ་པར་འཇིག་པར་བྱེད། །དཔེར་ན་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །བློ་ ཞན་རྣམས་ཀྱིས་ཆོས་འདི་ནི། །རྟོགས་པར་དཀའ་བར་ཐུགས་ཆུད་ན། །དེའི་ཕྱིར་ཐུབ་པ་རྣམས་ཀྱི་ཐུགས། །བཤད་པ་ལས་ནི་རབ་ཏུ་ལྡོག །ཅེས་བཤད་དོ། །ཀུན་རྫོབ་དང་དོན་དམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་འདུ་བྱེད་རྣམས་ལ་རྣམ་པར་འབྱེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཡོངས་སུ་ ཤེས་པ་དང་། དུས་རིང་པོ་ནས་བསྒོམས་པ་དང་། རྐྱེན་གྱི་ཚུལ་ཤིན་ཏུ་ཡོངས་སུ་ཤེས་པའི་ཕྱིར་ཀུན་དུ་གཏི་མུག་པར་མི་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་གཞན་གྱི་དབང་དུ་གྱུར་པའི་ཕྱིར་འདུ་བྱེད་རྣམས་ནི་ཡོངས་སུ་བསྒྲུབ་པའི་རང་བཞིན་མ་ཡིན་པ་དང་། གཡོ་བ་མེད་པ་སྟེ། དེ་བས་ན་རྣམ་པར་ རྟོག་པ་སྣ་ཚོགས་ཀྱི་རྗེས་སུ་འགྲོ་བ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་མངོན་པར་འདུ་བྱེད་པ་ན་རྣམ་པར་སྒྲུབ་པ་ལ་རབ་ཏུ་གནས་པའི་ཕྱིར་རིམ་གྱིས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་རོ་སྙམ་མོ། །དེ་ལྟར་མངོན་པར་ཡིད་ཆེས་པའི་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་ཆེན་ པོ་རྩོམ་མོ། །དེ་བདག་མེད་པར་བཟོད་པ་ཞེས་བྱ་བ་ལ་བདག་མེད་པའི་བཟོད་པའི་དོན་བརྗོད་དགོས་སོ། །སྨྲས་པ། སེམས་ཅན་དུ་འདུ་ཤེས་པ་རྣམས་རྣམ་པར་བཤིག་པ་ནི་རྣམ་པར་ཤེས་པའི་ཡུལ་ཀུན་རྫོབ་ཏུ་ཡོད་པའི་རྣམ་པར་ཤེས་པས་བསྐྱེད་པའི་ཤེས་རབ་ཀྱིས་རྣམ་པར་གཞིགས་ན་སེམས་ཅན་མི་དམིགས་ ནས་འདི་སྙམ་དུ་སེམས་ཏེ། འདི་ནི་ཆོས་ཙམ་སྟེ་སྒྱུ་མ་དང་འདྲ་བ་གཡོ་བ་མེད་པ་རང་དབང་མེད་པ་སྟེ། ཕན་ཚུན་གྱི་རྐྱེན་སྟོབས་ཀྱིས་བསྐྱེད་པའི་ཕྱིར་ལས་དང་ཉོན་མོངས་པའི་ཤིང་ལ་བརྟེན་པ། མར་མེའི་འོད་འཕྲོ་བའི་རྒྱུན་དང་འདྲ་བ་སྔོན་གྱི་ལས་ཀྱིས་འཕངས་པ་འདྲ་བའི་རྒྱུན་གྱི་ཚུལ་གྱིས་སྐྱེའོ། །དེ་སྐྱེ་བ་ན་ཡང་གང་ ནས་ཀྱང་མི་འོང་། འགག་པ་ན་ཡང་གང་དུ་ཡང་མི་སྩོགས་སོ་སྙམ་མོ། །དེ་ལྟར་གང་རབ་ཏུ་འདོད་པ་དེ་ནི་བདག་མེད་པར་བཟོད་པའོ། །སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་མེད་པའི་བཟོད་པ་སེམས་ཅན་མི་དམིགས་པ་ན་སེམས་ཅན་གྱི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ན་ཅིའི་ཕྱིར་དེའི་བདག་ 116-219a མེད་བཟོད་པ་བཤད། སྨྲས་པ། སེམས་ཅན་གྱི་དགོས་པ་བྱ་བའི་ནུས་པ་བསྐྱེད་པའི་ཕྱིར་ཏེ། སེམས་ཅན་གྱི་དགོས་པ་བྱ་བའི་ནུས་པ་བསྐྱེད་པའི་དོན་དུ་བྱང་ཆུབ་སེམས་དཔའི་བདག་མེད་པའི་བཟོད་པ་བསྟན་ཏོ། །བདག་མེད་པའི་བཟོད་པ་དེས་ཉོན་མོངས་པ་རྣམ་པར་བསལ་བའི་བྱང་ཆུབ་ སེམས་དཔའ་སེམས་ཅན་དུ་འདུ་ཤེས་པ་རྣམ་པར་བཤིག་པ་དང་། འདུ་བྱེད་རྣམས་གཡོ་བ་མེད་པ་དང་། རྐྱེན་ལ་རག་ལུས་པར་ཤེས་ནས་སེམས་ཅན་གྱི་ཉེས་པ་དང་། འདུ་བྱེད་ཀྱི་ཉེས་པ་རྣམས་ཀྱིས་གནོད་པར་གྱུར་པ་ན་ཡང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་ངོ་། །སེམས་པ་ཉིད་ལ་གནས་ཏེ། སེམས་ ཅན་ལ་ལྟ་བས་ཤེས་རབ་དང་སྙིང་རྗེ་སྒྲུབ་པ་ཕུན་སུམ་ཚོགས་ནས་སངས་རྒྱས་སུ་སྒྲུབ་ཀྱི་བར་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་སྣ་ཚོགས་སོག་གོ། །སྨྲས་པ། སྟོང་པ་ཉིད་ལ་མོས་པ་དང་། བདག་མེད་པའི་བཟོད་པ་གཉིས་ལ་བྱེ་བྲག་ཅི་ཡོད། སྨྲས་པ། སྟོང་པ་ཉིད་ལ་མོས་པ་ནི་འདུ་བྱེད་ ཐམས་ཅད་ལ་རབ་ཏུ་རྣམ་པར་འབྱེད་པར་འཇུག་པའི་ཕྱིར་ཆོས་ཀྱི་རྟོགས་པའི་རྒྱུའོ། །བདག་མེད་པའི་བཟོད་པ་ནི་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་བ་སྟེ། དེ་ནི་སེམས་ཅན་གྱི་རྫས་རབ་ཏུ་འབྱེད་པར་ཞུགས་པའི་ཕྱིར་ཆོས་ཙམ་དུ་མཐོང་བའི་རྒྱུའོ། །སྟོང་པ་ཉིད་ལ་མོས་པས་ནི་ཆོས་ལ་ངོ་བོ་ཉིད་དུ་འཛིན་པ་ཟློག་པར་བྱེད་དོ། ། བདག་མེད་པའི་བཟོད་པས་ནི་སེམས་ཅན་ལ་ངོ་བོ་ཉིད་དུ་འཛིན་པ་ཟློག་པར་བྱེད་དོ། །སྨྲས་པ། གང་གི་ཚེ་སེམས་ཅན་དུ་འདུ་ཤེས་པ་སྙིང་རྗེ་ཆེན་པོར་རིག་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེ་ཆེན་པོའི་གཉེན་པོ་བདག་མེད་པར་མོས་པ་བཤད། སྨྲས་པ། སྙིང་རྗེ་ཆེན་པོའི་རྒྱུའི་ཕྱིར་ཏེ། ཆོས་ཐམས་ཅད་བདག་མེད་ པར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ལ་དམིགས་ཏེ། ཀྱེ་མའོ་ཆོས་སུ་བསྡུ་བ་སེམས་ཅན་ཞེས་བྱ་བ་མ་རིག་པས་ལྡོངས་པ་བདག་མེད་པའི་ཆོས་རྣམས་ལ་མེད་པ་ལས་སེམས་ཅན་དུ་འདུ་ཤེས་པར་སྒྲོ་བཏགས་ནས་ང་དང་བདག་ཏུ་མངོན་པར་ཞེན་པ་འདི་དག་ནི་སྲིད་པར་འགྱུར་བའི་ལས་ རྣམས་སོགས་ཏེ། གང་དག་གིས་འདི་དག་འཁོར་བ་ན་སྐྱེ་བ་འཆིང་བ་དེ་དག་བདག་གིས་ཆོས་ཉིད་དེ་ལ་གཟུད་པར་བྱའོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྙིང་རྗེ་སྐྱེའོ། །དེ་བསམ་པ་མྱ་ངན་ལས་འདས་པར་བསྔོ་ཞེས་བྱ་བ་མྱ་ངན་ལས་འདས་པའི་དོན་བརྗོད་དགོས་སོ། །སྨྲས་པ། ལས་དང་ཉོན་མོངས་པའི་ 116-219b ཤིང་མེད་པས་ལེན་པ་མེད་དེ། ཕུང་པོའི་རྒྱུན་འགག་པ་ནི་མྱ་ངན་ལས་འདས་པ་སྟེ། མེའི་རྒྱུན་གྱི་རྒྱུ་འགག་པ་བཞིན་ནོ། །ཡང་ན་ཡེ་ཤེས་ཀྱི་མེས་ཡོངས་སུ་བསྲེགས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ས་བོན་ལེན་པ་མེད་པ་འགག་པའི་འོག་ཏུ་མ་འོངས་པ་ན་རྐྱེན་ཚོགས་ཀྱང་ཡང་སྲིད་པའི་མྱུ་གུ་མངོན་པར་ མི་འགྲུབ་པོ། །མེས་ཡོངས་སུ་བསྲེགས་ཏེ་འགག་པའི་འོག་ཏུ་སྲིད་པའི་མྱུ་གུ་མངོན་པར་མི་འགྲུབ་པ་གང་ཡིན་པ་སྟེ། མེས་ཡོངས་སུ་བསྲེགས་པའི་ས་བོན་འགག་པའི་འོག་ཏུ་མྱུ་གུ་མངོན་པར་མི་འགྲུབ་པ་བཞིན་ནོ། །ཡང་ན་ཉོན་མོངས་པའི་མེ་འགག་པ་ཉིད་དོན་དམ་པར་མྱ་ངན་ལས་འདས་པ་སྟེ། ཤིང་རྩ་བ་ ནས་བཏོན་པ་བཞིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མ་ལུས་པའོ། །དེ་ལ་ཕུང་པོའི་ལྷག་མ་དང་བཅས་པ་ནི་ཉོན་མོངས་པ་སྤངས་པའོ། །ཕུང་པོ་ལྷག་མ་མ་ལུས་པ་ནི་ལེན་པ་མེད་པའི་ཕྱིར་སྡུག་བསྔལ་གྱི་མཚམས་སྦྱོར་བ་མེད་པའི་འགག་པའོ། །མྱ་ངན་ལས་ འདས་པར་སོང་བ་ནི་མྱ་ངན་ལས་འདས་པར་སོང་བ་སྟེ། མྱ་ངན་ལས་འདས་པ་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྨྲས་པ། བསམ་པ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་གང་ཡིན། སྨྲས་པ། འཁོར་བའི་ཉེས་པ་མཐོང་བའི་ཕྱིར་ནམ་ཞིག་ན་ཉོན་མོངས་པ་ཟད་པ་ཞི་བའི་གནས་ཐོབ་པ་གྱུར་ཞིག་གུ་སྙམ་དུ་མྱ་ ངན་ལས་འདས་པ་འདོད་པ་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་དགེ་བའི་ཆོས་རྣམས་ཀྱིས་སེམས་བསྒོམ་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་བསམ་པ་ཞེས་བྱའོ། །སྦྱོར་བ་འཁོར་བར་སོང་བ་ཞེས་བྱ་བ་ལ་འཁོར་བའི་དོན་གང་ཡིན། སྨྲས་པ། ཉོན་མོངས་པ་དང་། ལས་ཀྱི་དངོས་པོ་ རྣམས་ཀྱི་ཕན་ཚུན་གྱི་རྐྱེན་ཐོག་མ་མེད་པ་ནས་རྗེས་སུ་འབྲེལ་པ་ནི་འཁོར་བ་སྟེ། འཁོར་བར་སོང་བ་ནི་དེར་འཁོར་བ་ལ་སྦྱོར་བར་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །ཉེས་པ་མཐོང་བས་འཁོར་བ་ལས་བསམ་པ་བསྐྱོད་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ལྟ་བས་འཁོར་བར་སོང་བའི་སྦྱོར་བ་རྩོམ་མོ། །སྨྲས་པ། གང་གི་ཚེ་བསམ་པ་དང་འདྲ་བར་སྦྱོར་བ་རྩོམ་སྟེ། དཀར་པོ་ལས་དཀར་པོ། ནག་པོ་ལས་ནག་པོར་གྱུར་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའི་བསམ་པ་མྱ་ངན་ལས་འདས་པ་དང་། མི་འདྲ་བར་འཁོར་བ་ན་སྦྱོར་བ་རྩོམ་པར་འགྱུར། སྨྲས་པ། གཞན་ལ་ཕན་པའི་བསམ་པ་ཤིན་ཏུ་བསྒོམ་པའི་ཕྱིར་ཏེ། བྱང་ཆུབ་སེམས་ 116-220a དཔའི་བསམ་པ་མྱ་ངན་ལས་འདས་པ་ནི་གཞན་ལ་ཕན་པའི་བསམ་པས་ཟིལ་གྱིས་ནོན་པས་འཁོར་བ་གནོད་པ་མང་པོར་ཤེས་ནས་འཁོར་བས་སྐྱོ་བའི་བྱང་ཆུབ་སེམས་དཔའ་བསམ་པ་མྱ་ངན་ལས་འདས་ཀྱང་སྙིང་རྗེ་དང་ལྡན་པའི་ཕྱིར་སེམས་ཅན་ལ་ལྟ་བས་འཁོར་བར་སྦྱོར་བ་རྩོམ་མོ། །དེ་ འདི་སྙམ་དུ་སེམས་ཏེ། འདུས་བྱས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་མི་འཁྲུང་སྟེ། འདུས་བྱས་པ་ལ་གནས་ནས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ལྟ་བས་བྱང་ཆུབ་སེམས་དཔའ་འཁོར་བ་མཐོང་ཡང་ཡོངས་སུ་འཛིན་ཏོ། །དཔེར་ན་བཅོམ་ལྡན་འདས་ ཀྱིས་ཀྱང་། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལས་ས་བོན་རྣམས་མི་འཁྲུང་ངོ་ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟ་བུའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་སྦྱིན་པ་ཞེས་བྱ་བ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་བཤད་དགོས་སོ། །སྨྲས་པ། ཉོན་མོངས་པའི་ཆུའི་རླན་གྱིས་སེམས་ ཅན་གྱི་བསམ་པའི་ཞིང་བརླན་པར་གྱུར་པ་རྣམས་ལ་ཐོས་པ་དང་། སེམས་པ་ལ་སོགས་པ་ཡོངས་སུ་སྦྱོར་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དྲོད་ཀྱི་སྦྱོར་བ་ངེས་པར་རྟོགས་པའི་ཕྱོགས་ཀྱི་དགེ་བའི་རྩ་བའི་མེའི་དུགས་ཀྱིས་བསམ་པ་ཇི་ལྟ་བ་བཞིན་དུ་ཟག་པ་མེད་པའི་དགེ་བའི་རྩ་བའི་ས་བོན་རབ་ཏུ་གཞག་པའི་ ཕྱིར་ཏེ། སེམས་ཅན་གྱི་བསམ་པའི་ཞིང་རྣམས་ཀུན་དུ་སྨིན་པར་བྱེད་པས་ཡོངས་སུ་སྨིན་པར་བྱེད་པའོ། །དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ཐབས་ལ་མཁས་པ་ཕུན་སུམ་ཚོགས་པ་ནི་སེམས་ཅན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་དང་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་སྡུད་དོ། ། བསྡུས་ནས་ཀྱང་བསམ་པ་དང་འཚམ་པར་ཐེག་པ་གསུམ་པོ་དག་ལ་ཅི་རིགས་པར་ཡོངས་སུ་སྨིན་པར་བྱེད་དེ། སྨྲས་པ། སྦྱིན་པ་ཞེས་བྱ་བ་དེ་ཅི་ཞིག །སྨྲས་པ། མ་ཆགས་པ་དང་། ལྷན་ཅིག་སྐྱེས་པའི་སེམས་པ་སྟེ། བྱུང་བ་དང་ལྷན་ཅིག་པ། འབྲས་བུ་གཅིག་པ་རྣམས་ཀྱིས་སྦྱིན་པའི་ཆོས་ཀྱི་གནས་ལ་འཇུག་པ་ནི་ སྦྱིན་པའོ། །རྣམ་པར་སྨིན་པ་ལ་ཡང་མི་རེ་ཞེས་བྱ་བ་ནི་དེ་ལ་རྣམ་པ་སྣ་ཚོགས་སུ་སྨིན་པ་ནི་རྣམ་པར་སྨིན་པ་སྟེ། འབྲས་བུ་སྣ་ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་སྨིན་པ་ལ་མི་རེ་བ་ནི་རྣམ་པར་སྨིན་པ་ལ་མི་རེ་བ་སྟེ། བདག་བདེ་བ་ལ་མི་ལྟ་བའི་ཕྱིར་འབྲས་བུ་ལ་མངོན་པར་འདོད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྨྲས་ 116-220b པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལྟ་བའི་སྦྱིན་པས་རྣམ་པར་སྨིན་པ་ལ་མི་རེ་བ་ཉིད་དུ་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་ཡང་རྣམ་པར་སྨིན་པ་ལ་མི་རེ་བའི་ཞེས་ཟློས་པར་བརྗོད། སྨྲས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟ་བའི་སྦྱིན་པ་ལ་ཡང་རྣམ་པར་སྨིན་པ་ལ་ཡང་མི་རེ་བ་སྲིད་དོ། །སོ་ སོར་བཤད་པས་ཉེས་པ་མེད་པར་འགྱུར་རོ། །གང་ཡང་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ལ་དམིགས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལྟ་བས་སྦྱིན་པ་བྱིན་པ་ནི་འཁོར་བ་ན་འབྲས་བུ་རྒྱ་ཆེ་བ་ཡིན་ཏེ། ཐ་མར་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་འགྱུར་བའི་ ཐབས་འདི་ནི་འབྲས་བུ་རྒྱ་ཆེ་བའོ་སྙམ་པ་སེམས་ཅན་ལ་མངོན་པར་ཕྱོགས་པའི་སྦྱིན་པ་ཡང་བསམ་པས་དོན་དམ་པར་རིག་ནས་དེ་བཟློག་པ་དང་། བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ལ་གཟུད་པའི་ཕྱིར་རྣམ་པར་སྨིན་པ་ལ་མི་རེ་བ་ཞེས་དེ་སྐད་དུ་གསུངས་སོ། །དེ་ནི་འདི་སྐད་དུ། བསམ་པ་ཕུན་སུམ་ཚོགས་ པ་བྱང་ཆུབ་སེམས་དཔའ་ནི་བདག་གི་བདེ་བ་ལ་ལྟ་བས་སྦྱིན་པ་ལ་སོགས་པའི་ཆོས་རྣམས་རང་གི་རྒྱུད་ལ་རྣམ་པར་སྨིན་པར་སྨོན་པ་མེད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་ལ་མི་ལྟ་སྟེ། གཞན་གྱི་དོན་ཉིད་དུ་དགེ་བའི་རྩ་བ་རྣམས་སངས་རྒྱས་སུ་གྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ་ཞེས་སྟོན་ཏོ། །དེ་ནི་འདི་ སྙམ་དུ་སེམས་ཏེ། གལ་ཏེ་སྲིད་ན་ནི་ཐམས་ཅད་མཁྱེན་པ་བསྒྲུབས་ཏེ། སེམས་ཅན་རེ་རེ་ལ་ཡང་སྦྱིན་པ་ཞིག་ན་འདི་ན་ཆོས་རྣམས་ཀྱི་ཆོས་ཉིད་དེ་རང་གི་སེམས་ལ་འབྲས་བུ་གྲུབ་མོད་ཀྱི། འོན་ཀྱང་བདག་གིས་ཐམས་ཅད་མཁྱེན་པ་ནི་གཞན་གྱི་དོན་ཉིད་དེ། ཐབས་དེ་གཞན་ལ་ཕན་པར་ནུས་པའི་ཕྱིར་རོ་སྙམ་མོ། །དེ་ལྟར་ བྱང་ཆུབ་སེམས་དཔའ་དེའི་བསམ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་སྦྱིན་པ་ལ་སོགས་པའི་ཆོས་རྒྱུར་གྱུར་པ་གང་ཡིན་པ་དག་དང་། ཐམས་ཅད་མཁྱེན་པ་དང་འབྲེལ་པ་འབྲས་བུ་གྱུར་པ། སྟོབས་ལ་སོགས་པ་གང་ཡིན་པ་ཐམས་ཅད་གཞན་ལ་ཕན་པར་བྱ་བའི་བསམ་པ་གང་ཡིན་ པས་དེའི་གཞན་ལ་ཕན་པར་བྱ་བ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །དེ་བས་ན་དེ་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ཞེས་བྱ་བ་སྟེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱི་ཚོགས་ཀྱི་སྦྱིན་པ་ནི་རྒྱུད་ཡོངས་སུ་སྨིན་པར་བྱ་ 116-221a བའི་ཕྱིར་སྦྱིན་པ་སྦྱིན་ནོ། །འདི་ལས་ཕྱི་རོལ་པ་དག་ནི་འབྲས་བུ་འདོད་དོ། ། ༈ གསུམ་པ། ལོག་པར་སྒྲུབ་པའི་གཉེན་པོར་ཡང་དག་སྒྲུབ་པའི་ལེགས་པའི་རྣམ་པ། ལོག་པར་སྒྲུབ་པའི་གཉེན་པོར་ཡང་དག་པར་སྒྲུབ་པ་ལ་གནས་པའི་ལེགས་པ་བཞིའི་དབང་དུ་བྱས་ནས་བཞི་ཕྲག་བཞིར་རིག་པར་བྱའོ། །ལེགས་པ་རྣམ་པ་བཞི་གང་ཞེ་ན། གཏེར་ཆེན་པོ་རྙེད་པའི་ཕྱིར་ཕྱུག་པ་ དང་། བདུད་ལས་ཤིན་ཏུ་འདས་པའི་ཕྱིར་ཕྱིར་རྒོལ་བ་མེད་པ་དང་། ཚུལ་འཆོས་པ་མེད་པར་དགོན་པ་ལ་གནས་པ་ལ་སོགས་པས་ལོངས་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་དང་། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པས་བསོད་ནམས་ཀྱི་ཚོགས་མི་ཟད་པའོ། །ལེགས་པ་འདི་རྣམས་ཀྱི་གོ་རིམས་ནི་ཐོག་མ་ཁོ་ནར་གཏེར་ རྙེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོག་སྟེ། དེ་ལ་སངས་རྒྱས་སུ་འབྱུང་བ་མཉེས་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཚིག་ལྷག་མ་གསུམ་པོ་དག་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །བསོད་ནམས་ཀྱི་ཚོགས་སོགས་པ་ལ་བརྟེན་ནས་བཞི་པ་གཉིས་པས་བདུད་ལས་ཤིན་ཏུ་འདའ་ བའི་ཕྱིར་སྒྲིབ་པ་རྣམ་པར་དག་གོ། །བསྒོམ་པ་རྣམ་པར་དག་པ་ལ་བརྟེན་ནས་བཞི་པ་གསུམ་པ་དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཕྱིར་སྒོ་ཐམས་ཅད་ནས་དཀར་པོའི་ཆོས་འཐོབ་པོ། །སྒོ་ཐམས་ཅད་ནས་དཀར་པོའི་ཆོས་ཐོབ་པ་ལ་བརྟེན་ནས་བཞི་པ་བཞི་པས་བསོད་ནམས་དཔག་ཏུ་མེད་པ་འཐོབ་པའི་ཕྱིར་རྣམ་པ་ཐམས་ ཅད་དུ་སེམས་ཅན་གྱི་དོན་དུ་སྦྱོར་ཏེ། བསོད་ནམས་ཚད་མེད་པ་བསྐྱེད་པར་རིག་པར་བྱའོ། །གཏེར་ཆེན་པོ་རྙེད་པ་བཞི་ནི། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་རིག་པར་བྱའོ། །དེ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ པ་ནི། སྐྱེས་བུ་དམ་པ་ལ་བརྟེན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཉན་པ་ནི་དམ་པའི་ཆོས་ཉན་པའོ། །ཁོང་ཁྲོ་བའི་སེམས་མེད་པར་ཆོས་སྨྲ་བ་ལ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །བག་ཡོད་པར་དགོན་པ་ལ་གནས་པར་དགའ་བ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །དེ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་ནི་དེ་བཞིན་ གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པས་བསོད་ནམས་ཀྱི་ཚོགས་སོག་གོ། །ཚིག་ལྷག་མ་གསུམ་པོ་དག་ནི་ཐོས་པ་རྣམ་པར་དག་པ་དང་། སེམས་ཅན་རྣམ་པར་དག་པ་དང་། བསྒོམ་པ་རྣམ་པར་དག་པས་ཡེ་ཤེས་ཀྱི་ཚོགས་སོ། །འཇིག་རྟེན་གྱི་འབྱོར་བའི་དངོས་པོ་དང་འདྲ་བའི་ཆོས་ཀྱི་གཏེར་ཆེན་པོ་རྙེད་པ་ལ་ 116-221b སོགས་པ་རྣམ་པ་བཞིར་རིག་པར་བྱ་སྟེ། འཇིག་རྟེན་གྱི་དངོས་པོ་བཞི་ནི་བལྟ་བའི་ལོངས་སྤྱོད་བྲོ་དང་། གར་ལ་སོགས་པ་དང་། མཉན་པའི་ལོངས་སྤྱོད་གླུའི་དབྱངས་ལ་སོགས་པ་དང་། དྲན་པའི་ལོངས་སྤྱོད་དབང་བ་དང་། མཛོད་ལ་སོགས་པ་དང་། རེག་པར་བྱ་བའི་ལོངས་སྤྱོད་བཟའ་བ་དང་བཅའ་བ་ལ་སོགས་ པ་སྟེ། ད་ལྟར་སངས་རྒྱས་ལ་ལྟ་བ་དང་། ཐོས་པ་དང་། སེམས་པ་དང་། བསྒོམ་པར་རིག་པར་བྱའོ། །བདུད་ལས་ཤིན་ཏུ་འདའ་བའི་ཆོས་བཞི་པོ་དག་ནི་བདུད་བཞི་དབང་དུ་བྱས་ནས་བདུད་ལས་ཤིན་ཏུ་འདའ་བའི་ཆོས་བཞིར་རིག་པར་བྱ་སྟེ། བདུད་བཞི་ནི་ཐེག་པ་ཆེན་པོ་ལ་སྦྱོར་བའི་བར་དུ་གཅོད་པ་བྱང་ཆུབ་ ཀྱི་སེམས་འདོར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བའི་བར་དུ་གཅོད་པ་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་དང་། མ་ནོར་བར་སྦྱོར་བའི་བར་དུ་གཅོད་པ་ལྟ་བར་གྱུར་པ་ཐམས་ཅད་ལ་མི་རྟོག་པ་དང་། ཡོངས་སུ་རྟོག་པར་སྦྱོར་བའི་བར་དུ་གཅོད་པའི་སེམས་ཅན་ཐམས་ཅད་ལ་མངོན་ པའི་ང་རྒྱལ་ཅན་ནོ། །དེ་ལས་བཟློག་པ་ནི་བདག་ཉིད་ཐེག་པ་ཆེན་པོ་ལས་མི་གཡོས་པ་དང་། སེམས་ཅན་ཐམས་ཅད་ལ་མི་སྒྲུབ་པའི་གཞི་ཡོངས་སུ་སྤོང་བ་དང་། ལོག་པར་སྒྲུབ་པའི་གཞི་རྣམ་པར་སྤོང་བ་དང་། ཡོངས་སུ་རྫོགས་པར་མི་འགྱུར་བར་ཡང་དག་པར་སྒྲུབ་པའི་གཞི་ཡོངས་སུ་སྤོང་བས་བདུད་ལས་ ཤིན་ཏུ་འདའ་བར་རིག་པར་བྱའོ། །ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་སྡུད་པར་འགྱུར་རོ་ཞེས་བྱ་བ་ནི་དགེ་བ་རྣམ་པ་བཞིའི་དབང་དུ་བྱས་ནས་ཆོས་བཞི་པོ་དག་དགེ་བའི་ཆོས་སྡུད་པར་འགྱུར་བར་རིག་པར་བྱ་སྟེ། མཉམ་པར་བཞག་པའི་ས་པ་སྟེ། བསྒོམ་པའི་རྗེས་སུ་འགྲོ་བ་དང་། མཉམ་ པར་མ་བཞག་པའི་ས་པ་ལ་རྣམ་པ་གསུམ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྗེས་སུ་འགྲོ་བ་དང་། བྱ་དཀའ་བ་སྤྱོད་པའི་རྗེས་སུ་འགྲོ་བ་དང་། ཐོས་པ་དང་སེམས་པའི་རྗེས་སུ་འགྲོ་བའོ། །ཚུལ་འཆོས་པ་མེད་པར་དགོན་པ་ལ་གནས་ཏེ་བསྒོམ་པས་ནི་བསྒོམ་པའི་རྗེས་སུ་འགྲོ་བའི་དགེ་བ་སྟོན་ཏོ། །ལན་དུ་ཕན་ འདོགས་པར་རེ་བ་མེད་པར་སེམས་ཅན་སྨིན་པར་བྱེད་པར་སྦྱོར་བས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྗེས་སུ་འགྲོ་བའོ། །སེམས་ཅན་ཐམས་ཅད་ལ་ལུས་དང་སྲོག་གཏོང་ཞིང་དམ་པའི་ཆོས་ཡོངས་སུ་ཚོལ་བའི་རྩོམ་པས་ནི་དཀའ་བ་སྤྱོད་པའི་རྗེས་སུ་འགྲོ་བའོ། །ཐོས་པ་དང་དོན་གྱིས་ངོམས་མི་མྱོང་ཞིང་། དགེ་ 116-222a བའི་རྩ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་ཀྱིས་ནི་ཐོས་པ་དང་། སེམས་པའི་རྗེས་སུ་འགྲོ་བའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བཞི་སྟེ། བཞི་གང་ཞེ་ན། ཞེས་བྱ་བ་ནི་སེམས་ཅན་རྣམས་གནས་བཞི་ལས་རྣམ་པར་གནོན་པའི་ དབང་དུ་བྱས་ནས་བཞི་པའོ། །བཞི་པོ་གང་དག་ལས་ཤེ་ན་སོམ་ཉི་དང་ཡིད་གཉིས་དང་། ཐེ་ཚོམ་དང་། ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་དང་། ཐེག་པ་ཆུང་ངུ་ལ་མོས་པ་དང་། བསྟན་པ་ལ་གནོད་པར་སེམས་ཤིང་ཁོང་ཁྲོ་བ་ལས་སོ། །དེ་ལ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་བྱིན་པས་ན་སོམ་ཉི་དང་། ཡིད་གཉིས་ དང་། ཐེ་ཚོམ་ལས་བཟློག་གོ། །ངང་ཚུལ་ངན་པ་རྣམས་ལ་ཆེར་སྙིང་རྗེ་བས་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ལས་བཟློག་གོ། །སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྟོན་པས་ནི་ཐེག་པ་ཆུང་ངུ་ལ་མོས་པ་ལས་བཟློག་གོ། །ཉམ་ཆུང་བ་རྣམས་ལ་བཟོད་པས་སྟེན་པས་ནི་བསྟན་པ་ལ་གནོད་པར་སེམས་ཤིང་། ཁོང་ ཁྲོ་བ་ལས་བཟློག་སྟེ། ཉམ་ཆུང་བ་རྣམས་རྗེས་སུ་མ་སྲུང་བས་བསྟན་པ་ལ་ཁོང་ཁྲོ་བའོ། ། ༈ བཞི་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པ། ཆོས་སྤྱོད་པ། མཉམ་པར་སྤྱོད་པ། དགེ་བ་སྤྱོད་པ། ཆོས་ལ་གནས་པའི་ཚུལ་གྱི་རྣམ་པ། འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་མདོ་སྡེའི་མཚམས་སྦྱོར་བ་རྩོམ་མོ། །ཆོས་སྤྱོད་པ་ལ་སོགས་པ་སྨོས་པས་ནི་ཁྱད་པར་དང་། ཁྱད་པར་མེད་པ་དང་། གཏོགས་པ་དང་ཐབས་བསྟན་པའི་ཕྱིར་རོ། །ཆོས་སྤྱོད་པ་ནི་ཉན་ཐོས་པ་ལ་སོགས་པ་ལས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་དུ་སྟོན་ཏོ། །སྙོམས་པར་སྤྱོད་པས་ནི་བདག་དང་གཞན་མཉམ་པ་ཉིད་པས་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་མེད་པ་སྟོན་ཏོ། །དགེ་བ་སྦྱོར་བས་ནི་བྱང་ཆུབ་སེམས་ དཔའི་སྤྱོད་པ་གཏོགས་པར་སྟོན་ཏེ། དགེ་བ་ཤིན་ཏུ་རྣམ་པར་དག་པ་མཐར་ཕྱིན་པས་སངས་རྒྱས་སུ་འགྲུབ་པར་གཏོགས་པའི་ཕྱིར་རོ། །ཆོས་ལ་གནས་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདིའི་ཐབས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་ནི་ཁྱད་པར་རྣམ་པ་ལྔས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་ འཕགས་པར་སྟོན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བསམ་པ་ཞེས་བྱ་བ་ནི་བསམ་པའི་ཁྱད་པར་ཏེ། བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་བདག་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བསམ་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །སྦྱོར་བའི་ཁྱད་པར་རྣམ་པ་བཞི་སྟེ། 116-222b ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་ཅེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཐམས་ཅད་མཁྱེན་པ་ཉིད་ལ་འཛུད་ཀྱི་ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །བདག་ཅི་རེ་ཞེས་ཡོངས་སུ་འཇལ་ཞིང་བདག་གི་ཤེས་པ་ལ་མི་སྨོད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་ཉན་ཐོས་ལ་སོགས་ པའི་བྱེ་བྲག་མཁྱེན་གྱི། ཉན་ཐོས་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་བྱེ་བྲག་མི་ཤེས་སོ། །ང་རྒྱལ་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ལ་བདག་མེད་པ་རབ་ཏུ་རྟོགས་པས་དེ་རྣམ་པར་འཇིག་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་ཡང་། ང་རྒྱལ་མེད་པ་ཡིན་གྱི། ཉན་ཐོས་རྣམས་ནི་བདག་ཅག་ སྦྱིན་གནས་ཀྱི་བྱེ་བྲག་ཡིན་ནོ་སྙམ་མོ། །ལྷག་པའི་བསམ་པ་བརྟན་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་སྦྱོར་བ་ལ་ལྷག་པའི་བསམ་པ་བརྟན་པ་ཡིན་གྱི། ཉན་ཐོས་རྣམས་ནི་སེམས་ཅན་གྱི་དོན་བཏང་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་ལ་སྙོམས་པར་སྤྱོད་པ་ནི་བྱང་ ཆུབ་སེམས་དཔའི་མཉམ་པ་ཉིད་བརྒྱད་ཀྱིས་སྟོན་ཏོ། །མཛའ་བ་མཉམ་པ་ནི་གསུམ་དུ་དབྱེ་སྟེ། བསམ་པ་དང་། སྦྱོར་བ་དང་། དུས་ཀྱི་བྱེ་བྲག་གོ། །བཅོས་པ་མ་ཡིན་པར་བྱམས་པ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་བསམ་པ་སྟོན་ཏོ། །མཛའ་བ་དང་མི་མཛའ་བ་ལ་སེམས་སྙོམས་ཞེས་བྱ་བ་ནི་ཕན་འདོགས་པ་དང་། གནོད་པ་བྱེད་པ་རྣམས་ལ་སྙོམས་པར་སྦྱོར་བ་བསྟན་ཏོ། །མྱ་ངན་ལས་འདས་པའི་མཐའི་བར་དུ་རབ་ཏུ་མཛའ་བ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་མཛའ་བར་སྟོན་ཏོ། །ཚིག་ཚོད་འཛིན་ཅིང་འཛུམ་པའི་བསམ་པས་བཞིན་གྱིས་གསོང་པོར་སྨྲ་བ་ཞེས་བྱ་བ་ནི། རབ་ཏུ་དགའ་བར་བྱེད་པ་མཉམ་པར་སྟོན་ཏེ། སེམས་དང་བས་ རབ་ཏུ་དགའ་བར་བྱེད་པའི་ཕྱིར་རོ། །ཁུར་བླངས་པ་རྣམས་མི་འདོར་བ་ཞེས་བྱ་བ་ནི་གྲོགས་སུ་གྱུར་པ་མཉམ་པར་སྟོན་ཏེ། ཁུར་ཇི་ལྟར་བླངས་པ་མི་འདོར་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཅད་པ་ཞེས་བྱ་བ་ནི་སྙིང་རྗེ་མཉམ་པར་སྟོན་ཏོ། །ཕྱོགས་སུ་ལྟུང་བས་ཁུར་བླངས་པ་ཡིན་པའི་ཕྱིར་རོ། ། ཡིད་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བ་ནི། ཡིད་ཡོངས་སུ་མི་སྐྱོ་བ་མཉམ་པར་སྟོན་ཏེ། ཡིད་མི་བདེ་བ་མེད་པར་ཁུར་སྒྲོལ་བའི་ཕྱིར་རོ། །དམ་པའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་ཞེས་བྱ་བ་ནི་ཐབས་མཁས་པ་མཉམ་པར་སྟོན་ཏེ། ཐོས་པ་དང་དོན་ལ་མཁས་པས་འདུལ་བ་ཇི་ 116-223a ལྟ་བ་བཞིན་དུ་འདུལ་བ་ལ་མཁས་པའི་ཕྱིར་རོ། །བདག་གི་འཁྲུལ་པ་རྣམས་ལ་ཉེས་པར་ལྟ་ཞིང་གཞན་གྱི་འཁྲུལ་པ་རྣམས་ལ་ནི་གཤེ་བར་བསྒོ་ཞེས་བྱ་བ་ནི་བསྒོ་བ་མཉམ་པར་སྟོན་ཏེ། གང་བདག་གིས་ཉེས་པ་མཐོང་ལ། འཁྲུག་པའི་ཚིག་གིས་བསྒོ་ན་ནི་བསྒོ་བ་མཉམ་པར་མི་འགྱུར་རོ། ། སྤྱོད་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤྱོད་པ་ཞེས་བྱ་བ་ནི་བསྔོ་བ་མཉམ་པར་སྟོན་ཏོ། །དགེ་བར་བྱ་བ་ཐམས་ཅད་མཚུངས་པར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་ཕྱིར་རོ། །དགེ་བ་སྤྱོད་པ་ནི་རྣམ་པར་སྨིན་པ་ལ་མི་རེ་བའི་གཏོང་བ་ཞེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་ རེ་རེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བརྗོད་པའི་ཕྱིར་སྦྱིན་པ་ལ་སོགས་པའི་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་རྣམས་ནི་ཕ་རོལ་ཏུ་ཕྱིན་པར་ཡོངས་སུ་སྟོན་ཏོ། །སྲིད་པར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་མ་ཡིན་པ་ཡང་ཡོད་པས་དེའི་ཕྱིར། སྲིད་པར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ ཁྲིམས་ཞེས་བྱ་བ་གསུངས་སོ། །སེམས་ཅན་ཐམས་ཅད་ལ་བཟོད་པ་ནི་ལུས་དང་ངག་གིས་བཟོད་ཀྱི། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བཟོད་པ་མ་ཡིན་པ་ཡང་ཡོད་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བཟོད་པ་ཞེས་གསུངས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་ཞེས་ པ་ནི་ཐེག་པ་གསུམ་པ་དང་རབ་ཏུ་ལྡན་པའི་དགེ་བའི་རྩ་བ་ཡང་དག་པར་སྡུད་པའོ། །གཟུགས་མེད་པའི་ཁམས་དང་བྲལ་བའི་བསམ་གཏན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་སྐྱེ་བ་དང་བྲལ་བའི་བསམ་གཏན་དུ་རིག་པར་བྱ་སྟེ་སྙོམས་པར་འཇུག་པ་ནི་མ་ཡིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེ་བའི་བྱང་ཆུབ་སེམས་དཔའ་ རྣམས་ནི་བདག་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ལ་བསྙེན་བཀུར་བྱེད་པའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། གཟུགས་མེད་པའི་ཁམས་སུ་སྐྱེ་བ་ནི་དེ་ལྟ་མ་ཡིན་ནོ། །ཐབས་ལ་མཁས་ པའི་བསྡུ་བའི་དངོས་པོ་བཞི་དང་རབ་ཏུ་ལྡན་པའི་ཐབས་ཀྱིས་ཟིན་པའི་ཤེས་རབ་ཅེས་བྱ་བ་ལ། དེ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སྟོན་ཏོ། །ཆོས་ལ་གནས་པ་ནི་སྦྱོར་བ་དང་རང་བཞིན་དང་འབྲས་བུས་ཡང་དག་པར་སྟོན་ཏོ། །སྦྱོར་བ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང་། ངང་ཚུལ་ངན་པ་ཅན་རྣམས་ལ་ 116-223b གཉིས་སུ་མེད་པའི་བྱམས་པ་ཞེས་བྱ་བ་ནི་གདམས་ངག་འདོམས་པ་འདི་ནི་སྡོམ་པ་ལ་གནས་པ་འདི་ནི་སྡོམ་པ་ལ་གནས་པ་མ་ཡིན་ཞེས་གདམས་ངག་འདོམས་པ་རྣམས་ཀྱི་ཡོན་ཏན་དང་ཉེས་པ་ལ་མི་རྟོག་པར་གདམས་ངག་དོན་དུ་གཉེར་བ་གདམས་ངག་འདོམས་པའི་གན་དུ་འགྲོ་བའོ། །བསྟི་སྟང་དུ་བྱས་ཏེ་ཆོས་ཉན་པར་བྱེད་ཅེས་ བྱ་བ་ནི་བསྟི་སྟང་དུ་བྱས་ནས་གདམས་ངག་ཡོངས་སུ་འཛིན་པའོ། །བསྟི་སྟང་དུ་བྱས་ཏེ། དགོན་པ་ལ་གནས་པ་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི་ལུས་ཀྱིས་མི་འདྲེ་ཞིང་རབ་ཏུ་དབེན་པར་གནས་པ་སྟེ། ཚིག་དེ་གསུམ་གྱིས་ནི་སྦྱར་བ་སྟོན་ཏེ། གསུམ་པོ་གང་དག་གིས་རང་བཞིན་སྟོན་ཅེས་འཇིག་རྟེན་གྱི་སྣ་ཚོགས་པ་དག་ ལ་མི་དགའ་ཞེས་བྱ་བ་ནི་སེམས་ཀྱིས་མི་འདྲེ་ཞིང་རྣམ་པར་གཡེང་བ་མེད་པའོ། །ཐེག་པ་ཆུང་ངུ་མི་འདོད་ཅིང་། ཐེག་པ་ཆེན་པོའི་ལེགས་པ་ལ་ལྟ་བ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་ནས་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པ་ཡིད་ལ་བྱེད་པ་ཕུན་སུམ་ཚོགས་པའོ། །སྡིག་པའི་ གྲོགས་པོ་ཡོངས་སུ་སྤོང་ཞིང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱ་བ་ནི་རབ་ཏུ་དབེན་པ་ལ་བརྩོན་པ་འདོར་བའི་སེམས་ཅན་དང་མི་འགྲོགས་ལ། དེ་མ་ཡིན་པ་དག་དང་འགྲོགས་པ་སྟེ། གྲོགས་ཕུན་སུམ་ཚོགས་པའོ། །ཆོས་ལ་གནས་པ་གང་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་ལས་རྣམ་པར་གཡེང་བ་མེད་ པས་བསྡུས་པ་དང་། གང་གིས་ཤེ་ན། ཡིད་ལ་བྱེད་པ་དང་། གང་དག་གིས་ཤེ་ན། གྲོགས་པོ་དག་གིས་ཏེ། འདི་ནི་ཆོས་ལ་གནས་པའི་རང་བཞིན་ནོ། །འབྲས་བུ་ནི་རྣམ་པ་གཉིས་ཏེ། སེམས་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་སེམས་རྣམ་པར་དག་པ་ནི་ཤེས་རབ་རྣམ་པར་ དག་པ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པར་རིག་པར་བྱའོ། །ཚངས་པའི་གནས་པ་བཞི་སྒྲུབ་པ་དང་། མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པས་ནི་འཇིག་རྟེན་པའི་ཡེ་ཤེས་རྣམ་པར་དག་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་། མཐུ་བསྒོམས་པའི་འབྲས་བུ་མྱོང་བས་འཇིག་རྟེན་པའི་ ཤེས་རབ་རྣམ་པར་དག་པར་རིག་པར་བྱའོ། །ཡེ་ཤེས་ཀྱི་ཕྱིར་འབྲང་བ་ནི་འཇིག་རྟེན་པའི་ཤེས་པས་ཆོག་པར་མི་འཛིན་ཏེ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཡོངས་སུ་རབ་ཏུ་ཚོལ་ཞིང་རྣམ་པར་སྦྱོར་བས་འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་དག་པར་རིག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་ 116-224a བྱེད་པ་ནི་ཚིག་རྣམ་པ་བཞིས་ཡོངས་སུ་སྟོན་ཏེ། སྒྲུབ་པ་དང་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་ཀྱི་མི་གཏོང་བ་ཞེས་བྱ་བ་ནི་འཁྲུག་པར་མི་འགྱུར་བ་ལ་བཟོད་པའི་ཉེས་པ་སྤངས་ནས་འཁྲུག་པ་ལ་ཇི་མི་སྙམ་པའོ། །གཅིག་ཏུ་ཆད་པར་སྨྲ་བ་ཞེས་བྱ་བ་ནི་གཟུང་བར་འོས་པའི་ཚིག་ སྟེ། གང་གཞན་དུ་བསྟན་ལ། ཡང་གཞན་ལ་སྨྲ་བ་མ་ཡིན་ནོ། །བདེན་པ་ལ་བཙུན་པར་འཛིན་ཞེས་བྱ་བ་ནི་མཛའ་བ་དང་། གུས་པར་བྱ་བ་རྗེས་སུ་སྲུང་བས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་བྱང་ཆུབ་འཐོབ་པའི་དབང་དུ་བྱས་པའོ། ། ༈ ལྔ་པ། བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་དད་པ་ཡང་དག་པར་བསྐྱེད་པའི་ཕྱིར་དཔེའི་རྣམ་པ། དེ་ལྟར་ཡང་ དག་པར་སྒྲུབ་པའི་རབ་ཏུ་བྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་བརྗོད་པའི་ཕྱིར་དཔེ་བསྟན་པ་མཛད་དོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ས་ཆེན་པོ་འདི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། འགྱུར་བ་མེད་ཅིང་ཕྱིར་བྱ་བ་མེད་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཡང་བྱང་ཆུབ་ པའི་སྙིང་པོའི་མཐའི་བར་དུ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། འགྱུར་བ་མེད་ཅིང་ཕྱིར་བྱ་བ་མེད་དོ་ཞེས་བྱ་བ་དེས་ཉེ་བར་གཞག་པ་དང་པོས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་མངོན་པར་འབྱུང་བའི་དོན་ལས་བརྩམས་ནས་སྐྱེ་བའི་ལོ་ཏོག་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་ཀྱི་གནས་སུ་སྟོན་ཏོ། །འགྱུར་བ་མེད་ ཅིང་ཕྱིར་བྱ་བ་མེད་ཅེས་བྱ་བ་ལ། གནོད་པར་བྱེད་པ་ལ་ནི་འགྱུར་བ་མེད་དོ། །ཕན་འདོགས་པ་ལ་ནི་ཕྱིར་བྱ་བ་མེད་དེ། ཁོང་ཁྲོ་བ་དང་རྗེས་སུ་ཆགས་པས་སེམས་མ་ཟིན་པའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཆུའི་ཁམས་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་འཁྲུང་པར་བྱེད་པ་དེ་བཞིན་དུ། འོད་ སྲུངས་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ཡང་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བར་བྱེད་དོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་མེའི་ཁམས་ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་ དཔའི་ཤེས་རབ་ཀྱང་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་རླུང་གི་ཁམས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་སྒྲུབ་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་པ་ཞེས་བྱ་བ་དཔེ་གཉིས་པ་ 116-224b དང་། གསུམ་པ་དང་། བཞི་པ་དག་གིས་ནི་གདོན་མི་ཟ་བར་ལེགས་པའི་དོན་བརྩམས་ཏེ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྲུན་པ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། མཐར་ཐུག་པར་འགྲོ་བའི་རྒྱུ་ཉིད་དུ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ལ་སྐྱེ་ཞིང་གང་ བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ཡང་དགེ་བའི་ཆོས་ཐམས་ཅད་ཀྱིས་སྐྱེ་ཞིང་རྫོགས་པར་འགྱུར་རོ་ཞེས་བྱ་བ་དཔེ་ལྔ་པས་ནི་རང་གི་དོན་ལས་བརྩམས་ཏེ། བདག་གི་བྱང་ཆུབ་ཀྱི་ཚོགས་རྣམ་པར་འཕེལ་བར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ གཅིག་བཏང་བས་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟེར་གཅིག་བཏང་བས་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་སྣང་བར་བྱེད་དོ་ཞེས་བྱ་བ་དཔེ་དྲུག་པས་ནི་བདག་དང་གཞན་གྱི་རྒྱུད་ལ་ཤེས་རབ་ཀྱི་སྣང་བར་བྱེད་པས་གཉིས་ཀའི་དོན་དུ་སྒྲུབ་པའི་རྒྱུ་ཉིད་དུ་སྟོན་ ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་གང་ནས་གར་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པར་འགྲོ་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ་ཡང་གང་ནས་གར་འགྲོ་བ་ཐམས་ཅད་དུ་མི་ འཇིགས་མི་སྐྲག་པར་འགྲོ་བའོ་ཞེས་བྱ་བ་དཔེ་བདུན་པས་ནི་འཁོར་བ་དང་མྱ་ངན་ལས་འདས་པས་མི་སྐྲག་པའི་ཕྱིར་དེ་གཉི་ག་ལ་མི་གནས་པར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་བལ་གྱི་གླང་པོ་ཆེ་ཤིན་ཏུ་དུལ་བ་ཁུར་ཐམས་ཅད་ཁྱེར་བས་མི་སྐྱོ་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་སེམས་ཤིན་ཏུ་དུལ་ བ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕུང་པོ་ལྔའི་ཁུར་ཁྱེར་བས་ཡོངས་སུ་མི་སྐྱོའོ་ཞེས་བྱ་བ་དཔེ་བརྒྱད་པས་ནི་འཁོར་བ་ན་ཁུར་གྱིས་ཡོངས་སུ་མི་སྐྱོ་བར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་པདྨོ་ཆུ་ལས་སྐྱེས་ཀྱང་ཆུས་མི་གོས་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ནང་དུ་སྐྱེས་ ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་སོ་ཞེས་བྱ་བ་དཔེ་དགུ་པས་ནི་འཁོར་བ་ན་ཀུན་ནས་ཉོན་མོངས་པ་མེད་པར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་ཡལ་ག་བཅད་ཀྱང་རྩ་བ་མ་ཉམས་ན་སླར་ཡང་སྐྱེ་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་ཉོན་མོངས་པ་བཅད་ཀྱང་ 116-225a དགེ་བའི་རྩ་བ་མ་ཉམས་ན་སླར་ཡང་ཁམས་གསུམ་དུ་སྐྱེའོ་ཞེས་བྱ་བ་དཔེ་བཅུ་པས་ནི་ཀུན་ནས་ཉོན་མོངས་པ་མེད་ཀྱང་ཇི་ལྟར་ཡོངས་སུ་མྱ་ངན་ལས་མི་འདའ་བ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཕྱོགས་དང་ཕྱོགས་མཚམས་ཐ་དད་པ་ནས་ཀླུང་ཆེན་པོའི་ཆུའི་ཕུང་པོ་རྒྱ་མཚོ་ ཆེན་པོར་བབ་ན་འདི་ལྟ་སྟེ་ལན་ཚྭའི་རོ་ཐམས་ཅད་རོ་གཅིག་པར་འགྱུར་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སྒོ་ཐ་དད་པ་ནས་བསགས་པ་བྱང་ཆུབ་ཏུ་བསྔོས་པ་ཡང་འདི་ལྟ་སྟེ་ཐམས་ཅད་མཁྱེན་པའི་རོར་ཐམས་ཅད་རོ་གཅིག་པར་འགྱུར་རོ་ཞེས་བྱ་བ་དཔེ་བཅུ་གཅིག་པས་ནི་དགེ་བའི་རྩ་བ་རྣམས་ ལ་སྦྱོར་བ་བསྔོ་བས་ཡོངས་སུ་ཟིན་པས་བྱང་ཆུབ་ཀྱི་རྒྱུར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་རི་རབ་ལ་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རབ་ཏུ་གནས་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་གནས་པར་བལྟའོ་ ཞེས་བྱ་བ་དཔེ་བཅུ་གཉིས་པས་ནི་ཉན་ཐོས་དང་མཐུན་པའི་མྱ་ངན་ལས་འདས་པ་ཡོངས་སུ་འདོར་ཏེ། དེ་དག་ནི་རང་གི་སྨོན་ལམ་དང་དགེ་བའི་རྩ་བ་ལ་ཡང་བོར་ནས་ཡོངས་སུ་མྱ་ངན་ལས་འདའོ། །བྱང་ཆུབ་སེམས་དཔའ་དག་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱང་རང་གི་སྨོན་ལམ་མི་འདོར་ལ། དགེ་བའི་རྩ་བ་སྦྱོར་ཡང་ ཐོབ་པར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་རྣམས་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་བྱེད་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་ཀྱིས་ཟིན་པ་ཡང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་དོ་ཞེས་བྱ་བ་དཔེ་བཅུ་གསུམ་པས་ནི་ཡོངས་སུ་མྱ་ངན་ལས་འདས་ པ་དག་ཇི་ལྟར་སེམས་ཅན་གྱི་བྱ་བ་བྱེད་ཅེས་བྱ་བ་རབ་ཏུ་སྒྲུབ་པ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྤྲིན་ཆེན་པོ་ལས་བྱུང་བའི་ཆར་གྱི་རྒྱུན་ལོ་ཏོག་ཐམས་ཅད་ལ་མངོན་པར་འབབ་པ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་མང་པོ་ཐོས་པའི་ཆོས་ཀྱི་སྤྲིན་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ དམ་པའི་ཆོས་ཀྱི་ཆར་ཡང་སེམས་ཅན་ཐམས་ཅད་ལ་མངོན་པར་འབབ་པོ་ཞེས་བྱ་བ་བཅུ་བཞི་པ་དང་། འོད་སྲུངས་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་དེར་རིན་པོ་ཆེ་བདུན་བྱུང་བ་དེ་བཞིན་དུ། འོད་སྲུངས་བྱང་ཆུབ་སེམས་དཔའ་གང་དུ་བྱུང་བ་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ 116-225b པོ་དག་འབྱུང་ངོ་ཞེས་བྱ་བ་དཔེ་བཅོ་ལྔ་པས་ནི་ཅིའི་ཕྱིར་རྟག་ཏུ་མི་སྟོན་པ་དང་། མི་འབྱུང་བ་དུས་ལ་སྡོད་པ་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་གང་དུ་ནོར་བུ་རིན་པོ་ཆེ་བཻཌཱུརྱ་འབྱུང་བའི་སྒོར་གྱུར་པ་དེར་ཀཱརཱ་ཥ་པ་ཎ་བརྒྱ་སྟོང་འབྱུང་བའི་སྒོར་འགྱུར་བ་དེ་བཞིན་དུ། འོད་སྲུངས་གང་དུ་བྱང་ཆུབ་སེམས་ དཔའ་འབྱུང་བའི་སྒོར་འགྱུར་བ་དེར་ཉན་ཐོས་དང་རང་སངས་རྒྱས་བརྒྱ་སྟོང་མང་པོ་འབྱུང་བའི་སྒོར་འགྱུར་རོ་ཞེས་བྱ་བ་དཔེ་བཅུ་དྲུག་པས་ནི་ཉན་ཐོས་ལ་སོགས་པ་དང་མཐུན་པའི་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཉེས་པར་སྟོན་ཏེ། ཉན་ཐོས་ལ་སོགས་པ་དེ་ཉིད་ནི་མི་འབྱུང་བར་སྟོན་ཏོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ལྷ་སུམ་ ཅུ་རྩ་གསུམ་པ་འདྲེས་པའི་ཚལ་དུ་ཞུགས་པ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་རྣམས་མཚུངས་པར་གནས་པ་དེ་བཞིན་དུ་འོད་སྲུངས་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ཡང་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བ་ཡིན་ཞེས་བྱ་བ་དཔེ་བཅུ་བདུན་པས་ནི་ཉན་ཐོས་ལ་སོགས་པ་ལ་དེའི་ ནུས་པ་མེད་པའི་རྒྱུར་སྟོན་ཏེ། ཆོས་མངོན་པར་རྟོགས་པའི་ཁྱད་པར་གྱིས་བྱང་ཆུབ་སེམས་དཔའི་བདག་དང་གཞན་མཉམ་པ་ཉིད་པས་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་བཟུང་བ་དུག་གིས་འཆི་མི་ནུས་པ་དེ་བཞིན་དུ་འོད་ སྲུངས་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་ཡང་ཉོན་མོངས་པའི་དུག་གིས་འཆི་བར་བྱེད་མི་ནུས་སོ་ཞེས་བྱ་བ་དཔེ་བཅོ་བརྒྱད་པ་དང་། འོད་སྲུངས་འདི་ལྟ་སྟེ་དཔེར་ན་གྲོང་ཁྱེར་ཆེན་པོའི་ལུད་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། རྒྱན་གྱི་ཞིང་དག་ལས་ཕན་པར་འགྱུར་བ་ཡིན་ཏེ། དེ་བཞིན་ དུ་འོད་སྲུངས་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་ཀྱང་ཐམས་ཅད་མཁྱེན་པ་ལ་ཕན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་དཔེ་བཅུ་དགུ་པས་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མ་ཟད་ཀྱང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པར་སྟོན་ཏོ། །དེའི་ཉོན་མོངས་པ་ཉེས་པར་མི་འགྱུར་བ་དང་། ཡོན་ཏན་ཆེན་པོ་བྱེད་ པའི་ཕྱིར་རོ། །དཔེ་འདི་རྣམས་ཀྱི་གོ་རིམས་ནི་སྔ་མ་ལས་ཕྱི་མ་བྱེ་བྲག་ཏུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཐོག་མ་དང་། བར་མ་དང་། ཐ་མ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་སྒྲུབ་པའི་ 116-226a གནས་སུ་གྱུར་པས་ཕན་འདོགས་པ་དང་གནོད་པ་བྱེད་པ་ཐམས་ཅད་ཀྱིས་སེམས་མ་ཟིན་པའི་ཕྱིར་སེམས་དང་མཚུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཡལ་བར་འཇོག་པའི་ས་ལ་བརྟེན་ནས་སེམས་ཅན་རྣམས་རང་གི་རྩལ་གྱིས་དེ་ལ་ཉེ་བར་འཚོ་བར་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་དད་པ་དང་དགའ་བར་བྱེད་པའི་རླན་གྱིས་བརླན་པར་བྱེད་པས་ཆུ་དང་འདྲ་བ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཆུས་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པ་དང་འགལ་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱོ་བར་བྱ་བའི་ཆོས་ རྣམས་ལ་སྐྱོ་བས་ཀུན་དུ་གདུང་བར་བྱེད་པས་མེ་དང་མཚུངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་མེ་སངས་རྒྱས་ཀྱི་ཞིང་རྣམ་པར་སྒྲུབ་པ་དང་འགལ་བ་ལྟ་བུ་མ་ཡིན་ཏེ། དེ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བ་ལ་རེག་པར་བྱ་བ་མངོན་པར་བསྒྲུབས་པ་རྣམ་པར་སྒྲུབ་པ་དང་། ཡང་དག་པའི་ གདམས་ངག་ཉེ་བར་སྒྲུབ་པས་རླུང་དང་མཚུངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་རླུང་མངོན་པར་ལངས་ནས་མེད་པར་གྱུར་པ་དེ་ལྟ་བུ་ནི་མ་ཡིན་ནོ་དེ་ནི་རང་གི་དགེ་བའི་ཆོས་མངོན་པར་འཕེལ་བའི་ཕྱིར་ཟླ་བ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཟླ་བ་ཡར་གྱི་ངོ་ལ་སྣང་ལ། མར་གྱི་ངོ་ལ་མི་སྣང་བ་ལྟ་བུ་མ་ཡིན་ ཏེ། བྱང་ཆུབ་སེམས་དཔའ་དེ་ནི་སྤྱིའི་མཚན་ཉིད་ཀྱིས་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཡེ་ཤེས་སྣང་བར་བྱེད་པས་ཉི་མ་དང་མཚུངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཉི་མ་གཟའ་སྤྱང་ཀིས་འཇིགས་པས་ཡོངས་སུ་འགྱུར་བ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་འགྲོ་བ་རྣམས་སུ་ ཉོན་མོངས་པ་ཐམས་ཅད་ཀྱི་གཟས་འཇིགས་པའི་འགྱུར་བ་མེད་པས་སེང་གེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་སེང་གེ་ཁུར་ཆེན་པོས་འཚེར་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་སྡུག་བསྔལ་གྱི་ཁུར་ཐམས་ཅད་ཁྱེར་བའི་ཕྱིར་གླང་པོ་དུལ་བ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་གླང་པོ་རྙེད་པ་དང་། མ་རྙེད་པ་ དང་། ཚིག་འཇམ་པ་དང་རྩུབ་པའི་བདེ་བ་དང་། སྡུག་བསྔལ་སྤོང་བས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བས་གོས་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་པའི་ཆོས་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པདྨ་ལྟ་བུ་ཡིན་ནོ། །དེ་ལྟ་མོད་ཀྱི་ 116-226b ཇི་ལྟར་པད་མ་སྡོང་བུ་བཅད་ན་མི་སྐྱེ་བ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་བཅད་ཀྱང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་འཁོར་བར་ཡང་སྐྱེ་བའི་ཕྱིར་རྩ་བ་ཉམས་པའི་ཤིང་ལྟ་བུ་ཡང་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཤིང་ཐ་མར་རྩ་བ་འཇིག་པ་ལྟ་བུ་ཡང་མ་ཡིན་ནོ། །བྱང་ཆུབ་སེམས་ དཔའ་དེ་ནི་མྱ་ངན་ལས་འདས་པ་དང་། བྱང་ཆུབ་ཆེན་པོར་དགེ་བའི་རྩ་བ་ཡོངས་སུ་སྤོང་བའི་ཕྱིར་ཆུ་བོའི་རྒྱུན་རྒྱ་མཚོར་བབ་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་ཆུ་བོའི་རྒྱུན་རྒྱ་མཚོར་བབ་ན་རྒྱ་མཚོ་ཉིད་འགྱུར་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་མྱ་ངན་ལས་འདས་པ་དང་། བྱང་ཆུབ་ཆེན་པོ་ ལ་བརྟེན་པའི་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་རྩེན་པའི་ཕྱིར་རི་རབ་ལ་ལྷ་གནས་པ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་རི་རབ་ལ་གནས་པའི་ལྷ་དག་རང་གི་བྱ་བ་ལ་བག་མེད་པར་དགའ་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་སངས་རྒྱས་ཀྱི་མཛད་པ་ ཐམས་ཅད་སྒྲུབ་པའི་ཕྱིར་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་རང་གི་དོན་དུ་སྐྱེ་དགུ་ཡོངས་སུ་སྐྱོང་བ་ལྟ་བུ་མ་ཡིན་ནོ། །དེ་ནི་རང་གི་དོན་ལ་མི་ལྟ་བར་སྐྱེ་དགུའི་ཕྱིར་རིན་པོ་ཆེ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་སྤྲིན་ཆེན་པོ་ལོ་ཏོག་ ཡོངས་སུ་སྒྲུབ་པ་གཅིག་ཏུ་མ་ངེས་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཤིན་ཏུ་བསྐྲུན་པའི་ཕྱིར་འཁོར་ལོས་སྒྱུར་བ་འབྱུང་བ་ལྟ་བུ་ཡིན་ཏེ། དེ་ལྟ་མོད་ཀྱི་ཇི་ལྟར་འཁོར་ལོས་སྒྱུར་བ་སྐྱེས་བུ་ཆེན་པོ་དག་དང་ཟླ་མེད་པ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་ གྲོལ་བ་ཐུན་མོང་བ་དུ་མ་དང་ལྷན་ཅིག་འབྱུང་བའི་ཕྱིར་ནོར་བུ་རིན་པོ་ཆེ་ཀཱར་ཥཱ་པ་ཎ་དང་ཤིན་ཏུ་མི་འདྲ་བ་ལྟ་བུ་ནི་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཟག་པ་མེད་པའི་དབྱིངས་སུ་ཆུད་ཀྱང་དེ་དག་དང་བྱ་བ་དང་། བདེ་བའི་ལོངས་སྤྱོད་མཚུངས་པའི་ཕྱིར་འདྲེས་པའི་ཚལ་དུ་ཞུགས་པའི་ལྷ་ལྟ་བུ་ཡང་ཡིན་ནོ། །དེ་ལྟ་ མོད་ཀྱི་ཇི་ལྟར་འདྲེས་པའི་ཚལ་དུ་ཞུགས་པའི་ལྷ་རྣམས་ཉོན་མོངས་པ་འཕེལ་ནས་མ་འོངས་པ་ན་ལོག་པར་ལྟུང་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་བཅད་ནས་ལོག་པར་མི་ལྟུང་བའི་ཕྱིར་དུག་བསྩལ་བ་ལྟ་བུའི་ཉོན་མོངས་པ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་ཇི་ལྟར་དུག་བསྩལ་ན་ 116-227a གནོད་པ་མེད་པ་ཙམ་དུ་ཟད་དེ། སུ་ལ་ཡང་ཡོན་ཏན་དུ་མི་འགྱུར་བ་ལྟ་བུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་རང་གི་ཉོན་མོངས་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་གྲོང་ཁྱེར་ཆེན་པོའི་ལུད་ལྟ་བུའི་ཉོན་མོངས་པ་ཡང་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་ དཔའ་འཇིག་རྟེན་གྲགས་པའི་དངོས་པོ་ལྟ་བུའི་ཡོན་ཏན་གྱི་དཔེ་དང་། ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པས་ཡོན་ཏན་འདྲ་བ་མེད་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་འདྲ་བ་མེད་པར་རིག་པར་བྱའོ། །ཡང་དག་པར་སྒྲུབ་པའི་རབ་ཏུ་དབྱེ་བ་དང་། ཡོན་ཏན་གྱི་ཁྱད་པར་བཤད་ཟིན་ཏོ། ། ཡང་དག་པར་སྒྲུབ་པ་རང་བཞིན་ནི་མ་བཤད་དོ། །དེ་ནི་དབུ་མའི་ལམ་གྱིས་སྟོན་ཏེ། མཐའ་གཉིས་ཡོངས་སུ་སྤངས་པས་དབུ་མའི་ལམ་དུ་རིག་པར་བྱའོ། །མཐའ་གང་ཞེ་ན་མུ་སྟེགས་ཅན་གྱི་མཐའ་ནི་བདག་ཏུ་འཛིན་པ་དང་། དེ་ལ་རྟག་པར་འཛིན་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་སྒྲོ་ བཏགས་ཏེ། དེ་ནི་གང་འོག་ནས་མདོར་བསྡུས་ཏེ། རྟག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ་བདག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ་ཞེས་འབྱུང་ངོ་། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་མཐའ་ནི་གང་ཕུང་པོ་ལ་སོགས་པ་ལ་མི་རྟག་པར་འཛིན་པ་དང་། བདག་མེད་པར་འཛིན་པ་སྟེ། དེ་ཡང་གང་འོག་ ནས་མདོར་བསྡུས་ཏེ། མི་རྟག་ཅེས་བྱ་བ་དེ་ནི་མཐའ་གཉིས་བདག་མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་ཞེས་འབྱུང་བའོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་ཞེས་བྱ་བ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་རྣམ་པར་བརྟག་ཏུ་མེད་པས་དཔྱད་དུ་མེད་པའོ། །བརྗོད་དུ་མེད་ཅིང་བཤད་དུ་མེད་པས་བསྟན་ དུ་མེད་པའོ། །རྣམ་པར་ཤེས་པའི་གནས་མ་ཡིན་པས་རྟེན་མ་ཡིན་པའོ། །གཟུང་བའི་དོན་དུ་གཟུང་བ་མེད་པས་སྣང་བ་མེད་པའོ། །འཛིན་པའི་དོན་རྣམ་པར་རིག་པ་ཙམ་དུ་གཟུང་དུ་མེད་པས་རྣམ་པར་རིག་པར་མེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པས་གནས་མེད་པར་རིག་ པར་བྱའོ། །དེ་ལ་མུ་སྟེགས་ཅན་རྣམས་ཀྱིས་སྒྲོ་བཏགས་ཏེ། གང་བདག་ཏུ་འཛིན་པ་དེའི་གཉེན་པོར་གང་ལ་བདག་མེད་པར་སོ་སོར་རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲོ་བཏགས་ནས་གང་རྟག་པར་འཛིན་པ་དེའི་གཉེན་པོར་གང་གཟུགས་ལ་རྟག་པར་ཡང་མི་རྟོག །མི་རྟག་པར་ཡང་མི་ 116-227b རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་སྒྲོ་བཏགས་ཏེ། ཕུང་པོ་དག་ལ་སོགས་པ་ལ་གང་གི་རྟག་པར་འཛིན་པ་དང་། བདག་མེད་པར་འཛིན་པ་དེའི་གཉེན་པོར་གང་གཟུགས་ལ་མི་རྟག་པར་ཡང་སོ་སོར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ སོ། །མི་རྟག་པར་འཛིན་པ་ནི་བདག་མེད་པར་འཛིན་པའི་རྒྱུ་ཡིན་པའི་ཕྱིར་མི་རྟག་པར་འཛིན་པ་བཀག་པས་བདག་མེད་པར་འཛིན་པ་ཡང་བཀག་པར་རིག་པར་བྱའོ། །གཟུང་བའི་དོན་ལ་རྣམ་པར་རྟོག་པ་མཐའ་ཡིན་པར་བསྟན་ནས། འོད་སྲུངས་སེམས་ཡང་དག་པ་ཞེས་བྱ་བ་ནི་མཐའ་གཅིག་གོ་ཞེས་རྒྱ་ ཆེར་འབྱུང་བས་ནི་འཛིན་པའི་དོན་ལ་རྣམ་པར་རྟོག་པ་མཐའ་ཉིད་དུ་སྟོན་ཏོ། །དེ་ལ་སེམས་ཡང་དག་པར་ནི་གང་སྔར་བསྟན་པའི་མི་རྟག་པ་དང་། བདག་མེད་པར་རྣམ་པར་རྟོག་པ་དང་ལྡན་པའོ། །ཡང་དག་པ་མ་ཡིན་པ་ནི་གང་རྟག་པ་དང་། བདག་ཏུ་རྣམ་པར་རྟོག་པའོ། །གང་ལ་སེམས་མེད་པ་ཞེས་བྱ་བ་ ནི་ལས་མངོན་པར་འདུ་བྱེད་པའི་གནས་སོ། །སེམས་མེད་ཅེས་བྱ་བ་ནི་ལས་མངོན་པར་འདུ་བྱེད་པ་ཉིད་དོ། །ཡིད་མེད་ཅེས་བྱ་བ་ནི་གང་སེམས་ལས་བྱུང་བ་དེས་ཡོངས་སུ་བསྒོས་པའོ། །རྣམ་པར་ཤེས་པ་མེད་ཅེས་བྱ་བ་ནི་དེའི་རྣམ་པར་སྨིན་པའོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་ནི་གཏི་མུག་མེད་པ་དང་། གཏི་ མུག་དང་རབ་ཏུ་ལྡན་པ་སྟེ། དེ་ཉིད་འབྲས་བུ་ཡིད་དུ་མི་འོང་བ་དང་། དེ་ལས་བཟློག་པའི་དོན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དག་དང་། ཁ་ན་མ་ཐོ་བ་མེད་པ་དག་གོ། །ཁ་ན་མ་ཐོ་བ་མེད་པས་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་གོ། །འཇིག་རྟེན་པ་དག་ནི་ཟག་པ་དང་བཅས་པ་དག་གོ། །འཇིག་ རྟེན་ལས་འདས་པ་དག་ནི་ཟག་པ་མེད་པ་དག་གོ། །ཟག་པ་མེད་པ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །དེ་དག་ལས་ནག་པོའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པའོ། །དཀར་པོའི་ཕྱོགས་ནི་རྣམ་པར་བྱང་བའོ། །དེ་ལས་སེམས་ཡང་དག་པ་དང་། སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བའི་མཐའ་ གཉིས་གང་ཡིན་པ་དེ་དང་གང་ཡང་དེ་དང་རབ་ཏུ་ལྡན་པའི་ཆོས་དགེ་བ་དང་མི་དགེ་བ་རྣམས་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བའི་བར་གྱིས་མཐའ་གཉིས་གང་ཡིན་པ་དེ་ཁས་མི་ལེན་ཅིང་མི་བརྗོད་མི་སྨྲ་བ་དེ་ནི་འོད་སྲུངས་དབུ་མའི་ལམ་སྟེ། ཆོས་རྣམས་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་ 116-228a བ་དེ་ལ་ཁས་མི་ལེན་པ་ནི་དེ་ལྟ་བའོ། །མི་བརྗོད་པ་ནི་བདག་ཉིད་དེ་མི་བརྗོད་པའོ། །མི་སྨྲ་བ་ནི་གཞན་གྱིས་དྲིས་ཀྱང་མི་སྨྲ་བའོ། །རྣམ་གྲངས་གཞན་དུ་ན་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་བསྟན་པའོ། །འོག་ནས་འོག་མ་ཚིག་ལྷག་མ་རྣམས་ནི་བཤད་པར་རིག་ པར་བྱའོ། །མུ་སྟེགས་ཅན་དང་ཉན་ཐོས་རྣམས་ཀྱི་མཐའི་གཉེན་པོར་དབུ་མའི་ལམ་བཤད་ནས་བྱང་ཆུབ་སེམས་དཔའི་མཐའི་གཉེན་པོ་སྟོན་ཏོ། །དེ་ལ་མུ་སྟེགས་ཅན་རྣམས་ཀྱི་བདག་དང་རྟག་པར་སྒྲོ་འདོགས་པའི་མཐའ་གང་ལས་འབྱུང་ཞེ་ན། ལོང་བ་མཐོང་བ་ལྟ་བུ་སྟེ་བཤད་མི་དགོས་སོ། །ཉན་ཐོས་ དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་གང་ཟག་ལ་བདག་མེད་པར་མཐོང་བར་སྦྱོར་བ་རྣམས་ནི་འདུ་བྱེད་ཙམ་དུ་དམིགས་པས་འདུ་བྱེད་རྣམས་ནི་མི་རྟག་པ་དང་བདག་མེད་པའོ་སྙམ་སྟེ། ཆོས་ལ་བདག་མེད་པ་མི་མཐོང་བའི་སྔོན་རོལ་དུ་འདུ་བྱེད་ལ་གནས་ནས་མི་རྟག་པ་དང་། བདག་མེད་པར་འཛིན་པར་འབྱུང་ ངོ་། །བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པར་གཟིགས་པར་སྦྱོར་བ་རྣམས་ནི་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པའི་སྔོན་རོལ་དུ་སྒྲོ་འདོགས་པ་འབྱུང་བའི་ཕྱིར་སྒྲོ་འདོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་གཉེན་པོ་སྟོན་ཏོ། །ཡོད་པ་དང་མེད་པར་རང་གི་མཚན་ཉིད་ལ་སྒྲོ་འདོགས་པ་ལ་ཡོད་ ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མེད་ཅེས་བྱ་བ་ནི་མཐའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །མ་རིག་པ་དང་རིག་པར་མི་མཐུན་པའི་ཕྱོགས་དང་གཉེན་པོར་སྒྲོ་བཏགས་པ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ནས་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བའི་བར་དག་གསུངས་པའི་ཕྱིར་རོ། ། དེ་ལས་གཞན་པའི་ཡན་ལག་དང་། དེ་འགག་པར་འདུས་བྱས་དང་། འདུས་མ་བྱས་སུ་སྒྲོ་འདོགས་པ་ལ་འདུ་བྱེད་རྣམས་དང་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས་པའི་ཚིག་དག་གིས་སོ། །དེ་དག་གི་གཉེན་པོར་དེ་དག་གཉིས་མ་ཡིན་ཞེས་བྱ་བ་ནི། ཀུན་དུ་བརྟགས་པའི་ངོ་བོ་ཉིད་མེད་པའོ། །རྣམ་པ་གཉིས་ སུ་དབྱེར་མེད་ཅེས་བྱ་བ་ནི་མ་རིག་པ་བསྐྱེད་པར་བྱ་བ་ཡང་མེད། མ་རིག་པ་འགག་པར་བྱ་བ་ཡང་མེད། འདུ་བྱེད་ལ་སོགས་པ་སྤང་བར་བྱ་བ་ཡང་མེད། འགག་པ་ཐོབ་པར་བྱ་བ་ཡང་མེད་དེ། ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལ་ཤེས་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་ 116-228b མཐའ་སྤོང་བ་སྟེ། རིག་པ་མེད་པ་ཉིད་ཀྱང་མ་ཡིན་ལ། རིག་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་ཅེས་བྱ་བ་ལ་སོགས་པས་ཅི་སྟོན་ཞེ་ན། སྟོང་པ་ཉིད་ལ་སོགས་པ་ཞེས་བྱ་བ་ འདི་རིག་པ་འདིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀུན་དུ་བརྟགས་པའི་རང་བཞིན་ནམ། ཡོངས་སུ་གྲུབ་པས་སྟོང་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། གང་ཀུན་དུ་བརྟགས་པའི་རང་བཞིན་ནམ། ཡོངས་སུ་གྲུབ་པས་ཆོས་རྣམས་སྟོན་ཏེ། དེ་བཞིན་དུ་ ངོ་བོ་ཉིད་མེད་པའི་བར་དུའོ། །དེས་ནི་རིག་པ་ཡོད་པ་དང་། དེའི་མི་མཐུན་ཕྱོགས་ཡོད་པར་ཀུན་དུ་བརྟགས་པ་དང་། ཡོངས་སུ་གྲུབ་པའི་རང་བཞིན་དང་བྲལ་བར་ཡོངས་སུ་བསྟན་པར་སྐུར་པ་འདེབས་པའི་མཐའ་སྤངས་པ་ཡིན་ནོ། །དེ་ལ་མི་མཐུན་པའི་ཕྱོགས་རྣམ་པ་བདུན་གྱི་གཉེན་པོར་རིག་པར་སྟོང་ པ་ཞེས་བྱ་བ་ནས། ངོ་བོ་ཉིད་མེད་ཅེས་བྱ་བའི་བར་དུའོ། །མི་མཐུན་པའི་ཕྱོགས་བདུན་ལས་ལྟ་བ་དེའི་གཉེན་པོ་ནི་སྟོང་པ་ཉིད་དོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མཚན་མ་སྐྱེ་བ་ཡང་སྲིད་པའི་ལས་འདུ་བྱེད་པ་དེའི་གཉེན་པོ་ནི་མངོན་པར་འདུ་མི་བྱེད་པའོ། །དེའི་འབྲས་བུ་སྐྱེ་བ་དེའི་གཉེན་པོ་ ནི་སྐྱེ་བ་མེད་པའོ། །སྐྱེས་ནས་བདེ་བ་དང་སྡུག་བསྔལ་འབྱུང་བ་དེའི་གཉེན་པོ་ནི་འབྱུང་བ་མེད་པའོ། །སྟོང་པ་ཉིད་མཐོང་བས་ངའོ་སྙམ་པའི་ང་རྒྱལ་དེའི་གཉེན་པོ་ནི་ཆོས་ཉིད་ཀྱི་ངོ་བོ་ཉིད་མེད་ཅེས་བྱ་བའོ། །དེ་ལ་བདག་མེད་པར་སོ་སོར་རྟོགས་པས་ནི་གང་ཟག་མེད་པ་ལ་གང་ཟག་ཏུ་འཛིན་པ་བཀག་གོ། །རྣམ་པ་ གཉིས་སུ་དབྱེར་མེད་ཅེས་བྱ་བའི་བར་དུ་ལྷག་མ་རྣམས་ཀྱིས་ཆོས་མེད་པ་ལ་ཆོས་སུ་འཛིན་པ་བཀག་གོ། །འོད་སྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱིས། སྟོང་པ་ཉིད་སྟོང་པའོ་ཞེས་བྱ་བ་ནི་མེད་པ་ལས་གང་ཟག་དང་། ཆོས་སུ་འཛིན་པ་དགག་པ་བྱེད་དེ། གང་ཟག་ཏུ་རྣམ་པར་ གཞིག་པའི་ཕྱིར་སྟོང་པ་ཉིད་བསྒོམ་པར་བྱ་བ་མ་ཡིན་ནོ། །སྟོང་པ་ཞེས་བྱ་བ་ནི་མེད་པ་ལ་ཆོས་སུ་འཛིན་པ་གཞིག་པའི་ཕྱིར་ཞེས་བྱ་བར་སྟོན་ཏེ། ཀུན་དུ་བརྟགས་པའི་རང་བཞིན་གྱིས་སྟོང་པ་ཉིད་ཀྱང་སྟོང་ན་ཆོས་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཀུན་དུ་བརྟགས་པའི་ཆོས་ཀྱི་རང་བཞིན་མེད་པ་འཛིན་པ་བཀག་ 116-229a གོ། །དེ་ལྟར་ན་ཀུན་དུ་བརྟགས་པའི་རང་བཞིན་མེད་པའི་ཕྱིར་སྟོང་པ་ཉིད་ཡོད་པ་ཡང་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་རང་བཞིན་མེད་པ་ཡང་མ་ཡིན་ནོ། །སྟོང་པ་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། ཆོས་མེད་པ་ལ་འཛིན་པ་བཀག་པས་ནི་ཆོས་ཀྱི་རང་བཞིན་ མེད་པར་སྟོན་ཏོ། །སྟོང་པ་ཉིད་དེའི་ཡོངས་སུ་གྲུབ་པ་དེ་ཡོད་པར་བསྟན་པའི་ཕྱིར་སྔོན་གྱི་མཐའ་སྟོང་ཞེས་རྒྱ་ཆེར་གསུངས་ཏེ། སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པའི་དུས་ན་དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པར་ཡོངས་སུ་སྟོན་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ཕྱིར་འབྲང་བར་བྱ་ཞེས་བྱ་བ་ནི་དོན་གྱི་ཕྱིར་ འབྲང་བས་སྟོང་པ་ཉིད་ཀྱི་དོན་རབ་ཏུ་རྟོགས་པའི་ཐབས་སྟོན་ཏོ། །གང་ཟག་ལ་མ་ཡིན་ཞེས་བྱ་བ་ནི་ཡི་གེའི་ཕྱིར་འབྲང་བ་ལས་བཟློག་པའོ། །དེའི་ཕྱིར་འབྲངས་ན་ཡི་གེའི་ཕྱིར་འབྲང་བ་ཡང་ཡིན་ཏེ། གང་ཟག་ཏུ་བཏགས་པ་གང་ཡིན་པ་དང་། གང་ལ་འདོགས་པ་དེ་གཉི་ག་ལ་ཡང་གང་ཟག་ཅེས་གསུངས་སོ། །གང་ དག་སྟོང་པ་ཉིད་ལ་དམིགས་ཞེས་བྱ་བ་ཅི་སྟོན་ཞེ་ན། ཀུན་དུ་བརྟགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་དམིགས་པས་སྟོང་པ་ཉིད་ཀྱི་ཕྱིར་འབྲང་བར་མི་བྱ་སྟེ། དེ་ལྟར་འབྲངས་ན་སྔར་ནི་གང་ཟག་ཏུ་འཛིན་པས་ཉམས་ལ་ཕྱིས་ནི་ཆོས་སུ་འཛིན་པས་ཉམས་ཏེ། ཤིན་ཏུ་མ་རུང་བའི་ཕྱིར་རོ། །དེ་བྱས་ན་ཤིན་ཏུ་མ་རུང་ བར་འགྱུར་བ་རབ་ཏུ་སྒྲུབ་པའི་ཕྱིར། འོད་སྲུངས་རི་རབ་ཙམ་གང་ཟག་ལ་ལྟ་བར་གནས་པ་བླ་ཞེས་གསུངས་སོ། །སྟོང་པ་ཉིད་ལ་དམིགས་པས་ནི། སྟོང་པ་ཉིད་ཡོངས་སུ་མི་ཤེས་ལ། མངོན་པའི་ང་རྒྱལ་གྱིས་དོན་དམ་པར་ཁོང་དུ་མི་ཆུད་དོ། །ཁོང་དུ་མ་ཆུད་ན་སྐུར་པ་འདེབས་སོ། །དེ་བས་ན་གང་ཟག་ཏུ་ལྟ་བ་པོར་ ཡང་གསོར་མི་རུང་བར་འགྱུར་ཏེ། དཔེར་ན་སྨན་གྱིས་ནད་ཀྱི་ཉེས་པ་བསྐྱོད་དེ། ལྟོར་སོང་བ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟ་བུ་ལས་བྱུང་བ་ནི་སྟོང་པ་ཉིད་ན་ཞེས་བྱ་བ་ཀུན་དུ་བརྟགས་པ་དེའི་རང་བཞིན་ལ་མངོན་པར་ཞེན་པའམ། ཐམས་ཅད་ཐམས་ཅད་མེད་པ་ཙམ་དུ་མངོན་པར་ཞེན་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁའི་ དཔེ་ནི་འགྱུར་བ་མེད་པ་ལ་འཛིན་པ་ཡོངས་སུ་སྤོང་བའི་ཕྱིར་ཏེ། སུ་སྟོང་པ་ཉིད་དུ་ལྟ་བ་དེ་སྟོང་པ་ཉིད་དེས་གཟུགས་ལ་སོགས་པ་མེད་པར་འདོད་པ་ན་མེད་པ་ལ་རྟོག་སྟེ། དེ་ནི་དེའི་འགྱུར་བ་མེད་པ་ལ་འཛིན་པའོ། །གཟུགས་ལ་སོགས་པ་དེ་དག་ནི་རང་བཞིན་གྱིས་མེད་ན་ནམ་མཁའ་སེལ་བར་འདོད་པ་དང་འདྲ་བར་ 116-229b སེམས་ཅན་དག་ནི་ཆོས་ཉིད་ཀྱིས་སྟོང་པ་ཉིད་ལ་སྤྱོད་ན་ཡོད་པར་ཡོངས་སུ་རྟོག་ནས་དེ་ཉིད་ཀྱིས་མི་སྐྲག་གོ། །གལ་ཏེ་གཟུགས་ལ་སོགས་པ་མེད་དུ་ཟིན་ན་རྩོམ་པ་དོན་མེད་པར་འགྱུར་རོ་སྙམ་པའི་སྐྱོན་དུ་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རི་མོ་མཁན་གྱི་དཔེ་བསྟན་ཏེ། དཔེར་ན་གནོད་སྦྱིན་ཡོད་པ་མ་ཡིན་ན་ རི་མོ་མཁན་གྱི་རང་གི་རྣམ་པར་རྟོག་པས་ཁས་བུབ་དུ་འགྱེལ་བ་དེ་བཞིན་དུ་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པ་ལ་བྱིས་པ་རྣམས་རང་གི་རྣམ་པར་རྟོག་པ་ལོག་པས་འཁོར་བར་འཁྱམ་སྟེ། མི་ཤེས་པ་དེ་དང་འབྲལ་བའི་ཕྱིར་རྩོམ་པ་དོན་མེད་པ་མ་ཡིན་ནོ། །གོང་མས་ནི་ལོག་པ་བཀག་གོ། །འདི་ནི་ རྩོམ་པ་དོན་མེད་པ་དགག་པར་རིག་པར་བྱའོ། །གལ་ཏེ་འདི་དག་ནི་སེམས་ཀྱི་ནོར་བ་ཙམ་དུ་ཇི་ལྟར་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ཡོངས་སུ་ཤེས་ཞེས་རྒོལ་བ་སྤང་བའི་ཕྱིར་སྒྱུ་མ་མཁན་གྱི་དཔེ་བསྟན་ཏོ། །དེ་ལ་སྒྱུ་མ་མཁན་ལྟ་བུ་ནི་ཡིད་ལ་བྱེད་པ་ཙམ་གྱི་ཤེས་པའོ། །སྤྲུལ་པ་ལྟ་བུ་ནི་དོན་མེད་པར་ཤེས་པར་ བྱའོ། །ཟ་བ་ལྟ་བུ་ནི་ཡིད་ལ་བྱེད་པ་ཙམ་ཡང་མེད་པར་ཤེས་པ་སྟེ། གསོག་ལ་སོགས་པར་སྣང་ངོ་། །འཕགས་པའི་ཤེས་རབ་ཀྱི་དབང་པོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མེད་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བས་ཇི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་ཞེས་རྒོལ་བ་སྤང་བའི་ཕྱིར། ཤིང་ གཉིས་ཀྱི་དཔེས་བསྟན་ཏེ། ཤིང་གཉིས་ལྟ་བུ་ནི་ཚུལ་བཞིན་སོ་སོར་རྟོག་པའོ། །གཙུབས་པ་ལས་མེ་འབྱུང་བ་ལྟ་བུ་ནི། ཤེས་རབ་ཀྱི་དབང་པོ་འབྱུང་བ་སྟེ། བྱུང་ནས་ཚུལ་བཞིན་སོ་སོར་རྟོག་པ་དེ་ཡང་སྤོང་བར་སྟོན་ཏོ། །ཅི་ཡེ་ཤེས་སྐྱེས་པའམ། འོན་ཏེ་མ་སྐྱེས་པ་མི་ཤེས་པའི་གཉེན་པོར་འགྱུར་ཞེས་ རྒོལ་བ་སྤང་བའི་ཕྱིར། མར་མེའི་དཔེ་བསྟན་ཏེ། ཡེ་ཤེས་བྱེད་པ་མེད་ཀྱང་། སྐྱེས་མ་ཐག་ཏུ་མི་ཤེས་པའི་གཉེན་པོར་གྱུར་པ་སྟོན་ཏོ། །ཐོག་མ་མེད་པའི་དུས་ཀྱི་ཀུན་ནས་ཉོན་མོངས་པ་ཇི་ལྟར་ཐོག་མ་ཡོད་པའི་དུས་ཀྱི་གཉན་པོས་སྤོང་ཞེས་རྒོལ་བ་སྤང་བའི་ཕྱིར། མར་མེའི་དཔེ་གཉིས་བསྟན་ཏེ། དབུ་ མའི་ལམ་མདོར་བསྟན་ཏོ། ། ༈ དྲུག་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པའི་རྣམ་པ། རྒྱ་ཆེར་རྣམ་པར་དབྱེ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་ལ་གནས་པའི་བསླབ་པ་རྣམ་པར་གཞག་པ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆོས་ལ་གནས་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་བཤད་པ་རྣམ་པར་གཞག་པའི་བདེན་པའི་ཚུལ་སྟོན་པ་དང་། 116-230a དྲང་བའི་དོན་ལ་སྒྲ་ཇི་བཞིན་དུ་མི་འཛིན་ཏེ། རྒྱུ་དེ་གཉིས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་མདོ་སྡེའི་ཕྱིར་མི་འབྲང་སྟེ། འདས་ནས་དེ་ལ་སྦྱང་མཁས་པར་བྱ་སྟེ། དེ་ལས་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པའི་ཆོས་ཟབ་མོ་སྟོང་པ་ཉིད་དང་རབ་ཏུ་ལྡན་པར་རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའི་བདེན་པའི་ཚུལ་བསྡུས་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ཚུལ་བསྟན་པའི་ཆོས་ཀྱི་དབྱིངས་ཚུལ་གཅིག་ཏུ་སྟོན་པས་ངེས་པའི་དོན་གྱི་གཞིར་གྱུར་མཁས་པར་གྱུར་ཏེ། རྒྱུ་དེ་ཉིད་ཀྱི་ཕྱིར་འབྲང་བར་སྦྱོར་བས་ཚུལ་བཞིན་དུ་རབ་ཏུ་སྦྱོར་ཞེས་བྱའོ། །ཚུལ་བཞིན་དུ་སྦྱོར་བས་དབུ་མའི་ ལམ་དུ་ཞུགས་པ་ཡིན་ནོ། །འདི་ལྟར་དབུ་མའི་ལམ་ནི་རྣམ་པ་བཅུ་གསུམ་དུ་སྟོན་ཏེ། གང་ཟག་སྟོང་པ་ཉིད་དུ་སྟོན་པ་དང་། གང་ཟག་ལ་བདག་མེད་པ་དང་ཆོས་སྟོང་པ་ཉིད་དང་། ཆོས་ལ་བདག་མེད་པ་དང་། སྒྲོ་འདོགས་པའི་མཐའ་དང་། སྐུར་པ་འདེབས་པའི་མཐའ་དང་། ཆོས་མངོན་པར་རྟོགས་པ་ དང་། དེ་ཡང་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་། དེ་ལྟར་ཞུགས་པ་ཉོན་མོངས་པ་དང་། སྡུག་བསྔལ་གཉིས་ཀྱིས་སེམས་མ་ཟིན་པ་དང་། བདག་མེད་པ་གཉི་ག་ལ་མོས་པའི་ཁྱད་པར་དང་། བདག་མེད་པ་སྔ་མ་བདག་མེད་པ་ཕྱི་མའི་རྒྱུར་གྱུར་པ་དང་། སྟོང་པ་ཉིད་ཀྱི་མཐར་ཐུག་པ་དང་། དེ་ཉིད་ཀྱི་ མཐུ་སྟོན་པའོ། །དེ་ལ་ཇི་ལྟར་གང་ཟག་སྟོང་པ་ཉིད་དུ་སྟོན་ཅེ་ན། རྣམ་པ་གཅིག་གིས་མི་དམིགས་པར་ཡོངས་སུ་སྟོན་ཏེ། གང་ཟག་ལ་བདག་མེད་པར་སོ་སོར་རྟོག་ཅེས་འབྱུང་བའི་ཕྱིར་རོ། །སེམས་ཅན་གྱི་དངོས་པོ་ཕུང་པོ་རྣམས་དང་། དེའི་སྣ་ཚོགས་ཀྱི་དངོས་པོ་ཁམས་དང་། དེའི་ལོངས་སྤྱོད་ཀྱི་དངོས་ པོ་སྐྱེ་མཆེད་རྣམས་ཏེ། དངོས་པོ་རྣམ་པ་གསུམ་ལ་བདག་མི་དམིགས་ཏེ། ནང་དང་ཕྱི་དང་གཉི་ག་མེད་པའི་བར་ནས་ཀྱང་བྱིས་པས་ཡོངས་སུ་བརྟགས་པའི་བདག་མི་དམིགས་སོ་ཞེས་མི་དམིགས་པར་ཡོངས་སུ་སྟོན་པས་གང་ཟག་སྟོང་པ་ཉིད་དུ་ཡོངས་སུ་སྟོན་ཏོ། །ཇི་ལྟར་གང་ཟག་ལ་བདག་མེད་པར་སྟོན་ཅེ་ན། རྣམ་པ་གཅིག་གིས་དམིགས་པ་ཡོངས་སུ་སྟོན་ཏེ། དེ་ལ་དམིགས་པ་འདི་ནི་རྟག་པར་ཡང་མི་རྟོག་ཅེས་གསུངས་པའི་ཕྱིར་རོ། །དངོས་པོ་གསུམ་པོ་བྱིས་པས་ཡོངས་སུ་བརྟགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ལ་རྟག་པར་མི་དམིགས་པའི་ཕྱིར་བྱིས་པས་ཡོངས་སུ་བརྟགས་པའི་བདག་དང་ 116-230b མི་འདྲ་བས་ཕུང་པོ་རྣམས་ཀྱི་མི་རྟག་པ་ཉིད་དམིགས་སོ་ཞེས་བདག་མེད་པའི་རང་བཞིན་ཡོངས་སུ་བརྗོད་པས་དངོས་པོ་ལ་གནས་པའི་གང་ཟག་ལ་བདག་མེད་པར་སྟོན་ཏོ། །ཇི་ལྟར་ཆོས་སྟོང་པ་ཉིད་དུ་སྟོན་ཅེ་ན། རྣམ་པ་གཅིག་གིས་མི་དམིགས་པར་ཡོངས་སུ་སྟོན་ཏེ། མི་རྟག་པར་ཡང་མི་རྟག་ཅེས་གསུངས་ པའི་ཕྱིར་རོ། །དེ་ལ་མི་དམིགས་པ་འདི་ནི། བརྗོད་དུ་མེད་པའི་དངོས་པོ་ལ་མི་རྟོག་གོ་ཞེས་སྒྲོ་བཏགས་པ་བྱིས་པས་ཡོངས་སུ་བརྟགས་པའི་ཐ་སྙད་ཅན་གྱི་རང་བཞིན་གང་ཡིན་པ་མི་རྟག་པས་ཟིན་པའི་དངོས་པོ་དེ་ཉིད་ལ་ནང་དང་། ཕྱི་དང་། གཉི་ག་མེད་པའི་བར་ནས་ཀྱང་མི་དམིགས་པ་སྟེ། དེ་ལྟར་ཆོས་སྟོང་པ་ཉིད་ དུ་སྟོན་ཏོ། །ཇི་ལྟར་ཆོས་ལ་བདག་མེད་པར་སྟོན་ཅེ་ན། རྣམ་པ་གཅིག་གིས་དམིགས་པར་ཡོངས་སུ་སྟོན་ཏོ། །དེ་ལ་དམིགས་སུ་མེད་པ་འདི་ནི་དངོས་པོ་དེ་ཉིད་ལ་གང་དམིགས་པ་སྟེ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་གི་སོ་སོར་རང་གིས་རིག་པ་གཞན་གྱིས་བརྗོད་དུ་མེད་པའོ། །དེ་ནི་རྣམ་པ་དྲུག་ གིས་བྱིས་པས་ཡོངས་སུ་བརྟགས་པའི་ཐ་སྙད་ཀྱི་ངོ་བོ་ཉིད་དག་དང་མི་འདྲ་བར་དམིགས་ཏེ། རྣམ་པ་དྲུག་གང་ཞེ་ན། འོད་སྲུངས་རྟག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ། །མི་རྟག་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ། །འོད་སྲུངས་མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པ་སྟེ། དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་པ་གང་ཡིན་པ་སྟེ། དེ་ལ་དཔྱད་དུ་མེད་པའི་ཞེས། ཞེས་བྱ་བ་ནི་འདི་དང་འདིའོ་ཞེས་རང་གི་རྟོག་པས་བརྟག་པར་མི་ནུས་པའི་ཕྱིར་རོ། ། བསྟན་དུ་མེད་པ་ཞེས་བྱ་བ་དེ་ཉིད་གཞན་དག་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །རྟེན་མ་ཡིན་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་རྣམས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་དབང་པོ་གཟུགས་ཅན་རྣམས་དེ་ལ་མི་གནས་སོ། །སྣང་བ་མེད་པ་ཞེས་བྱ་བ་ནི་མཚན་མའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རྣམ་ པར་རིག་པ་མེད་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གནས་པ་མེད་པ་ཞེས་བྱ་བ་ནི་ཉོན་མོངས་པའི་གནས་སུ་མ་གྱུར་པའི་ཕྱིར་རོ། །དེ་ལྟར་བྱིས་པས་ཡོངས་སུ་བརྟགས་པ་ཐ་སྙད་ཅན་གྱི་རང་བཞིན་དང་མི་མཐུན་པའི་རྣམ་པ་དྲུག་གིས་འཕགས་པའི་ཡེ་ཤེས་སུ་དམིགས་ 116-231a པར་ཡོངས་སུ་སྟོན་པས་ཆོས་བདག་མེད་པར་སྟོན་ཏོ། །ཇི་ལྟར་སྒྲོ་འདོགས་པའི་མཐའ་སྟོན་ཅེ་ན། བྱེ་བྲག་ཏུ་སྒྲོ་འདོགས་པར་ཡོངས་སུ་སྟོན་པ་དང་། ངོ་བོ་ཉིད་དུ་སྒྲོ་འདོགས་པར་ཡོངས་སུ་སྟོན་པ་རྣམ་པ་གཉིས་ཀྱིས་སོ། །དེ་ལ་བྱེ་བྲག་ཏུ་སྒྲོ་འདོགས་པ་གང་ཞེ་ན། དེ་གོང་ནས་ གོང་དུ་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། དངོས་པོ་དེ་ཉིད་ལ་རྟག་པར་འཛིན་པར་སྒྲོ་འདོགས་པ་དང་། མི་རྟག་པར་འཛིན་པར་སྒྲོ་འདོགས་པ་དང་། རྟག་པར་སྒྲོ་བཏགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པར་སྒྲོ་འདོགས་པ་དང་། མི་རྟག་པར་འཛིན་པར་སྒྲོ་བཏགས་པ་ལ་བརྟེན་ནས་བདག་མེད་པར་སྒྲོ་འདོགས་ པ་དང་། བདག་མེད་པར་འཛིན་པ་ལ་སྒྲོ་བཏགས་པ་ལ་བརྟེན་ནས་སེམས་ཡང་དག་པར་འཛིན་པར་སྒྲོ་འདོགས་པ་དང་། བདག་ཏུ་འཛིན་པར་སྒྲོ་བཏགས་པ་ལ་བརྟེན་ནས་སེམས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པ་སྟེ། དེ་ཡང་ངེས་པ་དང་། ཡོངས་སུ་ཚོལ་བའོ། །དངོས་པོ་དེ་ཉིད་ལ་རྟག་པར་འཛིན་པར་ སྒྲོ་འདོགས་པ་ནི། འོད་སྲུངས་རྟག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ་ཞེས་གསུངས་པའི་ཕྱིར་རོ། །མི་རྟག་པར་འཛིན་པར་སྒྲོ་འདོགས་པ་ནི་མི་རྟག་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །རྟག་པར་སྒྲོ་བཏགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པ་ལ་སྒྲོ་འདོགས་པ་ནི་འོད་སྲུངས་བདག་ཅེས་བྱ་བ་ དེ་ནི་མཐའ་གཅིག་གོ་ཞེས་གསུངས་པའི་ཕྱིར་རོ། །མི་རྟག་པར་འཛིན་པར་སྒྲོ་འདོགས་པ་ལ་བརྟེན་ནས་བདག་མེད་པར་འཛིན་པར་སྒྲོ་འདོགས་པ་ནི་བདག་མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །བདག་མེད་པར་འཛིན་པ་སྒྲོ་བཏགས་པ་ལ་བརྟེན་ནས་སེམས་ཡང་དག་པར་འཛིན་པར་ སྒྲོ་འདོགས་པ་ནི་འོད་སྲུངས་སེམས་ཡང་དག་པར་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ་ཞེས་གསུངས་པའི་ཕྱིར་རོ། །བདག་ཏུ་འཛིན་པར་སྒྲོ་བཏགས་པ་ལ་བརྟེན་ནས་སེམས་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པ་ནི་སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །སེམས་ ཡང་དག་པར་འཛིན་པར་སྒྲོ་འདོགས་པ་དེ་ཡང་ངེས་པ་དང་ཡོངས་སུ་ཚོལ་བའོ། །ཡོངས་སུ་ཚོལ་བ་ནི་ཡོངས་སུ་རྟོག་པ་དེའི་གནས་དང་། ཡོངས་སུ་རྟོག་པ་དེ་དང་རབ་ཏུ་ལྡན་པའོ། །སེམས་ཡང་དག་པ་མ་ཡིན་པར་འཛིན་པར་སྒྲོ་འདོགས་པ་ལ་བརྟེན་པའི་མི་དགེ་བ་ལ་སོགས་པར་འཛིན་པར་སྒྲོ་འདོགས་ 116-231b པ་ནས་ཀུན་ནས་ཉོན་མོངས་པར་འཛིན་པར་སྒྲོ་འདོགས་པའི་བར་དུའོ། །མི་མཐུན་པའི་ཕྱོགས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ཉེས་པ་ལྔ་སྟེ། ཕྱིན་ཅི་ལོག་གི་ཉེས་པ་དང་། སྤྲོད་པའི་ཉེས་པ་དང་། ཉེས་པར་སྤྱད་པ་ལས་བྱུང་བའི་ཆོས་རྣམས་དང་། གནས་ངན་ལེན་གྱི་ཉེས་པ་དང་། མི་ རྟག་པའི་ཉེས་པའོ། །སེམས་ཡང་དག་པ་ལ་སྒྲོ་འདོགས་པར་བརྟེན་པ་ནི་གང་ལ་སེམས་མེད་པ་དང་། སེམས་པ་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དེ་ནི་འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་སྟེ། དགེ་བ་དང་། མི་དགེ་བ་རྣམས་ དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་པ་རྣམས་ཏེ། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱའོ། །དེ་ལ་ ངེས་པ་དེའི་གཉེན་པོར་སེམས་མེད་ཅེས་བྱ་བ་གསུངས་སོ། །ཡོངས་སུ་ཚོལ་བ་དེའི་གཉེན་པོར་སེམས་པ་ཞེས་བྱ་བ་གསུངས་སོ། །ཡོངས་སུ་རྟོག་པའི་གནས་དེའི་གཉེན་པོར་ཡིད་མེད་པ་ཞེས་བྱ་བ་གསུངས་སོ། །ཡོངས་སུ་རྟོག་པ་དེ་དང་རབ་ཏུ་ལྡན་པ་དེའི་གཉེན་པོར་རྣམ་པར་ཤེས་པ་མེད་པ་ ཞེས་བྱ་བ་གསུངས་སོ། །མི་མཐུན་པའི་ཕྱོགས་ཀུན་ནས་ཉོན་མོངས་པ་དག་ལས་མི་དགེ་བ་རྣམས་ནི་ཕྱིན་ཅི་ལོག་གི་ཉེས་པ་འཇིག་རྟེན་པ་དག་གིས་སྤྲོས་པའི་ཉེས་པ་ཁ་ན་མ་ཐོ་བ་དང་བཅས་པ་དག་ནི་ཉེས་པར་སྤྱོད་པ་ལས་བྱུང་བའི་ཉེས་པ་ཟག་པ་དང་བཅས་པ་དག་ནི་གནས་ངན་ལེན་གྱི་ཉེས་པ་འདུས་བྱས་ དག་ནི་མི་རྟག་པའི་ཉེས་པས་སོ། །དེ་ལྟར་དེ་ནི་སེམས་ཡང་དག་པ་མ་ཡིན་པ་མི་དགེ་བ་ལ་སོགས་པར་འཛིན་པར་སྒྲོ་འདོགས་པ་ནས་ཀུན་ནས་ཉོན་མོངས་པར་སྒྲོ་འདོགས་པའི་བར་དུ་སྟེ། འོད་སྲུངས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ་ཞེས་གསུངས་པ་གང་ཡིན་པའོ། །སེམས་ཡང་དག་ པར་འཛིན་པར་སྒྲོ་བཏགས་པ་དེའི་གཉེན་པོ་རྣམ་པར་བྱང་བའི་ཆོས་དགེ་བ་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་མེད་པ་དང་། འདུས་མ་བྱས་རྣམས་ལ་དགེ་བ་ལ་སོགས་པ་སྒྲོ་འདོགས་པ་ནས་རྣམ་པར་བྱང་བར་སྒྲོ་འདོགས་ཏེ། རྣམ་པར་བྱང་བ་ཞེས་བྱ་བ་དེ་ནི་མཐའ་ 116-232a གཉིས་སོ་ཞེས་གང་གསུངས་པའོ། །བརྒྱད་པོ་འདི་དག་ནི་བྱེ་བྲག་ཏུ་སྒྲོ་བཏགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་བྱེ་བྲག་ཏུ་སྒྲོ་འདོགས་པ་བརྒྱད་པོ་དེ་དག་མངོན་པར་ཞེན་པའི་ཚུལ་གྱིས་ཁས་མི་ལེན་ཏོ། །གཞན་དག་ཡང་དག་པར་འཛིན་དུ་འཇུག་པའི་ཚུལ་གྱིས་མི་བརྗོད་དོ། །གཞན་ དག་ལ་ཀུན་དུ་བསྙད་པའི་ཚུལ་གྱིས་མི་སྨྲ་སྟེ། འོད་སྲུངས་མཐའ་དེ་གཉི་ག་ཁས་མི་ལེན་ཅིང་མི་བརྗོད་མི་སྨྲ་བ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པའི་ཕྱིར་རོ། །གོ་རིམས་བཞིན་ནོ། །བརྒྱད་པོ་འདི་དག་ནི་བྱེ་བྲག་ཏུ་སྒྲོ་འདོགས་པའོ། །དེ་ལ་ངོ་བོ་ ཉིད་དུ་སྒྲོ་འདོགས་པ་ནི་གང་བྱེ་བྲག་ཏུ་སྒྲོ་འདོགས་པ་རྣམ་པ་བརྒྱད་པོ་དེའི་གནས་བྱིས་པས་ཡོངས་སུ་བརྟགས་པ་རྣམས་ལ་ཐ་སྙད་ཀྱི་ངོ་བོ་ཉིད་དུ་སྒྲོ་འདོགས་ཏེ། སྔར་སྨོས་པའི་དངོས་པོ་གསུམ་པོ་དེ་ཉིད་ལ་ཡོད་དོ་ཞེས་སྒྲོ་འདོགས་པ་སྟེ། འོད་སྲུངས་ཡོད་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ་ཞེས་ གསུངས་པའི་ཕྱིར་རོ། །དེ་ལྟ་ན་སྒྲོ་འདོགས་པའི་མཐའ་སྟོན་ཏོ། །ཇི་ལྟར་སྐུར་པ་འདེབས་པའི་མཐའ་སྟོན་ཅེ་ན། རྣམ་པ་གཅིག་གིས་དངོས་པོ་ཡོད་པ་ལ་སྐུར་པ་འདེབས་པར་ཡོངས་སུ་སྟོན་ཏོ། །དེ་ལ་འདི་ནི་དངོས་པོ་ཡོད་པ་ལ་སྐུར་པ་འདེབས་པ་སྟེ། ཇི་ལྟར་ཆོས་ལ་བདག་མེད་པར་ལོག་པར་མོས་པ་ སྟེ། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཞན་པ་ཡིན་ཏེ། མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་མདོར་བསྡུ་ན་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་རྣམ་པ་དྲུག་གིས་དབུ་མའི་ལམ་ཡོངས་སུ་བསྟན་པའོ། །ཇི་ལྟར་ ཆོས་མངོན་པར་རྟོགས་པར་སྟོན་ཅེ་ན། རིག་པ་དང་མ་རིག་པ་འདི་དག་གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་སྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བའོ། །ཚིག་འདིས་ནི་རྣམ་པ་གསུམ་གྱིས་མངོན་པར་རྟོགས་པར་སྟོན་ཏེ། སྔར་བསྟན་པའི་དངོས་པོ་དེ་ཉིད་དང་། དངོས་པོ་བཞི་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། འདུས་བྱས་དང་། འདུས་མ་བྱས་སུ་རྣམ་པར་གཞག་པ་གང་ངས་ཁྱེད་རྣམས་ལ་བསྟན་པ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ 116-232b ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་གང་གསུངས་པ་མི་མཐུན་པའི་ཕྱོགས་དང་འདུས་བྱས་རྣམ་པར་གཞག་པ་དང་། འདི་ལྟ་སྟེ་ མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ་ཞེས་གང་གསུངས་ པ་གཉེན་པོ་དང་། འདུས་མ་བྱས་རྣམ་པར་གཞག་པ་ལ་ངོ་བོ་ཉིད་མི་དམིགས་པར་ཡོངས་སུ་བརྗོད་པ་དང་བྱེ་བྲག་མི་དམིགས་པར་ཡོངས་སུ་བརྗོད་པ་དང་། དེ་གོམས་པར་བྱས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་བར་དུ་རྟོགས་པ་ཡོངས་སུ་བརྗོད་པས་སོ། །དེ་ལ་ངོ་བོ་ཉིད་མི་དམིགས་པ་འདི་ནི་ གང་རིག་པ་དང་། མ་རིག་པ་གཉིས་བྱིས་པས་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དུ་མི་དམིགས་པ་སྟེ། འོད་སྲུངས་དེ་ལ་རིག་པ་དང་མ་རིག་པ་དེ་དག་གཉིས་མ་ཡིན་ཞིང་ཞེས་བྱ་བ་དང་། དེ་བཞིན་དུ་འདུ་བྱེད་པ་དང་། འདུས་མ་བྱས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ལ་འགག་པ་ཞེས་བྱ་ བ་ནས་རྒ་ཤི་དང་། རྒ་ཤི་འགག་པ་དེ་དག་གཉིས་མ་ཡིན་ཞེས་གསུངས་པའོ། །དེ་ལ་བྱེ་བྲག་མི་དམིགས་པར་འདི་ནི་གང་བྱིས་པས་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དེ་འགག་པ་དང་། སྐྱེ་བ་ཀུན་དུ་འཐོབ་པ་རྣམ་པ་གཉིས་སུ་མེད་པར་མི་དམིགས་པ་སྟེ། རྣམ་པ་གཉིས་སུ་དབྱེར་མེད་ཅེས་གང་གསུངས་ པའོ། །དེ་ལ་ཤེས་པའི་རབ་ཏུ་རྟོགས་པ་འདི་ནི། འོད་སྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བའོ་ཞེས་གསུངས་པ་སྟེ། དེ་དང་དེའི་གནས་ཀྱི་མཚན་མ་ཡིད་ལ་མི་བྱེད་པར་སྦྱོར་བ་དང་། མི་བརྗོད་པར་སྦྱོར་བས་སོ་སོར་རང་གི་ཡེ་ཤེས་ཀྱི་ཆོས་ བདག་མེད་པར་རབ་ཏུ་རྟོགས་པ་སྟེ། དེ་ལྟར་ཆོས་མངོན་པར་རྟོགས་པར་སྟོན་ཏོ། །ཇི་ལྟར་ཆོས་མངོན་པར་རྟོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་སྟོན་ཅེ་ན། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་ 116-233a པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ཚིག་བདུན་པོ་དག་གིས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྙིང་བརྩེ་བས་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཉོན་མོངས་པ་རྣམས་ནི་མི་སྤོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་སྨོན་པར་བྱེད་སྨོན་པ་མེད་པར་མི་བྱེད། མཚན་མ་མེད་པས་མཚན་མ་མེད་པར་མི་བྱེད། མངོན་པར་འདུ་མི་བྱེད་པས་མི་སྲིད་པ་ཅན་གྱི་ལས་དང་སྐྱེ་བའི་རྒྱུན་དང་། སྐད་ཅིག་གིས་སྐྱེ་བའི་རྒྱུན་དང་། འདུ་བྱེད་ཐམས་ཅད་ངོ་བོ་ཉིད་མེད་པས་མྱ་ངན་ལས་འདས་པ་དང་། འཁོར་བའི་རྒྱུན་ཏེ། དེ་ལྟར་ཆོས་མངོན་པར་རྟོགས་པ་བྱང་ཆུབ་སེམས་དཔའ་ སྟོང་པར་སྟོན་ཏོ། །དེ་ལྟར་ཞུགས་པ་ཇི་ལྟར་ཉོན་མོངས་པ་དང་། སྡུག་བསྔལ་གཉིས་ཀྱིས་སེམས་མ་ཟིན་པ་སྟོན་ཅེ་ན། རྣམ་པ་གཅིག་གིས་ཏེ། ཆོས་ཉིད་སྟོང་པ་ཞེས་བྱ་བ་ནས། ཆོས་ཉིད་ངོ་བོ་ཉིད་མེད་ཅེས་བྱ་བའི་བར་དུ་ཚིག་རྣམ་པ་བདུན་པོ་དག་གིས་སོ། །མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་མ་ སྤངས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་འདི་ཆོས་ལ་བདག་མེད་པ་ལ་སྦྱོར་བ་ལ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་དེ་དག་ཉིད་རང་བཞིན་གྱིས་ཉོན་མོངས་པ་ཅན་མ་ཡིན་པ་དང་། སྡུག་བསྔལ་མེད་པར་ཡང་དག་པར་རྗེས་སུ་མངོན་ པ་སྟེ། དེ་ལྟར་ན་དེ་ལྟར་ཞུགས་པ་ཉོན་མོངས་པ་དང་། སྡུག་བསྔལ་གཉིས་ཀྱིས་སེམས་མ་ཟིན་པར་སྟོན་ཏོ། །ཇི་ལྟར་ཁྱད་པར་སྟོན་ཅེ་ན། རྣམ་པ་བཞི་པོ་དག་གིས་ཏེ། མཐོང་བའི་བྱེ་བྲག་ཡོངས་སུ་སྟོན་པ་དང་། དེ་དག་ཐག་རིང་པོ་ནས་དམ་པའི་བྱེ་བྲག་ཡོངས་སུ་སྟོན་པ་དང་། སྤོང་བ་རྣམ་པར་འཁྲུལ་པའི་ བྱེ་བྲག་ཡོངས་སུ་སྟོན་པ་དང་། སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་སྟོན་པས་སོ། །དེ་མཐོང་བའི་བྱེ་བྲག་འདི་ནི་འོད་སྲུངས་གང་ཟག་རྣམ་པར་གཞག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་ཞེས་བྱ་བ་སྟེ། གང་ཟག་མེད་པར་མཐོང་བ་ཙམ་སྟོང་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལ་བདག་མེད་པ་གནས་ཀྱི། ཆོས་ལ་བདག་མེད་པ་མ་མཐོང་བ་དང་། འདུ་བྱེད་དུ་གྱུར་པ་གཟུང་བ་ལ་ཡོངས་སུ་མ་བརྟགས་པ་དང་། འཁོར་བར་གཏོགས་པ་བདག་མེད་པར་ཤེས་པའི་འཛིན་པ་ཐ་སྙད་ཀྱི་རང་བཞིན་དང་བྲལ་བ་སྟོང་པ་ཉིད་ཀྱིས་བསྡུས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱིས་ 116-233b དུས་རྣམས་ལ་ཡོངས་སུ་མ་བརྟགས་པ་སྟེ། ཤེས་བྱ་ལ་ཤིན་ཏུ་མ་བརྟགས་པའི་ཕྱིར་ཆོས་ཀྱི་བདག་ཉིད་ཅན་ནི་མྱ་ངན་ལས་འདས་པ་ལ་མ་འོངས་པ་ན་ཆད་པར་མངོན་པའི་ང་རྒྱལ་དུ་གྱུར་ཏོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཡོངས་སུ་བརྟགས་པ་ཐ་སྙད་ཅན་གྱི་ཆོས་ཀྱི་བདག་ལ་མངོན་པར་ཞེན་པར་འཛིན་པས་སྟོང་ པ་ཉིད་ཀྱི་ཕྱིར་འབྲང་གི་ཆོས་ལ་བདག་མེད་པ་དོན་དམ་པ་སྟོང་པ་ཉིད་ལ་མ་ཡིན་ཏེ། དེ་སྔར་ནི་གང་ཟག་ཏུ་འཛིན་པ་མ་སྤངས་ལ། ཕྱིས་ནི་ཆོས་སུ་འཛིན་པ་བྱུང་བས་ན་གསུང་རབ་འདི་ལ་ཉམས། རབ་ཏུ་ཉམས་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ལམ་ལ་སྦྱོར་ བ་ཁྱད་པར་དུ་བྱ་བའི་དོན་དུ་ཆོས་ལ་བདག་མེད་པ་རབ་ཏུ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་སྲུངས་སྟོང་པ་ཉིད་ཀྱི་ཕྱིར་འབྲང་བར་བྱའི། གང་ཟག་ལ་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་མཐོང་བའི་བྱེ་བྲག་སྟོན་ཏོ། །དེ་ལ་ཐག་རིང་པོས་དམའ་བ་འདི་ནི་གང་ཟག་བདག་མེད་པ་ལ་གནས་པ་དག་སོ་སོའི་ སྐྱེ་བོ་བདག་ཏུ་ལྟ་བ་དམའ་བས་ཀྱང་ཆེས་དམའ་བར་འགྱུར་ཏེ། སྡུག་བསྔལ་ལས་རྣམ་པར་གྲོལ་བ་དང་། སྡུག་བསྔལ་དང་གནས་པ་རྣམ་པ་གཉིས་ཀྱི་ཕྱིར་རོ། །དེ་ནི་རྒྱུ་གཅིག་སྟེ། འོད་སྲུངས་གང་ཟག་ཏུ་ལྟ་བ་ལ་གནས་པ་རི་རབ་ཙམ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ལྟ་བར་སོང་བ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ན་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ང་མི་འཆད་དོ་ཞེས་བྱ་བའི་ཚིག་འདིས་དོན་འདི་བསྟན་ཏེ། གང་ཟག་ཏུ་ལྟ་བ་རི་རབ་ཙམ་བླ་ཞེས་བྱ་བ་ནི་གང་ཟག་ཏུ་ལྟ་བ་གཉེན་པོ་དང་བཅས་པའི་ཕྱིར་སྤོང་ནུས་པར་སྟོན་ཏོ། །མངོན་པའི་ང་རྒྱལ་ ཅན་སྟོང་པ་ཉིད་དུ་ལྟ་བ་དེ་ནི་ལྟ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པ་མཐོང་བས་བདག་གི་སྟོང་པ་ཉིད་ཀྱིས་འདུ་བྱེད་རྣམས་སྟོང་པར་མཐོང་ངོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱང་སྟོང་ན་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་སྟོང་པ་ཉིད་ལ་ སྟོང་ངོ་ཞེས་ཀུན་དུ་བརྟགས་པའི་རང་བཞིན་དུ་སྒྲོ་འདོགས་པ་ནི་ཕྱིན་ཅི་ལོག་ཏུ་རབ་ཏུ་གནས་ཏེ། སྒྲོ་འདོགས་པའི་ལྟ་བས་སྟོང་པ་ཉིད་དུ་ལྟ་བ་མ་ཡིན་ནོ། །གང་སྟོང་པ་ཉིད་དུ་ལྟ་བ་མ་ཡིན་པས་གསོར་མི་རུང་བར་རིག་པར་བྱའོ། །གསོར་མི་རུང་བའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཡོངས་སུ་མི་གྲོལ་ལོ། ། 116-234a དུས་ཐམས་ཅད་དུ་ཉོན་མོངས་པའི་གདུང་བ་དང་ལྡན་པས་སྡུག་བསྔལ་དང་གནས་ཏེ། ནད་པ་གསོར་མི་རུང་བ་བཞིན་ནོ། །སྔོན་དང་ཕྱི་མར་རྣམ་པ་གཉིས་ཀྱིས་རྣམ་པར་འཇིག་པ་ནི་རྒྱུ་གཉིས་པ་སྟེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ནད་པ་དེ་ལ་སྨན་པ་དེས་སྨན་བྱིན་ན་ཞེས་བྱ་ བའི་དཔེ་འདིས་སྟོན་ཏོ། །དེ་འདི་ལྟ་སྟེ་དཔེར་ན་ནད་པས་ཆོས་བཞིན་ལེགས་པར་མ་བྱས་པས་ཉེས་པར་སྤྱོད་པས་ནད་རྣམས་མི་འབྱུང་བ་དང་། ནད་དང་ལྡན་པའི་རྒྱུ་ལས་བྱུང་བའི་ཕྱིར་སྔ་ཕྱི་ཚོར་བ་རྣམ་པ་གཉིས་མྱོང་བ་དེ་བཞིན་དུ་གང་ཟག་ལ་བདག་མེད་པར་ལྟ་བ་ལ་རབ་ཏུ་སྤྱོད་ཀྱང་བདག་ཏུ་ལྟ་བ་མ་སྤངས་པས་ སྟོང་པ་ཉིད་ལ་ཆོས་ཀྱི་བདག་ཏུ་འཛིན་པ་འབྱུང་བས་ཉོན་མོངས་པའི་ནད་དང་ལྡན་ཏེ། སྔ་ཕྱི་འཛིན་པ་གཉིས་ཀྱིས་རྣམ་པར་འཇིག་པས་རབ་ཏུ་ཉམས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། འདི་ནི་ཐག་རིང་པོ་དམའ་བའི་བྱེ་བྲག་གོ། །དེ་ལ་སྤོང་བ་རྣམ་པར་འཁྲུལ་བའི་བྱེ་བྲག་འདི་ནི། འོད་ སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁས་འཇིགས་སྐྲག་ཅེས་རྒྱ་ཆེར་གསུངས་པའོ། །དཔེར་ན་ལ་ལ་ཞིག་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ནམ་མཁའ་ལ་འགའ་ཞིག་ཏུ་སྒྲོ་འདོགས་པའོ། །སྒྲོ་བཏགས་ནས་དེས་འཇིགས་སྐྲག་སྟེ། ནམ་མཁའ་འདི་སོལ་ཞེས་ཟེར་བ་དེ་བཞིན་དུ་གང་ ཟག་ལ་བདག་མེད་པ་ལ་གནས་ལ་ཆོས་ལ་བདག་མེད་པ་ཉིད་དུ་མངོན་པར་ཞེན་ནས་སྐྲག་སྟེ། ནམ་མཁའ་ལྟ་བུར་བརྗོད་དུ་མེད་པའི་དངོས་པོ་ལས་མེད་པ་ལས་ཀུན་དུ་བརྟགས་ནས་གཟུགས་ལ་སོགས་པར་སྒྲོ་འདོགས་སོ་སྒྲོ་བཏགས་ནས་བསམ་གཏན་པའི་མགོའི་ཐོད་པ་བཞིན་དུ་དེ་ཉིད་ལ་ཆགས་པར་ ཡོངས་སུ་ཚོལ་ལོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། འདི་ནི་སྤོང་བ་རྣམ་པར་འཁྲུལ་པའི་བྱེ་བྲག་གོ། །དེ་ལ་སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་འདི་ནི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་རི་མོ་མཁན་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ན་ཞེས་རྒྱ་ཆེར་གསུངས་སོ། །དེ་ བཞིན་དུ་སྤོང་བ་རྣམ་པར་འཁྲུལ་པ་གང་ཟག་ལ་བདག་མེད་པ་ལ་གནས་པ་ཡང་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཡུལ་རྣམས་ལས་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པས་ཕྱིན་ཅི་ལོག་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། །འདི་ནི་སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་སྟེ། དེ་ལྟར་རྣམ་པ་ 116-234b བཞིས་བྱེ་བྲག་ཏུ་སྟོན་ཏོ། །ཇི་ལྟར་རྒྱུ་སྟོན་ཅེ་ན། སྒྱུ་མ་མཁན་གྱི་དཔེ་དང་། ཤིང་གཉིས་ཀྱི་དཔེ་དང་དཔེ་གཉིས་ཀྱིས་སོ། །དཔེ་དང་པོས་ནི་འཛིན་པ་ལ་སོ་སོར་རྟོག་པ་ཡོངས་སུ་བསྟན་ཏེ། གང་ཟག་ལ་བདག་མེད་པའི་ཡེ་ཤེས་འདུ་བྱེད་ཙམ་དུ་འཛིན་པ་ལ་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས་སོ་ སོར་རྟོག་གོ། །དེ་བས་ན་ཆོས་ལ་བདག་མེད་པའི་ཡེ་ཤེས་ནི་འཛིན་པ་ལ་སོ་སོར་རྟོག་པ་ཞེས་བྱའོ། །དེ་ཡོད་ན་ཡོད་པའི་ཕྱིར་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ནི་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ཏེ། དཔེར་ན་སྒྱུ་མ་མཁན་ནི་སྒྱུ་མའི་སྤྲུལ་པའི་རྒྱུ་ཡིན་པ་བཞིན་ཏེ། ཇི་ལྟར་སྒྱུ་མ་སྤྲུལ་པས་ སྒྱུ་མ་མཁན་ཟོས་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཟོས་སོ། །ཐ་སྙད་ཅན་གྱི་རང་བཞིན་དང་བྲལ་བས་སྟོང་པའོ། །དེ་ཡོངས་སུ་རྟོག་པ་དང་བྲལ་བས་གསོག་གོ། །སྤང་བར་བྱ་བའི་མཚན་ཉིད་ཡིན་པས་གསོབ་པོ། །སྐད་ཅིག་པ་མིན་ པས་སྙིང་པོ་མེད་དོ། །སོ་སོར་རྟོག་པ་ནི་ཟ་བ་ལྟ་བུའོ། །དཔེ་གཉིས་པ་འདི་ལྟ་སྟེ། ཡང་དག་པར་རབ་ཏུ་རྟོགས་པར་ཡོངས་སུ་སྟོན་ཏོ། །དེ་ལ་འདི་ལྟ་སྟེ། ཡང་དག་པར་རབ་ཏུ་རྟོགས་པ་འདི་ནི་གཟུང་བ་དང་འཛིན་པ་ལས་ཡོངས་སུ་རྟོག་པ་ཚུལ་བཞིན་ཡིད་ལ་བྱེད་པ་གཉིས་ཀྱིས་རྗེས་སུ་འགྲོ་བ་ལས། སོ་སོ་ རང་གིས་རིག་པ་ངེས་པའི་ཡེ་ཤེས་སྐྱེ་བ་གང་ཡིན་པའོ། །དེ་ལ་གཟུང་བ་ལ་རྟོག་པ་ནི་གང་ཟག་ལ་བདག་མེད་པའི་ཡེ་ཤེས་སོ། །འཛིན་པ་ལ་རྟོག་པ་ནི་ཆོས་ལ་བདག་མེད་པར་སྦྱོར་བའི་ཡེ་ཤེས་སོ། །གཙུབ་གཏན་དང་། གཙུབ་ཤིང་གཉིས་གཉིས་ལྟ་བུའི་ཚུལ་བཞིན་ཡིད་ལ་བྱེད་པ་དེ་གཉིས་ཀྱི་ཡིད་ལ་བྱེད་ པའི་རྗེས་སུ་འགྲོ་བ་ལས། སོ་སོ་རང་གིས་རིག་པ་ངེས་པའི་ཡེ་ཤེས་སྐྱེ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པ་ཞེས་བྱའོ། །ཤིང་གཉིས་ཀྱི་དཔེ་འདིས་ནི་རྒྱུ་ཉིད་དུ་སྟོན་ཏོ། །ཇི་ལྟར་ཤིང་གཉིས་གཙུབས་པ་ལས་མེ་བྱུང་ནས་ཤིང་དེ་གཉིས་ཚིག་ངེས་པ་དེ་བཞིན་དུ་གང་ཟག་ལ་བདག་མེད་པ་དང་། ཆོས་ ལ་བདག་མེད་པའི་ཡེ་ཤེས་ལ་སྦྱོར་བའི་རྒྱུ་ལས་འབྱུང་བ་ཆོས་ལ་བདག་མེད་པའི་ཡེ་ཤེས་སོ་སོ་རང་གིས་རིག་པ་ངེས་པའི་ཡེ་ཤེས་སྐྱེས་པས་སྦྱོར་བའི་ཡེ་ཤེས་གཉིས་པོ་ཡོངས་སུ་བརྟགས་པའི་རང་བཞིན་གང་ཡིན་པ་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ཚིག་པ་དང་འདྲ་སྟེ། དེ་ལྟར་དེ་གཉིས་ 116-235a ཀྱིས་རྒྱུ་ཉིད་ཏུ་སྟོན་ཏོ། །ཇི་ལྟར་སྟོང་པ་ཉིད་ཀྱི་མཐར་ཐུག་པ་ཇི་ལྟར་སྟོན་ཅེ་ན། རྣམ་པ་གཅིག་གིས་ཏེ། དེ་ཡང་ཆོས་ལ་བདག་མེད་པའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་ཀུན་དུ་བསྟན་ཏེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མར་མེ་ཕྱུང་ན་མུན་པ་མུན་ནག་ཐམས་ཅད་མེད་པར་འགྱུར་རོ་ ཞེས་བྱ་བའི་དཔེ་འདིས་སོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་འདི་ནི་མི་ཤེས་པ་དང་ཤེས་པ་མཚུངས་པས་ཐ་སྙད་ཅན་གྱི་རང་བཞིན་དང་བྲལ་བའི་ཕྱིར་སྟོང་པའོ། །ད་ལྟར་མངོན་པར་ཞེན་པ་མེད་པའི་ཕྱིར་གཟུང་དུ་མེད་པའོ། །སྐད་ཅིག་མའི་ཕྱིར་བྱེད་པ་མེད་པ་སྟེ། དེ་ལྟར་སྟོང་པ་ཉིད་ཀྱི་མཐར་ ཐུག་པ་སྟོན་ཏོ། །ཇི་ལྟར་སྟོང་པ་ཉིད་དེའི་མཐུ་སྟོན་ཅེ་ན་རྣམ་པ་གཅིག་གིས་ཏེ། ལས་དང་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡོངས་སུ་བསྟན་པས་སོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱིམ་མམ། ཁང་པའམ། ཁང་ཕྲན་ལོ་བརྒྱ་སྟོང་འདས་པར་ལེན་འགའ་ཡང་མར་མེ་མ་ལུས་པ་ཞེས་བྱ་བའི་དཔེ་ འདིས་སོ། །དེ་ལ་སྤོང་བས་ཡོངས་སུ་བསྟན་པ་འདི་ནི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པའི་སྐད་ཅིག་དེས་ཐོག་མ་མེད་པའི་དུས་ནས་ཞུགས་པའི་ལས་དང་ཉོན་མོངས་པ་སྤོང་བ་སྟེ། དེ་ལྟར་ན་སྟོང་པ་ཉིད་ཀྱི་མཐུ་སྟོན་པའོ། །དེ་ལྟར་ཚུལ་བཞིན་ལ་ཞུགས་པ་ནི་དབུ་མའི་ལམ་དུ་ཞུགས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ ཉོན་མོངས་པ་མྱུར་དུ་སྤོང་ན་ནི་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུན་རིང་དུ་འཁོར་ཞེ་ན། འབྲས་བུ་ཐོབ་པའི་ཁྱད་པར་ཏེ། དཔེ་གཉིས་ཀྱིས་སྟོན་ཏེ། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལས་ས་བོན་རྣམས་མི་འཁྲུང་ངོ་ཞེས་བྱ་བ་དང་། ལུད་ཀྱིས་གང་བའི་ས་ལས་ས་བོན་རྣམས་འཁྲུང་ངོ་ཞེས་བྱ་བའི་དཔེ་ གཉིས་ཀྱིས་དེ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་བསམ་པ་མྱ་ངན་ལས་འདས་ཀྱང་། སེམས་ཅན་ལ་ལྟ་བས་སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་འཁོར་བ་ཡོངས་སུ་གཟུང་བས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་སྟེ། ཡུན་རིང་པོར་འཁོར་རོ། །དེ་ལ་འདུས་མ་བྱས་ཀྱི་མྱ་ངན་ལས་འདས་པ་ ནི་ནམ་མཁའ་ལྟ་བུ་སྟེ། དེ་ལ་གནས་ན་སངས་རྒྱས་ཀྱི་ཆོས་རྣམས་མི་འཁྲུང་གི་སྙིང་རྗེའི་གནས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པའི་ལུད་ཀྱིས་གང་བའི་སེམས་ཅན་གྱི་འཇིག་རྟེན་གནས་པ་ལུད་ཀྱིས་གང་བའི་ས་ལྟ་བུ་དེ་ལ་གནས་ནས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ 116-235b ཆོས་རྣམས་འཁྲུང་ངོ་། །སྨྲས་པ། ཇི་ལྟར་འདུས་བྱས་དམའ་བའི་གནས་ལས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་དམ་པ་སྐྱེ་ཞེ་ན། པད་མོ་དེའི་དཔེས་རབ་ཏུ་སྒྲུབ་སྟེ། འདི་ལྟ་སྟེ། དཔེར་ན་ལུད་ཡོད་པའི་འདམ་རྫབ་ནས་པད་མོ་འཁྲུང་བ་དེ་བཞིན་དུ་ཉོན་མོངས་པའི་ལུད་ཡོད་པའི་འདམ་རྫབ་ ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་འཁྲུང་ངོ་། །སྨྲས་པ། དེ་ལྟ་ན་གོ་བྱང་ཆུབ་སེམས་དཔའ་རྣམས་ལས་ཉན་ཐོས་རྣམས་ཀྱི་ཁྱད་པར་རྣམ་པ་བཅུ་གཉིས་མེད་པར་འགྱུར་ཏེ། གྲོལ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པའི་ཁྱད་པར་དང་། རྣམ་ པར་གྲོལ་བའི་འབྲས་བུ་ཟད་པ་དང་། མི་སྐྱེ་བ་ཤེས་པས་སྡུད་པའི་ཡེ་ཤེས་མངོན་པར་འདུ་བྱེད་པའི་ཁྱད་པར་དང་། རྣམ་པར་གྲོལ་བའི་སྤྱིའི་ཁྱད་པར་དང་། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་ཁྱད་པར་དང་། མི་སློབ་པའི་ཁྱད་པར་དང་། མཆོད་པར་འོས་པའི་ཕྱིར་མཆོད་པར་འོས་པའི་ཁྱད་པར་དང་། སྐྱེས་ བུ་ཟུང་བཞི་དང་། གང་ཟག་བརྒྱད་ཀྱི་དབང་དུ་བྱས་ནས་དགེ་འདུན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་དང་། ཚེ་འདི་ལ་མྱ་ངན་ལས་འདས་པ་ཐོབ་སྟེ། ཆོས་སྨྲ་བར་གྱུར་པས་ཆོས་སྨྲ་བའི་མཆོག་ཏུ་བཏགས་པའི་ཁྱད་པར་དང་། སེམས་ཅན་ཇི་སྙེད་པ་དང་། སེམས་ཅན་གྱི་གནས་དགུ་པོ་ཇི་སྙེད་ལས་ སེམས་ཅན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་དང་། མཆོག་ཏུ་བསིལ་བའི་དངོས་པོ་ཐོབ་པའི་ཁྱད་པར་དང་། སེམས་ཅན་ལ་དབང་བྱེད་པའི་ཁྱད་པར་དང་། སྡུག་བསྔལ་ཡང་མི་སྐྱེ་བའི་ཁྱད་པར་ཏེ། ཀླན་ཀ་དག་ཡོངས་སུ་སྤང་བའི་ཕྱིར་དཔེ་རིག་པར་བྱའོ། །དེ་ལ་གྲོལ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པའི་ ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་རྒྱ་མཚོ་ཆེན་པོ་དང་། ཐིགས་པ་ཆུང་ངུའི་དཔེ་གཉིས་ཏེ། སྐྱེ་བོ་མང་པོ་ཉེ་བར་འཚོ་བ་དང་ཉེ་བར་འཚོ་བ་མ་ཡིན་པའི་མཐུན་པའི་ཆོས་ཀྱིས་སོ། །ཡེ་ཤེས་མངོན་པར་འདུ་བྱེད་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་གཉིས་ཏེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་བདག་དང་ གཞན་སེམས་ཅན་མཐའ་ཡས་པའི་རྒྱུ་རྣམས་སྒྲིབ་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་སྤྱི་བོ་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་གཉིས་ཏེ། དེ་ལ་བཙུན་མོ་དམ་པ་ལྟ་བུ་ནི་རྣམ་པར་གྲོལ་བར་རིག་པར་བྱའོ། །སྐྱེས་བུ་དབུལ་པོ་ལྟ་བུ་ནི་ཉན་ཐོས་ཀྱི་ཐེག་པའི་སྨོན་ལམ་མོ། །བྲན་མོ་ལྟ་བུ་ 116-236a ནི་སེམས་ཅན་ལ་ལྟ་བའོ། །རྒྱལ་པོ་ལྟ་བུ་ནི་ཐེག་པ་ཆེན་པོའི་སྨོན་ལམ་མོ། །བདུད་དང་ཕྱིར་རྒོལ་བ་བཅོམ་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་སྟོང་གི་དཔེ་སྟེ། དེ་བཞིན་གཤེགས་པའི་སྲས་སུ་ཞལ་གྱིས་མི་བཞེས་པའི་ཕྱིར་རོ། །མི་སློབ་པའི་ ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་བཙུན་མོ་དམ་པ་དེའི་མངལ་དུ་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཞུགས་པ་འཁོར་ལོས་སྒྱུར་བའི་དཔེ་གཉིས་པ་སྟེ། སངས་རྒྱས་ཀྱི་གདུང་འཚོབ་པར་རབ་ཏུ་གནས་པའི་ཕྱིར་མཆོད་པར་འོས་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར། བཙུན་མོ་དམ་པ་དེ་ལས་ གཞོན་ནུ་མཚན་དང་ལྡན་པ་བཙས་པ་འཁོར་ལོས་སྒྱུར་བའི་དཔེ་གསུམ་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡང་དག་པར་འཛིན་པའི་ཕྱིར་རོ། །དགེ་འདུན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་ནོར་བུ་རིན་པོ་ཆེ་བཻཌཱུརྱའི་དཔེ་སྟེ། ས་དང་པོས་བསྡུས་པའི་བྱང་ཆུབ་ཀྱི་སེམས་རབ་ཏུ་ཐོབ་ པའི་ཕྱིར་རོ། །ཆོས་སྨྲ་བའི་མཆོག་ཏུ་བཏགས་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་སྨན་གྱི་དཔེ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པའི་ཕྱིར་རོ། །སེམས་ཅན་གྱི་མཆོག་ཏུ་བཏགས་པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་བཏང་སྟེ། སུ་ཡང་ཞེས་བྱ་བའི་ དཔེ་སྟེ། སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བ་བྱེད་པའི་ཕྱིར་རོ། །མཆོག་ཏུ་བསིལ་བའི་དངོས་པོ་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར། ཟླ་བ་ཚེས་པའི་དཔེ་སྟེ། སངས་རྒྱས་སུ་འགྲུབ་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རྣམས་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །སེམས་ཅན་ལ་དབང་བྱེད་ པའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར། མཆིང་བུའི་ནོར་བྱས་པའི་དཔེ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་འཐོབ་པའི་ཕྱིར་རོ། །སྡུག་བསྔལ་ཡང་མི་སྐྱེ་བའི་ཁྱད་པར་ཡོངས་སུ་སྤང་བའི་ཕྱིར་ནོར་བུ་རིན་པོ་ཆེ་བཻཌཱུརྱ་བྱི་དོར་བྱས་པའི་དཔེ་སྟེ། ཉན་ཐོས་ཀྱི་ཡོན་ཏན་སེམས་ལ་དབང་ བྱེད་པའི་ཁྱད་པར་ཐོབ་པ་ལ་སོགས་པ་རྣམས་ཀྱི་གནས་ནི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་རོ། །དེ་ལྟར་མདོར་བསྡུས་ཏེ་དཔེ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་རྣམས་ལས་ཁྱད་པར་དུ་སྟོན་ཏོ། ། ༈ བདུན་པ། ཉན་ཐོས་ཀྱི་བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་གྱི་རྣམ་པ། འདི་མན་ཆད་ནི་རྒྱ་ཆེར་བསྟན་པར་བྱའོ། །ཉན་ཐོས་ནི་དུ། ཉན་ཐོས་ཀྱི་ 116-236b བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཁྱད་པར་ཅི་ཡོད་ཅེ་ན། ཉན་ཐོས་ནི་བཞིའོ། །ཉན་ཐོས་ཀྱི་བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་ནི་རྣམ་པ་བཅུ་གསུམ་གྱིས་རིག་པར་བྱའོ། །སྤྲུལ་པའི་ཉན་ཐོས་དང་། མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་དང་། བྱང་ཆུབ་ཏུ་འགྱུར་བ་ དང་། ཞི་བ་གཅིག་ཏུ་བགྲོད་པའོ། །དེ་ལ་སྤྲུལ་པའི་ཉན་ཐོས་ནི་སེམས་ཅན་རྣམས་འདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་པ་གང་ཡིན་པའོ། །དེ་ལ་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་ནི་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཙམ་དང་། ཆོས་ལ་བདག་མེད་པ་ ལ་ལོག་པར་མངོན་པར་ཞེན་པའི་ཡེ་ཤེས་ཀྱིས་ཡང་དག་པར་འཛིན་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་ཏུ་འགྱུར་བ་ནི་ཐོག་མ་མེད་པ་ནས་སྙིང་རྗེའི་རིགས་ཤིན་ཏུ་ཆུང་བ་ཡིན་ཏེ། དེ་བཞིན་གཤེགས་པ་དང་ཉེ་བར་གནས་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་རྣམས་ལ་ཡོན་ཏན་དུ་འདུ་ཤེས་པས་ཡོངས་སུ་བསྒོས་ པའི་རྒྱུན་དུ་འགྱུར་ཏེ། དེའི་མཐར་ཕྱིན་ནས་ཟག་པ་མེད་པའི་དབྱིངས་ལ་གནས་པ་ལ་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ལོ། །འཛུད་དོ། །ཐབས་ཉེ་བར་སྟོན་ཏོ། །དེ་རྒྱུ་དེས་ན། བྱང་ཆུབ་ཆེན་པོ་མངོན་པར་བསྒྲུབ་པ་གང་ཡིན་པ་སྟེ། དེ་དེ་ལྟར་བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་ཀྱང་། ཞི་བ་ལ་མངོན་ པར་དགའ་བའི་ཕྱིར། དེ་སྦྱོར་བ་དེ་ལ་འཇུག་པ་ཤིན་ཏུ་ཞེན་པ་ཡིན་ཏེ། དེ་ལྟ་བུ་ནི་སེམས་དང་པོ་བསྐྱེད་པའི་སངས་རྒྱས་ཀྱི་རིགས་མ་ཡིན་ཏེ། དེ་ལ་ཞི་བ་གཅིག་ཏུ་བགྲོད་པ་ནི་ཐོག་མ་ཉིད་ནས་སྙིང་རྗེའི་རིགས་ཤིན་ཏུ་ཆུང་བ་དང་། སེམས་ཅན་དོན་ལ་རབ་ཏུ་རྒྱབ་ཀྱིས་བལྟས་པ་དང་། སྡུག་བསྔལ་གྱིས་ འཇིགས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གནས་པའི་བསམ་པ་ཉིད་དུ་འགྱུར་བ་སྟེ། བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པའི་སྐལ་བ་མེད་པའོ། །འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་བུ་སྐྱེ་བའི་གནས་འདྲ་བ་ལས་སྐྱེས་པ་གཉིས་ཤིག་འདྲ་བར་རྒྱལ་པོའི་བདེ་བ་ལ་ཡོངས་སུ་སྤྱོད་དེ། དེ་ལ་གཅིག་ནི་རྒྱལ་པོའི་གཙུག་ ལག་དང་། རང་བཟོ་དང་། བཟོ་བའི་གནས་ལ་མཁས་ལ། ཅིག་ཤོས་ནི་དེ་ལྟ་མ་ཡིན་ན། དེ་གཉིས་ཡན་ལག་དེས་ཁྱད་པར་དུ་གྱུར་པ་ཡིན་གྱི། རྒྱལ་པོའི་བདེ་བའི་ལོངས་སྤྱོད་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ལ་བྱང་ཆུབ་སེམས་དཔའ་དང་། ཞི་བ་གཅིག་ཏུ་བགྲོད་པའི་ཉན་ཐོས་ 116-237a གཉིས་པར་བྱའོ། །དེ་གཉིས་ཀྱི་ཁྱད་པར་ནི། རྣམ་པ་བཅུ་གསུམ་གྱིས་རིག་པར་བྱའོ། །བསམ་པ་ལས་རིག་པར་བྱ་བ་དང་། དཀར་པོའི་ཆོས་ཡང་དག་པར་སྒྲུབ་པ་དང་། ཡེ་ཤེས་ཡང་དག་པར་སྒྲུབ་པ་དང་། རྗེས་སུ་འགྲོ་བ་དང་། རིགས་དང་རིགས་ཀུན་དུ་འཛིན་པ་དང་། སྦྱོར་བ་དང་། མཐུ་དང་། སྒྲུབ་པ་དང་། ཁྱད་པར་ཅན་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པ་དང་། རྒྱུ་དང་འབྲས་བུ་དང་། སྐྱེ་བ་ལ་བརྟེན་པས་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལས་ས་བོན་རྣམས་མི་འཁྲུང་ངོ་ཞེས་བྱ་བ་དང་། འབྲོག་དགོན་པ་རོ་སྐམ་དག་ནས་ པད་མ་མི་འཁྲུང་ཞེས་བྱ་བ་དང་། ལུད་ཡོད་པའི་འདམ་རྫབ་ནས་པད་མོ་འཁྲུང་ཞེས་བྱ་བའི་དཔེ་དེ་དག་གིས་ནི་ཞི་བ་གཅིག་ཏུ་བགྲོད་པའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་བསམ་པའི་ཁྱད་པར་སྟོན་ཏོ། །ཞི་བ་གཅིག་ཏུ་བགྲོད་པའི་ཉན་ཐོས་ནི་ལུད་ཀྱིས་གང་བའི་ས་ལྟ་བུ་ཉོན་མོངས་པ་ཅན་གྱི་འདུ་བྱེད་ རྣམས་དང་། ལུད་ཡོད་པའི་འདམ་རྫབ་ལྟ་བུ་ཉོན་མོངས་པ་དང་བཅས་པའི་སེམས་ཅན་རྣམས་ལས་ཕྱིར་ཕྱོགས་པའི་ནམ་མཁའ་དང་འདྲ་བའི་མྱ་ངན་ལས་འདས་པའི་དབྱིངས་དང་། རོ་སྐམ་གྱི་ས་ལྟ་བུའི་སེམས་ཅན་གྱི་ཁམས་རྣམ་པར་དག་པ་ལ་གཅིག་ཏུ་ཞི་བར་བྱ་བའི་བསམ་པ་ཅན་དུ་འགྱུར་རོ། །དེ་ ལས་བཟློག་པ་ནི་བྱང་ཆུབ་སེམས་དཔའི་མྱ་ངན་ལས་མི་འདའ་བའི་བསམ་པ་དང་། རྣམ་པར་དག་པའི་སེམས་ཅན་ལ་གནས་པའི་བསམ་པ་སྟེ། ཀུན་ནས་ཉོན་མོངས་པའི་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱ་བ་ལྟ་བུས་འདུ་བྱེད་ཉོན་མོངས་པ་ཅན་རྣམས་དང་སེམས་ཅན་རྣམས་ཡོངས་སུ་འཛིན་ ཏོ། །ཆུའི་ཐིགས་པ་དང་མར་སར་གྱི་དཔེ་གཉིས་ཀྱིས་ནི་དཀར་པོའི་ཆོས་ཡང་དག་པར་སྒྲུབ་པར་བྱེད་པའི་ཁྱད་པར་བསྟན་ཏེ། ཉན་ཐོས་ནི་བདག་སྐྱེད་པས་དཀར་པོའི་ཆོས་རྣམས་ཆུང་ངོ་། །བྱང་ཆུབ་སེམས་དཔའི་ནི་ཚད་མེད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་སྐྱེད་དེ། དཔེར་ན་ཕ་མས་མར་སར་གྱིས་རང་གི་བུ་རྣམས་སྐྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མར་སར་ལྟ་བུའི་རང་གི་དགེ་བའི་རྩ་བ་དཔག་ཏུ་མེད་པས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལྟ་བུ་རྣམས་སྐྱེད་དོ། །ཡུངས་འབྲུ་དང་ནམ་མཁའི་དཔེ་གཉིས་ཀྱིས་ནི། ཡེ་ཤེས་ཡང་དག་པར་ 116-237b སྒྲུབ་པའི་ཁྱད་པར་སྟོན་ཏོ། །ཉན་ཐོས་ནི་འདུས་མ་བྱས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་ཀྱིས་བདག་གསོག་དང་གསོབ་ཏུ་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་མངོན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོའོ། །བཙུན་ མོ་དམ་པ་དང་། བྲན་མོའི་དཔེས་ནི་རྗེས་སུ་འགྲོ་བའི་ཁྱད་པར་བསྟན་ཏེ། ཉན་ཐོས་ནི་རྣམ་པར་གྲོལ་བའི་མཆོག་བཙུན་མོ་དམ་པ་ལྟ་བུའི་མ་དང་། དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་སྐྱེས་བུ་དབུལ་པོ་ལྟ་བུའི་ཕས་ཡང་དག་པར་བསྒྲུབས་པས་སངས་རྒྱས་ཀྱི་སྲས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ སོ་སོའི་སྐྱེ་བོ་རང་བཞིན་གྱིས་དམའ་བ་བྲན་མོ་ལྟ་བུའི་མ་ལ་དམིགས་པ་རྒྱ་ཆེན་པོ་ཡིད་ལ་བྱེད་པ་རྒྱལ་པོ་ལྟ་བུའི་ཕས་ཡང་དག་པར་བསྒྲུབས་པས་སངས་རྒྱས་ཀྱི་སྲས་ཡིན་ནོ། །འཁོར་ལོས་སྒྱུར་བའི་དཔེ་དང་པོས་ནི་རིགས་ཀྱི་ཁྱད་པར་སྟོན་ཏེ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་སྟོབས་ཕུན་སུམ་ ཚོགས། མགྱོགས་པའི་ཤུགས་ཕུན་སུམ་ཚོགས། མཐུ་ཕུན་སུམ་ཚོགས་ཀྱང་འཁོར་ལོས་སྒྱུར་བའི་མཚན་རྣམས་དང་མི་ལྡན་པའི་ཕྱིར་འཁོར་ལོས་སྒྱུར་བ་ཐོབ་པར་ཡོངས་སུ་མི་ནུས་པ་དེ་བཞིན་དུ། ཉན་ཐོས་ཀྱང་བརྩོན་འགྲུས་བརྩམས་པས་སྟོབས་ཕུན་སུམ་ཚོགས། བདེ་བ་ལ་མཁས་པས་མགྱོགས་ པའི་ཤུགས་ཕུན་སུམ་ཚོགས། སེམས་མཉམ་པར་གཞག་པས་མཐུ་ཕུན་སུམ་ཚོགས་ཀྱང་། སངས་རྒྱས་ཀྱི་རིགས་ཀྱི་མཚན་དང་ལྡན་པས་སངས་རྒྱས་རྣམས་ཀྱིས་དེ་ལྟར་ཡོངས་སུ་མི་འཛིན་ཏོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པའོ། །འཁོར་ལོས་སྒྱུར་བའི་དཔེ་གཉིས་པས་ནི་རིགས་ཀུན་དུ་ འཛིན་པའི་ཁྱད་པར་སྟོན་ཏེ། ཉན་ཐོས་ནི་མཐར་ཕྱིན་ཀྱང་མ་འོངས་པ་ན་སངས་རྒྱས་ཀྱི་རིགས་ཀུན་དུ་འཛིན་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སེམས་དང་པོ་བསྐྱེད་པའི་སྐད་ཅིག་དེ་ཉིད་ཀྱིས་མི་ནུས་སོ། །འཁོར་ལོས་སྒྱུར་བའི་དཔེ་གསུམ་པས་ནི་སྦྱོར་བའི་ཁྱད་པར་སྟོན་ཏེ། ཉན་ཐོས་ནི་མཐར་ཕྱིན་ པའི་ཕྱིར་དབང་པོ་ཡོངས་སུ་སྨིན་ཀྱང་མ་འོངས་པ་ན་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་ནི་སེམས་བསྐྱེད་པའི་སྐད་ཅིག་དེ་ཉིད་ཀྱིས་ནུས་སོ། །དེ་བས་ན་ཉན་ཐོས་ཀྱི་མཐར་ཕྱིན་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་སྦྱོར་བ། དེ་ལྟར་ལྷ་དང་མིས་མཆོད་ཅིང་ 116-238a བསྔགས་པར་མི་འགྱུར་རོ། །ནོར་བུ་རིན་པོ་ཆེ་བཻཌཱུརྱའི་དཔེས་ནི་མཐུའི་ཁྱད་པར་སྟོན་ཏེ། བྱང་ཆུབ་སེམས་དཔས་མཐར་མ་ཕྱིན་ཀྱང་ས་དང་པོ་ནས་ཉེ་བར་བཟུང་བའི་མཐུ་དང་ཡེ་ཤེས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །གངས་ཅན་གྱི་དཔེས་ནི་ སྒྲུབ་པའི་ཁྱད་པར་སྟོན་ཏོ། །ཉན་ཐོས་ཀྱི་ཡེ་ཤེས་ཀྱི་སྨན་ནི་བདག་གི་ཉོན་མོངས་པའི་ནད་ཞི་བ་ཡོངས་སུ་གྲུབ་ཀྱང་སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱེད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པ་སྟེ། གཞན་གྱི་དོན་ལ་ཞུགས་པའི་ཕྱིར་རོ། །སྐར་མའི་དཔེས་ནི་སྦྱིན་གནས་ཀྱི་ཁྱད་པར་ སྟོན་ཏེ། ཉན་ཐོས་མཐར་ཕྱིན་ཀྱང་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་མི་འབྱེད་པས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མ་ཟད་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་གྱུར་པ་དེ་ལྟར་སྦྱིན་གནས་སུ་གྱུར་པ་མ་ཡིན་ནོ། །ཟླ་བ་ཚེས་པའི་དཔེས་ནི་ཁྱད་པར་ཅན་རྣམས་ལས་ཀྱང་ཁྱད་པར་ དུ་འཕགས་པ་སྟོན་ཏེ། ཉན་ཐོས་པས་དེ་བཞིན་གཤེགས་པ་རྣམས་རྟག་པར་ཁྱད་པར་དུ་འཕགས་པ་ཁྱད་པར་དུ་ན་དེ་དག་པས་ཀྱང་བྱང་ཆུབ་སེམས་དཔའ་ཆེས་ཁྱད་པར་དུ་འཕགས་ཏེ། དེ་ལས་དེ་དག་འཐོབ་པོ། །རྒྱུ་གཉིས་ཀྱི་ས་དེ་ལས་ཆེས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། དེ་དག་གིས་ནི་ཇི་ལྟར་བྱང་ཆུབ་ ཀྱི་འབྲས་བུ་གྲུབ་པ་དང་། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་རྣམས་རྣམ་པར་གྲོལ་བ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང་སངས་རྒྱས་ཀྱི་ཆོས་ཀྱང་ཡོངས་སུ་སྨིན་པར་མཛད་པའོ། །འདི་ལྟ་སྟེ་དཔེར་ན། སྒྲུབ་པ་དང་འཚེད་པ་ལ་ངོ་མཚར་གྱི་བློར་གྱུར་པ་དེ་ལྟར་ཟ་བ་མ་ཡིན་ ཏེ། དྲི་ཡང་དེ་ལྟར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་འཆིང་བུའི་ནོར་ལ་བྱི་དོར་བྱས་ཀྱང་ཞེས་བྱ་བའི་དཔེ་དེས་རྒྱུ་དང་འབྲས་བུའི་ཁྱད་པར་སྟོན་ཏེ། ཉན་ཐོས་ཀྱིས་གཅིག་ཏུ་རྣམ་པར་དག་པའི་ལས་ཀྱི་རྒྱུ་ཡང་དག་པར་བླངས་ལ། དགེ་བའི་བཤེས་གཉེན་དུ་མས་ ཡོངས་སུ་གཟུང་ཡང་བྱང་ཆུབ་ཆེན་པོའི་འབྲས་བུ་མངོན་པར་མི་སྒྲུབ་པོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པ་སྟེ་མངོན་པར་སྒྲུབ་པའོ། །ནོར་བུ་རིན་པོ་ཆེ་བཻཌཱུརྱ་བྱི་དོར་བྱས་པའི་དཔེས་ནི་སྐྱེ་བ་ལ་བརྟེན་པའི་ཁྱད་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་ཉན་ཐོས་འབྱུང་གི། ཉན་ 116-238b ཐོས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་འབྱུང་བ་ནི་མ་ཡིན་ནོ། །སེམས་ཅན་གྱི་དོན་ལ་བརྩོན་པར་བྱའོ་ཞེས་བྱ་བ་མཚམས་ཇི་ལྟར་སྦྱར་ཞེ་ན། འདི་མན་ཆད་ནི་འབྲས་བུ་འཐོབ་པའི་ཁྱད་པར་དོན་ཆེན་པོར་ཡོངས་སུ་སྟོན་ཏེ། ཉོན་མོངས་པའི་ལུད་ཡོད་པའི་འདམ་རྫབ་ཀྱིས་གང་བའི་སེམས་ཅན་ རྣམས་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་འཁྲུང་ངོ་ཞེས་གང་སྔར་གསུངས་པ་དེ་ལ་གལ་ཏེ་དེ་དག་རྒྱུད་རྣམས་ལས་ཀྱང་མི་འཁྲུང་ལ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་དེ་དག་གི་རྒྱུད་རྣམས་ལ་མ་བསྒྲུབས། དེ་དག་གི་ལས་ཇི་ལྟར་མི་འཁྲུང་བར་འགྱུར་བ་དེ་དག་གི་དོན་བྱེད་པ་ ལ་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་བསྐྲུན་པའི་ཕྱིར་དེ་དག་ལས་འཁྲུང་བར་བསྟན་པའི་དོན་དུ་མདོ་སྡེ་མཚམས་སྦྱར་བ་བརྩོན་ཏེ། འོད་སྲུངས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པར་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །ཕྱོགས་བཞིར་སོང་ནས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ ཅད་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་ཅན་གྱི་དོན་མཛད་པར་སྦྱོར་བ་སྟོན་ཏོ། །ཡང་དག་པར་གསོལ་བར་བྱའོ་ཞེས་བྱ་བ་ལ། གང་སྨན་པས་ལུས་གསོ་བ་བྱས་པ་དང་། གང་མུ་སྟེགས་ཅན་གྱིས་ཉོན་མོངས་པ་གསོ་བ་བྱས་པ་དེ་ནི་བརྡ་ཙམ་དང་ཕྱིན་ཅི་ལོག་ཏུ་གྱུར་པས་ཡང་དག་པའི་གསོ་བ་ མ་ཡིན་ནོ། །དེ་ལ་སྨན་པ་ལྟ་བུ་ནི། བྱང་ཆུབ་སེམས་དཔར་རིག་པར་བྱའོ། །ནད་པ་ལྟ་བུ་ནི་སེམས་ཅན་རྣམས་སོ། །ནད་ལྟ་བུ་ནི་འདོད་ཆགས་ལ་སོགས་པའོ། །སྨན་ལྟ་བུ་ནི་མི་སྡུག་པ་ལ་སོགས་པའོ། །ཇི་ལྟར་རྒྱུ་གསུམ་གྱིས་ཁམས་མི་མཉམ་པའི་མཚན་ཉིད་དུ་ལུས་ཀྱི་ནང་དུ་འགྱུར་ཏེ། ལ་ལ་ ནི་ཉེས་པ་བརྩམས་པས། ལ་ལ་ནི་མི་འཕྲོད་པ་བསྟེན་པས། ལ་ལ་ནི་ཡལ་བར་འདོར་བས་སོ། །དེ་བཞིན་དུ་རྒྱུ་གསུམ་གྱིས་སེམས་མི་མཉམ་པའི་མཚན་ཉིད་སེམས་ཀྱི་ནང་དུ་འབྱུང་སྟེ། ལ་ལ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བརྩམས་པས་ཏེ། འདོད་ཆགས་ལ་སོགས་པ་ཡུན་རིང་ པོ་ནས་གོམས་པར་བྱས་པའི་ཕྱིར་རོ། །ལ་ལ་ནི་ལྟ་བ་ལ་སོགས་པ་མི་འཕྲོད་པ་བསྟེན་པ་སྟེ། ལྟ་བ་ལ་སོགས་པ་ཕལ་ཆེར་དེ་ལྟར་བྱུང་བའི་སྦྱོར་བས་བསྐྱེད་པའི་ཕྱིར་རོ། །ལ་ལ་ནི་ཕྱིན་ཅི་ལོག་ཏུ་ཀུན་དུ་འབྱུང་བ་ཡལ་བར་འདོར་བས་སོ། །དེ་ལ་ཉོན་མོངས་པའི་ནད་དང་པོའི་གཉེན་པོ་ནི་མི་སྡུག་ 116-239a པ་ལ་སོགས་པར་རིག་པར་བྱ་སྟེ། འདོད་ཆགས་ལ་གཉེན་པོ་མི་སྡུག་པ། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པའི་གཉེན་པོར་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་ལྟ་བ་ལ་མངོན་པར་ཞེན་པ་ དང་། སྙོམས་པར་འཇུག་པའི་རོ་མྱོང་བ་དང་། སྐྱེ་བ་འདོད་པ་དང་། ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་པ་སེམས་ཅན་རྣམ་པ་བཞིའི་དབང་དུ་བྱས་པའོ། །དེ་ལ་ལྟ་བ་ལ་མངོན་པར་ཞེན་པའི་དབང་དུ་བྱས་ནས་སྟོང་པ་ཉིད་དེ། ལྟ་བར་སོང་བ་ཐམས་ཅད་ལ་སྟོང་པ་ཉིད་ཀྱིས་གསོ་བའོ་ཞེས་གསུངས་པའི་ ཕྱིར་རོ། །སྙོམས་པར་འཇུག་པའི་རོ་མྱོང་བའི་དབང་དུ་མཛད་ནས་མཚན་མ་མེད་པ་སྟེ། རྟོག་པ་དང་། རྣམ་པར་རྟོག་པ་དང་། དམིགས་པ་ཡིད་ལ་བྱེད་པ་ཐམས་ཅད་ལ་མཚན་མ་མེད་པས་ཞེས་གསུངས་པའི་ཕྱིར་ཏེ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སྙོམས་པར་འཇུག་པའི་རོ་མྱོང་བ་ བསྟན་ཏོ། །སྐྱེ་བར་འདོད་པའི་དབང་དུ་བྱས་ནས་སྨོན་པ་མེད་པའོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་། སྤང་བའི་ཕྱིར་སྨོན་པ་མེད་པས་ཞེས་གསུངས་པའི་ཕྱིར་རོ། །ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་པའི་དབང་དུ་བྱས་ནས་ཕྱིན་ཅི་ལོག་པ་བསྟན་ཏོ། །ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ ཕྱིར་ཕྱིན་ཅི་མ་ལོག་པ་བཞི་ཞེས་གསུངས་པའི་ཕྱིར་ཏེ། །རྟག་པ་ལ་སོགས་པ་མཐོང་བས་ཐར་པ་མ་ཡིན་པ་ལ་ཐར་པའི་འདུ་ཤེས་འབྱུང་སྟེ། ཕྱིན་ཅི་ལོག་ཀུན་དུ་འབྱུང་བ་ཡལ་བར་འདོར་བའི་ཕྱིར་ཐ་མའི་དབང་དུ་བྱས་ནས་ཕྱིན་ཅི་ལོག་རྣམ་པ་བཞི་པོ་འདུས་པ་དང་། མ་འདུས་པ་རྣམས་ཀྱི་གཉེན་པོར་རིག་ པར་བྱའོ། །ཐ་མ་ནི་སོ་སོའི་སྐྱེ་བོ་རྣམ་པ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་དེའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཉོན་མོངས་པ་དང་འདྲེས་པ་དེའི་གཉེན་པོར་ཡང་དག་པའི་སྤོང་བ་རྣམས་སོ། །ཕན་ཚུན་དུ་ང་རྒྱལ་གྱིས་མངོན་པར་ཟིན་པ་དེའི་གཉེན་པོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། ། དགེ་བའི་ཕྱོགས་དང་མི་ལྡན་པ་དེའི་གཉེན་པོར་དབང་པོ་རྣམས་དང་། སྟོབས་རྣམས་སོ། །བདེན་པ་ལ་ཀུན་དུ་རྨོངས་པའི་གཉེན་པོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ངོ་མཚར་དང་། བཀྲ་ཤིས་ལ་སོགས་པར་ལྟ་བ་དེའི་གཉེན་པོར་ལམ་གྱི་ཡན་ལག་རྣམས་སོ། །ཇི་ལྟར་ལུས་ཀྱི་རྗེས་སུ་ལྟ་ 116-239b ཡང་བདག་ཏུ་ལྟ་བར་མི་ལྟུང་ཞེ་ན། གང་བདག་གིས་མཐོང་ངོ་སྙམ་དུ་རློམ་སེམས་མེད་པའོ། །མ་དད་པ་ལ་སོགས་པས་དགེ་བའི་ཆོས་རྣམས་མི་ཕྱོགས་པར་རིག་པར་བྱ་སྟེ། དེའི་གཉེན་པོར་དབང་པོ་དང་། སྟོབས་རྣམས་སོ། །འོད་སྲུངས་འཛམ་བུའི་གླིང་ན་སྨན་པ་དང་སྨན་པའི་སློབ་མ་ཇི་སྙེད་པ་ དེ་དག་གི་ནང་ན་འཚོ་བྱེད་ནི་མཆོག་ཅེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྨན་པའི་རྒྱལ་པོ་འཚོ་བྱེད་དང་འདྲ་བར་གྱུར་ཅེས་བྱ་བ་ནི་འཚོ་བྱེད་དང་དེ་འདྲ་བའི་སེམས་ཅན་རྣམས་ཀྱིས་གཙུག་ལག་ལ་མཁས་པའི་སྒོ་མང་པོ་དང་། སྤོབས་པ་ཀུན་ཏུ་སྟོན་ཏོ། ། ལྟ་བ་དང་འགྱོད་པ་སྨོས་པ་ནི་ལྟ་བ་དང་འགྱོད་པ་གསོ་དཀའ་བའི་ཕྱིར་རོ། །དེ་ལ་ལྟ་བ་ནི་རྣམ་པར་གྲོལ་བ་འདོད་པའི་སེམས་མཉམ་པར་གཞག་པ་ལ་བར་ཆད་བྱེད་དེ། དཔེར་ན་ཚེ་དང་ལྡན་པ་མོས་པ་ཅན་གྱི་གནས་བརྟན་པ་དག་ནི་འདི་སྙམ་དུ་སེམས་ཏེ། འདི་ལྟར་གཟུགས་མི་རྟག་པའི་བར་དུ་མོད་ཀྱི་འོན་ ཀྱང་འོ་ན་གོ་བདག་གི་བདག་ག་ལ་ཡོད་སྙམ་ནས་ཁོང་དོགས་པའི་ཕྱིར་བདག་འདུ་བྱེད་ཐམས་ཅད་ཞི་བ། སྟོང་པ་ཉིད། མི་དམིགས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་མི་འགྱུར་རྣམ་པར་གྲོལ་བར་མི་འགྱུར་ཏེ། བདག་གི་ཡིད་ ལྡོག་གོ་སྙམ་དུ་སེམས་སོ་ཞེས་སྨྲ་བ་དེ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དེའི་ཚེ་དེ་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའི་བསམ་པ་ཡིད་ལ་བྱེད་པ་ན་འཇིག་ཚོགས་ལ་ལྟ་བ་མ་སྤངས་པས་བདག་མེད་པར་འགྱུར་རོ་སྙམ་ནས་ཡིད་མི་བདེ་བའི་ཕྱིར་མྱ་ངན་ལས་འདས་པ་ལས་ཡིད་ལྡོག་སྟེ། འོ་ན་གོ་བདག་གིས་ བདག་ལ་ག་ལ་ཡོད་ཅེས་བྱ་བས་སོ། །དེ་ནི་འདུ་བྱེད་ཙམ་དུ་ཟད་ན་འདི་ལ་སུ་ཞིག་མེད་པར་འགྱུར་སྙམ་དུ་དེ་ལྟར་མི་སེམས་ཏེ། དེ་དུས་དེ་ན་འཇིག་རྟེན་གྱི་ལམ་གྱིས་གསོར་མི་རུང་བའི་ཕྱིར་གསོར་མི་རུང་ཞེས་བྱའོ། །འགྱོད་པ་ནི་འཁྲུལ་པའི་རྒྱུ་ཡིན་པའི་ཕྱིར་འགྱོད་པ་ནི་ཁམས་མཉམ་པར་འདོད་པའི་སེམས་ མཉམ་པར་གཞག་པ་ལ་བར་ཆད་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྱོད་པ་སེལ་བར་ཤིན་ཏུ་སྤྱོད་དེ། དེ་བས་ན་ལྟ་བ་དང་། འགྱོད་པ་སྨོས་སོ། །ཤེས་པར་མི་ནུས་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །བསྟན་པའམ། བསྒོ་བ་ཞེས་བྱ་བའི་ཚིག་གིས་ཏེ། 116-240a བསྟན་པ་དང་བཤད་པ་གཉིས་ཀྱིས་སོ། །ཚོགས་ཀྱི་ལམ་ཤིན་ཏུ་ཡོངས་སུ་བརྩལ་ནས་རྟོག་པ་དང་བཅས་པའི་སེམས་ཀྱིས་ཡོངས་སུ་ཚོལ་བས་འཇིག་རྟེན་ལས་འདས་པའི་ལམ་བཙལ་བར་བྱའོ། །རྟོག་པ་དེ་ཡང་གང་ཟག་ལ་བདག་མེད་པ་ལས་བརྩམས་ཏེ། རྣམ་པ་གཉིས་ སུ་རིག་པར་བྱའོ། །ཆོས་ལ་བདག་མེད་པ་ལས་བརྩམས་ན་རྣམ་པ་གཅིག་སྟེ། རྐྱེན་ལ་འཇུག་པའི་ཡེ་ཤེས་ལ་སོགས་པའོ། །སོགས་པའི་སྒྲས་ནི་བདག་མེད་པའི་ཆོས་རྣམས་ལ་མོས་པའི་ཡེ་ཤེས་སོ། །དེ་ལ་ཐོས་པར་མོས་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ནི་མོས་པའི་ཡེ་ཤེས་སོ། །སེམས་དུས་ རྣམ་པར་ཆད་པ་དང་། བྱེད་པ་མེད་པ་དང་། བདག་མེད་པར་ཡོངས་སུ་ཚོལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་པར་སྟོན་ཏེ། ནང་དང་ཕྱིའི་སྐྱེ་མཆེད་རྣམས་དང་། དེ་ལ་གནས་ཤིང་དམིགས་པའི་རྣམ་པར་ཤེས་པ་རྣམས་ལ་ཀུན་དུ་བརྟགས་པའི་རང་བཞིན་ དུ་སེམས་མི་དམིགས་པའི་ཕྱིར་རོ། །དཔྱད་དུ་མེད་པ་ལ་སོགས་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་རང་བཞིན་མི་དམིགས་པའི་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པར་སྟོན་ཏོ། །ཡོངས་སུ་གྲུབ་པའི་རང་བཞིན་དེ་སེམས་ཉིད་དུ་ཡོད་དོ་ཞེས་མེད་པ་ལ་འཛིན་པ་སྤངས་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ དུས་གསུམ་དུ་མ་གཟིགས་ཞེས་བྱ་བ་གསུངས་ཀྱི། ལྷུན་གྱིས་གྲུབ་པའི་གཟིགས་པ་མ་ཡིན་ཏེ། ཆོས་ཉིད་ཀྱིས་དེ་ལྟར་གནས་པར་ཡོངས་སུ་བསྟན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་དུས་གསུམ་དུ་ཡང་མ་གཟིགས་ཞེས་གསུངས་སོ། །དེ་ལྟར་ཀུན་དུ་བརྟགས་པའི་རང་བཞིན་མེད་ཀྱང་ཀུན་དུ་བརྟགས་ པའི་དེའི་རྒྱུ་གཞན་གྱི་དབང་གི་རང་བཞིན་ཡོད་པར་ཡོངས་སུ་བརྟགས་པའི་ཕྱིར་སེམས་ཀྱི་དབང་དུ་བྱས་ནས། ལོག་པར་ལྟུང་བའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར་གང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་དེའི་རྒྱུ་ཅི་འདྲ་ཞེ་ན་ཞེས་བྱ་བ་ གསུངས་སོ། །ཆོས་རྣམས་ནི་འདིར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བར་བཞེད་དོ། །གལ་ཏེ་ལོག་པར་ལྟུང་བའི་འདུ་ཤེས་ཙམ་དུ་ཟད་དེ། ཇི་ལྟར་འཁོར་བ་ན་འཆི་འཕོ་དང་། སྐྱེ་བར་འགྱུར་སྙམ་པ་ལ་སྒྱུ་མ་དང་མཚུངས་པར་རབ་ཏུ་སྒྲུབ་པོ། །སེམས་གཅིག་པོ་ཁོ་ན་ཞིག་འཁོར་རོ་སྙམ་པ་ལ་ 116-240b འབབ་ཆུའི་རྒྱུན་དང་མཚུངས་པར་རབ་ཏུ་སྒྲུབ་པོ། །དེ་ལྟར་སེམས་ལ་འདོད་ཆགས་དང་བྲལ་ན་ཅིའི་ཕྱིར་ཐར་པར་མི་འགྱུར་སྙམ་པ་ལ་རླུང་དང་མཚུངས་པར་རབ་ཏུ་སྒྲུབ་བོ། །དེ་ལ་རིང་དུ་འགྲོ་བ་ནི་དོན་གྱི་རྣམ་པ་ཐམས་ཅད་དེའི་ངོ་བོ་ཉིད་དུ་རིག་པར་བྱའོ། །དེ་ལྟར་ཡོངས་སུ་ཤེས་པར་དཀའ་ན་ཇི་ལྟར་ཐར་པར་ འགྱུར་སྙམ་པ་ལ་མར་མེའི་འོད་འཕྲོ་བ་དང་མཚུངས་པར་རབ་ཏུ་སྒྲུབ་སྟེ། མ་རིག་པའི་རྐྱེན་གྱི་དབང་གིས་འབྱུང་ལ་དེ་ཟད་ན་མི་འབྱུང་བར་ཡོངས་སུ་བསྟན་པའི་ཕྱིར་རོ། །གལ་ཏེ་སེམས་ཉོན་མོངས་པའི་དབང་གིས་ཉོན་མོངས་པ་ཅན་དུ་འགྱུར་ན་ཉོན་མོངས་པ་བཞིན་དུ་དེ་རྣམ་པར་དག་པར་མི་རུང་སྟེ། ཐར་བར་མི་ འཐད་དོ་སྙམ་པའི་ཉེས་པ་སྤང་བའི་ཕྱིར་ནམ་མཁའ་དང་མཚུངས་པར་སྟོན་ཏོ། །ནམ་མཁའ་ལྟར་མི་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་གློག་དང་མཚུངས་པར་སྟོན་ཏེ། སྐད་ཅིག་པར་འཛིན་པ་དང་། འདོད་ཆགས་ལ་སོགས་པ་ལ་མི་གནས་པའི་ཕྱིར་མི་རྟག་ཅིང་འགྱུར་བར་ཡོངས་སུ་སྟོན་པའི་ཕྱིར་རོ། ། སེམས་རྣམ་པར་དག་ཀྱང་སྐད་ཅིག་ཏུ་འཇིག་པས་ཉེས་པ་སྤང་བའི་ཕྱིར་སྤྲེའུ་དང་མཚུངས་པར་སྟོན་ཏེ། དེ་ལ་ཡུལ་རྣམ་པ་སྣ་ཚོགས་འདོད་པས་རྣམ་པར་གཡེང་བ་ནི་མ་ཡིན་གྱི། འདི་ལྟར་འདོད་ཆགས་ལ་སོགས་པ་དང་ལྡན་པས་མི་གནས་པར་འགྱུར་རོ། །རྣམ་པར་གཡེང་བར་འགྱུར་ན་ཅིའི་ ཕྱིར་ཐམས་ཅད་མཐུན་པར་མངོན་པར་མི་འགྱུར་བར་མི་འགྱུར་སྙམ་པ་ལ་རི་མོ་མཁན་དང་མཚུངས་པར་རབ་ཏུ་སྒྲུབ་པོ། །ཅིའི་ཕྱིར་དུས་ཐམས་ཅད་དུ་རང་བཞིན་གཅིག་པའི་ལམ་མངོན་པར་འདུ་མི་བྱེད་སྙམ་པ་ལ་མི་གནས་པར་རབ་ཏུ་སྒྲུབ་སྟེ། ཁམས་གསུམ་པའི་ཉོན་མོངས་པའི་དབང་གིས་ འབྱུང་བར་སྟོན་པའི་ཕྱིར་རོ། །ཅིའི་ཕྱིར་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱི་དབང་གིས་ཅིག་ཅར་དུ་མི་སྐྱེ་སྙམ་པ་ལ་གཅིག་པུ་རྒྱུ་བར་རབ་ཏུ་སྒྲུབ་པོ། །ཅིའི་ཕྱིར་ད་ལྟར་བྱུང་བའི་ལས་ཟིལ་གྱིས་མནན་ཏེ། རེས་འགའ་སྔོན་མངོན་པར་འདུ་བྱས་པའི་དབང་གིས་སྐྱེ་སྙམ་པ་ལ་རྒྱལ་པོ་དང་མཚུངས་ པར་རབ་ཏུ་སྒྲུབ་སྟེ། ལས་གང་གིས་སྟོབས་དང་ལྡན་པའི་བསྒོམ་པ་དེ་སེམས་ལ་བསྒོམས་པས་དབང་ཐོབ་པ་ཡིན་ནོ་ཞེས་ཡོངས་སུ་སྟོན་པའི་ཕྱིར་རོ། །གལ་ཏེ་རྒྱལ་པོ་དང་འདྲ་ན་ཅིའི་ཕྱིར་བདག་ལ་སྡུག་བསྔལ་སྐྱེད་སྙམ་པ་ལ་མི་མཛའ་བ་དང་མཚུངས་པར་རབ་ཏུ་སྒྲུབ་པོ། །ཅིའི་ཕྱིར་ 116-241a བདག་ལ་མི་འཛའ་བ་དང་མཚུངས་པར་བྱེད་སྙམ་པ་ལ་བྱེ་མའི་ཁྱིམ་དང་། ཉའི་མཆིལ་པ་དང་། རྨི་ལམ་དང་། སྦྲང་མ་སྔོན་པོ་དང་མཚུངས་པར་རབ་ཏུ་སྒྲུབ་སྟེ། ལུས་ལ་སོགས་པ་ལ་ཕྱིན་ཅི་ལོག་རྣམ་པ་བཞི་དང་ལྡན་པ་ལ་སོགས་པ་ཡོངས་སུ་སྟོན་པའི་ཕྱིར་རོ། །དེ་ལྟར་ ན་གོ་ཅིའི་ཕྱིར་བདེ་བར་སྐྱེ་བ་རྣམས་སྐྱེ་བ་བསྒྲུབ་སྙམ་པའི་ཉེས་པ་སྤང་བའི་ཕྱིར་རྒོལ་བ་དང་མཚུངས་པར་སྟོན་ཏེ། སྡུག་བསྔལ་རྣམ་པ་གསུམ་གྱི་སྡུག་བསྔལ་གྱིས་དེར་ཡང་སྡུག་བསྔལ་འགྲུབ་པར་ཡོངས་སུ་སྟོན་པའི་ཕྱིར་རོ། །དེ་དེ་ལྟར་སྡུག་བསྔལ་ན་ཅིའི་ཕྱིར་སྡུག་བསྔལ་གྱི་གཉེན་པོར་ལམ་མི་བསྟེན་སྙམ་ ལ་གནོད་སྦྱིན་མདངས་འཕྲོག་པ་ལ་སོགས་པ་དང་མཚུངས་པའི་རྒྱུར་སྟོན་ཏེ། སྙོམས་པར་འཇུག་པའི་རོ་མྱང་བ་དང་། ཡོངས་སུ་ཉམས་པར་ཡོངས་སུ་བསྟན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །ཅིའི་ཕྱིར་གཉེན་པོ་ལ་མི་དགའ་སྙམ་པ་ལ་རྐུན་པོ་དང་མཚུངས་པའི་རྒྱུ་སྟོན་ཏེ། དགེ་བའི་རྩ་བའི་ཚོགས་ལ་ རྐུ་བའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་ལ་ཡང་ཡོན་ཏན་དུ་རྟོགས་ནས་དགའ་ན་དེ་ལྟར་གྱུར་པ་ལ་ཉེས་པ་ཅི་ཡོད་སྙམ་པ་ལ། ཕུན་སུམ་ཚོགས་པ་དང་། རྒུད་པ་དང་ལྡན་པས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བས་གནོད་པ་སྟོན་ཏོ། །གལ་ཏེ་གནོད་པར་བྱེད་ན་ཅིའི་ཕྱིར་དགའ་སྙམ་པ་ལ་གཟུགས་ ལ་སོགས་པ་ལ་དགའ་བའི་ཕྱིར་ཕྱི་བྱི་ཞོ་ལའི་མིག་དང་། གཡུལ་གྱི་རྔ་དང་། ཕག་དང་། བྲན་མོ་ཟས་ཀྱི་ལྷག་མ་ཟ་བ་དང་། སྦྲང་མ་དང་མཚུངས་པར་སྟོན་ཏེ། འོད་སྲུངས་སེམས་ནི་ཀུན་དུ་བཙལ་ན་མི་རྙེད་དོ་ཞེས་བྱ་བ་མཚམས་ཇི་ལྟར་སྦྱར་ཞེ་ན། གཞན་གྱི་དབང་གི་རང་བཞིན་གྱི་རྒྱུ་བསྟན་ནས་ཇི་ལྟར་ གཞན་གྱི་དབང་གི་རང་བཞིན་ཏེ། ཡོངས་སུ་ཚོལ་བ་ན་ཀུན་དུ་བརྟགས་པ་དང་། ཡོངས་སུ་གྲུབ་པའི་རང་བཞིན་ཚོལ་བ་དེ་ཀུན་དུ་སྟོན་ཏེ། ཀུན་དུ་བརྟགས་པའི་རང་བཞིན་གྱི་སེམས་དེ་བཙལ་ན་དོན་དུ་མི་དམིགས་སོ། །གང་མི་དམིགས་པས་རབ་ཏུ་ཕྱེ་བ་དེ་ནི་ཡོངས་སུ་གྲུབ་པའི་རང་བཞིན་གྱི་སེམས་ཏེ། དེ་ནི་འདུས་མ་བྱས་སུ་འོག་ནས་སྟོན་པར་བཞེད་ནས་དེ་དུས་གསུམ་དུ་མི་འབྱུང་བར་སྟོན་ཏེ། ཇི་ལྟར་འགོག་པ་ལ་སྙོམས་པར་ཞུགས་པ་ནས་དེ་མ་ཐག་ཏུ་སེམས་མེད་པའི་ཕྱིར་དུས་གསུམ་དུ་མི་འབྱུང་བ་དེ་ལྟར་མི་འབྱུང་བ་ན་མ་ཡིན་པར་རིག་པར་བྱ་སྟེ། དུས་གསུམ་ལས་འདས་པར་ཀུན་དུ་སྟོན་ཏོ། ། 116-241b དེ་ནི་དུས་གསུམ་ལས་མ་འདས་པས་ལངས་པ་ན་ཡང་སེམས་འབྱུང་བའི་ཕྱིར་རོ། །གང་དུས་གསུམ་ལས་འདས་པ་དེ་མེད་པར་ལོག་པར་འཛིན་པ་སྤང་བའི་ཕྱིར་བཟློག་སྟེ། ཡོད་པ་དང་མེད་པ་མ་ཡིན་པར་སྟོན་ཏེ། ཀུན་བརྟགས་དང་གཞན་གྱི་དབང་གི་རང་བཞིན་གྱིས་ནི་མེད་ལ་ཡོངས་སུ་གྲུབ་པའི་ རང་བཞིན་གྱིས་ནི་ཡོད་པར་ཡོངས་སུ་སྟོན་པའི་ཕྱིར་རོ། །དེ་ནི་མ་བྱུང་བའོ་ཞེས་བྱ་བ་ནི་རྒྱུའི་དངོས་པོར་རོ། །དེ་ལ་ངོ་བོ་ཉིད་མེད་དོ་ཞེས་བྱས་པས་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བའི་སོ་སོར་ངེས་པའི་རྒྱུའི་ངོ་བོ་ཉིད་དོ། །དེ་ལ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུ་མེད་པའོ། །དེ་ལ་འགག་ པ་མེད་དོ་ཞེས་བྱ་བ་ནི་འཆི་འཕོ་བའོ། །དེ་འབྲལ་བ་མེད་དོ་ཞེས་བྱ་བ་ནི་སྤོང་བའོ། །དེ་འབྲལ་བ་མེད་པ་ལ་ཞེས་བྱ་བ་ནི་སྤང་བར་བྱ་བ་མེད་པ་ལའོ། །དེ་ལ་འདུ་བྱེད་གང་ཡང་མེད་དོ་ཞེས་བྱ་བ་ནི་ཕུང་པོ་རྣམས་སོ། །དེ་ནི་འདུས་མ་བྱས་སོ་ཞེས་བྱ་བ་ནི། དེ་བརྗོད་པར་བྱ་བའི་ཕྱིར་དེ་ཐམས་ཅད་གསུངས་ སོ། །དེ་ནི་འདུས་མ་བྱས་དེ་རྣམ་པར་བཞག་སྟེ། དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་བྱ་བ་ནི་དེ་ལ་དམིགས་པས་འཕགས་པའི་དངོས་པོ་རྙེད་པ་དང་། དེས་རབ་ཏུ་ཕྱེ་བ་ནི་འཕགས་པ་རྣམས་སོ། །རིགས་དེ་ཡང་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ ལས་འདས་པས་རབ་ཏུ་ཕྱེ་བ་དང་། བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདས་པས་རབ་ཏུ་ཕྱེ་བའོ། །དེ་ལ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དུས་བྱས་ནས། བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་ཅེས་བྱ་བ་གསུངས་སོ། །ལེགས་པར་བསླབ་པའི་ཕྱིར་རོ། ། རྒྱུ་བ་མེད་པ་ནི་ཕུང་པོ་སྤངས་པའི་ཕྱིར་རོ། །མི་རྒྱུ་བ་མེད་པ་ནི་ཕུང་པོ་སྤངས་པའི་ལྷག་མ་དང་བཅས་པའི་ཕྱིར་རོ། །རབ་ཏུ་རྒྱུ་བ་ཡང་མེད་པ་ནི་ཉོན་མོངས་པ་རྣམས་སོ། །དེ་ལ་སེམས་མེད་ཀྱང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་རྣམས་སོ། །དེ་ལ་ལས་ཀྱང་ མེད་ཅེས་བྱ་བ་ནི་ཡང་སྲིད་པའི་ལས་ཀྱི་རྒྱུ་ལས་བྱུང་བའོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་ཅེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་གསུངས་པའོ། །དེ་བས་ན་དེ་ལྟར་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི། འཕགས་པ་རྣམས་ཀྱི་ 116-242a རིགས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །རིགས་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །རིགས་དེ་ལས་ལུས་ཀྱི་ལས་བྱེད་པ་མེད་དོ། །ངག་གི་ལས་མ་ཡིན། ཡིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི་མདོའི་ཚིག་གསུམ་པོ་དག་གིས་ནི་ལས་དབྱེ་བ་རབ་ ཏུ་དགག་པར་བྱེད་དོ། །བྱ་བ་དང་བསླབ་པ་དང་དེའི་སྦྱོར་བའི་དབང་དུ་བྱས་ནས། རིགས་དེ་ལ་ཐ་མ་དང་འབྲིང་དང་མཆོག་ཏུ་རྣམ་པར་གཞག་པ་ཡང་མེད་དེ་ཞེས་བྱ་བས་སེམས་ཅན་གྱི་དབྱེ་བ་རབ་ཏུ་དགག་པར་བྱེད་དེ། བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས། རིགས་ དེ་ནི་སྙོམས་པའོ་ཞེས་བྱ་བ་གསུངས་ཏེ། བདག་དང་གཞན་ལ་ཕན་པར་འཇུག་པ་སྙོམས་པས་དེའི་ཁྱད་པར་སྟོན་ཏོ། །རིགས་དེ་ནི་ཁྱད་པར་མེད་པའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཆད་པ་མེད་པས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་རྣམས་དང་། དེ་ཁྱད་པར་མེད་པར་སྟོན་ ཏེ། རིགས་དེ་ནི་དབེན་པའོ། །ཞེས་བྱ་བ་ནི་དེ་དག་གི་རྒྱུད་ཐ་དད་པ་མེད་པར་སྟོན་ཏོ། །རིགས་དེ་ནི་མྱ་ངན་ལས་འདས་པ་དང་མཐུན་པའོ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ལས་དེའི་ཁྱད་པར་སྟོན་ཏོ། །རིགས་དེ་ནི་དྲི་མ་མེད་པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཐུན་མོང་ཡིན་དུ་ཟིན་ཀྱང་བག་ཆགས་སྤོང་བའི་ཁྱད་པར་སྟོན་ ཏོ། །རིགས་དེ་ནི་ངའི་བ་མེད་དོ་ཞེས་བྱ་བ་ནི་ཞིང་རྣམ་པར་དག་པ་རྣམས་ལ་སོ་སོར་ངེས་པ་མེད་པ་སྟོན་ཏོ། །རིགས་དེ་ནི་མཉམ་པ་མེད་པའོ་ཞེས་བྱ་བ་ནི་ལས་དེ་མྱ་ངན་ལས་འདས་པ་དང་། འཁོར་བའི་ཡོན་ཏན་དང་། ཉེས་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་ཉིད་སྟོན་ཏོ། །ཡང་དག་པ་དང་ཡང་དག་པ་མ་ ཡིན་པའི་མཉམ་པ་ལས་འབྱུང་བ་ཞེས་བྱ་བ་ལ་བདེན་པའི་དོན་གྱིས་ཡང་དག་པ་ནི་མྱ་ངན་ལས་འདས་པའོ། །བརྫུན་པའི་དོན་གྱིས་ཡང་དག་པ་མ་ཡིན་པ་ནི་འཁོར་བར་རིག་པར་བྱའོ། །རིགས་དེ་ནི་དོན་དམ་པའི་བདེན་པ་ཡིན་པས་བདེན་པའོ་ཞེས་བྱ་བ་གདམས་ངག་དེ་སླུ་བ་མ་ཡིན་པས་གཞན་མུ་སྟེགས་ཅན་ རྣམས་དང་ཐུན་མོང་བ་མ་ཡིན་པར་སྟོན་ཏོ། །རིགས་དེ་ནི་མི་ཟད་པའོ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་ཀྱང་སེམས་ཅན་གྱི་དོན་བྱ་བ་རྒྱུན་མི་གཅོད་པར་སྟོན་ཏོ། །དེ་ནི་རབ་ཏུ་མ་སྐྱེས་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དབང་གིས་མི་སྐྱེའི་འབྱོར་པ་འཐོབ་པའི་དབང་གིས་དེ་སྟོན་པའི་ཕྱིར་རོ། ། 116-242b དེ་རིགས་དེ་ནི་རྟག་པའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་འཁོར་བའི་དུས་ན་ཡང་གཞན་མ་ཡིན་པར་སྟོན་ཏེ། དེའི་ཕྱིར་བདེ་བ་དང་། དགེ་བ་དང་། བདག་མེད་པ་ཞེས་བྱ་བའོ། །རིགས་དེ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་ཤེས་བྱ་རྣམ་པར་དག་པར་སྟོན་ཏེ། རྣམ་པར་སྦྱང་བར་བྱ་ཞིང་བསམ་པ་ རྣམ་པར་དག་པ་ཡང་དེ་ཙམ་དུ་ཡོངས་སུ་སྟོན་པའི་ཕྱིར་ཏེ། འདི་ནས་འཇིག་རྟེན་ལས་འདས་པའི་བར་གྱི་གཉེན་པོ་རྣམ་པར་གཞག་པ་དོན་ཆེན་པོར་རིག་པར་བྱའོ། ། ༈ བརྒྱད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཤིན་ཏུ་བསླབ་པའི་བྱང་ཆུབ་སེམས་དཔའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱ་བའི་བསྟན་པ། འདི་ནི་མཚམས་སྦྱར་བ་དང་། གོ་རིམས་བཞིན་ཡིན་ནོ། །འོད་སྲུངས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པར་ བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུས་པར་བྱའོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུས་ནས་སེམས་ཅན་ཐམས་ཅད་ལ་བཏང་ངོ་། །ཡེ་ཤེས་ཀྱི་སྨན་གང་སྡུད་པ་དེས་ཞེས་བྱ་བ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་བྱེད་པར་སྟོན་ ཏོ། །ཕྱོགས་བཞིར་སོང་སྟེ་ཞེས་བྱ་བ་ལ་ཕྱོགས་གང་ཞེ་ན། སེམས་ཅན་འདུལ་བའི་ཕྱིར་ཁམས་ནས་འཕོ་བ་སྟེ། རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་དེ་ཉིད་ནས་ཡུལ་གཞན་དུ་འཕོ་བ་དང་། སྐྱེ་བས་འཕོ་བ་སྟེ། དེ་གཉི་གར་སྐྱེ་བ་ཡོངས་སུ་འཛིན་ པ་དང་། གཞན་ལས་ཚོལ་བ་སྟེ། སེམས་ཅན་གང་བྱང་ཆུབ་སེམས་དཔའ་གང་གིས་འདུལ་བར་འགྱུར་བ་དེའི་ཕྱིར་ཚོལ་བའོ། །སེམས་ཅན་རྣམས་ལ་ཡང་དག་པར་གསོ་བར་བྱའོ། །ཡང་དག་པར་གསོ་བས་སེམས་ཅན་རྣམས་གསོའོ་ཞེས་བྱ་བ་ནི་ཉོན་མོངས་པའི་འབྱུང་པོ་ལ་གསོ་བ་སྟེ། ཉོན་མོངས་པའི་ འབྱུང་པོའི་གདོན་གྱིས་ཟིན་པའི་སེམས་ཅན་རྣམས་གསོ་བའི་བྱང་ཆུབ་སེམས་དཔའ་ནི་བསླབ་པ་རྣམ་པ་གསུམ་གྱིས་རྣམ་པར་དག་པའི་ལམ་སྟོན་པས་སྨན་པ་བླ་ན་མེད་པ་ཡིན་ཏེ། སྨན་པའི་རྒྱལ་པོ་འཚོ་བྱེད་ལ་སོགས་པས་ནི་ལྟ་བ་ལ་གནས་པ་དང་འགྱོད་པ་ལ་གནས་པ་གསོ་བར་མི་ནུས་སོ། །ཡང་ན་ ཡང་དག་པའི་གསོ་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱིས་གསོ་བ་ནི་ཡང་དག་པའི་གསོ་བ་སྟེ། ཡང་དག་པ་དང་དེ་ཁོ་ན་ཉིད་ནི་དོན་ཐ་དད་པ་མ་ཡིན་ནོ། །དེ་ཁོ་ནའི་གསོ་བ་དེ་ཡང་འཇིག་རྟེན་ལས་འདས་པའི་ལམ་གྱི་བག་ལ་ཉལ་ཀུན་དུ་འཇོམས་པའི་ཕྱིར་རོ། །དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་རྣམ་པ་ 116-243a གཉིས་ཏེ། ཆེ་ལོང་དང་། འབྲིང་ངོ་། །དེ་ལ་ཆེ་ལོང་ནི་རབ་ཏུ་སེལ་བའི་གཉེན་པོའོ། །འབྲིང་ནི་རྣམ་པར་གནོན་པའི་གཉེན་པོའོ། །དེ་ལ་ཡང་དག་པའི་གསོ་བ་གང་ཞེ་ན། གང་འདི་འདོད་ཆགས་ལ་མི་སྡུག་པས་གསོ་བ་ནས་ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར་ཕྱིན་ཅི་མ་ལོག་ པ་བཞི་ཞེས་བྱ་བའི་བར་དག་ནི་ཀུན་ནས་ཉོན་མོངས་པ་ཆེ་ལོང་རབ་ཏུ་སེལ་བའི་གཉེན་པོའོ། །དྲན་པ་ཉེ་བར་གཞག་པ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ནི་ཀུན་ནས་ཉོན་མོངས་པ་འབྲིང་རྣམ་པར་གནོན་པའི་གཉེན་པོའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཆེ་ལོང་མངོན་དུ་གྱུར་ན་ནི་ཡུལ་ལ་ འདོད་ཆགས་ལ་སོགས་པ་ཀུན་དུ་འབྱུང་ངོ་། །བཟློག་པ་ནི་འབྲིང་དུ་རིག་པར་བྱའོ། །དེ་ལ་རྣལ་འབྱོར་སྤྱོད་པའི་འཇིག་རྟེན་པའི་ཡེ་ཤེས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཀུན་ནས་ཉོན་མོངས་པ་རབ་ཏུ་བསལ་རྣམ་པར་མནན་ནས་སྤྱོད་པ་རྣམ་པར་སྦྱོང་ངོ་། །དེ་ལ་སྤྱོད་པའི་རབ་ཏུ་དབྱེ་བ་ནི་ཁྱིམ་པ་རྣམས་ནི་ཕལ་ ཆེར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་དོ། །རབ་ཏུ་བྱུང་བ་རྣམས་ནི་ཕལ་ཆེར་ལྟ་བ་ལ་གནས་ཏེ། དེ་ལ་གནས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་གནས་པས་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་དང་། ཡང་སྲིད་པ་ལ་སྨོན་པར་རྣམ་པར་རྟོག་པ་དང་། ཕྱིན་ཅི་ལོག་རྣམ་པ་བཞི་པོ་འདུས་ པ་དང་། མ་འདུས་པ་དག་གིས་ཐར་པ་མ་ཡིན་པ་ལ་ཐར་པར་མངོན་པར་ཞེན་ཅིང་གནས་སོ། །དེ་ལ་སྤྱོད་པ་རྣམ་པར་སྦྱོང་བའི་གཉེན་པོ་ནི་འདོད་ཆགས་ལ་མི་སྡུག་པ་དང་། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ལྟ་བར་སོང་བ་ཐམས་ཅད་ལ་སྟོང་པ་ཉིད་དང་། ཚུལ་བཞིན་ མ་ཡིན་པ་ཡིད་ལ་བྱེད་པས། བསྡུས་པའི་ངོ་བོ་ཉིད་ཀྱི་ཁྱད་པར་ལ་རྟོག་པ་མཚན་མ་མེད་པ་སྟེ། རྣམ་པར་རྟོག་པ་དང་། དམིགས་པ་ཡིད་ལ་བྱེད་པ་ཐམས་ཅད་ལ་མཚན་མ་མེད་པས་གསོ་བའོ་ཞེས་སུངས་པའི་ཕྱིར་རོ། །ཡང་སྲིད་པ་ལ་སྨོན་པ་ལ་ནི་སྨོན་པ་མེད་པ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ ཁམས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་ལ་གནས་པ་ལ་སྨོན་པ་མེད་པས་ཞེས་གསུངས་པའི་ཕྱིར་རོ། །ཐར་པ་མ་ཡིན་པ་ལ་ཐར་པར་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་སྟེ། དཔེར་ན་ཚངས་པའི་གནས་ཏེ་དེ་ནི་རྟག་གོ་ཞེས་བྱ་བ་ལྟ་བུ་སྟེ། ཕྱིན་ཅི་ལོག་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་བཞིས་ 116-243b གསོ་སྟེ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ལ་ཆོས་ཐམས་ཅད་ལ་བདག་མེད་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་ལ་ མྱ་ངན་ལས་འདས་པ་ཞི་བས་ཞེས་གསུངས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་འབྲིང་གང་ཞེ་ན། རང་རང་གི་གཉེན་པོ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་ཆེ་ལོང་རབ་ཏུ་བསལ་བའི་ཡུལ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་ཉོན་མོངས་པར་འགྱུར་བ་གནས་པ་སྟེ། མངོན་ དུ་གྱུར་པའི་ཡུལ་རྣམས་ལ་འདོད་ཆགས་ལ་སོགས་པའི་ཉེས་པ་ཀུན་དུ་མི་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྤང་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་བསྒོམ་མོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ནི་ཡང་དག་པའི་དམིགས་པ་ལ་འདོད་ཆགས་པ་ སེམས་མཉམ་པར་མ་བཞག་པར་སྦྱོར་ཡང་སྒོམ་པ་དེས་བདག་དྲན་པ་ཉེ་བར་གཞག་པ་བསྒོམ་མོ། །ཞེས་བདག་ཏུ་མི་འཛིན་ཏོ། །ལུས་དང་། སེམས་དང་། ཆོས་ལ་གནས་པ་ལ་དྲན་པ་ཉེ་བར་བཞག་པ་བཞི་པོ་དག་གིས་གསོ་སྟེ། དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་གནས་ཀྱང་། ལུས་ཀྱི་ལྟ་བས་ བདག་ཏུ་ལྟ་བར་མི་ལྟུང་། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་ལ་གནས་ཀྱང་། ཚོར་བའི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ལ་གནས་ཀྱང་སེམས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་། ཆོས་རྣམས་ཀྱང་ཆོས་ཀྱི་རྗེས་སུ་ལྟ་བ་ལ་གནས་ཀྱང་ ཆོས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་ཞེས་གསུངས་པ་གང་ཡིན་པའོ། །དེ་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་ལ་སེམས་བཏགས་པས་ཡང་དག་པའི་སྤོང་བ་རྣམས་ཀྱིས་ཡང་དག་པར་སྦྱོར་ཏེ། ཡང་དག་པར་སྤོང་བ་བཞིས་ནི་མི་དགེ་བའི་ཆོས་རྣམས་སྤོང་བ་དང་། དགེ་བའི་ཆོས་ ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའོ་ཞེས་གསུངས་པ་གང་ཡིན་པའོ། །དེ་ནས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་གནས་པ་ཡོངས་སུ་འཛིན་ཏེ། གནས་པ་ཡོངས་སུ་བཟུང་ནས་ལུས་དང་སེམས་ལ་སྐྱེས་པ་དང་བུད་མེད་ཀྱི་འདུ་ཤེས་སུ་རིལ་པོར་འཛིན་པ་ལ་རྟོག་པས་རབ་ཏུ་རྣམ་པར་འབྱེད་པ་ནི་ 116-244a ཀུན་ནས་ཉོན་མོངས་པ་འབྲིང་རྣམ་པར་མནན་པ་ཡིན་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞིས་ནི་ལུས་དང་སེམས་ལ་རིལ་པོར་འཛིན་པ་འདོར་བར་འགྱུར་རོ་ཞེས་གསུངས་པ་གང་ཡིན་པའོ། །དེ་བས་ཟག་པ་མེད་པའི་ཤེས་རབ་ཀྱིས་སྦྱོར་བའི་ལམ་ན་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པ་སྤངས་ནས་གཉེན་པོ་དད་པ་ལ་གནས་སོ། །དབང་པོ་དེ་དག་ཉིད་སྟོབས་རྣམས་ཀྱིས་བརྟན་པར་བྱེད་དོ། །དབང་པོ་ལྔ་དང་། སྟོབས་ལྔས་ནི་མ་དད་པ་དང་། ལེ་ལོ་དང་། དྲན་པ་ཉམས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མེད་པ་རྣམས་གསོ་བའོ་ཞེས་ གསུངས་པ་གང་ཡིན་པའོ། །དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཀུན་དུ་རྨོངས་པ་དང་། གང་ཟག་ལ་བདག་མེད་པ་ལ་ཀུན་དུ་རྨོངས་པ་དང་། ཆོས་ལ་བདག་མེད་པ་ལ་ཀུན་དུ་རྨོངས་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་རྣམ་པར་གནོན་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ནི་ཆོས་ཐམས་ཅད་ལ་ ཤིན་ཏུ་གཏི་མུག་ཅིང་། མི་ཤེས་པ་གསོ་བའོ་ཞེས་གསུངས་པ་གང་ཡིན་པའོ། །དེ་ནི་ལམ་ངན་པ་དང་ལམ་ནི་ལམ་གྱིས་ངེས་པར་འགྱུར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པས་ནི་འཆལ་བའི་ཤེས་རབ་དང་། ཕ་རོལ་རྒོལ་བ་ཐམས་ཅད་དང་། ལམ་ངན་པར་ཞུགས་པ་རྣམས་གསོ་བའོ། །ཞེས་གསུངས་པ་ གང་ཡིན་པ་སྟེ། རྣམ་པ་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཆེ་ལོང་དང་འབྲིང་གི་གཉེན་པོར་གྱུར་པ་རབ་ཏུ་སེལ་བ་དང་། རྣམ་པར་གནོན་པའི་ཡེ་ཤེས་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་འོད་སྲུངས་འདི་ནི་ཡང་དག་པའི་གསོ་བའོ། །འོད་སྲུངས་བྱང་ཆུབ་སེམས་དཔའ་ཡང་དག་པའི་ གསོ་བ་འདི་ལ་བརྩོན་པར་བྱའོ་ཞེས་བྱ་བས་བསྟན་ཏོ། །འོད་སྲུངས་འཛམ་བུའི་གླིང་ན་སྨན་པ་དང་སྨན་པའི་སློབ་མ་ཇི་སྙེད་པ་དེ་དག་གི་ནང་ན་འཚོ་བྱེད་ནི་མཆོག་ཅེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྨན་པའི་རྒྱལ་པོ་འཚོ་བྱེད་དང་འདྲ་བར་གྱུར་ ཀྱང་དེ་དག་ཐམས་ཅད་ལྟ་བ་དང་། འགྱོད་པ་ལ་གནས་པ་གསོ་བའི་སྨན་གང་ཡིན་ཞེས་རིས་ནས་དེ་དག་གིས་ཤེས་པའམ་བསྟན་པའམ། བསྒོམ་པར་མི་ནུས་སོ། །དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་བདག་ནི་འཇིག་རྟེན་གྱི་སྨན་ཙམ་གྱིས་ཆོག་པར་མི་བྱའི། བདག་གིས་འཇིག་རྟེན་ལས་འདས་པའི་ཡེ་ 116-244b ཤེས་ཀྱི་སྨན་ཡོངས་སུ་བཙལ་བར་བྱ། དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡང་དག་པར་བསྡུ་བར་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ལྟར་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་གང་ཡིན་ཚོལ་བ་དེས་ཕྱོགས་བཞིར་སོང་བ་སེམས་ཅན་རྣམས་ལ་ཡང་དག་པའི་གསོ་བ་བྱ་སྟེ། ཡང་དག་པའི་ གསོ་བས་སེམས་ཅན་རྣམས་གསོའོ་ཞེས་བྱ་བ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་གང་ཞེ་ན། དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་བསྐོར་བའི་ཀུན་ནས་ཉོན་མོངས་པ་རྣམ་པར་དམད་ནས་གང་ཀུན་ནས་ཉོན་མོངས་པ་ཕྲ་མོ་བག་ལ་ཉལ་གྱི་གཉན་པོར་གྱུར་པའི་ ཡེ་ཤེས་སོ། །དེ་གང་ཞེ་ན། རྣམ་པར་གནོན་པ་གཉེན་པོར་གྱུར་པ་དེ་ཡོད་ན་གནས་གསུམ་ལ་མཁས་ཏེ། གང་འདི་རྐྱེན་གྱི་ཡེ་ཤེས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ། །བདག་མེད་པ་དང་། སེམས་ཅན་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་རྣམས་ལ་ མོས་པའི་ཡེ་ཤེས་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པར་མོས་པའོ། །སྟོང་པ་ཉིད་མི་དམིགས་པའི་ཆོས་རྣམས་ལ་མི་ལྟ་བ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའོ། །སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་ཞེས་བྱ་བ་ནི་གང་ཀུན་ནས་ཉོན་མོངས་པ་མ་ལུས་པ་ལས་བཟླ་བའི་ཕྱིར་མན་ངག་ལ་མི་ལྟོས་པར་ མི་ཤེས་པ་རྣམ་པ་བཞི་སྟེ། སྤྱིའི་མཚན་ཉིད་མི་ཤེས་པ་དང་། རང་གི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་མི་ཤེས་པའི་གཉེན་པོས་ནང་དུ་རང་གི་སེམས་ལ་བརྟགས་པའི་ཕྱིར་རབ་ཏུ་འབད་པའོ། །དེ་ལ་སེམས་ཀྱི་སྤྱིའི་མཚན་ཉིད་ནི་རྣམ་པ་གསུམ་དུ་ རིག་པར་བྱ་སྟེ། དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ལོ། །འདོད་ཆགས་པར་འགྱུར་བའམ། ཞེ་སྡང་བར་འགྱུར་བའམ། གཏི་མུག་པར་འགྱུར་བའི་སེམས་གང་ཡིན། ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་ གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ་ཞེས་བྱ་བ་ལ་འདས་པ་དང་། མ་འོངས་པའི་སེམས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བཀོལ་ཏེ། བྱེད་པ་མེད་པར་རྟོག་པ་དང་། ད་ལྟར་གྱི་ལ་སྐད་ཅིག་པ་སྟེ། བྱེད་པ་མེད་པར་རྟོག་པ་དང་། འདོད་ཆགས་ལ་སོགས་པ་ལ་རང་གི་རྐྱེན་ 116-245a ལས་བྱུང་གི། སེམས་ཀྱིས་བྱས་པ་མ་ཡིན་པར་རྟོག་པའོ། །སེམས་ཀྱི་རང་གི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། འོད་སྲུངས་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཐ་སྙད་ཀྱི་རང་བཞིན་གྱིས་ མི་དམིགས་པ་དང་འོད་སྲུངས་སེམས་ནི་དཔག་ཏུ་མེད། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པ་ཞེས་བྱ་བ་ཡང་མ་ཡིན་བཞིན་དུ་རྣམ་པ་དྲུག་གིས་དེ་བཞིན་ཉིད་དམིགས་པ་དང་། འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་ གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ལོག་པར་ལྟུང་བའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར་སངས་རྒྱས་ཐམས་ཅད་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ང་ཡིན་པ་དེའི་རྒྱུ་བ་ཇི་ལྟར་ལྟ་ཞེ་ན་ཞེས་བྱ་བ་འཕགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཁྱད་པར་མེད་ པར་དམིགས་པའོ། །སེམས་ཀྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། འགྲུབ་པ་དང་། འབྱུང་བ་དང་། རྒྱུ་བའོ། །འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ་ཞེས་བྱ་བ་ནི་འགྲོ་བ་ རྣམས་སུ་ལུས་སྣ་ཚོགས་འགྲུབ་པ་སྟེ། འགྲུབ་པའི་ཀུན་ནས་ཉོན་མོངས་པའོ། །འོད་སྲུངས་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ། མི་གནས་པ་སྐྱེས་ནས་འཇིག་ཅིང་འཇུ་བའོ་ཞེས་བྱ་བ་ནི་གྲུབ་པ་དེ་ཉིད་སྐད་ཅིག་པའི་རྒྱུན་གྱིས་འབྱུང་བའོ། །འོད་སྲུངས་སེམས་རླུང་དང་མཚུངས་ཏེ། རིང་དུ་འགྲོ་ ཞིང་གཟུང་དུ་མེད་པར་རྒྱུའོ་ཞེས་བྱ་བ་ནི་ཐམས་ཅད་ལ་དམིགས་པ་དང་གཟུང་དཀའ་བར་འབྱུང་བའོ། །འོད་སྲུངས་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ། རྒྱུ་དང་རྐྱེན་ལས་འབྱུང་བའོ་ཞེས་བྱ་བ་ནི་སྲིད་པའི་སྣུམ་གྱི་དབང་གིས་འབྱུང་བ་སྟེ། འབྱུང་བའི་ཀུན་ནས་ཉོན་མོངས་པའོ། །གང་དུ་རྒྱུ་བ་དང་ཇི་ལྟར་ རྒྱུ་བའི་ཀུན་ནས་ཉོན་མོངས་པ་སྟེ། གང་དུ་རྒྱུ་ཞེ་ན། འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ། སྐད་ཅིག་ཏུ་འཇིག་ཅིང་མི་གནས་པའོ་ཞེས་བྱ་བ་ནི་གློག་པར་འགའ་འབྱུང་བ་ལྟར་དགེ་བའི་སེམས་འབྱུང་བའི་ཕྱིར་རེས་འགའ་དགེ་བ་ལ་རྒྱུ་བའོ། །འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ། ཉོན་ 116-245b མོངས་པ་དང་ཉེ་བའི་ཉོན་མོངས་པ་གློ་བུར་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ་ཞེས་བྱ་བ་ནི་ནམ་མཁའི་ཉེ་བའི་ཉོན་མོངས་པ་གློ་བུར་རེས་འགའ་མི་དགེ་བ་ལའོ། །འོད་སྲུངས་སེམས་ནི་སྤྲེའུ་དང་མཚུངས་ཏེ། ཡུལ་ཐམས་ཅད་ལ་འདོད་པའོ་ཞེས་བྱ་བ་ནི་རེས་འགའ་ཡུལ་ལའོ། །འོད་སྲུངས་སེམས་ནི་ལས་ རྣམས་སྣ་ཚོགས་མངོན་པར་འདུ་བྱེད་པའི་ཕྱིར་རི་མོ་མཁན་དང་མཚུངས་སོ་ཞེས་བྱ་བ་ནི་རེས་འགའ་ལས་མངོན་པར་འདུ་བྱེད་པའོ། །འོད་སྲུངས་སེམས་ནི་ཉོན་མོངས་པ་ཐ་དད་པ་འབྱུང་བའི་ཕྱིར་མི་གནས་པའོ་ཞེས་བྱ་བ་ནི་རེས་འགའ་ཡུལ་རྣམས་ལ་རྒྱུ་སྟེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནི་མི་ གནས་པར་རྒྱུ་བའོ། །འོད་སྲུངས་སེམས་གཉིས་པ་མཚམས་སྦྱོར་བ་མེད་པའི་ཕྱིར་སེམས་ནི་གཅིག་པུ་རྒྱུ་བ་སྟེ། གཉིས་སུ་མེད་པའོ་ཞེས་བྱ་བ་ནི་དེ་ཉིད་འདོད་ཆགས་དང་བཅས་པར་འགྱུར་ལ། འདོད་ཆགས་དང་བྲལ་བར་འགྱུར་བ་ཡང་མ་ཡིན་ལ། འདོད་ཆགས་དང་བཅས་པར་ཡང་འགྱུར་བ་མ་ཡིན་ ཞེས་བྱ་བ་ལ་སོགས་པའོ། །འོད་སྲུངས་སེམས་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་རྒྱལ་པོ་དང་མཚུངས་ཞེས་བྱ་བ་ནི་བདེ་བར་འགྱུར་བའི་ཆོས་རྣམས་ལ་དབང་ཐོབ་སྟེ་རྒྱུ་བའོ། །འོད་སྲུངས་སེམས་ནི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་ཕྱིར་མི་མཛའ་བ་དང་མཚུངས་ཞེས་བྱ་བ་ནི་བདེ་བ་སྤངས་ནས་ བདག་ལ་སྡུག་བསྔལ་ཀུན་དུ་བསྐྱེད་པའོ། །འོད་སྲུངས་སེམས་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པའི་ཕྱིར་བྱེ་མའི་ཁྱིམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་ རྨི་ལམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲང་མ་སྔོན་པོ་དང་མཚུངས་སོ་ཞེས་བྱ་བ་དེ་ཡང་བདག་ཏུ་མངོན་པར་ཆགས་པས་བདག་ལ་སྡུག་བསྔལ་བ་སྐྱེད་པ་ནི་མ་ཡིན་གྱི། ཕྱིན་ཅི་ལོག་གིས་སོ། །འོད་སྲུངས་སེམས་ནི་གནོད་པ་མང་པོ་བྱེད་པས་ཕྱིར་ རྒོལ་བ་དང་མཚུངས་སོ་ཞེས་བྱ་བ་ནི་བདག་ལ་སྡུག་བསྔལ་བསྐྱེད་པས་ངོམས་མི་མྱོང་བའོ། །འོད་སྲུངས་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས་འཕྲོགས་པ་དང་མཚུངས་སོ་ཞེས་པ་ནི་དགེ་བ་ལ་སྦྱོར་བ་དེ་དོར་བར་བྱ་བའི་སྐབས་ཚོལ་བའོ། །འོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟ་ 116-246a བས་དགྲ་དང་མཚུངས་སོ་ཞེས་བྱ་བ་ནི་མི་དགེ་བ་ཀུན་དུ་སྤྱད་པར་བྱ་བའི་གླགས་ལྟ་བའོ། །འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་ལྡན་པས་རྟག་ཏུ་མཐོ་དམན་ཅན་ནོ་ཞེས་བྱ་བ་ནི་འབྱོར་པ་དང་། རྒུད་པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་གཉིས་ ཀྱིས་གནོད་པའོ། །འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས་རྐུན་པོ་དང་མཚུངས་སོ་ཞེས་བྱ་བ་ནི་བག་མེད་པའི་དབང་དུ་སོང་བས་དགེ་བའི་རྩ་བ་བྱས་ཤིང་བྱས་པ་ཐམས་ཅད་ཟད་པར་བྱེད་པའོ། །འོད་སྲུངས་སེམས་ནི་གཟུགས་ལ་དགའ་བའི་ཕྱིར་ཕྱི་བྱི་ཞོ་ལའི་མིག་དང་མཚུངས་སོ། །འོད་སྲུངས་ སེམས་ནི་དགྲ་ལ་དགའ་བས་གཡུལ་གྱི་རྔ་དང་མཚུངས་སོ། །འོད་སྲུངས་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྲི་ལ་དགའོ། །འོད་སྲུངས་སེམས་ནི་རོ་ལ་དགའ་བས་ཟས་ཀྱི་ལྷག་མ་ཟ་བའི་བྲན་མོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རེག་པ་ལ་དགའ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ་ ཆགས་པ་དང་མཚུངས་སོ་ཞེས་བྱ་བ་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཡུལ་ལ་མངོན་པར་དགའ་བའི་ཕྱིར་ཡང་ཤིན་ཏུ་ཕན་པར་བདུད་རྩིའི་ཁམས་ལ་སོ་སོར་བརྟགས་ཏེ། སོ་སོར་བརྟགས་ནས་རྣམ་པར་བཞག་དཀའ་བ་ཡིན་ནོ། །སེམས་ཀྱི་རྣམ་པར་བྱང་བའི་མཚན་ཉིད་ ཀྱང་གསུམ་གྱིས་རིག་པར་བྱ་སྟེ། ཐོབ་པ་དང་མི་ཐོབ་པའི་མཚན་ཉིད་དང་འདུས་བྱས་པའི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིད་དོ། །འོད་སྲུངས་སེམས་ནི་ཀུན་དུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ་ཞེས་བྱ་བ་ནི་ཐ་སྙད་ཅན་གྱི་རང་བཞིན་ཀུན་དུ་བཙལ་ན་མི་རྙེད་པའོ། །གང་མི་ རྙེད་པ་དེ་ནི་མི་དམིགས་པའི་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པས་སེམས་ལ་རབ་ཏུ་རྟོག་ན་སེམས་དེ་རྣམ་པར་དག་པའི་རྒྱུའོ། །དེ་ལས་གཞན་དུ་ན་ནི་ཚུལ་བཞིན་མ་ཡིན་པ་དང་རབ་ཏུ་ལྡན་པས་སེམས་རྣམ་པར་འདོད་ཀྱང་ཐོབ་པར་མི་འགྱུར་རོ། །དེ་ལྟར་ཚུལ་བཞིན་རབ་ཏུ་སྦྱོར་ན་ཐོབ་པར་མི་འགྱུར་རོ། །འདི་ནི་ཐོབ་ པ་དང་མི་ཐོབ་པའི་མཚན་ཉིད་དོ། །དེ་ལྟར་ཆོས་ལ་བདག་མེད་པ་ལ་སྦྱོར་བར་སྦྱོར་བ་ནི་ཤེས་རབ་ཀྱི་སེམས་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་མཐོང་ངོ་། །སེམས་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་ཡང་རྣམ་པ་དགུས་འདུས་བྱས་ཀྱི་མཚན་ཉིད་དང་མི་འདྲ་བས་ན་འདུས་མ་བྱས་སུ་རིག་པར་བྱ་སྟེ། གང་མི་དམིགས་པ་དེ་ནི་ 116-246b འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཤིན་ཏུ་འདས་པའོ་ཞེས་བྱ་བ་ནི་དུས་གསུམ་གྱི་ལམ་དུ་མི་རྒྱུ་བའོ། །ཇི་ལྟར་འགོག་པ་ལ་སྙོམས་པར་ འཇུག་པ་ལས་ལངས་ནས་དེ་ཡང་སྐྱེ་བ་ལྟར་ནི་མ་ཡིན་ནོ། །གང་དུས་གསུམ་ལས་ཤིན་ཏུ་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཐ་སྙད་ཅན་གྱི་རང་བཞིན་དུ་མི་དམིགས་པ་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་མི་དམིགས་པས་གཉིས་སུ་མེད་པའི་མཚན་ཉིད་དོ། ། གང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་མཚན་ཉིད་དོ། །གང་མ་སྐྱེས་པ་དེ་ལ་ཆེ་ལོང་ཉིད་མེད་དོ་ཞེས་བྱ་བ་དེ་ནི་སྐྱེ་བའི་རྒྱུའི་མཚན་ཉིད་ལས་ཤིན་ཏུ་འདས་པའི་མཚན་ཉིད་དོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་དོ་ཞེས་བྱ་བ་ནི་མ་འོངས་པ་ན་ སྐྱེ་བ་ལས་ཤིན་ཏུ་འདའོ། །གང་འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ་ཞེས་བྱ་བ་དེ་ནི་འཆི་བའི་འཆི་འཕོ་བ་ལས་ཤིན་ཏུ་འདའ་བའོ། །གང་ལ་འགག་པ་མེད་པ་དེ་ལ་འབྲལ་བ་མེད་པའོ་ཞེས་བྱ་བ་དེ་ནི་སྐད་ཅིག་གཅིག་ནས་གཅིག་ཏུ་འབྱུང་བའི་འབྲལ་བ་ལས་ཤིན་ཏུ་འདའ་བའོ། །གང་འབྲལ་བ་མེད་པ་དེ་ལ་ འོང་བ་ཡང་མེད། འགྲོ་བ་ཡང་མེད། འཆི་འཕོ་བ་ཡང་མེད། སྐྱེ་བ་ཡང་མེད་ཅེས་བྱ་བ་ནི་འགྲོ་བ་ན་འགྱུར་བ་ལྡོག་པ་ལས་ཤིན་ཏུ་འདས་པའོ། །གང་ལ་འགྲོ་བ་ཡང་མེད། འོང་བ་ཡང་མེད། འཆི་འཕོ་ཡང་མེད། སྐྱེ་བ་ཡང་མེད་པ་དེ་ལ་འདུ་བྱེད་གང་ཡང་མེད་དོ། །གང་ལ་འདུ་བྱེད་གང་ཡང་ མེད་པ་དེ་ནི་འདུས་མ་བྱས་པའོ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་ཤིན་ཏུ་འདས་པའོ། །གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་བྱ་བ་ནི་རིགས་ཀྱི་མཚན་ཉིད་དེ། འདུས་མ་བྱས་ཀྱི་དབྱིངས་ཀྱི་མཚན་ཉིད་དུ་བལྟའོ། །དེ་ལ་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་འཕགས་ པ་ཉིད་དེ། དེའི་ཚེ་འདི་ལ་དངོས་པོ་ལྔ་ལས་ཤིན་ཏུ་འདས་པའོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད་ཅེས་བྱ་བ་དེ་ནི་ཤིན་ཏུ་འདས་པའོ། །བསླབ་པ་ལས་འདས་པ་ཡང་མེད་དོ་ཞེས་བྱ་བ་ནི་མི་བྱེད་པ་ལས་ཤིན་ཏུ་འདས་པའོ། །རྒྱུ་བ་ཡང་མེད་ཅེས་བྱ་བ་ནི་བྱ་བར་སྦྱོར་ 116-247a བ་ལས་ཤིན་ཏུ་འདས་པའོ། །མི་རྒྱུ་བ་ཡང་མེད་ཅེས་བྱ་བ་ནི་མི་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །རབ་ཏུ་རྒྱུ་བ་ཡང་མེད་ཅེས་བྱ་བ་ནི། མི་བྱ་བ་ལ་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །ཚེ་རབས་གཞན་ན་དངོས་པོ་དྲུག་པ་ལས་ཤིན་ཏུ་འདས་ཏེ། གང་ལ་རྒྱུ་བ་ཡང་མེད་ མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ་ཞེས་བྱ་བ་ནི་ཡང་སྲིད་པར་འགྱུར་བའི་འདུ་བྱེད་འབྱུང་བར་བྱེད་པ་ལས་ཤིན་ཏུ་འདས་པའོ། །གང་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་ མེད་དོ་ཞེས་བྱ་བ་དེ་ནི་འདུ་བྱེད་ལས་ཤིན་ཏུ་འདས་པའོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་བྱ་བ་དེ་ནི་དེའི་འབྲས་བུ་གྲུབ་པ་ལས་ཤིན་ཏུ་འདས་པའོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་དོ་ཞེས་བྱ་བ་དེ་ནི་དེ་ལ་ བརྟེན་པའི་འབྱོར་པ་དང་རྒུད་པ་ལས་ཤིན་ཏུ་འདས་པའོ། །གང་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་པའོ། །རིགས་དེ་ལ་ནི་ལུས་ཀྱི་ལས་ བྱེད་པ་མེད་དེ། ངག་གི་མ་ཡིན། ཡིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱི་གནས་དང་། ལུང་དུ་མ་བསྟན་པ་ཐམས་ཅད་ཀྱི་ཀུན་དུ་གཡོ་བ་རྣམས་ལ་སྟེ། དེ་ལ་ལས་ཀྱང་མེད་ཅེས་བྱ་བ་ནི་བསླབ་པ་ལས་ཤིན་ཏུ་འདས་པའོ། །ལས་མངོན་པར་འདུ་བྱེད་པ་ཡང་མེད་ཅེས་བྱ་བ་ ནི་སྨོན་པ་ལས་ཤིན་ཏུ་འདས་པའོ། །རིགས་དེ་ལ་ལུས་ལ་སོགས་པ་ལས་རྣམས་བྱེད་པ་ཡང་མེད་དོ་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བ་ལས་ཤིན་ཏུ་འདས་པའོ། །རིགས་དེ་ལ་ཐ་མ་དང་འབྲིང་དང་། མཆོག་རྣམ་པར་གཞག་པ་ཡང་མེད་དོ་ཞེས་བྱ་བ་ནི་དེའི་གནས་ལུས་སྣ་ཚོགས་ལས་ཤིན་ཏུ་འདས་པའོ། ། རིགས་དེ་ཡང་དུས་རྣམ་པ་བཞི་དང་མཚན་ཉིད་རྣམ་པ་དགུར་རིག་པར་བྱ་སྟེ། རྣམ་པར་མ་དག་པའི་དུས་དང་། རྣམ་པར་དག་པའི་དུས་དང་། རབ་ཏུ་རྟོགས་པའི་དུས་དང་། ཡོངས་སུ་མཐར་ཕྱིན་པའི་དུས་སོ། །རིགས་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་སྙོམས་པའོ་ཞེས་བྱ་བ་ནི་རྣམ་ 116-247b པར་མ་དག་པའི་དུས་ན་མཚན་མ་ཐམས་ཅད་ལ་མཚུངས་པར་རྗེས་སུ་སོང་བས་ནམ་མཁའ་ལྟ་བུ་སྟེ་ཇི་ལྟར་ནམ་མཁའ་གཟུགས་ཐམས་ཅད་ལ་མཚུངས་པར་རྗེས་སུ་སོང་བ་དེ་བཞིན་དུ་རྣམ་པར་མ་དག་པའི་དུས་ན་རྣལ་འབྱོར་པས་དེ་བཞིན་ཉིད་མཚན་མ་ཐམས་ཅད་མཉམ་པར་རྗེས་སུ་སོང་བར་མཐོང་ བ་སྟེ། དེ་ནི་རྣམ་པར་དག་པའི་དུས་ཀྱི་རྣམ་པ་སྟེ་གཅིག་གོ། །རིགས་དེ་ནི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་ཁྱད་པར་མེད་པའོ། །རིགས་དེ་ནི་ལུས་དང་སེམས་དབེན་པའི་ཕྱིར་དབེན་པའོ་ཞེས་བྱ་བ་ནི་རྣམ་པར་དག་པའི་དུས་ཏེ། རོ་གཅིག་པའི་དང་། ལུས་དང་། སེམས་དབེན་པ་ཞེས་བྱ་བ་ནི་ རྣམ་པར་དག་པའི་དུས་གཉིས་སུ་རིག་པར་བྱའོ། །རིགས་དེ་ནི་མྱ་ངན་ལས་འདས་པ་དང་མཐུན་པའོ། །རིགས་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ་ཞེས་བྱ་བ་ནི་རབ་ཏུ་རྟོགས་པའི་དུས་ཏེ། འདི་ལྟར་མཐུ་དང་འདི་ལྟར་དྲི་མ་མེད་པ་དེའི་ཕྱིར་མཐར་ཐུག་པའི་རྗེས་ སུ་མཐུན་པའི་རབ་ཏུ་རྟོགས་པའི་དུས་ཀྱི་རྣམ་པ་དང་། རིགས་དེ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པའི་ངའི་བར་མེད་པའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལས་ཤིན་ཏུ་འདས་པ་སྟེ། དེ་གཉིས་ཀྱི་རྣམ་པ་གཉིས་པའོ། །རིགས་དེ་ནི་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་མཉམ་པ་ལས་འབྱུང་བ་སྟེ། མི་མཉམ་པ་མེད་པའོ་ཞེས་བྱ་བ་ནི་དེའི་རྩ་བ་ལས་བྱུང་བ་མི་མཉམ་པར་ལྟ་བ་ལས་ཤིན་ཏུ་འདས་པའོ། །དེ་གཉིས་ཀྱི་རྣམ་པ་གསུམ་པའོ། །རིགས་དེ་ནི་དོན་དམ་པའི་བདེན་པ་ཡིན་པས་བདེན་པའོ་ཞེས་བྱ་བ་ནི་ཡོངས་སུ་མཐར་ཕྱིན་པའི་དུས་ཏེ། དུས་དེ་ན་རྟོགས་པའི་ཕྱིར་ཡོངས་སུ་གྲུབ་པའི་བདེ་བ་སྟེ། འགྱུར་ བ་རྣམ་པ་གསུམ་ལས་ཤིན་ཏུ་འདས་པའོ། །དེ་ལ་འགྱུར་བ་ནི་གསུམ་པོ་འདི་དག་སྟེ། རྒ་ཤི་ལ་སོགས་པའི་འགྱུར་བ་དང་། ཕྱིན་ཅི་ལོག་གི་གནས་འགྱུར་བ་དང་། རྣམ་པར་དག་པ་ལས་ཡོངས་སུ་ཉམས་པའི་འགྱུར་བའོ། །རིགས་དེ་ནི་རབ་ཏུ་མ་སྐྱེས་པའི་ཕྱིར་མི་ཟད་པའོ་ཞེས་བྱ་བ་ནི་རྒ་ཤི་ལ་སོགས་པའི་འགྱུར་ བ་ལས་ཤིན་ཏུ་འདས་པ་སྟེ། ཡོངས་སུ་གྲུབ་པའི་དུས་ཀྱི་རྣམ་པ་དང་པོའོ། །རིགས་དེ་ནི་རྟག་ཏུ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཕྱིར་རྟག་པའོ། །རིགས་དེ་ནི་མྱ་ངན་ལས་འདས་པ་མཆོག་གི་ཕྱིར་བདེ་བའོ། །རིགས་དེ་ནི་རྣམ་པ་ཐམས་ཅད་དྲི་མ་མེད་པའི་ཕྱིར་དགེ་བའོ། །རིགས་དེ་ནི་བདག་ཡོངས་སུ་བཙལ་ཏེ་མ་རྙེད་ 116-248a པའི་ཕྱིར་བདག་མེད་པའོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་གནས་ཀྱི་འགྱུར་བའི་ལས་ཤིན་ཏུ་འདས་པ་སྟེ། དེ་ཉིད་ཀྱི་རྣམ་པ་གཉིས་པའོ། །རིགས་དེ་ནི་རབ་ཏུ་རྣམ་པར་དག་པའོ་ཞེས་བྱ་བ་ནི་རྣམ་པར་དག་པའི་ལས་ཡོངས་སུ་ཉམས་པའི་འགྱུར་བ་ལས་ཤིན་ཏུ་འདས་པ་སྟེ། དེ་ཉིད་ཀྱི་རྣམ་པ་ གསུངས་པའོ། །དེ་བས་ན་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་གཞན་གྱི་དོན་བྱེད་པར་བསྟན་ཏོ། །འོད་སྲུངས་ནང་དུ་ཡོངས་སུ་ཚོལ་བ་ཞེས་བྱ་བ་མཚམས་སྦྱོར་ཅེ་ན། ཇི་ལྟར་རིགས་དེས་རབ་ཏུ་ཕྱེ་བ་ནི་རྣམ་པར་དག་པའི་འཕགས་པ་སྟེ། དེ་ནི་ཇི་ལྟར་དེ་ལས་འཕགས་པ་རྣམས་སྐྱེ་ བ་དེ་དང་གདམས་ངག་དོན་ཆེན་པོར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དག་ནི་ཅི་ནས་ཀྱང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཉེན་པོ་རྣམ་པ་གཉིས་རྣམ་པར་གཞག་སྟེ། དེ་ལས་གཞན་པའི་ཐེག་པ་ལ་འཕགས་པ་ལ་སྦྱོར་བ་ལས་བརྩམས་ནས་འདམས་ཏེ། སེམས་ཡོངས་སུ་བཙལ་བ་ དེ་ཉིད་ཀུན་དུ་སྟོན་ཏོ། །འོད་སྲུངས་མ་འོངས་པའི་དུས་ན་དགེ་སློང་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་དག་འབྱུང་ངོ་ཞེས་བྱ་བ་དེ་ནི་ཁྱི་ལྟ་བུ་ནི་ཕྱི་རོལ་ཏུ་རྒྱུག་པ་རྣམས་སོ། །རྡོ་ལྟ་བུ་ནི་གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་གོ། །འཕེལ་བ་ལྟ་བུ་ནི་སེམས་སོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་འཇིགས་ཤིང་སྐྲག་ཅེས་བྱ་བ་ནི་ཡུལ་གྱིས་འཇིགས་སྐྲག་པར་སྟོན་ཏོ། །ཡུལ་གྱིས་འཇིགས་སྐྲག་པ་དེ་དག་ནི་འཇིགས་པའི་རྒྱུ་ཡོངས་སུ་མི་ཤེས་པས་རྣམ་པ་བཞིས་ཡུལ་ལ་རྒྱུག་པར་སྟོན་ཏོ། །ཡུལ་མཆོག་ཏུ་ཁྱད་པར་དུ་འཕགས་པ་འདོད་པ་དང་ཡུལ་དྲན་པའི་ཀུན་དུ་རྟོག་པ་དང་དུ་ལེན་པ་དང་། ཡང་སླར་ ལྡོག་པ་དང་། མཐོ་རིས་སུ་སྐྱེས་པའི་མཐའ་ལྟུང་བ་སྟེ། དགོན་པའི་གནས་རྣམས་ན་གནས་ཞེས་བྱ་བ་ནི་ཡུལ་མཆོག་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་དགོན་པ་ན་གནས་པར་ཁས་ལེན་ཏོ། །དེ་དག་ན་གཅིག་པུ་གཉིས་སུ་མེད་པར་ལུས་རབ་ཏུ་དབེན་པར་འདུག་སྟེ། ཆགས་པར་འགྱུར་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སྣང་བར་གྱུར་ན་དེ་དག་དེ་ལ་བཏང་སྙོམས་སུ་འཇོག་ཅིང་ཉམས་རངས་སུ་སྦྱོར་བ་དང་ལྡན་པར་གནས་ཀྱི་ནང་དུ་སོ་སོར་རྟོག་པ་ལས་མི་བརྩོན་ཏེ་ཞེས་བྱ་བ་ནི་ཡུལ་དྲན་པའི་ཀུན་དུ་རྟོག་པ་དང་དུ་ལེན་ཏོ། །དེ་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་ 116-248b ཅིས་འབྱུང་བ་མི་ཤེས་ཤིང་ཁོང་དུ་མི་ཆུད་དོ། །མ་ཤེས་ཁོང་དུ་མ་ཆུད་པས། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་སོང་ནས་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིས་གཡེན་སྤྱོ་བར་འགྱུར་རོ་ཞེས་བྱ་བ་ནི་ཡང་སླར་ལྡོག་པའོ། །གལ་ཏེ་ དགོན་པར་སོང་བ་ལས་འཆི་བའི་དུས་བྱས་པར་གྱུར་ན་འཇིག་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར་ཡང་དེ་དག་ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་གཡེན་སྤྱོ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་བཞི་ལས་ཡོངས་སུ་མ་གྲོལ་བར་འགྱུར་ཏེ། སེམས་ཅན་ དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་ནོ་ཞེས་བྱ་བ་ལ་མཐོ་རིས་སུ་སྐྱེས་པའི་མཐའ་ནི་ལོག་པར་ལྟུང་བའོ། །སྲེད་པ་ལ་སྤྱོད་པའི་དབང་དུ་བྱས་ནས་ནག་པོའི་ཕྱོགས་སུ་བསྟན་པར་རིག་པར་བྱའོ། །ལྟ་བ་ལ་སྤྱོད་པའི་དབང་དུ་བྱས་ནས་དཀར་པོའི་ཕྱོགས་སུ་བསྟན་པར་ རིག་པར་བྱ་སྟེ། གང་ཟག་ལ་བདག་མེད་པར་བསྟན་པའི་ཕྱིར་ཏེ། འདི་ལ་གཤེ་བའམ། ཁྲོས་པའམ། བརྡེག་པའམ། བསྡིགས་པའམ། སྨད་པའམ། མཚང་བྲུས་པ་གང་ཡིན་སྙམ་དུ་སོ་སོར་རྟོག་གོ། །འོད་སྲུངས་དེ་ལྟར་ན་ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལས་བཟློག་ པ་ནི་དཀར་པོ་དང་། ནག་པོའི་ཕྱོགས་གཉི་གར་གྲུབ་པར་རིག་པར་བྱའོ། །དེ་ལྟར་སྦྱོར་བ་ལ་བརྩོན་པས་སེམས་མཉམ་པར་མ་བཞག་པ་ནི་མཉམ་པར་གཞག་པར་བྱ། སེམས་མཉམ་པར་བཞག་པ་ནི་རྣམ་པར་གྲོལ་བར་བྱ་སྟེ། དེ་བས་ན་རྟའི་འདུལ་སྦྱོང་ལ་མཁས་པའི་དཔེས་ནི་སེམས་མཉམ་པར་མ་བཞག་པ་སེམས་མཉམ་པར་བཞག་ པའི་ཐབས་ཏེ་ཞི་གནས་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་ཉེ་བར་ཉོན་མོངས་པ་རྣམས་ཀྱིས་ཞི་གནས་ལ་སོགས་པའི་མཚན་མ་ལ་འཁྲུག་པའི་སེམས་ཚར་བཅད་པ་བསྟན་པའི་ཕྱིར་རོ། །ལྐོག་མ་ན་བའི་ནད་དང་། སྐྱེས་བུ་བཅིངས་པའི་དཔེ་གཉིས་ཀྱིས་ནི་སེམས་མཉམ་པར་གཞག་པ་རྣམ་པར་གྲོལ་བར་བྱ་བའི་ཐབས་སྟོན་ ཏེ། མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་ཐབས་ཀུན་དུ་སྟོན་པའི་ཕྱིར་རོ། །དེའི་བར་དུ་གཅོད་པ་འཇིག་ཚོགས་ལ་ལྟ་བ་དང་སྙོམས་པར་འཇུག་པ་ལ་སྲེད་པ་ལྐོག་མ་ནན་བཅིངས་པ་ལྟར་ཤེས་པས་བདེན་པ་མངོན་པར་རྟོགས་པའི་དུས་ན་ཡང་འཇིག་རྟེན་ལས་འདས་པའི་ཤེས་ 116-249a རབ་ཀྱི་སྲོག་གི་བར་ཆད་བྱེད་པས་འཇིག་ཚོགས་ལ་ལྟ་བ་ནི་ལྐོག་མ་ན་བའི་ནད་ལྟ་བུར་རིག་པར་བྱ་སྟེ། དེ་ལྟར་བརྩོན་པ་ནི་དེ་དང་མི་མཐུན་པའི་ཆོས་སྤང་བའི་ཕྱིར་དགེ་བའི་ཕྱོགས་དང་། གནས་ལ་གནས་པ་ལས་བརྩམས་ནས་ནམ་མཁའ་ཡོངས་སུ་ཆགས་པ་གཉིས་སྟོན་ཏེ། འཇིག་རྟེན་ རྒྱང་པན་པའི་བརྗོད་པ་ཚོལ་བ་དང་། ལྷུང་བཟེད་དང་། གོས་ལྷག་པར་འཆང་བའོ། །ཆོས་དེ་གཉིས་ནི་རྣམ་པ་གཉིས་ཀྱིས་བཅིང་བར་བྱེད་དེ། ལྟ་བར་གྱུར་པའི་འཆིང་བ་དང་། འཐོབ་པ་དང་། བཀུར་སྟིའི་འཆིང་བ་སྟེ་གོ་རིམས་བཞིན་ནོ། །འཆིང་བ་རྣམ་པ་གཉིས་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཉེ་ བར་བཟུང་ནས་བར་ཆད་བྱེད་པའི་ཆོས་གཉིས་བྱེད་དེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། འཕགས་པའི་ཕྱོགས་ལ་གནོད་པར་སེམས་པའོ། །དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པ་དང་དྲི་མ་ཅན་དུ་བྱ་བའི་ཕྱིར་དྲི་མ་གཉིས་བྱེད་དེ། ཉོན་མོངས་པ་ལ་མི་བརྗེད་པ་དང་། མཛའ་བའི་ཁྱིམ་དང་། ཟས་ སྦྱིན་པའི་ཁྱིམ་ཡོངས་སུ་འཛིན་པའོ། །དགེ་བའི་ཆོས་རྣམས་རྩ་བ་ནས་བཅད་པའི་ཕྱིར་སེར་བ་འབབ་པ་གཉིས་བྱེད་དེ། དམ་པའི་ཆོས་སྤོང་བ་དང་། ཚུལ་ཁྲིམས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པའོ། །ཚེ་འདི་ལ་ཡང་དེ་ལ་ཕྱིར་སྦྱོར་བའི་སྐལ་བ་མེད་པར་བྱ་བའི་ཕྱིར་རྨ་གཉིས་བྱེད་དེ། ཕ་རོལ་གྱི་ ཉེས་པ་ལ་སོ་སོར་རྟོག་པ་དང་བདག་གི་ཉེས་པ་འཆབ་པའོ། །ཚེ་འདི་སྡུག་བསྔལ་བར་གནས་པར་བྱ་བའི་ཕྱིར་ཡོངས་སུ་གདུང་བ་གཉིས་བྱེད་དེ། རྙོག་པ་དང་བཅས་པར་ངུར་སྨྲིག་འཆང་བ་དང་། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ལས་བསྙེན་བཀུར་བྱ་བ་བདག་གིར་བྱེད་དེ་མ་འོངས་པ་ན་འཁྲུང་བའི་སྐལ་བ་མེད་ པར་བྱ་བའི་ཕྱིར་གསོར་མི་རུང་བའི་ནད་གཉིས་བྱེད་དེ། མངོན་པའི་ང་རྒྱལ་གྱིས་སེམས་ལ་ངེས་པར་རྟོག་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་མོས་པ་བཟློག་པའོ། ། ༈ དགུ་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་དེ་ལ་ཉན་ཐོས་ཀྱི་བསླབ་པའི་རྣམ་པ། བྱང་ཆུབ་སེམས་དཔའི་གདམས་ངག་ལ་ཉན་ཐོས་ཀྱི་བསླབ་པའི་དབང་དུ་བྱས་ནས་གཞན་དུ་མཚམས་སྦྱོར་ བ་ནི་འདི་རིག་པར་བྱའོ། །འོད་སྲུངས་ནང་དུ་ཡོངས་སུ་ཚོལ་དུ་མ་རྒྱུག་ཅིག །འོད་སྲུངས་མ་འོངས་པའི་དུས་ན་དགེ་སློང་ཁྱི་རྡོ་ལ་བསྙེགས་པ་མཚུངས་པ་དག་འབྱུང་ངོ་། །འོད་སྲུངས་ཇི་ལྟར་ན་དགེ་སློང་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་ཡིན་ཞེ་ན། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱི་རྡོ་ལ་ནི་སྐྲག་ལ། རྡོའི་ 116-249b ཕྱིར་བསྙེགས་ཀྱི། རྡོ་དེ་སུས་འཕངས་པ་དེ་ལ་ནི་མི་བསྙེགས་སོ། །འོད་སྲུངས་དེ་བཞིན་དུ་འདི་ལ་དགེ་སློང་དང་། བྲམ་ཟེ་ཁ་ཅིག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་འཇིགས་ཤིང་སྐྲག་ནས་དགོན་པའི་གནས་རྣམས་ན་གནས་ཤིང་། དེ་དག་དེ་ན་གཅིག་པུ་གཉིས་སུ་མེད་པར་རབ་ཏུ་དབེན་ པར་འདུག་སྟེ། ཆགས་པར་གྱུར་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སྣང་བར་གྱུར་ན་དེ་དག་དེ་ནི་བཏང་སྙོམས་སུ་འཇོག་ཅིང་། ཉམས་རངས་སུ་སྦྱོར་བ་དང་ལྡན་པར་གནས་ཀྱི་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་མི་བརྩོན་ཏེ། དེ་དག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལས་ཅིས་མི་འབྱུང་བ་མི་ཤེས་ཁོང་དུ་མི་ཆུད་དོ། །མ་ཤེས་ཁོང་དུ་མ་ཆུད་པས་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ན་ཡང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་གཡེན་སྤྱོ་བར་འགྱུར་རོ། །གལ་ཏེ་དེ་དག་ དགོན་པར་སོང་བ་ལས་འཆི་བའི་དུས་བྱས་པར་གྱུར་ན། འཇིག་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར་ཡང་དེ་དག་ལྷའི་ཡོན་ཏན་འདོད་པ་ལྔ་པོ་དག་གིས་གཡེན་སྤྱོ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་བཞི་ལས་ཡོངས་སུ་མ་གྲོལ་བར་འགྱུར་ ཏེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་ལྷ་མ་ཡིན་ནོ། །འདི་ལྟར་གཤེ་ཡང་སླར་མི་གཤེ། ཁྲོ་བ་ལས་ཀྱང་སླར་མི་ཁྲོ། རྡེག་ཀྱང་སླར་མི་རྡེག །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་སྟེ། དེ་ལ་གཤེ་བའམ། རྡེག་པའམ། མཚང་བྲུས་པ་གང་ཡིན་ པ་སྙམ་དུ་ནང་དུ་སེམས་ངེས་པར་རྟོག་ཅིང་སོ་སོར་རྟོག་པ་ནི་གཉེན་པོ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱང་བསྟན་པར་འགྱུར་རོ། །དེ་ལྟར་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་ཡིན་ནོ། །འོད་སྲུངས་ཇི་ལྟར་དགེ་སློང་ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བ་མ་ཡིན་ཞེ་ན། གང་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་ མི་ཁྲོ། རྡེག་ཀྱང་སླར་མི་རྡེག །མཚང་བྲུས་ཀྱང་སླར་ཡང་མཚང་མི་འབྲུ་སྟེ། འདི་ལ་གཤེ་བའམ། ཁྲོས་པའམ། བརྡེགས་པའམ། མཚང་བྲུས་པ་གང་ཡིན་སྙམ་དུ་ནང་དུ་སེམས་ལ་ངེས་པར་རྟོག་ཅིང་། སོ་སོར་རྟོག་ཅེས་བྱ་བ་ནི་འདི་ལྟར་དགོན་པར་སོང་ནས་ཆགས་པར་འགྱུར་བའི་གཟུགས་ 116-250a ལ་སོགས་པར་སྣང་བར་གྱུར་ན་དེ་དག་ལ་བཏང་སྙོམས་སུ་མི་འཇོག་ཅིང་ནང་དུ་སོ་སོར་རྟོག་པའི་རྣལ་འབྱོར་དང་ལྡན་པས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལས་ཅིས་འབྱུང་བ་ཤེས་ཏེ། དེ་དེ་དག་གིས་གཡེན་སྤྱོ་བར་མི་འགྱུར་རོ། །དེ་དག་ལས་གྲོལ་བར་འགྱུར་རོ། །མི་མཐུན་ པའི་ཕྱོགས་བསྟན་པས་གཉེན་པོའི་དོན་ཀྱང་བསྟན་པར་འགྱུར་རོ། །དེ་ལྟར་ན་ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བ་མ་ཡིན་ནོ། །དེ་ལྟར་ཆགས་སེམས་དང་མི་བདེ་བ་འདུལ་བའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོར་བའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་རྟའི་འདུལ་སྦྱོང་ལ་མཁས་པས་རྟ་དེ་གང་དང་གང་ དུ་གཡོ་བྱེད་ཅིང་། མ་བྱང་བ་དེ་དང་དེར་རབ་ཏུ་སྦྱོར་བ་དེ་བཞིན་དུ་འོད་སྲུངས་དགེ་སློང་རྣལ་འབྱོར་སྤྱོད་པ་ཡང་གང་དང་གང་དུ་སེམས་འགྱུར་བ་མཐོང་བ་དེ་དང་དེར་རབ་ཏུ་འཆོས་པ་ལ་འཇུག་སྟེ། དེ་ཅི་ནས་ཕྱིས་འཁྲུག་པར་མི་འགྱུར་བ་དེ་ལྟར་སེམས་རབ་ཏུ་འཆོས་སོ་ཞེས་བྱ་བ་དེའི་འདུལ་སྦྱོང་ལ་མཁས་པའི་དཔེ་དེས་ནི་སྐྱོ་བ་ ཡིད་ལ་བྱེད་པས་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ལྐོག་མའི་ནད་ཀྱིས་སྲོག་གི་དབང་པོ་ཉམས་པར་འགྱུར་བ་དེ་བཞིན་དུ་ལྟ་བར་སོང་བ་ཐམས་ཅད་ཀྱི་ནང་ན་བདག་ཏུ་འཛིན་པ་ནི་ཆོས་ཀྱི་སྲོག་གི་དབང་པོ་ཉམས་པར་བྱེད་དོ་ཞེས་བྱ་བ་ལྐོག་མའི་ནད་ཀྱི་དཔེ་དང་། འོད་སྲུངས་འདི་ལྟ་སྟེ་ དཔེར་ན་སྐྱེས་བུ་གང་དང་གང་དུ་བཅིངས་པ་དེ་དང་དེ་ལས་དགྲོལ་བར་བྱ་བ་ཡིན་ཏེ། འོད་སྲུངས་དེ་བཞིན་དུ་གང་དང་གང་ལ་སེམས་ཆགས་པར་གྱུར་པ་དེ་དང་དེ་ལས་གྲོལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྐྱེས་བུ་བཅིངས་པའི་དཔེ་དེས་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སྦྱོར་བའོ། ། གང་གི་ཚེ་ཆགས་སེམས་དང་ཡིད་བདེ་བ་འདུལ་བ་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བར་གསུངས་ན་ཅིའི་ཕྱིར་མདོ་འདི་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོར་བར་བརྗོད་པ་སྨྲས་པ། ཆགས་སེམས་དང་ཡིད་མི་བདེ་བ་ནི་ཉེས་པ་འབྱུང་བར་བྱེད་པའི་ཕྱིར་ཏེ། ཉེས་པ་ནི་ཕལ་ཆེར་འདོད་ཆགས་དང་། ཞེ་སྡང་ ལས་འབྱུང་ངོ་། །དེ་བས་ན་ཆགས་པ་དང་ཡིད་མི་བདེ་བ་འདུལ་བ། ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་ལ་སྦྱོར་བར་བཤད་དོ། །ཇི་ལྟར་ན་ཆགས་སེམས་དང་། ཡིད་མི་བདེ་བ་ལས་ཉེས་པ་འབྱུང་བར་འགྱུར་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཇི་ལྟར་མི་སེལ་བ་དང་། ཇི་ལྟར་བསྩལ་བ་ཡིན་ནོ། །ཇི་ལྟར་མི་ 116-250b སེལ་ཅེ་ན། དཔེར་ན་འདི་ལ་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་ཀུན་ནས་ཉོན་མོངས་པའི་རྒྱུ་ཡོངས་སུ་མི་ཤེས་པས་གཟུགས་ལ་སོགས་པ་ཡུལ་གྱིས་འཇིགས་ནས་དགོན་པའི་གནས་རྣམས་སུ་གནས་ཏེ། རང་གི་སེམས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཆགས་སེམས་དང་། ཡིད་མི་བདེ་བ་ ནི་ཡུལ་དང་གཞན་ལ་ཡང་ང་རྒྱལ་གྱིས་རློམ་སེམས་སུ་བྱེད་པས་ཆགས་སེམས་ལ་སོགས་པ་དང་རྗེས་སུ་འབྲེལ་པ་ཡིན་ཏེ། ཁྱི་རྡོ་འཕངས་ནས་རྡོ་ལ་བསྙེགས་པ་དེ་བཞིན་དུ་ཆགས་སེམས་ལ་སོགས་པ་མི་སེལ་བས། གལ་ཏེ་གྲོང་ལ་སོགས་པ་དང་འདྲེ་བ་ན་མངོན་སུམ་དུ་བྱེད་དེ། དེ་ལྟར་ན་མ་བསལ་བ་ ཡིན་ནོ། །དེ་ལས་བཟློག་པ་ནི་སེལ་བ་དང་བསྩལ་བ་ཡིན་ནོ། །ཅིའི་ཕྱིར་ན། ནག་པོའི་ཕྱོགས་ལ་ཆགས་སེམས་བསྩལ་བ་བསྟན་གྱི། གནོད་སེམས་ནི་མ་ཡིན་དཀར་པོའི་ཕྱོགས་ལ་ཡང་གནོད་སེམས་བསྩལ་བ་བསྟན་གྱི། ཆགས་སེམས་ནི་མ་ཡིན། སྨྲས་པ། གཉི་ག་ཡང་འདོད་པའི་ཁམས་ཀྱི་ཡིན་ པས། གཞན་མ་བསལ་བས་གཞན་ཡང་མ་བསྩལ་བ་ལྟར་གཞན་བསྩལ་བས་གཞན་ཡང་བསྩལ་བར་བལྟའོ། །གལ་ཏེ་དགོན་པར་སོན་པ་ལས་འཆི་བའི་དུས་བྱས་པར་གྱུར་ན་ཞེས་བྱ་བ་ནི་དེ་ལྟར་མི་སེལ་བས་སྡོམ་པ་ལ་གནས་ཀྱང་ལྷག་པའི་ཚུལ་ཁྲིམས་ལས་ལོག་པར་ཞུགས་པ་ཡིན་ནོ། །སྡོམ་པ་ལ་མི་ གནས་པ་ལྟ་ག་ལ་འགྱུར། འདི་ལྟ་སྟེ་དཔེར་ན་རྟ་ལམ་ལོག་པར་རྒྱུ་བ་ནི་སྒྲུབ་པ་ཞེས་བྱའོ། །དེ་བཞིན་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བའི་རྣལ་འབྱོར་སྤྱོད་པ་ཡང་། དམིགས་པ་ལ་རྣམ་པར་གཡེངས་པ་ནི་རྣམ་པར་འཁྲུགས་པ་ཞེས་བྱའོ། །དཔེར་ན་ལྐོག་མ་ན་བའི་ནད་ཀྱིས་སྲོག་གི་དབང་པོ་ཉམས་པར་ འགྱུར་བ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཡང་གང་ཟག་ལ་བདག་མེད་པ་ལས་བརྩམས་ཏེ། ལྷག་པའི་ཤེས་རབ་ལ་སྦྱོར་བའི་སྲོག་གི་དབང་པོ་ཉམས་པར་བྱེད་དོ། །དཔེར་ན་སྐྱེས་བུ་གང་དང་གང་དུ་བཅིངས་པ་དེ་དང་དེ་ལས་གྲོལ་བར་བྱ་བ་ཡིན་ཏེ། དེ་བཞིན་དུ་ཆོས་ལ་བདག་མེད་པ་ལས་བརྩམས་ཏེ། ལྷག་པའི་ ཤེས་རབ་ལ་སྦྱོར་བས་སོ། །གང་དང་གང་དུ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྱེ་བྲག་ལ་ཡོངས་སུ་རྟོག་པ་རྣམས་ལས་སེམས་དགྲོལ་བར་བྱ་བ་ཡིན་ནོ། །བསླབ་པ་འདི་གསུམ་བསྒོམ་པ་བསླབ་པ་དང་མི་མཐུན་པའི་ཆོས་བརྒྱད་དེ། དེ་ལ་སློབ་པ་དང་མི་མཐུན་པའི་དོན་བྱེད་པ་ལ་ཆགས་པ་ནི། འོད་སྲུངས་འདི་ 116-251a གཉིས་ནི་རབ་ཏུ་བྱུང་བའི་ནམ་མཁའ་ལ་ཡོངས་སུ་ཆགས་པ་སྟེ། གཉིས་གང་ཞེ་ན། འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཚོལ་བ་དང་། ལྷུང་བཟེད་དང་། གོས་ལྷག་པ་འཆང་ངོ་ཞེས་གསུངས་པ་གང་ཡིན་པ་དེ་མི་དགོས་པས་ནམ་མཁའ་ལ་ཡོངས་སུ་ཆགས་པ་བཞིན་ནོ། །ཡོངས་སུ་ ཆགས་པ་ཡང་འོག་ནས་འཆིང་བ་གཉིས་འབྱུང་བའི་རྒྱུ་ཡིན་ཏེ། འཇིག་རྟེན་རྒྱང་པན་པའི་བརྗོད་པ་ཡོངས་སུ་ཚོལ་བས་ནི་ལྟ་བར་གྱུར་པའི་འཆིང་བའོ། །ལྷུང་བཟེད་དང་། གོས་ལྷག་པ་འཆང་བས་ནི་ཐོབ་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པའི་འཆིང་བ་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་བཅིང་བ་ དམ་པའོ། །གཉིས་གང་ཞེ་ན། ལྟ་བར་གྱུར་པའི་འཆིང་བ་དང་། འཐོབ་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པའི་འཆིང་བའོ་ཞེས་གསུངས་པ་གང་ཡིན་པའོ། །འཆིང་བ་ཡང་བར་དུ་གཅོད་པ་འོག་ནས་འབྱུང་བའི་རྒྱུ་ཡིན་ཏེ། ལྟ་བར་གྱུར་པའི་འཆིང་བ་ནི་འཕགས་པའི་ཕྱོགས་ལ་གནོད་པར་སེམས་པ་འཐོབ་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་བཅིང་བ་ནི་ཁྱིམ་པའི་ཕྱོགས་ལ་བསྟན་ཏེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་བར་དུ་གཅོད་པའི་ཆོས་སོ། །གཉིས་གང་ཞེ་ན། འཕགས་པའི་ཕྱོགས་ལ་གནོད་པར་སེམས་པ་དང་། ཁྱིམ་པའི་ཕྱོགས་ལ་བརྟེན་པའོ་ཞེས་བྱ་བ་གསུངས་པ་གང་ཡིན་པའོ། །བར་དུ་གཅོད་པ་ཡང་ འོག་ནས་འབྱུང་བ་དྲི་མའི་རྒྱུ་ཡིན་ཏེ། འཕགས་པའི་ཕྱོགས་ལ་གནོད་པར་སེམས་པས་ནི་ཉོན་མོངས་པ་ལ་མཇེད། ཁྱིམ་པའི་ཕྱོགས་དང་། བསྟེན་པས་ནི་མཛའ་བའི་ཁྱིམ་དང་། ཟས་སྦྱིན་པའི་ཁྱིམ་ཡོངས་སུ་འཛིན་ཏེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་དྲི་མའོ། །གཉིས་གང་ཞེ་ན། དམ་པའི་ཆོས་ སྤོང་བ་དང་། ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པའོ་ཞེས་གསུངས་པ་གང་ཡིན་པའོ། །དྲི་མ་ཡང་འོག་ནས་འབྱུང་བ་སོལ་བ་འབབ་པའི་རྒྱུ་ཡིན་ཏེ། ཉོན་མོངས་པ་ལ་མི་མཇེད་པ་ནི་དམ་པའི་ཆོས་སྤོང་བའི་མཛའ་བོའི་ཁྱིམ་དང་། ཟས་སྦྱིན་པའི་ཁྱིམ་ཡོངས་སུ་འཛིན་པ་ནི་ངང་ཚུལ་ངན་པའི་ རྐྱེན་ལ་བསྟེན་ཅིང་། ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་སེར་བ་འབབ་པའོ། །གཉིས་གང་ཞེ་ན། དམ་པའི་ཆོས་སྤོང་བ་དང་། ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པའོ་ཞེས་གསུངས་པ་གང་ཡིན་པའོ། ། 116-251b སེར་བ་ཡང་འོག་ནས་འབྱུང་བ་རྨའི་རྒྱུ་ཡིན་ཏེ། དམ་པའི་ཆོས་ཡོངས་སུ་སྤོང་བས་ནི་ཕ་རོལ་གྱི་ཉེས་པ་ལས་སོ་སོར་རྟོག །ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པས་ནི་རང་གི་ཉེས་པ་འཆབ་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་རྨའོ། །གཉིས་གང་ཞེ་ན། ཕ་རོལ་གྱི་ ཉེས་པ་ལ་སོ་སོར་རྟོག་པ་དང་། བདག་གི་ཉེས་པ་འཆབ་པའོ་ཞེས་གསུངས་པ་གང་ཡིན་པའོ། །རྨ་ཡང་འོག་ནས་འབྱུང་བ་ཡོངས་སུ་གདུང་བའི་རྒྱུ་ཡིན་ཏེ། ཕ་རོལ་གྱི་ཉེས་པ་ལ་སོ་སོར་རྟོག་པས་ནི་རྙོག་པ་དང་བཅས་པས་ངུར་སྨྲིག་འཆང་། བདག་ཉིད་ཉེས་པ་འཆབ་པས་ནི་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ ལྡན་པ་ལས་བསྙེན་བཀུར་བྱ་བ་བདག་གིར་བྱེད་དེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ཡོངས་སུ་གདུང་བའོ། །གཉིས་གང་ཞེ་ན། རྙོག་པ་དང་བཅས་པས་ངུར་སྨྲིག་འཆང་བ་དང་། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ལས་བསྙེན་བཀུར་བྱ་བ་བདག་གིར་བྱེད་པའོ་ཞེས་གསུངས་པ་གང་ཡིན་པའོ། ། ཡོངས་སུ་གདུང་བ་ཡང་འོག་ནས་འབྱུང་བ་ན་བ་གསོར་མི་རུང་བ་གཉིས་ཀྱི་ནད་ཀྱི་རྒྱུ་ཡིན་ཏེ། རྙོག་པ་དང་བཅས་པས་ངུར་སྨྲིག་འཆང་བས་མངོན་པའི་ང་རྒྱལ་གྱི་སེམས་ལ་ངེས་པར་རྟོག །བསྙེན་བཀུར་བྱ་བ་བདག་གིར་བྱེད་པས་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་མོས་ པ་བཟློག་སྟེ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ན་བ་གསོར་མི་རུང་བའོ། །གཉིས་གང་ཞེ་ན། མངོན་པའི་ང་རྒྱལ་གྱིས་སེམས་ལ་ངེས་པར་རྟོག་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་མོས་པ་བཟློག་པའོ་ཞེས་གསུངས་པ་གང་ཡིན་པའོ། །དེ་ལས་ བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱའོ། །གང་ཟག་དེ་གཉིས་ལ་དང་པོ་ནི་ལྟ་བ་ལ་སྤྱོད་པ། གཉིས་པ་ནི་སྲེད་པར་རིག་པར་བྱའོ། །འོད་སྲུངས་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་འོད་སྲུངས་ཅི་ཙམ་གྱིས་ན་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་ཞེ་ན། འོད་སྲུངས་བཞི་པོ་འདི་དག་ནི་དགེ་སྦྱོང་ཞེས་བྱ་བ་མཚམས་ ཇི་ལྟར་སྦྱར་ཞེ་ན། ཇི་ལྟར་བསླབ་པ་དང་མི་མཐུན་པའི་ཆོས་ཉིད་དེ་དག་ལ་བརྟེན་པའམ། སྤངས་པ་ལས་གང་ཟག་གི་ཉེས་པའམ། གང་ཟག་གི་ཡོན་ཏན་བསྒྲུབས་ནས་རྣལ་འབྱོར་ཡིད་ལ་བྱེད་པའི་བགེགས་སུ་འགྱུར་བ་དང་། མི་འགྱུར་བ་ཀུན་དུ་བསྟན་ནོ། །དེ་ལ་གང་ཟག་གི་ཉེས་པ་ནི་གང་ 116-252a ཟག་རྣམ་པ་གསུམ་ལས་བརྩམས་ཏེ་རིག་པར་བྱ་སྟེ། ཁ་དོག་དང་རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་ནི་སྦྱོར་བ་དང་བསམ་པ་ལོག་པར་ཞུགས་པའི་སྡིག་པ་འདོད་པ་ལས་བརྩམས་པའོ། །ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་དང་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོར་ནི་སྦྱོར་ བ་ཕུན་སུམ་ཚོགས་ཀྱང་བསམ་པ་ལོག་པར་ཞུགས་པ་དང་། འདོད་པ་ཆེ་ཞིང་འདོད་པ་རྣམ་གཉིས་ལས་བརྩམས་པའོ། །དེ་ལ་སྡིག་པ་འདོད་པ་ནི་གང་དགེ་སྦྱོང་དུ་ཁས་འཆེ་བ་ཡང་དགེ་སྦྱོང་ཡང་མ་ཡིན་པའོ། །འདོད་ཆགས་གང་ཡོན་ཏན་བདོག་པས་ལྷག་པར་བདག་ལ་ཡིད་ཆེས་པར་འདོད་པའོ། །འདོད་ པ་ཅན་ནི། གང་མཚུངས་པར་ཡིད་ཆེས་པར་འདོད་པའོ། །དང་པོ་སྦྱོར་བ་ལོག་པར་ཞུགས་པ་མ་ལགས་པ་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །ལྷག་མ་དང་བཅས་པ་ནི་བཞི་ལས་བརྩམས་ནས་རིག་པར་བྱའོ། །ཡང་དག་པར་བླངས་པ་ཉམས་པ་ལས་བརྩམས་ཏེ། དེ་ལ་ལུས་ ཀྱི་ལས་ཡོངས་སུ་མ་དག་པ་སྤྱོད་པ་དང་། ངག་གི་ལས་ཡོངས་སུ་མ་དག་པ་སྤྱོད་པ་དང་། ཡིད་ཀྱི་ལས་ཡོངས་སུ་མ་དག་པ་སྤྱོད་པའོ་ཞེས་གང་གསུངས་པ་གང་ཡིན་པའོ། །དེ་གསུམ་ལས་མ་དུལ་བ་དང་། མ་སྦགས་པ་དང་། མ་བྱུང་བ་འབྱུང་སྟེ། གོ་རིམས་བཞིན་དུ་སྟོན་ཏེ། ཟས་ཀྱི་ཕྱིར་རྒྱུ་བ་ལས་ བརྩམས་ཏེ་འཚོ་བ་ཡོངས་སུ་མ་དག་པའོ། །འདོད་ཆེན་ཅན་ཞེས་བྱ་བ་ནི་ཡོངས་སུ་སྤྱད་པ་ལས་བརྩམས་པ་སྟེ། འདོད་ཆེན་ཅན་ནི་འཇོག་ཅིང་ཡོངས་སུ་སྤྱོད་པའོ། །ལེ་ལོ་ཅན་ཞེས་བྱ་བ་ནི་དགེ་བའི་ཕྱོགས་ལས་བརྩམས་ནས་ལེ་ལོ་ཅན་ནོ། །ངང་ཚུལ་ངན་པ་ཅན་ཞེས་བྱ་བ་ནི་ཚུལ་ཁྲིམས་མ་ལུས་པར་ ཞིག་སྟེ། རྩ་བ་ལ་ཐུག་པའི་ཉེས་པ་བྱུང་བའོ། །སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་བསམ་པ་ལོག་པར་འཇུག་པ་སྟེ། སྡིག་པའི་ཆོས་ཀྱི་ཉེས་པ་ལ་འཆབ་པའོ། །གཉིས་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་དང་ཡོངས་སུ་སྤྱོད་པ་དང་། དགེ་བའི་ཕྱོགས་རྣམས་ནས་ བརྩམས་པར་རིག་པར་བྱའོ། །དེ་ལ་ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོ་ག་ལས་བརྩམས་པའོ། །སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་འཚོ་བ་ལས་བརྩམས་པའོ། །སྤྱོད་པ་ཕུན་སུམ་ཚོགས་པ་ཡིན་ཞིང་སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ཅེས་བྱ་བ་ནི་ཚུལ་ཁྲིམས་ལས་བརྩམས་པའོ། ། 116-252b ཟས་དང་སྐོམ་ངན་པ་ཟ་ཞིང་འཕགས་པའི་རིགས་བཞི་པོ་དག་གིས་ཆོག་པར་འཛིན་ཅེས་བྱ་བ་ནི་ཡོངས་སུ་སྤྱོད་པ་ལས་བརྩམས་པའོ། །ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་ལས་བརྩམས་སོ། །ཚིག་ཉུང་ཞིང་སྨྲ་བ་ཉུང་ཞེས་བྱ་བ་ནི་ཚིག་བདེན་པ་དང་ཡང་ དག་པའི་གཏམ་གྱིས་དགའ་བར་བྱེད་པ་ལས་བརྩམས་པར་རིག་པར་བྱའོ། །དེའི་སྤྱོད་ལམ་དེ་དག་ཀྱང་ཚུལ་འཆོས་པ་དང་། གཅམ་གྱིས་བརྟགས་པ་ཡིན་ཞེས་བྱ་བ་ནི་བསམ་པ་ལོག་པར་འཇུག་པའོ། །དེ་ཡང་ཆོ་ག་ལ་སོགས་པའི་སྦྱོར་བ་ལས་བརྩམས་ནས། ཚུལ་འཆོས་དང་། གཅམ་དུ་རིག་པར་བྱའོ། །དམིགས་ པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་ལས་བརྩམས་པ་སྟེ། བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་བའི་བག་ལ་ཉལ་མ་སྤངས་པའོ། །སྟོང་པ་ཉིད་མི་དམིགས་པའི་ཆོས་རྣམས་ལ་གཡང་སར་འདུ་ཤེས་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ལ་ བདག་མེད་པ་ལས་བརྩམས་པ་སྟེ། སྟོང་པ་ཉིད་མི་དམིགས་པ་དང་། དེ་ལ་སྨྲ་བ་རྣམས་ལ་གཡང་ས་དགྲར་འདུ་ཤེས་པའོ། །གསུམ་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། རྣལ་འབྱོར་གྱི་གཞི་དང་། དམིགས་པ་དང་། གནས་དང་། རྣལ་འབྱོར་གྱི་རྗེས་སུ་མཐུན་པའི་ཆོས་རྣམས་ལས་བརྩམས་པར་ རིག་པར་བྱའོ། །དེ་ལ་གཞི་ནི་ཚུལ་ཁྲིམས་ཏེ། དེ་ལས་བརྩམས་ནས་སོ་སོར་བརྟགས་པས་ཚུལ་ཁྲིམས་བསྲུང་ཞེས་གསུངས་པའི་ཕྱིར་རོ། །དམིགས་པ་འཐོབ་པ་སྟེ། ཐོས་པ་ལ་དམིགས་ནས་རྣལ་འབྱོར་འགྲུབ་པའི་ཕྱིར་ཏེ་སོ་སོར་བརྟགས་ནས་ཐོས་པ་འཛིན་ཅེས་གསུངས་པའི་ཕྱིར་རོ། །གནས་ནི་ དགོན་པ་ན་གནས་པ་སྟེ། རྣལ་འབྱོར་དང་མཐུན་པའི་ཕྱིར་ཏེ། སོ་སོར་བརྟགས་ནས་དགོན་པ་ལ་གནས་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །རྣལ་འབྱོར་རྗེས་སུ་མཐུན་པའི་ཆོས་རྣམས་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། རབ་ཏུ་དབེན་པར་འགྱུར་ཏེ་ཞེས་བྱའོ། །བསམ་པ་ལོག་པར་ཞུགས་པ་ནི་ ཡེ་ཤེས་ཀྱི་འདོད་པར་རིག་པར་བྱ་སྟེ། ཇི་ཙམ་དུ་གཞན་ལ་ཉེ་བར་བསྟན་པའི་ཕྱིར་ཡིན་གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བའི་ཕྱིར་མ་ཡིན། འགོག་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ 116-253a ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ཕྱིར་མ་ཡིན་ཞེས་བྱ་བའོ། །དེ་ལ་ཉེ་བར་ཞི་བས་ནི་སྐྱོ་བ་དང་། འདོད་ཆགས་དང་བྲལ་བར་སྟོན་ཏོ། །ཇི་ལྟར་ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་དགའ་བ་ཅན་གྱི་འདོད་ཆགས་ཉེ་བར་ཞི་བའི་ཕྱིར་རོ། ། རྫོགས་པར་བྱང་ཆུབ་པས་ནི་འགོག་པའོ། །རྫོགས་པར་བྱང་ཆུབ་པས་ནི་དགེ་སློང་དང་ཚངས་པ་དང་། མྱ་ངན་ལས་འདས་པས་བསྡུས་པ་ལ་ལམ་དང་དེའི་འབྲས་བུ་བསྟན་ཏོ། །གང་ཟག་བཞི་པ་ནི་གཉི་ག་ཕུན་སུམ་ཚོགས་པའི་ཕུན་སུམ་ཚོགས་པ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། རྟག་ཏུ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། ཉན་པ་ ཕུན་སུམ་ཚོགས་པ་དང་། འདོད་པ་ཕུན་སུམ་ཚོགས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ཕུན་སུམ་ཚོགས་པ་དང་། ཡང་དག་པར་ལྟ་བ་ཕུན་སུམ་ཚོགས་པ་དང་། ཡོངས་སུ་ཤེས་པ་ཕུན་སུམ་ཚོགས་པ་དང་། སྤོང་བ་ཕུན་སུམ་ཚོགས་པ་དང་། སྒོམ་པ་ཕུན་སུམ་ཚོགས་པ་དང་། མངོན་སུམ་དུ་བྱེད་པ་ཕུན་ སུམ་ཚོགས་པའོ། །ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟ་བས་རྟག་ཏུ་སྦྱོར་བ་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། དང་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ཐོས་ན་དགའ་ཞིང་དེ་བཞིན་དུ་ཞུགས་པ་ཡིན་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་ པ་ཐོས་ན་དགའ་བས་ཐོས་པ་ཕུན་སུམ་ཚོགས་པ་སྟེ་གཉིས་པའོ། །མྱ་ངན་ལས་འདས་པ་ཡང་འདོད་པ་མེད་པར་ཆགས་པ་སྤྱད་པ་སྤྱོད་ན་ཁམས་གསུམ་པ་ལ་མངོན་པར་དགའ་བ་ལྟ་སྨོས་ཀྱང་ཅི་དགོས་པ་དང་། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པ་ཡིན་ན་ཞེས་བྱ་བ་ནི་ཆོས་རྣམས་ཀྱང་སྤང་བར་བྱ་བ་ནི་ཞེས་བྱ་བའི་ ཕྱིར་དེའི་འབྲས་བུ་དང་དེའི་ཡན་ལག་སྟེ། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་མེད་པ་དང་། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པས་འདོད་པ་ཕུན་སུམ་ཚོགས་པ་སྟེ་གསུམ་པའོ། །དོན་གྱི་ཕྱིར་འབྲང་གི །ཡི་གེའི་ཕྱིར་འབྲང་བ་མ་ཡིན། ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚོལ་གྱི་ཕྱི་རོལ་དུ་རྒྱུག་ པ་མ་ཡིན་ཞེས་བྱ་བ་ལ་དོན་གྱི་ཕྱིར་འབྲང་བ་ནི་འཇིག་རྟེན་པའི་སེམས་དང་། བསྒོམ་པ་ལས་རྣམ་པར་ཐར་པ་ནང་དུ་ཚོལ་བས་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། ཕུན་སུམ་ཚོགས་པ་སྟེ་བཞི་པའོ། །ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ 116-253b ཉིད་གླིང་ཡིན་ཏེ། གཞན་གླིང་མ་ཡིན་ཞེས་བྱ་བ་ནི། སོ་སོ་རང་གི་རིག་པས་མི་སློབ་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་མཐོང་བས་ཡང་དག་པར་ལྟ་བ་ཕུན་སུམ་ཚོགས་པ་སྟེ་ལྔ་པའོ། །དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་ཡང་མི་ལྟ་ན་ཞེས་ བྱ་བ་ནས་བརྩམས་ཏེ། མང་དུ་འདུས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དོན་དམ་པའི་དཀོན་མཆོག་གསུམ་ལ་རྣམ་པར་མི་རྟོག་སྟེ། དཀོན་མཆོག་མི་མཐོང་བས་ཡོངས་སུ་ཤེས་པ་ཕུན་སུམ་ཚོགས་པ་སྟེ་དྲུག་པའོ། །ཆོས་གང་སྤང་བར་བྱ་བའི་ཕྱིར་རྩོམ་པ་ མ་ཡིན་ཞེས་བྱ་བ་ནི་སྤང་བར་བྱ་བ་སྤངས་པའི་སྤོང་བ་ཕུན་སུམ་ཚོགས་པ་སྟེ་བདུན་པའོ། །བསྒོམ་པར་བྱ་བའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་བསྒོམ་པར་བྱ་བ་བསྒོམས་པའི་ཕྱིར་སྒོམ་པ་ཕུན་སུམ་ཚོགས་པ་སྟེ་བརྒྱད་པའོ། །འཁོར་བར་ཡང་མི་སྐྱེ། མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མ་ཡིན། ཐར་པ་ཡང་ མི་དམིགས། བཅིངས་པ་ཡང་མ་ཡིན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས། ཀུན་དུ་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞེས་བྱ་བ་ལ་འཁོར་བའི་རྒྱུ་ནི་སྤངས། མྱ་ངན་ལས་འདས་པ་ནི་ཐོབ་པའོ། །འཁོར་བར་ཡང་མི་སྐྱེ་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་ མངོན་པར་དགའ་བ་མ་ཡིན་ནོ། །འཆི་བ་དང་འཚོ་བ་ལ་མངོན་པར་དགའ་བ་མ་ཡིན་པས། ཐར་པ་ཡང་མི་དམིགས་བཅིངས་པ་ཡང་མ་ཡིན་ནོ། །ཉོན་མོངས་པ་རྣམས་སྤངས་པ་དང་། ཕུང་པོ་ལྷག་མ་དང་བཅས་པའི་ཕྱིར་ཀུན་དུ་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ ལས་འདས་པ་ཞེས་བྱ་བ་ནི་འདིར་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སོགས་པ་མི་སློབ་པའི་ཆོས་རྣམས་སུ་རིག་པར་བྱའོ། །འདི་ནི་དགུ་པ་སྟེ། མངོན་སུམ་དུ་བྱེད་པ་ཕུན་སུམ་ཚོགས་པའོ། །དགེ་སྦྱོང་གསུམ་པོ་དག་གིས་དགེ་སྦྱོང་གི་མིང་གི་དོན་མེད་པ་དང་། མི་འཚམ་པར་ཀུན་དུ་བསྟན་པའི་ཕྱིར་མིང་གིས་གནོད་པ་སྟེ། སྐྱེས་བུ་དབུལ་པོའི་དཔེས་སྟོན་ཏོ། །ཇི་ལྟར་མིང་གིས་གནོད་པར་འགྱུར་ཞེ་ན། དགེ་སྦྱོང་གི་མིང་གི་སྒོ་ནས་དད་པས་བྱིན་པ་ལ་ལོག་པར་ཡོངས་སུ་སྤྱོད་པའི་ཕྱིར་རོ། །འདི་མན་ཆད་དུ་ཡང་དག་པ་མ་ཡིན་པར་སྒྲུབ་པའི་དགེ་སྦྱོང་རྣམས་དང་། ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཤེས་པ་དང་ཚུལ་ཁྲིམས་ཀྱིས་མངོན་ 116-254a པའི་ང་རྒྱལ་ཅན་དུ་གྱུར་པ་དེའི་ཕྱིན་ཅི་ལོག་ཏུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དཔེ་རྣམས་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱང་སྟོན་ཏོ། །ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེའི་མངོན་པའི་ང་རྒྱལ་ལས་བརྩམས་ནས་དཔེ་གཉིས་པ་སྟེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ ལ་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུངས་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ། ཡོངས་སུ་ཆུབ་པར་བྱས་ཀྱང་འདོད་ཆགས་ཀྱི་སྲེད་པ་མི་སེལ། ཞེ་སྡང་གི་སྲེད་པ་མི་སེལ། གཏི་མུག་གི་སྲེད་པ་མི་སེལ་བ་དེ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ་ ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱས་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དཔེ་དེས་ན་ཐོས་པའི་ཤེས་པས་མངོན་པའི་ང་རྒྱལ་བྱེད་པར་སྟོན་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྨན་པ་སྨན་སྒྲོ་ཐོགས་ཏེ། ཕྱོགས་དང་ཕྱོགས་མཚམས་སུ་རྒྱུ་བ་དེ་ནད་གཅིག་གིས་བཏབ་ནས་ནད་དེ་ གསོ་བར་མི་ནུས་པ་དེ་བཞིན་དུ། འོད་སྲུངས་མང་དུ་ཐོས་པའི་ཉོན་མོངས་པའི་ནད་བལྟ་སྟེ། གང་ཐོས་པ་དེས་བདག་ཉོན་མོངས་པའི་ནད་ལས་གསོ་བར་མི་ནུས་ན་དེའི་ཐོས་པ་ནི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་འདིས་ནི་བསམ་པའི་ཤེས་པས་སོ། །སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ་སྙོམས་པར་འཇུག་པའི་རོ་ མྱོང་བར་བྱེད་པ་དང་སློབ་པ་ཐོབ་པ་དང་། བཀུར་སྟི་ལ་ཆགས་པ་དང་། ཉེས་པ་དང་བཅས་པའི་འགྱོད་པས་བསྒོམ་པའི་ཡེ་ཤེས་ལ་ལོག་པ་སྦྱོར་ཡང་དག་པར་སྦྱོར་བ་མངོན་པའི་ང་རྒྱལ་བྱེད་པ་ལས་བརྩམས་ཏེ། དཔེ་ལྷག་མ་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ན་བ་ ཞིག་ལ་རྒྱལ་པོ་ལ་འོས་པའི་སྨན་བཏང་ལ་ཆོ་ག་བཞིན་དུ་མ་བྱས་པས་འཆི་བའི་དུས་བྱས་པ་དེ་བཞིན་དུ་མང་དུ་ཐོས་པའི་ཉོན་མོངས་པའི་ནད་དུ་བལྟ་སྟེ། གང་སྡོམ་པ་མེད་པ་དེས་འཆི་བའི་དུས་བྱེད་པའོ་ཞེས་བྱ་བའི་དཔེ་འདི་ནི་དང་པོའིའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བའི་ནང་དུ་ལྷུང་ ན་སྨད་པར་འགྱུར་བ་དེ་བཞིན་དུ་མང་དུ་ཐོས་པ་འཐོབ་པ་དང་བཀུར་སྟིའི་མི་གཙང་བའི་ནང་དུ་ལྷུང་བར་བལྟ་སྟེ། ཅི་ཡང་མེད་པ་ལ་ནི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ་ཞེས་བྱ་བ་ནོར་བུ་རིན་པོ་ཆེའི་དཔེ་འདི་ནི་གཉིས་པའིའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་རོ་ལ་གསེར་གྱི་ཕྲེང་བ་བཏགས་པ་དེ་བཞིན་དུ་ 116-254b ངང་ཚུལ་ངན་པ་ཅན་ངུར་སྨྲིག་གྱོན་པར་བལྟའོ་ཞེས་བྱ་བ་རོའི་འདི་ནི་གསུམ་པའིའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་ཤིན་ཏུ་ཁྲུས་བྱས་ཏེ། རབ་ཏུ་རྣམ་པར་བྱུགས་ལ་སྐྲ་དང་སེན་མོ་བྲེགས་ནས་གོས་དཀར་པོ་བགོས་ཏེ། ཙན་དན་ས་མཆོག་གིས་བསྐུས་པའི་མགོ་ལ་ཙམ་པ་ཀའི་མེ་ཏོག་གི་ འཕྲེང་བ་ཐོགས་པ་དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་ངུར་སྨྲིག་གྱོན་པར་བལྟའོ་ཞེས་བྱ་བ་ཡང་གསུམ་པ་འདི་ཉིད་ཀྱིའོ། །ཚུལ་ཁྲིམས་ཀྱིས་དེ་མངོན་པའི་ང་རྒྱལ་བྱེད་པ་ལས་བརྩམས་ནས་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་བཞི་སྟོན་ཏོ། །འོད་སྲུངས་བཞི་པོ་འདི་དག་ནི་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་ དང་ལྡན་པ་འདྲ་བ་ཡིན་ཏེ། བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །དང་པོ་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཏེ། འོད་སྲུངས་འདི་ལ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ ལྟ། ཡང་དག་པར་བླངས་ཏེ་བསླབ་པའི་གནས་རྣམས་ལ་སློབ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གནས་པས་འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུངས་དེ་ནི་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཡང་དག་པར་བླངས་ པའི་ཚུལ་ཁྲིམས་སོ། །གཉིས་པ་ནི་འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་འདུལ་བ་འཛིན་ཞིང་འདུལ་བ་ལ་ཞུགས་པ་འདུལ་བའི་ཚུལ་ལ་གནས་པ་ཡིན་ཡང་། འཇིག་ཚོགས་ལ་ལྟ་བ་ལས་མ་བསྐྱོད་པ་ཡིན་ཏེ། དེ་ནི་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་གཉིས་པའོ་ཞེས་གསུངས་པའི་ཕྱིར་བྱ་ བའི་ཚུལ་ཁྲིམས་སོ། །གསུམ་པ་ནི་འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་བྱམས་པ་ལ་གནས་པ་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་ལྡན་ཡང་འདུ་བྱེད་ཐམས་ཅད་ལ་སྐྱེས་པ་མེད་པ་ཐོས་ན་སྐྲག་པ་ཀུན་དུ་རབ་ཏུ་སྐྲག་པར་འགྱུར་བ་དེ་ནི་འོད་སྲུངས་ངང་ཚུལ་ངན་པ་ལ་ཚུལ་ཁྲིམས་དང་ ལྡན་པ་ཞེས་བྱ་བ་སྟེ། བྱམས་པ་ལ་གནས་པས་མི་མཐུན་པའི་ཕྱོགས་ངང་ཚུལ་ངན་པ་འཇོམས་པའི་ཕྱིར་མི་མཐུན་པའི་ཕྱོགས་འཇོམས་པའི་ཚུལ་ཁྲིམས་སོ། །བཞི་པ་ནི་འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་བླངས་ཀྱང་དམིགས་ 116-255a པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་གནས་པ་དེ་ནི་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་བཞི་པའོ། །འོད་སྲུངས་བཞི་པོ་འདི་དག་ནི་ངན་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ནོ་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་པས་ ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་སོ། །དེ་ལ་གོང་མ་གཉིས་ནི་ལྟ་བའི་ཉེས་པས་ངང་ཚུལ་ངན་པའི་གཉེན་པོ་འཇོམས་པ་དང་། ངང་ཚུལ་ངན་པའི་རྒྱུ་དང་ལྡན་པས་ངང་ཚུལ་ངན་པ་ཅན་དུ་རིག་པར་བྱའོ། །དེ་ཡང་བདག་ཏུ་སྨྲ་བ་ཡིན་ཞེས་བྱ་བ་དང་། འཇིག་ཚོགས་ལ་ལྟ་བ་ལས་མ་བསྐྱོད་པ་ཡིན་པ་ཞེས་ གསུངས་པའི་ཕྱིར་གོ་རིམས་བཞིན་དུ་རིག་པར་བྱའོ། །འོག་མ་གཉིས་ནི་ངང་ཚུལ་ངན་པ་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་ནི་གཅིག་ལས་ཆོས་ཐམས་ཅད་མེད་ན་ཐོས་ན་སྐྲག་པར་འགྱུར་ཞེས་སྔར་གསུངས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་སྐྲག་ནས་ངང་ཚུལ་ངན་པ་འཇོམས་པའི་གཉེན་པོ་མི་རྩོམ་པའོ། ། གཉིས་པ་ནི་དམིགས་པར་ལྟ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། །མངོན་པའི་ང་རྒྱལ་ཅན་ནི་བདག་གྲོལ་ལོ་སྙམ་དུ་བདག་ལ་དམིགས་ནས་དེའི་གཉེན་པོར་ཡང་དག་པའི་དོན་གྱི་ཚུལ་ཁྲིམས་ཀྱིས་སྟོན་ཏེ། དེ་ཡང་སྤོང་བས་རབ་ཏུ་ཕྱེ་བ་དང་། ལམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ནི་ཚུལ་ཁྲིམས་དང་པོ་ནི་ནང་གི་སྐྱེ་ མཆེད་ཡིན་གྱི་ཕྱི་རོལ་གྱི་མ་ཡིན་ཏེ། འོད་སྲུངས་ཚུལ་ཁྲིམས་ཚུལ་ཁྲིམས་ཞེས་བྱ་བ་ནི། གང་ལ་བདག་མེད་ཅིང་བདག་གི་བ་མེད་པའོ་ཞེས་བྱ་བ་གསུངས་པའོ། །གཉིས་པ་སྟེ་བྱ་བ་མེད་པ་ནི་ཉོན་མོངས་པ་ཅན་གྱི་ལས་སོ། །མི་བྱ་བ་མེད་པ་ནི་དགེ་བའི་ལས་སོ། །བྱེད་པ་མེད་པ་ནི་ལུས་ལ་སོགས་པ་ གང་གིས་ཀྱང་ཉོན་མོངས་པ་ཅན་གྱི་ལས་མི་བྱེད་པའོ། །བྱེད་པ་མེད་པ་ནི་གང་གིས་དགེ་བའི་ལས་བྱེད་པའོ། །རྒྱུ་བ་མ་ཡིན་པ་མི་རྒྱུ་བ་མ་ཡིན་པ་ཞེས་བྱ་བ་ནི་ཟས་ཀྱི་ཕྱིར་རྒྱུ་བ་ལས་བརྩམས་པ་སྟེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །རབ་ཏུ་བྱེད་པ་མེད་པ་རབ་ཏུ་སྤྱོད་པ་མ་ཡིན་པ་ ཞེས་བྱ་བ་ནི་ཡོངས་སུ་སྤྱོད་པ་ལས་བརྩམས་པ་སྟེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །མིང་མེད་པ་གཟུགས་མེད་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའོ། །མཚན་མ་མེད་པ་མཚན་མ་མེད་པ་མ་ཡིན་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པ་ནི་མཚན་ 116-255b མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའི་ཕྱིར་རོ། །རབ་ཏུ་ཞི་བ་རབ་ཏུ་ཞི་བ་མ་ཡིན་པ་ཞེས་བྱ་བ་ནི་མི་སློབ་པ་ལ་གནས་པ་ན་ཕུང་པོ་ལྷག་མ་དང་བཅས་པ་དང་ཉོན་མོངས་པ་རྣམས་སོ། །འཛིན་པ་མེད་པ་གཏོང་བ་མེད་པ་ཞེས་བྱ་བ་ནི་རྟག་པར་གནས་པ་ལ་ཡིད་བདེ་ བ་དང་། ཡིད་མི་བདེ་བ་མེད་པ་དང་། བཏང་སྙོམས་དང་དྲན་པ་དང་། ཤེས་བཞིན་ཡོད་པའི་ཕྱིར་རོ། །གཟུང་བ་མེད་པ་གཟུང་བ་མེད་པ་མ་ཡིན་པ་དེ་ཉིད་ལ་དེའི་གནས་སུ་འགྱུར་བའི་ཡུལ་ཡིད་བདེ་བ་དང་། ཡིད་མི་བདེ་བ་གཉིས་ཀྱིས་མི་འཛིན་པ་དང་། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གྱིས་འཛིན་ པའི་ཕྱིར་རོ། །སེམས་ཅན་མེད་པ་སེམས་ཅན་དུ་འདོགས་པ་མེད་པ་ཚིག་མེད་པ་ཚིག་ཏུ་འདོགས་པ་མེད་པ་སེམས་མེད་པ་སེམས་སུ་འདོགས་པ་མེད་པ་ཞེས་བྱ་བ་ནི་བཀའ་ལུང་བརྡ་སྤྲོད་པ་ལས་བརྩམས་པ་སྟེ། སྤོང་བའི་ཚུལ་ཁྲིམས་ཀྱི་ཚེ་གང་བརྡ་སྤྲོད་པར་བྱེད་པ་དང་། གང་བརྡ་ཕྲད་པ་དང་། གང་གིས་ བརྡ་སྤྲོད་པའོ། །འཇིག་རྟེན་མེད་པ་འཇིག་རྟེན་མེད་པ་མ་ཡིན་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ན་ལྗོངས་རྒྱུ་བ་ལས་བརྩམས་པ་སྟེ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །བརྟེན་པ་མེད་པ་བརྟེན་པ་མེད་པ་མ་ཡིན་པ་ཞེས་བྱ་བ་ནི་གྲོང་དང་ཞིང་ལས་བརྩམས་པ་སྟེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །བདག་གི་ཚུལ་ལ་མི་ལྟོས་པ་དང་། གཞན་ངང་ཚུལ་ངན་པ་ཅན་དུ་མི་སྨོད་པ་ཞེས་བྱ་བ་ནི་ཁྱིམ་དུ་འགྲོ་བ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་དང་འགྲོགས་པ་ལས་བརྩམས་པའོ། །ཚུལ་ཁྲིམས་ལ་ མི་རྟོག་རྣམ་པར་མི་རྟོག་ཅེས་བྱ་བ་ནི་བདག་ནི་ཚུལ་ཁྲིམས་དང་ལྡན་པ་བདག་གི་ཚུལ་ཁྲིམས་ནི་འདི་ལྟ་བུའོ་སྙམ་དུ་དེའི་ངོ་བོ་ཉིད་དང་། བྱེ་བྲག་ལ་མི་རྟོག་པའི་ཕྱིར་རོ། །དེ་ནི་འཕགས་པ་རྣམས་ཀྱི་ཚུལ་ཁྲིམས་ཟག་པ་མེད་པ་མི་ལྡན་པ་ཁམས་གསུམ་པ་དང་བྲལ་བ་རྟེན་ཐམས་ཅད་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ སྤོང་བ་ལ་ཟག་པ་མེད་ཀྱང་ལྡན་པ་ཡོད་པས་བྱེ་བྲག་ཏུ་བྱ་བའི་ཕྱིར་མི་ལྡན་པ་སྨོས་སོ། །དེ་ཡང་གང་ཁམས་གསུམ་པའི་འབྲས་བུ་མ་ཡིན་པ་དང་། ཁམས་གསུམ་པའི་རྒྱུ་ཡང་མ་ཡིན་ཞེས་ཚིག་གཉིས་ཀྱིས་སྟོན་ཏོ། ། ༈ བཅུ་པ། དགེ་སྦྱོང་ལེགས་པར་མ་བསླབས་པའི་རྣམ་པ། བསླབ་པ་དང་མི་མཐུན་པ་དང་། མཐུན་པའི་ཆོས་ལས་བརྩམས་ཏེ། དགེ་སློང་ལེགས་ 116-256a པར་མ་བསླབས་པ་དང་། དགེ་སློང་ལེགས་པར་བསླབས་པ་རྣམ་པར་གཞག་པ་འདི་ནི་གཞན་དུ་མཚམས་སྦྱོར་བའོ། །དགེ་སྦྱོང་ལེགས་པར་མ་བསླབས་པ་གང་ཞེ་ན། དེ་དག་ནི་གསུམ་དུ་རིག་པར་བྱ་སྟེ། ཁ་དོག་དང་རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་ནི་དགེ་སྦྱོང་ཉིད་དང་མི་འཚོ་བ་ སྟེ། ཆ་བྱད་དང་རྟགས་འདྲ་ཡང་ཆོ་ག་དང་འཚོ་བ་དང་ཡོངས་སུ་སྤྱོད་པ་དང་རྩོམ་པ་དང་། ཚུལ་ཁྲིམས་དང་། ལྟ་བ་དང་བསམ་པ་མི་འདྲ་བའོ། །དེ་ལ་ཁ་དོག་དང་རྟགས་ཀྱི་དབྱིབས་ཞེས་བྱ་བ་ནི་ཁ་དོག་གི་དབྱིབས་དང་རྟགས་ཀྱི་དབྱིབས་སོ། །དེ་ལ་ཁ་དོག་གི་དབྱིབས་ཀྱི་དགེ་སྦྱོང་གང་ཞེ་ན། འདི་ལ་དགེ་ སྦྱོང་ཁ་ཅིག་ཁ་དོག་དང་རྟགས་ཀྱི་དབྱིབས་དང་ལྡན་པར་འགྱུར་ཏེ། ཆོས་གོས་སྦྱར་མ་གྱོན་ཅེས་བྱའོ། །སྦྱོར་བ་བགོས་པས་ནི་ཆ་བྱད་འདྲ་བར་སྟོན་ཏེ། རྟགས་ཀྱི་དབྱིབས་ནི་མགོ་བྲེགས་ཏེ་ལག་ཏུ་ལྷུང་བཟེད་ཐོགས་ཞེས་བྱ་བ་སྟེ། མགོ་བྲེགས་པ་དང་ལག་ན་ལྷུང་བཟེད་ཐོགས་པས་ནི་རྟགས་འདྲའོ། །དེ་ ལུས་ཀྱི་ལས་ཡོངས་སུ་མ་དག་པ་སྤྱོད། ངག་གི་ལས་ཡོངས་སུ་མ་དག་པ་སྤྱོད། ཡིད་ཀྱི་ལས་ཡོངས་སུ་མ་དག་པ་སྤྱོད་ཅེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པ་ཀུན་དུ་སྤྱོད་པས་ཆོ་ག་མི་འདྲ་བར་རིག་པར་བྱའོ། །འཚོ་བ་ཡོངས་སུ་མ་དག་པ་ཞེས་བྱ་བ་ནི་འཚོ་བ་ཡོངས་སུ་མ་དག་པས་འཚོ་བ་ མི་འདྲའོ། །འདོད་ཆེན་ཅན་ཞེས་བྱ་བ་ནི་འདོད་ཆེན་བྱེད་པས་ཡོངས་སུ་སྤྱོད་པ་མི་འདྲ་བའོ། །ལེ་ལོ་ཅན་ཞེས་བྱ་བ་ནི་ལེ་ལོ་བྱེད་པས་བརྩོན་པ་མི་འདྲ་བའོ། །ངང་ཚུལ་ངན་པ་ཅན་ཞེས་བྱ་བ་ནི་ངང་ཚུལ་ངན་པས་ཚུལ་ཁྲིམས་མི་འདྲ་བའོ། །སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་སྡིག་པའི་ཆོས་ཅན་པས་ལྟ་བ་མི་འདྲ་ བའོ། །མ་དུལ་བ་མ་སྦས་པ་མ་བྱང་བ་ཞེས་བྱ་བ་ནི་མ་དུལ་བ་མ་སྦས་པ་མ་བྱང་བས་བསམ་པ་མི་འདྲ་བའོ། །གཉིས་པ་ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་ནི་ཡོ་བྱད་ལ་གཞོལ་བར་རིག་པར་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་རྟགས་འདྲ། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་རྟགས་འདྲ་ཡང་ དེ་བསྒྲུབ་པའི་བསམ་པ་མི་འདྲ་སྟེ། དེ་ལ་ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་གང་ཞེ་ན། འདི་དགེ་སྦྱོང་ཁ་ཅིག་ཆོ་ག་སྤྱོད་ཡུལ་དང་། སྦྱོང་བ་ཕུན་སུམ་ཚོགས་ཞེས་བྱའོ། །ཆོ་ག་དང་འཚོ་བ་དང་སྤྱོད་པ་ཕུན་སུམ་ཚོགས་པས་ལྷག་པའི་ཚུལ་ཁྲིམས་ཀྱི་རྟགས་འདྲ་བའོ། །སྤྱོད་ལམ་བཞིར་ཤེས་ 116-256b བཞིན་དུ་སྤྱོད་ཟས་དང་སྐོམ་ངན་པ་ཟ་བ་འཕགས་པའི་རིགས་བཞི་པོ་དག་གིས་ཆོག་པར་འཛིན། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་མི་འདྲ་སྟེ་ཞེས་བྱ་བ་ནི་ཤེས་བཞིན་དུ་བྱེད་པ་ནས། མི་འདྲ་བའི་བར་གྱིས་ལྷག་པའི་སེམས་ཀྱི་རྟགས་འདྲ་བའོ། །ཚིག་ཉུང་སྨྲ་བ་ཉུང་ཞིང་ཞེས་བྱ་བ་ནི་ཚིག་ཉུང་ཞིང་སྨྲ་བ་ཉུང་བས་ ལྷག་པའི་ཤེས་རབ་ཀྱི་རྟགས་འདྲ་བའོ། །དེའི་སྤྱོད་ལམ་དེ་དག་ཀྱང་ཚུལ་འཆོས་པ་དང་། གཅམ་གྱིས་ཡོངས་སུ་བརྟགས་པ་ཡིན་ཏེ། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་མ་ཡིན། དུལ་བར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན་ལ་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་ འཛིན་པ་ལ་གནས་པ་སྟོང་པ་ཉིད་མི་དམིགས་པའི་ཆོས་རྣམས་ལ་གཡང་སར་འདུ་ཤེས་པ་ཡིན། སྟོང་པ་ཉིད་སྨྲ་བའི་དགེ་སྦྱོང་རྣམས་ལ་དགྲར་འདུ་ཤེས་པ་ཡིན་ཞེས་བྱ་བ་ནི་ཚུལ་འཆོས་པ་ལ་སོགས་པས་ལྷག་པའི་ཤེས་རབ་སྒྲུབ་པའི་བསམ་པ་མི་འདྲ་བའོ། །གསུམ་པ་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་ དགེ་སྦྱོང་ནི་སྒྲ་ལ་གཞོལ་བར་རིག་པར་བྱ་སྟེ། ཞི་གནས་ཀྱི་ཡན་ལག་འདྲ། ལྷག་མཐོང་གི་ཡན་ལག་འདྲ། དེ་གཉི་ག་བསྒོམ་པའི་ཡན་ལག་འདྲ། དེ་གཉི་གའི་ཚོགས་ཀྱི་ཡན་ལག་འདྲ་ཡང་བསམ་པ་མི་འདྲ་བའོ། །དེ་ལ་བརྗོད་པ་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་གང་ཞེ་ན། ཇི་ལྟར་བདག་ཚུལ་ཁྲིམས་ དང་ལྡན་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཚུལ་ཁྲིམས་བསྲུང་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པས་ཚུལ་ཁྲིམས་ནི་ཞི་གནས་ཀྱི་ཡན་ལག་འདྲ་བའོ། །ཇི་ལྟར་ན་བདག་མང་དུ་ཐོས་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཐོས་པ་འཛིན་ཞེས་བྱ་ བ་ལ། ཐོས་པ་ནི་ཟག་པ་མེད་པའི་ཤེས་རབ་བསྐྱེད་པས་ཐོས་པ་ནི་ལྷག་མཐོང་གི་ཡན་ལག་འདྲ་བའོ། །ཇི་ལྟར་བདག་དགོན་པ་བར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཐོས་པ་འཛིན་ཞེས་བྱ་བ་ལ། དགོན་པ་ན་གནས་པ་ནི་བསྒོམ་པའི་རྒྱུ་ཡིན་པས་དགོན་པ་པ་ནི་དེ་གཉི་ག་བསྒོམ་པའི་ཡན་ ལག་འདྲ་བའོ། །སོ་སོར་བརྟགས་ནས་འདོད་པ་ཉུང་ཞིང་ཆོག་ཤེས་པ་དང་རབ་ཏུ་དབེན་པར་འགྱུར་ཏེ་ཞེས་བྱ་བ་ལ། འདོད་པ་ཉུང་བ་ལ་སོགས་པ་ནི་དེའི་ཚོགས་སུ་གྱུར་པའི་ཕྱིར་འདོད་པ་ཉུང་བ་ལ་སོགས་པས་ནི་དེ་གཉི་གའི་ཚོགས་ཀྱི་ཡན་ལག་འདྲ་བའོ། །ཇི་ཙམ་དུ་གཞན་ལ་ཉེ་བར་བསྟན་པའི་ཕྱིར་ཡིན་ 116-257a གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་མ་ཡིན། འགག་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན་ཞེས་བྱ་བ་ལ། གཞན་ ལ་ཉེ་བར་བསྟན་པ་ལ་སོགས་པ་ནི་བསམ་པ་མི་འདྲ་བར་རིག་པར་བྱ་སྟེ། འདི་ནི་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་ཞེས་བྱའོ། ། ༈ བཅུ་གཅིག་པ། དགེ་སྦྱོང་ལེགས་པར་བསླབས་པའི་རྣམ་པ། དགེ་སྦྱོང་ལེགས་པར་བསླབས་པ་གང་ཞེ་ན། རྣམ་པ་བཞིར་རིག་པར་བྱ་སྟེ། སྦྱོར་བ་དང་བསམ་པ་དང་། རབ་ཏུ་རྟོགས་པ་དང་། མཐར་ཕྱིན་པའོ། །དེ་ལ་ཡང་དག་ པར་སྒྲུབ་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ན་འཐོབ་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་གང་ཡིན་པ་སྟེ། ལུས་དང་སྲོག་ལ་མི་ལྟ་བས་ཚེ་འདི་ལ་སྐྱོ་བ་སྦྱོར་རོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ ཐོས་ན་དགའ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་ཐོས་ན་དགའ་བས་ཚེ་རབས་སྔ་མ་ལ་རྒྱུད་ཡོངས་སུ་སྨིན་པས་སྦྱོར་བ་སྟེ། འདི་ནི་སྦྱོར་བ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །དེ་བཞིན་ཉིད་དུ་ཞུགས་པ་ཡིན་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་མོས་པའི་བསམ་པ་ཅན་གྱི་ཕྱིར་རོ། །མྱ་ངན་འདས་པ་ཡང་འདོད་ པ་མེད་པར་ཚངས་པར་སྤྱད་པ་སྤྱོད་པ་ན་ཁམས་གསུམ་པ་ལ་མངོན་པར་དགའ་བ་ལ་ལྟ་སྨོས་ཀྱང་ཅི་དགོས། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པ་ཡིན་ན་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་ལྟ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ལ་འདོད་པ་ མེད་པ་དང་། སྟོང་པ་ཉིད་ལ་འདོད་པ་མེད་པས་གང་ཐོབ་པར་བྱ་བ་དང་། གང་གིས་ཐོབ་པར་བྱ་བ་ཐ་སྙད་ཅན་གྱི་ངོ་བོ་ཉིད་དེ་གཉི་ག་ལ་མངོན་པར་ཞེན་པ་མེད་པའོ། །དོན་གྱི་ཕྱིར་འབྲང་གི་ཡི་གེའི་ཕྱིར་འབྲང་བ་མ་ཡིན་ཞེས་བྱ་བ་ནི་དགོངས་པའི་དོན་ཚོལ་བའོ། །ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚོལ་ གྱི་ཕྱི་རོལ་དུ་མི་རྒྱུག་ཅེས་བྱ་བ་ནི་སྒྲ་ཙམ་གྱི་རྗེས་སུ་མི་འབྲང་བ་སྟེ། འདི་ནི་བསམ་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཆོས་ཐམས་ཅད་ཤིན་ཏུ་དག་ཅིང་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ཉིད་གླིང་ཡིན་ཏེ། གཞན་གྱི་གླིང་མ་ཡིན་ཞེས་བྱ་བ་ནི་གཞན་གྱི་དྲིང་ལ་མི་འཇོག་པའི་ 116-257b ཡེ་ཤེས་ཀྱིས་ཆོས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་རབ་ཏུ་རྟོགས་པའོ། །དེ་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུའང་མི་ལྟ་ན། གཟུགས་ཀྱི་སྐུར་ལྟ་སྨོས་ཀྱང་ཅི་དགོས་ཆོས་ལ་འདོད་ཆགས་དང་བྲལ་བར་ཡང་མི་ལྟ་ན་སྨྲ་བའི་ཚིག་གིས་ལམ་ནས་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། འཕགས་པ་འདུས་མ་བྱས་པའི་དགེ་འདུན་ལ་ཡང་མི་ལྟ་ན་མང་པོ་འདུས་པར་ལྟ་སྨོས་ཀྱང་ཅི་དགོས། ཆོས་གང་སྤང་བར་བྱ་བའི་ཕྱིར་ཡང་བརྩོན་པ་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་ཡང་མ་ཡིན། འཁོར་བར་ཡང་མི་སྐྱེ་མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བ་མ་ཡིན། ཐར་པར་ཡང་མི་དམིགས་བཅིངས་ པ་ཡང་མ་ཡིན་ཞེས་བྱ་བ་དེ་ལ་དཀོན་མཆོག་གསུམ་ལ་སོགས་པ་ཐར་པའི་མཐའ་རྣམས་ཀྱང་བརྡའི་ངོ་བོ་ཉིད་དེ། དམིགས་སུ་མེད་པས་འདི་ནི་རབ་ཏུ་རྟོགས་པ་ཕུན་སུམ་ཚོགས་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས་ཀུན་དུ་མི་འཁོར་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ ཅད་ཀྱི་གཉེན་པོ་ཤིན་ཏུ་བསྒོམ་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཆད་པ་མེད་ཅིང་འཇིགས་པ་མེད་པའི་ཕྱིར་ཏེ། འདི་ནི་མཐར་ཕྱིན་པ་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། འདི་ནི་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གི་ཕྱིར་སྦྱོར་ བར་བྱའི། མིང་གིས་གནོད་པར་འགྱུར་བར་མི་བྱའོ། །ཞེས་བྱ་བ་འདི་ནི་བཞི་པ་དགེ་སྦྱོང་ལེགས་པར་བསླབས་པ་ཡིན་ཏེ། འོད་སྲུངས་བཞི་པོ་འདི་དག་ནི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དབུལ་པོ་ཞིག་ལ་མཛོད་འབྱོར་བ་ཞེས་མིང་གདགས་ན་འོད་སྲུངས་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དབུལ་བ་ དེ་མིང་དེ་དང་འཚམ་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་འཚམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་གང་དག་དགེ་སྦྱོང་དང་བྲམ་ཟེའི་ཡོན་ཏན་དང་མི་ལྡན་པ་དེ་དག་ནི་སྐྱེས་བུ་དབུལ་པོ་ཞེས་ང་འཆད་དོ་ཞེས་བྱ་བ་སྐྱེས་བུ་དབུལ་པོའི་དཔེ་འདིས་ ནི་དགེ་སྦྱོང་ལེགས་པར་མ་བསླབས་པའོ། །དེ་ལ་ཡང་རྣམ་པ་གསུམ་གྱིས་མིང་གི་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་པར་རིག་པར་བྱ་སྟེ། བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ལོག་པར་ཞུགས་པ་དང་། བསམ་པ་ལོག་པར་ཞུགས་ལ་སྦྱོར་ 116-258a བ་ཡང་ལོག་པར་ཞུགས་པའོ། །དེ་ལ་བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ཐོས་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་། སྨྲ་བ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་ཐོབ་པ་དེའི་རོ་མྱོང་བ་དེ་ ཙམ་གྱིས་ཆོག་པར་འཛིན་པའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་རྒྱ་མཆོའི་ཆུས་ཁྱེར་ལ་ཞེས་བྱ་བ་ལ་སོགས་པ་རྒྱ་མཚོའི་ཆུའི་དཔེ་དེས་ནི་བསམ་པ་ལོག་པར་ཞུགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། ཐོས་པ་ལ་དམ་པར་འཛིན་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྨན་པ་སྨན་ སྒྲོ་ཐོགས་ཏེ། རྒྱུ་ཞེས་བྱ་བ་ལ་སོགས་པའི་དཔེ་དེས་ནི་དེ་ཉིད་སྨྲ་བ་དམ་པར་འཛིན་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ན་བ་ཞིག་ལ་རྒྱལ་པོ་ལ་འོས་པའི་སྨན་བཏང་ལ་ཆོ་ག་བཞིན་མ་བྱས་པས་འཆི་བའི་དུས་བྱས་ཞེས་བྱ་བ་ལ་སོགས་པ་ན་བའི་དཔེ་དེས་ནི་འཇིག་རྟེན་པའི་བསམ་གཏན་ཐོབ་པའི་རོ་མྱང་ བ་ཙམ་ལ་དམ་པར་འཛིན་པར་རིག་པར་བྱའོ། །དེ་ལ་གང་རྒྱལ་པོ་ལ་འོས་པའི་སྨན་ལྟ་བུ་ནི་འཇིག་རྟེན་པའི་ཏིང་ངེ་འཛིན་ཏོ། །ཆོ་ག་བཞིན་མ་བྱས་པ་ལྟ་བུ་ནི་དེའི་རོ་མྱང་བ་ལྟ་བུའོ། །དེས་འཆི་བའི་དུས་བྱས་པ་ལྟ་བུ་ནི། ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ནོར་ བུ་རིན་པོ་ཆེ་མི་གཙང་བར་ལྷུང་ན་སྨད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནོར་བུ་རིན་པོ་ཆེའི་དཔེ་དེས་ནི་བསམ་པ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ལོག་པར་ཞུགས་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་རོ་ལ་གསེར་གྱི་ཕྲེང་བ་བཏགས་པ་ཞེས་བྱ་བ་ལ་སོགས་པ་རོའི་དཔེས་ནི་བསམ་པ་ཡང་ལོག་པར་ཞུགས་ ལ་སྦྱོར་བ་ཡང་ལོག་པར་ཞུགས་པར་རིག་པར་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་གྱི་བུ་ཤིན་ཏུ་ཁྲུས་བྱས་ཏེ་རབ་ཏུ་རྣམ་པར་བྱུགས་ལ་སྐྲ་དང་སེན་མོ་བྲེགས་ནས་གོས་དཀར་པོ་བགོས་ཏེ། ཙནྡན་ས་མཆོག་གིས་བྱུགས་པའི་མགོ་ལ་ཙམ་པ་ཀའི་མེ་ཏོག་གི་ཕྲེང་བ་ཐོགས་པ་ཞེས་བྱ་བ་ལ་སོགས་པ་ཚོང་དཔོན་ གྱི་བུའི་དཔེ་དེས་ནི། བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པ་སྟེ། རྣམ་པ་གཅིག་པུས་ནི་དགེ་སྦྱོང་ལེགས་པར་བསླབས་པར་རིག་པར་བྱའོ། ། ༈ བཅུ་གཉིས་པ། བརྡའི་སྡོམ་པ་ལ་གནས་པའི་རྣམ་པ་དང་། དོན་དམ་པའི་སྡོམ་པ་ལ་གནས་པའི་རྣམ་པ། འོད་སྲུངས་བཞི་པོ་འདི་དག་ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ཏེ། བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་ 116-258b པ་མཚམས་ཇི་ལྟར་བྱ་ཞེ་ན། དོན་དམ་པའི་དགེ་སྦྱོང་གིས་དོན་དམ་པའི་སྡོམ་པ་བསྟན་ནས་ཚུལ་ཁྲིམས་དང་འདྲ་བ་རྣམས་ཀྱིས་བརྡའི་སྡོམ་པ་སྟོན་ཏོ། །བརྡའི་སྡོམ་པ་ལ་གནས་པ་གང་ཞེ་ན། བཞི་པོ་འདི་དག་རབ་ཏུ་རིག་པར་བྱའོ། །དེ་དག་ཀྱང་བདག་ཏུ་འཛིན་པ་ལ་སོགས་པས་རྒྱུན་ཉམས་པའི་ཕྱིར་བརྡའི་ སྡོམ་པ་ལ་གནས་པ་རྣམས་ཞེས་བྱའོ། །དང་པོ་ནི་ཡན་ལག་དྲུག་པའི་ཚུལ་ཁྲིམས་དང་ལྡན་ཡང་གནོད་པ་གཉིས་ཀྱིས་གནོད་པའི་ཚུལ་ཁྲིམས་སོ། །ཡན་ལག་དྲུག་པོ་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་ ཕུན་སུམ་ཚོགས། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལས་ཡང་ཆ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་འདོད་པ་དེའི་གཉེན་པོར་འཛིན་པ་མེད་པ་གཏོང་བ་མེད་པ་ཞེས་བྱ་བ་གསུངས་སོ། །གང་ཟག་ལ་བདག་མེད་པ་དེ་ལ་གཟུང་བ་མེད་པ་དང་། གཟུང་བ་མེད་པ་དེའི་གཉེན་པོར་གཟུང་བ་མེད་པ་མ་ ཡིན་པ་ཞེས་བྱ་བ་གསུངས་སོ། །དེས་གཟུགས་ལ་སོགས་པ་ལ་སེམས་ཅན་དུ་འཛིན་པ་དང་། དེར་འདོགས་པ་ལ་ལེགས་པར་འཛིན་པ་དེའི་གཉེན་པོར་སེམས་ཅན་མེད་པ་སེམས་ཅན་དུ་འདོགས་པ་ཞེས་བྱ་བ་གསུངས་སོ། །དེར་འདོགས་པའི་ངག་དང་། དེར་འདོགས་པ་ལ་ལེགས་པར་འཛིན་པ་དེའི་གཉེན་པོར་ཚིག་མེད་པ་ཚིག་ཏུ་ འདོགས་པ་མེད་པ་ཞེས་བྱ་བ་གསུངས་སོ། །དེར་འདོགས་པར་བྱེད་པའི་སེམས་དང་། དེར་འདོགས་པ་ལ་ལེགས་པར་འཛིན་པ་དེའི་གཉེན་པོར་སེམས་མེད་པ་སེམས་སུ་འདོགས་པ་མེད་པ་ཞེས་བྱ་བ་གསུངས་སོ། །དེར་སྡོམ་པ་ལ་གནས་པ་གསུམ་པ་ལ་ནི་འཇིག་རྟེན་གོང་མར་སྐྱེ་བ་དང་། འཇིག་རྟེན་མེད་པ་འོག་ མ་ཡོངས་སུ་གཏོང་བ་སྟེ། དེའི་གཉེན་པོར་འཇིག་རྟེན་མེད་པ་འཇིག་རྟེན་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །སྙོམས་པར་འཇུག་པ་ལ་བརྟེན་པ་དང་། འདོད་པ་ལ་བརྟེན་པ་དེའི་གཉེན་པོར་བརྟེན་པ་མེད་པ་བརྟེན་པ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །བདག་གི་ཚུལ་ཁྲིམས་ཡང་དག་པར་རབ་ཏུ་འཛིན་ པ་དང་གཞན་གྱི་ཚུལ་ཁྲིམས་ལ་རློམ་སེམས་སུ་བྱེད་པ་དེའི་གཉེན་པོར་བདག་གི་ཚུལ་ཁྲིམས་ལ་མི་བསྟོད་གཞན་གྱི་ཚུལ་ཁྲིམས་ལ་མི་སྨོད་པ་ཞེས་བྱ་བ་གསུངས་སོ། །སྡོམ་པ་ལ་གནས་པ་བཞི་པ་ལ་ནི་བདག་ཚུལ་ཁྲིམས་དང་ལྡན་ནོ་སྙམ་དུ་རློམ་སེམས་པ་སྟེ། དེའི་གཉེན་པོར་ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་ 116-259a བྱེད་ཅེས་བྱ་བ་གསུངས་སོ། །དེའི་ངོ་བོ་ཉིད་དང་བྱེ་བྲག་ལ་ཡོངས་སུ་རྟོག་པ་རྣམས་ཀྱིས་ཚུལ་ཁྲིམས་ལ་ཡོངས་སུ་རྟོག་པ་དེའི་གཉེན་པོར་ཚུལ་ཁྲིམས་ལ་མི་རྟོག་ཅེས་བྱ་བ་གསུངས་སོ། །ཟག་པ་མེད་པའི་ཚུལ་ཁྲིམས་ལ་ནི་སྤྲོས་པའི་ཆོས་རྣམས་ཞི་བ་ཡིན་ནོ། །འདི་ནི་འཕགས་པ་ རྣམས་ཀྱི་ཚུལ་ཁྲིམས་ཟག་པ་མེད་པ་ཞེས་བྱའོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །མི་ལྡན་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །བྲལ་བ་ནི་ཉོན་མོངས་པ་ཐམས་ཅད་དང་མི་ལྡན་པའི་ཕྱིར་རོ། །བརྟེན་པ་ཐམས་ཅད་མེད་པ་ནི་ཁམས་གསུམ་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་ཚིགས་སུ་བཅད་པ་ནི་ ཚུལ་ཁྲིམས་རྣམ་པར་དག་པའི་ཁྱད་པར་བསྟན་པར་རིག་པར་བྱ་སྟེ། དེས་ན་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཚུལ་ཁྲིམས་ལྡན་པ་དྲི་མ་མེད་ཅིང་ཅི་ཡང་མེད། །ཅེས་བྱ་བ་ཚིགས་སུ་བཅད་པ་རྩ་བ་དང་པོས་ནི་དྲི་མ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་རྣམ་པར་དག་པ་དང་། འདོད་ ཆགས་ལ་སོགས་པ་ཅི་ཡང་མེད་པའི་ཕྱིར་དེའི་གཞི་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གཞི་དང་བཅས་པ་རྣམ་པར་དག་པ་ཡོངས་སུ་སྟོན་ཏེ། རྩ་བ་ལྷག་མ་གསུམ་པོས་ནི་ཚུལ་ཁྲིམས་དེ་ཉིད་ཀྱིས་གྲོགས་གཞི་དང་བཅས་པར་རྣམ་པར་དག་པར་ཡོངས་སུ་སྟོན་ཏོ། །དེ་ལ་ངང་ཚུལ་ངན་པའི་གྲོགས་གཞི་དང་ བཅས་པ་རྣམས་ཀྱི་གཉེན་པོར་ཚུལ་ཁྲིམས་ཀྱི་གྲོགས་གཞི་དང་བཅས་པ་རྣམས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ངང་ཚུལ་ངན་པའི་གྲོགས་པོ་ནི་གསུམ་སྟེ། རྒྱགས་པ་གཟུགས་ལ་སོགས་པ་ལ་བརྟེན་པའི་གཞི་དང་བཅས་པ་དེའི་གཉེན་པོར། ཚུལ་ཁྲིམས་ལྡན་ལ་རྒྱགས་པ་མེད་དེ་བརྟེན་ པ་མེད། །ཅེས་བྱ་བ་གསུངས་སོ། །རྣམ་པར་རྨོངས་པའི་བདག་ཉིད་མུན་པ་ལྟ་བུའི་ལྟ་བ་སྙོམས་པར་འཇུག་པའི་རོ་མྱང་བའི་འཆིང་བའི་གཞི་དང་བཅས་པ་དེའི་གཉེན་པོར་འཇིགས་པར་ལྟ། བསླབ་པའི་གནས་རྣམས་ཡང་དག་པར་བླངས་ཏེ་སློབ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ ལྡན་པས་གནས་ལ་འཚོ་བ་ཡོངས་སུ་དག་ཀྱང་ཞེས་བྱ་བའོ། །གནོད་པ་གཉིས་པོ་དག་གང་ཞེ་ན། བདག་ཏུ་སྨྲ་བར་གྱུར་པ་ཞེས་བྱ་བ་འཇིག་ཚོགས་ལ་ལྟ་བའི་ཀུན་ནས་བསྐོར་བ་དང་། ཉེས་པ་ལས་འབྱུང་བ་མ་བྱང་བའོ། །གཉིས་པ་ནི་ཉེས་པ་དེ་གཉི་ག་རྣམ་པར་སྤངས་པ་སྟེ། འོད་སྲུངས་གཞན་ཡང་འདི་ 116-259b ལ་དགེ་སློང་ཁ་ཅིག་འདུལ་བ་འཛིན་པ་ཞེས་བྱ་བའམ། ངང་ཚུལ་ངན་པ་ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་གཉིས་པའོ་ཞེས་བྱ་བ་ལ་སོགས་པའི་བར་དག་གོ། །ཉེས་པ་དེ་གཉི་ག་རྣམ་པར་སྤངས་ཞེས་བྱ་བ་ནི་འདུལ་བ་འཛིན་པ་ཉེས་པ་ལས་འབྱིན་པ་ལ་མཁས་པ་དང་། འཇིག་ཚོགས་ལ་ལྟ་བའི་ཀུན་ནས་ བསྐོར་བ་རྣམ་པར་སྤངས་པའོ། །དེ་ལྟ་མོད་ཀྱི་འོན་ཀྱང་འཇིག་རྟེན་པའི་རྣམ་པར་དག་པ་མ་ཐོབ་པས་འཇིག་ཚོགས་ལ་ལྟ་བའི་ལྷན་ཅིག་སྐྱེས་པ་རྣམ་པར་མ་མནན་ཏོ། །གསུམ་པ་ནི་ཆོས་འདི་ལ་ཞུགས་པ་སྟེ། གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་བྱམས་པ་ལ་གནས་པ་ཡིན་ཏེ་ཞེས་བྱ་བ་ནས་འདི་ངང་ཚུལ་ངན་པ་ ཅན་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་གསུམ་པའོ་ཞེས་བྱ་བའི་བར་དག་སྟེ། འཇིག་རྟེན་པའི་རྣམ་པར་དག་པའི་སྡོམ་པ་རྙེད་ནས་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་རྣམ་པར་མནན་ཀྱང་གཏན་ནས་མ་ཕྱིན་པས་ཆོས་ལ་བདག་མེད་པ་མ་རིག་པ་སྟེ། འཇིགས་པས་གནོད་པའི་ཚུལ་ཁྲིམས་སོ། །བཞི་པ་ནི་དེ་ལས་ གཞན་པའི་ཉེས་པ་ཐམས་ཅད་རྣམ་པར་སྤངས་པ་སྟེ། གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་པ་ཞེས་བྱ་བ་ནས། བཞི་པོ་འདི་དག་ནི་ངང་ཚུལ་ངན་པ་ཚུལ་ཁྲིམས་དང་ལྡན་པ་འདྲ་བ་ཡིན་ནོ་ ཞེས་བྱ་བ་ལ་སོགས་པའི་བར་དག་སྟེ། ཆོས་ལ་བདག་མེད་པ་ལ་ལོག་པར་མོས་པས་མངོན་པའི་ང་རྒྱལ་གྱིས་གནོད་པའི་ཚུལ་ཁྲིམས་སོ། །སྡོམ་པ་ལ་གནས་པ་བཞི་པོ་དག་ལས་སྤྲོས་པའི་ཆོས་གང་དག་དམིགས་པ་དེ་དག་རབ་ཏུ་ཞི་བའི་མཚན་ཉིད་དེ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་སུ་རིག་པར་བྱའོ། །སྤྲོས་པའི་ ཆོས་རྣམས་གང་ཞེ་ན། སྡོམ་པ་ལ་གནས་པ་དང་པོ་ལ་ནི་བདག་ཏུ་འཛིན་པ་དང་། བདག་གིར་དམིགས་པ་སྟེ། དེའི་གཉེན་པོར་འོད་སྲུངས་ཚུལ་ཁྲིམས་ཞེས་བྱ་བ་ནི་གང་ལ་བདག་གི་མེད་པ་ཞེས་བྱ་བ་གསུངས་སོ། །ཉེས་པ་མེད་པ་དང་། དེ་མི་བྱེད་པའི་དེའི་གཉེན་པོར་བྱ་བ་མེད་པ་མི་བྱ་བ་མེད་པ་ཞེས་གསུངས་སོ། ། བསམ་པ་བཞིན་དུ་བྱེད་པ་ལ་སྦྱོར་བ་དང་། དེ་ལ་མི་སྦྱོར་བ་དེའི་གཉེན་པོར་བྱེད་པ་མེད་པ་བྱེད་པ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །ཤེས་བཞིན་དུ་རྒྱུ་བ་དང་དེས་མི་རྒྱུ་བ་དེའི་གཉེན་པོར་རྒྱུ་བ་མེད་པ་རྒྱུ་བ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །དྲན་པ་ཉམས་པ་རབ་ཏུ་སྤྱོད་པ་དང་། དེས་རབ་ཏུ་མི་སྤྱོད་པ་དེའི་གཉེན་ 116-260a པོར་རབ་ཏུ་སྤྱོད་པ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །སྡོམ་པ་ལ་གནས་པ་གཉིས་པ་ལ་ནི་འཇིག་ཚོགས་ལ་ལྟ་བའི་ཕྱོགས་གནས་ངན་ལེན་དང་ལྡན་པའི་མིང་དང་གཟུགས་དམིགས་ཏེ། དེའི་གཉེན་པོར་མིང་མེད་པ་གཟུགས་མེད་པ་ཞེས་བྱ་བ་གསུངས་སོ། །མ་འོངས་པ་ན་སྐྱེ་བའི་ མཚན་མ་དང་། དེ་ན་མཚན་མ་མེད་པ་དེའི་གཉེན་པོར་མཚན་མ་མེད་པ། མཚན་མ་མེད་པ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །ཀུན་ནས་བསྐོར་བ་རབ་ཏུ་ཞི་བ་དང་། དེའི་བག་ལ་ཉལ་མ་ཞི་བ་དེའི་གཉེན་པོར་རབ་ཏུ་ཞི་བ་མ་ཡིན་པ་རབ་ཏུ་མ་ཞི་བ་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །གང་ཟག་ལ་བདག་མེད་པར་ ཚུལ་ཁྲིམས་ལྡན་ལ་མུན་པ་མེད་ཅིང་འཆིང་བ་མེད་ཅེས་བྱ་བ་གསུངས་སོ། །ལོག་པར་འཚོ་བ་དང་ལྡན་པའི་རྣམ་པར་རྟོག་པ་རྡུལ་ལྟ་བུ་བདག་ལ་ཆགས་པའི་སྐྱོན་གྱི་གཞི་དང་བཅས་པ་དེའི་གཉེན་པོར། ཚུལ་ཁྲིམས་ལྡན་པ་རྡུལ་རྣམས་མེད་དེ་ཉེས་པ་མེད། །ཅེས་བྱ་བ་གསུངས་ཏེ། འདི་ཚིགས་སུ་བཅད་པ་ དང་པོའི་ཚིག་གི་དོན་ཏོ། །ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའི་ཡིད། །རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཉོན་མོངས་མེད། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པ་ནི་ཚུལ་ཁྲིམས་དེའི་རྣམ་པ་ཐམས་ ཅད་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་དང་། གྲོགས་ཉེས་པ་གཞི་དང་བཅས་པའི་གཉེན་པོར་སོ་སོར་ཐར་པའི་སྡོམ་པ་རྣམ་པར་རིག་པར་བྱ་སྟེ། དེ་ལ་ཚུལ་ཁྲིམས་རང་བཞིན་ལ་ལོག་པར་ཞུགས་པའི་དྲི་མ་ཉེས་པའི་གཞི་དང་བཅས་པའི་གཉེན་པོར་ཞི་བའོ། །གྲོགས་རྒྱགས་པའི་ ཉེས་པ་གཞི་དང་བཅས་པའི་གཉེན་པོར་རབ་ཏུ་ཞི་བའོ། །ལྟ་བའི་ཉེས་པ་གཞི་དང་བཅས་པའི་གཉེན་པོར་ཉེ་བར་ཞི་བའི་ཡིད་དོ། །ལོག་པར་འཚོ་བ་དང་ལྡན་པའི་རྣམ་པར་རྟོག་པའི་ཉེས་པ་གཞི་དང་བཅས་པའི་གཉེན་པོར་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ལྟར་ན་སྡོམ་པ་རྣམ་པར་དག་པར་ བྱའོ། །ཉོན་མོངས་པ་མེད་པས་ནི་བསམ་གཏན་གྱི་སྡོམ་པ་རྣམ་པར་དག་པའོ། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ། །ཞེས་བྱ་བ་ལྷག་མས་ནི་ཟག་པ་མེད་པའི་སྡོམ་པ་རྣམ་པར་དག་པའོ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །ཞེས་བྱ་བ་ནི་ཇི་སྐད་གསུངས་པ་ 116-260b རྣམས་བྱེ་བྲག་མེད་པར་ཚུལ་ཁྲིམས་དང་ལྡན་པར་སྟོན་ཏོ། །ལུས་ལ་མི་ལྟ་སྲོག་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད། །ཡང་དག་ཞུགས་ཤིང་དེ་ཉིད་ཚུལ་ཁྲིམས་རབ་གནས་པ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །ཞེས་བྱ་བ་ཚིགས་སུ་ བཅད་པ་གསུམ་པ་ནི་ཚུལ་ཁྲིམས་ཉིད་ཀྱི་ཉེས་པ་མེད་པའི་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །ཉེས་པ་ནི་རྣམ་པ་ལྔ་སྟེ། དེ་དག་ཀྱང་གང་ཞེ་ན། འཐོབ་པ་དང་བཀུར་སྟིའི་ཟིལ་གྱིས་ནོན་པའི་ཉེས་པ་དང་། ལུས་ལ་ལྟ་བ་དང་བཅས་པས་ལེ་ལོའི་ཉེས་པ་དང་། ལྟ་བ་ལ་རྣམ་པར་རྟོག་པས་སྲོག་ ལ་ཕངས་པར་འཛིན་ཏེ། སྨོན་ལམ་བཏབ་ནས་ཚངས་པར་སྤྱོད་པ་ལ་གནས་པའི་ཉེས་པ་དང་། སྲིད་པར་སྐྱེ་བ་ཐམས་ཅད་ལ་གནས་པས་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པའི་ཉེས་པ་དང་། ཚུལ་ཁྲིམས་ལས་གོང་དུ་ཏིང་ངེ་འཛིན་དང་། ཤེས་རབ་བསྒོམ་པ་ལ་ཡང་དག་པར་མ་ཞུགས་པས་མི་འབྱུང་བའི་ ཉེས་པ་སྟེ། དཔེར་ན་གཞན་མུ་སྟེགས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་ཚུལ་ཁྲིམས་ལྟ་བུའོ། །ཉེས་པ་ལྔ་པོ་དེ་དག་དང་བྲལ་བས་ཉེས་པ་མེད་པའི་རྣམ་པར་དག་པར་རིག་པར་བྱའོ། །འཇིག་རྟེན་མ་གོས་འཇིག་རྟེན་དག་ལ་གནས་པ་མེད། །སྣང་བ་ཐོབ་ཅིང་བདག་གི་མེད་དེ་ཅི་ཡང་མེད། །བདག་ཏུ་འདུ་ ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། །འདུ་ཤེས་ཡོངས་སུ་ཤེས་པས་ཚུལ་ཁྲིམས་རྣམ་པར་དག །ཅེས་བྱ་བ་ཚིགས་སུ་བཅད་པ་བཞི་པ་ནི་ཉོན་མོངས་པ་མེད་པའི་རྣམ་པར་དག་པ་ལས་བརྩམས་པའོ། །དེ་ལ་འཇིག་རྟེན་མ་གོས་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པས་བསྡུས་པ། དགའ་བ་ཅན་གྱི་འདོད་ཆགས་ དང་ལྡན་པ། དེ་དང་དེར་མངོན་པར་དགའ་བའི་སྲིད་པ་སྤངས་པས་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པའི་ཕྱིར་རོ། །འཇིག་རྟེན་དག་ལ་གནས་པ་མེད། །ཅེས་བྱ་བ་ནི་ཡང་སྲིད་པ་འབྱུང་བའི་སྲིད་པ་སྤངས་པས་འཇིག་རྟེན་ལ་མི་གནས་པའི་ཕྱིར་རོ། །སྣང་བ་ཐོབ་ཅེས་བྱ་བ་ནི་མཐོང་བའི་ལམ་གྱིས་སྣང་བ་ཐོབ་པའི་ཕྱིར་ རོ། །བདག་གི་མེད་དེ་ཅི་ཡང་མེད། །ཅེས་བྱ་བ་ནི་བསྒོམ་པའི་ལམ་ནི་མ་རིག་པ་ལ་སོགས་པ་དང་། དེ་ལས་གཞན་པ་ཟག་པ་དང་བཅས་པའི་གཉེན་པོ་ཡིན་པས་བདག་གི་མེད་དེ་ཅི་ཡང་མེད་པའི་ཕྱིར་རོ། །བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། །འདུ་ཤེས་ཡོངས་སུ་ཤེས་པས་ཚུལ་ཁྲིམས་ 116-261a རྣམ་པར་དག །ཅེས་བྱ་བ་ནི་མི་སློབ་པའི་ལམ་གྱིས་བདག་དང་གཞན་དུ་འདུ་ཤེས་མེད་པའི་ཕྱིར་རོ། །གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད། །ཚུ་རོལ་ཕ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང་། །བཅིངས་དང་ཆགས་མེད་ཚུལ་འཆོས་མེད་ཅིང་ཟག་མེད་པ། །དེ་ནི་ འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །ཞེས་བྱ་བ་ཚིགས་སུ་བཅད་པ་ལྔ་པ་ནི་མངོན་པའི་ང་རྒྱལ་མེད་པའི་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ། གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད། །ཅེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པ་ན་ཚུ་རོལ་དང་ཕ་རོལ་དང་དབུས་ ཞེས་བརྗོད་པ་ནང་དང་། ཕྱིའི་སྐྱེ་མཆེད་དང་། རྣམ་པར་ཤེས་པ་དྲུག་གི་མཚན་མ་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །ཚུ་རོལ་ཕ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང་། །ཞེས་བྱ་བ་ནི་རྟག་ཏུ་གནས་ཀྱང་འདོད་པ་ལ་ཡིད་བདེ་བ་ལ་སོགས་པ་ཐ་དད་པ་ནས་མི་ཆགས་པའི་ཕྱིར་རོ། །བཅིངས་དང་ཆགས་མེད་ཚུལ་འཆོས་ མེད་ཅིང་ཟག་མེད་པ། །ཞེས་བྱ་བ་ནི་བག་ལ་ཉལ་དང་བཅས་པའི་ཀུན་ནས་བསྐོར་བ་སྤངས་པས་ཉོན་མོངས་པ་སྤངས་པ་ན་ཚུལ་འཆོས་པ་མེད་པ་དང་། མངོན་པའི་ང་རྒྱལ་མེད་པར་རྣམ་པར་གཞག་པས་ཟག་པ་མེད་པའི་ཕྱིར་རོ། །དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན། །ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་ སྔར་བཤད་ཟིན་ཏོ། །མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད། །དེ་ནི་མཉམ་པར་གཞག་ཅིང་ཤིན་ཏུ་དུལ་བའི་སེམས། །གང་ལ་བདག་མེད་བདག་གིར་འཛིན་པ་མེད་པ་ནི། །དེ་ཙམ་གྱིས་ནི་ཚུལ་ཁྲིམས་གནས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་ཚིགས་སུ་བཅད་པ་དྲུག་པ་ནི་རབ་ཏུ་རྣམ་པར་དག་པ་ ལས་བརྩམས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ། མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད། །ཅེས་བྱ་བ་ནི་མིང་དང་གཟུགས་ལ་ཆགས་པ་མེད་པས་ཡང་སྲིད་པ་ལ་མི་སྨོན་པའི་ཕྱིར་རོ། །དེ་ནི་མཉམ་པར་གཞག་ཅེས་བྱ་བ་ནི་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་པས་སེམས་མཉམ་པར་གཞག་ པའི་ཕྱིར་རོ། །ཤིན་ཏུ་དུལ་བའི་སེམས་ཞེས་བྱ་བ་ནི་སེམས་ཤིན་ཏུ་དུལ་བས་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། །གང་ལ་བདག་མེད་བདག་གིར་འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་གི་དང་བྲལ་བས་སྲིད་པའི་རྩེ་མོའི་བར་གྱི་འཇིག་རྟེན་པའི་ཤེས་རབ་ཀྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། ། 116-261b དེ་ཙམ་གྱིས་ན་ཚུལ་ཁྲིམས་གནས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཞེས་བྱ་བའི་ཚིག་གི་ཚུལ་ཁྲིམས་རབ་ཡིན་པར་སྟོན་ཏོ། །སོ་སོར་ཐར་པ་སློབ་པ་རློམ་སེམས་བྱེད་པ་མེད། །དེས་ནི་འདི་ན་དེ་ལ་ཆགས་པར་མི་འགྱུར་ཏེ། །དེ་ཡི་གང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །དེ་ནི་ཚུལ་ཁྲིམས་ རྣམ་པར་དག་པའི་མཚན་མའོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བདུན་པ་ནི་འཇིག་རྟེན་པའི་རྣམ་པར་དག་པ་ལས་བརྩམས་པར་བལྟའོ། །སོ་སོར་ཐར་པ་སློབ་པ་རློམ་སེམས་བྱེད་པ་མེད། །དེས་ནི་འདི་ན་དེ་ལ་ཆགས་པར་མི་འགྱུར་ཏེ། །ཞེས་བྱ་བས་ནི་ཚུལ་ཁྲིམས་ཙམ་གྱིས་ཁེངས་པར་མི་འཛིན་པ་དང་། ཆོག་ པར་མི་འཛིན་པ་སྟོན་ཏོ། །དེ་ཡི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་མི་འཛིན་པས་འཇིག་རྟེན་ལས་འདས་པའི་ལམ་ཚོལ་བའི་ཕྱིར་རོ། །ཚུལ་ཁྲིམས་གཙོ་བོ་མ་ཡིན་ཏིང་འཛིན་དེར་ཆགས་མེད། །དེ་ཡི་གོང་ དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ། །དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། །ཚུལ་ཁྲིམས་དེ་ནི་བདེ་བར་གཤེགས་པས་རབ་ཏུ་བསྔགས། །ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་པ་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ཚུལ་ཁྲིམས་ གཙོ་བོ་མ་ཡིན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། །ཏིང་འཛིན་དེར་ཆགས་མེད་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རོ་མྱང་བར་མི་བྱེད་པའི་ཕྱིར་རོ། །དེ་ཡི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ། །དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། །དམིགས་པ་མེད་པས་བསྡུས་པའི་ ལྷག་པའི་ཤེས་རབ་བསྒོམ་པའི་ཕྱིར་རོ། །བདེ་བར་གཤེགས་པས་རབ་ཏུ་བསྔགས། །ཞེས་བྱ་བའི་ཚིག་ནི་དེའི་ཕ་རོལ་ན་རབ་ཏུ་བསྔགས་པ་མེད་པའི་ཕྱིར་རོ། །འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད། །སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་ པར་མོས། །དེ་ཡི་ཚུལ་ཁྲིམས་དེ་ནི་མཉམ་པ་མེད་པའོ། །ཞེས་བྱ་བ་ཚིགས་སུ་བཅད་པ་དགུ་པ་ནི་སློབ་པ་དང་མི་སློབ་པ་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམ་པར་དག་པ་ལས་བརྩམས་པར་རིག་པར་བྱའོ། །དེ་ལ། འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །ཅེས་བྱ་བ་ནི་ 116-262a འཇིག་ཚོགས་ལ་ལྟ་བ་རྣམ་པར་བརྟགས་པ་སྤངས་པའི་ཕྱིར་སློབ་པ་རྣམ་པར་དག་པ་སྟོན་ཏོ། །དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད། །ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་སྤངས་པའི་ཕྱིར་མི་སློབ་པ་རྣམ་པར་དག་པ་སྟོན་ཏོ། །སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་ པར་མོས། །ཞེས་བྱ་བ་ནི་སྟོང་པ་ཉིད་ལྷག་པར་མོས་པའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་མ་ཡིན་པ་རྣམ་པར་དག་པ་སྟོན་ཏོ། །དེ་ཡི་ཚུལ་ཁྲིམས་དེ་ནི་མཉམ་པ་མེད་པའོ། །ཞེས་བྱ་བ་ནི་སློབ་པ་ལ་སོགས་པ་གསུམ་རྣམ་པར་དག་པས་ཚུལ་ཁྲིམས་དང་འདྲ་བའམ། ལྷག་པ་མེད་པའི་ཕྱིར་བླ་ན་མེད་པ་ཉིད་དུ་སྟོན་ཏོ། །ཚུལ་ཁྲིམས་ ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བྱ་བའི་ཚིགས་སུ་བཅད་པ་བཅུ་པ་ནི་ཐོག་མ་དང་ཐ་མར་རྣམ་པར་དག་པ་ལས་བརྩམས་པར་རིག་ པར་བྱའོ། །དེ་ལ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ། །ཞེས་བྱ་བ་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་ནི་ཚུལ་ཁྲིམས་ཐོབ་པ་རྣམ་པར་དག་པར་སྟོན། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་ རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བྱ་བ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་པ་ན་ཐ་མར་ཚུལ་ཁྲིམས་རྣམ་པར་དག་པ་སྟོན་ཏོ། །ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདི་གསུངས་པའི་ཚེ་དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་མེད་པ་རྣམ་པར་དག་གོ་ཞེས་བྱ་བ་ནི་དེ་ལྟར་གདམས་ངག་འདི་ངེས་པར་འབྱུང་བ་དོན་ཆེན་པོར་བསྟན་ནས་ད་ནི་མི་སློབ་པ་དང་། སློབ་པ་ཐོབ་པའི་ཕྱིར་འདུལ་བ་རྣམས་ཀྱི་འབྲས་བུ་དོན་ཆེན་པོ་སྟོན་ཏོ། །དགེ་སློང་བསམ་གཏན་ཐོབ་ པ་ལྔ་བརྒྱ་སྟན་ལས་ལངས་ནས་དོང་ངོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་འདུལ་བ་དཀའ་བ་དོན་ཆེན་པོར་སྟོན་ཏོ། །ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ཞེས་བྱ་བ་ལ་རྣམ་པ་གཉིས་ཀྱིས་མི་འཇུག་སྟེ། མ་རྟོག་པ་ན་དད་པས་ཆོས་ལ་མི་མོས་པ་དང་། མ་མོས་ན་ཤེས་རབ་ཀྱིས་དོན་མི་རྟོགས་པའོ། ། 116-262b དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་བསམ་གཏན་ཐོབ་པ་ལྔ་བརྒྱ་པོ་འདི་དག་ཆོས་བསྟན་པ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ནས་སྟན་ལས་ལངས་ཏེ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ འདི་ལྟར་དགེ་སློང་མངོན་པའི་ང་རྒྱལ་ཅན་འདི་དག་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཟག་པ་མེད་པ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་སོ། །འོད་སྲུངས་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་ཟབ་ཅེས་བྱ་བ་ནི་དོན་ཤེས་པར་དཀའ་བའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཟབ་ཅེས་བྱ་བ་ནི་དགོངས་པ་ཤེས་པར་ དཀའོ། །དགེ་བའི་རྩ་བ་མ་བསྐྲུན་པ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། མ་དད་པ་མང་བ་དག་གིས་མོས་པར་མི་ནུས་སོ་ཞེས་བྱ་བ་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། མ་དད་པ་མང་བས་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱའོ། །འོད་སྲུངས་དགེ་སློང་ལྔ་བརྒྱ་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་ སྲུངས་ཀྱི་གསུང་རབ་ལ་གཞན་མུ་སྟེགས་ཅན་གྱི་ཉན་ཐོས་སུ་གྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་འོད་སྲུངས་ལས་བརྒལ་བའི་བསམ་པས་ཆོས་བསྟན་པ་གཅིག་ཐོས་སོ། །ཐོས་ནས་དད་པའི་སེམས་གཅིག་སྙེད་དེ། དེ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུངས་ཀྱིས་འཇམ་ཞིང་སྙན་པར་གསུངས་པ་ངོ་མཚར་ཏོ་ཞེས་དེ་དག་དད་པའི་སེམས་གཅིག་སྙེད་པ་སེམས་དེས་འཆི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །རྒྱུ་དེ་ཉིད་ཀྱིས་འདིར་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། འོད་སྲུངས་དགེ་སློང་ལྔ་བརྒྱ་པོ་ལྟ་བ་ལ་ཆགས་པ་འདི་དག་ཆོས་བསྟན་པ་ཟབ་ མོ་འདི་ལ་མི་འཇུག་སྟེ། མི་རྟོགས་མི་མོས་སོ། །ཡང་འདི་དག་ནི་བསྟན་པ་འདིས་ཡོངས་སུ་སྦྱང་བ་བྱས་ཏེ། ཕྱིས་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་ཕུང་པོ་འདི་དག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའོ། །སློབ་དཔོན་ཆོས་ཀྱི་བདག་པོས་ཚིགས་སུ་བཅད་པའི་དོན་བསྟན་པ་ལས་བརྩམས་ཏེ། གཞན་དུ་རྣམ་ གྲངས་གཞན་གྱིས་བརྗོད་དོ། །ཚིགས་སུ་བཅད་པ་གོང་མའི་དོན་ཚིགས་སུ་བཅད་པ་ཕྱི་མ་ཕྱི་མས་མངོན་པར་སྒྲུབ་སྟེ། འདྲེན་པས་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་ཞེས་བྱའོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་ཉེས་པ་གཞི་དང་བཅས་པ་སྤངས་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པར་ 116-263a ཡོངས་སུ་སྟོན་ཏོ། །ཚུལ་ཁྲིམས་ལྡན་ལ་དྲི་མ་མེད་ཅིང་ཅི་ཡང་མེད། །ཅེས་བྱ་བ་ལ། དེ་ཡང་ཇི་ལྟར་ཞེ་ན། དྲི་མ་ནི་ཉེས་པའོ། །ཅི་ཡང་ནི་ཉེས་པའི་གཞིའོ། །ཚུལ་ཁྲིམས་ལྡན་ལ་རྒྱགས་པ་མེད་དེ་བརྟེན་པ་མེད། །ཅེས་བྱ་བ་ནི་རོ་མྱོང་བ་གཞི་དང་བཅས་པ་སྤངས་པས་ལྷག་པའི་ སེམས་ཀྱི་བསླབ་པ་རྣམ་པར་དག་པར་ཡོངས་སུ་བསྟན་ཏེ། རྒྱགས་པ་ནི་བཞིའོ། །གནས་པ་ནི་རོ་མྱང་བའོ། །ཚུལ་ཁྲིམས་ལྡན་ལ་མུན་པ་མེད་དེ་འཆིང་བ་མེད། །ཅེས་བྱ་བ་ནི་ལས་དང་ཉོན་མོངས་པ་གཞི་དང་བཅས་པ་སྤངས་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པ་སྟེ། མུན་པ་ནི་མ་རིག་པའི་བདག་ཉིད་ དོ། །འཆིང་བ་ནི་ལས་ཏེ་གཞིའོ། །ཚུལ་ཁྲིམས་ལྡན་ལ་རྡུལ་རྣམས་མེད་དེ་ཉེས་པ་མེད། །ཅེས་བྱ་བ་ལ་རྣམ་པར་རྟོག་པའི་བདག་ཉིད་ནི་རྡུལ་ལོ། །ཉེས་པ་ནི་ཉོན་མོངས་པ་སྟེ། ཉོན་མོངས་ནི་གཞིའོ། །བསླབ་པ་འདི་གསུམ་རྣམ་པར་དག་ན་ལེགས་པ་ཅི་ཞིག་ཏུ་འགྱུར་སྙམ་པ་ལ། ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའི་ ཡིད། །ཅེས་བྱ་བ་གསུངས་ཏེ། སྡུག་བསྔལ་ལྡོག་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །སྡུག་བསྔལ་གསུམ་ནི་ངན་སོང་གི་སྡུག་བསྔལ་དང་། ཤེས་པ་ལ་སྒྲིབ་པའི་སྡུག་བསྔལ་དང་། སྐྱེ་བ་ལ་སོགས་པ་སྡུག་བསྔལ་ལོ། །བསླབ་པ་རྣམ་པར་དག་པ་ལེགས་པ་དང་བཅས་པ་འདི་ཇི་ལྟར་ཐོབ་སྙམ་པ་ལ། རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་གྱི་རྣམ་པར་དག་པ་མཚན་མ་རྣམ་པར་རིག་པ་ཙམ་དུ་འཛིན་པས་རྟོག་པ་དང་བྲལ་བའོ། །རྣམ་པར་རིག་པ་ཙམ་དེ་ལ་ཡང་མི་འཛིན་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། མི་དམིགས་པས་དེའི་ཐབས་ཡོངས་སུ་བསྟན་ཏོ། །བསླབ་པ་རྣམ་ པར་དག་པ་ལེགས་པ་དང་བཅས་པ་དེ་ཡོད་པར་ཇི་ལྟར་རིག་པར་བྱ་ཞེ་ན། དེ་ནི་མཉམ་པར་མ་བཞག་པའི་དུས་ན་ཉོན་མོངས་པ་མེད་པ་སྟེ། སྡིག་པ་འདོད་པའི་ཉེ་བར་སྤྱོད་པ་མེད་པས་ཉོན་མོངས་པ་མེད་པའི་མདོ་སྡེ་བཞིན་ནོ། །མཉམ་པར་བཞག་པའི་དུས་ན་ནི་གཡོ་བ་དང་རློམ་སེམས་ཀུན་དང་རྣམ་པར་བྲལ་བ་ཞེས་ བྱའོ། །དེ་ནི་ཚུལ་ཁྲིམས་ལྡན་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་བསླབ་པ་གསུམ་གོམས་པར་བྱེད་པ་སྟེ། འདི་ནི་ཚུལ་ཁྲིམས་སུ་བཞེད་དེ། བསླབ་པ་གསུམ་རྣམ་པར་དག་པའི་ལེགས་པ་དང་། ཐབས་དང་རྟགས་ཡོངས་སུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པའི་དོན་འདི་ནི་ཚིགས་སུ་བཅད་པ་སྔ་མ་མངོན་པར་ 116-263b སྒྲུབ་པའོ། །ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའི་ཡིད། །ཅེས་བྱ་བ་དེ་ནི་ལུས་ལ་ལྟ་བ་དང་བཅས་པ་མ་ཡིན་ཏེ། གང་ལྟ་བ་ནི་ཐོབ་པ་དང་བཀུར་སྟི་ལ་མངོན་པར་བརྩོན་པར་འགྱུར་རོ། །སྲོག་ལ་ཕངས་པར་འཛིན་མི་བྱེད་ཅེས་བྱ་བ་ལ་གང་ཕངས་པར་འཛིན་པ་ནི་རྣམ་པར་རྟོག་པ་ལ་གནས་ནས། བསམ་གཏན་གྱི་རོ་མྱོང་བར་ བྱེད་ཅིང་དུས་རིང་པོར་དགེ་བའི་ཆོས་བསྒོམ་པ་ལ་མི་བརྩོན་པར་འགྱུར་རོ། །སྲིད་པར་སྐྱེ་བ་ཀུན་ལ་གནོད་པ་མེད། །ཅེས་བྱ་བ་ལ། གང་འདོད་པ་ནི་སྨོན་ནས་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ། །དེ་ལ་ནི་མངོན་པར་བརྩོན་པའི་ཉེས་པ་དང་། མངོན་པར་མི་བརྩོན་པའི་ཉེས་པ་དང་། སྨོན་ནས་ཚངས་པར་ སྤྱོད་པ་ལ་གནས་པའི་ཉེས་པ་སྟེ། ཉེས་པ་གསུམ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བས་ཡང་དག་པར་ཞུགས་པ་ཡིན་ནོ། །ཉོན་མོངས་པ་མེད་པས་ཡང་དག་པའི་ཚུལ་ལ་གནས་པ་ཡིན་ནོ། །གང་ལུས་ལ་ལྟ་བ་དང་བཅས་པས་མ་ཡིན་པ་དེ་ནི་ཕྱི་རོལ་གྱི་འཇིག་རྟེན་ཉེ་བར་གཟུང་སྟེ། འཇིག་རྟེན་གྱིས་ མི་གོས་སོ། །གང་སྲོག་ལ་ཕངས་པར་མི་འཛིན་པ་དེ་ནི་ནང་གི་འཇིག་རྟེན་ཉེ་བར་གཟུང་སྟེ། འཇིག་རྟེན་ལ་མི་གནས་སོ། །གང་སྲིད་པར་སྐྱེ་བ་ཐམས་ཅད་མི་འདོད་པ་དེ་ནི་སྲིད་པར་སྐྱེ་བ་ཐམས་ཅད་ཡོངས་སུ་ཤེས་པས་སྣང་བ་ཐོབ་པའོ། །གང་ཡང་དག་པར་ཞུགས་པ་དེ་བདག་གི་བ་མེད་དོ། །ཡང་དག་པའི་ཚུལ་ ཁྲིམས་པ་དེ་ཅི་ཡང་མེད་དོ། །ཇི་ལྟར་ཅི་ཡང་མེད་ཅེ་ན། བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། །ཅེས་བྱ་བ་དང་། འདུ་ཤེས་ཡོངས་སུ་ཤེས་སོ། །གང་འཇིག་རྟེན་མ་གོས་འཇིག་རྟེན་དག་ལ་གནས་པ་མེད་པ་དེའི་མ་འོངས་པ་ན་ཕ་རོལ་དང་། ཚུ་རོལ་དང་དབུས་ཏེ། ནང་དང་ཕྱིའི་སྐྱེ་མཆེད་ དག་ལ་དགའ་བ་ཅན་གྱི་འདོད་ཆགས་ཀྱིས་བསྡུས་པ་མེད་པར་འགྱུར་རོ། །ཚེ་འདི་ལ་ནང་གི་སྐྱེ་མཆེད་དང་། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་ལ་ཚུ་རོལ་དང་། ཕ་རོལ་ལ་མ་ཆགས་སོ། །གང་སྣང་བ་ཐོབ་པ་དེ་མ་བཅིངས་སོ། །གང་བདག་གི་བ་མེད་པ་ནི་མི་ཆགས་སོ། །གང་ཅི་ཡང་མེད་པ་དེ་ནི་མངོན་པའི་ང་རྒྱལ་ མེད་པས་ཚུལ་འཆོས་པ་མེད་དོ། །དགྲ་བཅོམ་པ་ཐོབ་པས་ཟག་པ་མེད་དོ། །མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད། །ཅེས་བྱ་བ་ནི་ཇི་ལྟར་དེ་ཚུ་རོལ་དང་། ཕ་རོལ་དང་། དབུས་མེད་པ་དང་། ཕ་རོལ་དང་ཚུ་རོལ་ནས་ཀྱང་ཆགས་པ་མེད་ཅེས་བྱ་བ་དེ་སྟོན་ཏོ། །དེ་ནི་མཉམ་པར་གཞག་ཅེས་བྱ་བ་ནི་དེ་བཅིངས་པ་ 116-264a དང་ཆགས་པ་མེད་པ་དེ་སྟོན་ཏོ། །ཤིན་ཏུ་དུལ་བའི་སེམས་ཞེས་བྱ་བ་ནི་ཇི་ལྟར་དེ་ཚུལ་འཆོས་པ་མེད་པ་དང་། ཟག་པ་མེད་པ་དེ་སྟོན་ཏོ། །ཇི་ལྟར་ཤིན་ཏུ་དུལ་བའི་སེམས་ཞེས་བྱ་ཞེ་ན། གང་ལ་བདག་མེད་བདག་གིར་འཛིན་པ་མེད། །ཅེས་བྱའོ། །དེ་ལྟར་འགྱུར་བས་དེ་གོ་ རིམས་བཞིན་དུ་སྦྱར་རོ། །སོ་སོར་ཐར་པ་སློབ་པ་རློམ་སེམས་བྱེད་པ་མེད། །དེས་ནི་འདི་ན་དེ་ལ་ཆགས་པར་མི་འགྱུར་ཏེ། །དེ་ཡི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །ཞེས་བྱ་བ་ནི་ཡོན་ཏན་བྱེ་བྲག་ཅན་མངོན་པར་སྒྲུབ་པའི་ཕྱིར་འཕགས་པ་རྣམས་ཀྱིས་ལམ་གང་ཡིན་པ་དེ་ཡོངས་སུ་ཚོལ་ལོ། །དེ་ཉིད་ཀྱིས་ དོན་གསལ་བར་བྱེད་པའི་ཕྱིར། ཚུལ་ཁྲིམས་གཙོ་བོར་མ་ཡིན་ཏིང་འཛིན་དེར་ཆགས་མེད། །དེ་ཡི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ། །ཞེས་བྱ་བ་གསུངས་སོ། །ཤེས་རབ་བསྒོམ་པ་ཇི་ལྟ་བུ་སྙམ་པ་ལ། དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། །ཞེས་བྱ་བ་གསུངས་སོ། །ཇི་ལྟར་ ཚུལ་ཁྲིམས་གཙོ་བོར་མ་ཡིན་སྙམ་པ་ལ། འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །ཅེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཏིང་ངེ་འཛིན་དེར་ཆགས་པ་མེད་ཅེ་ན། འཇིག་ཚོགས་ལ་ལྟ་བ་དེ་ཉིད་སྤངས་པའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ལ་ནི་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད་པའོ། །ཇི་ལྟར་ དམིགས་པ་མེད་པ་ཡོངས་སུ་ཚོལ་སྙམ་པ་ལ། སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས། །ཞེས་བྱ་བ་གསུངས་སོ། །གོ་རིམས་གང་གིས་འཇིག་ཚོགས་ལ་ལྟ་བ་རྣམ་པར་གྲོལ་བའི་ཡིད་དུ་འགྱུར་སྙམ་པ་ལ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་ རབ་ཤིན་ཏུ་སྒོམ། །ཞེས་གསུངས་ཏེ། ངེས་པར་རྟོགས་པའི་ཕྱོགས་ཀྱིས་བསྡུས་པའི་ཤེས་རབ་ཀྱིས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་དག་པར་འགྱུར་རོ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་སོ། །དེ་ལྟར་ན་ཚིགས་སུ་བཅད་པ་དང་པོས་ནི་བསླབ་པ་གསུམ་རྣམ་པར་དག་པའོ། །ལྷག་ མ་རྣམས་ཀྱི་ཚིགས་སུ་བཅད་པ་ཕྱི་མ་ཕྱི་མའི་དོན་འདྲེན་པས་བསླབ་པ་གསུམ་རྣམ་པར་དག་པར་མངོན་པར་སྒྲུབ་པ་ཡོངས་སུ་བསྟན་ཏོ། །བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་རྣམ་པར་དག་པ་ལས་བརྩམས་ཏེ། རྣམ་གྲངས་གཞན་དུའོ། །ལུས་དང་ངག་གི་ལས་ཉེས་པར་སྤྱོད་པ་གཞི་དང་བཅས་པ་སྤངས་པ་ལུས་དྲན་པ་ཉེ་ 116-264b བར་གཞག་པ་བསྒོམ་པ་རྣམ་པར་དག་པ་དང་། ཚོར་བ་ཡོངས་སུ་འཛིན་པའི་རོ་མྱང་བ་སྤངས་པས་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་དག་པ་དང་། མ་རིག་པ་དང་འདུ་བྱེད་སྤངས་པས་སེམས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་དག་པ་དང་། དགེ་བའི་ཆོས་རྣམས་ལ་ང་དང་ངའི་ཞེས་བྱ་བ་ལ་ སོགས་པའི་རྣམ་པར་རྟོག་པ་སྤངས་པ་དང་། ཉོན་མོངས་པ་ཅན་གྱི་ཆོས་སྤངས་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །ཞི་བས་ནི་ཡང་དག་པའི་སྤོང་བ་བསྒོམ་པ་དང་པོ་རྣམ་པར་དག་པའོ། །རབ་ཏུ་ཞི་བས་ནི་གཉིས་པའོ། །ཉེ་བར་ཞི་བའི་ཡིད། རྟོག་དང་རྣམ་པར་ རྟོག་དང་བྲལ་ཞིང་ཉོན་མོངས་མེད། །ཅེས་བྱ་བས་ནི་གསུམ་པའོ། །གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ། །ཞེས་བྱ་བས་ནི་བཞི་པའོ། །ལུས་ལ་མི་ལྟ་སྲོག་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད། །ཅེས་བྱ་བས་ནི་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་གྱི་རྟགས་ ཏེ། དེས་ན་ཐོབ་པ་དང་བཀུར་སྟི་འདོད་པ་མ་ཡིན་དགེ་བར་སྦྱོར་བ་ལ་མི་བརྩོན་པ་མ་ཡིན། ཡང་སྲིད་པ་ལ་ཆགས་པ་མ་ཡིན། ཡང་དག་པར་ཞུགས་པ་ནི་མོས་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པ་བཞིས་ཡང་དག་པའི་སྤོང་བ་བཞི་ལ་སྦྱོར་བའི་ཕྱིར་རོ། །ཡང་དག་པའི་ཚུལ་ལ་གནས་པ་ནི་སྤོང་བའི་འདུ་བྱེད་ དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་མི་གོས་པ་ནི་དད་པའི་དབང་པོས་མྱ་ངན་ལས་འདས་པའི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་ཕྱིར་རོ། །འཇིག་རྟེན་དག་ན་གནས་པ་མེད་པ་ནི། བརྩོན་འགྲུས་ཀྱི་དབང་པོས་ད་ལྟར་བྱུང་བའི་ཡུལ་རྣམས་ལའོ། །སྣང་བ་ཐོབ་ཅིང་བདག་མེད་དེ་ཅི་ཡང་མེད་པ་ནི་དྲན་པ་དང་། ཏིང་ངེ་འཛིན་ དང་། ཤེས་རབ་ཀྱི་དབང་པོ་རྣམས་ཀྱིས་སོ། །བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། འདུ་ཤེས་ཡོངས་སུ་ཤེས་པས་ཞེས་བྱ་བས་ནི་ཅི་ཡང་མེད་པ་ཉིད་སྟོན་ཏོ། །གང་ལ་ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད། །ཅེས་བྱ་བ་ནི་དད་པའི་སྟོབས་ཀྱིས་མ་འོངས་པ་ན་དེ་མི་འཇིགས་པར་འདོད་པའི་ཚུལ་ ཁྲིམས་སོ། །ཚུ་རོལ་ཕ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང་། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ད་ལྟར་བྱུང་བ་རྣམས་ལ་མ་ཆགས་པའི་ཕྱིར་རོ། །བཅིངས་པ་མེད་པ་ཆགས་པ་མེད་པ་ནི་དྲན་པ་དང་། ཏིང་ངེ་འཛིན་གྱི་སྟོབས་སོ། །ཚུལ་འཆོས་པ་མེད་ཅིང་ཟག་པ་མེད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ 116-265a ཀྱིས་སོ། །ངེས་པར་རྟོགས་པའི་ཕྱོགས་རྣམས་ཀྱིས་ཟག་པ་མེད་པའི་ཕྱིར་རོ། །མིང་དང་གཟུགས་རྣམས་ལས་ནི་ཆགས་པ་མེད་པའི་ཡིད། །ཅེས་བྱ་བས་ནི་བྱང་ཆུབ་ཀྱི་ཡན་ལག་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའི་ཕྱིར་རོ། །དེ་ནི་མཉམ་པར་གཞག་ཅེས་བྱ་བ་ནི་དྲན་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་ཐོབ་པའི་ཕྱིར་རོ། །ཤིན་ཏུ་དུལ་བའི་སེམས་ནི་བྱང་ཆུབ་ཀྱི་ཡན་ལག་ལྷག་མ་རྣམས་ཀྱིས་སོ། །སོ་སོར་ཐར་ལ་སློབ་པ་རློམ་སེམས་བྱེད་པ་མེད། །ཅེས་བྱ་བ་ནི་ཡང་དག་པར་ལྟ་བའི་ལམ་གྱི་ཡན་ལག་ཐོབ་པས་ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེས་ནི་འདི་ན་དེ་ལ་ཆགས་པར་ མི་འགྱུར་ཏེ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་སོ་སོར་ཐར་པའི་བསླབ་པ་རྒྱུན་གཅད་པའི་ཕྱིར་རོ། །དེ་ཡི་གང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །ཞེས་བྱ་བ་ནི་ཡང་དག་པར་རྟོག་པ་རྣམས་ཀྱིས་ཡང་དག་པའི་ལྟ་བར་རྣམ་པར་འཇོག་པའི་ཕྱིར་རོ། །ཚུལ་ཁྲིམས་གཙོ་བོར་མ་ཡིན་པ་ནི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བའི་ལམ་གྱི་ཡན་ལག་ཐོབ་པའི་ཕྱིར་ཏེ། དེ་ལས་གཞན་པའི་ཚུལ་ཁྲིམས་ནི་རློམ་སེམས་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དེར་ཆགས་མེད་ཅེས་བྱ་བ་ནི་དེའི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སྐྱེས་པ་བསམ་གཏན་གྱི་རོ་མྱང་བ་མེད་པའོ། །དེའི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་ སུ་ཚོལ་བ་ནི་ཡང་དག་པའི་རྩོལ་བས་སོ། །འཇིག་པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་དག་པའི་དྲན་པས་སོ། །ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་འཐོབ། །ཅེས་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ ཏུ་བསྒོམ། །ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་ལྷག་མ་ཡོངས་སུ་སྤོང་བའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཅེས་བྱ་བ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །དེ་ལྟར་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདིས་བྱང་ཆུབ་ཀྱི་ཕྱོགས་རྣམ་པར་དག་པ་བསྒོམ་པ་ཡོངས་སུ་བསྟན་ཏོ། །ལས་ཀྱི་ལམ་ རྣམ་པར་དག་པ་ལས་བརྩམས་ནས་རྣམ་གྲངས་གཞན་དུའོ། །མི་མཐུན་པའི་ཕྱོགས་སྤངས་པ་དང་། གཉེན་པོ་རྣམ་པར་དག་པས་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །དེ་ལ་མི་མཐུན་པའི་ཕྱོགས་སྤངས་པ་ནི། སྲོག་གཅོད་པའི་བག་ཆགས་དང་དེའི་གཞི་སྤངས་པའོ། །གཉེན་ 116-265b པོ་ནི་རྣམ་པར་དག་པ་གསུམ་སྟེ། དེ་ལས་ཕྱིར་ལོག་པ་ལས་ཆོག་མི་ཤེས་པ་རྣམ་པར་དག་པ་དང་། སྒྲིབ་པ་མེད་པ་རྣམ་པར་དག་པ་དང་། རྣམ་པར་སྨིན་པར་ངེས་པ་ཡོངས་སུ་མི་འཛིན་པས་ཀུན་དུ་སྦྱོར་བ་མ་ལུས་པར་རྣམ་པར་དག་པའོ། །མ་བྱིན་པར་ལེན་པའི་རྐྱེན་འཇིགས་པ་དང་། ཁ་ན་མ་ཐོ་བ་དང་། དགྲ་རྣམས་སྤངས་པ་དང་། རྐུ་བ་དང་། ཡོངས་སུ་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་སྤངས་པ་དང་། དེའི་གཞིའི་ཉོན་མོངས་པ་སྤངས་པ་དང་། དེ་མ་བྱིན་པར་ལེན་པའི་ངལ་བ་དང་། གསད་པ་དང་། བཅིང་བ་ལ་སོགས་པའི་གནོད་པ་སྤངས་པ་དང་། དེ་འབྱོར་པའི་ང་རྒྱལ་སྤངས་པས་མ་བྱིན་པར་ལེན་པ་ ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །བུད་མེད་ཀྱི་ལུས་ལ་མི་ལྟ་བར་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་བ་དེའི་མྱ་ངན་ལས་འཆིང་བར་འགྱུར་ཞེས་ལོག་པར་སྨྲ་བའི་གཞི་སྤངས་པ་དང་། མི་སྨོན་པར་ཚངས་པར་སྤྱད་པ་སྤྱོད་པ་དང་། དབང་པོ་དག་པའི་སྒོར་གྱུར་པ་དང་། སྤྱོད་ཡུལ་མ་ཡིན་པ་ ཡོངས་སུ་སྤོང་བ་དང་། མི་སྡུག་པ་ལ་སོགས་པ་གཉེན་པོ་བསྒོམ་པས་འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །ཟང་ཟིང་གི་ཕྱིར་རམ། འཇིགས་པའི་གཞི་གང་གིས་བརྫུན་དུ་སྨྲ་བ་ཟེར་བ་དེ་སྤངས་པ་དང་། དེའི་གཉེན་པོར་ཐོས་པ་ལ་སོགས་པའི་ཤེས་རབ་དང་ལྡན་པ་དང་། གཞི་གང་གིས་བདག་དང་གཞན་ལ་གནོད་པར་འགྱུར་བ་བརྫུན་གྱི་ཚིག་སྨྲ་བ་དེ་སྤངས་པས་བརྫུན་དུ་སྨྲ་བ་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །རང་གི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་ཡུལ་གྱི་ཕྱིར་དགའ་བར་བྱ་བའི་ཕྱིར་ཕྲ་མ་བྱེད་པ་དེ་གང་ལས་མེད་པ་དང་། དེའི་ནང་ནས་ཕྱིའི་སྐྱེ་མཆེད་ལ་ཆགས་པ་མེད་ པ་དང་། དེ་མེད་པས་གང་འདུམ་པར་མི་བྱེད་པ་དང་། བྱེ་བ་ལ་མི་རྣོན་པ་དང་། མི་མཐུན་པར་མི་དགའ་མི་མཐུན་པར་མི་མོས། མི་མཐུན་པར་འགྱུར་བའི་ཚིག་མི་སྨྲ་བ་ཡིན། དེ་འབྱུང་བར་བྱེད་པ་ཆགས་པ་ལ་སོགས་པ་ཉོན་མོངས་པ་ལས་འགྲོ་བས་དེའི་ཕྲ་མ་ལས་ཕྱིར་ལོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། ། མི་བཟོད་པའི་གཞི་མེད་པ་དང་། བཟོད་པའི་གཞི་ཡོད་པ་ཚིག་རྩུབ་པ་ལས་ཕྱིར་ལོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །དེ་ལ་མི་བཟོད་པའི་གཞི་ནི་མིང་དང་གཟུགས་ལ་ཆགས་པའི་ཡིད་དོ། །བཟོད་པའི་གཞི་ནི་སོ་སོར་བརྟགས་པའི་སྟོབས་དང་། སེམས་འཆོས་ཤིང་རྩེ་གཅིག་ཏུ་བསྒོམས་པའི་ 116-266a སྟོབས་ཀྱིས་ཉོན་མོངས་པ་མེད་པ་ནི་རང་བཞིན་གྱིས་བཟོད་པའོ། །ཚིག་ཐུན་ཚགས་སྨྲ་བ་རྣམ་པ་གསུམ་སྤངས་པས་ཚིག་ཐུན་ཚགས་སྨྲ་བ་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏོ། །ཚིག་ཐུན་ཚགས་སྨྲ་བ་རྣམ་པ་གསུམ་ནི་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་ལྡན་པ་དང་། ལོག་ པར་སྨོད་པ་དང་ལྡན་པ་དང་། རང་གི་ལྟ་བ་བསྙེམས་པ་དང་ལྡན་པའོ། །ཆགས་སེམས་རྣམ་གསུམ་སྤངས་པས་ཆགས་སེམས་ལས་ཕྱིར་ལོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏེ། ཆགས་སེམས་རྣམ་པ་གསུམ་ནི་མཐོ་རིས་ཀྱི་གནས་དང་། གཞན་ཡིད་ཆེས་པར་བྱ་བའི་གནས་དང་། བསླབ་པའི་འཐོབ་པ་དང་ བཀུར་སྟིའི་གནས་སོ། །གནོད་སེམས་ཀྱི་གཞི་སྤངས་པས་གནོད་སེམས་ལས་ཕྱིར་ལྡོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ཏེ། དེའི་གཞིའི་འཇིག་ཚོགས་ལ་ལྟ་བ་སྟེ། བདག་ལ་གནོད་པ་བྱས་སོ། །འདི་ནི་བདག་ལ་གནོད་པ་བྱེད་པའོ་ཞེས་གནོད་སེམས་ཀུན་དུ་བསྐྱེད་དོ། །དེ་སྤངས་པའི་མཚན་ཉིད་ནི་རྣམ་པ་ གཉིས་ཏེ། ཡུལ་རྣམས་ལ་སྤྱོད་པ་ན་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ཀུན་དུ་མི་འབྱུང་བ་དང་། ཆོས་ཡིད་ལ་བྱེད་པ་ན་སངས་རྒྱས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་སྟོང་པ་ཉིད་ལ་མོས་པའོ། །གཉེན་པོ་རྣམ་པར་དག་པ་ལོག་པར་ལྟ་བ་ལས་ཕྱིར་ལོག་པ་རྣམ་པར་དག་པ་ཡོངས་སུ་བསྟན་ ཏོ། །དེའི་གཉེན་པོར་ནི་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ལ་བརྟེན་ནས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། ངེས་པར་རྟོགས་པའི་ཕྱོགས་སུ་བསྡུས་པའོ། །དེ་ནས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའོ། །དེ་ལྟར་ལས་ཀྱིས་རྣམ་པར་དག་པའི་ཚུལ་ཁྲིམས་ཕུན་ སུམ་ཚོགས་པར་རིག་པར་བྱའོ། །ཚིགས་སུ་བཅད་པའི་དོན་བསྟན་པས་རྣམ་གྲངས་གཞན་དུའོ། །དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་སོ་སོར་བསྡུས་པའི་དོན་ནི་དང་པོས་ནི་བར་དུ་གཅོད་པ་རྣམ་པར་སྤོང་བས་ཚུལ་ཁྲིམས་རྣམ་པར་དག་པའོ། །གཉིས་པས་ནི་གཡེང་བ་དང་། རློམ་སེམས་ཀུན་ནས་ རྣམ་པར་དག་པའོ། །གསུམ་པས་ནི་སྲེད་པ་དང་། ལྟ་བ་དང་། ཀུན་ནས་ཉོན་མོངས་པ་སྤོང་བ་རྣམ་པར་དག་པའོ། །བཞི་པས་ནི་འདུ་ཤེས་ཡོངས་སུ་ཤེས་པ་རྣམ་པར་དག་པའོ། །ལྔ་པས་ནི་ཟག་པ་མེད་པ་རྣམ་པར་དག་པའོ། །དྲུག་པས་ནི་ཏིང་ངེ་འཛིན་ཡོངས་སུ་དག་པ་རྣམ་པར་དག་པའོ། །བདུན་པས་ 116-266b ནི་སྦྱོར་བ་རྣམ་པར་དག་པའོ། །བརྒྱད་པས་ནི་བསླབ་པ་རྣམ་པར་དག་པའོ། །དགུ་པས་ནི་མི་སློབ་པ་རྣམ་པར་དག་པའོ། །བཅུ་པས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་བར་དུ་གཅོད་པ་ནི་བཞི་པའོ། །ཉམས་པ་ནི་བར་གཅོད་པ་སྟེ། དེའི་གཉེན་པོར་ཚུལ་ ཁྲིམས་ལྡན་ལ་དྲི་མ་མེད་ཅིང་ཅི་ཡང་མེད་ཅེས་བྱ་བ་གསུངས་སོ། །ངང་ཚུལ་ངན་པའི་ཉེས་པའི་མཚན་ཉིད་ནི་དྲི་མའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཅི་ཡང་ཞེས་བྱ་བ་ནི་གཞི་སྟེ། འདི་ནི་ཚུལ་ཁྲིམས་ཉམས་པ་བར་དུ་གཅོད་པའོ། །ཁྱད་པར་དུ་འགྲོ་བ་བར་དུ་གཅོད་པ་དེའི་གཉེན་པོར། ཚུལ་ཁྲིམས་ ལྡན་ལ་རྒྱགས་པ་མེད་དེ་བརྟེན་པ་མེད། །ཅེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་ཙམ་ལ་ཡོན་ཏན་དུ་ལྟ་ཞིང་དེ་ལ་བརྟེན་པ་དེའི་གཞི་ནི་རྒྱགས་པ་སྟེ། འདི་ནི་ཁྱད་པར་དུ་འགྲོ་བའི་བར་དུ་གཅོད་པའོ། །རྟོགས་པར་འགྱུར་བའི་བར་དུ་གཅོད་པའི་གཉེན་པོར། ཚུལ་ཁྲིམས་ལྡན་ལ་མུན་པ་མེད་ཅིང་འཆིང་བ་མེད། ། ཅེས་བྱ་བ་གསུངས་ཏེ། མ་རིག་པ་ནི་གཞིའོ། །ལྟ་བ་ནི་འཆིང་བ་སྟེ། འདི་ནི་དེ་ཁོ་ན་རྟོགས་པར་འགྱུར་བའི་བར་དུ་གཅོད་པའོ། །ཚེ་འདི་ལ་བདེ་བར་གནས་པའི་བར་དུ་གཅོད་པ་དེའི་གཉེན་པོར། ཚུལ་ཁྲིམས་ལྡན་ལ་རྡུལ་རྣམས་མེད་དེ་ཉེས་པ་མེད། །ཅེས་བྱ་བ་གསུངས་ཏེ། མི་དགེ་བ་ལ་སེམས་པ་ནི་རྡུལ་ཏོ། ། འཐོབ་པ་དང་བཀུར་སྟི་ལ་ཆགས་པའི་ཉེས་པ་ནི་གཞི་སྟེ། འདི་ནི་ཚེ་འདི་ལ་བདེ་བར་གནས་པ་བསམ་གཏན་རྣམས་ཀྱི་བར་དུ་གཅོད་པའོ། །གཉིས་པ་ལས་ནི་གཡོ་བ་དང་རློམ་སེམས་ཀུན་ལས་རབ་ཏུ་ཐར་པ་རྣམ་པར་དག་པ་སྟེ། མཚན་མ་དང་། གནས་ངན་ལེན་དང་། དེ་ལས་བྱུང་བའི་སྡུག་བསྔལ་སྤངས་པ་ དང་། གཉེན་པོར་རྣམ་པར་མི་རྟོག་པའི་ཤེས་རབ་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའོ། །དེ་ལ་མཚན་མ་སྤངས་པས་ཞི་བའོ། །གནས་ངན་ལེན་སྤངས་པས་རབ་ཏུ་ཞི་བའོ། །དེ་ལས་བྱུང་བའི་སྡུག་བསྔལ་སྤངས་པས་ཉེ་བར་ཞི་བའི་ཡིད་དོ། །གཟུགས་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་དང་དེའི་ཁྱད་པར་སྐྱེའོ། ། འགོག་གོ་ཞེས་བྱ་བ་ལ་སོགས་པར་རྟོག་པ་དང་། རྣམ་པར་རྟོག་པ་དང་བྲལ་བ་དང་། གཡོ་བ་མེད་པ་དང་། ཏིང་ངེ་འཛིན་ལས་མི་གཡོ་བའི་ཕྱིར། གཉེན་པོ་རྣམ་པར་མི་རྟོག་པའི་ཤེས་རབ་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པས་གཡོ་བ་དང་རློམ་སེམས་ཐམས་ཅད་ལས་རབ་ཏུ་ཐར་པ་ཕུན་སུམ་ཚོགས་སོ། །གསུམ་ 116-267a པ་ལས་ནི་སྲིད་པ་དང་ལྟ་བ་དང་། ཀུན་ནས་ཉོན་མོངས་པ་སྤངས་པ་རྣམ་པར་དག་པ་སྟེ། ཚེ་འདི་དང་ཚེ་རབས་གཞན་གྱི་སྲེད་པ་སྤངས་པས། ལུས་ལ་མི་ལྟ་སྲོག་ལ་ཕངས་པར་འཛིན་མི་བྱེད། །སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད། །ཅེས་བྱ་བའོ། །ཐེག་པ་ཆེན་པོའི་ ཆོས་དང་དོན་ལ་ཕྱིན་ཅི་མ་ལོག་པས། ཡང་དག་པར་ཞུགས་པ་དང་། ཡང་དག་པའི་ཚུལ་ལ་གནས་པ་ཞེས་བྱའོ། །བཞི་པ་ལས་ནི་འདུ་ཤེས་ཡོངས་སུ་ཤེས་པ་རྣམ་པར་དག་པ་སྟེ། འཇིག་རྟེན་གྱི་ཆོས་ཀྱི་འདུ་ཤེས་ཡོངས་སུ་ཤེས་པས་འཇིག་རྟེན་གྱིས་མ་གོས་པ་ཞེས་བྱའོ། །འཇིག་རྟེན་གྱི་འདུ་ ཤེས་ཡོངས་སུ་ཤེས་པས་འཇིག་རྟེན་དག་ལ་དམིགས་པ་ཞེས་བྱའོ། །བདེན་པ་ལ་ཡིད་གཉིས་དང་ཐེ་ཚོམ་ཟ་བའི་འདུ་ཤེས་ཡོངས་སུ་ཤེས་པས་སྣང་བ་ཐོབ་པ་ཞེས་བྱའོ། །ལུས་དང་ལོངས་སྤྱོད་ཀྱི་འདུ་ཤེས་ཡོངས་སུ་ཤེས་པས་བདག་གི་བ་མེད་ཅེས་བྱའོ། །འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་མཚན་ མའི་འདུ་ཤེས་ཡོངས་སུ་ཤེས་པས་ཅི་ཡང་མེད་ཅེས་བྱའོ། །བདག་དང་གཞན་གྱི་འདུ་ཤེས་ཡོངས་སུ་ཤེས་པས་བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད་ཅེས་བྱའོ། །ལྔ་པ་ལས་ནི་ཟག་པ་མེད་པ་རྣམ་པར་དག་པ་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་འཛིན་པས། གང་ལ་ ཚུ་རོལ་མེད་ཅིང་ཕ་རོལ་དབུས་ཀྱང་མེད། །ཅེས་བྱའོ། །དེ་ལ་ནང་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། དེ་ལས་བྱུང་བའི་རྣམ་པར་ཤེས་པ་རྣམས་ནི་ཚུ་རོལ་དང་། ཕ་རོལ་དང་། དབུས་ཞེས་བྱའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གནས་པས་ཆགས་པ་སྤངས་པ་དང་ དངོས་པོའི་འཆིང་བ་ལས་ཐར་པ་དང་། དགེ་བ་མི་སྤྱོམས་པས། ཚུ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང་། །བཅིངས་དང་ཆགས་མེད་ཚུལ་འཆོས་མེད། །ཅེས་བྱ་སྟེ། དངོས་པོ་ལ་ཆགས་པ་སྤངས་པས་དངོས་པོས་བཅིངས་པ་ལས་རྣམ་པར་གྲོལ་གྱི། དངོས་པོ་ལས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། ། མ་བཅིངས་པ་ནི་གྲོལ་བ་ཞེས་བྱ་སྟེ། དཔེར་ན་དགེ་སློང་ཁྱེད་མིག་ལ་དགའ་བའི་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག །དེ་སྤངས་ན་མིག་དེ་སྤངས་པར་འགྱུར་རོ་ཞེས་བྱ་བ་གསུངས་པ་ལྟ་བུའོ། །ཚུལ་འཆོས་མེད་ཅེས་བྱ་བ་ནི་འཐོབ་པ་དང་བཀུར་སྟི་ལ་ཆགས་པ་མེད་པས་ཕྱི་རོལ་གྱི་དངོས་པོ་ལ་ 116-267b མི་ཆགས་པར་སྟོན་ཏོ། །དྲུག་པ་ལས་ནི་ཏིང་ངེ་འཛིན་ཡོངས་སུ་འཛིན་པ་རྣམ་པར་དག་པ་སྟེ། དག་པ་ཅན་གྱི་ཏིང་ངེ་འཛིན་ཡོངས་སུ་འཛིན་པས། མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད། །ཅེས་བྱའོ། །ཐ་བ་མེད་པ་ཅན་གྱི་ཏིང་ངེ་འཛིན་ཡོངས་སུ་འཛིན་པས་དེ་ནི་མཉམ་པར་གཞག་ ཅིང་ཤིན་ཏུ་དུལ་བའི་སེམས་ཞེས་བྱ་སྟེ། རྩ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པས་མཉམ་པར་གཞག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཡོངས་སུ་འཛིན་པས། གང་ལ་བདག་མེད་བདག་གིར་འཛིན་པ་མེད། །ཅེས་བྱའོ། །བདུན་པ་ལས་ནི་སྦྱོར་བ་རྣམ་པར་དག་པ་སྟེ། སོ་སོར་ཐར་ པའི་སྡོམ་པ་ཙམ་གྱིས་རློམ་སེམས་སུ་མི་བྱེད་པས། སོ་སོར་ཐར་པ་སློབ་པ་རློམ་སེམས་བྱེད་པ་མེད། །ཅེས་བྱའོ། །དེ་ཙམ་གྱིས་ཆོག་པར་མི་འཛིན་པས། དེས་ནི་འདི་ན་དེ་ལ་ཆགས་པར་མི་འགྱུར་ཏེ། །དེ་ཡི་གང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ། །དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ། །ཞེས་ བྱ་བའོ། །བརྒྱད་པ་ལས་ནི་སློབ་པ་རྣམ་པར་དག་པ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱིས་ཆོག་པར་མི་འཛིན་པས། །ཚུལ་ཁྲིམས་གཙོ་བོ་མ་ཡིན་ཏིང་འཛིན་དེར་ཆགས་མེད། །ཅེས་བྱའོ། །འཇིག་རྟེན་པའི་ཤེས་རབ་ཙམ་གྱིས་ཆོག་པར་མི་འཛིན་པས། དེ་ཁོ་ན་རྟོགས་ཏེ། མི་དམིགས་པའི་ཡེ་ཤེས་ཐོབ་ པ་ནི། དེ་ཡི་གོང་དུ་ཤེས་རབ་སྒོམ་པ་ཡོངས་སུ་ཚོལ། །དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། །ཚུལ་ཁྲིམས་དེ་ནི་བདེ་བར་གཤེགས་པས་རབ་ཏུ་བསྔགས། །ཞེས་བྱའོ། །དགུ་པ་ལས་ནི་མི་སློབ་པ་ལས་ནི་དག་སྟེ། མཐོང་བའི་ལམ་ན་འཇིག་ཚོགས་ལ་ལྟ་བ་ལས་རྣམ་པར་གྲོལ་བས། འཇིག་ པའི་ཚོགས་ལ་ལྟ་ལས་རྣམ་པར་གྲོལ་བའི་ཡིད། །ཅེས་བྱའོ། །བསྒོམ་པའི་ལམ་ན་ངའོ་སྙམ་པའི་ང་རྒྱལ་ལས་རྣམ་པར་གྲོལ་བས། དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད། །ཅེས་བྱའོ། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཟབ་མོ་སྟོང་པ་ཉིད་ལ་མོས་པས། སངས་རྒྱས་སྤྱོད་ཡུལ་ སྟོང་པ་ཉིད་ལ་ལྷག་པར་མོས། །དེ་ཡི་ཚུལ་ཁྲིམས་དེ་ནི་མཉམ་པ་མེད་པའོ། །ཞེས་བྱའོ། །བཅུ་པ་ལས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས་ནས་ཐེག་པ་རླབས་པོ་ཆེའི་ཏིང་ངེ་འཛིན་བསྒོམས་པས། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ། །ཅེས་བྱའོ། ། 116-268a ཏིང་ངེ་འཛིན་ལ་གནས་ཏེ་ཤེས་རབ་བསྒོམ་མོ། །བསྒོམས་པས་ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ། །ཞེས་བྱའོ། །ཤེས་རབ་ཟབ་མོ་བསྒོམ་པ་ལ་གནས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། ། ཅེས་བྱའོ། །དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པས། ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་བྱའོ། །ཡང་གནོད་པ་འཇོམས་པ་རྣམ་པར་དག་པ་དང་བསླབ་པ་རྣམ་གསུམ་རྣམ་པར་དག་པ་དང་། སྦྱོར་བའི་ལམ་རྣམ་པར་དག་པ་དང་། མཐོང་བའི་ལམ་རྣམ་པར་དག་ པ་དང་། བསྒོམ་པའི་ལམ་རྣམ་པར་དག་པ་དང་། མཐར་ཕྱིན་པའི་ལམ་རྣམ་པར་དག་པ་དང་། སྡོམ་པ་གསུམ་རྣམ་པར་དག་པས། ཚིགས་སུ་བཅད་པ་འདི་དག་གིས་ལུས་རྣམ་པར་གཞག་པར་བྱའོ་ཞེས་སློབ་དཔོན་གཞན་དག་ཚིགས་སུ་བཅད་པ་འདི་དག་གི་དོན་དེ་སྐད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་སོང་ལ་དགེ་སློང་དེ་དག་ཀུན་ཤེས་པར་བྱོས་ཤིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉིད་ཀྱིས་འདི་དག་ལ་བཤད་ན་ཡང་མཐུན་པར་མི་བགྱིད་ན་བདག་གིས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ལ། འདི་ལ་རབ་འབྱོར་ལ་བཀའ་སྩལ་པ་ ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བའི་དོན་མཛད་པའི་ནུས་པ་ཉན་ཐོས་རྣམས་ལས་ཁྱད་པར་དུ་བརྗོད་པའི་ཕྱིར་རོ། ། ༈ བཅུ་གསུམ་པ། དེ་བཞིན་གཤེགས་པས་འདུལ་བའི་ཐབས་ཀྱི་རྣམ་པ། འདི་མན་ཆད་ནི་བརྡ་དང་དོན་དམ་པའི་སྡོམ་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དགེ་སློང་དེ་དག་ལམ་གང་ནས་དོང་བའི་ལམ་དེར་དགེ་སློང་གཉིས་ ཤིག་སྤྲུལ་པ་སྤྲུལ་ཏོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འདུལ་བའི་ཐབས་སྟོན་ཏོ། །རྣམ་པ་གཉིས་ཀྱིས་སྤྲུལ་པ་རབ་ཏུ་བསྟན་ཏེ། རྟགས་དང་མོས་པ་མཐུན་པར་ཀུན་ཏུ་བསྟན་པ་སྟེ། དགེ་སློང་དེ་དག་བསྡུས་ནས་གདམས་པའི་ཕྱིར་རོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་སྤྲུལ་པའི་དགེ་སློང་གཉིས་པོ་ལམ་གང་ནས་ དོང་བའི་ལམ་དེར་དོང་སྟེ་ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་འགྲོ། དེ་གཉིས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པར་བྱ་བར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ 116-268b ཡིན་པའི་ཆོས་བསྟན་པ་དེ་ལ་མི་འཇུག་སྟེ། མི་རྟོག་མི་མོས་ཤིང་སྐྲག་ཀུན་དུ་སྐྲག་ཀུན་དུ་རབ་ཏུ་སྐྲག་པར་གྱུར་ནས་ཁོ་བོ་ཅག་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ། །དགེ་སློང་ལྔ་བརྒྱ་པོ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ ཁོ་བོ་ཅག་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ལ་མི་འཇུག་སྟེ། མ་རྟོག་མ་མོས་ཤིང་སྐྲག་ཀུན་དུ་སྐྲག་ཀུན་དུ་རབ་ཏུ་སྐྲག་པར་གྱུར་ཏོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་ དང་ལྡན་པ་དག་དེའི་ཕྱིར་བདག་ཅག་ཡང་དག་པར་འགྲོ་བར་བྱའོ། །རྩོད་པར་མི་བྱའོ། །རྩོད་པ་མེད་པ་དམ་པར་བྱེད་པ་ནི་དགེ་སྦྱོང་གི་ཆོས་སོ། །ཚེ་དང་ལྡན་པ་དག་གང་འདི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་དེ་གང་། དེ་ལུས་འདི་ལ་བདག་གམ་སེམས་ ཅན་ནམ། སྐྱེ་བ་པོའམ། སྐྱེས་བུའམ། གང་ཟག་གམ། ཤེད་ལས་སྐྱེས་པའམ། ཤེད་བུའམ། གང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། གང་ཟད་པས་ཡོངས་སུ་མྱ་ངན་ལས་འདའ། དེ་དག་གིས་སྨྲས་པ། འདོད་ཆགས་ཟད། ཞེ་སྡང་ཟད། གཏི་མུག་ཟད་པས་ཡོངས་སུ་མྱ་ངན་ ལས་འདའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོད་པས་ཡིན་ནམ། ཅི་ན་དེ་དག་ཟད་པར་བྱ། དེ་དག་གིས་སྨྲས་པ། དེ་དག་གི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པ་ལ་ཡང་མི་དམིགས་ཏེ། དེ་དག་ནི་ཡོངས་སུ་མ་བརྟགས་པ་ལས་ ཀྱང་མི་སྐྱེའོ་ཞེས་བྱ་བ་ནི་དེ་དག་མྱ་ངན་ལས་འདས་པ་ལས་ལོག་པར་འཛིན་པས་མངོན་པའི་ང་རྒྱལ་གྱིས་སྐྲག་པ་ལས་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་པའི་སེམས་ཅན་དེ་གང་ཡང་མེད་ལ། འདོད་ཆགས་ལ་སོགས་པ་ཡོད་པ་ལས་ཟད་པར་འགྱུར་བ་མ་ཡིན་ཏེ། མ་སྐྱེས་པ་དེ་དག་ཉིད་ཀྱི་སྐྱེ་བ་མེད་པ་ཙམ་ལ་མྱ་ ངན་ལས་འདས་པའོ་ཞེས་ཡོངས་སུ་བསྟན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡིད་ཆེས་པར་འགྱུར་བའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ལྟ་བས་ན་མ་རྟོག་རྣམ་པར་མ་རྟོག་ཤིག་ཅེས་བྱ་བ་ནི་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ལ་ང་དང་ངའི་ཞེས་བྱ་བ་དང་། གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་ 116-269a པ་དག་ནམ་མི་རྟོག་རྣམ་པར་མི་རྟོག་པ་དེའི་ནི་ཆགས་པར་ཡང་མི་འགྱུར་ཞེས་བྱ་བ་ནི་འདོད་ཆགས་སྐྱེ་བ་མེད་པའི་ཕྱིར་རོ། །ཆགས་པ་དང་བྲལ་བར་ཡང་མི་འགྱུར་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ལ་འབྲལ་བ་མེད་པའི་ཕྱིར་རོ། །ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མེད་ པ་གང་ཡིན་པ་དེ་ནི་ཞི་བ་ཞེས་བྱའོ་ཞེས་བྱ་བ་ལ་མ་ཞི་བར་གྱུར་པ་ལས་ཞི་བར་འགྱུར་རོ་སྙམ་དུ་འཛིན་པ་ཡོངས་སུ་བཙལ་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཚུལ་ཁྲིམས་ནི་མི་འཁོར་ཞིང་མྱ་ངན་ལས་མི་འདའོ། །ཚེ་དང་ལྡན་པ་དག་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་ པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་ཡང་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། །ཚེ་དང་ལྡན་པ་དག་ཆོས་དེ་དག་གིས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པ་ན་ཆོས་དེ་དག་ཀྱང་སྟོང་པ། དབེན་པ་གཟུང་དུ་མེད་པའོ་ཞེས་སྨྲས་པ་ནི། གང་དག་གིས་གང་ཟག་ཞི་བ་ཞེས་བྱའོ། །མི་འཁོར་བ་ནི་ཉོན་ མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་མི་འདའ་བ་ནི། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཏེ། དེ་དག་ལ་ནི་སྔོན་མ་ཞི་བར་གྱུར་པ་ལས་ཞི་བར་འགྱུར་བ་གཞན་མེད་དོ། །ཚེ་དང་ལྡན་པ་དག་དངོས་པོ་ཅི་ཡང་མེད་པས་འདི་ལྟ་སྟེ། མྱ་ངན་ལས་འདས་ སོ་སྙམ་པའི་འདུ་ཤེས་སྤོངས་ཤིག །བདག་ཡོངས་སུ་མྱ་ངན་ལས་འདས་པར་བྱའོ་སྙམ་པའི་འདུ་ཤེས་ཀྱིས་མྱ་ངན་ལས་འདས་པ་ལ་འདུ་ཤེས་སུ་མ་བྱེད་ཅིག །འདོད་ཆགས་ལ་སོགས་པའི་འདུ་ཤེས་ཀྱིས་མྱ་ངན་ལས་འདས་པ་ལ་འདོད་ཆགས་ལ་སོགས་པ་མེད་པ་ནི་མྱ་ངན་ལས་འདས་པའོ་ཞེས་མྱ་ངན་ ལས་འདས་པའི་འདུ་ཤེས་ལ་ཡོངས་སུ་ཤེས་པར་མ་བྱེད་ཅིག །འདོད་ཆགས་ལ་སོགས་པ་མེད་པ་ནི་མྱ་ངན་ལས་འདས་པའོ། །དེ་ནི་དེའི་འདུ་ཤེས་ཀྱིས་བཅིངས་པ་ཡིན་ནོ་ཞེས་བྱ་བ་ནི་མཚན་མ་མེད་པ་ལ་གནས་པའི་བར་ཆད་དུ་གྱུར་པའི་ཕྱིར་རོ། །ཟག་པ་ཟད་པར་བྱ་བའི་ཐབས་བསྟན་ ནས་དེའི་འོག་ཏུ་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཐབས་འགོག་པའི་སྙོམས་པར་འཇུག་པ་མངོན་པར་སྒྲུབ་པ་སྟོན་ཏོ། །ཚེ་དང་ལྡན་པ་དག་འདུ་ཤེས་དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་ཤིག །ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་ 116-269b པ་ལས་གོང་ན་བྱ་བ་མེད་དོ་ཞེས་འཆད་དོ་ཞེས་གང་གསུངས་པའི་ཕྱིར་རོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། དེ་ལ་དགེ་བའི་རྩ་བ་མ་བསྐྱེད་པ་དག་གིས་མོས་པར་མི་ནུས་ཞེས་བྱ་བ་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་མི་ལྡན་པའི་ཕྱིར་ཤིན་ཏུ་རྡུལ་དང་ལྡན་པ་རྣམས་སོ་ཞེས་བྱ་བའི་ཐ་ ཚིག་གོ། །སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དག་གིས་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེས་བུ་དམ་པས་ཡོངས་སུ་མ་ཟིན་པའི་ཕྱིར་རབ་ཏུ་མ་རུང་བར་འགྱུར་བ་རྣམས་ཀྱིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མ་དད་པ་མང་བ་དག་གིས་མ་ཡིན་ནོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་དང་མི་ལྡན་པས་ཟབ་མོའི་ ཆོས་རྣམས་ལ་མོས་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །མི་འཇུག་ཅེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ། །མི་རྟོག་ཅེས་བྱ་བ་ནི་ཆོས་གནས་པའི་ཡེ་ཤེས་མ་རྟོགས་པའི་ཕྱིར་རོ། །མི་མོས་ཞེས་བྱ་བ་ནི་དེ་ཁོ་ན་ཤེས་པས་ངེས་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་འདུལ་བའི་ ཐབས་དེ་རྣམ་པ་གཉིས་སུ་བལྟ་སྟེ། སྤྲུལ་པ་དག་གིས་མངོན་པའི་ང་རྒྱལ་ཅན་གྱི་བདག་ཉིད་དང་འདྲ་བ་དང་། མོས་པ་འདྲ་བས་ནི་བཀའ་ལ་སེམས་ཉེ་བར་གཞག་པའི་ཕྱིར་འདྲ་བ་བསྟན་པ་དང་། གདམས་ངག་དེ་ངེས་པར་འབྱུང་བ་ཅན་ཡིན་པས་ཡང་དག་པར་རྣམ་པར་དག་པའི་ཐབས་ཉེ་བར་བསྟན་པའོ། ། གདམས་ངག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པ་གཉིས་ལ་སྐྲག་པར་འབྱུང་བའི་གནས་བསྟན་པ་དང་། ཀུན་ནས་ཉོན་མོངས་པའི་གཞི་ཡོངས་སུ་སྤང་བར་བསྟན་པ་དང་། རྣམ་པར་བྱང་བ་ལ་སྐྲག་པའི་གཞི་ཡོངས་སུ་སྤང་བར་བསྟན་པ་དང་། ཚེ་འདི་ལ་མཆོག་ཏུ་བདེ་བ་གནས་པའི་ཐབས་བསྟན་པའོ། །དེ་ལ་ཚེ་དང་ལྡན་པ་དག་གང་འདི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་དེ་ཡང་། གང་ལུས་ལ་བདག་གམ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དགག་པའི་ཕྱིར་རྣམ་པར་བྱང་བ་ དང་ཀུན་ནས་ཉོན་མོངས་པ་གཉིས་ལ་སྐྲག་པ་འབྱུང་བའི་གནས་བསྟན་པས་བདག་མེད་པར་འགྱུར་རོ་སྙམ་སྟེ། སྐྲག་པས་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། འདི་ནི་རྣམ་པ་དང་པོའོ། །སྤྲུལ་པ་གཉིས་ཀྱིས་སྨྲས་པ། དེ་ཚེ་དང་ལྡན་པ་དག་དེ་ལྟ་བས་ན་མ་རྟོག་རྣམ་པར་མ་རྟོག་ཤིག་ཅེས་ 116-270a བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཞི་རྣམ་པ་གཉིས་སྟོན་ཏོ། །ཐ་སྙད་ཅན་གྱི་ངོ་བོ་ཉིད་དུ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་ཡོངས་སུ་རྟོག་པ་དེའི་དབང་དུ་བྱས་ནས་མ་རྟོག་ཤིག་ཅེས་བྱ་བ་སྨྲས་སོ། །དེའི་ཡོན་ཏན་དང་ཉེས་པའི་བྱེ་བྲག་ལ་ མངོན་པར་ཞེན་པའི་ཡོངས་སུ་རྟོག་པ་དེའི་དབང་དུ་བྱས་ནས་རྣམ་པར་མ་རྟོག་ཤིག་ཅེས་བྱ་བ་སྨྲས་ཏེ། འདི་ནི་རྣམ་པ་གཉིས་པའོ། །ཚེ་དང་ལྡན་པ་དག་ནི་མི་རྟོག་རྣམ་པར་མི་རྟོག་པ་དེ་ན་ཞེས་བྱ་བ་དེ་ནས་རྒྱ་ཆེར་དེ་ནི་དེའི་འདུ་ཤེས་ཀྱིས་བཅིངས་པ་ཡིན་ནོ་ཞེས་བྱ་བའི་བར་དག་ནི་རྣམ་པར་ བྱང་བ་སྟེ། མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རྣམ་པར་དག་པའི་ལམ་དང་། མྱ་ངན་ལས་འདས་པ་རྣམ་པར་དག་པའི་ལམ་ལ་སྐྲག་པའི་གཞིར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དག་ཚུལ་ཁྲིམས་ལ་སོགས་པ་ནི་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ་ ཞེས་བྱ་བ་ལ་ཚུལ་ཁྲིམས་ལ་སོགས་པའི་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྔོན་དང་ཕྱི་མར་ཀུན་ནས་ཉོན་མོངས་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་དང་བྲལ་བའི་རྟོག་པ་མི་འཐད་ན་དེ་རྣམ་པར་དག་པའི་ལམ་དེ་ལ་ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་ དང་བྲལ་བར་རྟོག་པས་རྣམ་པར་དག་པའི་ལམ་ལ་སྐྲག་གོ། །རྣམ་པ་གཉིས་ཀྱིས་མྱ་ངན་ལས་འདས་པ་རྣམ་པར་དག་པ་ལ་སྐྲག་པའི་གཞིར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དག་འདི་ལྟ་སྟེ་མྱ་ངན་ལས་འདས་པའི་འདུ་ཤེས་སྤོངས་ཤིག་ཅེས་བྱ་བ་ནི་ཐ་སྙད་ཅན་གྱི་ངོ་བོ་ཉིད་ལ་མངོན་ པར་ཞེན་པས་སོ། །འདུ་ཤེས་ལ་ཡང་འདུ་ཤེས་སུ་མ་བྱེད་ཅིག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཚིག་བླ་དྭགས་ཀྱི་འདུ་ཤེས་ལ་སེམས་ལས་བྱུང་བའི་འདུ་ཤེས་སུ་བྱེད་པས་སོ། །འདུ་ཤེས་ལ་འདུ་ཤེས་ཀྱིས་ཡོངས་སུ་ཤེས་པར་མ་བྱེད་ཅིག་ཅེས་བྱ་བ་ནི་སེམས་ལས་ བྱུང་བའི་འདུ་ཤེས་ཀྱིས་ཞི་བའོ་ཞེས་བྱ་བ་ནི་ཚིག་བླ་དྭགས་ཀྱི་འདུ་ཤེས་ལ་ཡོངས་སུ་ཤེས་པར་བྱེད་པས་སོ། །གཞི་རྣམ་པ་འདི་གཉིས་མེད་ན་མྱ་ངན་ལས་འདས་པ་ལ་སྐྲག་པར་མི་འགྱུར་ཏེ། འདི་ནི་རྣམ་པ་གསུམ་པར་རིག་པར་བྱའོ། །གཞི་དེ་གཉིས་ཡོངས་སུ་སྤངས་པ་ནི་ 116-270b མཆོག་ཏུ་གནས་པར་བྱ་བའི་ཐབས་བསྟན་པར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཤིག །ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་ན་དེའི་གོང་ན་བྱ་བ་མེད་དོ་ཞེས་གང་སྨྲས་སོ། ། གཞི་དེ་གཉིས་ཡོངས་སུ་སྤངས་པ་ཡང་ཀུན་ནས་ཉོན་མོངས་པའི་གཞི་ཡོངས་སུ་སྤངས་པ་དང་། རྣམ་པར་བྱང་བ་ལ་སྐྲག་པའི་གཞི་ཡོངས་སུ་སྤངས་ཏེ། འདི་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ཡན་ཆད་ནི་དེ་བཞིན་གཤེགས་པས་འདུལ་བའི་ཐབས་སུ་རིག་པར་བྱའོ། ། ༈ བཅུ་བཞི་པ། ལྡེམ་པོ་ངག་ཏུ་སྨྲས་པའི་རྣམ་པ། འདི་མན་ ཆད་ནི་དངོས་པོ་དྲུག་ལས་བརྩམས་ནས་བཀའ་ལུང་བརྡ་སྤྲོད་པ་དོན་ཆེན་པོར་རིག་པར་བྱ་སྟེ། མྱ་ངན་ལས་འདས་པའི་དངོས་པོ་དང་། གནས་ཀྱི་དངོས་པོ་དང་། སྒྲའི་དངོས་པོ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་དངོས་པོ་དང་། གདམས་ངག་གི་དངོས་པོ་དང་། ཆོས་ཀྱི་རྗེས་ སུ་མཐུན་པའི་ཆོས་སྒྲུབ་པའི་དངོས་པོའོ། །དེ་དག་སེམས་རྣམ་པར་གྲོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོང་ དང་གང་ནས་ལྷགས་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད། གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ་ཞེས་བྱ་བ་ཅི་ལས་བརྩམས་ཏེ་དེ་སྐད་སྨྲས་ཤེ་ན། དང་པོ་སྟེ་མྱ་ངན་ལས་འདས་པའི་དངོས་པོའི་དབང་དུ་ བྱས་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འཁོར་བ་ལྟ་བུར་དེ་ལ་ནི་འགྲོ་བ་དང་། འོང་བ་མེད་པའོ། །ཚེ་དང་ལྡན་པ་དག་ཁྱེད་ཀྱི་སྟོན་པ་གང་ཡིན་ཞེས་དྲིས་པ་དང་། སྨྲས་པ། གང་མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་བྱ་བ་ཅི་ལས་བརྩམས་ཏེ་དེ་སྐད་སྨྲས་ཤེ་ན། གཉིས་པ་ གནས་ཀྱི་དངོས་པོ་སྟེ། གཟུགས་ཀྱི་སྐུའི་དབང་དུ་བྱས་སོ། །མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཕྱིར་ཏེ། སྨྲས་པ། ཁྱེད་ཀྱིས་ཇི་ལྟར་ཆོས་ཐོས་ཞེས་དྲིས་པ་དང་། སྨྲས་པ། བཅིང་བའི་ཕྱིར་ཡང་མ་ཡིན་ཐར་པའི་ཕྱིར་ 116-271a ཡང་མ་ཡིན་ནོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། གསུམ་པ་སྒྲའི་དངོས་པོ་སྟེ། ཆོས་བསྟན་པའི་དབང་དུ་བྱས་སོ། །བཅིང་བའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་ནི། ཆོས་གོས་ལ་སོགས་པ་ལ་སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར་རོ། །ཐར་པའི་ཕྱིར་ཡང་མ་ཡིན་ ཞེས་བྱ་བ་ནི། དེ་དག་གྲོལ་བའི་ཕྱིར་རོ། །སྨྲས་པ། ཁྱེད་ཇི་ལྟར་རབ་ཏུ་བརྩོན་ཞེས་དྲིས་པ་དང་། སྨྲས་པ་མ་རིག་པ་སྤང་བའི་ཕྱིར་ཡང་མ་ཡིན་རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་བྱ་བ་ཅི་ལས་བརྩམས་ཏེ་སྨྲས་ཤེ་ན། བཞི་པ་ཚུལ་བཞིན་ཡིད་ལ་བྱེད་པའི་དངོས་པོའི་དབང་དུ་བྱས་སོ། །མ་རིག་པ་སྤང་བའི་ ཕྱིར་མ་ཡིན་པ་ནི་མ་རིག་པ་ཉོན་མོངས་པ་ཅན་མ་ཡིན་པའི་དབང་དུ་བྱས་པ་སྟེ། ཉན་ཐོས་རྣམས་ལ་དེ་ཀུན་དུ་འབྱུང་བའི་ཕྱིར་རོ། །མ་རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་པ་ནི་སྐྱེས་ཟིན་པའི་ཕྱིར་རོ། །སྨྲས་པ་ཁྱེད་སུའི་ཉན་ཐོས་ཞེས་དྲིས་པ་དང་། སྨྲས་པ་གང་གིས་ཐོབ་པ་མེད་ཅིང་མངོན་པར་རྫོགས་པར་སངས་ རྒྱས་པ་མེད་དེ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། ལྔ་པ་གདམས་ངག་གི་དངོས་པོའི་དབང་དུ་བྱས་པ་སྟེ། དགེ་སློང་གི་གཟུགས་སུ་སྤྲུལ་པ་གང་གིས་རྟོགས་པར་བྱ་བའི་ཕྱིར་རོ། །དྲུག་པ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་དངོས་པོ་ནི་དོན་བཅུའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ཕུང་པོ་ལྷག་མ་མ་ ལུས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང་། སྡུག་བསྔལ་སྤོང་བ་དང་། སྟོན་པ་ལ་ཕྱིར་བྱ་བ་དང་། སྦྱིན་བདག་ལ་ལན་གླན་པ་དང་། འཕགས་པ་མ་ ཡིན་པའི་ས་ལས་ཤིན་ཏུ་འདས་པ་དང་། འཕགས་པའི་ས་ལ་རབ་ཏུ་གནས་པ་དང་། རྣམ་པར་གྲོལ་བ་ཐུན་མོང་དུ་གྱུར་པའོ། །སྨྲས་པ་ཚེ་དང་ལྡན་པ་དག་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་གང་ཞེས་དྲིས་པ་དང་། སྨྲས་པ། གང་དག་ཁམས་གསུམ་ན་མི་རྒྱུ་བ་དག་གོ་ཞེས་བྱ་བ་ ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། མ་འོངས་པ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་སྟེ། དུས་དེ་ན་མཐུན་པའི་ཆོས་ཉིད་ཀྱིས་ལྷན་ཅིག་འགྲོགས་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཇི་སྲིད་ཅིག་ན་ཡོངས་སུ་མྱ་ངན་ལས་འདའ་ཞེས་དྲིས་པ་དང་། 116-271b སྨྲས་པ། ནམ་དེ་བཞིན་གཤེགས་པའི་སྤྲུལ་པ་ཡོངས་སུ་མྱ་ངན་ལས་འདའ་བ་ནའོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། གཞན་གྱི་དབང་དང་མཐུན་པའི་ཆོས་ཀྱིས་སྔོན་གྱི་ལས་ཀྱིས་སྤྲུལ་པའི་ཕྱིར་ཏེ། དེའི་འཕེན་པ་ ཟད་པའི་ཟད་ན་དེ་ལས་གཞན་པ་དག་དང་ལྷན་ཅིག་གནས་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་ཉོན་མོངས་པ་ཟད་དམ་ཞེས་དྲིས་པ་དང་། སྨྲས་པ། ཆོས་ཐམས་ཅད་ཤིན་ཏུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། མཐོང་བས་སྤང་བར་བྱ་ བའི་ཉོན་མོངས་པ་སྤངས་པ་སྟེ། ཆོས་ཐམས་ཅད་ཤིན་ཏུ་ཟད་པའི་ཕྱིར་རོ། །ཞེས་བྱ་བ་ནི་ངན་སོང་བ་རྣམས་སོ། །སྨྲས་པ། ཁྱེད་ཀྱིས་བྱ་བ་བྱས་སམ་ཞེས་དྲིས་པ་དང་། སྨྲས་པ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ ཤེ་ན། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་སྟེ། འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་སྤངས་པའི་ཕྱིར་རོ། །སྨྲས་པ། ཁྱེད་ཀྱིས་བདུད་བཏུལ་ཏམ་ཞེས་དྲིས་པ་དང་། སྨྲས་པ། ཕུང་པོའི་བདུད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། སྡུག་ བསྔལ་སྤོང་བ་སྟེ། ཕུང་པོའི་བདུད་མི་དམིགས་པ་ཞེས་བྱ་བ་ནི་མ་འོངས་པ་ན་དེའི་སྐྱེ་བ་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདུད་ཐམས་ཅད་འདུལ་བར་རིག་པར་བྱ་སྟེ། ཕུང་པོ་རྣམས་མེད་ན་དེ་ལས་གཞན་པའི་བདུད་མི་འབྱུང་བའི་ཕྱིར་རོ། །སྨྲས་པ། ཁྱེད་ཀྱིས་སྟོན་པའི་གཡོག་བྱས་ སམ་ཞེས་དྲིས་པ་དང་། སྨྲས་པ། ལུས་ཀྱིས་ཀྱང་མ་བྱས། ངག་གིས་ཀྱང་མ་བྱས། སེམས་ཀྱིས་ཀྱང་མ་བྱས་སོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། སྟོན་པའི་ཕྱིར་བྱ་བ་སྟེ། ལུས་ལ་སོགས་པས་ནི་མ་ཡིན་གྱི། མྱ་ངན་ལས་འདས་པ་རྟོགས་པས་དེའི་གཡོག་བྱེད་པའི་ ཕྱིར་རོ། །སྨྲས་པ། ཁྱེད་ཀྱིས་སྦྱིན་པའི་ས་སྦྱངས་སམ་ཞེས་དྲིས་པ་དང་། སྨྲས་པ། འཛིན་པ་མེད་ཅིང་སྡུད་པ་མེད་པའོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། སྦྱིན་བདག་ལ་ལན་གླན་པ་སྟེ། འཛིན་པ་མེད་པ་དང་། སྡུད་པ་མེད་པ་ནི་ལྟ་བ་དང་འཇོག་པའི་ཉེས་པ་དང་བྲལ་བ་སྟེ་གོ་རིམས་བཞིན་ནོ། ། 116-272a སྨྲས་པ། ཁྱེད་ཅག་འཁོར་བ་ལས་བརྒལ་ཏམ་ཞེས་དྲིས་པ་དང་། སྨྲས་པ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། འཕགས་པ་མ་ཡིན་པའི་ས་ལས་ཤིན་ཏུ་འདས་པ་སྟེ། ཆད་པ་མེད་པ་ནི་འཁོར་བ་བྲི་བར་མ་བྱས་པའི་ ཕྱིར་རོ། །རྟག་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡོད་པའི་ཕྱིར་ཏེ། དེ་དག་གིས་ནི་འབྲི་བ་མེད་པ་དང་། འཕེལ་བ་མེད་པར་བསྟན་ཏོ། །སྨྲས་པ། ཁྱེད་ཅག་སྦྱིན་གནས་ཀྱི་སར་ཞུགས་སམ་ཞེས་དྲིས་པ་དང་། སྨྲས་པ། འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བྱ་བ་ཅི་ལས་ བསམས་ཏེ་དེ་སྐད་སྨྲས་ཤེ་ན། འཕགས་པའི་ས་ལ་རབ་ཏུ་གནས་པ་སྟེ། འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་སྤངས་པ་མ་བྱས་ཀྱི་མེད་པ་ལ་འཛིན་པ་ཙམ་དང་བྲལ་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་གར་འགྲོ་ཞེས་དྲིས་པ་དང་། སྨྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པ་གང་དུ་ བཞུད་པར་རོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས་ཤེ་ན། རྣམ་པར་གྲོལ་བའི་ཐུན་མོང་དུ་གྱུར་པ་སྟེ། དེ་བཞིན་གཤེགས་པ་དང་བྱེ་བྲག་མེད་པར་དེ་མཐུན་པའི་ཆོས་ཀྱི་རྣམ་པར་གྲོལ་བའི་ཐུན་མོང་དུ་གྱུར་པ་ཉིད་དུ་བསྟན་ཏོ། །ཡང་ན་རིགས་ཀྱི་བུ་ཡང་དག་པའི་བཀས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དག་ ནི་རྣམ་གྲངས་གང་དང་ཅིས་ཀྱང་བཀའ་ལུང་བརྡ་སྤྲོད་དེ། ཚེ་དང་ལྡན་པ་དེ་དག་གིས་ལྡེམ་པོ་ངག་ཏུ་སྨྲས་པ་ངག་གིས་བཀའ་ལུང་བརྡ་སྤྲོད་པ་དོན་ཆེན་པོར་རིག་པར་བྱའོ། །ལྡེམ་པོ་ངག་ཏུ་སྨྲས་པ་གང་ཞེ་ན། གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་ཏེ། ལྡེམ་པོ་ངག་ཐམས་ ཅད་ལ་འཇུག་པའི་རྒྱུའོ། །གཉིས་སུ་མེད་པའི་མཚན་ཉིད་གང་ཞེ་ན། གང་བརྗོད་པའི་ཚིག་གནས་སུ་གྱུར་པའི་དངོས་པོ་དེ་ཡང་ངོ་བོ་ཉིད་མེད་ལ། བརྗོད་པས་ཡོངས་སུ་བསྒོས་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་ནི་ངོ་བོ་ཉིད་ཀྱིས་ཡོད་པ་གཉིས་སུ་མེད་པའོ། །གཉིས་སུ་ མེད་པ་དེ་ལ་གཉིས་སུ་མངོན་པར་ཞེན་པ་ནི་ཀུན་ནས་ཉོན་མོངས་པའོ། །གཉིས་སུ་མེད་པར་ཞེན་པ་ནི་རྣམ་པར་བྱང་བའོ། །བརྗོད་པ་ཐམས་ཅད་ཀྱི་ཚིག་གི་གནས་སུ་གྱུར་པའི་དངོས་པོ་དེ་ཡང་ཐ་སྙད་ཀྱི་དངོས་པོས་ཡོངས་སུ་བསྒོས་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་ཏེ་ངོ་བོ་ 116-272b ཉིད་ཀྱིས་ཡོད་པའི་ཕྱིར་གཉིས་སུ་མེད་དོ། །གཉིས་སུ་མེད་པ་དེ་ལ། གཉིས་སུ་མངོན་པར་ཞེན་པ་ཀུན་ནས་ཉོན་མོངས་པའོ། །གཉིས་སུ་མེད་པར་ཞེན་པ་མེད་པ་ནི་རྣམ་པར་བྱང་བའོ། །དེ་ལྟར་ན་དེ་ནི་གཉིས་སུ་མེད་པའི་མཚན་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ ལྡེམ་པོ་ངག་ཐམས་ཅད་ལ་འཇུག་པར་རིག་པར་བྱའོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་། དེས་དེའི་གདམས་ངག་གིས་བཏགས་པས་འབྲས་བུ་ཕུན་སུམ་ཚོགས་པ་ལྔ་དང་། འབྲས་བུའི་ལེགས་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་གནས་ནས་ལྡེམ་པོ་ངག་ཏུ་སྨྲས་པར་ རིག་པར་བྱའོ། །སྟོན་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་གང་ཞེ་ན། གང་གི་ཕྱིར་སྟོན་པ་དང་། སྟོན་པ་གང་ཡིན་པ་དང་། གང་སྟོན་པ་དང་། ཅི་ལྟར་སྟོན་པ་དང་། གང་ལ་སྟོན་པ་སྟེ། དེའི་ཕུན་སུམ་ཚོགས་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །དེ་ གང་གི་ཕྱིར་སྟོན་ཅེ་ན། མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་བྱ་བའི་ཕྱིར་སྟོན་པ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གར་དོང་དོང་གང་ནས་ལྷགས། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་ མེད་པ་དང་། གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ་ཞེས་བྱ་བ་གང་སྨྲས་པ་སྟེ། སྐྱེ་མཆེད་དྲུག་འགགས་པ་ལས་ལྷག་པར་དེའི་དབྱིངས་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་དང་། ཆོས་རྣམས་གཡོ་བ་མེད་པའི་ཕྱིར་རོ། །འཆད་པ་ གང་ཡིན་པའི་སྟོན་པ་དེ་གང་ཡིན་པ་དང་། དེའི་མཚན་ཉིད་ཅི་ཡིན་པ་ནི་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་སྟོན་པ་གང་ཡིན་སྨྲས་པ། གང་མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བྱ་བ་གང་ཡིན་པ་སྟེ། ཆོས་ཀྱི་སྐུ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་ལས་བསམས་ནས་དེ་སྐད་ཅེས་སྨྲས་སོ། །ཅི་སྟོན་པ་ ནི་སྨྲས་པ། ཁྱེད་ཀྱིས་ཇི་ལྟར་ཆོས་བསྟན་སྨྲས་པ། བཅིང་བའི་ཕྱིར་ཡང་མ་ཡིན། ཐར་པའི་ཕྱིར་ཡང་མ་ཡིན། ཞེས་སྨྲ་བ་གང་ཡིན་པ་སྟེ། བཅིང་བ་དང་གྲོལ་བ་ངོ་བོ་ཉིད་ཀྱིས་མེད་པ་དང་། དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ཇི་ལྟར་སྟོན་པ་རྣམ་པ་གང་གིས་སྟོན་པ་ནི་སྨྲས་པ་ཁྱེད་ཇི་ལྟར་རབ་ཏུ་སྟོན། སྨྲས་པ། མ་རིག་པ་ 116-273a སྤངས་པའི་ཕྱིར་ཡང་མ་ཡིན། རིག་པ་བསྐྱེད་པའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་གང་ཡིན་པ་སྟེ། རིག་པ་དང་མ་རིག་པ་གཉིས་ཐ་སྙད་ཀྱི་ངོ་བོ་ཉིད་པས་དམིགས་སུ་མེད་པའི་ཕྱིར་རོ། །གང་གིས་གང་ལ་སྟོན་པ་སྟེ། སུ་ཞིག་སུ་ལ་སྟོན་ཅེ་ན། སྨྲས་པ། ཁྱོད་སུའི་ཉན་ཐོས། སྨྲས་པ། གང་གིས་ཐོབ་པ་མེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་པའོ་ཞེས་བྱ་བ་གང་ཡིན་པ་སྟེ། གང་གིས་གང་དག་གིས་ཐོབ་པ་མེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལས། ལྷག་པ་དེ་མེད་པའི་ཕྱིར་རོ། །དེ་ལྟར་གཉིས་སུ་ མེད་པའི་མཚན་ཉིད་ཕུན་སུམ་ཚོགས་པས་སྟོན་པ་དེ། སྟོན་པ་དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ནོ། །འབྲས་བུ་ཕུན་སུམ་ཚོགས་པ་གང་ཞེ་ན། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། སྨྲས་པ། ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་གང་། སྨྲས་པ། གང་ཁམས་གསུམ་ན་མི་རྒྱུ་བ་ དག་གོ་ཞེས་བྱ་བ་གང་ཡིན་པ་སྟེ། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་དུས་ན་དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་གནས་པ་ལ་བསམས་ཏེ་དེ་སྐད་ཅེས་སྨྲས་སོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནི། སྨྲས་པ། ཁྱེད་ཇི་སྲིད་ཅིག་ན་ ཡོངས་སུ་མྱ་ངན་ལས་འདའ། སྨྲས་པ། ནམ་དེ་བཞིན་གཤེགས་པའི་སྤྲུལ་པ་མྱ་ངན་ལས་འདས་པ་ནའོ་ཞེས་བྱ་བ་གང་ཡིན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་ལས་བསམས་ཏེ། དེ་སྐད་སྨྲས་སོ། ། འཕགས་པའི་ལམ་ཡོངས་སུ་རྫོགས་པར་བྱེད་པ་ནི། སྨྲས་པ། ཁྱེད་ཀྱིས་བྱ་བ་བྱས་སམ། སྨྲས་པ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་སོ་ཞེས་བྱ་བ་གང་ཡིན་པའོ། །བྱ་བ་བྱས་པས་བྱ་བ་བྱས་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་གཉིས་ཀྱིས་ ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པ་ལས་བརྩམས་ཏེ་དེ་སྐད་སྨྲས་སོ། །ནང་གི་དགྲ་ལས་རྣམ་པར་རྒྱལ་བ་ནི། སྨྲས་པ། ཁྱེད་ཀྱིས་ཉོན་མོངས་པ་ཟད་དམ། སྨྲས་པ། ཆོས་ཐམས་ཅད་ཤིན་ཏུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། ཉོན་མོངས་པའི་དགྲ་རྣམས་ནི་ནང་གི་ཡིན་པས་ཆོས་ 116-273b ལ་བདག་མེད་པར་རབ་ཏུ་རྟོགས་ན་ཤིན་ཏུ་ཟད་པ་ལས་བསམས་ཏེ་དེ་སྐད་སྨྲས་སོ། །ཕྱི་རོལ་གྱི་དགྲ་ལས་རྣམ་པར་རྒྱལ་བ་ནི། སྨྲས་པ། ཁྱེད་ཀྱིས་བདུད་བཏུལ་ལམ། སྨྲས་པ། ཕུང་པོའི་བདུད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། ཕུང་པོའི་བདུད་མི་ དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་དག་གིས་ཕྱི་རོལ་གྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དེ་དག་གིས་ནི་ཕྱི་རོལ་གྱི་དགྲའི་སྒྲར་རིག་པར་བྱ་སྟེ། དེ་ལས་རྣམ་པར་རྒྱལ་བ་ནི་ཀུན་དུ་བརྟགས་པའི་ཕུང་པོའི་ངོ་བོ་ཉིད་མི་དམིགས་པར་རིག་པར་བྱའོ། །དེ་ལ་འབྲས་བུའི་ལེགས་པ་ཕུན་སུམ་ཚོགས་ པ་སྟོན་པ་ལ་བསྙེན་བཀུར་བྱེད་པ་ནི། སྨྲས་པ། ཁྱོད་ཀྱིས་སྟོན་པའི་གཡོག་བྱས་སམ། སྨྲས་པ། ལུས་ཀྱིས་ཀྱང་མ་བྱས། ངག་གིས་ཀྱང་མ་བྱས། སེམས་ཀྱིས་ཀྱང་མ་བྱས་ཞེས་བྱ་བ་གང་ཡིན་པ་སྟེ། ལུས་ལ་སོགས་པས་ནི་མ་ཡིན་གྱི། ཆོས་ཉིད་ཀྱིས་གཡོག་ བྱེད་པའི་ཕྱིར་རོ། །དད་པས་བྱིན་པ་ཡོངས་སུ་སྦྱངས་པར་གྱུར་པ་ནི་སྨྲས་པ། ཁྱེད་ཀྱིས་སྦྱིན་པའི་གནས་ཀྱིས་སྦྱངས་སམ། སྨྲས་པ། འཛིན་པ་མེད་ཅིང་སྡུད་པ་མེད་པས་སོ་ཞེས་བྱ་བ་གང་ཡིན་པ་སྟེ། སྦྱིན་པའི་གནས་ཀྱིས་སྦྱངས་པ་ནི་ཆོས་ཐམས་ཅད་མི་འཛིན་པའི་ཕྱིར་རོ། །འཁོར་ བའི་སྡུག་བསྔལ་ལས་རྒལ་བར་གྱུར་པ་ནི་སྨྲས་པ། ཁྱེད་འཁོར་བ་ལས་བརྒལ་ཏམ། སྨྲས་པ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། འཁོར་བ་ལས་རྒལ་བ་ནི་ཆོས་ལ་བདག་མེད་པ་ལ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཕྱིར་རོ། །སྦྱིན་པའི་གནས་ཀྱི་ དངོས་པོ་ལས་ཡོངས་སུ་མི་ཉམས་པ་ནི། སྨྲས་པ། ཁྱེད་སྦྱིན་པའི་སར་ཞུགས་སམ། སྨྲས་པ། འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། སྦྱིན་པའི་གནས་ཀྱི་སར་ཞུགས་པ་ནི་ཆོས་སུ་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། ། ཆོས་ཀྱིས་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྲས་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་ལ་བརྟེན་པ་ནི། སྨྲས་པ། ཚེ་དང་ལྡན་པ་དག་གར་དོང་། སྨྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པ་གང་བཞུད་པར་རོ་ཞེས་བྱ་བ་གང་ཡིན་པ་སྟེ། གང་དུ་ཡང་མི་འགྲོ་བའི་ཕྱིར་དེ་བཞིན་ 116-274a གཤེགས་པའི་སྤྲུལ་པ་བྱོན་པ་ལྟ་བུའོ། །དེ་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀུན་དྲིས་ཏེ། དགེ་སློང་དེ་དག་གིས་ལན་བཏབ་ནས་འཁོར་དེའི་དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་རྣམ་པར་གྲོལ་ལོ། །སྲོགས་ཆགས་སུམ་ཁྲི་ཉིས་སྟོང་ གིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ་ཞེས་བྱ་བ་ནི་བཀའ་ལུང་བརྡ་སྤྲོད་པར་འདིའི་དོན་ཆེན་པོ་སྟེ། འདི་ནི་སློབ་པ་དང་མི་སློབ་པ་ཐོབ་པར་བྱེད་པ་སོ་སོའི་སྐྱེ་བོ་ཡོངས་སུ་མ་སྨིན་པ་རྣམས་སློབ་པར་འདོད་པ་དང་། ཡོངས་སུ་སྨིན་པ་རྣམས་ མི་སློབ་པ་ཐོབ་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཅི་ཙམ་དུ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཕན་ འདོགས་པར་གྱུར་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ་ཞེས་བྱ་བ་འདི་མན་ཆད་ཀྱིས་ནི་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་དོན་ཆེན་པོ་སྟེ། སངས་རྒྱས་ཀྱི་ཆོས་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་ འདོགས་པར་གྱུར་པ་སྟེ། དབུ་མའི་ལམ་དང་གདམས་ངག་གོ་རིམས་བཞིན་དུ་སྦྱར་རོ། ། ༈ བཅོ་ལྔ་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་གདམས་ངག་ལ་མོས་པའི་ལེགས་པའི་རྣམ་པ། བཅོམ་ལྡན་འདས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་བསྟན་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ལེགས་པ་དྲི་བའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུངས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་འཇིག་ རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་ནི་རྣམ་པ་ལྔས་མོས་པའི་ལེགས་པ་ཡོངས་སུ་སྟོན་ཏོ། །ཞིང་དང་། རྟེན་དང་། དུས་ཆེན་པོ་དང་། ཕྱུག་པོའི་བདག་པོར་འགྱུར་བའི་ 116-274b རྒྱུ་ཟིལ་གྱིས་གནོན་པ་དང་། ལུས་འགྱུར་བ་དང་། དེ་ལ་གནས་པའི་ཡུལ་སྣོད་དུ་བྱ་བ་དང་། ཆད་པ་སྣོད་དུ་བྱ་བ་དང་། ལུས་འདོར་བའི་དུས་ན་མཐོང་བ་དང་། ལས་རྣམ་པར་དག་པ་མཐོང་བའོ། །དེ་ལ་ཞིང་ཆེན་པོ་ནི་སངས་རྒྱས་རྣམས་དང་། དེའི་ཉན་ཐོས་རྣམས་དང་། མཆོད་རྟེན་རྣམས་སོ། །རྟེན་པ་ནི་རིན་པོ་ཆེས་གང་བའི་ཁམས་དང་། ཆོས་གོས་ལ་སོགས་པའོ། །དུས་ནི་བསྐལ་པ་གྲངས་མེད་པའོ། །དེ་རྣམ་པ་ལ་ཕྱུག་པའི་བདག་པོར་འགྱུར་བའི་རྒྱུ་ཟིལ་གྱིས་གནོན་པར་རིག་པར་བྱའོ། །དཔག་ཏུ་ཡོད་པ་དང་། དཔག་ཏུ་མེད་པའི་འབྲས་ བུ་ལ་ལྟོས་པ་དང་། ཟད་པ་དང་། མི་ཟད་པའི་ཆོས་ཉིད་དང་། བདེ་བ་རྒྱ་ཆེན་པོར་མ་ཡིན་པ་དང་། རྒྱ་ཆེན་པོར་སྒྲུབ་པར་བྱེད་པ་དང་། ཡེ་ཤེས་ཀྱི་ཚོགས་དང་། དེའི་ངོ་བོ་ཉིད་དང་། དེས་དེ་སྒྲུབ་པའི་ཕྱིར་རོ། །གཞན་ཡང་རྣམ་པ་ལྔས་ཕྱུག་པའི་བདག་པོར་ གྱུར་པའི་རྒྱུ་ཟིལ་གྱིས་གནོན་པར་རིག་པར་བྱ་སྟེ། བདེ་བ་ཆུང་བའི་རྒྱུ་དང་། བདེ་བར་གཅིག་ཏུ་ངེས་པ་མེད་པའི་རྒྱུ་དང་། ཤིན་ཏུ་བདེ་བ་མ་ཡིན་པའི་རྒྱུ་དང་། ཕྱིན་ཅི་ལོག་ཏུ་སྤྱོད་པ་བདེ་བའི་རྒྱུ་དང་། སྡུག་བསྔལ་བའི་ལུས་ཀྱི་ཡོངས་སུ་སྤྱོད་པ་བདེ་བའི་རྒྱུའི་ཕྱིར་རོ། །དེ་ ནི་འོད་སྲུངས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་དང་། སངས་རྒྱས་ བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་གཙུག་ལག་ཁང་གང་གཱའི་ཀླུང་གི་བྱེ་མ་སྙེད་བརྩིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལ་དེ་བཞིན་གཤེགས་པ་རེ་རེའི་ཉན་ཐོས་རྣམས་ཀྱི་དགེ་འདུན་དཔག་ཏུ་ མེད་པ་དག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བས་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་ 116-275a སུ་བཅད་པ་གཅིག་ཙམ་བསྟན་ཏེ། བསྟན་ནས་མི་སྤོང་ན་དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ་ཞེས་བྱ་བའོ། །བུད་མེད་གང་ལ་ལ་ཞིག་ལ་བསྟན་ན་དེ་ནམ་དུ་ཡང་ལོག་པར་ལྟུང་བར་མི་འགྲོ་སྟེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མའོ་ཞེས་བྱ་བ་ ནི་ལུས་འགྱུར་བའོ། །ས་ཕྱོགས་གང་དུ་ཆོས་ཀྱི་རྣམས་གྲངས་འདི་བཤད་པའམ། བསྟན་པའམ། ཡི་གེར་འདྲི་བའམ། གླེགས་བམ་དུ་བྱས་ཏེ། གཞག་པའི་ས་ཕྱོགས་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ནི་དེ་གནས་ པའི་ཡུལ་སྣོད་དུ་བྱའོ། །སྨྲས་པ། གང་ལས་ཐོབ་པ་དང་། ཡི་གེར་འདྲི་བ་དེ་ལས་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་གུས་པར་བྱ་བ་བཞིན་དུ་བྱའོ། །འོད་སྲུངས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་ཆོས་སྨྲ་བ་ལ་བཀུར་སྟི་བྱེད་པ་དང་། བཙུན་པར་བྱེད་པ་ དང་། རིམ་གྲོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཞེས་གང་གསུངས་པ་ནི་འཆད་པ་སྣོད་དུ་བྱ་བའོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་། དེ་བཞིན་གཤེགས་པ་མཐོང་བར་འགྱུར་ཏེ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་ཐབ་པར་འགྱུར་རོ་ཞེས་བྱ་བ་ནི་ལུས་འདོར་བའི་དུས་ན་མཐོང་བ་རྣམ་པར་དག་པ་དང་། ལས་རྣམ་པར་དག་པ་ཐོབ་པའོ། །ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཞེས་གང་གསུངས་པ་ནི། ལུས་འདོར་བའི་ དུས་ཉིད་ན། རྣམ་པར་དག་པ་འཐོབ་པའོ། །ཚོར་བས་སེམས་ཀུན་དུ་མ་ཟིན་པར་འཆི་བའི་དུས་བྱེད་པ་ཞེས་བྱ་བ་ནི། ཚོར་བ་མྱ་ངན་གྱི་རྒྱུ་མེད་པའི་ཕྱིར་མྱ་ངན་གྱིས་ཟིལ་གྱིས་མནོན་པའི་ཕྱིར་རོ། །དེའི་མིག་འཁྲུལ་པར་མི་འགྱུར་ཞེས་བྱ་བ་ནི་འདྲིས་པ་ཡོངས་སུ་ཤེས་པའི་ཕྱིར་རོ། ། ལག་པ་གཡོབ་པར་མི་བྱེད་པ་དང་། རྐང་པ་ཕྲ་བར་མི་བྱེད་པ་ཞེས་བྱ་བ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ངན་སྐྱུགས་མི་འབྱུང་བ་དང་། གཅིན་མི་སྟོར་བ་དང་། དེའི་སྙིང་ཁར་རྡུལ་མི་འབྱུང་ཞེས་བྱ་བ་ནི་འཇིགས་པ་མེད་པའི་ཕྱིར་རོ། །ཁུ་ཚུར་མ་འཆང་བ་དང་། 116-275b ནམ་མཁའ་ལ་མི་བསྙེགས་པ་ཞེས་བྱ་བ་ནི། འཆི་བའི་ལྟས་ཀྱི་ཉེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར་ཞེས་བྱ་བ་ནི་ལུས་ལས་སུ་རུང་བའི་ཕྱིར་ཏེ། ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ལ་ལུས་ཀྱི་ཚུལ་ཉེས་པ་དྲུག་སྤངས་ པར་རིག་པར་བྱ་སྟེ། ཉེས་པ་དྲུག་གང་ཞེ་ན། དང་པོས་ནི་མྱ་ངན་གྱི་ཉེས་པའོ། །གཉིས་པས་ནི་འདྲིས་པ་ཡོངས་སུ་མི་ཤེས་པའི་ཉེས་པའོ། །གསུམ་པ་དང་། བཞི་པས་ནི་སྤྱོད་ཡུལ་གྱི་ཉེས་པའོ། །ལྔ་པ་དང་། དྲུག་པ་དང་། བདུན་པ་དག་གིས་ནི་འཇིགས་པའི་མཚན་མའི་ཉེས་པའོ། ། བརྒྱད་པ་དང་། དགུ་པས་ནི་འཆི་བའི་ལྟས་ཀྱི་ཉེས་པའོ། །བཅུ་པས་ནི་ལུས་ལས་སུ་མི་རུང་བའི་ཉེས་པ་སྟེ། དེ་དག་ནི་ཉེས་པ་དྲུག་གོ། །ངག་གི་ལས་ཡོངས་སུ་དག་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གདངས་སྙན་པའི་ཚིག་ཅེས་བྱ་བ་ནི། འཇིགས་པས་ བརྟགས་པའི་ཉེས་པ་མེད་པའི་ཕྱིར་རོ། །མཉེན་པའི་ཚིག་ཅེས་བྱ་བ་ནི། རྩུབ་པའི་ཉེས་པ་མེད་པའི་ཕྱིར་རོ། །འཇམ་པའི་ཚིག་ཅེས་བྱ་བ་ནི་ཚིག་འཇམ་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བཀའ་བརྗོད་པའི་ཕྱིར་རོ། །དགའ་བའི་ཚིག་ཅེས་བྱ་བ་ནི་སྟོང་པ་བརྗོད་པའི་ཕྱིར་རོ། ། སྣུམ་པའི་ཚིག་ཅེས་བྱ་བ་ནི་ཆོས་དང་མཐུན་པའི་བརྗོད་པ་འབྱིན་པའི་ཕྱིར་རོ། །མ་འཆལ་བའི་ཚིག་ཅེས་བྱ་བ་ནི་དྲན་པ་ཉམས་པ་མེད་པའི་ཕྱིར་རོ། །གཟུང་བར་འོས་པའི་ཚིག་ཅེས་བྱ་བ་ནི་ཚིག་སྔ་ཕྱི་མི་འགལ་བའི་ཕྱིར་རོ། །མཉན་པར་འོས་པའི་ཚིག་ཅེས་བྱ་བ་ནི་རིགས་པ་དང་མི་འགལ་བའི་ ཕྱིར་རོ། །ལྷས་ཡོངས་སུ་གཟུང་བའི་ཚིག་ཅེས་བྱ་བ་ནི་བསྟན་པ་ལ་དད་པའི་ལྷས་ཡོངས་སུ་གཟུང་བའི་ཕྱིར་རོ། །སངས་རྒྱས་ཀྱིས་ཡོངས་སུ་གཟུང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཡོངས་སུ་གཟུང་བ་སྟེ། ངག་གི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་རབ་ཏུ་འཐོབ་པོ། །རབ་ཏུ་ དགའ་བ་བྱེད་པའི་དུས་ན་ངག་གི་ཚུལ་ཉེས་པ་ལྔ་རྣམ་པར་སྤངས་པར་རིག་པར་བྱ་སྟེ། ཉེས་པ་ལྔ་གང་ཞེ་ན། དང་པོས་ནི་འཇིགས་པས་བརྟབས་པའི་ཉེས་པའོ། །གཉིས་པས་ནི་རྩུབ་པའི་ཉེས་པའོ། །གསུམ་པས་ནི་སངས་རྒྱས་ཀྱི་བཀའ་བོར་ཏེ་རྫོགས་པའི་སངས་རྒྱས་མ་ཡིན་པའི་བརྗོད་པའི་ཉེས་ 116-276a པའོ། །བཞི་པས་ནི་དེ་བཞིན་གཤེགས་པ་ལ་བསྟོད་པ་མི་བྱེད་པའི་ཉེས་པའོ། །ལྔ་པས་ནི་ཆོས་དང་མཐུན་པས་མི་བསྒོ་བའི་ཉེས་པའོ། །བཀའ་ལུང་བརྡ་སྤྲོད་པའི་དུས་ན་ངག་གི་ཚུལ་ཉེས་པ་རྣམ་པ་ལྔ་སྤངས་ཏེ། ཉེས་པ་ལྔ་གང་ཞེ་ན། དྲུག་པས་ནི་རྟོགས་པར་བྱ་བ་ལ་དྲན་པ་ཉམས་པའི་ཉེས་ པའོ། །བདུན་པས་ནི་ཚིག་སྔ་ཕྱི་འགལ་བའི་ཉེས་པའོ། །བརྒྱད་པས་ནི་རིགས་པ་དང་འགལ་བའི་ཉེས་པའོ། །དགུ་པས་ནི་བསྟན་པ་ལ་དགའ་བའི་ལྷ་མི་དགའ་བའི་ཉེས་པའོ། །བཅུ་པས་ནི་དེ་བཞིན་གཤེགས་པ་མི་མཉེས་པའི་ཉེས་པ་སྟེ། དེ་དག་ནི་དུས་གཉིས་ཀྱི་ངག་གི་ཉེས་པའོ། །ཡིད་ཀྱི་ལས་ཡོངས་ སུ་དག་པ་བཅུ་ཐོབ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཁྲོ་བར་མི་འགྱུར་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་གནོད་པ་བྱེད་པ་ལ་ཅི་མི་སྙམ་པའི་ཕྱིར་རོ། །ཁོན་དུ་འཛིན་པ་མེད་པ་ཞེས་བྱ་བ་ནི་འདས་པ་ན་གནོད་པ་བྱས་པ་ལ་ཅི་མི་སྙམ་པའི་ཕྱིར་རོ། །འཆབ་པར་མི་འགྱུར་ཞེས་བྱ་བ་ནི་སྡིག་པ་མི་འཆབ་པའི་ཕྱིར་རོ། །འཚིག་པར་མི་འགྱུར་ ཞེས་བྱ་བ་ནི། འགྱོད་པས་ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །ཉེས་པ་ལ་མི་དགའ་བ་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་འདོད་པ་མེད་པའི་ཕྱིར་རོ། །འཁོན་པར་མི་དགའ་ཞེས་བྱ་བ་ནི་དགྲར་འགྱུར་བ་ལ་མི་དགའ་བའི་ཕྱིར་རོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་ཞེས་བྱ་བ་ནི། བསླབ་པའི་གནས་ རྣམས་ལ་ལྟ་བ་ངན་པས་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །སྤོང་བ་ལ་བག་ཡོད་པ་ཞེས་བྱ་བ་ནི། སྤོང་བ་སེམས་མ་འཁྲུལ་བའི་ཕྱིར་རོ། །མ་ཞུམ་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་པར་འགྱུར་ཞེས་བྱ་བ་ནི་བདག་ཡི་མ་བསད་པར་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་བཞུགས་བཞུགས་པའི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཕྱིར་རོ། །ང་རྒྱལ་དང་ཆེ་བའི་ང་རྒྱལ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་རབ་ཏུ་འཐོབ་ཅེས་བྱ་བ་ལ་ང་རྒྱལ་དང་ཆེ་བའི་ང་རྒྱལ་མེད་ཅེས་བྱ་བ་ནི། འཇིག་རྟེན་པའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་བསམ་པ་ཕྲ་མོས་ཀྱང་ཁྱད་པར་དུ་འཕགས་སོ་སྙམ་པའི་རློམ་སེམས་མེད་དེ། དེ་འདོད་པ་མེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་སྒྲུབ་པའི་རྒྱུ་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་རབ་ཏུ་འཐོབ་ 116-276b པའོ། །དེ་ལ་ཡིད་ཀྱི་ཚུལ་ཉེས་པ་ལྔ་སྤངས་པར་རིག་པར་བྱ་སྟེ། འདི་ལྟར་བཞི་པོ་དག་ནི་ཚེ་འདིའི་དོན་ལས་བརྩམས་པའོ། །ལྔ་པས་ནི་ཚེ་རབས་གཞན་ལས་བརྩམས་པའོ། །ཉེས་པ་ལྔ་གང་ཞེ་ན། དང་པོ་དང་གཉིས་པས་ནི་མི་བཟོད་པའི་ཉེས་པའོ། །གསུམ་པ་ དང་བཞི་པས་ནི་སྡིག་པ་འཆབ་པའི་ཉེས་པའོ། །ལྔ་པ་དང་དྲུག་པས་ནི་འདོད་པའི་ཉེས་པའོ། །བདུན་པ་དང་། བརྒྱད་པས་ནི་དྲན་པ་ཉམས་པའི་ཉེས་པའོ། །དགུ་པ་དང་བཅུ་པས་ནི་སྨོན་ལམ་གྱི་ཉེས་པ་སྟེ། དེ་དག་ནི་ཉེས་པ་ལྔའོ། །བྱང་ཆུབ་སེམས་དཔའ་སྡེ་སྣོད་ཀྱི་གདམས་ངག་ ལ་མོས་པའི་ལེགས་པ་དཔག་ཏུ་མེད། གྲངས་མེད་པ་བས་དེའི་རྣམ་པར་འབྱེད་པའི་བསྟན་པ་རྣམ་པར་འབྱེད་པ་ལ་མོས་པའི་ལེགས་པ་ཆེས་དཔག་ཏུ་མེད་ཅིང་གྲངས་མེད་པར་རེག་པར་བྱའོ། །འཆི་བའི་དུས་ཀྱི་ཚེ་སྒྲུབ་པ་དོན་ཆེན་པོར་སྟོན་པ། སློབ་དཔོན་གྱི་ཆོས་ཀྱི་བདག་པོས་རྣམ་པ་གཞན་གྱིས་བརྗོད་དོ། །དེ་བཞིན་ གཤེགས་པ་མཐོང་བས་དགེ་བར་འཆི་བ་དང་། བདེ་བར་འཆི་བ་དང་བདེ་འགྲོའི་འཆི་བའི་ཕྱིར་རོ། །ལས་གསུམ་རྣམ་པར་དག་པ་ལ། ལུས་ཀྱི་ལས་ཡོངས་སུ་དག་པ་ལས་གཅིག་གིས་ནི་མྱ་ངན་གྱི་རྒྱུ་མེད་པའི་ཕྱིར་རབ་ཏུ་དགའ་བ་ལ་གནས་པ་སྟོན་ཏོ། །གཉིས་པས་ནི་སོ་སོར་མངོན་པར་ཤེས་པའི་ཕྱིར་དྲན་པ་ཉམས་པ་མེད་པར་ སྟོན་ཏོ། །གསུམ་པ་དང་བཞི་པས་ནི་རྐང་ལག་མི་གཡོ་བའི་ཕྱིར་གནད་དུ་གནོད་པ་མེད་པའོ། །ལྔ་པ་དང་དྲུག་པ་དང་བདུན་པ་རྣམས་ཀྱིས་ནི་ངན་སྐྱུགས་ལ་སོགས་པ་མེད་པས་འཇིགས་པ་མེད་པའོ། །བརྒྱད་པ་དང་དགུ་པས་ནི་ཁུ་ཚུར་འཆང་བ་ལ་སོགས་པ་མེད་པས་འཆི་བའི་ལྟས་མེད་པའོ། །བཅུ་པས་ནི་ཉམ་ཆུང་ བ་མེད་པས་འདུག་བཞིན་དུ་ཚེའི་འདུ་བྱེད་དག་འདོར་བའོ། །ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དག་གིས་ནི་ཚིག་གཅོམ་ཆུང་བ་མ་ཡིན་པ་དང་། ཚིག་རྒྱུན་ཆད་པ་མ་ཡིན་པ་དང་། ཚིག་སྐད་ཞོམ་པ་མ་ཡིན་པ་དང་། ཚིག་རྩུབ་པ་མ་ཡིན་པ་དང་། ཚིག་འཁྲུག་པ་མ་ཡིན་པ་དང་། ཚིག་འཁྲུལ་པ་མ་ ཡིན་པ་དང་། ཆོས་དང་ལྡན་པའི་ཚིག་ཏུ་སྟོན་ཏོ། །དགུ་པ་དང་བཅུ་པས་ནི་ཚུལ་འཆོས་པའི་ཚིག་སྟེ། བདེ་འགྲོར་འགྲོ་བ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ཕྲད་པའི་དབང་དུ་བྱས་པའོ། །ཡིད་ཀྱི་ལས་ཡོངས་སུ་དག་པ་རྣམས་ལས་བསྐྱོད་པ་དང་། གླེང་བ་དང་། སྨོན་པའི་དབང་ 116-277a དུ་བྱས་ཏེ་གཉིས་གཉིས་སུ་རིག་པར་བྱའོ། །དེ་ལ་ཉེས་པ་ལ་མི་དགའ་བ་ནི་འདོད་པ་ལ་མི་སྨོད་པའི་ཕྱིར་རོ། །འཁོན་ལ་མི་དགའ་བ་ནི་ཕྱིར་རྒོལ་བའི་དངོས་པོ་མི་ཚོལ་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་ནས་གཅིག་གོ། །རྣམ་པར་གཡེང་བའི་དབང་དུ་བྱས་ནས་ སྤོང་བ་ལ་བག་ཡོད་པའོ། །ཞིང་ཡོངས་སུ་དག་པར་སྐྱེས་ཏེ་བག་ཚ་བ་མེད་པའི་དབང་དུ་བྱས་ནས་གཅིག་གོ། །ང་རྒྱལ་དང་ཆེ་བའི་ང་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་དང་། བདག་ཡོངས་སུ་འཇལ་བ་དང་། དེ་དང་དེར་སྦྱོར་བ་མཐུན་པའི་དབང་དུ་བྱས་ནས་གཅིག་གོ། །ལྷག་མ་རྣམས་ཀྱིས་ནི་ ཟང་ཟིང་གི་མཆོད་པ་བྱ་བས་ཆོག་པར་འཛིན་པ་རྣམས་ཡོངས་སུ་གཟུང་བའི་མཆོད་པ་བྱ་བ་ལ་གཟུང་བ་སྟེ། འོད་སྲུངས་གང་ལ་ལ་ཞིག་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་ལ་བཀུར་སྟི་བྱེད་པར་འདོད་པ་དང་། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འདོད་པ་དེས། དཀོན་མཆོག་བརྩེགས་ པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་གྱིས་ཤིག །ཡི་གེར་བྲིས་ཤིག །ལྷོགས་ཤིག །ལོང་ཤིག །འོད་སྲུངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བླ་ན་མེད་པའི་མཆོད་པ་བྱས་པར་འགྱུར་རོ་ཞེས་གང་གསུངས་པའོ། ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ཏེ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་ བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པའི་དགའ་བར་བསྟན་པས་དོན་ཇི་ལྟ་བ་བཞིན་དུ་མིང་བཏགས་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི་ཡོངས་སུ་རྫོགས་པར་སྟོན་ཏོ། །རྒྱལ་བའི་བློ་གྲོས་ཀྱིས་ནི་བྱེད་བཅུག་སྟེ། །དཀོན་མཆོག་ བརྩེགས་པ་བཤད་པ་བྱས་པ་ཡིས། །བསོད་ནམས་བདག་གིས་ཐོབ་པ་གང་ཡིན་པ། །དེས་ནི་འགྲོ་བ་རྒྱལ་བ་ཐོབ་གྱུར་ཅིག །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། འོད་སྲུངས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་རྫོགས་སོ།། །།