Property:VersionContent

From Bodhicitta

This is a property of type Text.

Showing 9 pages using this property.
Z
__NOTOC__
༄༅། །ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་མི་ཕམ་རྣམ་རྒྱལ་ལ་ཀླན་ཀ་བགྱིས་པ་དང་པོ་བཞུགས་སོ།།

བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས།

1866–1928

༄༅།།ཟབ་མོ་དབུ་མའིགནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ། བླམ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

ཚོགས་གཉིས་གསེར་གྱི་རྩ་བ་རབ་ཏུ་བརྟན།།
ཕྱིན་དྲུག་ཡལ་འདབ་སྟོབས་བཅུའི་མེ་ཏོག་བཀྲ།།
དེ་ཉིད་འབྲས་བཟང་གཡུར་དུ་བཟའ་བ་ཡི།།
སྟོན་པ་མཉམ་མེད་དཔག་བསམ་དབང་པོ་རྒྱལ།།
ཟབ་མོའི་དོན་གཟིགས་འཕགས་པ་ཡབ་སྲས་དང་།།
འཇམ་མགོན་བླ་མའི་ཞབས་ཀྱི་པདྨོ་ལ།།
རབ་ཏུ་བདུད་དེ་ཟབ་མོའི་གཏམ་འདི་བྱ།།

དེ་ལ་འདིར་གཏིང་མཐའ་མི་མངོན་པར་སྣ་ཚོགས་པའི་ལས་ཀྱི་རྦ་ཀློང་འཁྲུགས་ཤིང་ཉོན་མོངས་པའི་ཆུ་སྲིན་གྱི་འཛིན་ཁྲིས་ཁྱབ་པ། སྡུག་བསྔལ་གསུམ་གྱི་འབུ་སྲིན་དུ་མས་བར་མཚམས་མེད་པར་མནར་བའི་ལུས་ཅན་མཐའ་དག་བླ་མེད་བྱང་ཆུབ་ཀྱི་ལམ་དུ་བཀྲི་བའི་ཐབས་སུ་སྟོན་པ་མཉམ་མེད་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྩལ་བའི་ནང་ནས་རབ་དང་མཆོག་ཏུ་གྱུར་པ་ནི་ཤེར་ཕྱོགས་ཀྱི་མདོ་སྡེ་རིན་པོ་ཆེ་ཡིན་ལ། དེ་ལའང་ཟབ་པ་དང་རྒྱ་ཆེ་བའི་རིམ་པ་གཉིས་ལས། དང་པོ་ནི། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ལྟ་ཅི་སྨྲོས། ཉན་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཙམ་དང་། ཕྱིན་ཆད་ངན་སོང་དུ་མི་ལྟུང་བའི་བཙན་ས་ཟིན་པ་ཙམ་ལའང་ཟབ་མོ་སྟོང་པ་ཉིད་ཀྱི་དོན་འདི་ནི་ངེས་པར་མཐོང་དགོས་ཤིང། གཞན་ཡང་གསང་སྔགས་ཀྱི་མཚན་བཅས་མཚན་མེད་ཀྱི་ལམ་མམ་བསྐྱེད་རྫོགས་ཀྱི་རིམ་པའི་ལམ་དག་ལྟ་བ་འདི་མེད་པར་མི་འབྱུང་བ་སྨོས་ཅི་དགོས། ཐ་ན་མཆོད་པ་བྱིན་རླབས་ཙམ་ཡན་ཆད་ལའང་ཟབ་མོ་སྟོང་པ་ཉིད་ལ་ལྟ་བའི་ཤེས་རབ་ནི་མེད་དུ་མི་རུང་བའི་དོན་ཟབ་མོ་ཁྱད་པར་ཅན་འདི་ནི་རང་རེའི་བཅོམ་ལྡན་འདས་ཀྱི་བསྟན་པ་ཁོ་ན་ལས་རྙེད་ཀྱི། གཞན་དུ་དྲང་སྲོང་སེར་སྐྱ་སོགས་ཀྱི་བསྟན་པ་ལས་ནི་རྙེད་པར་མི་འགྱུར་ཏེ། དེ་དག་ནི་ལོག་པའི་ལྟ་བ་ངན་པ་ལ་ཞུགས་པའི་ཕྱིར་དང་། རང་རེའི་སྟོན་པ་ནི་རྟེན་འབྲེལ་གྱི་དོན་ཟབ་མོ་རང་གིས་མངོན་དུ་མཛད་དེ་གཞན་ལའང་བརྩེ་བ་ཆེན་པོས་ཚུལ་བཞིན་དུ་སྟོན་པར་མཛད་པའི་ཕྱིར་རོ། །

དེས་ན་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་བཅོམ་ལྡན་འདས་ཀྱིས་ཉེ་བར་སྟོན་པའི་གནད་ནི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་ལུང་རིགས་ཡང་དག་ལ་བརྟེན་ནས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་དེང་སང་དུས་དབང་གིས་གཞུང་ལུགས་དྲི་མ་མེད་པའི་དགོངས་པ་ལ་དྲང་ངེས་ཀྱི་གནད་རྣམས་འབྱེད་པའི་སྐྱེས་བུ་ནི་ཤིན་ཏུ་དཀོན་ནའང་། བསྟན་པ་ལ་བཤད་སྒྲུབ་ཀྱི་སྤོབས་པ་ཅུང་ཟད་དགེ་བ་མདོ་ཁམས་འཇམ་དབྱངས་རྣམ་རྒྱལ་གྱིས་མཛད་པའི་སྤྱོད་བཇུག་ཤེར་ལེའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་འདི་དག་ལ་གྲུབ་མཐའ་གོང་འོག་གི་ཁས་ལེན་སྐབས་མ་ཕྱེད་པའི་ཧམ་བཤད་དང་དོན་དུ་མི་འགྱུར་བའི་དགག་བཞག་སོགས་ཀྱིས་ལུང་རིགས་ཚད་ལྡན་དང་འགལ་ཚབས་ཆེ་བ་མང་ཙམ་འདུག་པ་འདི་ལ་ཟབ་དོན་བཤད་པའི་ཞོར་དུ་དགག་བཞག་ཅུང་ཟད་ཅིག་བྱ་བར་སྤྲོ་སྟེ། དེ་ཡང་རང་ཉིད་མཁས་འདོད་དང་། གཞན་ལ་མི་སྙན་པ་སྒྲོགས་འདོད་ཀྱི་བསམ་པའི་ཀུན་ནས་སློང་བ་ནི་མ་ཡིན་གྱི། ཅིའི་ཕྱིར་ན་ཕྱིས་འབྱུང་གི་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་ལོག་རྟོག་དང་ཐེ་ཚོམ་གྱི་དྲ་བ་གཅོད་པའི་ཆེད་དུའོ། །

དེས་ན་འདི་ལ་གཉིས། དགག་བྱ་ངོས་བཟུང་བ་དང། བདག་མེད་གཏན་ལ་འབབས་བའོ། །དང་པོ་ནི།

བདག་ལྟ་བུའི་སྐྱེ་བོ་རྣམས་སྔོན་ཐོག་མ་མེད་པ་ནས་ད་དུང་ཡན་ཆད་དུ་འཁོར་བར་འཁྱམ་བྱེད་ཀྱི་རྒྱུའི་གཙོ་བོ་ནི་བདག་འཛིན་མ་རིག་པ་ལྷན་སྐྱེས་ཡིན་ལ། དེ་དངོས་འཛིན་པ་ལའང་རང་སྡེ་རང་རྒྱུད་པ་རྣམས་ཀྱིས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་དོན་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་ལ་བདེན་གྲུབ་དང་། དེར་འཛིན་པའི་བློ་ལ་བདེན་འཛིན་ལྷན་སྐྱེས་སུ་བཞེད་དོ། །

ཐལ་འགྱུར་པ་རང་ལུགས་ནི་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་མ་ཡིན་པ། ཡུལ་རང་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་བདེན་གྲུབ་དང་དེར་འཛིན་པའི་བློ་ལ་བདེན་འཛིན་ལྷན་སྐྱེས་སུ་བཞེད་དོ། །དེས་ན་ཆོས་ཐམས་ཅད་རྟོག་པས་བཏགས་པའམ། དེའི་དབང་གིས་བཞག་པ་ཡིན་ཏེ། ཉེ་བར་འཁོར་གྱིས་ཞུས་པ་ལས།

སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང་།།
གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ།།
འདི་ན་དེ་ལའང་བྱེད་པོ་དགའ་མེད་དོ།།
དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན།།
རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་ཏེ།།

ཞེས་གསུངས་པའི་ཕྱིར། དེ་ལྟར་ཡུལ་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་དེ་ལའང་འཇིག་ལྟ་ལྷན་སྐྱེས་ཡིན་མིན་གཉིས་ལས། དང་པོ་ནི། ང་དང་ང་ཡི་བ་རང་མཚན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་པ་ཅན་ཞིག་སྟེ། འཇུག་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ངའི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནོ།། ཞེས་གསུངས་པའི་ཕྱིར།

གཉིས་པ་ནི།

བདག་གི་བའི་མཚན་གཞི་མིག་སོགས་དང་། རྒྱུད་ཀྱིས་མ་བསྡུས་པའི་བཟའ་བཏུང་དང་ཁང་ཁྱིམ་སོགས་རང་མཚན་གྱིས་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་ཏེ། དེ་གཉིས་ཀའང་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་ལྷན་སྐྱེས་སུ་གསུངས་ལ། དེའང་ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་ནི་གང་ཟག་གི་བདག་འཛིན་མ་རིག་པ་ལྷན་སྐྱེས་འབྱུང་སྟེ། རིན་ཆེན་ཕྲེང་བ་ལས།

ཇི་སྲིད་ཕུང་པོར་འཛིན་ཡོད་པ།།
དེ་སྲིད་དེ་ལ་ངར་འཛིན་ཉིད།།
ངར་འཛིན་ཡོད་ན་ཡང་ལས་ཏེ།།
དེ་ལས་ཡང་ནི་སྐྱེ་བ་ཡིན།།

ཞེས་ཇི་སྲིད་ཕུང་པོ་བདེན་པར་གྲུབ་པར་འཛིན་དུ་ཡོད་པ་དེ་སྲིད་དུ། དེ་ལས་ངར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཉིད་འབྱུང་ལ། འཇིག་ལྟ་མ་ལུས་པ་སྤངས་པ་ལ་ཕུང་པོ་བདེན་པར་འཛིན་པ་ཉིད་ངེས་པར་སྤོང་དགོས་པར་བསྟན་ཏེ། རྐང་པ་ཕྱི་མ་གཉིས་ཀྱིས་ངར་འཛིན་པའི་འཇིག་ལྟ་ཡོད་ན། དེ་ལས་ལས་དབང་གིས་འཁོར་བར་སྐྱེ་བ་བསྟན་ནོ། །ལུང་འདི་ཡི་དོན་འདི་བཞིན། ཟླ་བས་ཀྱང་བཞེད་པའི་འཐད་ལྡན་དུ་འཛིན་གྱི། གཞན་དུ་ན་མི་ཕམ་རྣམ་རྒྱལ་གྱིས་སྤྱོད་ཊཱིཀ་སོགས་སུ་འཇུག་པ་ལས། བདག་མེད་མཐོང་ཚེ་རྟག་པའི་བདག་སྤངས་ཤིང་།། ཞེས་སོགས་ཚིག་རྐང་བཞིའི་དོན་དང་གཅིག་ཏུ་འཆད་པ་ནི་གཞུང་ཆེན་པོ་ལ་གོམས་འདྲིས་དམན་པའི་རང་མཚངས་ངོམས་པའོ། །

དེ་ལྟར་ལུང་འདིས་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་ཡོད་པའང་དོན་གྱིས་བསྟན་ཏེ། བདག་འཛིན་གཉིས་པོ་དེ་འཁོར་བའི་རྩ་བ་ཡིན་པ་ལ་ནི་ཁྱད་མེད་ཅིང་། དེ་དག་གི་ཞེན་ཡུལ་སུན་མ་ཕྱུང་བར་དེ་སྲིད་དུ་འཁོར་བ་ལས་ཐར་བར་མི་འགྱུར་བས། འཁོར་བ་ལས་མ་ཐར་བའི་ཉན་རང་དགྲ་བཅོམ་པ་ནི་སུས་ཀྱང་ཁས་མི་ལེན་པས་ཉན་རང་ལ་བདག་མེད་གཉིས་ཀྱི་དོན་མངོན་སུམ་དུ་རྟོགས་པར་ཡོད་པ་ཤིན་ཏུ་གསལ་ལོ། །ཚུལ་དེ་དང་མཐུན་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་།

བདེན་པ་མཐོང་བས་གྲོལ་གྱུར་གྱི།།
སྟོང་ཉིད་མཐོང་བས་ཅི་ཞིག་བྱ།། 9.40

ཞེས་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་ཙམ་གྱིས་གྲོལ་ན། ཉོན་མོངས་སྤང་བའི་དོན་དུ་སྟོང་ཉིད་མཐོང་བ་དོན་མེད་པར་གྱུར་བ་དང་། གང་ཕྱིར་ལུང་ལས་ [9.44] ཞེས་ཚིག་རྐང་གཉིས་དང་། བསྟན་རྩ་དགེ་སློང་ཉིད་ཡིན་ན།། ཞེས་ཚིག་རྐང་བཞིས་ལུང་ལས་ཀྱང་སྟོང་པ་མཐོང་བའི་ལམ་འདི་དང་བྲལ་ན་བྱང་ཆུབ་གསུམ་པོ་གང་ཡང་མེད་པར་གསུངས་པ་དང་། སེམས་བདེན་འཛིན་གྱི་དམིགས་པ་དང་བཅས་པའི་ལམ་གྱིས་གྲོལ་བ་མི་ནུས་པ་བསྟན་ནོ། །

དེ་ནས། ཉོན་མོངས་སྤངས་པས་གྲོལ་ན་དེའི།། དེ་མ་ཐག་ཏུ་དེ་འགྱུར་རོ།། [9.45)] ཞེས་གལ་ཏེ་སྟོང་ཉིད་རྟོགས་པ་ནི་མི་དགོས་ཀྱི་མི་རྟག་སོགས་བཅུ་དྲུག་བསྒོམ་པས་ཉོན་མོངས་ཟད་པར་སྤངས་ཏེ་གྲོལ་བ་འཐོབ་པོ་ཞེ་ན། མི་རྟག་སོགས་བཅུ་དྲུག་བསྒོམ་པའི་ལམ་གྱིས་ཉོན་མོངས་མངོན་གྱུར་རེ་ཞིག་སྤངས་པ་དེའི་དེ་མ་ཐག་ཏུ་དགྲ་བཅོམ་པ་དེར་འགྱུར་བར་ཐལ་ལོ། །འདོད་པ་དེའི་ཕྱིར། ཉོན་མོངས་མེད་ཀྱང་དེ་དག་ལ།། ལས་ཀྱི་ནུས་པ་མཐོང་བ་ཡིན།། ཞེས་ཉོན་མོངས་མངོན་གྱུར་རེ་ཞིག་མེད་ཀྱང་ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མར་འཕེན་པའི་ལས་ཀྱི་ནུས་པ་མཐོང་བ་ཡིན་པའི་ཕྱིར་རོ། །

ཡང་དེའི་ལན་དུ། རེ་ཞིག་ཉེར་ལེན་སྲེད་པ་ནི།། མེད་ཅེས་ངེས་པ་ཉིད་ཅེ་ན།། [9.46] ཞེས་ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མ་མི་ལེན་པ་ནི་ངེས་པ་ཉིད་དེ། སྲིད་པ་ཉེ་བར་ལེན་བྱེད་ཀྱི་རྐྱེན་སྲེད་པ་མི་རྟག་སོགས་ཀྱི་ལམ་བསྒོམ་པས་ཟད་པར་བྱས་པས་སོ། །ཞེ་ན། དེའི་ལན་དུ། སྲེད་འདི་ཉོན་མོངས་ཅན་མིན་ཡང་།། ཀུན་རྨོངས་བཞིན་དུ་ཅིས་ཏེ་མེད།། ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན།། ཚོར་བ་དེ་དག་ལ་ཡང་ཡོད།། [9.47] ཅེས་ཁྱོད་ཀྱིས་འདོད་པའི་དགྲ་བཅོམ་པ་དེའི་རྒྱུད་ཀྱི་སྲེད་པ་འདི་ཉོན་མོངས་ཅན་མིན་ཡང་། ཀུན་རྨོངས་ལ་མངོན་པ་ནས་བཤད་པའི་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འདོད་པ་བཞིན་དུ་སྲེད་པ་ལ་ཡང་མངོན་པ་ནས་བཤད་པ་ལྟར་གྱིས་ཉོན་མོངས་ཅན་ཡིན་མིན་གཉིས་སུ་ཅི་སྟེ་མེད། དེས་ན་སྔར་བཤད་པ་ལྟར་གྱི་ལམ་རྒྱུད་ལ་སྐྱེས་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་འགྱུར་བ་རེ་ཞིག་སྤངས་ཀྱང་། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཞིག་ཅི་སྟེ་མེད། དེས་ན་ཁྱོད་འདོད་པའི་དགྲ་བཅོམ་དེས་ནི་སྟོང་ཉིད་རྟོགས་པའི་ཚོར་བ་རང་མཚན་གྱིས་གྲུབ་པར་འཛིན་པའི་མ་རིག་པ་མངོན་འགྱུར་ཙམ་ཡང་མ་སྤངས་པ་དེས་ན་ཚོར་བའི་རྐྱེན་གྱིས་ཚོར་བ་བདེ་བ་དང་མི་འབྲལ་ཞིང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྲེད་པ་ཅིའི་ཕྱིར་མི་སྐྱེ་སྟེ། རྒྱུ་རྐྱེན་གྲངས་ཚང་བ་ལས་ནི་འབྲས་བུ་སྐྱེ་བར་ངེས་པ་དེའི་ཕྱིར་རོ། །

འདིར་དེང་སང་གི་སྤྱོད་ཊཱིཀ་པ་ཁ་ཅིག་ནི། ཉོན་མོངས་མེད་ཀྱང་ཞེས་པའི་སྐབས་སུ་༼མི་ཕམ་༽འདིར་ཉོན་མོངས་མངོན་གྱུར་ཙམ་སྤངས་པས་གྲོལ་ན་ཞེས་སྦྱར་བ་མི་འཐད་དེ་ཞེས་སོགས་སྨྲོས་ཏེ་དགག་ཁུལ་བགྱིས་པ་ནི་མུ་ཏོ་བས་རྒྱལ་པོ་ལ་འཐབ་པ་བཞིན་དུ་གནོད་པ་ཡོད་པར་མ་མཐོང་སྟེ། འདིའི་ལས་ཀྱི་ནུས་པ་ཡོད་མེད་ཅེས་པ་ནི་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀྱི་ནུས་པ་ཡོད་མེད་ལ་བྱེད་པའི་ཕྱིར་ཏེ། འདིར་མི་རྟག་སོགས་བསྒོམ་པའི་ལམ་ཙམ་གྱིས་འཁོར་བ་ལས་གྲོལ་མི་གྲོལ་རྩོད་པའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་འདིར་དོན་ལ་མི་གནས་པའི་དགྲ་བཅོམ་མཽ་གལ་གྱི་བུ་ལྟ་བུ་དང་བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་སོགས་ལ་སྦྱར་ནས་གྲོལ་བ་གཏན་དུ་བ་ཡིན་མིན་རྩོད་པ་སོགས་རང་གིས་རང་ལ་ངལ་བ་སྟེར་མི་དགོས་སོ། །

ཕ་རོལ་པོས་མི་རྟག་སོགས་རྟོགས་པའི་ལམ་ཙམ་གྱིས་གྲོལ་བར་འདོད་པའི་འདོད་པ་རྟགས་སུ་བཀོད་དེ། ཉོན་མོངས་མངོན་གྱུར་ཙམ་སྤངས་པས་གྲོལ་བར་མི་འདོད་པར་ཐལ་བ་འཕངས་པ་ལ། ༼མི་ཕམ་༽ཕ་རོལ་པོས་མངོན་གྱུར་ཙམ་སྤངས་པས་གྲོལ་བར་མི་འདོད་པས་འབྲེལ་མེད་ཀྱི་ཐལ་བ་ཞེས་རང་གིས་ཐལ་འགྱུར་གྱི་འགྲོ་ཚུལ་ཟུར་ཙམ་ཡང་མི་ཤེས་པའི་ནང་ཆ་ཤིན་ཏུ་གསལ་པོ་དེ་འདྲ་མི་མཛད་པར་ཞུ། ༼མི་ཕམ་༽རྒྱ་འགྲེལ་ཡིན་ཡང་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་ལས་ལོགས་སུ་གྱུར་ན་བླང་བྱའི་གནས་མ་ཡིན་ཏེ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པའི་ཕྱིར་རོ། །

ཡང་། སྲེད་འདི་ཞེས་པའི་སྐབས་སུ་༼མི་ཕམ་༽གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་བ་རེ་ཞིག་སྤངས་ཀྱང་། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་སྦྱར་བ་མི་འཐད་དེ། སྤྱིར་ན་སྐྱེས་བུ་གཅིག་གི་རྒྱུད་ལ་དུས་མཉམ་པའི་བདག་འཛིན་དུ་མས་དྲངས་པའི་སྲེད་པ་དུ་མ་ཡོད་པ་འགལ་ཞེས་སོགས་སྨྲོས་ཏེ་དགག་ཁུལ་བགྱིས་ཀྱང་། ཕ་རོལ་པོས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་བ་རེ་ཞིག་སྤངས་པ་ན་སྲིད་པ་ཉེར་ལེན་གྱི་རྐྱེན་སྲེད་པ་སྤངས་ཞེས་འདོད་པ་ལ། ད་དུང་དེ་ཙམ་གྱིས་སྲིད་པ་ཉེ་བར་ལེན་བྱེད་ཀྱི་རྐྱེན་སྲེད་པ་མི་ལྡོག་སྟེ། ཁྱོད་ཀྱིས་འདོད་པའི་གང་ཟག་དེའི་རྒྱུད་ཀྱི་སྲེད་པ་འདི་མངོན་པ་ནས་བཤད་པའི་སྲེད་པ་ཉོན་མོངས་ཅན་མིན་ཡང་། ཤེར་མདོ་ནས་བཤད་པའི་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་འཇིག་ལྟ་མ་རིག་པ་ནི་དེ་དག་གིས་མངོན་གྱུར་ཙམ་ཡང་སྤངས་མ་ནུས་ལ། དེས་ན་འཇིག་ལྟ་དེ་དག་གིས་དྲངས་པའི་སྲེད་པ་ཉོན་མོངས་ཅན་ཞིག་ནི་ཅི་སྟེ་མེད་ཅེས་རྩོད་པ་སྔ་མའི་རྗེས་འབྲེལ་དུ་མཐར་གྱིས་རྩོད་པ་ནི་དོན་གྱི་མཁས་པའི་སྲོལ་ལོ། །

དེས་ན་༼མི་ཕམ་༽སྐྱེས་བུ་གཅིག་གི་རྒྱུད་ལ་དུས་མཉམ་པའི་བདག་འཛིན་དུ་མས་དྲངས་པའི་སྲེད་པ་དུ་མ་ཡོད་པར་འགལ་བ་དང་། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་པ་ལ་ཉོན་མོངས་ཅན་མིན་པ་ཡོད་པའི་ཞལ་བཞེས་མི་འདུག་ཅིང་། ཕ་རོལ་པོས་འདོད་པའི་གང་ཟག་དེའི་རྒྱུད་ལ་ཕ་རོལ་པོས་འཇིག་ལྟས་དྲངས་པའི་སྲེད་པ་ཡོད་པར་འདོད་ན་ཅི་སྟེ་མེད་ཅེས་ཆེད་དུ་སྨྲ་བར་མི་འགྱུར་ཞིང་། ཀུན་རྨོངས་ཞེས་པའི་ཚིག་གིས་སྲེད་པ་ཉོན་མོངས་ཅན་ཞིག་ནི་སྟོན་བྱས་ན་འོས་ཡིན་ཏེ་རྩོད་པ་སྔ་མའི་འགྲོས་ཀྱིས་ཤེས་པ་དེའི་ཕྱིར་མཁས་པ་ཆེན་པོའི་གསུང་དོན་འོལ་སྤྱི་ཙམ་ཡང་མ་གོ་བར་དོན་མེད་ཀྱི་ཅ་ཅོ་སྒྲོགས་པ་འདི་དག་ནི་འབེན་རྩད་མ་ཆོད་པར་མདའ་འཕེན་པ་བཞིན་དུ་མཁས་པས་མཐོང་ན་བཞད་གད་ཀྱི་གནས་སོ། །

དེ་ལྟར་ཁྱོད་ཀྱི་འདོད་པ་ཕལ་ཆེར་ལོག་རྟོག་ཤ་སྟག་ཏུ་འདུག་པས་རེ་རེ་ནས་དགག་པ་བགྱིད་དུ་མ་ལངས་ཀྱང་། སྐབས་སུ་གནས་པ་འགའ་ཞིག་ལུང་རིགས་ཉུང་ངུས་དགག་པར་བྱ་སྟེ། དེ་ཡང་ཁྱོད་ཀྱིས་༼མི་ཕམ་གྱིས་༽ཆོས་ཀྱི་བདག་འཛིན་ནི་རྨོངས་པ་སྤྱི་དང་། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་སྟེ། ཤིང་དང་པ་ལ་ཤ་བཞིན་ནོ་ཞེས་དང་། ཉན་རང་དགྲ་བཅོམ་པས་ཕུང་སོགས་ཤེས་བྱ་མཐའ་དག་གི་སྟེང་གི་སྟོང་ཉིད་མ་རྟོགས་ཞེས་དང་། དེས་རྟོགས་པའི་སྟོང་ཉིད་ཉི་ཚེ་བ་ཡིན་ཞེས་དང་། བྱང་སེམས་རྣམས་ཀྱིས་སྤང་བྱ་སྤོང་ཚུལ་ཡང་ཐེག་ཆེན་མཐོང་ལམ་དུ་སྒྲིབ་གཉིས་ཀུན་བཏགས་ཀྱི་ཆ་སྤོང་ལ། དེ་ནས་རིམ་བཞིན་སྒྲིབ་གཉིས་མཉམ་པར་སྤངས་ནས་ས་བརྒྱད་པ་ནས་ཉོན་མོངས་མེད་ཀྱང་དེ་ཕན་ཆད་དུ་ཤེས་སྒྲིབ་འབའ་ཞིག་སྤོང་བར་འདོད་ནས་བོད་ཀྱི་ཞེ་འདོད་དང་མི་བསྲེ་ཞེས་སྨྲས་ཀྱང་སྙིང་པོ་ཡོད་པར་མ་མཐོང་སྟེ། དེ་ལྟར་ན་ཆོས་ཀྱི་བདག་འཛིན་སྤོང་བའི་གང་ཟག་ཡིན་ན་ཤེས་སྒྲིབ་སྤོང་བའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན་ཉན་རང་དགྲ་བཅོམ་རྣམས་སངས་རྒྱས་ཉིད་དུ་ཐལ། དེ་དག་གིས་ཉོན་མོངས་པ་ཆོས་ཀྱི་བདག་འཛིན་སྤངས་པའི་ཕྱིར་ཏེ། དེ་དག་གིས་ཉོན་མོངས་ཐ་དག་སྤངས་པའི་ཕྱིར་ཏེ། ལུགས་འདིར་ཆོས་ཀྱི་བདག་འཛིན་བདེན་འཛིན་གང་ཞིག་དེ་ཉོན་སྒྲིབ་ཏུ་བཞེད་པའི་ཕྱིར་རོ། །

ཡང་ཉན་རང་དགྲ་བཅོམ་པས་ཕུང་སོགས་ཤེས་བྱ་མཐའ་དག་གི་སྟེང་གི་སྟོང་ཉིད་མ་རྟོགས་ན། དེ་ཆོས་ཅན། འཁོར་བ་ལས་མ་ཐར་བར་ཐལ། འཁོར་བའི་རྩ་བ་ཕུང་སོགས་རང་མཚན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་མ་སྤངས་པའི་ཕྱིར། ཁྱབ་སྟེ་འཇུག་པ་ལས།

ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས།།
གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་།།
གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས།།
སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར།།

ཞེས་དང་།

དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་།།
བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ།།
ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི།།
འགྲོ་ལ་་་་

ཞེས་བདག་དང་བདག་གི་བའི་མིག་སོགས་རང་མཚན་གྱིས་གྲུབ་པར་འཛིན་པ་ཡོད་པ་དེ་སྲིད་དུ་འཁོར་བར་འཁོར་བ་མི་འཆད་ཅེས་པའི་དོན་ཡིན་པའི་ཕྱིར། རིགས་པ་དྲུག་བཅུ་པའི་འགྲེལ་པ་ལས་ཀྱང་།

གང་དག་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་དམིགས་ཀྱང་ཉོན་མོངས་པ་རྣམས་སྤང་བར་འདོད་པ་དེ་དག་ལ་ནི་ཉོན་མོངས་པ་སྤོང་བ་མི་སྲིད་པ་ཉིད་དོ།།

ཞེས་སོགས་ལུང་རིགས་ཀྱི་གནོད་པ་བཟློག་ཏུ་མེད་པའི་ཕྱིར་མི་འཐད་དོ། །

ཡང་དེ་ལ་ཁྱོད་ཀྱིས་འཇུག་འགྲེལ་ཤེས་བྱེད་དུ་དྲངས་པའང་དགོངས་པ་མ་ལོན་པ་ཉིད་དེ། འཇུག་འགྲེལ་ལས་སྔ་མ་དང་མཐུན་པར། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པ་རྟོགས་པར་ཡང་མི་འགྱུར་ཏེ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །དེ་སྐད་དུའང་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་ཞེས་སོགས་ཤེས་བྱེད་ཁུངས་དང་བཅས་ཏེ་གསལ་བར་གསུངས་པའི་ཕྱིར། དེས་ན་ཉན་རང་འཕགས་པས་སྟོང་ཉིད་ཉི་ཚེ་བ་ལས་མ་རྟོགས་པ་སོགས་འཁྱོགས་བཤད་ཀྱི་བ་མོས་ལུགས་བཟང་གི་པདྨོ་གཞོམས་པར་མི་བྱའོ། །

དེ་ནས་སྤང་བྱ་སྤོང་ཚུལ་ཡང་མི་འཐད་དེ། ཉོན་མོངས་པ་ས་བོན་དང་བཅས་པ་མ་སྤངས་བར་དུ་ཉོན་མོངས་པའི་བག་ཆགས་ཤེས་སྒྲིབ་ཀྱི་ཆ་ཅུང་ཟད་ཀྱང་སྤོང་མི་ནུས་པའི་ཕྱིར་ཏེ། དཔེར་ན་རས་ཀྱི་སྟེང་དུ་ལྷུང་བའི་སྣུམ་དེ་མ་ཟད་བར་དུ་སྣུམ་གྱིས་གོས་པའི་དྲི་མ་ཕྲ་མོ་སེལ་མི་ཐུབ་པ་བཞིན་ཡིན་པའི་ཕྱིར་ཏེ། འཇུག་འགྲེལ་ལས། ཏིལ་མར་དང་མེ་ཏོག་ལ་སོགས་པ་བསལ་དུ་ཟིན་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ལ་དེ་དག་དང་འཕྲད་པའི་ཡོན་ཏན་ཕྲ་མོ་དམིགས་པ་བཞིན་ནོ། །འདི་ལྟར་ཉོན་མོངས་པ་སྤངས་ཀྱང་བག་ཆགས་ཡོད་པས་ཞེས་སོགས་ཤེས་བྱེད་ཀྱི་ལུང་དུ་མ་ཡོད་པའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་འདི་ལ་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་དང་མཐུན་ན་བོད་ཀྱི་ཞེ་འདོད་ཡིན་ཡང་དང་དུ་བླང་བར་རིགས་སོ། །

འོ་ན་མདོ་དང་བསྟན་བཅོས་དུ་མ་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་མེད་ཅེས་གསུངས་པ་རྣམས་ཇི་ལྟར་དྲངས་ཤེ་ན། ཡོད་དེ། དེས་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཅེས་པ་ནི་ཉན་རང་ལ་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཡོད་ཀྱང་། དེ་དག་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྟོགས་པ་མེད་པའི་དོན་ཡིན་ནོ་ཞེས་ལུང་རིགས་ཚད་ལྡན་གྱི་རྗེས་སུ་འབྲངས་ནས་མགྲིན་པ་གཟེངས་བཏེགས་ཏེ་སྨྲའོ།།

༈ གཉིས་པ་ལ་གཉིས། གཞི་བདེན་གཉིས་ཀྱི་རྣམ་བཞག་ངོས་བཟུང་བ། བདག་མེད་གཉིས་ཀྱི་དོན་སོ་སོ་ནས་བཤད་པའོ། །དང་པོ་ནི།

དབྱེ་གཞི་ཤེས་བྱ་ལ་དབྱེ་བའི་ཆོས་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས།

གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ།།
བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ།།

ཞེས་བདེན་པ་གཉིས་སུ་མ་འདུས་པའི་བདེན་པ་གསུམ་པ་ནི་དུས་ནམ་ཡང་ཡོད་པ་མ་ཡིན་པར་བསྟན་ལ། དེས་ན་འཕགས་པའི་བདེན་པ་བཞི་གསུངས་པ་དག་ཀྱང་འདིར་བདེན་པ་གཉིས་སུ་མ་འདུས་པའི་སྐྱོན་མེད་དེ། སྡུག་ཀུན་གཉིས་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་བདེན་པ་དང་། འགོག་པའི་བདེན་པ་ནི་དོན་དམ་བདེན་པའི་ཁུངས་སུ་འདུ་སྟེ། འཇུག་འགྲེལ་ལས། དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁུངས་སུ་གཏོགས་སོ། །འགོག་པའི་བདེན་པ་དོན་དམ་པའི་རང་གི་ངོའོ། །ཞེས་གསུངས་པའི་ཕྱིར།

བདེན་པ་དེ་གཉིས་ཀྱི་ངོ་བོའང་བཞག་ཏུ་ཡོད་དེ།
གཉིས་སྣང་གི་བློས་སྤྱོད་ཡུལ་དུ་གྱུར་པ་གང་ཞིག བློ་དེས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ནི་ཀུན་རྫོབ་བདེན་པ་དང་། གཉིས་སྣང་གིས་བློས་སྤྱོད་ཡུལ་དུ་མ་གྱུར་པ་གང་ཞིག རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དོན་དམ་བདེན་པའི་ངོ་བོ་ཡིན་པའི་ཕྱིར།

དེ་དག་གི་སྒྲ་དོན་ཡང་ཡོད་དེ།
ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ནི་སྒྲིབ་བྱེད་དང་སྐད་དོད་གཅིག་པའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་དང་། བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་པས་ན་བདེན་པ་ཞེས་བཤད་དོ། །

དམ་པའམ་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་ཡིན་པས་ན་དོན་དམ་དང་། བསླུ་བའི་ཆོས་སུ་མ་གྱུར་པ་བདེན་པས་ན་བདེན་པ་ཞེས་བཤད་དོ། །དེ་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།

ཀུན་རྫོབ་དང་ནི་དོན་དམ་སྟེ།།
འདི་ནི་བདེན་པ་གཉིས་སུ་འདོད།།
དོན་དམ་བློ་ཡིས་སྤྱོད་ཡུལ་མིན།།
བློ་ནི་ཀུན་རྫོབ་ཡིན་པར་འདོད།།

ཅེས་རྐང་པ་དང་པོ་གཉིས་ཀྱིས་ཤེས་བྱ་དབྱེ་གཞི་བྱས་ནས་དེ་བདེན་པ་གཉིས་སུ་གྲངས་ངེས་པར་བསྟན། ཕྱི་མ་གཉིས་ཀྱིས་བདེན་གཉིས་སོ་སོའི་ངོ་བོ་བསྟན་པའོ། །

འདིར་དེང་སང་གི་སྤྱོད་འཇུག་ཊཱི་ཀ་བྱེད་པ་ཁ་ཅིག་གིས་ལུང་འདིའི་དོན་འགྲེལ་བ་ན། ༼མི་ཕམ་༽དེའི་ཕྱིར་དངོས་པོའི་གནས་ཚུལ་དོན་དམ་པ་ནི་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་མིན་གྱི་མཐའ་ཀུན་དང་བྲལ་བས་བློ་ཡིས་སྤྱོད་ཡུལ་མ་ཡིན་ཏེ། བློ་དང་སྒྲ་ནི་ཀུན་རྫོབ་པ་ཡིན་གྱི་དོན་དམ་པ་མ་ཡིན་པའི་ཕྱིར་རོ་ཞེས་ཚིག་རྐང་སྔ་མ་དམ་བཅའ་དང་ཕྱི་མ་རྟགས་སུ་བྱས་ཏེ་འགྲེལ་པ་ནི་མི་འཐད་དེ། ཀུན་རྫོབ་བདེན་པ་ཡིན་ན་དོན་དམ་མི་འཇལ་བས་མ་ཁྱབ་པའི་ཕྱིར། མ་གྲུབ་ན་དོན་དམ་བདེན་པ་ཆོས་ཅན། གཏན་མེད་པར་ཐལ། བློའི་གཞལ་བྱ་མ་ཡིན་པའི་ཕྱིར། འདོད་ན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མ་ཡིན་པར་ཐལ། གཅིག་ཤོས་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ་བྱང་ཆུབ་སེམས་འགྲེལ་ལས།

ཀུན་རྫོབ་སྟོང་པ་ཉིད་དུ་བཤད།།
སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན།།
མེད་ན་མི་འབྱུང་ངེས་པའི་ཕྱིར།།
བྱས་དང་མི་རྟག་དག་བཞིན་ནོ།།

ཞེས་བདེན་གཉིས་ངོ་གཅིག་ལ་ལྡོག་པ་ཐ་དད་པ། མེད་ན་མི་འབྱུང་ངམ་བདག་གཅིག་གི་འབྲེལ་པར་ངེས་ཤིང་། བྱས་དང་མི་རྟག་བཞིན་ཡིན་པ་གསལ་བར་གསུངས་པའི་ཕྱིར་དང་། གཞན་ཡང་དེ་ཆོས་ཅན། བློའི་ཡུལ་ཡིན་པར་ཐལ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཞལ་བྱ་ཡིན་པའི་ཕྱིར། འཇུག་འགྲེལ་ལས། དེ་ལ་དོན་དམ་པ་ནི་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡུལ་ཉིད་ཀྱི་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི་ཞེས་དང་། མདོ་ལས། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས་རབ་ཏུ་མཁྱེན། ཞེས་དང་། ཚིག་གསལ་ལས་ཀྱང་། དེ་མེད་ན་བྱང་སེམས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པ་དོན་མེད་པར་ཐལ་བ་སོགས་ཀྱི་རིགས་པ་སྟེ་ལུང་རིགས་ཀྱིས་གནོད་པ་བཟློག་ཏུ་མེད་དོ། །

ཡང་ཁྱོད་ཀྱིས་དེའི་འོག་ཏུ་༼མི་ཕམ་༽ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང་ཆོས་ཀྱི་དབྱིངས་ཡུལ་དུ་བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ཞེས་བརྗོད་རུང་གི་དོན་དམ་པར་དེ་བཞིན་ཉིད་གཟུང་བྱའམ་ཤེས་བྱ་ཡིན་ཞེས་སྨྲ་ན་ཚིག་དེ་དངོས་ཤུགས་མི་འགལ་ལམ། ཞེས་ཕྱོགས་སྨྲ་བའི་རིགས་པ་ལ་ཟུར་ཟ་བ་སྐད་དུ་སྣང་ཡང་། དེ་ནི་ཕྱོགས་སྨྲ་བ་ལ་ཅི་ཡང་མི་གནོད་པའི་ཁར་རང་གི་ནང་ཆ་སྟོན་པར་ངེས་ཏེ། ཕྱོགས་སྨྲ་བས་དོན་དམ་བདེན་པ་ཡུལ་དུ་འདོད་ཅེས་སྨྲས་པ་ལས། དོན་དམ་པ་དེ་བཞིན་ཉིད་གཟུང་བྱའམ་ཤེས་བྱ་ཡིན་ཞེས་མ་སྨྲས་པས་གནོད་བྱེད་དུ་མི་འགྱུར་ལ། རང་གིས་དོན་དམ་བདེན་པ་ཤེས་བྱ་ཡིན་མིན་དཔྱད་པ་དང་། དོན་དམ་པར་ཡོད་མེད་དཔྱད་པ་གཉིས་ཀྱི་སྐབས་མ་ཕྱེད་པའི་རང་མཚངས་ཤིན་ཏུ་གསལ་པོར་བྱས་པའི་ཕྱིར་རོ། །

ཡང་འདི་དག་གིས་ལུང་རིགས་སྔ་མའི་གནོད་བྱེད་བཟློག་སྟེ་གོང་གི་འབྲེལ་ངག་འཐད་པར་འགྱུར་སྙམ་ན་མི་འཐད་དེ། ཁྱོད་ཀྱིས་ཐ་སྙད་དུ་དེ་བཞིན་ཉིད་ཤེས་བྱར་འདོད་པ་དེ་བཞིན་དུ་བདེན་གཉིས་ཀྱི་རྣམ་བཞག་ཀྱང་ཐ་སྙད་དུ་བྱས་པར་མངོན་ལ། འདོད་ཀྱང་དགོས་ཏེ། ཀུན་རྫོབ་ཀྱི་རྣམ་བཞག་ཐ་སྙད་དུ་བྱེད་དགོས་པ་གང་ཞིག། དོན་དམ་བདེན་པའང་དེ་ལྟར་བྱེད་དགོས་པའི་ཕྱིར། སྔ་མ་ལ་དོགས་པ་མེད་ཅིང་། ཕྱི་མ་གྲུབ་སྟེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གལ་ཏེ་དེ་ལྟར་ནའང་ཇི་ལྟར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པ་གསུང་ཞེ་ན། དེའི་བདག་ཉིད་དུ་འཇིག་རྟེན་ན་མི་སླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དོན་དམ་པའི་བདེན་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར་དེ་ལྟར་འདོད་དགོས་ཤིང་། འདོད་ན་རྒྱལ་སྲས་ཆེན་པོའི་གསུང་ཚིག་རྐང་པ་གཉིས་པོ་དེ་དག་ཀྱང་བདེན་གཉིས་ཀྱི་རྣམ་བཞག་འཆད་བྱེད་ཡིན་པས་བདེན་གཉིས་ཐ་སྙད་དུ་རྣམ་པར་བཞག་པར་འདོད་དགོས་ཏེ། རྒྱུ་མཚན་སྔ་མ་དེའི་ཕྱིར། ཚིག་རྐང་སྔ་མས་དེ་ཁོ་ན་ཉིད་དོན་དམ་པར་བློའི་ཡུལ་མིན་པར་དམ་བཅས་ཞེས་འགྲེལ་བ་ནི་གཏན་ནས་མི་འཐད་པ་ཉིད་དུ་གསལ་ལོ། །དེས་ན་བདེན་པ་གཉིས་པོ་དེ་དག་གཉིས་སྣང་གི་བློའི་ཡུལ་ཡིན་མིན་གྱི་སྒོ་ནས་འཆད་པ་ལས་འོས་མི་འདུག་སྟེ་དོན་ལ་གནས་པས་སོ། །

ཁྱོད་ཀྱིས་ད་དུང་འདིའི་གོང་འོག་རྣམས་སུ་འདི་དང་རིགས་མཐུན་པར་དགོས་མེད་ཀྱི་དགག་བཞག་དང་། ལུང་དོན་ལ་དྲང་ངེས་སྐབས་མ་ཕྱེད་པར་ཕྱིན་ཅི་ལོག་ཏུ་འགྲེལ་བ་ནི་ཆེས་མང་ཡང་དོན་གྱི་སྙིང་པོས་དབེན་ཕྱིར་རྟོག་དཔྱོད་བྱེད་དུ་མི་ལངས་སོ། །

གཞུང་ལུགས་ཟབ་མོར་དཔྱད་པའི་བློ་སྟོབས་ཞན།།
འཁྱོགས་བཤད་ལྤགས་པའི་གཤོག་པ་ལ་བརྟེན་ནས།།
ཟབ་དོན་གནམ་འཕང་གཅོད་དུ་རློམ་པ་རྣམས།།
དཔྱད་གསུམ་འཕྲང་ལ་གཞོལ་ཚེ་རང་མཚངས་ངོམས།།

ཞེས་བྱས་སོ། །

དེ་ལྟར་བདེན་པ་གཉིས་པོ་དེ་ལས་ཀུན་རྫོབ་ཀྱི་བདེན་པ་ལ་སྤྱིར་ཡང་ལོག་གི་ཁྱད་པར་མེད་ཀྱང་། འཇིག་རྟེན་གྱི་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་དྲུག་དང་དེའི་ཤེས་པ་རྣམས་ནི་ཡུལ་ཅན་ཡང་དག་པ་དང་། དེའི་ཡུལ་གཟུགས་སོགས་རྣམས་ཡུལ་ཡང་དག་པ་དང་། འཕྲལ་གྱི་འཁྲུལ་རྒྱུས་སླད་པའི་དབང་པོ་དྲུག་དང་། དེ་ལ་བརྟེན་པའི་ཤེས་པ་རྣམས་ཡུལ་ཅན་ལོག་པ་དང་། དེའི་ཡུལ་གཟུགས་བརྙན་དང་བྲག་ཆ་སོགས་ཀྱང་ལོག་པ་ཉིད་དུ་རྣམ་པར་བཞག་གོ །

ཡུལ་ཡང་དག་ཡིན་ན་ཐ་སྙད་དུ་ཡོད་མི་དགོས་ཏེ། བདག་འཛིན་ཕྲ་མོ་གཉིས་ཀྱི་ཞེན་ཡུལ་བདག་ལྟ་བུ་འཇིག་རྟེན་གྱི་ཤེས་ངོ་ལ་ལྟོས་ཏེ་ཡང་དག་ཡིན་ཀྱང་ཐ་སྙད་དུ་མེད་པའི་ཕྱིར། འདིར་འཇིག་རྟེན་གྱི་ཤེས་པ་ཡིན་མིན་སྟོང་ཉིད་ལ་བློ་ཁ་ཕྱོགས་པ་དང་མི་ཕྱོགས་པའི་ཤེས་པ་ལ་བྱེད་ཅིང་། དེ་ལའང་ཚད་མ་དང་ཚད་མིན་གྱི་ཤེས་པ་སོགས་དུ་མ་ཡོད་དེ་རྒྱས་པ་གཞན་དུ་བཤད་པར་བྱའོ། །

༈ གཉིས་པ་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་འབེབས་པ། ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའོ། །དང་པོ་ནི།

ཐར་འདོད་རྣམས་ཀྱི་ཐོག་མར་བདག་རང་བཞིན་གྱིས་མ་གྲུབ་པ་ཉིད་ནི་བཙལ་བར་བྱ་སྟེ། ཡུམ་གྱི་མདོ་ལས། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཤེས། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲ་ཆོས་ཀུན་ཤེས། ཞེས་དང་། ཟླ་བས་ཀྱང་།

རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།།

ཅེས་པའི་རང་འགྲེལ་དུ། ཇི་ལྟར་ཐོག་མར་རྣལ་འབྱོར་པའི་བདག་ཁོ་ན་འགོག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འོ་ན་འཇུག་པ་སོགས་ལས་དང་པོ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་མི་འཐད་པར་འགྱུར་རམ་སྙམ་ན་སྐྱོན་མེད་དེ། བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་འགོག་པའི་ཐབས་སུ་ཀུན་བཏགས་ཀྱི་ཞེན་ཡུལ་དགག་པ་གནད་ཆེ་བས། རང་སྡེ་དངོས་སྨྲ་བ་རྣམས་ཀྱིས་སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པར་དམ་བཅའ་ཡང་། ཁྱད་པར་དུ་འདུས་བྱས་ཀྱི་ཆོས་རྣམས་སྐྱེ་འཇིག་གནས་གསུམ་དུ་མཐོང་བས་རང་བཞིན་གྱིས་གྲུབ་པར་འཛིན་པའི་དོགས་པ་ཆེ་བས་དེ་ཁེགས་ན་འདུས་མ་བྱས་རྣམས་རང་བཞིན་གྱིས་གྲུབ་པར་དམ་བཅའ་བ་ཤུགས་ལ་ཁེགས་པས་དེ་དག་ལ་དགོངས་ནས་ཐོག་མར་ཆོས་ཀྱི་བདག་མེད་འཆད་པར་མཛད་དོ། །

འདིར་གང་ཟག་གི་བདག་མེད་དང་པོར་འཆད་པ་ནི་སྒོམ་རིམ་གྱི་དབང་དུ་བྱས་པ་ཡིན་པས་དམིགས་ལེགས་པར་ཕྱེད་པར་བྱའོ། །དེས་ན་སྐབས་འདིར་སྒོམ་རིམ་དང་བསྟུན་ནས་གང་ཟག་གི་བདག་མེད་པའི་དོན་རྩ་ཧྲིལ་གྱིས་བསྡུས་ཏེ་བཤད་དེ། འཕགས་པ་ལྷས།

རྟོག་པ་མེད་པར་འདོད་ཆགས་ལ།།
སོགས་ལ་ཡོད་ཉིད་ཡོད་མིན་ན།།
ཡང་དག་དོན་དང་རྟོག་པ་ཞེས།།
བློ་དང་ལྡན་པ་སུ་ཞིག་འཛིན།།

ཞེས་དང་།

དེའི་འགྲེལ་པ་ལས་ཀྱང་། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆགས་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་བདག་དང་བདག་གི་བའི་མིག་རྣ་སོགས་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་པ་ཙམ་དང་། རྟོག་པའི་དབང་གིས་བཞག་པ་ཙམ་ཡིན་གྱི། རང་གི་ངོ་བོས་གྲུབ་པ་དང་། དེ་ལ་ལྟོས་ཏེ་སྐྱེས་པ་ནི་བློ་དང་ལྡན་པ་སུ་ཞིག་གིས་འཛིན་ཏེ་མི་འཛིན་ནོ། །དེ་ལྟར་ཡིན་ཏེ། དཔེར་ན་མུན་པས་ཅུང་ཟད་ཁེབས་པའི་ཡུལ་མི་གསལ་བ་ཞིག་ན། ཐག་པ་ཁྲ་བོ་འཁྱིལ་ལུགས་སྦྲུལ་དང་འདྲ་བ་ཞིག་མཐོང་ན་འདི་ནི་སྦྲུལ་ལོ་སྙམ་པའི་བློ་ཞིག་སྐྱེའོ། །དེའི་ཚེ་ཐག་པ་ནི་སྦྲུལ་དུ་མ་གྲུབ་སྟེ། ཐག་པའི་ཚོགས་པ་དང་ཆ་ཤས་གང་ཡང་སྦྲུལ་གྱི་མཚན་གཞིར་འཇོག་ཏུ་མ་རྙེད་པས། དེའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པའི་བློ་དམ་སྦྲིང་བ་ཞིག་འབྱུང་ན། ང་དེ་ཕུང་པོའི་རྒྱུན་གྱི་ཚོགས་པ་དང་། དུས་གཅིག་པའི་ཚོགས་པ་དང་། མགོ་ལག་སོགས་དེའི་ཆ་ཤས་གང་ཡང་དེའི་མཚན་གཞིར་འཇོག་ཏུ་མ་རྙེད་པའི་ང་དེ་ནི་རྟོག་པས་བཏགས་པ་ཙམ་དུ་ཟད་དོ། །ཞེས་པའི་དོན་ཏེ། ཕུང་པོ་ལྔ་ཚོགས་པ་ཙམ་མམ་ལུས་སེམས་གཉིས་ཚོགས་པ་ཙམ་གྱི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པ་ཡུལ་རང་ངོས་ནས་གྲུབ་པའི་ང་ཞིག་ཡོད་པར་འཛིན་པའི་བློ་དེ་ལ་ངར་འཛིན་ལྷན་སྐྱེས་ཞེས་བྱ་ལ། དེའི་འཛིན་སྟངས་ཀྱི་ང་དེ་ནི་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་རང་གི་ཕུང་པོ་ལྔའི་སྟེང་དུ་ཡོད་པ་ལས་འོས་མེད་པས། དེས་ན་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། དེ་ལས་གཞན་པའི་ཡོད་ཚུལ་ཕུང་གསུམ་པ་ནི་ག་ལ་སྲིད་དེ་མི་སྲིད་དོ། །

གལ་ཏེ་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་ན།
རང་གི་ཕུང་པོ་ལ་ལྔ་ཡོད་པ་དེ་བཞིན་དུ། ང་ཡང་རྒྱུད་ཐ་དད་པ་ལྔར་འགྱུར་པར་ཐལ་ཞིང་། ཡང་ན་ང་གཅིག་ཡིན་པ་དེ་བཞིན་དུ་རང་གི་ཕུང་པོ་ལྔ་ཡང་གཅིག་ཏུ་འགྱུར་བར་ཐལ་ལོ། །གཞན་ཡང་ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྱི་ང་དེ་ཕུང་པོ་ལྔ་དང་གཅིག་ཡིན་ན། ཕུང་པོ་ལྔ་སྐྱེ་འཇིག་བྱེད་པ་བཞིན་དུ། ང་ཡང་སྐྱེ་འཇིག་བྱེད་དགོས་ལ། སྐྱེ་འཇིག་བྱེད་པའི་ང་དེའི་སྐད་ཅིག་སྔ་ཕྱི་རྣམས་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། དང་པོ་ལྟར་ན་ཚེ་འདིའི་ང་དང་ཚེ་སྔ་ཕྱིའི་ང་གསུམ་ཡང་ཆ་མེད་པ་གཅིག་ཏུ་འགྱུར་བར་ཐལ་ཞིང་། གཉིས་པ་ལྟར་ན། རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་ན་ཕན་ཚུན་འབྲེལ་མེད་ཀྱི་ཐ་དད་ཡིན་དགོས་པས་ཚེ་འདིའི་ང་དང་། ཚེ་སྔ་ཕྱིའི་ང་གསུམ་འབྲེལ་མེད་ཐ་དད་དུ་འགྱུར་བས། ལས་མ་བྱས་པ་དང་ཕྲད་ཅིང་། བྱས་པ་ཆུད་ཟ་བ་སོགས་ཀྱི་ཉེས་པ་ཟློག་ཏུ་མེད་པ་དུ་མ་ཡོད་པའི་ཕྱིར། ང་དེ་རང་གི་ཕུང་པོ་ལྔ་དང་གཅིག་ཏུ་ག་ལ་གྲུབ་སྟེ་མི་གྲུབ་བོ། །

ཡང་ན་ང་དེ་ཕུང་པོ་ལྔ་དང་ཐ་དད་དུ་གྲུབ་ན།
དེ་ཡང་མི་འཐད་དེ་ཕུང་པོ་ལྔ་པོ་རེ་རེ་ནས་བསལ་བའི་ཤུལ་དུ། ང་དེ་འདིའོ་ཞེས་ངོས་འཛིན་རྒྱུ་ཞིག་དགོས་པ་ལ། དེ་མེད་པའི་ཕྱིར། གཞན་ཡང་ཤིང་རྟའི་དཔྱད་པ་ལ་བརྟེན་ནས་བདག་མཐའ་བདུན་དུ་བཙལ་བས་མི་རྙེད་ཀྱང་། རང་གི་གདགས་གཞིའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་ནི་ཡོད་ལ། རང་མཚན་གྱིས་གྲུབ་པའི་བདག་གམ་ང་དེ་ནི་རྣམ་པ་ཀུན་ཏུ་ཡོད་པ་མ་ཡིན་ནོ། །

གཉིས་པ་ནི།
དེ་ལྟར་དཔྱད་པར་བྱས་པའི་ང་ཉིད་རང་བཞིན་གྱིས་མ་གྲུབ་པ་དེ་བཞིན་དུ། རང་གི་ཕུང་པོ་དང་ཁང་ཁྱིམ་རི་བྲག་སོགས་ཕྱི་རོལ་གྱི་ཆོས་རྣམས་ལའང་རང་བཞིན་གྱིས་མ་གྲུབ་པར་བལྟ་བར་བྱ་སྟེ། མདོ་ལས།

ནང་གི་བདག་ཉིད་སྟོང་པར་ལྟོས།།
ཕྱི་རོལ་དག་ཀྱང་སྟོང་པར་ལྟོས།།

ཞེས་ནང་གི་བདག་རང་བཞིན་གྱིས་མ་གྲུབ་པར་དཔྱད་པའི་རིགས་པ་དང་འགྲོས་སྦྱར་སྟེ། དེ་ལས་གཞན་ཕྱི་རོལ་གྱི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་ལྟོས་ཞེས་དང་། འཇུག་པ་ལས།

བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་།།
ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང་།།
དེ་བཞིན་གང་དག་སྒོ་ནས་སྐྱེ་འདིས་བསྙད་བ་དེ་རྣམས་རྟོགས་བྱ་སྟེ།།

ཞེས་ལུང་དོན་སྔ་མ་དང་མཐུན་པར་གསུངས་ཏེ། མདོར་ན་བདག་གི་གདགས་གཞིའི་ཕུང་པོ་འདི་ནི་བདག་དང་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་དུའང་མ་གྲུབ་སྟེ། དེ་ལྟར་གྲུབ་ན་སྔར་ལྟར་མང་སྐྱོན་དང་ཆ་ཀུན་གཅིག་ཏུ་འགྱུར་པ་སོགས་ཐལ་ཏེ། དཔེར་ན་རང་གི་ཤ་རུས་རྡོས་བཅས་ཀྱི་ལུས་འདིའི་སྟེང་དུ་ལུས་ཞེས་རྟོག་པས་ཕར་བཏགས་པ་ཙམ་མ་ཡིན་པར་ལུས་རང་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་དག་དཔྱད་པར་བྱ་སྟེ། དེ་ཡང་ཤ་རུས་རྡོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདིའི་སྟེང་དུ་ཡོད་ན། དེ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། དང་པོ་ལྟར་ན། ཤ་རུས་རྡོས་བཅས་ཀྱི་ལུས་འདིའི་རྒྱུ་ཕ་མའི་ཁུ་ཁྲག་དག་ཀྱང་ཡན་ལག་ལྔ་ཚོགས་ཀྱི་ལུས་སུ་ཐལ་ཞིང་། ཤ་རུས་རྡོས་བཅས་ཀྱི་ལུས་ལ་ཡན་ལག་ལྔ་ཡོད་པ་བཞིན་དུ་ལུས་ཀྱང་ལྔར་འགྱུར་བར་ཐལ་ལོ། །གཉིས་པ་ལྟར་ན། ལུས་དེའི་ཡན་ལག་ལྔ་དང་བྱང་ཁོག་སྟོད་སྨད་ཤ་རུས་ལྤགས་པ་ཆུ་རྒྱུས་དང་། ནང་གི་དོན་ལྔ་སྣོད་དྲུག་ཕྱི་ནང་བར་གྱི་ཟུང་བདུན་ཏེ། ལུས་ཀྱི་མི་གཙང་བའི་རྫས་སོ་དྲུག་པོ་རེ་རེ་ནས་བསལ་བའི་ཤུལ་དུ་ལུས་ནི་འདིའོ་ཞེས་བསྟན་རྒྱུ་ཞིག་དགོས་པ་ལ་དེ་མེད་པའི་ཕྱིར།

དེ་བཞིན་དུ་ནང་གི་ཤེས་པ་ལའང་དཔྱད་དེ། དེ་རིང་གི་ཤེས་པ་དེ་དེ་རིང་གི་སྔ་དྲོ་དང་ཕྱི་དྲོའི་ཤེས་པ་གཉིས་ཀྱི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་ནི་མི་རིགས་ཏེ། གལ་ཏེ་དེ་ལྟར་ཡིན་ན་དེ་རིང་གི་ཤེས་པ་དེ་དེ་རིང་གི་སྔ་དྲོ་དང་ཕྱི་དྲོའི་ཤེས་པ་གཉིས་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། དང་པོ་ལྟར་ན། དེ་རིང་གི་ཕྱི་དྲོའི་ཤེས་པའི་སྟེང་དུ་དེ་རིང་གི་སྔ་དྲོའི་ཤེས་པའང་ཡོད་པ་ཐལ་ཞིང་། གཉིས་པ་ལྟར་ན། དེ་རིང་གི་སྔ་དྲོ་དང་ཕྱི་དྲོའི་ཤེས་པ་གཉིས་རེ་རེ་ནས་བསལ་བའི་ཤུལ་དུ། དེ་རིང་གི་ཤེས་པ་ནི་འདིའོ་ཞེས་བསྟན་རྒྱུ་ཞིག་དགོས་པ་ལ་དེ་མེད་པའི་ཕྱིར་མི་འཐད་དོ། །

དེ་བཞིན་དུ་ཕྱི་ནང་གི་ཆོས་གང་ལ་དཔྱད་ཀྱང་རང་བཞིན་གྱིས་གྲུབ་པ་རྡུལ་ཕྲན་ཙམ་མེད་ཀྱང་ཐ་སྙད་ཀྱི་བྱ་བྱེད་དགེ་སྡིག་ལས་རྒྱུ་འབྲས་སོགས་ནི་འགོག་མེད་དུ་འཆར་ཞིང་འཐད་པ་ཡིན་ཏེ། རྗེ་ཐམས་ཅད་མཁྱེན་པའི་ཞལ་ནས།

རང་བཞིན་གྱིས་ནི་སྟོང་པ་དང་།།
བྱ་བྱེད་འཐད་པའང་མི་འགལ་ཞིང་།།

ཞེས་དང་། རྗེ་མི་ལས་ཀྱང་།

མེད་ཀྱང་སྣང་བ་ངོ་མཚར་ཆེ།།

ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་ནའང་། བདེ་སྡུག་སོགས་བཟང་ངན་གྱི་བྱ་བྱེད་ཐམས་ཅད་བསྙོན་མེད་དུ་འཇོག་ཤེས་པ་འདི་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་རྨ་མེད་པ་ལགས་ཤིང་། ཚུལ་འདི་ནི་རང་སྡེ་འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་ཐལ་འགྱུར་བ་རང་ལུགས་ཀྱི་དགོངས་དོན་ཐུན་མོང་མ་ཡིན་པ་ཡིན་ཞིང་། གནད་འདི་དག་ལ་བརྟེན་ནས་རང་སྡེ་འོག་མ་ཀུན་དང་མི་མཐུན་པའི་ལུགས་འདི་ལ་ཐུན་མོང་མ་ཡིན་པའི་ཁས་ལེན་གཙོ་བོར་བརྒྱད་དུ་གྲགས་པ་ནི། ༡ ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་པ་དང་། ༢ རང་རིག་འགོག་ཚུལ་ཐུན་མོང་མ་ཡིན་པ་དང་། ༣ རང་རྒྱུད་ཀྱི་རྟགས་ལ་བརྟེན་ནས་ཕྱི་རྒོལ་གྱི་རྒྱུད་ལ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་སྐྱེད་པ་ཁས་མི་ལེན་པ་དང་། ༤ ཤེས་པ་ཁས་ལེན་པ་དེ་བཞིན་དུ་ཕྱི་དོན་ཡང་ཁས་ལེན་དགོས་པ་དང་། ༥ ཉན་རང་ལ་དངོས་པོ་རང་བཞིན་གྱིས་མ་གྲུབ་པ་རྟོགས་པར་ཡོད་པ་དང་། ༦ ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འདོད་པ་དང་། ༧ ཞིག་པ་དངོས་པོ་ཡིན་པ་དང་། ༨ དེ་ལ་བརྟེན་ནས་དུས་གསུམ་གྱི་རྣམ་བཞག་ཐུན་མོང་མ་ཡིན་པ་འཇོག་པ་སོགས་ཏེ།

དེའི་དང་པོ་ནི།
རང་སྡེ་འོག་མ་ཁ་ཅིག་ཀུན་གཞི་འདོད་པ་རྣམས་ཀྱིས་རྣམ་ཤེས་ཚོགས་དྲུག་ལས་ངོ་བོ་ཐ་དད་ཅིང་རང་བཞིན་གྱིས་གྲུབ་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞིག་ནི་ངེས་པར་འདོད་དགོས་ཏེ། དེ་མེད་ན་ལས་བཟང་ངན་གྱི་རྟེན་བཅའ་བའི་གཞི་མེད་པར་འགྱུར་ཞེས་སྨྲ་ལ། རང་ལུགས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་མེད་ཀྱང་། རང་གི་ཕུང་པོ་ལྔ་ཚོགས་པ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཉིད་ལས་འབྲས་ཀྱི་རྟེན་དུ་འཇོག་ཆོག་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཐ་སྙད་དུའང་ཁས་ལེན་པ་མ་ཡིན་ཏེ། དོན་མེད་པས་སོ། །

གཉིས་པ་ནི།
རང་སྡེ་འོག་མ་ཁ་ཅིག་གིས། ཕྱི་རོལ་གྱི་བཟུང་བ་མེད་པར། འཛིན་པ་རྫས་གཞན་ཉིད་དང་བྲལ་ཞིང་གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་ཡོད་ཅིང་། དེ་གང་གིས་ཤེས་པར་འགྱུར་བའི་སྒྲུབ་བྱེད་བརྗོད་རིགས་ཏེ། ཚད་མས་མ་བཟུང་བའི་ཡོད་པ་ནི་ཁས་ལེན་དུ་མི་རུང་བའི་ཕྱིར། རང་རིག་གིས་གྲུབ་བོ་ཞེས་རང་གིས་རང་ཉམས་སུ་མྱོང་བའི་ཤེས་པ་ཞིག་འདོད་དོ། །

དེ་ནི་མི་རིགས་ཏེ། གལ་ཏེ་ཁྱོད་ཀྱི་ཤེས་པ་རང་ཉིད་ཀྱིས་རང་ཉིད་ཡོད་པར་གྲུབ་ཅེས་སྨྲ་བ་དེ་ལྟར་ན་བྱ་བྱེད་ལས་གསུམ་གཅིག་ཏུ་འགྱུར་བ་ཐལ་ཞིང་། རང་གིས་རང་ལ་བྱེད་པ་འཇུག་པ་ལ་ཇི་ཙམ་དཔྱད་ཀྱང་ཆ་མེད་པའི་གཅིག་ཏུ་འཆར་བ་མི་ནུས་པའི་ཕྱིར། གཞན་ཡང་མདོ་ལས། རལ་གྲིའི་སོ་ཉིད་ཀྱིས་རལ་གྲིའི་སོ་གཅོད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་ཉིད་ཀྱིས་སོར་མོའི་རྩེ་མོ་ལ་རེག་པ་མི་ནུས་པ་དེ་བཞིན་དུ། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བ་མི་ནུས་སོ། །ཞེས་སོགས་ལུང་རིགས་ཀྱིས་གནོད་པ་ཟློག་ཏུ་མེད་དོ། །

གལ་ཏེ་ཕྱི་དུས་ཀྱི་དྲན་པ་རང་བཞིན་གྱིས་གྲུབ་པས་རང་རིག་འགྲུབ་བོ་ཞེ་ན། དྲན་པ་རང་བཞིན་གྱིས་གྲུབ་པས་རང་རིག་སྒྲུབ་པར་མི་ནུས་ཏེ། མ་གྲུབ་པའི་ཕྱིར། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི་དེ་ལྟར་ནའང་དྲན་ཤེས་ཀྱིས་ཡུལ་མྱོང་དྲན་པ་མི་རིགས་པར་ཐལ་ཏེ། མྱོང་དྲན་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར། དེ་ལྟར་ཡང་འཇུག་པ་ལས།

གལ་ཏེ་ཕྱི་དུས་དྲན་པ་ལས་འགྲུབ་ན།།
མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི།།
མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན།།
རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི།།
དེ་ལྟའང་དྲན་པས་དྲན་པར་རིག་མིན་ཏེ།།
གཞན་ཕྱིར་

ཞེས་གསུངས་པའི་ཕྱིར་མི་འཐད་དོ། །

རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ཡོད་དེ། སྔར་སྔོན་འཛིན་གྱི་ཡུལ་སྔོན་པོ་ལྟ་བུ་མྱོང་བ་ལས་ཕྱིས་སྔོན་འཛིན་གྱིས་སྔོན་པོ་དཔྱད་པའི་ཚུལ་གྱིས་དྲན་སྐྱེ་བ་ན། སྔར་སྔོན་འཛིན་གྱི་ཤེས་པ་སྤངས་ནས་དྲན་པ་སྐྱེ་བ་ནི་མ་ཡིན་གྱི། སྔར་སྔོན་པོ་འདི་མཐོང་ངོ་ཞེས་ཡུལ་ཡུལ་ཅན་གཉིས་འབྲེལ་བར་དྲན་པའི་ཕྱིར་རོ། །དཔེར་ན་དགུན་དུས་སུ་རང་ཉིད་བྱི་བས་རྨུག་པ་ན་དུག་ཞུགས་ཀྱང་། དེའི་ཚེ་རྨུགས་པ་མྱོང་གི་དུག་མ་མྱོང་ལ། ཕྱིས་དབྱར་དུས་སུ་འབྲུག་སྒྲ་ཐོས་ནས་སྔར་གྱི་དུག་ཞུགས་པ་ལངས་ཏེ་ན་བ་ན་རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་། སྔར་རྨུགས་དུས་སུ་དུག་མ་མྱོང་བ་བཞིན་ཡིན་པའི་ཕྱིར་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས།

གཞན་མྱོང་བ་དང་འབྲེལ་བ་ལས།།
དྲན་འགྱུར་བྱི་བའི་དུག་བཞིན་ནོ།།

ཞེས་གསུངས་པའི་ཕྱིར།

འདིར་དེང་སང་གི་སྤྱོད་འཇུག་ཊཱི་ཀ་བྱེད་པ་ཁ་ཅིག་གིས། ༼མི་ཕམ་༽ མདོར་ན་རང་རིག་པ་འགོག་པ་ནི། དོན་དམ་པར་འགོག་པ་ཡིན་གྱི་བེམ་པོ་ལས་ལོག་ཙམ་ལ་ཐ་སྙད་དུ་རང་རིག་པར་འདོགས་པའི་ཚུལ་དེ་འགོག་པ་མ་ཡིན་ཏེ། དེ་བཀག་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པ་དང་། རང་རྒྱུད་ལ་བློ་ཡོད་པའི་སྒྲུབ་བྱེད་མི་རིགས་པ་དང་། མཐར་དོན་རིག་གི་ཐ་སྙད་ཀྱང་རྒྱུན་ཆད་པར་འགྱུར་བ་སོགས་རིག་པའི་དབང་ཕྱུག་གིས་ཇི་སྐད་གསུངས་པས་གནོད་ཅེས་དང་། ལུགས་འདིར་ཐ་སྙད་དུའང་རང་རིག་དང་ཀུན་གཞི་ཁས་མི་ལེན་ཟེར་ཡང་། ཐ་སྙད་དུ་ནི་བཀག་པའང་མེད་ལ་སྒྲུབ་པའང་མེད་མོད་ཀྱི། དོན་དམ་པར་བཀག་གོ་ཞེས་སྨྲ་བའང་རང་གི་ནང་ཆ་བསྟན་པ་ཙམ་དུ་ཟད་དེ།

ལུགས་འདིར་དོན་དམ་དུ་མ་ཟད་ཐ་སྙད་དུའང་རང་རིག་བཀག་པ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས་འཇུག་འགྲེལ་དུ། འོན་ཏེ་འཇིག་རྟེན་ཐ་སྙད་ཀྱི་དབང་དུ་ཡིན་ན་ནི། དེ་ལྟ་ནའང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དོ། །ཞེས་གསལ་བར་གསུངས་པའི་ཕྱིར་དང་། གཞན་ཡང་ཐ་སྙད་དུ་རང་རིག་བཀག་པ་མ་ཡིན་ན་ཐ་སྙད་དུ་བྱ་བྱེད་ལས་གསུམ་པོ་དེ་རང་ངོས་ནས་གྲུབ་པར་ཐལ་བའི་ཐལ་བ་བཟློག་ཏུ་མེད་པའི་ཕྱིར། རང་བློ་རང་ལ་ལྐོག་ཏུ་གྱུར་པ་དང་། རང་ལ་བློ་ཡོད་པའི་སྒྲུབ་བྱེད་མི་རིགས་པ་དང་། དོན་རིག་གི་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སོགས་དགོས་མེད་ཀྱི་དགག་པ་རྣམས་ཀྱང་འདོར་དུ་རིགས་ཏེ། གོང་དུ་རང་རིག་མེད་ཀྱང་དྲན་པ་སྐྱེ་བ་ཡོད་པ་འཆད་པ་ལ་དགོས་པ་ཡོད་ཅིང་། གྲུབ་མཐའ་གོང་འོག་གི་ལུགས་རྣམས་སོ་སོ་ནས་མ་འདྲེས་པར་འཆད་དགོས་པའི་ཕྱིར་རོ། །

དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའང་ཐ་སྙད་དུ་ཡོད་ཅེས་སྨྲ་བ་ག་ལ་རིགས་ཏེ། དེ་ལྟར་ན་ལུགས་འདིས་ཕྱི་རོལ་གྱི་དོན་ཡང་འགོག་པར་འགྱུར་ལ། དེས་ན་མདོ་སྡེ་ས་བཅུ་པ་དང་དེའི་དགོངས་འགྲེལ་སོགས་ལས་ཕྱི་དོན་འགོག་ཏུ་མི་རིགས་གསུངས་པ་སོགས་དོན་མེད་པ་ཉིད་དུ་ཐལ་བས་འདོད་དུ་ག་ལ་ནུས་ཏེ་མི་ནུས་སོ། །

གཞན་ཡང་ཁྱོད་ཀྱི་འགྲེལ་པ་འདིར་འཁྱོགས་བཤད་ཀྱི་ཚིག་ཕྲེང་འདི་དང་རིགས་མཐུན་པ་མང་དུ་མཆིས་ཀྱང་རེ་རེ་ནས་དགག་ཏུ་མ་ལངས་མོད། འོན་ཀྱང་འདིར་བཀོད་པའི་ལུང་རིགས་ཀྱི་སྒོ་ཙམ་བསྟན་པ་འདི་རྣམས་ལ་ཞིབ་ཏུ་དཔྱད་ན་ཕལ་ཆེར་འགོག་པར་ཡོད་པས་ཞིབ་མོའི་བློས་གོ་བསྡུར་མི་དམན་པ་རེ་མཛོད།

རྒྱལ་གསུང་དྲི་མེད་གསེར་གྱི་ལྷུན་པོ་ནི།།
ཁུངས་ལྡན་ལུང་རིགས་རིན་ཆེན་ཕྲས་མཛེས་ཤིང་།།
དགག་སྒྲུབ་རྟ་བདུན་འོད་ཀྱི་ཟེར་འཁྱུད་པ།།
འདི་ཡང་རྒྱལ་བསྟན་མཛེས་པའི་དཔྱིད་དུ་གྲུབ། །

གསུམ་པ། རང་རྒྱུད་ཀྱི་རྟགས་ལ་བརྟེན་ནས་ཕྱི་རྒོལ་གྱི་རྒྱུད་ལ་དེ་ཉིད་རྟོགས་པའི་ཤེས་རབ་སྐྱེ་བ་མེད་དེ་རང་རྒྱུད་ཀྱི་རྟགས་མ་གྲུབ་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པའི་རྟགས་མ་གྲུབ་པས་སོ། །བཞི་པ། ཕྱི་དོན་ཡང་འགོག་པ་མ་ཡིན་ཏེ། གཟུགས་སོགས་ཇི་ལྟར་སྣང་བ་དེ་ལྟར་རང་མཚན་གྱིས་མ་གྲུབ་ཀྱང་། ཐ་སྙད་ཙམ་དུ་ཅི་ཡང་འཐད་པས་སོ། །ལྔ་པ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་ནི་གོང་དུ་ཅུང་ཟད་བཤད་ཟིན་ལ། དྲུག་པའང་། གོང་དུ་དགག་བྱའི་གནད་བཤད་པ་དེ་དག་གིས་ངེས་སོ། །བདུན་པ། ཞིག་པ་ནི་དངོས་པོ་ཡིན་ཏེ། གང་ཞིག་རྒྱུའི་དངོས་པོ་དེ་དེའི་འབྲས་བུ་ཡིན་པའི་ཕྱིར། དེ་ལྟར་ཡང་འཕགས་པའི་རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན།། ཞེས་བུམ་པ་ལྟ་བུའི་དངོས་པོ་དང་། དེ་ཞིག་པ་དེའི་དངོས་མེད་དེ་གཉིས་ཀ་འདུས་བྱས་ཡིན་པ་གསལ་བར་གསུངས་པའི་ཕྱིར། དེ་བཞིན་དུ་རིགས་པའི་འགྲོས་སྦྱར་ཏེ་དཔྱད་ན། བརྒྱད་པ། དུས་གསུམ་གྱི་རྣམ་བཞག་འཇོག་ཚུལ་ཐུན་མོང་མ་ཡིན་པའང་ཤེས་པར་འགྱུར་རོ། །དེ་ལྟར་ལུགས་འདིར་རང་སྡེ་འོག་མ་ཀུན་ལས་ཁྱད་པར་འཕགས་པའི་ཞལ་བཞེས་དེ་དག་ཀྱང་རང་མཚན་གྱིས་གྲུབ་པར་ཐ་སྙད་དུའང་ཁས་མི་ལེན་པའི་གནད་ཀྱིས་ཡིན་ཏེ་རྒྱས་པ་གཞན་དུ་བཤད་དོ། །

དེ་ལྟར་ལུགས་འདིར་གཞན་གྱི་དམ་བཅའ་འགོག་པ་ན་རང་རྒྱུད་ཀྱི་གཏན་ཚིག་ཞལ་གྱིས་མི་བཞེས་ཤིང་། འགལ་བརྗོད་ཀྱི་ཐལ་འགྱུར་གྱི་སྒོ་ནས་གཙོ་བོར་བྱེད་པས་ན་ཐལ་འགྱུར་བ་ཞེས་མཚན་དུ་ཆགས་པ་ཡིན་ལ། གཞན་དུ་ན་དོན་དང་མི་མཐུན་པའི་བཤད་པ་འུད་ཆེན་པོས་དྲངས་ཏེ་ལུགས་འདིའི་དགོངས་དོན་དང་མཚན་གྱིས་སྒྲ་བཤད་འདྲ་མིན་སྣ་ཚོགས་སུ་སྨྲས་པ་རྣམས་ནི་བཞད་གད་ཀྱི་གནས་ཙམ་དུ་ཟད་དོ།།

དེ་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་འདི་ནི་ཚད་ལྡན་གྱི་མཁས་པ་དང་གཞུང་ལུགས་དྲི་མ་མེད་པའི་རྗེས་སུ་བྲངས་ཏེ། རིགས་པ་ཡང་དག་གིས་ཡང་དང་ཡང་དུ་དཔྱད་པ་ལ་བརྟེན་ནས་རང་ཉིད་ཀྱིས་ངེས་པར་རྙེད་པ་བྱ་ཞིང་། གཞན་ལའང་དེ་ལྟ་བུའི་སྒོ་ནས་འཆད་པ་ཡིན་གྱིས། གཞན་དུ་ན་མཚན་ལྡན་གྱི་སློབ་དཔོན་དང་ལུང་རིགས་ཡང་དག་ལ་མ་བརྟེན་པ་རྟོག་བཟོ་དང་ཕོ་ཚོད་ཀྱི་དཔྱད་པས་ནི་ཟབ་མོའི་ལམ་འདི་དག་ལ་ལྟ་ཚུལ་ཉེས་ཏེ་མཐར་འཛིན་གྱི་གཡང་ས་ཆེན་པོར་ལྷུང་བ་ཉིད་དང་། ཚུལ་དེ་དག་ལས་ཟློག་པས་ནི་བླ་མེད་བྱང་ཆུབ་ཀྱི་བདེ་བ་འདྲེན་པ་ཉིད་དེ། འཕགས་པ་ཀླུས།

དེ་བཞིན་ལོག་པར་བཟུང་བ་དེས།།
འཕུང་བ་དག་ནི་འཐོབ་འགྱུར་ཞིང༌།།
ལེགས་པར་ཤེས་པས་བདེ་བ་དང༌།།
བྱང་ཆུབ་བླ་ན་མེད་པ་འཐོབ།།

ཅེས་དང་། ཡང་དེ་ལྟར་ན་རྟེན་འབྲེལ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ཡང་དག་པར་ཤེས་པ་ལ་ནི་ནན་ཏན་གྱི་བརྩོན་པ་མཆོག་ཏུ་བསྐྱེད་དགོས་ཏེ། དེའི་མཇུག་ཐོགས་སུ།

དེ་ཕྱིར་འདི་ལ་སྤོང་བ་དང་།།
མེད་པའི་ལྟ་བ་སྤང་ནས་ནི།།
དོན་ཀུན་བསྒྲུབ་ཕྱིར་ཡང་དག་པའི།།
ཤེས་པ་ནན་ཏན་མཆོག་མཛོད་ཅིག།།

ཅེས་གསུངས་པའི་ཕྱིར་ཏེ། གོང་དུ་བཤད་པ་ལྟར་ཟབ་མོའི་ལམ་བཟང་པོ་དེ་དག་ལ་འབད་པ་ཆེན་པོའི་སྒོ་ནས་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་རིང་དུ་མི་འགྱངས་པར་ལོངས་མེད་ཀྱི་དྲན་པས་བསྐུལ་ནས་ཤིན་ཏུའང་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོ་བྱས་ཏེ་གནས་པ་དག་ལ་ནི་བསྟན་པ་དང་འགྲོ་བའི་དོན་མཛད་པའི་དོན་གྱི་བསྟན་འཛིན་ནམ་སྐྱེས་བུ་དམ་པའོ། །ཞེས་སྔགས་པར་འོས་པ་ཉིད་དེ་བསྔགས་པ་དོན་དང་ལྡན་པ་ཉིད་དུ་རིགས་སོ། །

འདིར་སྨྲས་པ།

རླབས་ཆེན་ཐུགས་བསྐྱེད་ལྷ་ལམ་ཡངས་པོར་དྲི་མེད་མཁྱེན་པའི་ཆར་སྤྲིན་འཁྲིགས།།
ཚད་ལྡན་ལུང་གི་གློག་འཕྲེང་གཡོ་དང་ལྷན་ཅིག་ལེགས་བཤད་འབྲུག་སྒྲ་ལྡིར།།
རྣོ་ངར་རིག་པའི་ཐོག་མདའ་འཕངས་དང་ལྷན་ཅིག་སྨྲ་ངན་བྲག་རི་བཅོམ།།
དཔལ་ལྡན་མཁས་དང་གྲུབ་པའི་བདག་ཉིད་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི།།

ལུགས་བཟང་དྲི་མེད་བ་ཀུ་ལ་ཡི་ཁ།།
ཤིན་ཏུ་འབྱེད་པ་དཀའ་བའི་གནས་དེ་ནི།།
འཇམ་མགོན་བླ་མའི་ལེགས་བཤད་འགྲམ་ཆང་གིས།།
གསལ་བར་ཕྱེས་པའི་དགེ་མཚན་ཕྱོགས་འདིར་འབར།།

ཚུལ་དེའི་བཞེད་གཞུང་དྲི་མ་མེད་པ་ལ།།
རབ་གུས་ཡིད་ཀྱི་མཆོད་སྤྲིན་སྒྲེང་བཞིན་དུ།།
ཀུན་ཕན་ལྷག་བསམ་གློག་གི་ཕྲེང་བ་བཅས།།
ཟབ་མོའི་གཏམ་གྱི་དབྱར་རྔ་ཅུང་ཞིག་བརྡུང་།།

བདག་ནི་བློ་གྲོས་རྟུལ་ཞིང་སྦྱངས་པ་དམན།།
ཟབ་དོན་འབྱེད་པའི་སྤོབས་པ་ཕྲ་ནའང་།།
མོས་ལྡན་ངག་གིས་ཡང་ཡང་བསྐུལ་བ་དང་།།
འགའ་ལ་ཕན་པ་སྲིད་སྙམ་གཏམ་འདི་བྱས།།

ཚུལ་འདི་འབད་ལས་དགེ་བ་གང་ཐོབ་པ།།
དེ་ཡང་ཟབ་དང་རྒྱ་ཆེའི་ཆོས་ཚུལ་གྱི།།
བསྟན་པ་རིན་ཆེན་རིང་དུ་གནས་པ་དང་།།
འགྲོ་ཀུན་གཏན་བདེར་ཁྲིད་པའི་རྒྱུ་རུ་བསྔོ།།

ཞེས་ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་འདིའང་མི་ཕམ་རྣམ་རྒྱལ་གྱིས་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ནོར་བུ་ཀེ་ཏ་ཀའི་གོང་འོག་རྣམས་སུ་ལུང་རིགས་ཡང་དག་དང་འགལ་ཚབས་ཆེ་བ་མང་ཙམ་མཐོང་བའི་རྐྱེན་བྱས་ཉེ་ཆར་ཟབ་ལམ་ལ་མོས་པ་ཐོབ་པའི་ལུང་རིགས་སྨྲ་བ་དུ་མས་ཀྱང་འདི་ལྟ་བུ་ཞིག་དགོས་ཞེས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མའི་བཀའ་དྲིན་གྱིས་རིང་དུ་འཚོ་བའི་སྡོམ་བརྩོན་མདོ་སྨད་སྐར་འཛིན་གྱི་སའི་ཆར་བྲག་དཀར་སྤྲུལ་མིང་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་རང་ལོ་ཉེར་གསུམ་ཐོག་དབུས་འགྱུར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སྡོད་དུས་སྦྱར་བ་དགེ་ལེགས་འཕེལ།

Ā
95-178a Ārya-bhagavatīprajñāpāramitāvajraccheditāsaptārthaṭīkā ༄། །མདོའི་ལུས་ཀྱི་འགྲེལ་པ། ༈ དང་པོ། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་བསྟན་པ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་བཛྲ་ཙྪེ་དི་ཀཱ་ཡཱཿསཔྟ་དཱརྠ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་དོན་བདུན་གྱི་རྒྱ་ཆེར་འགྲེལ་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །མཚུངས་མེད་སངས་རྒྱས་ཆོས་རྣམས་སྐྱེད་མཛད་ལ། །གང་ཞིག་ཆོས་དབྱིངས་གསོ་བའི་མ་མ་སྟེ། །དབྱེ་དཀའི་རྡོ་རྗེ་གཞན་དོན་གྲུབ་གང་ཡིན། །གང་ཞིག་བཟུང་བས་འཕགས་ཀུན་སྐྱེད་པའམ་ཡིན། །གང་ཡང་མཚན་ཙམ་བཏགས་པའི་མཐུ་མངའ་བ། །རྡོ་རྗེར་བོད་པ་ཕར་ཕྱིན་ཐུ་བོ་སྟེ། །གང་གིས་དེ་བསྟན་གསུང་ལས་དེའི་དོན་གང་། །ཐོས་ནས་བདག་ཀྱང་དེ་འཛིན་ལ་བརྩོན་གྱུར། །དེ་ཡི་དེ་དག་རྣམས་ 95-178b ཀྱང་རིག་པའི་ཕྱིར། །དེ་ལ་དངོས་པོ་ཀུན་གྱི་སྤྱི་བོས་འདུད། །གཞན་གྱི་བཤད་སྦྱར་དོན་དེ་གཟུང་བྱའི་ཕྱིར། །རྣམ་པར་བཤད་ལ་བདག་ཀྱང་འབད་པ་ཡིན། །དོན་གྱི་གནས་བདུན་དུ་རྣམ་པར་གཞག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་གཞག་པ་ཡིན་ནོ། །དོན་གྱི་གནས་བདུན་པོ་རྣམས་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་དང་། རབ་ཏུ་སྦྱོར་བའི་མཚན་ཉིད་དང་། དེའི་རྟེན་དང་། གཉེན་པོ་དང་། མི་ཉམས་པ་དང་། ས་དང་། མཚན་གྱི་རྒྱུ་མཚན་ནོ། །དོན་གྱི་གནས་བདུན་པོ་འདི་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་ཡིན་པའི་དོན་གྱིས་ན་དོན་གྱི་གནས་ཞེས་བརྗོད་པར་བྱའོ། །དོན་གྱི་གནས་དྲུག་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་བྱ་བ་ཡོངས་སུ་རྫོགས་ལ། བདུན་པས་ནི་ཆོས་ཀྱི་རྣམ་གྲངས་འདིའི་དགོས་པ་ཡོངས་སུ་བསྟན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་ལས་བརྩམས་པ་ཡིན་ཏེ། སངས་རྒྱས་ཀྱི་གདུང་ཇི་ལྟར་རྒྱུན་མི་འཆད་པར་འགྱུར་བའོ། །དེ་ཉིད་གནས་བརྟན་རབ་འབྱོར་གྱིས་དང་པོ་ཉིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་བཏགས་པ་ཇི་སྙེད་པས་ཕན་བཏགས་པ་ནི་ངོ་མཚར་ཏོ་ཞེས་རྒྱས་པར་ཏེ། དེ་ལ་ཕན་བཏགས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པ་སྟེ། དོན་གྱི་གནས་ལྔ་པོ་རྣམས་སུ་བྱང་ཆུབ་སེམས་དཔའ་ཆོས་ཉིད་ལ་རབ་ཏུ་གཞག་པའི་ཕྱིར་རོ། །ཡོངས་སུ་གཏད་པ་ནི་ཡོངས་སུ་མ་སྨིན་པ་དེ་རྣམས་ལ་ཕན་བཏགས་པ་སྟེ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་དེ་དག་ཉིད་རབ་ཏུ་གནས་པར་བྱ་བའི་ཆེད་དུའོ་ཞེས་ཕན་བཏགས་པ་དང་ཡོངས་སུ་གཏད་པ་དག་གིས་གདུང་རྒྱུན་མི་འཆད་པ་ཡོངས་སུ་བསྟན་ཏོ། ། ༈ གཉིས་པ། རབ་ཏུ་སྦྱོར་བའི་མཚན་ཉིད་བསྟན་པ། ༆ རབ་ཏུ་སྦྱོར་བའི་མཚན་ཉིད་ནི་ཅི་ལྟར་བྱང་ཆུབ་སེམས་དཔས་གནས་པར་བྱ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། དེ་ལ་གནས་པར་བྱ་བ་ནི་འདུན་པ་དང་སྨོན་ལམ་གྱིས་སོ། །བསྒྲུབ་པར་བྱ་བ་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་ལས་སོ། །སེམས་རབ་ཏུ་གཟུང་བར་བྱ་བ་ནི་རྣམ་པར་གཡེང་བ་ཚར་གཅོད་པ་ལས། དེ་ལ་འདུན་པ་ནི་མངོན་པར་འདོད་པ་ཡིན་ལ། སྨོན་ 95-179a ལམ་ནི་མངོན་པར་འདོད་པའི་དོན་ལ་སེམས་པས་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །རྣལ་འབྱོར་ལ་སྙོམས་པར་འཇུག་པ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གང་ཡིན་པའོ། །རྣམ་པར་གཡེང་བ་ཚར་གཅོད་པ་ནི་སྙོམས་པར་འཇུག་པ་མ་ཡིན་པ་ལ་བསྟོད་པ་ལས་བཟློག་ནས་དེ་ཉིད་དུ་འཇོག་པར་བྱེད་པ་སྟེ། དང་པོས་ནི་ལམ་ཡོངས་སུ་འཛིན་ལ། གཉིས་པས་ལམ་རྫོགས་པར་བྱེད་ཅིང་། གསུམ་པས་ནི་ལམ་མི་ཉམས་པར་ཡོངས་སུ་བསྟན་ཏོ། ། ༈ གསུམ་པ། རབ་ཏུ་སྦྱོར་བའི་མཚན་ཉིད་ཀྱི་རྟེན་བསྟན་པ། ༆ དེའི་རྟེན་ནི་རབ་ཏུ་སྦྱོར་བའི་མཚན་ཉིད་དེ་ཉིད་ཀྱི་སྟེ་རྟེན་གང་ཡིན་པ་དེ་ཡང་རྣམ་པ་བཅོ་བརྒྱད་དུ་རིག་པར་བྱའོ། །འདི་ལྟ་སྟེ། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་དང་། གཟུགས་ཀྱི་སྐུ་ཐོབ་པར་འདུན་པ་དང་། ཆོས་ཀྱི་སྐུ་ཐོབ་པར་འདུན་པ་དང་། བསྒོམ་པའི་ཁྱད་པར་རྟོགས་པ་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་ཉིད་དང་། ཞིང་ཡོངས་སུ་དག་པའི་སྨོན་ལམ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ཕྱི་རོལ་པའི་བསྟན་བཅོས་སྙིང་པོ་མེད་པ་ལ་རྗེས་སུ་ཆགས་པས་དབེན་པ་དང་། གཟུགས་ཀྱི་སེམས་ཅན་གྱི་ལུས་ལ་རིལ་པོར་འཛིན་པ་དང་བྲལ་བའི་སྦྱོར་བ་དང་། དེ་བཞིན་གཤེགས་པ་མཆོད་ཅིང་བསྙེན་བཀུར་བ་དང་། དུབ་པའི་ཡོངས་སུ་གདུང་བ་ལ་བརྩོན་པ་བཟློག་ནས་མ་བརྩམས་པའི་རྙེད་པ་དང་བཀུར་སྟིས་དབེན་པ་དང་། སྡུག་བསྔལ་བཟོད་པ་ཉིད་དང་། ཏིང་ངེ་འཛིན་གྱི་རོ་མྱང་བས་དབེན་པ་དང་། མངོན་པར་རྟོགས་པའི་དུས་སུ་བདག་གོ་སྙམ་དུ་འཛིན་པས་དབེན་པ་དང་། གདམས་ངག་ཡོངས་སུ་ཚོལ་བ་དང་། མངོན་པར་རྟོགས་པ་དང་། དེ་ལས་གོང་དུ་སངས་རྒྱས་ཀྱི་ས་ཡོངས་སུ་ཚོལ་བའོ། །རྣམ་པ་བཅོ་བརྒྱད་པོ་འདི་རྣམས་ནི་རྟེན་ཏེ། གང་ལ་བྱང་ཆུབ་སེམས་དཔའ་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་སྦྱོར་ཞིང་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའམ་ཆོས་ཀྱི་སྐུ་རྟོགས་པར་འདུན་པ་སྐྱེད་པར་བྱེད་ལ། མངོན་པར་རྟོགས་པའི་གེགས་ཀྱིས་སེམས་རྣམ་པར་དབེན་པར་ 95-179b བྱེད་ཅིང་མངོན་པའི་ང་རྒྱལ་བསལ་ནས་མཐར་ཐུག་པར་བྱ་བའི་ཕྱིར་སེམས་རྣམ་པར་དབེན་པ་མངོན་པར་རྟོགས་པའི་གདམས་ངག་ཡོངས་སུ་ཚོལ་ལ། དེ་ལས་ནི་མངོན་པར་རྟོགས་པར་བྱེད་དེ་དེ་ལས་གོང་དུ་སངས་རྒྱས་ཀྱིས་ཡོངས་སུ་ཚོལ་བར་བྱེད་དེ་དེ་ལྟར་འདི་དང་འདི་རྣམས་ཀྱི་རིམ་པ་ཤེས་པར་བྱའོ། །དེ་ལ་སེམས་བསྐྱེད་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་སྦྱོར་བའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔས་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་དབང་དུ་བྱས་ནས། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་ཀྱི་སྐུ་དང་། རྟོགས་པའི་ཆོས་ཀྱི་སྐུའོ། །དེ་ལ་རྟོགས་པའི་ཆོས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་རང་བཞིན་དང་། བསོད་ནམས་ཀྱི་རང་བཞིན་ནོ། །དེ་ལ་བསྟན་པའི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་མ་འོངས་པའི་དུས་ན་སེམས་ཅན་གང་ལ་ལ་འབྱུང་བར་འགྱུར་བ་མཆིས་སམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་དོན་གྱི་འདུ་ཤེས་ཀྱང་འདིར་ཡང་དག་པའི་འདུ་ཤེས་སུ་རིག་པར་བྱ་སྟེ། སྒྲ་ཇི་བཞིན་མ་ཡིན་པའི་དོན་དུ་མངོན་པར་ཞེན་པས་འདི་དག་ཡང་དག་པའོ་སྙམ་པའི་འདུ་ཤེས་སོ། །ཡེ་ཤེས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འགའ་ཞིག་ཡོད་དམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །བསོད་ནམས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་དབང་དུ་བྱས་ནས། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྒོམས་པས་ཁྱད་པར་རྟོགས་པ་ལ་མངོན་པའི་ང་རྒྱལ་མེད་པའི་དབང་དུ་བྱས་ནས་རྒྱུན་དུ་ཞུགས་པ་འདི་སྙམ་དུ་ 95-180a ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་ཉིད་ཀྱི་དབང་དུ་བྱས་ནས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་ཡོད་དམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཞིང་ཡོངས་སུ་དག་པའི་སྨོན་ལམ་གྱི་དབང་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འདི་སྐད་དུ་བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་པོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་གིས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཕྱི་རོལ་པའི་བསྟན་བཅོས་སྙིང་པོ་མེད་པ་ལ་རྗེས་སུ་ཆགས་པས་དབེན་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་གངྒཱའི་ཀླུང་དུ་གྱུར་ལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །གཟུགས་ཀྱི་སེམས་ཅན་གྱི་ལུས་ལ་རིལ་པོར་འཛིན་པ་དང་བྲལ་བའི་སྦྱོར་བའི་དབང་དུ་བྱས་ནས། ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་རྣམས་ཇི་སྙེད་ཡོད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་མཆོད་ཅིང་བསྙེན་བཀུར་བའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བལྟའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །དུབ་པ་དང་ཡོངས་སུ་གདུང་བ་ལ་བརྩོན་པ་བཟློག་ནས་མ་བརྩམས་པའི་རྙེད་པ་དང་བཀུར་སྟིས་དབེན་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་སྐྱེས་པའམ་བུད་མེད་གང་གིས་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་བཏང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དུབ་པ་ནི་ལུས་ཀྱི་ཡིན་ལ་ཡོངས་སུ་གདུང་བ་ནི་སེམས་ཀྱི་སྟེ། དེ་དག་ལ་བརྩོན་པ་བཟློག་ནས་མ་བརྩམས་པའི་སྡུག་བསྔལ་ལ་བཟོད་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་ 95-180b པ་གང་ཡིན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་གྱི་རོ་མྱོང་བས་དབེན་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་སྐྱེས་པའམ་བུད་མེད་གང་ཞིག་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །མངོན་པར་རྟོགས་པའི་དུས་སུ་བདག་གོ་སྙམ་དུ་འཛིན་པས་དབེན་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །གདམས་ངག་ཡོངས་སུ་ཚོལ་བའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་དམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །མངོན་པར་རྟོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །དེ་ལ་ལུས་དང་ལྡན་པ་ནི་ལུས་ཐོབ་པ་སྟེ་ལུས་རྫོགས་པ་ཤིན་ཏུ་མཐར་ཐུག་པའི་གནས་གྱུར་པ་ཐོབ་པའི་ཕྱིར་རོ། །ལུས་ཆེ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་ལེན་པའི་ཕྱིར་རོ། །དེ་ལས་གོང་དུ་སངས་རྒྱས་ཀྱི་ས་ཡོངས་སུ་ཚོལ་བར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ས་དེ་ཡང་། ཕུན་སུམ་ཚོགས་པ་དྲུག་གིས་ཡོངས་སུ་བསྡུས་པ་གནས་གྱུར་པའོ། །ཕུན་སུམ་ཚོགས་པ་དྲུག་ནི་འདི་ལྟ་སྟེ། ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། བླ་ན་མེད་པའི་མཐོང་བ་དང་ཡེ་ཤེས་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ཀྱི་ཕུང་པོ་ལ་དབང་ཕུན་སུམ་ཚོགས་པ་དང་། སྐུ་ཕུན་སུམ་ཚོགས་པ་དང་། གསུང་ཕུན་སུམ་ཚོགས་པ་དང་། ཐུགས་ཕུན་སུམ་ཚོགས་པའོ། །ཐུགས་ཕུན་སུམ་ཚོགས་པ་དེ་ཡང་དྲན་པ་ཉེ་བར་གཞག་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། དོན་ཆེན་པོའི་ཆོས་སུ་གདགས་པ་དང་། དོན་ཆེན་པོའི་གདམས་ངག་ཏུ་གདགས་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་བསྡུས་པ་དང་། མྱ་ངན་ལས་འདས་པ་དང་འཁོར་བ་ལ་རབ་ཏུ་མི་གནས་པ་དང་། རྒྱུ་བ་དང་གནས་ཡོངས་སུ་དག་པར་རིག་པར་བྱ་སྟེ། རྒྱུ་བ་དང་གནས་པ་ཡོངས་སུ་དག་པ་ཡང་རྒྱུ་བ་དང་གནས་པའི་སྤྱོད་ལམ་དང་། གཟུགས་ 95-181a དང་མིང་ལ་རྣམ་པར་བསྒོམ་པའི་དབང་འབྱོར་བ་ཉིད་ཀྱི་རྒྱུ་བ་དང་གནས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་བ་དང་གནས་པ་རྣམས་སུ་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་མེད་པ་ཡང་སྟོན་པ་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་། འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པ་དག་ཏུ་རིག་པར་བྱའོ། །དེ་ལ་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ་བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་པོ་ཞེས་ཟེར་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །བླ་ན་མེད་པའི་མཐོང་བ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་སྙམ་མམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །བླ་ན་མེད་པའི་ཡེ་ཤེས་ཡོངས་སུ་དག་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །བསོད་ནམས་ཀྱི་ཕུང་པོ་ལ་དབང་བའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །དཔེ་བྱད་ཀྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །མཚན་གྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །གསུང་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་བསྟན་ཏོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཐུགས་ཕུན་སུམ་ཚོགས་པ་དྲན་པ་ཉེ་བར་གཞག་པའི་དབང་དུ་བྱས་ནས། རབ་འབྱོར་དེ་དག་ནི་སེམས་ཅན་ཡང་མ་ཡིན། སེམས་ཅན་མེད་པ་ཡང་མ་ཡིན་ 95-181b ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་དམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །དོན་ཆེན་པོའི་ཆོས་སུ་གདགས་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིའི་རྒྱལ་པོ་རི་རབ་ཇི་སྙེད་ཡོད་པ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་གསུངས་སོ། །དོན་ཆེན་པོའི་གདམས་ངག་ཏུ་གདགས་པའི་དབང་དུ་བྱས་ནས། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་སེམས་ཅན་རྣམས་བཀྲོལ་ལོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་སྐུ་ཡོངས་སུ་བསྡུས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་ཞེས་བྱ་སྟེ། ཡང་དོན་ཅི་ཞིག་ཡིན་ཞེ་ན། མཚན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱང་མཚན་ཕུན་སུམ་ཚོགས་པའི་རྒྱུ་ཅན་ནོ་ཞེས་བྱ་བ་ཡོངས་སུ་གསལ་བར་བྱེད་པའི་དོན་ཏོ། །མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་ཁྱོད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ལ་ལ་ཞིག་རྣམ་པར་བཤིག་གམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །འཁོར་བ་ལ་རབ་ཏུ་མི་གནས་པའི་དབང་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བྱའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཡོངས་སུ་གཟུང་བར་བྱ་བ་ནི་རབ་འབྱོར་གཟུང་བར་བྱ་བ་མ་ཡིན་ཞེས་པ་ནི་ལམ་གྱིས་གཟུང་བར་བྱ་བ་མ་ཡིན་ཏེ། བསོད་ནམས་ཀྱི་ཕུང་པོ་ཇི་ལྟ་བ་བཞིན་དུ་འདི་དག་ཀྱང་ཡང་དག་ 95-182a པར་སྐྱེ་བར་མི་འགྱུར་རོ། །རྒྱུ་བ་དང་གནས་པ་ཡོངས་སུ་དག་པ་སྤྱོད་ལམ་གྱི་རྒྱུ་བ་དང་གནས་པ་ཡིན་པའི་དབང་དུ་བྱས་ནས། གང་ལ་ལ་ཞིག་དེ་བཞིན་གཤེགས་པ་བཞུད་དམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །གཟུགས་དང་མིང་རྣམ་པར་བསྒོམ་པ་ལ་དབང་བས་རྒྱུ་བ་དང་གནས་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་རྣམས་ཇི་སྙེད་ཡོད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་བ་དང་གནས་པ་རྣམས་ལས་སྟོན་པ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དཔག་ཏུ་མེད་པ་དང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པའི་དབང་དུ་བྱས་ནས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་བཞི་བསྟན་ཏེ། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། ཆགས་པའི་གནས་མ་ཡིན་པའི་རོ་མྱང་བའི་མཚན་ཉིད་དང་། ཉེས་དམིགས་ཀྱི་རྗེས་སུ་འགྲོ་བའི་མཚན་ཉིད་དང་། ངེས་པར་འབྱུང་བའི་རྗེས་སུ་འགྲོ་བའི་མཚན་ཉིད་དོ། །དེ་ལ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་མཚན་མ་དང་བཅས་པའི་ལྟ་བ་ནི་རྣམ་པར་ཤེས་པའོ། །དེ་ལ་མཚན་མ་ནི་སྐར་མ་ལྟ་བུར་བལྟ་བར་བྱ་སྟེ། དོན་གང་གིས་ཤེ་ན། མི་ཤེས་པའི་མུན་པ་ལ་དེ་སྣང་བར་འགྱུར་བའི་ཕྱིར་དང་། ཡེ་ཤེས་ཀྱི་སྣང་བ་ལ་ཡོད་ཀྱང་མི་སྣང་བར་འགྲོ་བའི་ཕྱིར་རོ། །གང་ཟག་དང་ཆོས་སུ་ལྟ་བ་ནི་རབ་རིབ་ཅན་བཞིན་དུ་བལྟ་བར་བྱ་སྟེ། དོན་གང་གིས་ཤེ་ན། ཡོད་པར་མ་གྱུར་པའི་དོན་འཛིན་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་མར་མེ་དང་འདྲ་བར་བལྟ་བར་བྱ་སྟེ། དོན་གང་གིས་ཤེ་ན། སྲེད་པའི་སྣུམ་གྱི་ཉེ་བར་ལེན་པ་ལ་བརྟེན་ནས་འབར་བའི་ཕྱིར་རོ། །དེ་ལ་ཆགས་པའི་གནས་མ་ཡིན་པའི་རོ་མྱང་བའི་ 95-182b མཚན་ཉིད་ནི་ཕྱིན་ཅི་ལོག་ཏུ་གཞག་པར་བྱ་བའི་ཡུལ་མྱང་བ་སྟེ། དེ་སྒྱུ་མ་བཞིན་དུ་བལྟ་བར་བྱ་སྟེ། དོན་གང་གིས་ཤེ་ན། ཕྱིན་ཅི་ལོག་གི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ལ་ཉེས་དམིགས་ཀྱི་རྗེས་སུ་འགྲོ་བའི་མཚན་ཉིད་ནི་མི་རྟག་པའི་རྗེས་སུ་འགྲོ་བའི་ཕྱིར་དང་། སྡུག་བསྔལ་གྱི་རྗེས་སུ་འགྲོ་བའི་ཡང་ཕྱིར་རོ། །དེ་ལ་ཟིལ་པ་ལྟ་བུ་ཉིད་ཀྱིས་ན་ལུས་སྐད་ཅིག་གིས་མི་རྟག་པ་དང་རྗེས་སུ་འབྲེལ་བའི་དེ་ཁོ་ན་ཉིད་ཡོངས་སུ་གསལ་བར་བྱས་སོ། །ཆུ་བུར་ལྟ་བུ་ཡིན་པ་ཉིད་ཀྱིས་ཚོར་བ་སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ཉིད་ནི་ཆུ་བུར་ལྟ་བུའོ། །གང་ཅུང་ཟད་ཚོར་བ་འདི་ནི་འདིར་སྡུག་བསྔལ་ལོ་ཞེས་བྱས་ནས་སྡུག་བསྔལ་རྣམ་པ་གསུམ་གྱིས་ཅི་རིགས་པར་ཚོར་བ་སྡུག་བསྔལ་ཏེ། དེ་ལ་སྐྱེ་བ་ལས་བྱུང་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །འབྲལ་བ་ལས་བྱུང་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །ཡང་དག་པར་སྦྱོར་བ་དང་མ་བྲལ་བ་ལས་བྱུང་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །དེ་ཡང་བསམ་གཏན་བཞི་དང་གཟུགས་མེད་པ་ལ་ཡང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཙོ་བོ་ཉིད་ཀྱིས་རྣམ་པར་བཞག་གོ། །དེ་ལ་ངེས་པར་འབྱུང་བའི་རྗེས་སུ་འགྲོ་བའི་མཚན་ཉིད་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་དང་རྗེས་སུ་འབྲེལ་བ་ལ་དམིགས་པས་ངེས་པར་འབྱུང་བའི་ཕྱིར་བདག་མེད་པ་ནི་ངེས་པར་འབྱུང་བའི་མཚན་ཉིད་དུ་བཤད་དོ། །དེ་ལ་རྗེས་སུ་འགྲོ་བ་ཡང་འདས་པ་ལ་སོགས་པའི་འདུ་བྱེད་རྣམས་རྨི་ལམ་ལ་སོགས་པ་ལྟ་བུ་ཉིད་དུ་ཡོངས་སུ་གསལ་བར་བྱས་སོ། །དེ་ལ་འདས་པའི་འདུ་བྱེད་རྣམས་ནི་དྲན་པ་ལ་གནས་པ་ཉིད་ཀྱིས་རྨི་ལམ་ལྟ་བུའོ། །ད་ལྟར་བྱུང་བ་ནི་དུས་ཡུན་རིང་དུ་མི་གནས་པ་ཉིད་ཀྱིས་གློག་ལྟ་བུའོ། །མ་འོངས་པ་ནི་དེའི་ས་བོན་གནས་ངན་ལེན་གྱིས་ནམ་མཁའ་ལྟ་བུའི་སེམས་ལ་གཡོགས་པར་བྱེད་པ་ཉིད་ཀྱིས་སྤྲིན་ལྟ་བུའོ། །དེ་ལྟར་ན་དུས་གསུམ་གྱི་འདུས་བྱས་ཐམས་ཅད་ཀྱི་འཇུག་པ་ཡོངས་སུ་ཤེས་པའི་ཕྱིར་འདི་རྣམས་བདག་མེད་པར་རྟོགས་པར་བྱའོ་ཞེས་ངེས་པར་འབྱུང་བའི་རྗེས་སུ་འགྲོ་བའི་མཚན་ཉིད་ཡོངས་སུ་གསལ་བར་བསྟན་པ་ཡིན་ནོ། །དེ་དང་དེ་རྣམས་ཀྱི་རྟེན་ 95-183a རྣམས་ནི་མངོན་པར་འདྲ་བ་གསལ་བར་བྱེད་པའི་རྟེན་ཡིན་ཏེ། ཡོངས་སུ་འཛིན་པའི་རྟེན་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རྟེན་དང་། འདུན་པའི་རྟེན་དང་། གེགས་ཀྱིས་དབེན་པའི་རྟེན་དང་། བསམ་པ་རྣམ་པར་དག་པའི་རྟེན་དང་། མཐར་ཐུག་པའི་རྟེན་དང་། རྒྱ་ཆེ་བའི་རྟེན་དང་ཟབ་པའི་རྟེན་རྣམས་སོ། །ཡོངས་སུ་འཛིན་པའི་རྟེན་ནི་སེམས་བསྐྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རྟེན་ནི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་རོ། །འདུན་པའི་རྟེན་ནི་གཟུགས་དང་ཆོས་སྐུ་ཐོབ་པར་བྱེད་པའོ། །གེགས་ཀྱིས་དབེན་པའི་རྟེན་ནི་ལྷག་མ་བཅུ་གཉིས་སོ། །བསམ་པ་རྣམ་པར་དག་པའི་རྟེན་ནི་མངོན་པར་རྟོགས་པའོ། །མཐར་ཐུག་པའི་རྟེན་ནི་དེ་ལས་གོང་དུ་སངས་རྒྱས་ཀྱི་ས་ཡོངས་སུ་ཚོལ་བའོ། །རྒྱ་ཆེ་བ་དང་ཟབ་པའི་རྟེན་ནི་ཐམས་ཅད་རྣམས་སོ། །དང་པོར་རེ་ཞིག་རྟེན་ལ་བྱང་ཆུབ་སེམས་དཔས་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་སུ་ཡང་རུང་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འདི་ནི་རྒྱ་ཆེན་པོ་སྟེ། གང་སླར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འདི་ནི་ཟབ་མོ་སྟེ་རྟེན་གཉིས་པ་ཡང་ཡིན་ནོ། །གང་བྱང་ཆུབ་སེམས་དཔས་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་ཏེ། འདི་ནི་ཟབ་མོའོ། །གང་སླར་ཡང་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་གཟུང་བར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་ནི་རྒྱ་ཆེ་བའོ། །དེ་ལྟར་རྟེན་གཞན་རྣམས་ལ་ཡང་ཟབ་པ་དང་རྒྱ་ཆེ་བར་ཇི་ལྟར་རིགས་པར་རིག་པར་བྱ་སྟེ་རྟེན་བཤད་ཟིན་ཏོ། ། ༈ བཞི་པ། གཉེན་པོ་བསྟན་པ། ༆ གཉེན་པོ་གང་ཞེ་ན། དེ་ཉིད་སྦྱོར་བའི་མཚན་ཉིད་དང་། དེའི་རྟེན་འཇུག་པ་གཉིས་ཀྱི་གཉེན་པོར་རིག་པར་བྱའོ། །རྣམ་པ་གཉིས་ཀྱིས་ལོག་པར་སྒྲུབ་སྟེ་འཇིག་ཚོགས་ལ་ལྟ་བ་རྣམས་ཀྱང་ངོ་། །ཡང་དག་པར་སྒྲུབ་པ་ན་ལྟ་བ་ནི་འདིར་རྣམ་པར་རྟོག་པ་ལ་འདོད་དོ། །དང་པོར་རེ་ཞིག་རྟེན་ནི་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་གང་སུ་ཡང་རུང་བ་རྣམས་ཞེས་བྱ་བ་འདི་ནི་ལོག་པར་སྒྲུབ་པའི་གཉེན་པོའོ། །དེ་ལྟར་སེམས་མ་བསྐྱེད་ 95-183b པ་ནི་ལོག་པའི་སྒྲུབ་པར་འགྱུར་རོ། །གང་སླར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན་ཞེས་གང་གསུངས་པ་འདི་ནི་ཡང་དག་པའི་ལྟ་བ་སྟེ་ཡང་དག་པར་སྒྲུབ་པ་དང་གཉེན་པོའོ། །འདི་དག་ཀྱང་རྣམ་པར་རྟོག་པས་མངོན་པར་ཞེན་པ་སྟེ་བྱང་ཆུབ་སེམས་དཔས་སྤང་བར་བྱའོ། །སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བ་ནི་གཉིས་པ་སྟེ། གང་སྦྱིན་པ་སྦྱིན་པར་བྱའོ་ཞེས་གསུངས་པ་འདི་ནི་ལོག་པར་སྒྲུབ་པའི་གཉེན་པོ་སྟེ། མ་བྱིན་ན་ནི་བྱང་ཆུབ་སེམས་དཔའི་ལོག་པར་ཞུགས་པར་འགྱུར་རོ། །གང་སླར་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་གང་གསུངས་པ་འདི་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པའི་སྒྲུབ་པ་དང་གཉེན་པོ་ཡིན་ནོ། །འདི་དག་ཀྱང་རྣམ་པར་རྟོག་པས་མངོན་པར་ཞེན་པ་སྟེ། བྱང་ཆུབ་སེམས་དཔས་སྤང་བར་བྱ་ཞིང་སྦྱིན་པ་སྦྱིན་པར་བྱའོ། ། ༈ ལྔ་པ། མི་ཉམས་པ་བསྟན་པ། ༆ མི་ཉམས་པ་གང་ཞེ་ན། མཐའ་གཉིས་རྣམ་པར་སྤངས་པའོ། །འདིའི་མཐའ་ཞེ་ན། སྒྲོ་འདོགས་པའི་མཐའ་དང་། སྐུར་པ་འདེབས་པའི་མཐའ་སྟེ། གང་ཞིག་སྒྲ་ཇི་བཞིན་པའི་ཆོས་རྣམས་ལ་ཀུན་བརྟགས་པ་མ་ཡིན་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་འདི་ནི་སྒྲོ་འདོགས་པའི་མཐའ་འོ། །གང་ཞིག་ཆོས་བདག་མེད་པའི་གཞི་ལ་ཡང་དངོས་པོ་མེད་པར་ཞེན་པ་འདི་ནི་སྐུར་པ་འདེབས་པའི་མཐའོ། །དེ་ལ་བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཕུང་པོ་མ་མཆིས་ཞེས་བྱ་བ་འདིས་ནི་སྒྲོ་འདོགས་པའི་མཐའ་དགག་པར་མཛད་པར་གང་གསུངས་པ་ཡིན་ནོ། །བསོད་ནམས་ཀྱི་ཕུང་པོ་དེ་མེད་པ་དེས་ན་སྒྲ་ཇི་བཞིན་པར་ཡོད་པ་གང་ཡིན་པ་འདི་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་སྟེ། སླར་ཡང་དེས་ན་དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བ་འདིས་སྐུར་པ་འདེབས་པའི་མཐའ་དགག་པར་མཛད་པས་གང་གསུངས་པ་ཡིན་ནོ། །སྒྲ་ཇི་བཞིན་པ་མ་ཡིན་པའི་ངོ་བོ་ཉིད་དེ་ནི་ཅུང་ཟད་ཅིག་ཡོད་དེ། བརྗོད་དུ་མེད་པའི་དངོས་པོ་གང་ཡིན་པ་སྟེ་དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕུང་པོ་ཞེས་གསུངས་པ་ཡོངས་སུ་གསལ་བར་བྱེད་དོ། །དེ་བཞིན་དུ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ 95-184a རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བས་ནི་སྒྲོ་འདོགས་པའི་མཐའ་དགག་པར་མཛད་ལ། དེས་ན་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བས་ནི་སྐུར་པ་འདེབས་པའི་ཉམས་པ་དགག་པར་མཛད་དོ། །དེ་ལ་སངས་རྒྱས་ཀྱི་ཆོས་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་འདིས་ནི་ཐུན་མོང་མ་ཡིན་པའི་དོན་ཉིད་ཡོངས་སུ་གསལ་བར་མཛད་དེ། དེས་ན་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བརྗོད་པ་ནི་དོན་དང་འབྱོར་པ་ཉིད་དོ། །གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟར་གསུངས་པའི་ངོ་བོ་ཉིད་ཀྱིས་མེད་ན་དེ་བཞིན་གཤེགས་པས་མེད་པ་གསུང་བར་བྱ་བ་ཡིན་ན་སངས་རྒྱས་ཀྱི་ཆོས་རྣམས་ཞེས་མ་གསུངས་ཀྱང་དེ་རྣམས་དེ་བཞིན་དུ་རྟོགས་པར་འགྱུར་རོ། །གང་གི་ཕྱིར་དེ་རྣམས་ཀྱི་ངོ་བོ་ཉིད་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེ་བཞིན་གཤེགས་པས་ཐ་སྙད་ཀྱི་དོན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་གཞན་ཐམས་ཅད་ལ་ཡང་ཐུན་མོང་མ་ཡིན་པའི་དོན་ཉིད་འདི་དོན་དང་འབྱོར་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འདིར་ཕ་རོལ་དུ་ཕྱིན་པ་དང་བསྡུ་བའི་དངོས་པོ་དང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་སུ་རིག་པར་བྱའོ། །འདིས་ནི་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་གཉེན་པོས་ཉམས་པའི་ཉམས་པ་མེད་དོ་ཞེས་བརྗོད་པར་བྱའོ། ། ༈ དྲུག་པ། ས་བསྟན་པ། ༆ ས་གང་ཞེ་ན། ས་ནི་འདིར་རྣམ་པ་གསུམ་དུ་མངོན་པར་འདོད་དེ། མོས་པས་སྤྱོད་པའི་ས་དང་། ལྷག་པའི་བསམ་པ་དག་པའི་ས་དང་། དེ་བཞིན་གཤེགས་པ་དང་ལྡན་པའི་སའོ། །དེ་ལ་རྟེན་བཅུ་དྲུག་རྣམས་ཀྱིས་མོས་པས་སྤྱོད་པའི་ས་བསྟན་ལ། མངོན་པར་རྟོགས་པས་ནི་ལྷག་པའི་བསམ་པ་དག་པའི་སའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བས་ནི་དེ་བཞིན་གཤེགས་པ་དང་ལྡན་པའི་སའོ། ། ༈ བདུན་པ། མཚན་གྱི་རྒྱུ་མཚན་བསྟན་པ། ༆ མཚན་གྱི་རྒྱུ་མཚན་གང་ཞེ་ན། རྡོ་རྗེ་གཅོད་པ་ཞེས་བྱ་བའི་མཚན་གང་ཡིན་པ་དེ་ཡང་དོན་རྣམ་པ་གཉིས་དང་འབྲེལ་བར་རིག་པར་བྱ་སྟེ། གང་འདིའི་ཡང་དག་པའི་སྒྲུབ་པས་ལྟ་བ་དང་ཉོན་ 95-184b མོངས་པ་འཇོམས་པ་གསུངས་སོ། །དེ་ཕྲ་མོ་དང་སྙིང་པོ་ཉིད་ཀྱིས་རྡོ་རྗེར་གྱུར་ལ། དེ་ཡང་ཤེས་དཀའ་བ་ཉིད་ཀྱིས་ན་ཕྲ་མོ་ཡིན་ཞིང་། སྤང་དཀའ་བ་ཉིད་ཀྱིས་ན་སྙིང་པོའོ། །དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དང་། བསམ་པ་དང་། བསྒོམ་པས་གཅོད་པར་བྱེད་དོ། །རྡོ་རྗེ་ཡང་འདི་ཡིན་ལ། གཅོད་པ་ཡང་འདི་ཡིན་ཞིང་། ཡོངས་སུ་གཅོད་པའི་དབྱིབས་ཏེ་རྡོ་རྗེ་གཅོད་པའོ། །རྡོ་རྗེ་ནི་མཐའ་གཉིས་རྒྱ་ཆེ་ལ་དབུ་མ་བསྡུས་ཏེ་བྲི་བར་བྱ་སྟེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དབུ་མར་བསྡུས་པའི་ཕྱིར་ལྷག་པའི་བསམ་པ་དག་པའི་ས་ཡོངས་སུ་བསྟན་ཏོ། །ཐོག་མ་དང་ཐ་མ་དག་རྒྱ་ཆེན་པོས་ནི་མོས་པ་སྤྱོད་པའི་ས་དང་། དེ་བཞིན་གཤེགས་པ་དང་ལྡན་པའི་ས་ཡོངས་སུ་བསྟན་ཏོ། །དེ་ལ་དོན་གྱི་གནས་ལྔ་པོ་རྣམས་ནི་ཕྱི་མ་ཕྱི་མ་ལ་ཡང་དག་པར་བརྟེན་ནས་རིག་པར་བྱ་སྟེ། ས་དེ་རྣམས་ཀྱང་ཡང་དག་པའི་རྟེན་ཡིན་ཏེ། མདོའི་ལུས་ཀྱི་འབྲེལ་པ་བཤད་ཟིན་ཏོ།། །། ༄། །ཚིག་གི་དོན་བཤད་པ། ༈ དང་པོ། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་བསྟན་པ། ༆ ད་ནི་ཚིག་གི་དོན་བརྗོད་པར་བྱ་སྟེ། ཅིའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པའི་ཚེ་སྤོང་བ་པའི་སྤྱོད་ལམ་གྱིས་བཞུགས་ཤེ་ན། སྤོང་བ་པ་ཁོ་ནས་ཆོས་འདི་རྟོགས་པར་ནུས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ་སྙམ་དུ་ཡོངས་སུ་བསྟན་པའི་དོན་དུའོ། །ཕན་གདགས་པའི་དམ་པས་ཕན་བཏགས་པ་ཞེས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་ནི་ཅི་ཞིག །ཇི་ལྟར་ན་དམ་པ་ཡིན་ཞེ་ན། ཕན་པ་དང་བདེ་བའི་སྦྱོར་བ་ནི་ཕན་བཏགས་པ་ཡིན་ལ། རྒྱུ་དྲུག་རྣམས་ཀྱིས་དམ་པར་རིག་པར་བྱ་སྟེ། དུས་དང་ཁྱད་པར་དང་རྒྱ་ཆེན་པོ་དང་བརྟན་པ་དང་ཁྱབ་པ་དང་རིགས་པ་སྟེ། དུས་ཀྱིས་ཇི་ལྟ་བུ་ཞེ་ན། ཆོས་མཐོང་བ་དེ་ནི་དམ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་བཏགས་པ་ཡིན་ལ། བདེ་བ་ཉིད་ཀྱི་ཕྱིར་མཐོང་བའི་ཆོས་ཅན་ནོ། །ཕན་པ་ཉིད་ཀྱི་ཕྱིར་ཡང་དག་པའི་ཕ་རོལ་ཅན་ནོ། །ཁྱད་པར་གྱིས་ཇི་ལྟ་བུ་ཞེ་ན། དེ་ནི་ཕྱི་རོལ་པ་རྣམས་ཀྱི་འཇིག་རྟེན་པའི་སྙོམས་པར་འཇུག་པ་ཡིན་ལ། འདིར་ནི་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པས་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ 95-185a རྣམས་ལ་ཕན་བཏགས་པ་ལས་ཁྱད་པར་དུ་འཕགས་པའོ། །རྒྱ་ཆེ་བས་ཇི་ལྟ་བུ་ཞེ་ན། ཕན་བཏགས་པ་ནི་བླ་ན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །བརྟན་པས་ཇི་ལྟ་བུ་ཞེ་ན། ཤིན་ཏུ་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ཁྱབ་པ་ཡིན་ཞེ་ན། རང་དང་གཞན་གྱི་རྒྱུད་ལ་ཕན་འདོགས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རིགས་ཀྱི་ས་ཇི་ལྟ་བུ་ཞེ་ན། མ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་ཆེས་གཙོ་བ་ཉིད་ཀྱི་ཕྱིར་རོ། །དམ་པས་ནི་ཡོངས་སུ་གཏོད་པར་བྱེད་དོ། །ཇི་ལྟར་དམ་པས་ཤེ་ན། རྒྱུ་དྲུག་རྣམས་ཀྱིས་ཏེ། རྒྱས་པ་དང་། ཆོས་ཉིད་ལ་སོ་སོར་དམིགས་པ་དང་། ཀུན་ཤེས་པ་ལ་འཇུག་པ་དང་། མི་ཉམས་པ་དང་། སྙིང་རྗེ་དང་། གུས་པར་བྱ་བ་ལས་སོ། །ཇི་ལྟར་རྒྱས་པ་ལས་ཤེ་ན། དགེ་བའི་བཤེས་གཉེན་རྣམས་ལ་ཡོངས་སུ་གཏོད་པའི་ཕྱིར་རོ། །ཇི་ལྟར་ཆོས་ཉིད་ལ་སོ་སོར་དམིགས་པ་ལས་ཤེ་ན། ཕན་བཏགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ལ་ཕན་འདོགས་པར་བྱེད་པའི་ཆོས་ཉིད་སྐྱེད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཀུན་ཤེས་པ་ལ་འཇུག་པས་ཤེ་ན། བྱང་ཆུབ་སེམས་དཔའ་གཞན་ཁྱེད་རྣམས་ཀྱིས་ཕན་བཏགས་པ་ནི་འདི་དག་གོ་ཞེས་ཀུན་ཤེས་པར་བྱེད་པའི་ཕྱིར་རོ། །གསུམ་པོ་འདི་རྣམས་ཉིད་ཀྱིས་མི་ཉམས་པ་ལས་དང་། སྙིང་རྗེ་དང་ལྡན་པ་ལས་དང་། གུས་པར་བྱ་བ་དག་ལས་ཞེས་བྱ་བ་རྣམས་རིག་པར་བྱའོ། །ཅིའི་དོན་དུ་གནས་བརྟན་རབ་འབྱོར་གྱིས་དྲིས་པར་གྱུར་ཞེ་ན། རྒྱུ་དྲུག་རྣམས་ཀྱིས་ཏེ། ཐེ་ཚོམ་གཅོད་པར་བྱེད་པའི་དོན་དང་། ལྷག་པར་མོས་པ་ལ་གཞུག་པའི་དོན་དང་། ཟབ་པའི་དོན་ལ་རྗེས་སུ་གཞུག་པའི་དོན་དང་། མ་ལོག་པའི་དོན་དང་། རབ་ཏུ་དགའ་བ་སྐྱེད་པར་བྱེད་པའི་དོན་དང་། དམ་པའི་ཆོས་སུ་རིང་དུ་གནས་པ་ཉིད་ཀྱི་དོན་ཏེ། གདུང་རྒྱུན་མི་འཆད་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཇི་ལྟར་ན་འདི་དག་གིས་སངས་རྒྱས་ཀྱི་གདུང་མི་འཆད་ཅེ་ན། ཐེ་ཚོམ་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པར་བྱེད་པའི་དོན་དང་། བསོད་ནམས་འདོད་པ་རྒྱུད་ཡོངས་སུ་མ་སྨིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བསོད་ནམས་མང་པོ་ཉིད་ཐོབ་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 95-185b ལྷག་པར་མོས་སུ་གཞུག་པའི་དོན་དང་། རྒྱུད་ཡོངས་སུ་སྨིན་པ་རྣམས་ཟབ་མོའི་དོན་ལ་གཞུག་པའི་དོན་དང་། ཡོངས་སུ་གྱུར་པ་རྣམས་དེ་དག་རྗེས་སུ་འཛིན་པ་ལ་བསོད་ནམས་མང་པོ་ཉིད་ཐོབ་པས་མ་ལོག་པའི་དོན་དང་། ཕན་བཏགས་པའི་ལྷག་པའི་བསམ་པ་དག་པ་རྣམས་ཀྱི་བདག་ཉིད་ཆོས་དེ་རྟོགས་པའི་བསོད་ནམས་ཉིད་ལ་དགའ་བ་ཡང་དག་པར་སྐྱེད་པའི་དོན་དང་། མ་འོངས་པའི་དུས་སུ་ཐེག་པ་ཆེན་པོའི་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུའོ། །མདོར་བསྡུ་ན་ཐེ་ཚོམ་ཅན་རྣམས་ལ་ཡང་དག་པར་བསྟན་པའི་དོན་དང་བསོད་ནམས་འདོད་པ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ལེན་དུ་གཞུག་པའི་དོན་དང་། ཡོངས་སུ་གྱུར་པ་རྣམས་གཟེངས་བསྟོད་པའི་དོན་དང་། ལྷག་པའི་བསམ་པ་དག་པ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའི་དོན་དུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆེན་པོ་ཉིད་རྣམ་པ་བདུན་གྱིས་ཆེ་བའི་ཕྱིར་སེམས་དཔའ་ཞེས་དང་སེམས་དཔའ་ཆེན་པོ་སྟེ། ཆེན་པོ་ཉིད་བདུན་པོ་གང་དག་ཅེ་ན། ཆོས་དང་། སེམས་དང་། མོས་པ་དང་། བསམ་པ་དང་། ཚོགས་དང་། དུས་དང་། ཀུན་དུ་འགྲོ་བ་ཆེན་པོ་ཉིད་དེ། བྱང་ཆུབ་སེམས་དཔའི་ས་རྣམས་ལ་ཅི་རིགས་པར་རོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཞེས་གསུངས་ཏེ། བྱང་ཆུབ་རྣམ་པ་གསུམ་ཉིད་ལས་ཁྱད་པར་དུ་འཕགས་པར་གྱུར་པ་གནས་བརྟན་རབ་འབྱོར་གྱིས་ཚུལ་བཞིན་དུ་དྲིས་པར་གྱུར་པ་ཡིན་ནོ། །ལེགས་སོ་བྱིན་ནས་བདག་གིས་སེམས་ཅན་ཇི་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པ་ཞེས་པས་ནི་སྤྱིའི་མཚན་ཉིད་བསྟན་པའོ། །སྒོ་ང་ལས་སྐྱེས་པའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་ནི་ཁྱད་པར་གྱི་མཚན་ཉིད་བསྟན་པ་སྟེ། དེ་ཡང་སྐྱེ་བ་དང་གནས་ཀྱི་ཁྱད་པར་སྨོས་པའི་དབྱེ་བ་ལས་རིག་པར་བྱ་སྟེ། སྒོ་ང་། མངལ། དྲོད་གཤེར། བརྫུས་པ་རྣམས་ཞེས་བྱ་བ་ནི་སྐྱེ་བའི་དབྱེ་བའོ། །གཟུགས་ཅན་ནམ་གཟུགས་མེད་པ་ཞེས་བྱ་བ་ནི་གནས་ཀྱི་དབྱེ་བའོ། །འདུ་ཤེས་ཅན་ནམ་འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་བ་ནི་ཡུལ་འཛིན་པའི་དབྱེ་བའོ། །ཇི་ཙམ་སེམས་ 95-186a ཅན་གྱི་ཁམས་སུ་གདགས་པས་བཏགས་པ་ཞེས་པ་ནི་མཚན་ཉིད་རྣམ་པ་གཉིས་པོ་དེ་ཉིད་ཀྱི་གནས་སྐབས་ཀྱི་སེམས་ཅན་གྱི་ཁམས་སངས་རྒྱས་སུ་བཏགས་པ་ཉིད་ངེས་པར་བསྟན་ཏོ། །ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་བྱ་བ་ནི་ཅི་ནས་ནུས་པ་མེད་པའི་དོན་དུ་གཉེར་བ་ཡིན་ནོ། །རིགས་ལས་ནི་ཇི་སྐད་བཤད་པའི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དབང་དུ་བྱས་ནས་སོ་ཞེས་དགོངས་ཀྱི། གྲངས་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་ཡང་སྒོ་ང་ལས་སྐྱེས་པའམ་དྲོད་གཤེར་ལས་སྐྱེས་པ་རྣམས་དང་། འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་རྣམས་དབང་དུ་བྱས་པའི་ཕྱིར་ཅི་ནས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ལ་རྒྱུ་གསུམ་གྱིས་སྦྱར་བར་བྱ་སྟེ། མི་ཁོམ་པར་སྐྱེས་པ་རྣམས་དལ་བའི་དུས་སུ་འགྲོ་བའི་ཕྱིར་དང་། དལ་བར་སྐྱེས་པ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དང་། ཡོངས་སུ་སྨིན་པ་རྣམས་གྲོལ་བར་བྱེད་པའི་ཕྱིར་རོ། །ཅི་ལས་ཤེ་ན། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ་ཞེས་གསུངས་པ་ཡིན་ནོ། །མྱ་ངན་ལས་བཟླ་བ་མེད་དོ་ཞེས་བྱ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་ཀྱིས་ཀྱང་མྱ་ངན་ལས་འདས་པར་གསུངས་ཏེ། བསམ་གཏན་དང་པོ་ལ་སོགས་པ་དེའི་ཡོངས་སུ་སྤོང་བའི་དོན་དུའོ། །དེ་ནི་གཟུགས་བརྙན་གྱི་མིའི་རྣམ་པས་སངས་རྒྱས་རྣམས་ཀྱིས་གདུལ་བྱས་ཀྱང་སྟེ། ཤིན་ཏུ་བ་ཡང་ཐོབ་པར་བྱའོ། །ཅི་ལས་ན་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞེས་ནི་མ་གསུངས་སོ། །དེ་ནི་ཐུན་མོང་གི་འབྲས་བུ་སྟེ། རང་གི་སྔོན་གྱི་ལས་དང་སངས་རྒྱས་ཀྱི་མན་ངག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །གཅིག་ཏུ་མཐར་ཐུག་པ་མ་ཡིན་ཀྱང་ལུས་ཅན་སྡུག་བསྔལ་བའི་ཁྱབ་པར་ཉིད་ལས་སོ་ཞེས་མྱ་ངན་ལས་འདས་པ་ལྷག་མ་དང་བཅས་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པ་ཉིད་ཀྱི་ཕྱིར་དང་། ཐུན་མོང་གི་འབྲས་བུ་ཡིན་པ་ཉིད་ཀྱི་ཕྱིར་དང་། ཤིན་ཏུ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་མཐར་ཐུག་པ་མ་ཡིན་པའི་འབྲས་བུ་ཉིད་ལས་ཀྱང་ལྷག་མ་མེད་པ་ཞེས་བྱ་བ་ཉིད་དུ་བཤད་དོ། །དེ་ལྟར་སེམས་ཅན་ཚད་ 95-186b མེད་པ་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་ཞེས་བྱ་བ་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་རིགས་སོ་སོར་ཚད་མེད་པ་ཉིད་དུ་ཡོངས་སུ་སྟོན་ཏེ། སེམས་ཅན་འགའ་ཡང་མྱ་ངན་ལས་འདའ་བར་འགྱུར་བ་ནི་མ་ཡིན་ནོ་ཞེས་དགོངས་སོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཞེས་བྱ་ན་འགའ་ཡང་མེད་དོ་ཞེས་བྱ་བ་དེ་ལ་གཏན་ཚིགས་ཅི་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན་དེ་བྱང་ཆུབ་སེམས་དཔའ་ཞེས་སྨྲ་བར་མི་བྱའོ། །དགོངས་པ་ཅི་ཡིན་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་གཞན་དུ་འདུ་ཤེས་འཇུག་ན་བདག་ཏུ་འདུ་ཤེས་པས་དེ་བྱང་ཆུབ་སེམས་དཔའ་ཞེས་སྨྲ་བར་མི་བྱ་ལ། གང་སེམས་ཅན་དུ་འདུ་ཤེས་འཇུག་པའམ་སྲོག་ཏུ་འདུ་ཤེས་སམ་གང་ཟག་ཏུ་འདུ་ཤེས་ཞེས་བྱ་བའི་དགོངས་པ་ཅི་ཡིན་ཞེ་ན། གང་གི་ཉོན་མོངས་པ་ཅན་གྱི་སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་འཛིན་པའི་འདུ་ཤེས་འཇུག་པ་དེའི་བདག་ལ་ཡང་བདག་ཏུ་འདུ་ཤེས་ཤིང་། སེམས་ཅན་ལ་ཡང་སེམས་ཅན་དུ་འདུ་ཤེས་འཇུག་སྟེ། བྱང་ཆུབ་སེམས་དཔའ་ལ་ནི་བདག་ཏུ་ལྟ་བ་སྤངས་པ་ཉིད་ཀྱི་ཕྱིར་དེ་རྣམས་མི་འཇུག་གོ། །དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དུ་མཚུངས་པ་ཉིད་ཀྱིས་ན་བདག་དང་གཞན་མཉམ་པ་ཉིད་དུ་མོས་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་འཛིན་པའི་ལྟ་བ་ཅན་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འདིའི་དགོངས་པ་ཡིན་ནོ། ། ༈ གཉིས་པ། རབ་ཏུ་སྦྱོར་བའི་མཚན་ཉིད་བསྟན་པ། ༆ དེ་ལྟར་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་འདིས་ནི་ཇི་ལྟར་བྱང་ཆུབ་སེམས་དཔས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བ་འདིས་ནི་རྣལ་འབྱོར་ལ་མཉམ་པར་གཞག་པའི་དུས་སུ་ཇི་ལྟར་བསྒྲུབ་པར་བྱ་ཞེས་བྱ་བ་དེ་ཡོངས་སུ་བསྟན་ཏོ། །གང་སེམས་ཅན་དུ་འདུ་ཤེས་འཇུག་གམ། སྲོག་ཏུ་འདུ་ཤེས་འཇུག་གམ། གང་ཟག་ཏུ་འདུ་ཤེས་འཇུག་ན་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ་ཞེས་བྱ་བ་འདིས་ནི་རྣམ་པར་གཡེང་བ་ཚར་གཅོད་པའི་དུས་སུ་ཇི་ལྟར་ 95-187a སེམས་རབ་ཏུ་གཟུང་བར་བྱ་བ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣལ་འབྱོར་ལ་སྙོམས་པར་འཇུག་པའི་དུས་སམ་རྣམ་པར་གཡེང་བ་ཚར་གཅོད་པའི་དུས་སུ་སེམས་ཅན་དུ་འདུ་ཤེས་པ་མི་འཇུག་ན་དེ་ལྟ་བུའི་མཚན་ཉིད་དེས་ཤེས་པར་བྱ་བའི་གནས་སྐབས་སོ། །དེའི་ཕྱིར་སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་སྙམ་དུ་འདི་དག་ཡིད་ལ་མི་བྱ་བ་གཉིས་སུ་འགྱུར་རོ། ། ༈ གསུམ་པ། རབ་ཏུ་སྦྱོར་བའི་མཚན་ཉིད་ཀྱི་བསྟན་པ། ༈ སེམས་བསྐྱེད་པའི་དབང་དུ་བྱས་པ། ༆ བཤད་ཟིན་པའི་འདུན་པ་དང་སྨོན་ལམ་ལ་སོགས་པ་ནི་ཡོངས་སུ་འཛིན་པའི་རྟེན་ལ་རབ་ཏུ་སྦྱོར་བའི་མཚན་ཉིད་དོ། །རྟེན་གཞན་རྣམས་སུ་དེ་ཉིད་འདུན་པ་དང་སྨོན་ལམ་ལ་བརྟེན་ནས་ངེས་པར་འབྱུང་བར་འགྱུར་རོ་ཞེས་འདུན་པ་དང་སྨོན་ལམ་ལ་སོགས་པ་སླར་ཡང་རྒྱས་པར་བསྟན་པ་ཡིན་ནོ། །འདི་དག་ལས་གོང་གི་རྟེན་དེ་རྣམས་སུ་རྣམ་པ་ལྔ་རྣམས་ཀྱིས་ཇི་ལྟར་སྦྱོར་བ་རྣམ་པར་བཤད་པར་རིག་པར་བྱ་སྟེ། དོན་ཉམས་པ་དང་། མཚན་མ་ཙམ་ཡོངས་སུ་གྲགས་པ་དང་། གསལ་བར་བྱེད་པ་དང་། རྣམ་པར་འཇོག་པར་བྱེད་པ་དང་། ཡང་དག་པར་མཐོང་བར་བྱེད་པ་ལས་སོ། །དོན་ཉམས་པ་ནི་རྟེན་གྱི་མི་མཐུན་པའི་ཕྱོགས་སོ། །རྟེན་དེ་ཉིད་ཀྱི་མཚན་མ་ཙམ་ནི་ཡོངས་སུ་གྲགས་པ་ལས་སོ། །འདུན་པ་དང་སྨོན་ལམ་གྱིས་ནི་གསལ་བར་བྱེད་པ་ལས་སོ། །དོན་དམ་པའི་ནི་རྣམ་པར་འཇོག་པར་བྱེད་པ་ལས་སོ། །རྣལ་འབྱོར་ལ་སྙོམས་པར་འཇུག་པ་དང་། རྣམ་པར་གཡེང་བ་ཚར་གཅོད་པ་དག་ནི་ཡང་དག་པར་སྟོན་པར་བྱེད་པ་ལས་སོ། ། ༈ ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དབང་དུ་བྱས་པ། ༆ དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རྟེན་ལ་རེ་ཞིག་བྱང་ཆུབ་སེམས་དཔས་དངོས་པོ་ལ་མི་གནས་པར་སྦྱིན་པ་བྱིན་ནོ་ཞེས་གང་གསུངས་པ་ཡིན་ཏེ། དེའི་དོན་ཉམས་པ་ནི་གནས་པ་ཉིད་མི་མཐུན་པའི་ཕྱོགས་སོ་ཞེས་གསུངས་པ་ཡིན་ནོ། །སྦྱིན་པ་བྱིན་ནོ་ཞེས་གང་གསུངས་པ་དེ་ནི་མཚན་མ་ཙམ་ཡོངས་སུ་གྲགས་པ་ལས་སོ། །འདིར་སྦྱིན་པའི་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་སྦྱིན་པ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་བསྡུས་པ་ཡིན་ཏེ། ཟང་ཟིང་གི་སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་འཇིགས་པའི་སྦྱིན་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་ 95-187b རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་སྦྱིན་པས་ནི་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་མེད་ན་ཆོས་འཛིན་པ་དང་སྟོན་པ་ལ་སྐྱོ་བཞིན་པས་ཆོས་སྟོན་པར་མི་བྱེད་དོ། །བསམ་གཏན་མེད་ན་དད་པས་དབང་དུ་བྱ་བར་འདོད་པ་ཉིད་ཀྱིས་གྲང་བ་དང་ཚ་བ་མི་བཟོད་དེ། ཀུན་ནས་ཉོན་མོངས་པར་སྟོན་ཏོ། །ཤེས་རབ་མེད་ན་ཕྱིན་ཅི་ལོག་ཏུ་སྟོན་ཏེ་གང་ལས་ཉམས་པར་འགྱུར་ཞེས་བྱ་སྟེ། གསུམ་པོ་མེད་པ་མ་ཡིན་ན་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཀྱང་ཕ་རོལ་པ་དང་མཐོང་བའི་ཆོས་ཀྱི་འབྲས་བུ་རྣམ་པ་གཉིས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་གྱི་འབྲས་བུ་ལོངས་སྤྱོད་ཆེན་པོའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་ལ་སོགས་པའི་ལུས་ཕུན་སུམ་ཚོགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཕྱོགས་ཆེ་བ་དང་འཁོར་ཆེ་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལོངས་སྤྱོད་ལ་སོགས་པ་རྒྱུན་མི་འཆད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་གནོད་པ་མེད་པ་སྒྲུབ་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་དབང་པོ་ཐམས་ཅད་རྣོ་ཞིང་བདེ་བ་དང་། ཡིད་བདེ་བ་མང་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་ལ་དབང་སྒྱུར་བ་ཉིད་དོ། །མཐོང་བའི་ཆོས་ཀྱི་ནི་ཐམས་ཅད་ལྷག་པར་དད་པ་དང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ། །དེ་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སྦྱིན་པའི་འབྲས་བུ་དོན་དུ་གཉེར་བཞིན་པས་སྦྱིན་པ་ནི་དངོས་པོ་ལ་གནས་པས་སྦྱིན་པ་ཡིན་ཏེ། སྦྱིན་བྱའི་དངོས་པོ་དང་། དེ་ལྟ་བུའི་འབྲས་བུའི་དངོས་པོ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡང་ན་ཕ་རོལ་གྱི་ཚུལ་ཁྲིམས་ལ་སོགས་པའི་འབྲས་བུ་དོན་དུ་གཉེར་བཞིན་པས་སྦྱིན་པ་བྱིན་ན་འགའ་ཞིག་ལ་གནས་པས་སྦྱིན་པ་ཡིན་ཏེ། དེ་བས་ན་ཅི་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་ནོ་ཞེས་པ་ཡིན་ནོ། །ཚུལ་ཁྲིམས་ལ་སོགས་པའི་འབྲས་བུ་མང་བ་ཉིད་དུ་བྱེ་བྲག་མེད་པས་ཅི་ལ་ཡང་གི་སྒྲ་བརྗོད་དོ། །ཡང་ན་མཐོང་བའི་ཆོས་ཀྱི་འབྲས་ 95-188a བུ་དད་པས་དབང་དུ་བྱེད་པ་དོན་དུ་གཉེར་བཞིན་པས་སྦྱིན་ན་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་གནས་པས་སྦྱིན་པ་ཡིན་ཏེ། དེ་བས་ན་གཟུགས་ལ་ཡང་མི་གནས་པར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ཡང་ན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དོན་དུ་གཉེར་བཞིན་པས་སྦྱིན་ན་ནི་ཆོས་ལ་གནས་པས་སྦྱིན་པ་ཡིན་ཏེ། དེ་བས་ན་ཆོས་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་ནོ་ཞེས་གསུངས་པ་ཡིན་ནོ། །སྦྱིན་པ་སྦྱིན་པར་བྱའོ་ཞེས་མཚོན་པར་བྱེད་པ་གང་གསུངས་པ་འདིས་ནི་སྦྱིན་པ་ལ་འདུན་པ་དང་སྨོན་ལམ་དག་གསུངས་པ་ཡིན་ནོ། །མི་གནས་པར་སྦྱིན་པ་སྦྱིན་ནོ་ཞེས་གང་གསུངས་པའི་མི་གནས་པ་ཉིད་ནི་དོན་དམ་པ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་མི་གནས་པ་ཉིད་ཀྱིས་ནི་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱ་བའི་དོན་དམ་པ་ཡོངས་སུ་གསལ་བར་བྱེད་ལ། དངོས་པོ་ལ་སོགས་པ་ལ་མི་གནས་པ་ཉིད་ཀྱིས་ནི་ཇི་སྙེད་བསྒོམ་པ་ཉིད་དེ། ཅི་ནས་བྱང་ཆུབ་སེམས་དཔས་མཚན་མར་འདུ་ཤེས་པ་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །མི་གནས་པ་ཞེས་བྱ་བ་ནི་རྣལ་འབྱོར་ལ་སྙོམས་པར་ཞུགས་པའི་རྣམ་པར་གཡེང་བ་ཚར་གཅོད་པ་བསྟན་པ་ཡིན་ཏེ། དུས་དེར་མཚན་མར་འདུ་ཤེས་པ་ལ་མི་གནས་པ་ཡིན་ནོ། །དེ་ལྟར་མི་གནས་པ་ལ་སྦྱོར་བཞིན་པའི་བྱང་ཆུབ་སེམས་དཔའ་ལ་ལ་བསོད་ནམས་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་སྤྲོ་བ་མེད་པའམ། སྤྲོ་བས་དོན་དུ་གཉེར་བའི་ཆ་ཡང་རུང་སྟེ། མི་གནས་པར་སྦྱིན་པ་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་ཆེ་བ་ཉིད་ཡོངས་སུ་སྟོན་ཏེ། རྣམ་པ་གསུམ་གྱིས་ནམ་མཁའ་དང་མཚུངས་སོ། །ཐམས་ཅད་དུ་འགྲོ་བ་ཉིད་ཀྱིས་ནི་གནས་པའམ་མི་གནས་པ་ཡང་རུང་སྟེ་བསོད་ནམས་འབྱུང་བར་མཐུན་པ་ལས་སོ། །ཡངས་པ་ཉིད་ཀྱིས་ནི་མཆོག་གི་ཁྱད་པར་ལས་སོ། །མི་ཟད་པས་ནི་མཐའ་ཡས་པའི་སྦྱིན་པ་ལས་སོ། ། ༈ གཟུགས་སྐུ་ཐོབ་པར་འདུན་པའི་དབང་དུ་བྱས་པ། ༆ གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་རྟེན་སླར་ཡང་། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ་ཞེས་བྱ་བ་ལ། དོན་ཉམས་པ་ལས་ནི་ 95-188b གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར་མངོན་པར་ང་རྒྱལ་བ་མི་མཐུན་པའི་ཕྱོགས་ཡིན་པར་སྟོན་ཏེ། དགེ་བའི་བཤེས་གཉེན་ཅི་འདྲ་བ་ཞིག་གིས་ཡོངས་སུ་ཟིན་ན་སྟེ་ཅི་འདྲ་བས་ཤེ་ན། གནས་བརྟན་རབ་འབྱོར་གྱིས་མ་ལགས་སོ་ཞེས་སྨྲས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་རྒྱས་པར་མཛད་པ་ནི། རབ་འབྱོར་ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ་ཞེས་བྱ་བ་འདིས་ནི་འདུན་པ་དང་སྨོན་ལམ་མོ། །འདི་ལ་དོན་ནི་དོན་དམ་པ་རྣམ་པར་གཞག་པར་སྟོན་པ་ཡིན་ཏེ། དོན་དམ་པར་མཚན་ཕུན་སུམ་ཚོགས་པ་ནི་བརྫུན་ཏེ། མཚན་ཕུན་སུམ་ཚོགས་པ་མེད་པ་ནི་མི་བརྫུན་ནོ་ཞེས་བྱ་བས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་མཚན་དང་མཚན་མེད་པར་བལྟའོ་ཞེས་བྱ་བས་ནི་རྣལ་འབྱོར་ལ་སྙོམས་པར་ཞུགས་པའི་རྣམ་པར་གཡེང་བ་ཚར་གཅོད་པ་ཡང་དག་པར་སྟོན་པ་ཡིན་ཏེ། དེའི་ཚེ་མཚན་རྣམས་ནི་མཚན་མ་ཡིན་པ་ཉིད་དུ་བལྟ་བར་བྱའོ། །བསྟན་པའི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་རྟེན་ལ་སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་འདུ་ཤེས་སྐྱེད་པར་འགྱུར་བ་མཆིས་སམ་ནི་གང་དེ་ལྟ་བུའི་ཚུལ་གྱི་མདོ་སྡེའི་མཐའི་ཚིག་རྣམས་ལ་ཞེས་པའོ། །དེ་ལ་མདོ་སྡེའི་ཚིག་རྣམས་ནི་འཆད་པར་འགྱུར་བ་རྣམས་ལ་ཞེས་བྱ་བའི་དོན་དུ་རིགས་པར་བྱའོ། །ཚིག་ཇི་ལྟ་བུ་རྣམས་སུ་ཞེ་ན། གང་དོན་བདུན་གྱི་ཚིག་ཅེས་གསུངས་པ་རྣམས་སོ། །གནས་བརྟན་རབ་འབྱོར་གྱིས་མ་འོངས་པའི་དུས་སུ་འབྱུང་བའི་འདུ་ཤེས་སྐྱེད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱུང་བ་ཉིད་དོ། །འབྱུང་བར་འགྱུར་བ་མ་ཡིན་པ་དེ་དགག་པ་མཛད་ནས་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཆོས་རྣམ་པར་འཇིག་པ་ཡང་སྒྲུབ་པ་ཡོངས་སུ་ཉམས་པར་རིག་པར་བྱ་སྟེ། དེ་རྣམས་སུ་ཇི་ལྟ་བུ་བསྒྲུབ་པས་ཤེ་ན། རྒྱུ་ཇི་ལྟ་བུ་ཀུན་དུ་འབྱུང་བས་མཚན་ཕུན་སུམ་ཚོགས་པའི་རྒྱུ་ཙམ་ཡོངས་སུ་བསྒྲགས་པ་ལས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཡོངས་སུ་བསྟན་པ་ཡིན་ཏེ། བསོད་ནམས་ཡོངས་སུ་བཟུང་བས་ཞེས་འབྲེལ་ཏོ། །ཇི་ལྟ་བུའི་ཡང་དག་པའི་འདུ་ 95-189a ཤེས་ཀྱིས་འདུ་ཤེས་ཅན་འབྱུང་བར་འགྱུར་བ་ཡིན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྟན་ཏོ། །ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་ཞེས་བྱ་བས་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་གྱི་སྒྲུབ་པ་ཡོངས་སུ་བསྟན་ཏེ། ཡོན་ཏན་སྨོས་པ་ནི་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་སྨོས་པ་ཡིན་ནོ། །སངས་རྒྱས་བརྒྱ་སྟོང་མང་པོ་ལ་དེ་རྣམས་ཀྱིས་བསྙེན་བཀུར་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་རྒྱ་ཆེན་པོས་རྒྱུ་ཀུན་དུ་འབྱུང་བ་ཡོངས་སུ་བསྒྲགས་པ་ཡིན་ནོ། །སེམས་གཅིག་ཏུ་རབ་ཏུ་དང་བ་ཡང་རེ་ཞིག་གང་ཞིག་བཤད་པ་དེ་རྣམས་ལས་དང་པོ་ཉིད་དུ་གང་དག་འབྱུང་བའི་འདུ་ཤེས་སྐྱེད་པར་འགྱུར་བ་ཞེས་བྱའོ། །དེ་བཞིན་གཤེགས་པས་དེ་དག་མཁྱེན་ཏོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་མིང་དང་། ལུས་དང་། ཤེས་པ་དང་། ལྟ་བ་རྣམས་དེ་བཞིན་གཤེགས་པས་སོ། །གཟུགས་ཀྱི་སྐུ་མཐོང་བ་ལས་གནས་པ་དང་རྒྱུ་བ་ཐམས་ཅད་དོ་སྙམ་པའི་བསམ་པ་མཁྱེན་པ་ལ་བརྟེན་ནས་ལྟ་བ་རྣམས་ཏེ། འདི་དག་གིས་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་བསྟན་ལ། དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཞེས་བྱ་བ་འདིས་བསོད་ནམས་ཀྱིས་ཡོངས་སུ་བཟུང་བར་བསྟན་ཏོ། །དེ་ལ་རབ་ཏུ་བསྒྲུབ་ཅིང་བསོད་ནམས་བསྐྱེད་པའི་དུས་སུ་ཡོངས་སུ་བཟུང་བར་འདོད་དེ། དེ་འགགས་པའི་དུས་སུ་ས་བོན་ཡོངས་སུ་འཛིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ནི་སེམས་ཅན་དུ་འདུ་ཤེས་པ་འཇུག་པར་མི་འགྱུར་བ་ནས་ཇི་སྲིད་གལ་ཏེ་ཆོས་མེད་པའི་འདུ་ཤེས་འཇུག་ན་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པར་འགྱུར་ཞེས་བྱ་བས་ནི་དེ་རྣམས་ཀྱི་ཡང་དག་པའི་འདུ་ཤེས་བསྟན་ཏོ། །ལོག་པར་འཛིན་པ་ལྔའི་གཉེན་པོར་ཏེ། ལོག་པར་འཛིན་པ་ལྔ་པོ་ཇི་ལྟ་བུ་ཞེ་ན། གཞན་མུ་སྟེགས་བྱེད་དག་ཆོས་འདི་ལ་དང་། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་མངོན་པའི་ང་རྒྱལ་ཅན་དང་། འཇིག་རྟེན་པ་ཐུན་མོང་བའི་འདུ་ཤེས་སུ་ལྟུང་བ་རྣམས་སམ། འདུ་ཤེས་མེད་པར་ལྟུང་བ་རྣམས་ཀྱང་སྟེ། དང་པོ་ནི་ 95-189b བདག་ཏུ་འདུ་ཤེས་འཇུག་ལ། གཉིས་པ་ནི་ཆོས་སུ་འདུ་ཤེས་ཤིང་། གསུམ་པ་ནི་ཆོས་མ་ཡིན་པར་འདུ་ཤེས་པ་སྟེ། ཆོས་ལ་དངོས་པོར་འདུ་ཤེས་པས་ཆོས་ཀྱི་དངོས་པོ་མེད་པ་ནི་འདིར་ཆོས་མ་ཡིན་པར་འདོད་དོ། །བཞི་པའི་འདུ་ཤེས་འཇུག་པ་དང་། ལྔ་པའི་འདུ་ཤེས་མེད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་ནི་འདི་དག་ཐམས་ཅད་ལ་འདུ་ཤེས་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་འབྱུང་བར་འགྱུར་བ་ནས་ཇི་སྲིད་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ་ཞེས་ཉེ་བར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་གསུངས་པའི་ཕྱིར་གང་དང་གང་ལོག་པར་འཛིན་པ་ནི་ཆོས་དང་ཆོས་མེད་པའི་འདུ་ཤེས་འཇུག་པར་འགྱུར་བ་ཡིན་ནོ། །བདག་མེད་པ་ལ་སོགས་པའི་འདུ་ཤེས་ཉིད་མི་འཇུག་པ་གང་ཡིན་པ་དེ་ཡང་བདག་ལ་སོགས་པའི་འདུ་ཤེས་ཏེ། དེ་དག་གིས་བག་ལ་ཉལ་མ་སྤངས་པའི་ཕྱིར་འདི་ཉིད་བདག་ཏུ་འཛིན་པ་ཡིན་ཏེ། དེས་ན་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཆོས་སུ་འདུ་ཤེས་འཇུག་ན་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པར་འགྱུར། གལ་ཏེ་ཆོས་མ་ཡིན་པར་འདུ་ཤེས་ཞེས་རྒྱས་པར་ལྷག་མ་རྣམས་ཀྱང་བདག་ལ་སོགས་པའི་འདུ་ཤེས་འཇུག་པར་གསུངས་པ་ཡིན་ནོ། །ཉིད་ཅེས་མ་བརྗོད་ན་ཡང་དེ་ཉིད་དེ་དག་གིས་བདག་ཏུ་འཛིན་པར་འགྱུར་རོ་ཞེས་པའོ། །དེ་ལ་རང་གི་རྒྱུད་དུ་ཡོངས་སུ་གཅོད་པའི་འཛིན་པ་ནི་བདག་ཏུ་འདུ་ཤེས་པར་རིག་པར་བྱ་ལ། བདག་གི་བ་ཡོད་པ་ཉིད་དུ་འཛིན་པ་ནི་སེམས་ཅན་འདུ་ཤེས་པའོ། །བདག་ཚེ་ཇི་སྲིད་པར་གནས་པར་འཛིན་པ་ནི་སྲོག་ཏུ་འདུ་ཤེས་པའོ། །ཡང་ནས་ཡང་དུ་འགྲོ་བ་རྣམས་སུ་འགྲོ་བར་འཛིན་པ་ནི་གང་ཟག་ཏུ་འདུ་ཤེས་པའོ། །དེ་དག་ལ་ཡང་དག་པའི་འདུ་ཤེས་བསྐྱེད་པར་འགྱུར་བ་ཞེས་བྱའོ། །དོན་ཉམས་པ་ལས་ནི་འཆད་པར་འགྱུར་བའི་མདོ་སྡེའི་ཚིག་རྣམས་ལ་ཡང་དག་པ་མ་ཡིན་པའི་འདུ་ཤེས་ནི་མི་མཐུན་ཕྱོགས་ཡིན་པར་སྟོན་ཏེ། རྒྱུ་ཙམ་ཡོངས་སུ་བརྗོད་པ་ལས་ནི་བསྟན་པའི་ཆོས་ཀྱི་སྐུ་ཡོངས་སུ་སྟོན་ཏོ། ། ༈ ཆོས་སྐུ་ཐོབ་པར་འདུན་པའི་དབང་དུ་བྱས་པ། ༈ བསྟན་པའི་ཆོས་སྐུ། ༆ ཡང་དག་པའི་འདུ་ཤེས་བསྐྱེད་ཅེས་བྱ་བ་འདི་ཉིད་ཀྱིས་དེ་བསྐྱེད་པའི་འདུན་པ་དང་སྨོན་ལམ་སྟོན་པ་ཡིན་ནོ། །དེ་དག་གི་བདག་ཏུ་འདུ་ཤེས་པ་འཇུག་པར་མི་འགྱུར་ཞེས་བྱ་བས་ནི་དོན་དམ་ 95-190a པ་རྒྱས་པར་རྣམ་པར་འཇོག་པར་བྱེད་དོ། །ཡང་རབ་འབྱོར་ཆོས་སུ་བཟུང་བར་མི་བྱ་ཞིང་ཆོས་མ་ཡིན་པར་ཡང་ཞེས་བྱ་བ་ནི་རྣལ་འབྱོར་ལ་སྙོམས་པར་ཞུགས་པའི་རྣམ་པར་གཡེང་བ་ཚར་གཅོད་པ་སྟོན་པར་བྱེད་དེ། དེའི་ཚེ་ཆོས་མ་ཡིན་པར་འཛིན་པ་དང་ཆོས་མ་ཡིན་པ་མ་ཡིན་པར་འཛིན་པ་གཉི་ག་ཆོས་བདག་མེད་པ་ལ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། དེ་ནི་བསྟན་པའི་ཆོས་ཀྱི་སྐུའོ། །དེ་བས་ན་འདི་སེམས་ཅན་གྱི་ཆེད་དུ་དེ་བཞིན་གཤེགས་པས་གསུངས་སོ། །ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་ཀྱང་སྤང་བར་བྱ་ན་སྟེ། ཡང་དག་པའི་འདུ་ཤེས་བསྐྱེད་པའི་སྔ་རོལ་ཉིད་དུ་ཆོས་མ་ཡིན་པ་སྟེ་འདི་དག་བསྟན་ཏོ་ཞེས་བྱ་བ་མདོར་བསྡུ་ན་ཡང་དག་པའི་འདུ་ཤེས་ཀྱིས་བསྟན་པའི་ཆོས་ཀྱི་སྐུ་ལ་བྱང་ཆུབ་སེམས་དཔས་ཐོབ་པར་འདུན་པར་བྱའོ་ཞེས་ཡོངས་སུ་བསྟན་ཏོ། ། ༈ རྟོགས་པའི་ཆོས་སྐུ། ༆ ཡེ་ཤེས་ཀྱི་རང་བཞིན་གྱི་རྟོགས་པའི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་རྟེན་ནི་རབ་འབྱོར་དེ་ཇི་སྙམ་སེམས། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཞེས་གསུངས་པ་ཡིན་ཏེ། འདིས་དོན་ཉམས་པ་ལས་ནི་རྟོགས་པར་བྱ་བའི་བྱང་ཆུབ་ཏུ་ལྷག་པར་འཛིན་པ་ནི་མི་མཐུན་པའི་ཕྱོགས་སུ་སྟོན་ཏེ། ཆོས་བསྟན་པས་དེ་རྫོགས་པའི་བྱང་ཆུབ་ཏུ་འཛིན་ཞེས་བྱའོ། །དེའི་ཕྱིར་ཆོས་གང་ཡང་བསྟན་ཏམ་ཞེས་གསུངས་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའིའོ། །རྒྱུ་ཙམ་ཡོངས་སུ་བརྗོད་པ་ལས་ནི་རྟོགས་པའི་ཆོས་ཀྱི་སྐུའོ་ཞེས་བསྟན་ཏོ། །མ་ལགས་སོ་ཞེས་པས་ནི་གནས་བརྟན་རབ་འབྱོར་གྱིས་སངས་རྒྱས་ཀྱི་དགོངས་པ་སྨྲས་པ་ཡིན་ཏེ། ཀུན་རྫོབ་ཏུ་བྱང་ཆུབ་ཏུ་འཛིན་པ་དང་བྲལ་བའི་འདུན་པ་དང་སྨོན་ལམ་སྟོན་ཏེ། རྣམ་གྲངས་ཀྱིས་ན་འདི་དག་གཉི་ག་ཡང་ཡོད་དོ་ཞེས་དགོངས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེས་ན་འདི་དག་གཉི་ག་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་ཇི་ལྟར་འཚལ་བ་ལྟར་ན་ཞེས་གསུངས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་ཆོས་གང་བསྟན་པ་ཞེས་གང་གསུངས་པ་ཡིན་ནོ། །བཟུང་དུ་མ་མཆིས་ 95-190b པ་དང་། བརྗོད་དུ་མ་མཆིས་པ། དེ་ནི་ཆོས་ཀྱང་མ་ལགས། ཆོས་མ་མཆིས་པ་ཡང་མ་ལགས་ཞེས་བྱ་བ་འདིས་ནི་དོན་དམ་པ་རྣམ་པར་འཇོག་སྟེ། ཆོས་བསྟན་པ་རྟོགས་པའི་ཕྱིར་བྱང་ཆུབ་ཀྱིའོ། །ཆོས་ཉིད་ཀྱི་དབང་དུ་བྱས་ནས་དོན་དམ་པ་རྣམ་པར་འཇོག་སྟེ། དེ་ལ་བཟུང་དུ་མེད་པ་ནི་མཉན་དུ་མེད་པའོ། །བརྗོད་དུ་མེད་པ་ནི་བསྟན་པ་ཉིད་ཀྱི་ཆོས་མེད་པ་སྟེ། ཀུན་བརྟགས་པའི་རང་བཞིན་གྱིས་ཆོས་མ་ཡིན་པ་ཡང་མེད་པ་ནི་ཆོས་བདག་མེད་པས་སོ། །དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བགྱིས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ་ཞེས་བྱ་བ་ནི་འདུ་བྱེད་མེད་པར་རྣམ་པར་མི་རྟོག་ཅེས་བྱ་བའི་དོན་ཏེ། དེས་སློབ་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་ཕྱེ་བའོ། །སྐྱེ་བ་མེད་པ་ནི་ཡོད་ཀྱང་འདུས་མ་བྱས་པ་སྟེ། དེ་བཞིན་གཤེགས་པའི་གནས་ཡོངས་སུ་གྱུར་པ་གང་ཡིན་པ་ནི་དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེས་མི་སློབ་པའི་དེ་བཞིན་གཤེགས་པ་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་འདུས་མ་བྱས་པའི་དོན་དང་པོས་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་སྟོན་ཏེ། དེ་ལ་རྣམ་པར་གཡེང་བ་ཚར་གཅོད་པ་ཡང་སྟོན་ཏོ། །གཉིས་པས་ནི་དེ་ལ་ཕ་རོལ་ཏུ་ཕྱིན་པའི་དོན་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདི་ལས་རྟེན་གོང་མ་ཐམས་ཅད་འདུས་མ་བྱས་པས་རབ་ཏུ་ཕྱེ་བ་ནི་འཕགས་པའི་གང་ཟག་གོ་ཞེས་བྱ་བའི་དབང་དུ་བྱས་པར་རིག་པར་བྱའོ། །འདུས་མ་བྱས་པས་རབ་ཏུ་ཕྱེ་བ་སྔར་མ་གསུངས་པར་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པ་ལས་འདུས་མ་བྱས་པ་དོན་གྱིས་འཐོབ་པའི་ཕྱིར་རོ། །བསོད་ནམས་ཀྱི་རང་བཞིན་རྟོགས་པའི་ཆོས་ཀྱི་སྐུའི་རྟེན་ལ་ཅི་ཞིག་ཡོངས་སུ་བསྟན་པར་འགྱུར་ཞེ་ན། གང་གི་ཕྱིར་རེ་ཞིག་བསྟན་པའི་ཆོས་ཀྱི་སྐུ་ལས་བསོད་ནམས་དང་བཅས་པའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ལས་རྟོགས་པའི་ཆོས་ཀྱི་སྐུ་སྐྱེ་བའི་ཕྱིར་རོ། །དེ་ཡང་རེ་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་བསྟན་པ་ཡང་དེ་ལྟ་བུའོ། །བསོད་ནམས་ཆེན་པོའི་སྐྱེ་མཆེད་ནི་ཐོག་མ་ཉིད་དུ་གང་འདི་བསོད་ནམས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་རྟོགས་པའི་ཆོས་ཀྱི་སྐུའོ། །ཡང་རྒྱུ་ཅི་ཞིག་ཅེ་ན། བསྟན་ 95-191a པའི་ཆོས་ཀྱི་སྐུ་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་ཡང་དེ་ལྟ་བུའི་བསོད་ནམས་རྒྱས་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་འབྱུང་སྟེ་ཞེས་སྒྲུབ་པར་བྱེད་པ་གསུངས་ཏེ། སྤྱོད་པ་བཅུ་ལུང་ཉུང་ཟད་ལ་བརྟེན་ནས་ཀུན་དུ་རྟོགས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་འདི་ལས་སྐྱེས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སངས་རྒྱས་ཏེ། དེ་ལས་བྱང་ཆུབ་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གཉི་ག་ལ་ཡང་སངས་རྒྱས་ཀྱི་ཆོས་ནི་མཆོད་རྟེན་ནོ། །གང་བྱང་ཆུབ་དེ་ཉིད་སངས་རྒྱས་སོ། །དེས་ན་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་དེ་དག་མེད་པར་ཞེས་གསུངས་པ་ཡིན་ཏེ། དེ་ལ་འདི་ཉིད་ནི་རེ་ཞིག་འདི་བསོད་ནམས་མང་པོ་འབྱུང་བའི་རྒྱུར་རིག་པར་བྱ་ལ། དོན་ཉམས་པ་ལས་ནི་མི་མཐུན་པའི་ཕྱོགས་བསོད་ནམས་རབ་ཏུ་འབྱུང་བར་ཡོངས་སུ་བསྟན་ཏེ། བསོད་ནམས་ཞེས་བྱ་བའི་རྒྱུ་ཙམ་ཡོངས་སུ་བརྗོད་པ་ལས་ནི་བསོད་ནམས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ཡོངས་སུ་བསྟན་ཏོ། །བསོད་ནམས་མཆོག་ཏུ་བསྟན་པ་ཉིད་ཀྱིས་ཀྱང་དེ་ལ་སྨོན་ལམ་སྟོན་པར་བྱེད་དེ། བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཕུང་པོ་མ་མཆིས་པའི་སླད་དུ་སྟེ། དེས་ན་དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ། །གང་ཡང་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་དེ་དག་མེད་པས་དེས་ན་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱའོ་ཞེས་བྱ་བ་འདིས་ནི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་གང་གསུངས་པ་ཡིན་ཏེ། སུ་ཞིག་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་པ་དེ་བསོད་ནམས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡིན་པའི་དབང་དུ་བྱས་ནས་དོན་དམ་པ་རྣམ་པར་འཇོག་གོ། །འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་ཞུགས་པ་ལས་རྣལ་འབྱོར་ལ་སྙོམས་པར་ཞུགས་པའི་རྣམ་པར་གཡེང་བ་ཚར་གཅོད་པ་སླར་ཡང་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་མང་ལགས་ 95-191b སོ། །བདེ་བར་གཤེགས་པ་མང་ལགས་སོ་ཞེས་ཚིག་གཉིས་སྨོས་པ་ནི་སེམས་ཉིད་དུ་བཟུང་བ་དེས་ན་བདག་ཏུ་བཟུང་བའི་སེམས་ཉིད་སྟོན་པར་བྱེད་དེ། ལྷག་པར་བཟུང་བ་ལྷུར་ལེན་པར་བསྟན་པ་ཡིན་ཏེ། ཚིག་དང་ཡིག་གེས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པ་ནི་དཔེའི་ཡུལ་མ་ཡིན་པའི་ཕྱིར་དང་གྲངས་མེད་པ་ནི་མང་བ་ཉིད་ཀྱི་ཕྱིར་རོ། །དེས་ནི་འདུན་པའི་རྟེན་ནོ། །གེགས་ཀྱིས་དབེན་པའི་རྟེན་ནི་གེགས་བཅུ་གཉིས་ཀྱི་གཉེན་པོར་རིག་པར་བྱ་སྟེ། གེགས་བཅུ་གཉིས་པོ་གང་དག་ཅེ་ན། མངོན་པའི་ང་རྒྱལ་ཅན་ཉིད་དང་། མངོན་པའི་ང་རྒྱལ་མེད་པར་གྱུར་ཀྱང་ཐོས་པ་ཉུང་བ་ཉིད་དང་། ཐོས་པ་མང་ཡང་དམིགས་པ་ཡིད་ལ་བྱེད་པ་ཆུང་ངུ་བསྒོམ་པ་དང་། དམིགས་པ་ཡིད་ལ་བྱེད་པ་ཆུང་ངུ་མ་ཡིན་ཡང་སེམས་ཅན་ཡལ་བར་འདོར་བ་ཉིད་དང་། ཡལ་བར་འདོར་བ་མ་ཡིན་ཡང་ཕྱི་རོལ་གྱི་བསྟན་བཅོས་ལ་རྗེས་སུ་ཆགས་པ་དང་། དེ་ལ་འཇུག་པར་བྱེད་པ་མ་ཡིན་ཡང་གཟུགས་བརྙན་གྱི་མཚན་མ་ཟིལ་གྱིས་གནོན་པ་ལ་མི་མཁས་པ་དང་། དེ་ལ་མཁས་ཀྱང་བསོད་ནམས་ཀྱི་ཚོགས་མི་སོགས་པ་ཉིད་དང་། བསོད་ནམས་ཀྱི་ཚོགས་སོགས་ཀྱང་ལེ་ལོས་རྙེད་པ་དང་བཀུར་སྟིའི་བདེ་བའི་རོ་མྱང་བ་ཉིད་དང་། དེ་རོ་མྱོང་བ་མ་ཡིན་ཀྱང་སྡུག་བསྔལ་མི་བཟོད་པ་ཉིད་དང་། སྡུག་བསྔལ་བཟོད་པ་ཉིད་ཡིན་ཡང་ཡེ་ཤེས་ཀྱི་ཚོགས་མི་སོགས་པ་ཉིད་དང་། ཡེ་ཤེས་ཀྱི་ཚོགས་སོགས་ཀྱང་བདག་ཏུ་ཡང་དག་པར་འཛིན་པ་དང་། བདག་ཏུ་མི་འཛིན་ཡང་གདམས་ངག་དང་བྲལ་བ་ཉིད་དོ། ། ༈ བསྒོམ་པའི་ཁྱད་པར་རྟོགས་པ་ལ་མངོན་པའི་ང་རྒྱལ་མེད་པ། ༆ དེ་ལ་མངོན་པའི་ང་རྒྱལ་གྱིས་དབེན་པའི་དབང་དུ་བྱས་ནས། ཡང་རྒྱུན་དུ་ཞུགས་པ་འདི་སྙམ་དུ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་དོན་ཉམས་པ་ནི་བདག་གིས་ཐོབ་པོ་ཞེས་མངོན་པའི་ང་རྒྱལ་ཅན་ཉིད་དེ་མི་མཐུན་པའི་ཕྱོགས་སུ་བསྟན་ཏོ། །རྒྱུན་དུ་ཞུགས་པ་འདི་སྙམ་དུ་ཞེས་བྱ་བས་ནི་རྒྱུ་ཙམ་བརྗོད་པ་ཉིད་ཀྱིས་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་སྟོན་ཏེ། དེ་ལ་ཡང་འདུན་པ་དང་སྨོན་ལམ་སྟོན་པ་ཡིན་ལ། བཅོམ་ལྡན་འདས་ཅི་ལ་ཡང་ཞུགས་པ་མ་མཆིས་སོ་ཞེས་བྱ་བས་ནི་དོན་དམ་པར་འཇོག་གོ། །གལ་ཏེ་རྒྱུན་དུ་ཞུགས་པ་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་ 95-192a སྙམ་དུ་སེམས་པར་གྱུར་ན་དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་རོ། །དེ་བས་ན་དེ་དེའི་མངོན་པའི་ང་རྒྱལ་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་དགྲ་བཅོམ་པའི་བར་དུ་སྟེ། གནས་བརྟན་རབ་འབྱོར་གྱི་ཁྱད་པར་གྱིས་གནས་པ་དང་རྒྱུ་བ་ཐུན་མོང་གི་དགྲ་བཅོམ་པའི་ཡོན་ཏན་གྱིས་བདག་ཉིད་ཁོང་དུ་ཆུད་ཅིང་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་ཚིག་གཟུང་བར་བྱ་བའི་དོན་ཏོ། །ཇི་ལྟར་དགྲ་བཅོམ་པ་འགའ་ལ་ཡང་ཞུགས་པ་མེད་པ་དེ་བཞིན་དུ་འགའ་ལ་ཡང་གནས་པ་མེད་པར་བརྗོད་དེ། གནས་པ་དང་རྒྱུ་བའི་དོན་དམ་པ་འདིར་ཡང་རྣམ་པར་འཇོག་གོ། ། ༈ སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ། ༆ ཐོས་པ་ཉུང་བས་དབེན་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་ཡོད་དམ་ཞེས་གསུངས་ཏེ། འདིས་ནི་སངས་རྒྱས་འབྱུང་བ་ལ་འདི་ཆགས་པ་སྟེ། དེ་བས་ན་ཆོས་གང་བླངས་པ་ཞེས་བྱས་པས་རྣམ་པར་རྟོག་པ་དོར་རོ། །དོན་ཉམས་པ་ལས་ནི་མི་མཐུན་པའི་ཕྱོགས་ལ་སོགས་པ་ལ་སྦྱོར་བའི་སྦྱོར་བས་སོ། ། ༈ ཞིང་ཡོངས་སུ་དག་པའི་སྨོན་ལམ། ༆ དམིགས་པ་ཡིད་ལ་བྱེད་པ་ཆུང་ངུ་བསྒོམ་པས་དབེན་པའི་དབང་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འདི་སྐད་དུ་བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་བོ་ཞེས་ཟེར་ན་ཞེས་རྒྱས་པར་གསུངས་པ་ཡིན་ཏེ། ཞིང་བཀོད་པ་ཡིད་ལ་བྱེད་པ་ན་གཟུགས་ལ་སོགས་པའི་རྣམ་པར་ཀུན་བརྟགས་པ་ལས་དེའི་རོ་མྱང་བར་གྱུར་པའོ། །དེ་ཡོངས་སུ་སྤང་བའི་དོན་དུ་རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འདི་ལྟར་མི་གནས་པར་སེམས་བསྐྱེད་པར་བྱའོ། །ཅི་ལ་ཡང་མི་གནས་པར་ཞེས་བྱ་བ་འདི་རྒྱས་པར་གསུངས་པ་ཡིན་ནོ། ། ༈ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། ༆ སེམས་ཅན་ཡལ་བར་འདོར་བས་དབེན་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་གི་ལུས་འདི་ལྟ་བུར་གྱུར་ཏེ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །འདིས་ཅི་བསྟན་ཞེ་ན། འདོད་པའི་ཁམས་ན་སེམས་ཅན་ཡོངས་སུ་སྨིན་པ་ལ་དགའ་བ་རྣམས་ཏེ། དེ་ལ་ལྷ་མིན་གྱི་དབང་པོ་སྒྲ་གཅན་གྱི་ལུས་ཆེ་བའི་ཚད་རི་རབ་ཙམ་སྟེ་དེ་ཡང་རེ་ཞིག་ལུས་མེད་པར་བལྟ་བར་བྱ་བ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །དེ་ལ་དེ་བཞིན་ 95-192b གཤེགས་པས་དངོས་པོ་མ་མཆིས་པར་གསུངས་ཞེས་བྱ་བས་དེ་བཞིན་ཉིད་ཆོས་བདག་མེད་པར་སྟོན་ཏེ། དེ་དངོས་པོ་མེད་ཅེས་བྱ་བ་ནི་མ་བྱུང་བ་ཉིད་དང་འདུས་མ་བྱས་པ་དེ་བཞིན་ཉིད་དུ་ཡོངས་སུ་སྟོན་ཏོ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་ཁྱད་པར་གྱི་མཚན་ཉིད་དག་གི་ཆོས་བདག་མེད་པ་ཡོངས་སུ་བསྟན་པ་ཡིན་ནོ། ། ༈ ཕྱི་རོལ་གྱི་བསྟན་བཅོས་སྙིང་པོ་མེད་པ་ལ་རྗེས་སུ་ཆགས་པས་དབེན་པ། ༆ ཕྱི་རོལ་གྱི་བསྟན་བཅོས་སྙིང་པོ་མེད་པ་ལ་རྗེས་སུ་ཆགས་པས་དབེན་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་ཞེས་རྒྱས་པར་གསུངས་པ་ཡིན་ཏེ། འདིར་རྒྱུ་བཞིས་ཆོས་འདིའི་ཁྱད་པར་ཡོངས་སུ་སྟོན་ཏེ། བསོད་ནམས་ཡོངས་སུ་སྡུད་པ་དང་། ལྷ་ལ་སོགས་པ་མང་པོས་བཀུར་བ་དང་། དཀའ་བ་བྱེད་པའི་རྒྱུ་དང་། དེ་བཞིན་གཤེགས་པ་ལ་སོགས་པས་དགོངས་ཤིང་ལྷན་ཅིག་ཏུ་འགྲོགས་པའོ། །འདི་ཉིད་འདི་ལས་བསོད་ནམས་མང་དུ་འབྱུང་བའི་རྒྱུའོ་ཞེས་བྱ་བ་ནི་བསོད་ནམས་ཡོངས་སུ་སྡུད་པའོ། །སའི་ཕྱོགས་དེ་མཆོད་རྟེན་དུ་གྱུར་ཞེས་བྱ་བས་ནི་ལྷ་ལ་སོགས་པ་མང་པོས་བཀུར་བའོ། །ངོ་མཚར་རབ་དང་ལྡན་པར་འགྱུར་ཞེས་བྱ་བས་ནི་དཀའ་བ་བྱེད་པའི་རྒྱུའོ། །ས་ཕྱོགས་དེ་ན་སྟོན་པ་ཡང་བཞུགས་ཏེ་བླ་མའི་གནས་གཞན་དག་ཀྱང་གནས་སོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་ལ་སོགས་པས་དགོངས་ཤིང་ལྷན་ཅིག་ཏུ་འགྲོགས་པའོ། །དེ་ལ་གསུངས་པ་དང་གསུང་བར་འགྱུར་བའི་ཚུལ་གྱིས་བསྟན་པར་བྱ་བ་དང་སྟོན་པའི་ཚུལ་གྱིས་ཞེས་བྱ་སྟེ། ཕྱི་རོལ་པའི་བསྟན་བཅོས་སྙིང་པོ་མེད་པ་ལ་རྗེས་སུ་ཆགས་པའི་གཉེན་པོར་ཆོས་འདིའི་ཁྱད་པར་ཡོངས་སུ་བསྟན་པས་ཆོས་འདི་ཉིད་ལ་སྒྲ་ཇི་བཞིན་པར་མངོན་པར་ཞེན་པར་མི་བྱ་སྟེ། དེ་རྣམས་ཀྱི་མ་འོངས་པའི་སྐྱོན་གྱི་གཉེན་པོ་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་ཅེས་བྱ་བ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མེད་དེ། དེ་ལྟར་གཞན་དག་ཏུ་ཡང་དེ་བཞིན་གཤེགས་པས་ཆོས་འགའ་ཡང་མ་བསྟན་ཏོ་ཞེས་བྱ་བའི་དོན་ཡོངས་སུ་བསྟན་ཏེ། དེ་བཞིན་གཤེགས་པས་ཆོས་གང་གསུངས་པ་ཞེས་གསུངས་པ་ཡིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་རང་དང་སྤྱིའི་མཚན་ཉིད་ 95-193a ཀྱིས་དོན་དམ་པ་ཡོངས་སུ་བསྟན་ཏོ། ། ༈ གཟུགས་ཀྱི་སེམས་ཅན་གྱི་ལུས་ལ་རིལ་པོར་འཛིན་པ་དང་བྲལ་བའི་སྦྱོར་བ། ༆ གཟུགས་བརྙན་གྱི་མཚན་མ་ཟིལ་གྱིས་གནོན་པ་ལ་མི་མཁས་པས་དབེན་པའི་དབང་དུ་མཛད་ནས། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་ཞེས་རྒྱས་པར་གསུངས་པ་ཡིན་ཏེ། དམིགས་པ་ཆེན་པོ་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་ལ་དམིགས་པའི་ཡིད་ལ་བྱེད་པ་མང་དུ་བསྒོམ་པར་འགྱུར་ཏེ། དེའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྨོས་པ་ཡིན་ནོ། །དེ་ལ་གཟུགས་ཀྱི་སྐུའི་གཟུགས་བརྙན་གྱི་མཚན་མ་ཟིལ་གྱིས་གནན་པའི་དོན་དུ་ཐབས་རྣམ་པ་གཉིས་བསྟན་ཏེ། ཕྲ་མོར་བྱེད་པའི་ཐབས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་མང་བ་ཡིན་ནམ་ཞེས་གང་གསུངས་པ་ཡིན་ནོ། །སྣང་བ་མེད་པར་བྱེད་པའི་ཐབས་ཀྱང་སའི་རྡུལ་གང་ལགས་པ་དེ་རྡུལ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་སའི་རྡུལ་ཞེས་བགྱིའོ་ཞེས་གང་གསུངས་པ་ཡིན་ནོ། །སེམས་ཅན་གྱིས་ལུས་ཀྱི་གཟུགས་བརྙན་གྱི་མཚན་མ་ཟིལ་གྱིས་གནན་པའི་དོན་དུ་འཇིག་རྟེན་གྱི་ཁམས་གང་ལགས་པ་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ་ཞེས་གསུངས་པ་ཡིན་ཏེ། འདིར་འཇིག་རྟེན་གྱི་ཁམས་ནི་སེམས་ཅན་གྱི་འཇིག་རྟེན་དུ་དགོངས་ཏེ། མིང་དང་གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ་ཞེས་བྱ་བ་ནི་སྣང་བ་མེད་པར་བྱེད་པའི་ཐབས་ལ་མཁས་པ་ཉིད་དོ། །དེ་ལ་གཟུགས་བརྙན་གྱི་མཚན་མ་ཟིལ་གྱིས་གནན་པའི་དོན་ཡོངས་སུ་བསྟན་གྱི་ཕྲ་མོར་བྱེད་པའི་ཐབས་ནི་མ་ཡིན་ནོ། ། ༈ དེ་བཞིན་གཤེགས་པ་མཆོད་ཅིང་བསྙེན་བཀུར་བ། ༆ བསོད་ནམས་ཀྱི་ཚོགས་མ་བསགས་པས་དབེན་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བལྟའམ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདིས་ཅི་བསྟན་ཞེ་ན། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་དེ་བཞིན་གཤེགས་པ་མཆོད་ཅིང་བསྙེན་བཀུར་བར་ 95-193b བྱ་སྟེ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱ་མོད་ཀྱི། འོན་ཀྱང་དོན་དམ་པའི་ཆོས་ཉིད་ཀྱིས་བལྟ་བར་བྱའོ་ཞེས་པའོ། ། ༈ དུབ་པའི་ཡོངས་སུ་གདུང་བ་ལ་བརྩོན་པ་བཟློག་ནས་མ་བརྩམས་པའི་རྙེད་པ་དང་བཀུར་སྟིས་དབེན་པ། ༆ ལེ་ལོ་དང་རྙེད་པ་དང་བཀུར་སྟིའི་བདེ་བ་ལ་གཅིག་ཏུ་རོ་མྱང་བས་དབེན་པའི་དབང་དུ་བྱས་ནས། གང་སླར་ཡང་རབ་འབྱོར་སྐྱེས་པའམ་བུད་མེད་གང་གིས་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་བཏང་བས་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །འདིས་ཅི་བསྟན་ཞེ་ན། རེ་ཞིག་ལུས་ཡོངས་སུ་བཏང་བས་བསོད་རྣམས་དེ་ཙམ་དུ་འགྱུར་མོད། གང་གི་སྲིད་པར་ལུས་གཅིག་ལ་ལྟོས་པའི་ལེ་ལོས་བར་མ་ཆད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །གནས་བརྟན་རབ་འབྱོར་ཅིའི་ཕྱིར་འདི་མཆི་མ་འབྱིན་པར་བྱེད་ཅེ་ན། བདག་གིས་ཡེ་ཤེས་སྐྱེས་ཚུན་ཆད་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་སོ་ཞེས་གསུངས་ཏེ། ལུས་ཤིན་ཏུ་མང་པོ་བཏང་བས་བསོད་ནམས་མང་པོ་མཆོག་ཏུ་འགྱུར་བར་བདག་གིས་ཐོས་ན་འདིར་བསོད་ནམས་མཆོག་ཏུ་བསྟན་པ་འདི་ནི་མ་ཡིན་ཏེ། དེ་ལྟར་བསོད་ནམས་མཆོག་ཏུ་འགྱུར་བར་ཐོས་པས་བརྩོན་འགྲུས་བརྩམས་ནས་ཆོས་གང་ལ་སྒྲ་ཇི་བཞིན་དུ་འདུ་ཤེས་པར་འགྱུར་རོ། །དེ་རྣམས་ཀྱི་སྐྱོན་ཡོངས་སུ་སྤང་བའི་དོན་དུ་གང་དག་མདོ་སྡེ་འདི་བཤད་པ་ལ་ཡང་དག་པར་འདུ་ཤེས་སྐྱེད་པར་འགྱུར་བ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །འདི་ལ་ཡང་ཡང་དག་པའི་འདུ་ཤེས་ནི་ཡང་དག་པར་འདུ་ཤེས་པའི་རྣམ་པར་རྟོག་པ་ཡིན་པ་ཡོངས་སུ་སྤང་བའི་དོན་དུ་ཡང་དག་པར་འདུ་ཤེས་པ་གང་ལགས་པ་དེ་ཉིད་འདུ་ཤེས་མ་མཆིས་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་བདག་ངོ་མཚར་མ་ལགས་ཀྱི་ཞེས་ཀྱང་རྒྱས་པར་ཏེ། དོན་ཅི་ཡིན་ཞེ་ན། མ་འོངས་པ་ན་བྱང་ཆུབ་སེམས་པ་རྙེད་པ་དང་བཀུར་སྟིའི་རོ་མྱང་བའི་སྐྱོན་གྱིས་ལེ་ལོར་གྱུར་པ་དེ་རྣམས་ངོ་ཚ་བ་ལ་ཡང་དག་པར་བསྡུ་བའི་དོན་དུ་སྟེ། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ན་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་པའི་ཆེད་དུ་ཆོས་ཀྱི་རྣམ་གྲངས་འདི་ལེན་པར་འགྱུར་ཏེ། དེ་རྣམས་གང་ཟག་ཏུ་འཛིན་པར་མི་འགྱུར་ཞིང་ཆོས་སུ་ཡང་མ་ཡིན་ནོ། །ཁྱེད་ཅག་དམ་པའི་ཆོས་ 95-194a ཀྱི་དགའ་སྟོན་བྱེད་པའི་ཚེ་ན་ཡང་བསྒྲུབ་པ་ཡོད་པ་མ་ཡིན་པས་ངོ་ཚ་བའི་གནས་ལ་ཉེ་བར་བསྡུ་བར་བྱེད་དེ། དེ་དག་བདག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ཞེས་དང་། གང་ཟག་ཏུ་འཛིན་པར་མི་འགྱུར་བར་སྟོན་ཏོ། །བདག་ཏུ་འདུ་ཤེས་པ་གང་ལགས་པ་དེ་ཉིད་འདུ་ཤེས་མ་མཆིས་པ་ཞེས་བྱ་བས་ནི་ཆོས་སུ་འཛིན་པ་མེད་པར་སྟོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་སླད་དུའོ་ཞེས་པས་ནི་རྗེས་སུ་སློབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཡོངས་སུ་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་འདུ་ཤེས་ཐམས་ཅད་དང་བྲལ་ན་དེ་ལས་བདག་ཅག་རྣམས་ཀྱིས་ཀྱང་དེ་ལྟར་བསླབ་པར་བྱའོ་ཞེས་པ་སྟེ། འདི་ལ་ཇི་སྲིད་བརྩོན་འགྲུས་ལྡོག་པས་དབེན་པའི་དབང་དུ་བྱས་ནས། རྟོག་པ་མེད་པའི་རྒྱུད་ཅན་ནི་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནི་རྣམ་པར་བཤད་པའི་དགོངས་པའོ། །ལེན་པར་འགྱུར་བ་ནི་ཡི་གེ་ལས་སོ། །ཀུན་ཆུབ་པར་འགྱུར་བ་ནི་དོན་ལས་སོ། །མི་རྩོམ་པས་དབེན་པའི་དབང་དུ་བྱས་ནས། གང་འདིར་མདོའི་ཚིག་བཤད་པ་ལ་མི་སྐྲག་པར་འགྱུར་རོ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །སྐྲག་པ་ནི་བརྩོན་འགྲུས་མི་རྩོམ་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཙམ་གྱི་སྟོང་པ་ཉིད་ནི་ཡོད་དོ་ཞེས་བསྟན་ལ། ཐེག་པ་ཆེན་པོ་ལ་ནི་གཉི་ག་ཡང་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏེ། དེ་ལ་མཉན་པའི་དུས་ན་ཆོས་མེད་པར་ཐོས་ནས་སྐྲག་པར་འགྱུར་ལ། སྟོང་པ་ཉིད་དངོས་པོ་མེད་པར་ཐོས་ནས་དངང་བར་འགྱུར་ཞིང་སེམས་པའི་དུས་ན་གཉི་ག་ཡང་དངོས་པོ་མེད་པས་སྦྱར་བར་བྱ་བ་དང་སྦྱོར་བར་བྱེད་པར་མི་ནུས་པའི་ཕྱིར་ཀུན་དུ་དངང་བར་འགྱུར་རོ། །གཞན་ཡང་ངོ་བོ་ཉིད་མེད་པ་གསུམ་གྱི་དབང་དུ་བྱས་ནས་རྣམ་གྲངས་སུ་རིག་པར་བྱའོ། །མཚན་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དམ་པ་འདི་ནི་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ལ། ཡང་དོན་ཅི་ཡིན་ཞེ་ན། ངོ་ཚའི་གནས་གཉིས་པ་ལ་ཉེ་བར་འགོད་དེ། དེ་ལྟར་ཆོས་འདི་གཙོ་བོར་གྱུར་པ་ཡིན་པས་བག་ཡོད་པར་བྱའོ་ཞེས་པའོ། །དེ་ལ་ཕ་རོལ་ 95-194b ཏུ་ཕྱིན་པ་གཞན་རྣམས་ནི་གཙོ་བོ་ཉིད་ལས་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པས་ཕ་རོལ་ཏུ་ཕྱིན་པ་དམ་པ་གང་གསུངས་པ་དེ་དཔག་ཏུ་མེད་པའི་སངས་རྒྱས་ཞེས་བྱ་བ་འདིས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་འདི་གསུངས་ཏེ་དེ་བས་ན་དམ་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བར་བསྟན་ཏོ། ། ༈ སྡུག་བསྔལ་བཟོད་པ། ༆ སྡུག་བསྔལ་མི་བཟོད་པ་ཉིད་ཀྱིས་དབེན་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་དེ་བཞིན་གཤེགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་རྒྱས་པར་གསུངས་པ་ཡིན་ཏེ། འདི་ལ་ཡང་ཇི་སྐད་དུ་སྨྲས་པའི་བཟོད་པ་དེ་རྟགས་གང་གིས་ཤེས་པར་བྱ། བཟོད་པའི་རྣམ་པ་ཇི་ལྟ་བུ། བཟོད་པའི་རྒྱུ་གཉེན་པོ་གང་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། ཇི་ལྟར་བཟོད་པ་ནི་ཆོས་ལ་བདག་མེད་པ་སོ་སོར་རྟོགས་པས་དེ་ལྟར་དུ་ཡིན་ནོ་ཞེས་ཡོངས་སུ་བསྟན་པ་ནི་དེ་བཞིན་གཤེགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་གང་གསུངས་པ་ཡིན་ཏེ། རྟགས་ཅི་ཞིག་གིས་བཟོད་པར་རིག་པར་བྱ་ན་གལ་ཏེ་གནོད་པ་བྱེད་བཞིན་པ་ན་བདག་ལ་སོགས་པའི་འདུ་ཤེས་ཀྱི་གཞི་ལས་གནོད་སེམས་ཀྱི་འདུ་ཤེས་པ་ཡིན་ནོ། །འདི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ཡང་འདུ་ཤེས་པ་མེད་དེ། ཕ་རོལ་ཏུ་ཕྱིན་པ་མེད་པར་ཡང་འདུ་ཤེས་པ་མ་ཡིན་པས་དེའི་རྣམ་པ་བསྟན་པ་ཡིན་ནོ། །གང་གི་ཚེ་ཀ་ལིང་ཀའི་རྒྱལ་པོས་ངའི་ཡན་ལག་དང་ཉིང་ལག་རྣམས་བཅད་པར་གྱུར་པ་དེའི་ཚེ་ནང་ལ་བདག་ཏུ་འདུ་ཤེས་མེད་དོ་ཞེས་རྒྱས་པར་གསུངས་པ་ཡིན་ཏེ། དེ་རྣམ་པ་ཅི་ལྟ་བུས་བཟོད་ཅེ་ན། སྡུག་བསྔལ་དྲག་པོ་བཟོད་ཅིང་སྡུག་བསྔལ་རྒྱུན་ཆགས་པ་ཡང་བཟོད་པ་སྟེ་དེ་ཇི་ལྟ་བུ་ཡིན་པ་ཡོངས་སུ་བསྟན་པའི་ཕྱིར་གང་གི་ཚེ་ཀ་ལིང་ཀའི་རྒྱལ་པོས་ངའི་ཡན་ལག་དང་ཉིང་ལག་རྣམས་བཅད་པར་གྱུར་པ་ཞེས་གང་གསུངས་པ་ཡིན་ནོ། །གང་ཡང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་ང་ཚེ་རབས་ལྔ་བརྒྱར་བཟོད་པ་སྨྲ་བ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་ཞེས་པ་ནི་བཟོད་པའི་རྒྱུ་ཡང་སྡུག་བསྔལ་རྣམ་པ་གསུམ་སྟེ། འཁོར་བའི་སྡུག་བསྔལ་དང་། སེམས་ཅན་ལོག་པར་སྒྲུབ་པའི་སྡུག་བསྔལ་དང་། ལོངས་སྤྱོད་དང་བྲལ་བའི་སྡུག་བསྔལ་ལོ། །དེ་ལ་རབ་འབྱོར་ 95-195a དེ་ལྟ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་ཤེས་ཐམས་ཅད་རྣམ་པར་སྤངས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་གང་གསུངས་པ་ཡིན་ཏེ། འདིས་འཁོར་བའི་སྡུག་བསྔལ་མི་བཟོད་པའི་རྒྱུའི་གཉེན་པོ་བསྟན་པ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་དུ་འདུ་ཤེས་པ་ཉིད་ཀྱིས་གང་སྐྱེད་པར་བྱེད་པར་མི་འདོད་པ་སྟེ། དེའི་ཕྱིར་འདུ་ཤེས་ཐམས་ཅད་རྣམ་པར་སྤངས་ཏེ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །འདི་ནི་འདིར་རྣམ་པ་གསུམ་སྟེ། སྡུག་བསྔལ་དུ་འདུ་ཤེས་པ་དང་། གཟུགས་ལ་སོགས་པ་ལ་གནས་པར་མངོན་པར་འདོད་པའི་འདུ་ཤེས་ཐམས་ཅད་དང་། འཁོར་བའི་སྡུག་བསྔལ་འདི་དག་གིས་ཡོངས་སུ་དུབ་པས་ཡིད་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད་པའོ། །གཟུགས་ལ་མི་གནས་པར་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་ཆོས་ལ་མི་གནས་པ་དང་། ཆོས་མེད་པ་ལ་ཡང་མི་གནས་པར་ཞེས་གསུངས་པ་ཡིན་ཏེ། ཆོས་ལ་ཡང་ནི་ཆོས་བདག་མེད་པ་ལ་ཡང་མི་གནས་པ་སྟེ། དེ་ལ་ཡང་མི་གནས་པ་ཉིད་ནི་འདི་ལ་སྒྲ་ཇི་བཞིན་པའི་ངོ་བོ་ཉིད་དུ་ཀུན་དུ་རྟོག་པ་དགག་པའི་ཕྱིར་གནས་པ་གང་ཡིན་པ་དེ་ཉིད་མི་གནས་པའི་ཕྱིར་ཏེ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་སྦྱིན་པ་ཡོངས་སུ་བཏང་བར་བྱའོ་ཞེས་གང་གསུངས་པ་དང་། གང་དུ་སེམས་ཅན་དུ་འདུ་ཤེས་གང་ཡིན་པ་དེ་ཉིད་ཀྱང་འདུ་ཤེས་མེད་པ་སྟེ་ཞེས་རྒྱས་པར་གསུངས་ཏེ། འདིས་ནི་སེམས་ཅན་གྱི་ལོག་པར་སྒྲུབ་པའི་སྡུག་བསྔལ་མི་བཟོད་པའི་རྒྱུའི་གཉེན་པོ་ཡོངས་སུ་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ཉིད་ཀྱི་ཕྱིར་ཡོངས་སུ་གཏོང་བར་བྱེད་པར་བརྗོད་དོ། །དེ་ཉིད་ལ་བྱེད་པ་དང་བྱེད་པ་པོ་ངའོ་སྙམ་དུ་ཞེན་པའི་སེམས་ཅན་དེ་ཉིད་ཀྱང་ཡོད་པ་མ་ཡིན་ན་རྒྱུ་གང་ལས་སེམས་ཅན་དུ་འདུ་ཤེས་ཏེ་སེམས་ཅན་ལོག་པར་སྒྲུབ་པ་ལ་སྐྱོ་བ་སྐྱེད་པར་བྱེད་ཅེས་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་ཡང་ཡོངས་སུ་སྟོན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་ཞེས་རྒྱས་པས་ཅི་ཞིག་སྟོན་ཞེ་ན། དེ་བཞིན་ 95-195b གཤེགས་པ་ལ་ཡང་དག་པར་ཡིད་ཆེས་པས་ཀྱང་བཟོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་ཡང་དག་པར་གསུང་པའོ། །དེ་སྒྲུབ་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བདེན་པ་གསུང་པའོ། །འདི་ནི་ཀུན་ནས་ཉོན་མོངས་པར་བྱ་བ་དང་རྣམ་པར་བྱང་བར་བྱའོ་ཞེས་བྱ་བ་ནི་བདེན་པའི་སྒྲུབ་པའོ། །དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་དེ་བཞིན་ཉིད་གསུངས་པ་སྟེ། དེ་སྒྲུབ་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་དེ་བཞིན་ཉིད་གསུང་བ་དང་ཡང་དག་པར་གསུང་བ་ཞེས་གསུངས་པ་ཡིན་ཏེ། འདིར་ཡང་ཡང་དག་པ་ནི་སྒྲ་ཇི་བཞིན་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་ཡོངས་སུ་སྤང་བའི་དོན་དུ་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་སངས་རྒྱས་པའམ་བསྟན་པ་དེ་ལ་བདེན་པ་ཡང་མེད་བརྫུན་པ་ཡང་མེད་དོ་ཞེས་བྱ་བ་གསུངས་ཏེ། བདེན་པ་མེད་པ་ནི་སྒྲ་ཇི་བཞིན་པའི་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་རོ། །བརྫུན་པ་མེད་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ཞིག་མུན་པར་ཞུགས་ཞེས་བྱ་བ་རྒྱས་པས་ལོངས་སྤྱོད་མ་ཚང་བའི་སྡུག་བསྔལ་ལ་མི་བཟོད་པའི་རྒྱུའི་གཉེན་པོ་ཡོངས་སུ་སྟོན་ཏེ། སུ་ཞིག་ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པ་གཏོང་བ་དེ་ནི་དངོས་པོར་ལྟུང་བས་སྦྱིན་པ་གཏོང་བ་ཡིན་ཏེ། དེ་ལྟུང་བ་ནི་བདེ་བ་འདོད་ཅིང་སྡུག་བསྔལ་མེད་པའི་ཆེད་དུའོ། །ཚོར་བས་ངེས་པར་འབྱུང་བ་སྐྱེད་པར་མི་བྱེད་དེ། ཇི་ལྟར་མུན་པར་ཞུགས་པ་ཅི་ནས་བདག་གིས་འགྲོ་བར་བྱའོ་སྙམ་པ་དེའི་ཕྱིར་འདོད་པའི་བདེ་བ་ཉིད་ལ་མངོན་པར་དགའ་ཞིང་གང་དངོས་པོར་མ་ལྷུང་བས་སྦྱིན་པ་བྱིན་པ་དེ་ནི་ཇི་ལྟར་མིག་དང་ལྡན་པའི་མི་ནམ་ལངས་ཏེ་ཉི་མ་ཤར་ནས་གཟུགས་སྣ་ཚོགས་པ་མཐོང་བ་གང་ལས་བདག་གིས་འགྲོ་བར་བྱའོ་ཞེས་དེ་ལྟར་བལྟའོ། །དེ་ནི་མ་རིག་པའི་མཚན་མོ་འདས་ཤིང་ཡེ་ཤེས་ཀྱི་ཉི་མ་ཤར་བ་ན་རྣམ་པ་སྣ་ཚོགས་པའི་ཤེས་བྱ་ཡང་དག་པ་ཇི་ལྟ་བཞིན་དུ་མཐོང་བ་སྐྱེད་པར་བྱེད་དོ། །གཞན་དུ་འདོད་པའི་བདེ་བ་དང་སྡུག་བསྔལ་གྱིས་ཚོར་བ་ལས་ངེས་པར་འབྱུང་བ་དེའི་ཕྱིར་འདོད་པའི་བདེ་བ་ལ་མངོན་པར་དགའ་བ་མ་ཡིན་ནོ། ། ༈ ཏིང་ངེ་འཛིན་གྱི་རོ་མྱང་བས་དབེན་པ། ༆ ཡེ་ཤེས་ཀྱི་ཚོགས་མ་ཚང་བས་དབེན་པའི་དབང་ 95-196a དུ་བྱས་ནས་ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་ཞེས་རྒྱས་པར་གསུངས་པ་ཡིན་ཏེ། འདིར་ཏིང་ངེ་འཛིན་གྱི་རོ་མྱང་བས་དབེན་པའི་དོན་དུ་ཆོས་ཀྱི་རྣལ་འབྱོར་བྱ་བའི་ཡོན་ཏན་གྱི་ཁྱད་པར་རྣམ་པ་ལྔ་སྟོན་པར་བྱེད་དེ། དེ་བཞིན་གཤེགས་པས་དགོངས་ཤིང་ལྷན་ཅིག་ཏུ་འགྲོགས་པ་དང་། བསོད་ནམས་ཡོངས་སུ་འཛིན་པ་དང་ཆོས་སྒྲུབ་པ་ལ་བསྟོད་པ་དང་། ལྷ་ལ་སོགས་པས་བཀུར་བ་དང་། སྡིག་པ་ཟད་པར་བྱེད་པ་རྣམས་སོ། །དེ་བཞིན་གཤེགས་པས་དགོངས་ཤིང་ལྷན་ཅིག་ཏུ་འགྲོགས་པ་ཅི་ལྟ་བུ་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན། དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་ལེན་པ་དང་། ཀློག་པ་དང་། འཛིན་པ་དང་། མི་བརྗེད་པར་བྱེད་པ་དང་། སྨྲ་བར་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་ཞེས་གང་གསུངས་པ་ཡིན་ནོ། །འཛིན་པའི་གཟུངས་ཀྱི་རྒྱུ་ལེན་པར་འདོད་པ་དང་། ཀློག་པ་དང་འཛིན་པར་འདོད་པ་དང་ཀུན་ཆུབ་པར་བྱེད་པའོ། །ཡང་སྨྲ་བར་བྱེད་པ་དང་། ཀློག་པར་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་ཞེས་དོན་འཛིན་པར་བྱེད་པའོ། །ཇི་ལྟར་བསོད་ནམས་ཡོངས་སུ་འཛིན་ཞེ་ན། སེམས་ཅན་དེ་དག་ཐམས་ཅད་ནི་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོ་བསྐྱེད་དོ་ཞེས་གང་གསུངས་པ་ཡིན་ནོ། །མི་བརྗེད་པར་འགྱུར་ཞེས་ཀྱང་རྒྱས་པར་རོ། །ཇི་ལྟར་ཆོས་དེ་སྒྲུབ་པ་ལ་བསྟོད་པ་ལས་ཡིན་ཞེ་ན། རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་དེ་ཞེས་རྒྱས་པར་གང་གསུངས་པ་ཡིན་ནོ། །ཆོས་ཀྱི་བསྟོད་པ་ནི་འདི་ཡིན་ཏེ། དེ་ལ་བསམ་གྱིས་མི་ཁྱབ་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱིས་སོ། །མཚུངས་མེད་པ་ནི་མཉམ་པའི་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་ཞེས་བྱ་བ་ནི་མཚུངས་པ་མེད་པ་ཉིད་སྒྲུབ་པར་བྱེད་དོ། །དེ་ལ་ཐེག་པ་གཞན་ལ་ལྟོས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་མཆོག་ཏུ་རིག་པར་བྱ་ལ། གཙོ་བོར་རིག་པར་བྱ་སྟེ། ཆོས་ཀྱི་རྣམ་གྲངས་འདི་ལེན་པ་ནས་ཀུན་ཆུབ་པའི་བར་དེ་དག་དེ་བཞིན་གཤེགས་པས་གཟིགས་ཞེས་གང་གསུངས་པ་ཡིན་ཏེ། འདི་དང་དེ་དག་ནི་སྒྲུབ་ 95-196b པ་ལ་བསྟོད་པ་ཡིན་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་དཔག་ཏུ་མེད་པ་དང་བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པར་འགྱུར་ཏེ་ཞེས་རྒྱས་པར་བཤད་པའོ། །དེ་དག་ཐམས་ཅད་ནི་ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར། བྱང་ཆུབ་ཀྱི་ཁུར་འཕེལ་བར་བྱེད་པར་འགྱུར་ཏེ། རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་དམན་པ་ལ་མོས་པ་རྣམས་ཀྱིས་མཉན་པར་མི་ནུས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་སོ། །བདག་ཏུ་ལྟ་བ་རྣམས་ཀྱི་མ་ཡིན་ཞེས་པ་ནི་གང་ཟག་ཏུ་ལྟ་བའི་བྱང་ཆུབ་སེམས་དཔའ་རྣམས་བཤད་པ་ཡིན་ནོ། །ལྷ་ལ་སོགས་པས་བཀུར་བ་ཇི་ལྟ་བུ་ཞེ་ན། ཡང་རབ་འབྱོར་སའི་ཕྱོགས་གང་ན་མདོ་སྡེ་འདི་སྟོན་པ་དེ་མཆོད་པར་བྱ་བ་དང་། སའི་ཕྱོགས་དེ་ཞེས་བྱ་བ་རྒྱས་པར་གང་གསུངས་པ་ཡིན་ནོ། །དེ་ལ་མེ་ཏོག་དང་། བདུག་སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང་། འདུད་ཅིང་ཕྱག་བྱ་བ་དང་། བསྐོར་བ་བྱེད་པ་དང་། ཡོན་དབུལ་ཞིང་གང་དུ་མཆོད་རྟེན་དུ་འགྱུར་བའོ། །སྡིག་པ་ཟད་པར་བྱེད་པ་ཇི་ལྟ་བུ་ཞེ་ན། འདི་དག་ཡོངས་སུ་མནར་བར་འགྱུར་རོ། །དེ་ཡོངས་སུ་མནར་བའི་སྒོ་དུ་མ་ཉིད་ཡོངས་སུ་བསྟན་པའི་ཕྱིར་ཤིན་དུ་མནར་བར་འགྱུར་ཞེས་དང་། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་ཞེས་དང་། སྒྲིབ་པ་དང་སྡིག་པ་ཡོངས་སུ་ཟད་པར་འགྱུར་ཞེས་བསྟན་པས་གསུངས་པ་ཡིན་ནོ། །དེའི་ཕྱིར་གཞན་ཡང་ལྟུང་བ་ལས་འབྱུང་བ་དང་། བསོད་ནམས་ཆེས་མང་ཞིང་གཞལ་དུ་མེད་པ་གྲངས་མེད་པ་འབྱུང་བར་འགྱུར་རོ་ཞེས་ཀྱང་གསུངས་སོ། །དེ་ནི་གཞལ་དུ་མེད་པ་དང་གྲངས་མེད་པའི་རྣམ་པར་བཤད་པ་ཡིན་པར་རིག་པར་བྱ་སྟེ། ཤིན་དུ་གདུང་བ་འབྱུང་བར་འགྱུར་བ་ཉིད་དང་། མང་པོ་ཉིད་འབྱུང་བར་འགྱུར་བས་ཀྱང་ངོ་། །དེ་ལ་རབ་འབྱོར་ངས་མངོན་པར་ཤེས་ཏེ་བསྐལ་པ་གྲངས་མེད་པའི་ཆེས་གྲངས་མེད་པ་ཞེས་རྒྱས་པར་གང་གསུངས་པ་ཡིན་ཏེ། འདི་དག་གིས་ནི་རབ་ཏུ་གྱུར་པར་སྟོན་པར་བྱེད་ལ། འདི་ནི་འདིའི་བསོད་ནམས་ཀྱི་ཕུང་པོ་འབྱུང་བ་གང་རེ་ཞིག་བསོད་ནམས་ཀྱི་ཕུང་པོ་དེ་མཆོག་ཏུ་ཟིལ་གྱིས་གནོན་པ་ཡིན་ནོ། །དེ་ལ་ཇི་སྲིད་དེ་བཞིན་ 95-197a གཤེགས་པ་མར་མེ་མཛད་ནས་བསྐལ་པ་གྲངས་མེད་པར་རིག་པར་བྱ་སྟེ། དེ་ལས་ཆེས་གྲངས་མེད་པ་གཞན་གྱིས་མཉེས་པར་བྱས་པའོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །ཐུགས་བྱུང་བར་མ་བྱས་པ་ནི་ང་རྒྱལ་མེད་པའོ། །སླར་ཡང་རབ་འབྱོར་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ངས་བརྗོད་ན་ཞེས་རྒྱས་པར་གང་གསུངས་པ་ཡིན་ནོ། །འདིས་མང་པོ་ཉིད་དུ་སྟོན་པར་བྱེད་དེ། དེ་ལ་མྱོ་མྱོ་པོ་ནི་རྒྱུ་ཡིན་ལ་སེམས་འཁྲུགས་པ་ནི་འབྲས་བུར་རིག་པར་བྱའོ། ། ༈ མངོན་པར་རྟོགས་པའི་དུས་སུ་བདག་གོ་སྙམ་དུ་འཛིན་པས་དབེན་པ། ༆ ད་ནི་བསོད་ནམས་འབྱུང་བ་ཇི་ལྟ་ཞེ་ན། ཡང་རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་ནི་བསམ་གྱིས་མི་ཁྱབ་པ་ཉིད་དེ། འདིའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་ཅེས་གང་གསུངས་པ་ཡིན་ཏེ། འདིས་ནི་བསོད་ནམས་ཀྱི་འབྲས་བུ་དེ་རྟོག་གེ་ལ་མི་བརྟེན་པར་ཡོངས་སུ་སྟོན་པར་བྱེད་དོ། །བདག་ཏུ་འཛིན་པས་དབེན་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ཅི་ཡིན་ཞེ་ན། དང་པོར་དྲིས་པ་ཉིད་སྟོན་པར་བྱེད་དེ། མངོན་པར་རྟོགས་པའི་མཐའ་ལས་གནས་བཞིན་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་ཁྱད་པར་རྟོགས་པར་བལྟ་བར་བྱ་སྟེ། ང་ནི་དེ་ལ་གནས་པའོ་ཞེས་སོ། །དེ་ལྟར་སྒྲུབ་པ་དང་ང་ནི་དེ་ལྟར་སེམས་རབ་ཏུ་བཟུང་བར་བྱའོ། །ད་ནི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་རྒྱས་པའོ། །དེའི་གཉེན་པོར་དེ་ལ་གནས་པ་དང་། ཡང་ཇི་ལྟར་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་སེམས་རབ་ཏུ་གཟུང་བར་བྱ་བའོ། །དེ་ཞུས་པར་གྱུར་པ་དང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། ཇི་ལྟར་སེམས་བསྐྱེད་པར་བགྱི་ཞེས་རྒྱས་པར་ཏེ། སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བ་ལ་སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་པ་མེད་དོ་ཞེས་བྱ་བས་ནི་བདག་ཏུ་འཛིན་པའི་གཉེན་པོར་གསུངས་པ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན་ཞེས་བྱ་བ་ནི་ཡང་དག་པར་འཛིན་པ་ལས་སམ་བག་ལ་ཉལ་ལས་སོ་ཞེས་དགོངས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་ 95-197b དཔའི་ཐེག་པ་ལ་གནས་པ་ཞེས་པ་ནི་བདག་ཏུ་འཛིན་པའི་གཉེན་པོར་གསུངས་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བས་ཀྱང་ངོ་། ། ༈ གདམས་ངག་ཡོངས་སུ་འཚོལ་བ། ༆ གདམས་ངག་དང་མི་ལྡན་པས་དབེན་པའི་དབང་དུ་མཛད་ནས་རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ཆོས་དེ་གང་ཡང་ཡོད་དམ་ཞེས་རྒྱས་པར་ཏེ། རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཆོས་དེ་གང་ཡང་ཡོད་དམ་ཞེས་བྱ་བ་དང་། ལུང་སྟོན་པར་མི་འགྱུར་བ་ཞིག་ན་ཞེས་གསུངས་པ་ཡིན་ནོ། །འདིའི་དགོངས་པ་ཅི་ཡིན་ཞེ་ན། གལ་ཏེ་རྟོགས་པར་བྱ་བའི་ཆོས་ཐོབ་པར་འགྱུར་བ་དེ་ནི། ཇི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་བརྙེས་པ་དེ་བཞིན་དུ། ང་ཉིད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ་ཞེས་བྱའོ། །ཡང་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ལུང་སྟོན་པར་མི་འགྱུར་བ་ཞིག་ན་ཞེས་རྒྱ་ཆེར་གསུངས་ཏེ། དེའི་ཕྱིར་ཆོས་དེ་མངོན་པར་ཐོབ་པ་མེད་པ་ཉིད་ཀྱི་ཕྱིར་དེའི་མཐའ་ལས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བས་ན་ང་ལུང་བསྟན་ཏོ་ཞེས་པ་ནི་འདིར་འདིའི་དགོངས་པ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཆོས་དེ་མངོན་པར་ཐོབ་པ་མེད་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པའི་དེ་བཞིན་ཉིད་ཅེས་གསུངས་ཏེ། དེ་ལ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་ནི། རྣམ་པར་དག་པས་རབ་ཏུ་ཕྱེ་བའི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་ཉིད་ཀྱང་ཐོབ་པ་མེད་པའོ་ཞེས་དགོངས་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་དང་ཡང་དག་པའི་དེ་བཞིན་ཉིད་ཅེས་བརྗོད་པ་དེ་ལ། ཡང་དག་པ་ནི་གསེར་ལྟ་བུའོ། །གལ་ཏེ་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ཆོས་དེ་མངོན་པར་རྫོགས་པར་སངས་མ་རྒྱས་ལ། བཅོམ་ལྡན་འདས་ཉིད་ཀྱིས་ཕྱིས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་འཛིན་པ་སྤང་བའི་ཕྱིར། རབ་འབྱོར་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ 95-198a ཟེར་ན་ཞེས་རྒྱ་ཆེར་གསུངས་སོ། །རབ་འབྱོར་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ནི་བདེན་པ་ཡང་མེད་བརྫུན་པ་ཡང་མེད་ཅེས་པས་ནི་དེ་བཞིན་ཉིད་གཉིས་སུ་མེད་པ་གསལ་བར་སྟོན་ཏེ། ཅི་ལྟར་བདེན་པ་མ་ཡིན་ན། ཐོབ་པར་བྱ་བ་ཅི་ལྟ་བའོ། །ཅི་ལྟར་བརྫུན་པ་མ་ཡིན་ན། མངོན་པར་རྫོགས་པར་འཚང་རྒྱ་བ་ཇི་ལྟ་བ་སྟེ། དེ་ལ་ནི་གང་དུ་ཡང་མངོན་པར་ཐོབ་པའི་འཇུག་པ་ཡོད་པ་མ་ཡིན་པ་ཉིད་ཀྱིས་སོ། །དེ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་གསུངས་པའི་དགོངས་པ་ཅི་ཞེ་ན། གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བ་སྟེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བའོ་ཞེས་པ་འདིའི་དགོངས་པའོ། །ཆོས་ཐམས་ཅད་ཀྱང་ཆོས་སུ་མ་གྲུབ་པོ་ཞེས་དོན་དམ་པའི་རྣམ་པར་བཞག་པས། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ཆོས་མེད་པ་ཡིན་ཏེ་དེས་ན་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་བྱའོ་ཞེས་གསུངས་སོ། ། ༈ མངོན་པར་རྟོགས་པ། ༆ མངོན་པར་རྟོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་མིའི་ལུས་དང་ལྡན་ཞིང་ལུས་ཆེན་པོར་གྱུར་ཞེས་རྒྱ་ཆེར་གསུངས་པ་ཡིན་ཏེ། འདིས་ནི་མངོན་པར་རྟོག་པའི་ཡེ་ཤེས་ཐོབ་པ་དང་། མངོན་པའི་ང་རྒྱལ་མེད་པ་གསལ་བར་བསྟན་ཏོ། །ཅི་ལྟར་ཡེ་ཤེས་ཐོབ་པས་ཤེ་ན། ཡེ་ཤེས་རྣམ་པ་གཉིས་ཉེ་བར་བཟུང་ནས་ཏེ། རིགས་ཡོངས་སུ་འཛིན་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡེ་ཤེས་གང་ཞིག་ཐོབ་པས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ནི་སངས་རྒྱས་སུ་རིགས་ངེས་པར་གྱུར་པ་སྟེ། དེ་ནི་རིགས་ཡོངས་སུ་འཛིན་པའི་ཡེ་ཤེས་ཡིན་ལ། དེ་ཐོབ་པས་ནི་ལུས་དང་ལྡན་པར་འགྱུར་རོ། །འདིས་ནི་གང་དུ་ཚེ་རབས་མང་པོར་མངོན་པར་དགའ་བར་བྱེད་པ་སྟེ། རིགས་སུ་སྐྱེས་པར་གྱུར་པ་དེ་ནི་ལུས་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་ལུས་དང་ལྡན་པ་ཞེས་བརྗོད་པར་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་མཉམ་པ་ཉིད་རྣམ་པ་ལྔ་ཉེ་བར་བཟུང་ནས་ཏེ། གནས་ངན་ལེན་མཉམ་པ་ཉིད་དང་། བདག་མེད་པ་མཉམ་པ་ཉིད་དང་། སྤོང་བ་ལ་བརྩོན་པ་མཉམ་པ་ཉིད་དང་། 95-198b ཟང་ཟིང་མེད་པའི་སེམས་ལ་བརྩོན་པ་མཉམ་པ་ཉིད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་མཉམ་པ་ཉིད་དོ། །དེ་དག་ཐོས་པས་ལུས་ཆེན་པོར་གྱུར་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་ལེན་པའི་ཕྱིར་རོ། །དེའི་ལུས་དེ་ནི་རང་གི་མ་ཡིན་ཞིང་གཞན་གྱི་མ་ཡིན་ལ་གནས་པར་ནུས་པའོ། །དེས་ན་དེ་བཞིན་གཤེགས་པས་སྐྱེས་བུ་མིའི་ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་གང་གསུངས་པ་དེ་དེ་བཞིན་གཤེགས་པས་ལུས་མ་མཆིས་པར་གསུངས་ཏེ་དེས་ན་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ལུས་དང་ལྡན་པ་དང་ལུས་ཆེན་པོས་ནི་འདིར་དོན་དམ་པའི་ཚུལ་རྣམ་པར་འཇོག་པར་བྱེད་དེ། དེ་ལྟར་རེ་ཞིག་ཡེ་ཤེས་ཐོབ་པ་ལས་སོ། ། ༈ སངས་རྒྱས་ཀྱི་ས་ཡོངས་སུ་འཚོལ་བ། ༈ ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ། ༆ ཅི་ལྟར་མངོན་པའི་ང་རྒྱལ་མེད་པ་ལས་ཤེ་ན། བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ་ཞེས་རྒྱ་ཆེར་གང་གསུངས་པ་སྟེ། འདིས་ཅི་ཤེས་པར་བྱེད་ཅེ་ན། གང་ཞིག་འདི་སྙམ་དུ་བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ན་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱ་བ་སྟེ། ཡང་དག་པའི་དོན་དུ་ན་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའོ། །དེ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་ཞེས་གསུངས་པས་ཅི་ཞིག་གསལ་བར་བྱས་ཤེ་ན། གལ་ཏེ་སེམས་ཅན་ཡོད་པར་གྱུར་ན། བྱང་ཆུབ་སེམས་དཔའ་དེ་ལྟར་ལུས་དང་ལྡན་པ་དང་ལུས་ཆེན་པོར་གྱུར་པ་གང་ལས་ཡིན་ཞེས་པའོ། །དེ་ལས་གོང་དུ་སངས་རྒྱས་ཀྱི་ས་ཡོངས་སུ་ཚོལ་བ་དང་ཞིང་རྣམ་པར་དག་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ་བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་པོ་ཞེས་ཟེར་ན། དེ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་ཏེ། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ་ཞེས་པའི་དོན་ཏོ། །དེར་ལྟ་བ་དང་བཅས་པ་ནི་ཡང་དག་པའི་སྒྲུབ་པ་ལ་འཇུག་པར་བྱེད་དེ། དེས་ན་དེ་སྤང་བར་བྱ་བའི་ཕྱིར་དོན་དམ་པ་རྣམ་པར་འཇོག་པར་བྱེད་དེ། དེ་དག་བཀོད་པ་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ་ཞེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ། ཆོས་རྣམས་ནི་བདག་མེད་ 95-199a པ་ཆོས་རྣམས་ནི་བདག་མེད་པའོ་ཞེས་མོས་པ་ཞེས་པ་ནི་བདག་མེད་པ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པ་སྟེ། གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པའོ། །དེ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ་ཞེས་པ་ནི་བདག་མེད་པ་རྣམ་པ་གཉིས་པོ་དེ་ཉིད་རྫོགས་པར་བྱང་ཆུབ་པ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པ་སྟེ། འདིས་ཅི་ཞིག་གསལ་བར་བྱས་ཤེ་ན། གང་ཞིག་བདག་གིས་བསྒྲུབ་པོ་ཞེས་གང་ཟག་ཏུ་འཛིན་པ་དང་། ཞིང་བཀོད་པ་རྣམས་ཞེས་ཆོས་སུ་འཛིན་པ་སྟེ། དེ་དག་བྱང་ཆུབ་སེམས་དཔའ་རྣམས་ལ་མེད་ཅེས་པའོ། ། ༈ བླ་ན་མེད་པའི་མཐོང་བ་དང་ཡེ་ཤེས་ཕུན་སུམ་ཚོགས་པ། ༆ བླ་ན་མེད་པའི་མཐོང་བ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་སྙམ་མམ་ཞེས་རྒྱ་ཆེར་གསུངས་སོ། །དེ་བཞིན་གཤེགས་པ་ནི་གཟིགས་པ་རྣམ་པར་དག་པ་ཕུལ་དུ་བྱུང་བ་མངའ་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་སྤྱན་ཁོ་ན་མངའ་བ་མ་ཡིན་ཏེ། སྤྱན་རྣམ་པ་ལྔ་མངའ་བ་ཉིད་གསལ་བར་སྟོན་ཏོ། །གཞན་དུ་ན་ཤེས་རབ་ཀྱི་སྤྱན་ཁོ་ནས་གཟིགས་པ་རྣམ་པར་དག་པ་ཚོལ་བར་འགྱུར་རོ། །དེ་ལ་བསྡུས་ན་སྤྱན་རྣམ་པ་བཞི་སྟེ། གཟུགས་འཛིན་པར་བྱེད་པ་དང་། དོན་དམ་པའི་བདེན་པ་འཛིན་པར་བྱེད་པ་དང་། །ཀུན་རྫོབ་ཀྱི་བདེན་པ་འཛིན་པར་བྱེད་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་འཛིན་པར་བྱེད་པའོ། །གཟུགས་འཛིན་པར་བྱེད་པ་ཡང་རྣམ་པ་གཉིས་ཏེ། ལས་ཀྱི་འབྲས་བུ་དང་། བསྒོམས་པའི་འབྲས་བུའོ། །དེས་ན་རྣམ་པ་ལྔར་འགྱུར་རོ། །རྒྱ་ཆེ་བའི་ཡུལ་ཅན་ཉིད་ཀྱི་ཕྱིར་གཟུགས་འཛིན་པ་ནི་དང་པོའོ། །དོན་དམ་པ་མཁྱེན་པའི་དབང་གིས་ཀུན་རྫོབ་ལ་མཁྱེན་པ་ཕྱིན་ཅི་མ་ལོག་པར་འཇུག་སྟེ། དེའི་ཕྱིར་དོན་དམ་པའི་བདེན་པ་འཛིན་པ་སྔ་མའོ། །དེ་ལ་ཆོས་དང་གང་ཟག་ཏུ་མངོན་པར་བརྗོད་པ་ནི་ཆོས་དང་གང་ཟག་ཏུ་བཏགས་པའོ། །དེ་དག་མཁྱེན་པ་ནི་ཆོས་ཀྱི་སྤྱན་ཞེས་བརྗོད་པར་བྱ་སྟེ། འདི་ནི་ཇི་སྙེད་པ་གཟིགས་པ་རྣམ་པར་དག་པའོ། །དཔེར་མཛད་པ་དེ་དག་གི་བསམ་པ་ཐ་དད་པའི་ 95-199b སེམས་ཀྱི་རྒྱུན་ངས་རབ་ཏུ་ཤེས་སོ་ཞེས་གང་གསུངས་པ་འདི་ནི་ཡེ་ཤེས་རྣམ་པར་དག་པ་སྟེ། དེ་ལ་སེམས་ཀྱི་རྒྱུན་ནི་དུས་གསུམ་པའི་སེམས་རྣམས་སོ། །དེ་ལ་བསམ་པ་ཐ་དད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའམ་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཡང་ན་འདས་པ་ལ་སོགས་པའི་དབྱེ་བས་སོ། །དེ་ལྟར་གཉིས་ཀ་ཡང་དོན་དམ་པར་རྣམ་པར་འཇོག་པར་བྱེད་དེ། སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་རྒྱུན་མེད་ཅེས་པ་དང་། འདས་པའི་སེམས་ཀྱང་དམིགས་སུ་མེད་ཅེས་བྱ་བ་རྒྱ་ཆེར་གསུངས་སོ། །དེ་ལ་འདས་པའི་སེམས་དམིགས་སུ་མེད་པ་ནི་ཉེ་བར་ཞི་བས་སོ། །མ་འོངས་པ་ནི་མ་བྱུང་བས་སོ། །ད་ལྟར་བྱུང་བ་ནི་དོན་དམ་པར་ཏེ། མངོན་སུམ་གྱི་ཤེས་བྱའི་དངོས་པོའི་དབང་དུ་བྱས་ནས་མཐོང་བ་རྣམ་པར་གཞག་པའོ། །དེ་ནས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བར་འདོམས་པའི་དབང་དུ་བྱས་པའི་ཡེ་ཤེས་ཏེ། འདིར་སེམས་ཀྱི་རྒྱུན་ནི་རྒྱུན་མེད་པའོ་ཞེས་ཇི་སྐད་གསུངས་པའོ། །དེ་བཞིན་དུ་གཟིགས་པ་རྣམ་པར་དག་པ་ལ་སྤྱན་ནི་སྤྱན་མེད་པའོ་ཞེས་ཅིའི་ཕྱིར་མ་གསུངས་ཤེ་ན། ཡེ་ཤེས་གཟིགས་པ་རྣམ་པར་དག་པ་ནི་རྟེན་གཅིག་ཉིད་ཀྱི་ཕྱིར་དང་། མཐར་ཐུག་དོན་དམ་པ་རྣམ་པར་གཞག་པ་ལས་ནི་དང་པོ་ཉིད་ནས་གྲུབ་པར་འགྱུར་ཞེས་པའོ། ། ༈ བསོད་ནམས་ཀྱི་ཕུང་པོ་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ། ༆ བསོད་ནམས་ཀྱི་ཕུང་པོ་དབང་དུ་གྱུར་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །འདིར་ཡང་དོན་དམ་པ་རྣམ་པར་འཇོག་པར་བྱེད་དེ། ཡང་རབ་འབྱོར་གལ་ཏེ་བསོད་ནམས་ཀྱི་ཕུང་པོར་གྱུར་ན་ཞེས་རྒྱ་ཆེར་གསུངས་སོ། ། ༈ སྐུ་ཕུན་སུམ་ཚོགས་པ། ༆ སྐུ་ཕུན་སུམ་ཚོགས་པ་དང་དཔེ་བྱད་ཀྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ་ཞེས་རྒྱ་ཆེར་གསུངས་སོ། །མཚན་གྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་ 95-200a སྙམ་མམ་ཞེས་རྒྱ་ཆེར་གསུངས་སོ། ། ༈ གསུང་ཕུན་སུམ་ཚོགས་པ། ༆ གསུང་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་བསྟན་ཏོ་ཞེས་རྒྱ་ཆེར་གསུངས་སོ། ། ༈ ཐུགས་ཕུན་སུམ་ཚོགས་པ། ༆ ཐུགས་ཕུན་སུམ་ཚོགས་པ་དྲན་པ་ཉེ་བར་གཞག་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་མ་འོངས་པའི་དུས་ན་སེམས་ཅན་གང་དག་འདི་ལྟ་བུའོ་ཆོས་བཤད་པ་འདི་ཐོས་ནས་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །འདིས་ནི་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་གང་དག་ལ་དགོངས་པ་ཉེ་བར་བཞག་པ་དེ་ཡོངས་སུ་གསལ་བར་བསྟན་ཏེ། དེ་དག་སེམས་ཅན་མ་ཡིན་པ་ནི་དོན་དམ་པ་ལས་སོ། །སེམས་ཅན་མེད་པ་མ་ཡིན་པ་ནི་ཀུན་རྫོབ་ལས་སོ། །འདི་ལས་གཞན་པ་ནི་དོན་དམ་པ་བསྟན་པ་ལས་སོ། །ཐུན་མོང་མ་ཡིན་པའི་དོན་རྣམས་ཀྱི་འཐད་པའི་དོན་གསལ་བར་སྟོན་པ་ནི་དེ་རྣམས་ཉིད་སྔ་མ་བཞིན་ནོ། །ཐུགས་ཕུན་སུམ་ཚོགས་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ལ་ཆོས་དེ་གང་ཡང་མེད་དོ་ཞེས་ལྟ་བའི་སྐྱོན་ཡོངས་སུ་སྤངས་ནས་བྱང་ཆུབ་དང་བྱང་ཆུབ་ཀྱི་ལམ་ཡོངས་སུ་ཚོལ་བར་བྱེད་དེ། དེ་ཡང་བྱང་ཆུབ་གཉིས་དང་ངེས་པའི་ཚིག་གཉིས་ཀྱིས་སྟོན་པར་བྱེད་དོ། །དེ་ནི་བླ་ན་མེད་པའི་སྒྲ་དང་ཡང་དག་པའི་སྒྲ་ཉེ་བར་བཟུང་ནས་ཏེ། ཨ་ནུ་ར་བི་ཏ་ཏྲ་དྷརྨོ་ན་བིདྱ་ཏེ། ཞེས་པ་ནི་ཨ་ནུཏྟ་རའི་སྒྲ་ཉེ་བར་བཟུང་བ་སྟེ་བྱང་ཆུབ་ཀྱི་རང་གི་མཚན་ཉིད་སྟོན་པར་བྱེད་དོ། །རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་བྱང་ཆུབ་དེ་ལ་སྐྱེ་བའི་ཆོས་རྡུལ་ཙམ་ཡང་ཡོད་པ་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་དམིགས་སུ་མེད་པའོ། །དེ་ཉིད་ཀྱིས། རྗེས་སུ་ཡོང་། དེའི་ཆོས། ཡོད་པ་ན་ཡོད་པ་མ་ཡིན་པར་ཤེས་པར་བྱའོ། །ཡང་རབ་འབྱོར། ས་མཿས་དྷརྨཿཆོས་དེ་ནི་ཉམ་པ། ཞེས་པས་ནི་ཡང་དག་པར་རྫོགས་པའི་སྒྲ་ཉེ་བར་བཟུང་ནས་བྱང་ཆུབ་ལས་གང་ཟག་སྤྱིའི་མཚན་ཉིད་སྟོན་པར་བྱེད་དེ། དེ་ལ་ཆོས་དེ་ནི་མཉམ་པ་སྟེ་ཞེས་པ་ནི་ཆོས་གང་གིས་བྱང་ཆུབ་དང་སངས་རྒྱས་སུ་གདགས་ 95-200b པའོ། །དེ་ལ་མི་མཉམ་པ་གང་ཡང་མེད་པས་ཤེས་པས་ནི། སངས་རྒྱས་ཐམས་ཅད་དོན་དམ་པར་སྐུ་ཚེ་ལ་སོགས་པ་ཡང་མི་མཉམ་པ་མེད་པར་སྟོན་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་སྲོག་མེད་པ་ཉིད་ཀྱིས་མཉམ་པའོ་ཞེས་སོ། །འཁོར་བ་པའི་ཆོས་ཀྱི་སྤྱིའི་མཚན་ཉིད་ལས་བྱང་ཆུབ་སྟོན་པར་བྱེད་པ་ནི། དགེ་བའི་ཆོས་ཐམས་ཅད་ཀྱིས་མངོན་པར་སངས་རྒྱས་སོ་ཞེས་གསུངས་སོ། །བྱང་ཆུབ་ཀྱི་ལམ་ཡོངས་སུ་སྟོན་པ་ནི། དེ་རྣམས་དེ་ལྟར་ཡང་སྟེ། དེ་རྣམས་ཀྱང་དོན་དམ་པའི་མཚན་ཉིད་ཀྱིས་རྣམ་པར་འཇོག་པར་བྱེད་དོ། །ཐུགས་ཕུན་སུམ་ཚོགས་པ་དོན་ཆེན་པོ་རྣམ་པར་གཞག་པའི་དབང་དུ་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རི་རབ་ཇི་སྙེད་ཡོད་པ་ཞེས་རྒྱ་ཆེར་གསུངས་སོ། །དོན་ཆེན་པོ་གདམས་ངག་རྣམ་པར་བཞག་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པས་འདི་སྙམ་དུ་ངས་སེམས་ཅན་རྣམས་བཀྲོལ་ལོ་ཞེས་དགོངས་སོ་སྙམ་ན་ཞེས་རྒྱ་ཆེར་གསུངས་སོ། །དེ་ཉིད་དེ་བཞིན་གཤེགས་པས་བདག་ཏུ་འཛིན་པར་འགྱུར་ཞེས་པའི་དགོངས་པ་ཅི་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པས་ཤེས་བྱ་ཇི་ལྟ་བ་མཁྱེན་པས་དེའི་ཕྱིར་སེམས་ཅན་དུ་དགོངས་པར་གྱུར་ན། དེ་ཉིད་དེ་བཞིན་གཤེགས་པས་བདག་ཏུ་འཛིན་པར་འགྱུར་ཞེས་བལྟ་བར་བྱའོ། །གལ་ཏེ་བདག་མེད་ཀྱང་རེ་ཞིག་བདག་ཏུ་འཛིན་པ་ཡོད་དོ་སྙམ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར། རབ་འབྱོར་བདག་ཏུ་འཛིན་ཞེས་བྱ་བ་ནི་དེ་འཛིན་པ་མེད་པར་ཞེས་རྒྱ་ཆེར་གསུངས་སོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་ཡོད་པར་བཟུང་ཡང་བཟུང་དུ་མེད་དོ་ཞེས་པ་ནི། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ནི། དེ་དག་སྐྱེ་བོ་མེད་པར་ཞེས་རྒྱ་ཆེར་གསུངས་ཏེ་དེ་རྣམས་དེ་བཞིན་ནོ། །ཐུགས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཡོངས་སུ་འཛིན་པའི་དབང་དུ་བྱས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་ཇི་ལྟར་མི་མཐོང་བ་དང་གང་གིས་མི་མཐོང་བ་གསལ་བར་བསྟན་ཏེ། ཅི་ལྟར་མི་མཐོང་ཞེ་ན་ལྟ་བ་ལ་སོགས་པའི་ཐ་སྙད་རྣམས་ཀྱིས་སོ། །སྤོང་བར་བརྗོད་པ་ 95-201a ནི་བསམ་གཏན་ཏེ་གང་གི་བསམ་གཏན་པ་དེ་ལྟར་སྤོང་བ་པ་ཞེས་བརྗོད་པ་སྟེ། དེ་ཡང་བསམ་པ་དང་སྒོམ་པའོ། །དེ་ལ་བསམ་པས་ནི་དེ་མ་ཡིན་པར་བཟུང་ལ། བསྒོམས་པས་ནི་ལོག་པར་ཤེས་པ་སྟེ། སྤོང་བས་ཞུགས་པས་ནི་ལོག་པར་ཤེས་པའི་ཐ་སྙད་བཟུང་བར་རིག་པར་བྱའོ། །གང་གིས་མི་མཐོང་ཞེ་ན་ཐ་སྙད་ལ་ཞུགས་པའི་སྐྱེ་བོ་རྣམས་ཀྱིས་སོ། །ཚིགས་སུ་བཅད་པ་གཉིས་པའི་ཕྱེད་སྔ་མས་ནི་གང་མི་མཐོང་བ་དང་ཕྱེད་ཕྱི་མས་ནི་རྒྱུ་གང་གིས་མི་མཐོང་བ་གསལ་བར་བསྟན་ཏེ། དེ་ལ། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །ཞེས་པ་ནི་ཆོས་འདི་ལ་དེ་བཞིན་གཤེགས་པའི་དོན་དུ་དགོངས་པའོ། །རྒྱུ་གང་གི་ཤེས་ན། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་ཏེ། གང་གི་ཕྱིར་དེ་བཞིན་ཉིད་ལ་དམིགས་པ་ཀུན་ཏུ་འགྲོ་བའི་སངས་རྒྱས་རྣམས་ནི་རྣམ་པར་དག་པའི་སྐུ་སྟེ། དེའི་ཕྱིར་དེ་རྣམས་ཆོས་ཉིད་དུ་བལྟ་བར་བྱ་སྟེ་འདི་ནི་དེར་བལྟའོ། །ཅི་སླར་ཡང་རྒྱུ་གང་གིས་བལྟ་བྱ་མ་ཡིན་ཞེ་ན། གང་གི་ཕྱིར་དེ་བཞིན་ཉིད་ཀྱི་མཚན་ཉིད་ཆོས་ཉིད་ནི་སྒྲ་ཇི་བཞིན་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ལ། སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་ཇི་བཞིན་མ་ཡིན་པས་ཀྱང་མི་མཐོང་བས་ནི་རྣམ་པར་ཤེས་པ་མི་ནུས་ཞེས་ཏེ། དོན་འདི་གསལ་བར་སྟོན་པ་ནི། ཆོས་ཉིད་ཤེས་པར་བྱ་མིན་པས། །དེས་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་སོ། །དེ་བཞིན་དུ་འདིར་ཆོས་ཀྱི་སྐུའི་རྟེན་ནི་དེ་བཞིན་གཤེགས་པར་བལྟ་བར་བྱ་བ་མ་ཡིན་པ་ནི། མཚན་ཕུན་སུམ་ཚོགས་པས་མ་ཡིན་ཞེས་པས་སྟོན་པར་འགྱུར་ཏེ། མཚན་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པར་བལྟ་བར་བྱ་བ་མ་ཡིན་པའོ། །མཚན་ཕུན་སུམ་ཚོགས་པའི་རྒྱུ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་སོ་སྙམ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་དུ་འདི་ལྟར། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་འཛིན་ན་ཞེས་རྒྱ་ཆེར་གསུངས་པ་ཡིན་ཏེ། དེ་རྣམས་ལ་ནི་དེ་ལྟ་བུའོ། །ཐུགས་ཕུན་སུམ་ཚོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་དབང་དུ་བྱས་ནས། རབ་འབྱོར་ཡང་ཁྱོད་ 95-201b སྙམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཞེས་རྒྱ་ཆེར་གསུངས་ཏེ། དེ་ལ་ཆོས་གང་ལ་ལ་ཞིག་བཤིག་པར་བཏགས་པ་མེད་པ་ནི། ཇི་ལྟར་གནས་པའི་ཆོས་ཉིད་དོ། །ཆད་པ་མེད་པ་ནི་སོ་སོར་རྟོགས་པས་ཏེ་འཁོར་བ་པའི་ཆོས་རྣམས་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་དབང་དུ་གྱུར་པས་སླར་ཡང་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པར་བྱེད་དོ། །འདིས་ནི་རེ་ཞིག་ཞི་བ་བགྲོད་པ་གཅིག་པུ་པའི་དེ་ཁོ་ན་ཉིད་བཀག་པས་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་ཉིད་གསལ་བར་བསྟན་ཏོ། །དེ་ནས་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་ཤིང་འཁོར་བར་ཡོངས་སུ་ཉོན་མོངས་པ་དང་འགྲོགས་པ་ཡོངས་སུ་སྤང་བའི་ཕྱིར་དུ་འདི་ལྟར། ཡང་རབ་འབྱོར་རིགས་ཀྱི་བུའམ་ཞེས་རྒྱ་ཆེར་གསུངས་ཏེ། དེ་ལ་བདག་མེད་ཅིང་སྐྱེ་བ་མེད་པའི་ཆོས་རྣམས་ལ་ཞེས་པའི་དོན་ཅི་ཞེ་ན་ཆོས་གང་ཞིག་གི་རབ་ཏུ་འཇུག་པ་སྤྲུལ་པ་ལྟ་བུའི་བདག་ཉིད་ལ་དེ་བཞིན་གཤེགས་པས་དབང་བརྙེས་པ་དེ་ནི་འཁོར་བ་པའི་ཆོས་ཀྱི་བདག་ཉིད་མ་ཡིན་ཞིང་དེ་བཞིན་དུ་ལས་དང་ཉོན་མོངས་པ་ལས་བྱུང་བ་མ་ཡིན་ཞིང་དབང་དུ་གྱུར་པ་དེ་ནི། བདག་མེད་ཅིང་སྐྱེ་བ་མེད་པ་ཞེས་བྱ་སྟེ། འདིའི་ཤེས་པར་བྱེད་པ་ཅི་ཞེ་ན། གཞན་དུ་ཡང་ཇི་སྐད་བཤད་པའི་བསོད་ནམས་ཡོངས་སུ་བཟུང་བས་འཁོར་བར་ཡོངས་སུ་ཉོན་མོངས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་བདག་མེད་ཅིང་སྐྱེ་བ་མེད་པ་ལ་བཟོད་པ་རྣམས་ནི་ལྟ་ཅི་སྨོས་ཏེ། སྐྱེ་བ་མེད་པ་ལ་བཟོད་པ་ཐོབ་པས་ནི་བསོད་ནམས་ཆེས་མང་པོ་སྐྱེ་བར་འགྱུར་བས་སོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བྱའོ་ཞེས་པ་དེས་ནི་འཁོར་བར་རབ་ཏུ་མི་གནས་པ་ཉིད་གསལ་བར་སྟོན་པར་བྱེད་དེ། འཁོར་བར་རབ་ཏུ་མི་གནས་པས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་འཛིན་པར་བྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་མི་བྱའོ་ཞེས་པའི་དགོངས་པ་ཅི་ཞེ་ན། བཅོམ་ལྡན་འདས་ཀྱིས་གཞན་དུ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་བར་བྱའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོངས་སུ་བཟུང་མོད་ཀྱི་ལོག་པར་མི་བཟུང་སྟེ། དེ་ནས་ཡོངས་ 95-202a སུ་གཟུང་བར་བྱའོ་ཞེས་རྣམ་གྲངས་ཀྱིས་ཡོངས་སུ་གཟུང་བར་བྱ་བ་སྟོན་ཏོ། །ཇི་ལྟར་ལོག་པར་མི་བཟུང་བ་ནི་སྔར་བཤད་པ་དེ་བཞིན་ཏེ་དེ་རྣམས་ཉིད་དོ། །ཐུགས་ཕུན་སུམ་ཚོགས་པ་རྒྱུ་བ་དང་གནས་པའི་སྤྱོད་ལམ་གྱི་དབང་དུ་བྱས་ནས། ཡང་རབ་འབྱོར་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་བཞུད་དམ་བྱོན་ཏམ་ཞེས་རྒྱ་ཆེར་གསུངས་ཏེ། དེ་ལ་རྒྱུ་བ་ནི་འཆག་པ་དང་གནས་པའོ། །ལྷག་མ་ནི་སྤྱོད་ལམ་མོ། །གཟུགས་དང་མིང་གི་ལུས་རྣམ་པར་སྒོམ་པ་ལ་དབང་འབྱོར་པའི་རྒྱུ་བ་དང་གནས་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཅེས་རྒྱ་ཆེར་གསུངས་པ་ཡིན་ཏེ། འདི་ལ་ཡང་ཕྲ་མོར་བྱེད་པའི་ཐབས་དང་སྣང་བ་མེད་པར་བྱེད་པའི་ཐབས་ཏེ། དེ་སྒོམ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ཡིན་སྙམ་མམ་ཞེས་པས་ནི་འདིར་ཇི་སྙེད་པ་སྟེ། ཕྲ་མོར་བྱེད་པའི་ཐབས་སོ། །བཅོམ་ལྡན་འདས་གལ་ཏེ་ཚོགས་ཤིག་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩལ་བའི་སླད་དུའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་ནི་སྣང་བ་མེད་པར་བྱེད་པའི་ཐབས་སོ། །དེ་ལྟར་བཤད་པར་གྱུར་པ་ཅི་ཞེ་ན། གལ་ཏེ་རྡུལ་ཕྲ་རབ་ཀྱི་ཚོགས་དོན་དམ་པར་ཡོད་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་དེ་ཚོགས་མེད་པའོ་ཞེས་མི་གསུང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་དེ་ཚོགས་མ་མཆིས་པར་གསུངས་པས་ན་དེ་ལྟར་བཤད་པའོ། །རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ཚོགས་པའི་བདག་ཉིད་དུ་མ་གྲུབ་པ་ཅིག་ཤོས་མ་བཤད་པ་ལ་ཡང་ཚོགས་ཀྱི་བློར་འགྱུར་བ་ནི་ཅིའི་དོན་དུ་སླར་བརྗོད་ཅེ་ན། དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཤེས་པ་སྣང་བ་མེད་པར་བྱེད་པའི་ཐབས་ཉིད་དེ་མིང་གི་ལུས་བསྒོམ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །འདིར་ཁམས་གསུམ་གྱི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ལ་དགོངས་པ་སྟེ། དེ་ཡང་མིང་གི་ཚོགས་ཀྱིས་རབ་ཏུ་ཕྱེ་བའོ། །བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་གྱི་ཁམས་ཤིག་མཆིས་པར་གྱུར་ན་དེ་ཉིད་ 95-202b རིལ་པོར་འཛིན་པར་འགྱུར་ཞེས་པ་ནི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དང་རྡུལ་ཕྲ་རབ་གང་ཡིན་པ་གཉི་གའི་དབང་དུ་མཛད་ནས་གསུངས་པའོ། །རིལ་པོར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་ཏུ་རིལ་པོར་འཛིན་པ་དང་། རྣམ་པར་ཕྱེ་སྟེ་རིལ་པོར་འཛིན་པའོ། །དེ་ལ་འཇིག་རྟེན་གྱི་ཁམས་ལ་ཡོད་པ་ནི་ཕུང་པོ་རྣམས་ལ་སེམས་ཅན་ནོ་ཞེས་གཅིག་ཏུ་རིལ་པོར་འཛིན་པར་འགྱུར་ལ། རྡུལ་ཕྲ་རབ་ལ་ཡོད་པ་ནི་རྣམ་པར་ཕྱེ་སྟེ་རིལ་པོར་འཛིན་པར་འགྱུར་ཏེ། རྡུལ་ཕྲ་རབ་ཀྱི་ཚོགས་བཟུང་བས་རིལ་པོར་འཛིན་པའོ། །འདིར་འཛིན་པ་ཞེས་བྱ་བ་ཡང་འཕགས་པ་རབ་འབྱོར་གྱིས་དོན་དམ་པར་རྣམ་པར་འཇོག་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་སྒྲུབ་པར་མཛད་པ། རིལ་པོར་འཛིན་པ་ཉིད་ནི་ཐ་སྙད་དེ་ཞེས་རྒྱ་ཆེར་ཏེ། ཅིས་ཤེས་པར་བྱེད་ན་ཐ་སྙད་ལས་སོ། །རིལ་པོར་འཛིན་པ་དེ་ཡང་དོན་དམ་པར་ནི་བརྗོད་དུ་མེད་པ་ཉིད་ཀྱིས་སོ། །དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་བ་ནི་ཐ་སྙད་ཇི་ལྟ་བར་ཏེ་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱའོ། །སྣང་བ་མེད་པར་བྱེད་པའི་ཐབས་བསྒོམ་པ་བཤད་ནས་སྣང་བ་མེད་པར་བྱེད་པའི་རྣལ་འབྱོར་དང་སྙོམས་པར་འཇུག་པ་དེ་ཡང་སྒྲུབ་པར་བྱེད་དེ། དེ་ཡང་རྣམ་པར་མི་རྟོག་ཅེས་བྱ་བ་ནི་ཇི་ལྟ་བར་རྣམ་པར་མི་རྟོག་པའོ། །གང་དང་གང་ཞིག་གང་གིས་གང་དུ་རྣམ་པར་མི་རྟོག་པ་དེ་དེ་ལས་གོང་དུ་སྟོན་པར་བྱེད་པ་ནི། རབ་འབྱོར་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་བདག་ཏུ་ལྟ་བར་གསུངས་སོ་ཞེས་ཟེར་ན་ཞེས་རྒྱ་ཆེར་གསུངས་ཏེ། འདིས་ནི་ཇི་ལྟར་རྣམ་པར་མི་རྟོག་པ་དེ་གསལ་བར་བསྟན་པ་ཡིན་ནོ། །ཅི་ལྟར་ཞེ་ན་གཞན་མུ་སྟེགས་ཅན་གྱིས་བདག་ཏུ་བརྗོད་པ་དང་དེ་བཞིན་གཤེགས་པས་བདག་ཏུ་གསུངས་པ་དེ་གང་ཟག་གི་བདག་མེད་པར་རྣམ་པར་འཇོག་གོ། །བདག་ཏུ་ལྟ་བ་དེ་ཡང་ལྟ་བ་མ་མཆིས་པར་གསུངས་པ་ནི་ཆོས་ཀྱི་བདག་མེད་པར་འཇོག་སྟེ། གལ་ཏེ་བདག་ཏུ་ལྟ་བ་དེ་ལ་ལྟ་བར་འཛིན་པ་མེད་པ་དེ་ལྟར་སྦྱོར་བར་བྱེད་ན་རྣལ་འབྱོར་ལ་སྙོམས་པར་འཇུག་པར་འགྱུར་ཏེ། དེ་ལྟར་རྣམ་པར་མི་རྟོག་པ་དེ་ནི་དེར་འཇུག་པའི་ཐབས་ཡིན་ནོ། །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་ 95-203a ཞེས་བྱ་བ་འདི་ནི་སུ་རྣམ་པར་མི་རྟོག་པར་བྱེད་པ་དེ་ཡོངས་སུ་བསྟན་ཏོ། །ཆོས་ཐམས་ཅད་ཅེས་བྱ་བ་འདིས་ནི་གང་ལ་རྣམ་པར་མི་རྟོག་པར་བྱ་བ་དེ་བསྟན་ཏོ། །ཤེས་པར་བྱ་བ་ལྟ་བར་བྱ་མོས་པར་བྱ་ཞེས་བྱ་བ་འདིས་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལས་བརྩམས་ཏེ། ཤེས་པ་དང་མཐོང་བ་དང་མོས་པ་རྣམས་ཀྱིས་ཏེ། གང་གིས་རྣམ་པར་མི་རྟོག་པར་བྱ་བ་དེ་བསྟན་ཏོ། །དེ་ལ་ཞི་གནས་ལ་བརྟེན་པ་ནི་ཤེས་རབ་བོ། །ལྷག་མཐོང་ལ་བརྟེན་པ་ནི་ཡེ་ཤེས་སོ། །མཐོང་བ་གཉི་ག་ཡང་འདིར་མོས་པའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་གྱི་དབང་གིས་གཟུགས་བརྙན་གྱི་དམིགས་པ་ལ་ལྷག་པར་མོས་པར་བྱེད་དོ། །ཅི་ནས་ཆོས་སུ་འདུ་ཤེས་པ་ལ་ཡང་མི་གནས་པ་དེ་ལྟར་མོས་པར་བྱའོ་ཞེས་བྱ་བས་ནི། རྣམ་པར་རྟོག་པ་གང་ཡིན་པ་དེ་ཡོངས་སུ་བསྟན་ཏེ་དེ་རྣམས་ནི་ཉིད་དོ། །ཆོས་སུ་འདུ་ཤེས་པས་ནི་ཐུན་མོང་མ་ཡིན་པའི་དོན་གྱི་རིགས་པའི་དོན་སྟོན་པར་བྱེད་དེ། འདི་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པའི་ཐབས་ཏེ་རྟེན་ཐམས་ཅད་དུ་རིག་པར་བྱའོ། །འདུན་པ་དང་སྨོན་ལམ་དང་རྣམ་པར་གཡེང་བ་ཚར་གཅོད་པ་སྟེ་དེ་ཙམ་ཉིད་དུ་བྱའོ། །དེའི་ཕྱིར་དེ་དག་གིས་ཐབས་བཤད་ཟིན་ཏེ། དེ་ལྟ་བུ་ཉིད་དོ། །སེམས་ཕུན་སུམ་ཚོགས་པ་སྟོན་པ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་དབང་དུ་བྱས་ནས། ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཞེས་རྒྱ་ཆེར་གསུངས་སོ། །འདིས་ཅི་ཞིག་བསྟན་ཞེ་ན། ཆོས་འདི་དོན་ཆེན་པོ་དང་ལྡན་པའི་ཕྱིར་གདོན་མི་ཟ་བར་ཡང་དག་པར་རབ་ཏུ་གསལ་བར་བྱ་བའོ། །དེ་ལྟ་མོད་ཀྱི་ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་ལྟར་རབ་ཏུ་གསལ་བར་བྱ་བའོ། །ཅི་ལྟར་ཡང་དག་པར་རབ་ཏུ་སྟོན་ཞེ་ན། ཅི་ནས་ཀྱང་རབ་ཏུ་མི་སྟོན་པ་བཞིན་དུ་སྟེ། དེས་ན་ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ་ཞེས་པའི་དགོངས་པ་ཅི་ཞེ་ན། བརྗོད་དུ་མེད་པར་བསྟན་པའི་བདག་ཉིད་ཀྱི་ཆོས་ནི་བསྟན་པར་བྱར་མེད་པ་སྟེ། གཞན་དུ་ཀུན་ནས་ཉོན་མོངས་པས་བསྟན་པར་འགྱུར་ཏེ། དོན་ཕྱིན་ཅི་ལོག་པའི་ཕྱིར་རོ་ཞེས་དེ་ལྟར་བསྟན་པ་ལ་ལྷག་པར་དང་བ་དང་དོན་དུ་གཉེར་བ་མེད་ 95-203b དོ། །དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པར་ཆོས་བསྟན་པར་འགྱུར་ཏེ་དེ་ནི་དེ་བཞིན་ནོ། །སེམས་ཕུན་སུམ་ཚོགས་པ་འཁོར་བར་ཀུན་ནས་ཉོན་མོངས་པ་མེད་པའི་དབང་དུ་བྱས་ནས། སྐར་མ་རབ་རིབ་མར་མེ་དང་། ཞེས་པའི་ཚིགས་སུ་བཅད་པ་སྟེ། དོན་ནི་སྔར་ཇི་ལྟ་བ་བཞིན་ཏེ་བཤད་ཟིན་ཏོ། །ཨེ་ཏཱ་ད་ཤཱི་མརྠ་ག་ཏིཾ་ནི་ཤཱ་མྱ། ཡེ་ཥཱཾ་མ་ཧཱ་ཡཱ་ན་མ་བདྡྷཽ་མེ་བ། ཏཱ་ནསྨ་ནོ་བདྨི་ན་བཱསྨ་ནོ་པི། གུ་ཎཻར་བྷཱ་བྱཱ་ནླ་སུ་ནཱ་ན་བཻ་མི། ཧཱི་ནོ་ཧི་གཱམྦྷཱིཪྻ་མུ་དཱ་ར་ཏཱམྦཱ། བོནྡྷུནྣ་ཤཀྣཱ་ཏི་ན་ཙཱ་དྷི། མོཀྟུཾ། པྲཱ་ཡེ་ཎ་ཙཻ་པེ་བ་དྷི་ཨེ་ཥ་ལོ་ཀཿཏེ་ནཱ་ཏྲ་དྷརྨེ་ཁེ་ལ་ཏཱམྤྲ་ཡཱ་ཏཿ འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།ཞེས་པ་འདི་ནི་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་བའི་ཞལ་སྔ་ནས་གསར་འགྱུར་མཛད་པའི་འཕྲོ་ཅུང་ཟད་ལུས་པ། རྗེ་དམ་པ་དེའི་དགོངས་པ་ཡོངས་སུ་རྫོགས་པའི་སླད་དུ་འགྱུར་བར་གྱིས་ཤིག་ཅེས། ཞྭ་དམར་ཅོད་པན་འཛིན་པ་བཞི་པ། དཔལ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་སྩལ་པ་སྤྱི་བོས་མནོས་ཏེ། ཞ་ལུ་ལོ་ཙཱ་བ་འགོས་ཆོས་སྐྱོང་བཟང་པོས། ལུགས་གཉིས་ཀྱི་མདུན་ས་ཆེན་པོ་ཕོ་བྲང་སྣེའུ་གདོང་རྩེར། ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དཔལ་ངག་གི་དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་གྱི་མངའ་ཐང་ཆེན་པོ་ལ་བརྟེན་ནས་ལེགས་པར་བསྒྱུར་བའོ། །དུས་གསུམ་རྒྱལ་བ་སྐྱེད་མ་རྡོ་རྗེའི་མཚན་ཅན་ཟབ་མོའི་དགོངས་འགྲེལ་རབ་གསལ་བ། །ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞེས་གྲགས་དཔལ་ལྡན་ཤིང་རྟ་ཆེན་པོས་རྣམ་པར་བཀོད། །གང་དེ་ཁ་བ་ཅན་པའི་དཔལ་དུ་གཞོན་ནུའི་མཚན་ཅན་མཁས་གྲུབ་མཆོག་གིས་བསྒྱུར། །དེ་ཉིད་རྫོགས་པར་བསྒྱུར་བའི་དགེ་བས་འདྲེན་པ་མཆོག་དེའི་དགོངས་པ་རྫོགས་གྱུར་ཅིག །སླར་ཡང་རྒྱ་དཔེ་ལ་གཏུགས་ཤིང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འགྲེལ་པར་བརྗོད་བྱ་རིས་མཐུན་པ་རྣམས་དང་སྦྱར་ཏེ་ཚིག་ཕྲད་དང་འཁྲུགས་སྡེབ་པ་སོགས་ཅུང་ཟད་ལེགས་ཆར་འགྱུར་བ་རྣམས་འབད་ཅིང་དག་པར་བགྱིས་སོ།། །།
66-60b The Sūtra on Four Precepts ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་། །བཞི་གང་ཞེ་ན། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བཟོད་པ་དང་དེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱ་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ཐམས་ཅད་མཁྱེན་ཉིད་སེམས་ནི་མི་གཏོང་ཞིང་། །མཁས་པས་རྫོགས་པའི་བྱང་ཆུབ་སེམས་སྐྱེད་ཅིག །བཟོད་པ་དེས་པའི་སྟོབས་ལ་རབ་གནས་ཏེ། །དགེ་བའི་བཤེས་གཉེན་ཡོངས་སུ་གཏང་མི་བྱ། །རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། །མཁས་ 66-61a པས་དགོན་གནས་རྟག་ཏུ་བསྟེན་པར་བྱ། །ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན། །བདུད་རྣམས་བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །  +
113-66a ༄༅། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ།
༄༅། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ་ ཞེས་བྱ་བའི་མདོ་འདི་ཅིའི་ཕྱིར་བརྩམས་ཤེ་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་མགོ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པའི་ཕྱིར་དང་། བག་མེད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་དང་། ཀུན་ཏུ་ཞུམ་པ་རྣམས་ ཡང་དག་པར་གཟེངས་སྟོད་པའི་ཕྱིར་དང་། ཡང་དག་པར་ཞུགས་པ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ། །བཞི་ཞེས་གྲངས་སྨོས་པ་ནི་རྒྱ་ཆེ་བར་དོགས་ནས་དེ་དག་ཉན་མི་འདོད་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །གྲངས་སྨོས་ན་བདེ་བླག་ཏུ་དྲན་པའི་ཕྱིར་རོ། །འོག་ནས་ འབྱུང་བའི་བཟོད་པ་དང་། ངེས་པ་གཉིས་དགོས་པ་གཅིག་པས་ཐ་མི་དད་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་ཡང་མིང་གཉིས་སྨོས་པ་ནི་རྒྱུ་གསུམ་གྱིས་ཏེ། མོས་པ་དང་། སྦྱོར་བ་དང་། ཁོང་དུ་ཆུད་པས་སོ། །མོས་པས་ཇི་ལྟ་བུ་ཞེ་ན། ཤེས་ བྱ་ཟབ་མོ་ལ་མོས་པའི་ཕྱིར་བྱང་ཆུབ་སེམས་དཔའོ། །མཐུ་ཆེན་པོ་ལ་མོས་པའི་ཕྱིར་སེམས་དཔའ་ཆེན་པོའོ། །སྦྱོར་བས་ཇི་ལྟ་བུ་ཞེ་ན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་རབ་ཏུ་བརྩོན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་ བསྐྱབ་པའི་ཕྱིར་རོ། །ཁོང་དུ་ཆུད་པས་ཇི་ལྟ་བུ་ཞེ་ན། སྟོབས་གཉིས་ཀྱིས་བྱང་ཆུབ་རྟོགས་པར་འགྱུར་བའི་ཕྱིར་ཏེ། གཉིས་གང་ཞེ་ན། བློའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་ཏེ། མི་ཤེས་པ་དང་། བརྩོན་འགྲུས་ཆུང་ངུས་ནི་བྱང་ཆུབ་རྟོགས་པར་མི་ནུས་སོ། །ཇི་སྲིད་འཚོའི་ 113-66b བར་དུ་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བས་ནི། ཆོས་དེ་རྣམས་ལ་རྒྱུན་དུ་བྱ་བ་ཉིད་སྟོན་ཏོ། །སྲོག་གི་ཕྱིར་ཡང་ཞེས་བྱ་བས་ནི་གུས་པར་བྱ་བ་ཉིད་དོ། །ཅིའི་ཕྱིར་ཆོས་བཞི་ཞེས་བྱ་སྟེ། མི་ཉུང་མི་མང་ཞེ་ན། བྱང་ཆུབ་ཀྱི་ཚོགས་ཀྱི་བར་ཆད་བྱེད་པའི་ཆོས་བཞི་སྟེ། དེ་དག་གི་གཉེན་པོར་བཞིའོ། ། བར་ཆད་བྱེད་པའི་ཆོས་བཞི་པོ་དག་གང་ཞེ་ན། དོན་དུ་མི་གཉེར་བ་ཉིད་དང་། ཐབས་མི་ཤེས་པ་ཉིད་དང་། སེམས་ཅན་ལ་མི་ཕྱོགས་པ་ཉིད་དང་། ཡུལ་ལ་མངོན་དུ་ཕྱོགས་པ་ཉིད་དོ། །ཡང་བཞི་སྟེ། མི་རྩོམ་པ་དང་། ལོག་པར་རྩོམ་པ་དང་། རྩོམ་པ་གཏོང་བ་དང་། རྩོམ་པ་ལ་ རྣམ་པར་གཡེང་བའོ། །ཡང་བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞིའོ། །བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་པོ་དག་གང་ཞེ་ན། གདམས་ངག་དང་རྗེས་སུ་བསྟན་པ་འདོད་པ་ཉིད་དང་། དེ་འཐོབ་པ་དང་། དེའི་སྣོད་ཉིད་དང་། དེ་གྲུབ་པའོ། ། ཡང་བཞི་སྟེ། དོན་དུ་གཉེར་བ་ཉིད་དང་། ཐབས་ཤེས་པ་ཉིད་དང་། སྒྲུབ་པ་སྟེ། དེ་ལ་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའོ། །ཡང་བཞི་སྟེ། འཁོར་བ་ཡོངས་སུ་མི་གཏོང་བ་དང་། དེ་ན་ཀུན་ནས་ཉོན་མོངས་ པ་མེད་པ་དང་། སེམས་ཅན་སྡུད་པ་དང་། བརྩོན་འགྲུས་སྦྱངས་པ་ཉིད་དོ། །ཡང་རྒྱུ་བཞི་པོ་དག་གིས་བགྲོད་དཀའ་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། འགྲོ་བར་འདོད་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ཡི་ཆད་པས་ཇི་མི་སྙམ་པ་ཉིད་དང་། བག་ཡོད་པ་ཉིད་ཀྱིས་སོ། །དེ་ལྟར་ན་ འཁོར་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། དེ་དག་གི་གཞིའི་ཕྱིར་བཞིའོ། །ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བརྩོན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ཞེ་ན། ལྟག་ན་མེད་པ་ཉིད་དུ་མིང་རྣམ་པར་གཞག་པའི་ཕྱིར་ཏེ་སྣང་བྱེད་བཞིན་ནོ། །དོན་མདོར་བསྡུ་ན་བཅོམ་ ལྡན་འདས་ཀྱིས་མདོ་སྡེ་འདིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྗེས་སུ་མཐུན་པའི་ལས་དང་། ཇི་ལྟར་དེའི་འབྲས་བུ་མེད་པར་མི་འགྱུར་བ་དེ་ཡོངས་སུ་བསྟན་ཏོ། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། 113-67a
phags pa chos bzhi pa'i rnam par bshad pa'i rgya cher 'grel pa 113-67a ༄༅། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་བཞི་པོ་ཡི་མདོ་སྡེ་ནི། །མཁས་པ་དག་གིས་བཤད་ཀྱིས་ཀྱང་། །ཤེས་རབ་ཆུང་ངུ་དགའ་བྱའི་ཕྱིར། །བདག་གིས་ཀྱང་ནི་ཡང་དག་ བཤད། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ་ ཞེས་བྱ་བ་ནི་གླེང་གཞིའོ། །ཅིའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཤེ་ན། ཆོས་འདི་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་རྣམས་ཀྱི་ཡིན་པར་བསྟན་པའི་ཕྱིར་རོ། །དེ་བས་ན་དགེ་སློང་རྣམས་ལ་བཀའ་སྩལ་ཏེ། རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་འདི་བསྒྲུབ་ནུས་སོ་ཞེས་བསྟན་པའི་ཕྱིར་ གསུངས་སོ། །དགེ་སློང་གི་དགེ་འདུན་ཆེན་པོ་འདི་གྲངས་ཀྱི་ཕལ་ཆེ་བ་ཉིད་ལ་བསྟན་པ་སྟེ། དེ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་གསུངས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཅེས་བྱ་བ་དང་། བཅོམ་ལྡན་འདས་ཞེས་བྱ་བ་ནི། དགེ་སློང་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག །ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བའི་ མདོ་འདི་ཅིའི་ཕྱིར་བརྩམས་ཤེ་ན་ཞེས་བྱ་བ་ནི་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །དགོས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་མགོ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དང་། བག་མེད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་དང་། ཀུན་ཏུ་ཞུམ་པ་རྣམས་ཡང་དག་པར་ཞུགས་པར་གཟེངས་བསྟོད་པའི་ཕྱིར་དང་། ཡང་དག་པར་ཞུགས་པ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ་ཞེས་སྨོས་སོ། །དེས་ནི་དགོས་པ་བཞི་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་བསྟན་པ་དང་། ཡང་ 113-67b དག་པར་འཛིན་དུ་གཞུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བའོ། །གང་དག་ལ་ཡང་དག་པར་བསྟན་པའི་ཕྱིར་སྙམ་པ་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ལ་མགོ་རྨོངས་པ་ལ་ཞེས་བྱ་བ་སྨོས་སོ། །བླ་ན་མེད་པའི་བྱང་ཆུབ་ནི་ སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཐོབ་པར་བྱ་བའི་ཐབས་ལ་གང་དག་མགོ་རྨོངས་པ་དེ་དག་ལ་ཡང་དག་པར་བསྟན་པའི་ཕྱིར་རོ། །གང་དག་ཐོབ་པར་བྱ་བའི་ཐབས་མཐོང་ཡང་བག་མེད་དེ་མི་བསྒྲུབས་པས་བག་མེད་པ་དེ་དག་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་ཞེས་བྱ་བ་ནི་སློང་དུ་གཞུག་པའི་ ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་ཡང་དག་པར་ཞུགས་ཀྱང་ལེ་ལོ་ཆེ་བའི་ཕྱིར་ཞན་བཞིན་དུ་འཇུག་པ་དེ་དག་ནི་ཀུན་ཏུ་ཞུམ་པ་ཞེས་བྱ་སྟེ། ཀུན་ཏུ་ཞུམ་པ་དེ་དག་ཀྱང་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་ཞེས་བྱ་བ་ནི་བརྩོན་འགྲུས་ཆེར་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་བརྩོན་འགྲུས་ བརྩམས་ཏེ་ཆོས་འདི་དག་ལ་གནས་པ་དེ་དག་ནི་ཡང་དག་པར་ཞུགས་པ་རྣམས་ཞེས་བྱ་སྟེ། ཡང་དག་པར་ཞུགས་པ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དགའ་བའི་བྱེ་བྲག་སྐྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དགོས་པ་འདི་དག་ནི་མདོ་སྡེ་ཐམས་ཅད་ལ་ཡང་ཅི་ རིགས་པར་འགྱུར་རོ། །ཅིའི་ཕྱིར་བཞི་ཞེས་གྲངས་མཛད་སྙམ་པ་ལ། བཞི་ཞེས་གྲངས་སྨོས་པ་ནི་རྒྱ་ཆེ་བར་དོགས་ནས་དེ་དག་ཉན་མི་འདོད་པ་ཡོངས་སུ་སྤང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་པ་ནི་བློ་ཞན་པ་གང་དག་རྒྱ་ཆེ་བ་ལ་མགོ་རྨོངས་པར་གྱུར་པ་དེ་དག་ལ་གྲངས་སྨོས་པ་མེད་ན་རྒྱ་ཆེ་བར་དོགས་པ་སྐྱེའོ། །དོགས་པ་དེས་དེ་དག་ཆོས་དེ་ལ་ཉན་མི་འདོད་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་སྤང་བའི་ཕྱིར་གྲངས་སྨོས་པ་མཛད་དོ། །རྒྱུ་གཉིས་པ་སྟེ། གྲངས་སྨོས་ན་བདེ་བླག་ཏུ་དྲན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་པ་ནི་ཆོས་གང་དག་གྲངས་སྨོས་པ་དེ་དག་བདེ་བླག་ཏུ་ཟིན་པར་འགྱུར་གྱི་གཞན་དུ་ན་སེམས་རྣམ་པར་འཁྲུགས་པར་འགྱུར་བས་རྣམ་གྲངས་སྨོས་སོ། །རྒྱུ་གསུམ་པ་སྟེ། འོག་ནས་འབྱུང་བའི་བཟོད་པ་དང་། དེས་པ་གཉིས་དགོས་པ་གཅིག་པས་ཐ་མི་དད་པའི་ཕྱིར་རོ་ཞེས་སྨོས་པ་ནི་གལ་ཏེ་བཞི་ཞེས་གྲངས་མ་སྨོས་ན་བཟོད་པ་དང་། དེས་པ་གཉིས་མི་རྟོགས་པར་འགྱུར་རོ། །ཅིའི་ཕྱིར་དེ་གཉིས་ 113-68a ཐ་མི་དད་ཅེ་ན། དགོས་པ་གཅིག་པས་ཞེས་སྨོས་ཏེ། དགོས་པ་གཅིག་པའི་ཕྱིར་དེ་གཉིས་ཐ་མི་དད་པར་འདོད་དོ། །དེ་ཐོབ་པར་མི་འགྱུར་བར་བྱ་བའི་ཕྱིར་གྲངས་སྨོས་པར་མཛད་དོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་ཡང་ཞེས་བྱ་བ་ནི་ གང་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་པ་དེ་དག་ལ་མིང་མང་ཡང་ཞེས་བྱ་བ་སྟེ། དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པ་གསལ་བའི་མཆོག ། རྒྱལ་སྲས་རྒྱལ་བ་ཉིད་དང་ནི། །རྒྱལ་གཞི་རྒྱལ་བའི་མྱུ་གུ་དང་། །རྩལ་དང་ལྡན་པ་ངོ་མཚར་བ། །དེད་དཔོན་གྲགས་པ་ཆེན་པོ་དང་། །ཐུགས་རྗེ་ལྡན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་ཅན་ནོ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་རྣམ་གྲངས་མང་ན་ཅིའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་མིང་གཉིས་སྨོས་ཤེ་ན། དེའི་ཕྱིར་རྒྱུ་གསུམ་གྱིས་ཞེས་བྱ་བ་སྨོས་ཏེ། གསུམ་གང་ཞེ་ན། མོས་པ་དང་། སྦྱོར་བ་དང་། ཁོང་དུ་ཆུད་པས་སོ། །མོས་པས་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཟབ་མོ་ལ་མོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལ་ཟབ་ མོ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་དོ། །དེ་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སྟེ་དེ་ལ་མོས་པའོ། །སེམས་དཔའ་ནི་དེ་ལ་སེམས་པས་བྱང་ཆུབ་སེམས་དཔའོ། །མཐུ་ཆེན་པོ་ལ་མོས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བ་དེ་ལ་མཐུ་ཆེན་པོ་ནི་གང་སུའི་ལུཾང་བུ་རེ་རེ་ནས་ཀྱང་སངས་རྒྱས་ ཀྱི་ཞིང་དུ་མི་འཇིག་པ་དང་འཆགས་པའི་བསྐལ་པ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དེ་ལ་མོས་པས་ན་སེམས་ཅན་དེ་ཆེ་བས་སེམས་དཔའ་ཆེན་པོའོ། །སྦྱོར་བས་ཇི་ལྟ་བུ་ཞེ་ན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་རབ་ཏུ་བརྩོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་ སྟེ། བྱང་ཆུབ་ལ་རབ་ཏུ་བརྩོན་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་སྦྱར་བར་བྱ་སྟེ། སེམས་ཅན་གྱི་ཚོགས་ཆེན་པོ་མྱ་ངན་ལས་ཟློ་བའི་ཕྱིར་རབ་ཏུ་བརྩོན་པའི་ 113-68b སེམས་ཅན་ནི་ངེས་པའི་ཚིག་གི་ཚུལ་གྱིས་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཁོང་དུ་ཆུད་པ་ཇི་ལྟ་བུ་ཞེ་ན། སྟོབས་གཉིས་ཀྱིས་བྱང་ཆུབ་རྟོགས་པར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་རྟོགས་པར་འགྱུར་ཏེ། དེ་བས་ན་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །གཉིས་གང་ཞེ་ན། བློའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་ཏེ་ཞེས་བྱ་བ་སྨོས་ཏེ། བློ་ཉིད་དང་། བརྩོན་འགྲུས་ཉིད་སྟོབས་ཞེས་ཚིག་རྣམ་པར་སྦྱོར་རོ། །བློ་དེ་དང་ལྡན་པའི་སེམས་ཅན་ནི་མི་མཐུན་པའི་ཕྱོགས་ ཀྱི་ཟིལ་གྱིས་མི་ནོན་པས་བྱང་ཆུབ་སེམས་དཔའོ། །བརྩོན་འགྲུས་ནི་ཆེ་བར་འགྱུར་བའི་རྒྱུ་ཡིན་པས་དེ་དང་ལྡན་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །སྟོབས་གཉིས་ཀྱིས་བྱང་ཆུབ་རྟོགས་པར་ཇི་ལྟར་ཤེས་ཤེ་ན། མི་ཤེས་པ་དང་། བརྩོན་འགྲུས་ཆུང་ངུས་ནི་བྱང་ཆུབ་རྟོགས་ པར་མི་ནུས་སོ་ཞེས་བཤད་པ་སྟེ། དེ་བས་ན་དེ་ལྟར་རྒྱུ་གསུམ་གྱིས་མིང་གཉིས་སྨོས་པ་མཛད་དོ། །དེ་ནི་འདི་སྐད་དུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྣམ་གྲངས་མང་དུ་ཟིན་ཀྱང་འདིར་ཇི་སྐད་སྨོས་པའི་མོས་པ་དང་། སྦྱོར་བ་དང་། རྟོགས་པ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ ཞེས་བྱ་སྟེ། དེ་གཉིས་སྟོན་པའི་ཕྱིར་སྨོས་སོ་ཞེས་བསྟན་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བས་ནི་ཆོས་དེ་རྣམས་ལ་རྒྱུན་དུ་བྱ་བ་ཉིད་སྟོན་ཏོ་ཞེས་བྱ་བས་ནི་ཆོས་དེ་དག་ལ་རྟག་ཏུ་བསྟེན་ན་ཇི་སྐད་བཤད་པ་བཞིན་དུ་ཐོབ་པར་བསྟན་པའོ། །ཡོན་ཏན་དེ་ཡང་འོག་ ནས་ཚིགས་སུ་བཅད་དེ། མཁས་འདིར་ཆོས་འདི་དག་ལ་རྟག་གནས་ན། །བདུད་རྣམས་བཅོམ་སྟེ་བྱང་ཆུབ་འཚང་རྒྱའོ། །ཞེས་གསུངས་པའོ། །སྲོག་གི་ཕྱིར་ཡང་ཞེས་བྱ་བས་ནི་གུས་པར་བྱ་བ་ཉིད་དེ། གུས་པར་བྱ་བ་ནི་ཆོས་བཞི་པོ་འདི་དག་ལ་བྱ་བར་བསྟན་པར་སྦྱར་ཏེ། བསྟི་སྟང་དུ་བྱ་ཞིང་གུས་ པ་དང་བཅས་པས་བསྟན་ན་ཡོན་ཏན་རྣམས་ཐོབ་པར་བསྟན་ཏོ། །ཅིའི་ཕྱིར་ཆོས་བཞི་ཞེས་བྱ་ཞེ་ན་ཞེས་བྱ་བ་ནི་བཞི་པོ་འདི་ཉིད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ཉུང་མི་མང་ཞེས་བྱ་བར་སྦྱོར་རོ། །ལན་དུ་བྱང་ཆུབ་ཀྱི་ཚོགས་ཀྱི་བར་ཆད་བྱེད་པའི་ཆོས་བཞི་སྟེ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བྱང་ 113-69a ཆུབ་སེམས་དཔའི་ཚོགས་ལ་བར་ཆད་བྱེད་པ་བཞི་ཁོ་ན་སྟེ། མི་ཉུང་མི་མང་ལ་དེ་དག་གི་གཉེན་པོར་བཤད་པས་བཞི་ཉིད་དུ་འགྱུར་ཏེ། ཉུང་བ་ཡང་མ་ཡིན་མང་བ་ཡང་མ་ཡིན་ནོ། །བར་ཆད་བྱེད་པ་དེ་དག་གང་ཡིན་སྙམ་པ་ལ་དོན་དུ་མི་གཉེར་བ་ཉིད་དང་། ཐབས་ མི་ཤེས་པ་ཉིད་དང་། སེམས་ཅན་ལ་མི་ཕྱོགས་པ་ཉིད་དང་། ཡུལ་ལ་མངོན་དུ་ཕྱོགས་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེ་ལ་རེ་ཞིག་དོན་དུ་མི་གཉེར་བ་ཉིད་ཀྱི་གཉེན་པོར་ནི་འདི་ལྟ་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བྱང་ཆུབ་ཀྱི་སེམས་ སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་དོན་དུ་གཉེར་བའི་ངོ་བོ་ཡིན་པས་མི་འདོད་པ་ཉིད་བཟློག་པར་འགྱུར་རོ། །ཐབས་མི་ཤེས་པ་ཉིད་ཀྱི་གཉེན་པོར་ནི་འདི་ལྟར་དགེ་བའི་བཤེས་གཉེན་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དེ་ལ་ བརྟེན་ནས་ཐབས་ཤེས་པ་ཉིད་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་རྣམས་ཏེ། དཔེར་ན་བྱང་ཆུབ་སེམས་དཔའི་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་ལ་མི་ཕྱོགས་པ་ཉིད་ཀྱི་གཉེན་པོར་འདི་ལྟར་བཟོད་པ་དང་། དེས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དེ་ལ་བཟོད་པ་ནི་ཕ་རོལ་གྱི་གནོད་པ་བྱས་པ་ལ་བཟོད་པའོ། །དེས་པ་ནི་ཕ་རོལ་ལ་གནོད་པ་ མི་བྱེད་པ་སྟེ། བདག་གི་སེམས་རྣམ་པར་དག་པ་དང་། གཞན་གྱི་སེམས་རྗེས་སུ་སྲུང་བ་དང་། གོ་རིམས་བཞིན་ནོ། །དེ་ལྟར་སྡུག་བསྔལ་དང་གནོད་པ་འདོད་པའི་གཉེན་པོས་སེམས་ཅན་ལ་མི་ཕྱོགས་པ་ཉིད་ཀྱི་གཉེན་པོར་གྱུར་པ་ཡིན་ནོ། །ཡུལ་མངོན་དུ་ཕྱོགས་པའི་གཉེན་པོར་ནི་འདི་ལྟར་ དགོན་པ་ལ་གནས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དེ་ན་བུད་མེད་ཀྱི་གཟུགས་ལ་སོགས་པ་ཆགས་པར་འགྱུར་བ་རྣམས་མེད་པའི་ཕྱིར་རོ། །འདྲེ་བ་མེད་པས་མངོན་དུ་ཕྱོགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །ཡང་བཞི་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བར་ 113-69b ཆད་བྱེད་པའི་ཆོས་བཞི་ཞེས་བྱ་བར་བསྙེགས་སོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མི་རྩོམ་པ་དང་། ལོག་པར་རྩོམ་པ་དང་། རྩོམ་པ་གཏོང་བ་དང་། རྩོམ་པ་ལ་རྣམ་པར་གཡེང་བའོ། །དེ་ལ་མི་རྩོམ་པའི་གཉེན་པོར་ནི་འདི་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏང་བར་མི་བྱ་ཞེས་ གསུངས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ལ་རྩོལ་བར་འགྱུར་བའི་ཕྱིར་མི་རྩོམ་པའི་གཉེན་པོ་ཉིད་ཡིན་པར་རིག་པར་བྱའོ། །ལོག་པར་རྩོམ་པའི་གཉེན་པོར་ནི་འདི་ལྟར་དགེ་བའི་བཤེས་གཉེན་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། དགེ་བའི་བཤེས་གཉེན་ནི་ཡང་དག་ པའི་རྩོམ་པའི་རྒྱུར་གྱུར་པའི་ཕྱིར་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དང་འཁོར་བའི་གཉེན་པོའི་ཆོས་སྟོན་པའོ། །དེ་བས་ན་དགེ་བའི་བཤེས་གཉེན་རྣམས་ཡིན་གྱི་དེ་ལྟ་མ་ཡིན་ན་ནི་མཛའ་བཤེས་ངན་པ་རྣམས་སུ་འགྱུར་ ཏེ། དཔེར་ན་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མཛའ་བཤེས་ངན་པ་གྲོགས་ངན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་བདག་ལ་ཕན་པའི་ཕྱིར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་དོན་ཉུང་ཞིང་བྱ་བ་ཉུང་བ་དང་། འཇིག་རྟེན་རྒྱང་ཕན་པ་གསང་ཚིག་གི་སྤོབས་པ་སྣ་ཚོགས་ ཅན་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །རྩོམ་པ་གཏོང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏོང་བ་སྟེ། དེའི་གཉེན་པོར་བཟོད་པ་དང་། དེས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བཟོད་པ་དང་དེས་པ་མེད་ན་གྲང་བ་ལ་སོགས་པ་ལས་བྱུང་བ་དང་། གཞན་གྱི་གནོད་ པ་ལས་བྱུང་བའི་སྡུག་བསྔལ་གྱི་བྱེ་བྲག་གིས་གཟིར་བར་འགྱུར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏོང་བར་འགྱུར་བས་རྩོམ་པ་གཏོང་བའི་གཉེན་པོ་ནི་བཟོད་པ་དང་དེས་པའོ། །རྩོམ་པ་ལ་རྣམ་པར་གཡེང་བའི་གཉེན་པོར་དགོན་པ་ལ་གནས་པ་ཡོངས་སུ་གཏང་བར་མི་བྱ་ཞེས་གསུངས་པ་སྟེ། བྱང་ ཆུབ་ཀྱི་སེམས་ཡོད་དུ་ཟིན་ཀྱང་ལུས་ཀྱི་སེམས་རྣམ་པར་གཡེངས་ན་བྱང་ཆུབ་རྟོགས་པར་མི་ནུས་ཀྱི། ཡུལ་ཡོངས་སུ་བཏང་བས་དགོན་པ་ལ་དགའ་བར་གྱུར་ན་རྟོགས་པར་འགྱུར་ཏེ། དཔེར་ན་དགོན་པར་མངོན་པར་དགྱེས་པའི་རྒྱལ་བས་བྱང་ཆུབ་བརྙེས་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ 113-70a བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞི་ཡིན་པས་མི་ཉུང་མི་མང་ངོ་ཞེས་སྦྱར་རོ། །བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་པོ་དག་གང་ཞེ་ན། གདམས་ངག་དང་རྗེས་སུ་བསྟན་པ་འདོད་པ་ཉིད་དང་། དེ་འཐོབ་པ་ དང་། དེའི་སྣོད་ཉིད་དང་། དེ་སྒྲུབ་པའོ། །བཞི་པོ་དེ་དག་ནི་བྱང་ཆུབ་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་རྗེས་སུ་མཐུན་པ་དེ་སྒྲུབ་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་ཉིད་ཀྱི་ཕྱིར་ཡིན་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་མ་བཏང་ན་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་ལ་གདམས་ངག་དང་རྗེས་སུ་བསྟན་པ་ནོད་པར་འདོད་དེ། དཔེར་ན་འཕགས་པ་ནོར་བཟངས་ལྟ་བུའོ། །དེ་འཐོབ་པ་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་འཐོབ་པ་སྟེ། དེ་ཡང་དགེ་ བའི་བཤེས་གཉེན་ལ་བརྟེན་ནས་དེ་གཉིས་འཐོབ་པའི་ཕྱིར་རོ། །དེའི་སྣོད་ཉིད་ཅེས་བྱ་བ་ནི་དེ་གཉིས་ཀྱི་སྣོད་ཉིད་དེ། གདམས་ངག་རྗེས་སུ་བསྟན་པའི་སྣོད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་གཞི་ནི་བཟོད་པ་དང་དེས་པའོ། །དེའི་སྒྲུབ་པ་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་དེ་གཉིས་ སྒྲུབ་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་གཞི་ནི་དགོན་པ་ལ་གནས་པ་ལ་བྱའོ། །དེ་ནི་ཞི་གནས་དང་ལྷག་མཐོང་དང་ཚུལ་ཁྲིམས་ཡང་དག་པར་འགྲུབ་པའི་རྒྱུ་ཡིན་ནོ། །གྲོང་ནི་འཕྲལ་གྱི་བྱ་བ་མང་བའི་ཕྱིར་མ་ཡིན་ནོ། །ཡང་བྱང་ཆུབ་ཀྱི་ཚོགས་དང་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ ཕྱིར་བཞི་ཞེས་བྱ་བར་སྦྱར་རོ། །བཞི་པོ་དག་གང་ཞེ་ན། དོན་དུ་གཉེར་བ་ཉིད་དང་། ཐབས་ཤེས་པ་ཉིད་དང་། སྒྲུབ་པ་སྟེ། དེ་ལ་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་དོན་དུ་གཉེར་བ་ ཉིད་ཀྱི་གཞི་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའོ། །ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་ཀྱི་སེམས་བཏང་བ་དག་ནི་སངས་རྒྱས་ཀྱི་ཡོན་ཏན་དོན་དུ་གཉེར་བར་མི་འགྱུར་རོ། །ཐབས་ཤེས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཐབས་ཤེས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ། 113-70b དེའི་གཞི་ནི་དགེ་བའི་བཤེས་གཉེན་ཏེ། དེ་ལས་དེ་ཐོས་པར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་ཞེས་བྱ་བའི་སྒྲུབ་པ་སྟེ་བཤད་དོ། །དེ་ལ་སྒྲུབ་པ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའོ་ཞེས་བྱ་བ་ལ། སེམས་ ཅན་ཡོངས་སུ་སྨིན་པར་བྱེད་པའི་གཞི་ནི་བཟོད་པ་དང་དེས་པའོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་གཞི་ནི་གཞན་དགོན་པ་ལ་གནས་པ་སྟེ། སེམས་ཅན་ལོག་པར་ཞུགས་པ་དག་ལ་མི་བཟོད་པའི་ངང་ཚུལ་ཅན་དང་། འདུ་འཛི་ལ་དགའ་བ་དག་གིས་ནི་ཡོངས་སུ་སྨིན་པར་ བྱེད་པ་གཉིས་སྒྲུབ་པར་མི་ནུས་སོ། །ཡང་བྱང་ཆུབ་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པའི་ཆོས་བཞི་སྟེ། དེ་དག་གི་གཞིའི་ཕྱིར་བཞི་ཞེས་སྦྱར་རོ། །བཞི་པོ་དེ་དག་གང་ཞེ་ན། འཁོར་བ་ཡོངས་སུ་མི་གཏོང་བ་དང་། དེ་ན་ཀུན་ནས་ཉོན་མོངས་པ་མེད་པ་དང་། སེམས་ཅན་སྡུད་པ་དང་། བརྩོན་འགྲུས་སྦྱངས་པ་ཉིད་དོ། །དེ་ལ་འཁོར་བ་ཡོངས་སུ་མི་གཏོང་བའི་གཞི་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཉིད་དོན་དུ་གཉེར་བའི་ངོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་འཁོར་བ་ཇི་སྲིད་པའི་སེམས་ཅན་གྱི་དོན་ལ་ཞུགས་པའི་ཕྱིར་རོ། །རྣམ་ པ་གཅིག་ཏུ་ན་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སེམས་བསྐྱེད་པ་གང་ཡིན་པ་དེ་འཁོར་བ་ཡོངས་སུ་མི་གཏོང་བའི་གཞི་སྟེ། དེ་ལ་བརྟེན་ནས་སྨོན་ལམ་ཆེན་པོ་བཅུ་མཐར་ཐུག་པའི་གནས་སྐབས་ཀྱི་མཐར་ཐུག་པར་བྱེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཀྱི་མཐའ་ གང་དུ་ཐུག་པ་དེའི་མཐར་ཐུག་པར་གྱུར་ཅིག་ཅེས་རྒྱ་ཆེ་བར་འབྱུང་བའོ། །དེ་ལྟར་གྱུར་ན་འཁོར་བ་ཡོངས་སུ་མི་གཏོང་ངོ་། །དེ་ན་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་འཁོར་བ་ནའོ། །དེའི་གཞི་དགེ་བའི་བཤེས་གཉེན་ཏེ། དེ་ལས་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་འཐོབ་པའི་ ཕྱིར་རོ། །སེམས་ཅན་སྡུད་པ་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་སྡུད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་གཞི་ནི་བཟོད་པ་དང་། དེས་པ་སྟེ། ལོག་པར་ཞུགས་པ་ལ་ཇི་མི་སྙམ་པ་ནི་དེ་དག་སྡུད་པར་མི་བྱེད་དོ། །བརྩོན་འགྲུས་སྦྱངས་པ་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་ཡོངས་སུ་ 113-71a དག་པ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་གསེར་བཙོ་མ་ཡོངས་སུ་དག་པར་སྨིན་པ་ལྟ་བུ་སྟེ། དགོན་པ་ལ་གནས་ན་བརྩོན་འགྲུས་ཡོངས་སུ་དག་པར་འགྱུར་བའི་ཕྱིར་དེའི་གཞི་ནི་དགོན་པ་ན་གནས་པའོ། །ཡང་རྒྱུ་བཞི་པོ་དག་གིས་བགྲོད་དཀའ་བའི་ལམ་ ལས་རྒལ་བར་བྱེད་པ་ཡིན་ཏེ། བཞི་པོ་གང་ཡིན་སྙམ་པ་ལ། དེའི་ཕྱིར་འགྲོ་བར་འདོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་འགྲོ་བར་གྱུར་པ་དང་། ལམ་ལ་མཁས་པ་དང་། སྐོམ་པ་དང་བཀྲེས་པས་མི་ཆད་པ་ལ་ཇི་མི་སྙམ་པ་དང་། ལམ་ཡོངས་སུ་མི་གཏོང་བས་ བག་ཡོད་པར་གྱུར་པ་ནི་དེ་བགྲོད་དཀའ་བའི་ལམ་ལས་རྒལ་བར་བྱེད་པའོ། །དེ་ལྟར་ན་རྒྱུ་བཞི་པོ་དེ་དག་ཁོ་ནས་འཁོར་བའི་ལམ་ལས་རྒལ་བར་བྱེད་པ་ཡིན་ཏེ། དེ་དག་གི་གཞིའི་ཕྱིར་ཆོས་བཞིར་རིག་པར་བྱའོ། །དེ་ལ་འགྲོ་བར་འདོད་པ་ཉིད་ཀྱི་གཞི་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འགྲོ་བ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལམ་ཤེས་པ་ཉིད་ཀྱི་གཞི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཏེ། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ལམ་ཤེས་པ་ཉིད་འཐོབ་པའི་ཕྱིར་རོ། །ཡི་ཆད་པས་ཇི་མི་སྙམ་པའི་གཞི་ནི་བཟོད་པ་དང་དེས་པའོ། །དེ་ལ་ ཡི་ཆད་པས་ཇི་མི་སྙམ་པ་འདི་ནི་སྡུག་བསྔལ་གྱི་མི་བཟློག་པའོ། །བཟོད་པ་དང་དེས་པ་ནི་ཞེ་མི་སྡང་བའོ། །བག་ཡོད་པའི་གཞི་ནི་དགོན་པ་ན་གནས་པ་སྟེ་དེ་ལས་དེ་འགྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བརྩོན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་ མི་བྱ་ཞེ་ན། ལྟག་ན་མེད་པ་ཉིད་དུ་མིང་རྣམ་པར་གཞག་པའི་ཕྱིར་ཏེ། སྣང་བྱེད་བཞིན་ནོ་ཞེས་བྱ་བ་ནི། འདི་སྐད་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བརྩོན་པའི་སེམས་ཅན་ཡོད་དུ་ཟིན་ཀྱང་ལྟག་ན་མེད་པ་མ་ཡིན་པའི་ཕྱིར་དེ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ཏེ། ལྟག་ན་ མེད་པར་མི་སྣང་བར་གཞག་པར་མཐོང་བ་འདི་ལྟ་སྟེ། སྣང་བྱེད་བཞིན་ནོ་ཞེས་བསྟན་པར་འགྱུར་རོ། །སྲིན་བུ་མེ་ཁྱེར་ལ་སོགས་པ་ཡང་སྣང་བར་མི་བྱེད་པ་མ་ཡིན་མོད་ཀྱི་སྣང་བྱེད་དག་ཅེས་མི་བྱ་སྟེ། འདིར་ཡང་དེ་བཞིན་ནོ། །དོན་མདོར་བསྡུ་ན་ཞེས་བྱ་བ་ནི་དེ་ལྟར་རེ་ཞིག་རྒྱ་ཆེར་བཤད་ 113-71b པའོ་ཞེས་བསྟན་པའོ། །དོན་མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་རྗེས་སུ་མཐུན་པའི་ལས་དང་། ཇི་ལྟར་དེའི་འབྲས་བུ་མེད་པར་མི་འགྱུར་བ་དེ་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་དེ་ལ་རྗེས་སུ་མཐུན་པའི་ལས་ནི་མདོ་ཚིག་ གོང་མ་རྣམས་ཀྱིས་བསྟན་ཏོ། །ལས་དེའི་འབྲས་བུ་མེད་པར་མི་འགྱུར་བ་ནི་མདོའི་ཚིག་ཐ་མས་བསྟན་ཏེ། དགོན་པ་ལ་གནས་ན་སེམས་རྩེ་གཅིག་ཏུ་བྱེད་ནུས་པས་ལས་དེའི་འབྲས་བུ་མེད་པར་མི་འགྱུར་རོ། །འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཡེ་ཤེས་བྱིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
95-204a Āryaprajñāpāramitāvajracchedikāṭīkā ༄། །དང་པོ། མདོ་སྡེ་ཇི་ལྟར་འཆད་པའི་ཚུལ་དང་པོར་དགོས་པ་དང་བརྗོད་བྱ་བསྟན་པ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་བཛྲ་ཙྪི་དི་ཀ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ལ་སྐྱེ་བོ་ཀུན་ལ་གྲགས་ལུས་མདུན་ན་གསལ་བར་སྣང་བ་ཡང་། །དངོས་པོའི་ངོ་བོར་འབྱོར་པ་མི་རྙེད་རབ་སྟོན་རྒྱལ་བ་ཐམས་ཅད་ཀྱིས། །ཡང་དག་དམ་པ་རྟག་པ་མཆོག་གི་འབྲས་བུ་ཐོབ་པའི་གནས་བརྟན་པ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀུན་སྐྱེད་དེ་ལ་རབ་གུས་བདག་ཕྱག་འཚལ། །གང་ལ་ཅུང་ཟད་གོམས་བྱས་སྐད་ཅིག་ཏུ་ཡང་དགེ་བ་རྒྱ་ཆེན་སོགས། །གང་ཕྱིར་སྡིག་པ་རབ་ཏུ་ཆེ་བ་མཐའ་དག་རྩ་ནས་ཟད་བྱེད་པ། །དེ་བས་དེ་ནི་གོམས་པར་བྱ་ཕྱིར་བླ་མ་རྣམས་ཀྱིས་བསྟན་པ་ཡི། །ལམ་ལས་བརྟགས་ཏེ་བདག་བློས་ཇི་ལྟར་ལྕོགས་པས་བདག་གིས་འདི་བགྱིའོ། །དེ་ལ་མདོ་སྡེ་འཆད་པར་འདོད་པས་ཉན་པ་དག་ནན་གྱིས་ལེན་པ་ལ་སོགས་པ་ལ་གཟུད་པའི་ཕྱིར་དང་པོར་དགོས་པ་དེ་བརྗོད་པར་བྱའོ། །དགོས་པ་མ་རྟོགས་པར་ནི་རྟོགས་པ་དང་ལྡན་པ་དག་གང་ལ་ཡང་འཇུག་པར་མི་འགྱུར་རོ། །དེའི་འོག་ཏུ་མདོ་སྡེའི་དགོས་པའི་ཐབས་བསྟན་པའི་ཕྱིར་བརྗོད་པར་བྱ་བ་བསྙད་པར་བྱ་སྟེ། བརྗོད་པར་བྱ་བས་སྟོང་པའི་མདོ་ནི་སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་དུ་དགོས་པ་འདོད་པ་སྒྲུབ་པར་མི་བྱེད་དོ། །དེའི་འོག་ཏུ་བརྗོད་པར་བྱ་བ་དེ་གཟུང་སླ་བའི་ཕྱིར་བསྡུས་པའི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་བསྡུས་པའི་དོན་རྟོགས་པར་བྱ་བའི་ཕྱིར་ཚིག་གི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་གོ་རིམས་མི་འགལ་བར་བསྟན་པའི་ཕྱིར་ཚིག་རྣམས་ཀྱི་མཚམས་སྦྱར་བ་བསྟན་པར་བྱའོ། །དེའི་འོག་ཏུ་སྔ་ཕྱིའི་རིགས་པ་དང་འགལ་བ་བསལ་བའི་ཕྱིར་རྒོལ་བའི་ལན་བརྗོད་པར་བྱ་སྟེ། ཚུལ་ནི་དེ་ལྟ་བུའོ། །དེ་ལ་མདོ་སྡེ་འདིའི་མིང་རྡོ་རྗེ་གཅོད་པ་ཞེས་བྱ་བ་དེ་ཉིད་ཀྱིས་བརྗོད་པར་བྱ་བ་དང་དགོས་པ་བསྟན་ཏོ། །འདི་ལྟར་རྣམ་པ་གཉིས་ཀྱིས་རྡོ་རྗེ་གཅོད་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་བ་རྡོ་རྗེ་ལྟར་གཞིག་དཀའ་བ་དེ་གཅོད་པའི་ཕྱིར་ཏེ། འདིས་ནི་སྒྲིབ་པ་གཉིས་སྤོང་བ་འདིའི་དགོས་ 95-204b པ་བསྟན་པ་ཡིན་ནོ། །ཡང་ན་གཅོད་པ་ནི་རྡོ་རྗེའི་དབྱིབས་དང་འདྲ་བས་རྡོ་རྗེ་ལྟ་བུ་ཞེས་བྱ་སྟེ། རྡོ་རྗེ་ནི་རྩེ་མོ་གཉིས་སྦོམ་ལ་དབུས་ཕྲ་མོར་བྱེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཐོག་མ་དང་ཐ་མ་མོས་པས་སྤྱོད་པའི་ས་དང་། སངས་རྒྱས་ཀྱི་ས་རྒྱ་ཆེ་བར་ཡོངས་སུ་བསྟན་ཏོ། །དབུས་ཕྲ་མོས་ནི་ལྷག་པའི་བསམ་པ་དག་པའི་ས་བསྟན་ཏོ། །དེ་བས་ན་འདི་ནི་རྡོ་རྗེའི་རྣམ་པ་ལྟ་བུ་ཡིན་ཏེ། འདིས་ནི་ས་གསུམ་པོ་འདིའི་བརྗོད་པར་བྱ་བ་ཡིན་པར་བསྟན་ཏོ། ། ༄། །གཉིས་པ། བསྡུས་དོན་བཤད་པ། ༆ བསྡུས་པའི་དོན་ནི་མདོར་བསྡུས་ན་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། གླེང་གཞི་དང་། གླེང་བསླང་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བ་དང་། སྒྲུབ་པའི་མཚན་ཉིད་དང་། དེའི་གནས་སོ། །དེ་ལ་གླེང་གཞི་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བའི་བར་འདིས་བསྟན་ཏོ། །དེ་བས་ནི་ཡང་དག་པར་སྡུད་པར་བྱེད་པས་བདག་ལ་ཡིད་ཆེས་པར་བྱ་བ་བརྗོད་པའི་ཕྱིར་ཏེ། མདོ་སྡེ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །གླེང་བསླང་བ་ནི་མདོ་སྡེའི་དོན་བཤད་པར་བྱ་བའི་ཕྱིར་སྐབས་དང་སྦྱར་བ་སྟེ། སྐབས་སུ་མ་བབ་པར་སྨྲས་ན་ཐམས་ཅད་འཆལ་བར་འགྱུར་བས་འཆལ་པ་བསལ་བའི་ཕྱིར་ཐམས་ཅད་དུ་ཡང་སྐབས་དང་སྦྱར་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་ལངས་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བ་ཡང་དེ་ཉིད་ཀྱིས་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱེད་པ་ཡིན་པར་འཕགས་པ་རབ་འབྱོར་གྱིས་རིག་ནས། ཇི་ལྟར་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འགྱུར་བ་དེ་ཉིད་གནས་བརྟན་རབ་འབྱོར་གྱིས་ཐོག་མར་བཀོད་དོ། །སྒྲུབ་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྒྲུབ་པའི་མཚན་ཉིད་དེའི་གནས་ནི་ཡུལ་གང་ལ་བྱང་ཆུབ་སེམས་དཔས་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་གང་ཡིན་པ་སྟེ། དེ་ནི་དེའི་གནས་ཞེས་ 95-205a བྱའོ། །དེ་ཡང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་འདི་སྙམ་དུ་བདག་གིས་ཞེས་བྱ་བ་ནས་བརྩམས་ཏེ། སྐར་མ་རབ་རིབ་ཅེས་བྱ་བ་ལ་སོགས་པ་ཐ་མའི་ཚིགས་སུ་བཅད་པའི་བར་གྱིས་བསྟན་ཏོ། །སྒྲུབ་པའི་མཚན་ཉིད་དང་དེའི་གནས་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའི་བྱ་བ་མཐའ་དག་ཡོངས་སུ་རྫོགས་པར་བསྟན་ཏེ་འདི་ནི་རེ་ཞིག་བསྡུས་པའི་དོན་ཏོ། ། ༄། །གསུམ་པ། ཚིག་དོན་བཤད་པ། ༈ གླེང་གཞི་བཤད་པ། ༆ ཚིག་གི་དོན་ལ་སོགས་པ་ཡང་བརྗོད་པར་བྱ་སྟེ། དེ་དག་དེ་བརྗོད་དོ། །དེ་ལ་འདི་སྐད་ཅེས་བྱ་བའི་སྒྲ་ནི་ཁས་ལེན་པ་ལ་སོགས་པ་དོན་མང་པོ་ཞིག་ཏུ་ཡང་སྣང་མོད་ཀྱི། འདིར་ནི་སྐབས་ལ་སོགས་པའི་སྟོབས་ཀྱིས་ནི་འཇོག་པ་ཡིན་པར་བཟུང་ངོ་། །འདི་ནི་མདོ་སྡེའི་དོན་འོག་ནས་འབྱུང་བ་མཐའ་དག་འཇོག་པར་བྱེད་དོ། །བདག་གིས་ཞེས་བྱ་བ་ནི་གཞན་རྣམ་པར་གཅོད་པར་བྱེད་ཅིང་དོན་མངོན་སུམ་དུ་ཐོས་པར་བསྟན་ཏོ། །བདག་ཉིད་ཀྱིས་ཐོས་པ་གཅིག་ཏུ་བརྒྱུད་དེ་འོངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐོས་པ་ཞེས་བྱ་བ་ནི་རྟོགས་པ་དགག་པར་བྱེད་དེ། སངས་རྒྱས་མ་གཏོགས་པར་ཆོས་འདི་ལྟ་བུ་དག་རང་གིས་རྟོགས་པ་གཞན་མེད་པའི་ཕྱིར་རོ། །འདིས་ནི་ཡིད་མི་ཆེས་པ་སེལ་བར་བྱེད་དོ། །དུས་གཅིག་ཅེས་བྱ་བ་ནི་དུས་གཅིག་གི་ཚེ་སྟེ། དུས་ཐམས་ཅད་དུ་ཆོས་དཀོན་མཆོག་འདི་ལྟ་བུ་དག་ཐོས་དཀའ་བར་བསྟན་པ་ཡིན་ནོ། །ཡང་ན་བདག་ཉིད་མང་དུ་ཐོས་པར་སྟོན་ཏོ། །དུས་གཅིག་ན་འདི་ཐོས་ཀྱི་གཞན་ནི་གཞན་དག་ཀྱང་ཐོས་སོ་ཞེས་སྟོན་ཏོ། །ཡང་ན་དུས་གཅིག་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་འོག་མ་དང་སྦྱར་ཏེ། གདུལ་བ་དཔག་ཏུ་མེད་པ་དེ་དག་ལ་ཕན་གདགས་པའི་དོན་དུ་གཞན་ནི་གཞན་བཞུགས་སོ་ཞེས་གཞག་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་དང་། ལྷའི་བུའི་མཚན་ཉིད་ཀྱི་བདུད་དང་བདུད་བཞི་བཅོམ་པ་དང་ལྡན་པས་ངེས་པའི་ཚིག་གི་ཚུལ་གྱིས་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་དབང་པོ་ལ་སོགས་པ་དང་ལྡན་པས་ལེགས་ལྡན་ཞེས་བྱ་སྟེ། ཇི་སྐད་དུ། དབང་དང་རབ་ཏུ་ལྡན་པ་དང་། །གཟུགས་དང་དཔལ་དང་གྲགས་པ་དང་། ། 95-205b ཡེ་ཤེས་དང་ནི་ནན་ཏན་དང་། །དྲུག་པོ་དེ་ལ་ལེགས་ཞེས་བྱ། །ཞེས་བཤད་པ་ལྟ་བུའོ། །མཉན་ཡོད་ཅེས་བྱ་བ་ནི་དྲང་སྲོང་མཉན་ཡོད་ཅེས་བྱ་བའི་བསྟི་གནས་ཡིན་པའི་ཕྱིར་གྲོང་ཁྱེར་མཉན་ཡོད་དེ། དེས་མཚོན་པའི་ཡུལ་གྱི་བྱེ་བྲག་ཀྱང་ལྷན་ཅིག་འབྲེལ་པའི་ཕྱིར་མཉན་ཡོད་ཅེས་བྱའོ། །ཡུལ་སྨོས་པ་དེ་ཡང་ཡུལ་དེ་མཆོད་རྟེན་དུ་གྱུར་པར་བརྗོད་པའི་ཕྱིར་ཏེ། འདི་ལྟར་འདི་ཉིད་ལས་ཀྱང་ས་ཕྱོགས་དེ་མཆོད་རྟེན་དུ་གྱུར་པ་ཡིན་ཞེས་བརྗོད་དོ། །ཡང་ན་ཡང་དག་པར་སྡུད་པར་བྱེད་པས་བདག་གི་ཚིག་གཟུང་བར་འོས་པར་བསྒྲུབ་པའི་ཕྱིར་ཐམས་ཅད་སྨོས་ཏེ། འདི་ལྟར་འཇིག་རྟེན་ཡིད་ཆེས་པར་བྱ་བའི་དོན་ནི་ས་ཕྱོགས་དང་བཅས་པ་རྣམ་པ་དང་བཅས། དབང་ཕྱུག་དང་བཅས་པས་སྨྲས་ན། གཞན་དག་གིས་ཚིག་གཟུང་བར་འགྱུར་གྱི། གཞན་དུ་ན་ཚིག་གཟུང་བར་འོས་པར་མི་འགྱུར་རོ། །ཡུལ་མཉན་ཡོད་ཧ་ཅང་རྒྱ་ཆེས་ཏེ་གང་ན་བཞུགས་གཏོལ་མེད་པས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཞེས་བྱ་བ་སྨོས་ཏེ། དེ་རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བ་དེའི་ཚལ་ཡིན་པས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོ། །དེ་ཡང་ཇི་སྟེ་ན་སུ་ལ་ཡང་མ་གྲགས་ཀྱང་སྲིད་པས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་བྱ་བ་སྨོས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་པ་མགོན་མེད་པ་རྣམས་ལ་སྙིང་བརྩེ་བ་སྟེ་ཟས་སྦྱིན་པས་དེ་ལྟར་གྲགས་པ་དེས་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་བཀྲམ་པ་གཤིབས་པས་རྒྱལ་བུ་རྒྱལ་བྱེད་ལས་ཀུན་དགའི་ར་བ་ཉོས་པ་དང་། རྒྱལ་བུ་རྒྱལ་བྱེད་ཀྱིས་ཀྱང་དེ་ལས་ཅུང་ཞིག་བཅོམ་ལྡན་འདས་ཀྱི་ཕྱིར་ཁང་པ་ལ་སོགས་པ་བརྒྱན་དུ་བཅུག་པས་དེ་གཉིས་ཀྱི་ཚལ་དེ་གྲགས་སོ། །གང་ཡང་རུང་བ་ཞིག་སྨོས་ན་ནི་ཡུལ་གྱི་བྱེ་བྲག་བརྗོད་པར་འདོད་པ་རྟོགས་པར་མི་འགྱུར་བས་ཚིག་གསུམ་ཆར་སྨོས་སོ། །ཡང་ན་མཉན་ཡོད་ཅེས་བྱ་བ་འདིས་ནི་མང་པོའི་ནང་ན་བཞུགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་ཏོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་བྱ་བ་འདིས་ནི་དབེན་པ་ན་བཞུགས་པས་རང་གི་དོན་ཕུན་སུམ་ཚོགས་པའོ། །འདི་ལ་དཔང་སུ་ཡོད་སྙམ་པ་ལ། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་སྨོས་ 95-206a ཏེ། ཉོན་མོངས་པ་དང་བྲལ་བས་དགེ་སློང་དག་གོ། །བདུད་ལ་སོགས་པའི་ཕྱིར་རྒོལ་བ་དག་གིས་མི་ཕྱེད་པས་མང་པོ་དེ་དག་ལ་དགེ་འདུན་ཞེས་བྱའོ། །དགེ་སློང་གི་དགེ་འདུན་ཆེན་པོ་དེ་དག་ནི་ཕལ་ཆེ་བ་དང་མཐུ་གཉིས་ཏེ། དེས་ནི་མཐུ་ཆེ་བ་བསྟན་ཏོ། །ཕལ་ཆེ་བ་ཇི་ལྟ་བུ་སྙམ་པ་དང་། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ན་དེ་སྙེད་ཅིག་ཡོད་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་པས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་བ་ནི་དེ་དག་གི་ཆེད་དུ་མདོ་སྡེ་འཆད་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་ཏུ་སྙིང་སྟོབས་ཆེ་བའི་བསམ་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་དག་གོ། །ཉན་ཐོས་རྣམས་ལ་ཡང་བྱང་ཆུབ་ལ་སྙིང་སྟོབས་ཡོད་པས་དེ་རྣམ་པར་གཅོད་པའི་ཕྱིར། སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་ཏེ། ཆོས་དང་སེམས་བསྐྱེད་པ་དང་། མོས་པ་དང་། བསམ་པ་དང་། ཚོགས་དང་། དུས་དང་། ཡང་དག་པར་འགྲུབ་པའི་མཚན་ཉིད་ཆེན་པོ་རྣམ་པ་བདུན་དང་ལྡན་པས་སེམས་དཔའ་ཆེན་པོ་དག་གོ། །དེ་ལ་ཆོས་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཆོས་བསྟན་པ་རྒྱ་ཆེ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ནི་དེ་དག་ཉིད་ཆོས་ཟབ་ཅིང་ཆེ་བ་ལ་མོས་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པའི་བསམ་པ་དང་ལྡན་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་རྣམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་ཕྱིར་རོ། །དུས་ཆེན་པོ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །བཞུགས་ཞེས་བྱ་བ་ནི་སྤྱོད་ལམ་བཞི་པོ་དག་གིས་སམ། ཡང་ན་ཚངས་པ་དང་ལྷའི་དང་། འཕགས་པའི་བཞུགས་པ་བླ་ན་མེད་པ་དག་གིས་བཞུགས་པའོ། །ཏེ་ཞེས་བྱ་བ་ནི་བཞུགས་ཟིན་པར་བསྟན་པའོ། །དེ་ལ་དགེ་ 95-206b སློང་གི་དགེ་འདུན་ནི་བྱ་བ་བྱས་པ་དང་། སྙིང་རྗེ་བྱ་བའི་ཕྱིར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ཉིད་ན་འདུག་པར་རིག་ནས་རྟག་པར་བསྟན་པའི་ཕྱིར་གོང་དུ་སྨོས་སོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དཔག་ཏུ་མེད་པའི་དོན་བསྒྲུབ་པ་ཡོངས་སུ་རྫོགས་པ་བྱ་བ་མ་བྱས་ལ་སྙིང་བརྩེ་བ་ཆེ་བས་འགྲོ་བའི་དོན་བསྒྲུབ་པའི་ཕྱིར་འཇིག་རྟེན་གྱི་ཁམས་རྣམས་སུ་རྒྱུ་བས་དུས་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་ན་མི་འདུག་པས་འོག་ཏུ་སྨོས་སོ། །དེ་བས་ན་ཉན་ཐོས་ཀྱི་མདོ་སྡེ་ལས་བྱང་ཆུབ་སེམས་དཔའ་མི་སྨོས་ཏེ། དེ་ནི་དེ་དག་གི་ཆེད་དུ་མ་ཡིན་པ་དང་། མི་རྟག་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །ཚེ་ཞེས་བྱ་བ་ནི་ངེས་པ་སྟེ། འདིས་ནི་ཟས་ཀྱི་དུས་ངེས་པའོ། །དུས་ངེས་པ་ནི་དུས་འདི་ངེས་པར་བཟའ་བར་བྱའོ་ཞེས་དུས་ངེས་པའོ། །དེ་ཡང་གང་ཡིན་པ་མི་ཤེས་ནས་དེའི་ཕྱིར་སྔ་དྲོ་ཞེས་སྨོས་པས་འཆད་པར་བྱ་བ་ཡིན་ཏེ། དེ་ནི་སྔ་དྲོ་ཡང་ཡིན་ལ་དུས་ཀྱི་ཚེ་ཡང་ཡིན་ནོ་ཞེས་བྱ་བར་བསྡུའོ། །སྔ་དྲོའི་མཚན་ཉིད་ནི་བསྙེན་གནས་གནས་པ་དང་། རབ་ཏུ་བྱུང་བ་རྣམས་ཀྱི་ཟས་ཀྱི་དུས་ཕྱིར་འཐོབ་པར་འགྱུར་བས་བཅོམ་ལྡན་འདས་ཀྱིས་གཅིག་ཏུ་འཆད་པར་རྟོགས་པར་བྱ་བའི་ཕྱིར་དུས་ཀྱི་ཚེ་ཞེས་བྱ་བ་སྨོས་སོ། །གཞན་དུ་ན་སྔ་དྲོ་ཞེས་བྱ་བ་སྨོས་པ་ནི་དེ་གཅིག་ཏུ་ཆད་པར་མི་རྟོགས་ཏེ། བཅོམ་ལྡན་འདས་ཀྱིས་དེ་གྱི་ན་མཛད་ཀྱང་སྲིད་པས་དེའི་ཕྱིར་ཚིག་གསུམ་ཆར་སྨོས་སོ། །ཤམ་ཐབས་ཞེས་བྱ་བ་ནི་ཁྱིམ་དུ་འདུག་པ་དང་མཐུན་པའི་གོས་མནབས་པ་སྟེ། དེ་ཡང་ཉན་ཐོས་རྣམས་བསླབ་པ་དག་ལ་གུས་པར་བྱ་བ་བསྒྲུབ་པའི་ཕྱིར་མཛད་དོ། །གཞན་དུ་ན་ནི་བདག་མ་དུལ་བས་གཞན་འདུལ་བར་ཇི་ལྟར་འགྱུར། ཆོས་གོས་མནབས་ཞེས་བྱ་བ་ལ་ཆོས་གོས་མནབས་པ་ནི་བགོ་བའི་མཚན་ཉིད་དུ་བལྟ་བར་བྱ་སྟེ། གཞན་ནི་སྐབས་མ་ཡིན་ནོ། །གྲོང་ཁྱེར་ཆེན་པོ་ཞེས་བྱ་བ་ནི་ཡུལ་གྱི་བྱེ་བྲག་སྟེ། མཉན་ཡོད་རྣམ་པར་བཅད་པའི་དོན་ཏོ། །ཅིའི་ཕྱིར་བཅོམ་ལྡན་འདས་བསོད་སྙོམས་ཀྱི་ཕྱིར་ཞུགས་ཤེ་ན། ཉན་ཐོས་རྣམས་འདོད་པ་ཆུང་བ་ལ་གཟུད་པ་དང་། 95-207a ཁྱིམ་གྱི་བུད་མེད་དང་། དབུལ་པོ་དང་། ནད་པ་དང་། རྒན་པོ་ལ་སོགས་པ་ལ་ཕན་གདགས་པ་དང་། ལོང་བ་ལ་སོགས་པ་མིག་ལ་སོགས་པ་ཐོབ་པར་བྱ་བ་དང་། ངོ་མཚར་རྣམ་པ་སྣ་ཚོགས་ནར་མ་བསྟན་པས་གཞན་དག་བཅོམ་ལྡན་འདས་ལ་དད་པ་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་དགོས་པ་དཔག་ཏུ་མེད་པར་ཁོང་དུ་ཆུད་པར་བྱའོ། །ཟས་ཀྱི་བྱ་བ་བྱས་ཞེས་བྱ་བ་ནི་གང་གི་ཟས་ལ་སོགས་པ་ཟས་ཀྱི་བྱ་བ་བྱས་ཤིང་བསྒྲུབས་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །ཚངས་པ་ལ་སོགས་པ་དགེ་བའི་རྩ་བ་ཆུང་ངུ་ལས་སྐྱེས་པ་དག་ཀྱང་ཟས་ཁམ་གྱིས་ཟ་བའི་འདོད་ཆགས་དང་བྲལ་བས་ཟས་ཀྱི་བྱ་བ་མི་བྱེད་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པ་ལས་འཁྲུངས་པ་ཇི་ག་མཛད་པར་འགྱུར་རམ། འདི་ལྟར་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་དེ་བཞིན་གཤེགས་པ་ནི་བསྒྲིབས་པ་དང་སྐྱེམས་པ་མི་མངའ་བཤང་གཅི་མི་མཛད། སྐུ་ཉམ་ཆུང་བ་མ་ཡིན་ནོ་ཞེས་བཤད་དོ། །དེ་བདེན་མོད་ཀྱི་འོན་ཀྱང་གལ་ཏེ་བཅོམ་ལྡན་འདས་ཀྱི་སྐུ་དེ་དོན་དམ་པ་མ་ཡིན་ན་ནི། དེའི་ཚེ་ཀླན་ཀ་ཐམས་ཅད་ཀྱི་སྐབས་སུ་ཡང་འགྱུར་བ་ཞིག་ན། གང་གི་ཚེ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་སྟེ། སྤྱོད་པ་རྣམ་པ་འདི་ལྟ་བུ་སྟོན་ཅིང་གདུལ་བའི་སེམས་ཅན་གྱི་བསམ་པ་དང་འཚམ་པར་འཇུག་པ་དེའི་ཚེ་ཀླན་ཀའི་སྐབས་སུ་ག་ལ་འགྱུར། མིར་གྱུར་པས་བརྩོན་འགྲུས་བརྩམས་ན་ཡང་བླ་ན་མེད་པའི་གོ་འཕང་འདི་ལྟ་བུ་ཐོབ་བོ་ཞེས་གཟེངས་བསྟོད་པའི་ཕྱིར་གདུལ་བ་པ་རྣམས་ལ་མིའི་ལུས་སྟོན་པས་དེ་ལྟར་ཞལ་ཟས་ཀྱི་ཚུལ་སྟོན་ཏོ། །སྦྱིན་པ་པོ་དང་། སྦྱིན་བདག་གང་ལ་བསོད་སྙོམས་ཡོངས་སུ་སྦྱོང་བ་བསྟན་པས་དེ་དག་དགའ་བ་བསྐྱེད་པ་དང་། གང་དག་སྐལ་བ་ཡོད་ཀྱང་ལས་ཀྱི་སྒྲིབ་པ་འགའ་ཞིག་གིས་ཡི་དྭགས་ལ་སོགས་པའི་ནང་དུ་སྐྱེས་པ་དག་བཅོམ་ལྡན་འདས་ཀྱི་ཕྱག་གི་སེན་མོ་བདུད་རྩི་ཅན་གྱིས་རེག་ན་ལྷའི་རོ་བྲོ་བ་མཆོག་ཏུ་འགྱུར་ཞིང་ཟད་མི་ཤེས་པ་གནོད་སྦྱིན་གཟི་སྟོབས་ཅན་ལ་སོགས་པས་ཁྱེར་བ་ཟོས་ན། དེ་དག་བདེ་བ་མཆོག་གིས་སེམས་ཚིམ་པར་གྱུར་པ་དང་། ཏིང་ངེ་འཛིན་ 95-207b མཆོག་ཀྱང་འཐོབ་པས་བཅོམ་ལྡན་འདས་ཀྱི་ཟས་ཀྱི་བྱ་བ་ནི་དཔག་ཏུ་མེད་དོ། །རྣམ་པ་ཅི་འདྲ་བས་ཟས་ཀྱི་བྱ་བ་བྱས་ཤེ་ན། དེའི་ཕྱིར་མཇུག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་བླངས་ནས་མཇུག་ཏུ་ཞལ་ཟས་གང་གསོལ་བ་དེ་ནི་བསོད་སྙོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་བ་སྟེ། དེ་ནི་ཉན་ཐོས་རྣམས་སྦྱངས་པའི་ཡོན་ཏན་ལ་གཟུད་པའི་ཕྱིར་ཡང་དག་པར་ལེན་པ་སྔོན་དུ་བཏང་བ་ཡིན་ནོ། །གསོལ་ཞེས་བྱ་བ་ནི་གསོལ་ཟིན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་མཇུག་ཏུ་ཞེས་བྱ་བ་ནི་ལན་གཉིས་པ་ལ་བླངས་པ་གང་ཡིན་པ་དེ་ལ་ཟས་ཕྱི་མ་ཞེས་བྱ་སྟེ། ཟས་ཕྱི་མ་དེ་ནི་ཟས་མཇུག་ཀྱང་ཡིན་ལ་བསོད་སྙོམས་ཀྱང་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཡང་ན་ཕྱི་དྲོའི་ཟས་དེ་ཟ་བ་གང་ཡིན་པའི་བསོད་སྙོམས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་སྦྱངས་པའི་ཡོན་ཏན་ཅན་ཡིན་པ་དང་། དུས་མ་ཡིན་པའི་ཟས་སྤངས་པའི་ཕྱིར་གསོལ་ཞེས་བྱ་བ་ནི་དེ་གཉིས་དང་བྲལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །བཞག་ནས་ཞེས་བྱ་བ་ནི་བཞག་སྟེའོ། །དེ་ཡང་བརྒྱ་བྱིན་ལ་སོགས་པ་བཅོམ་ལྡན་འདས་ཀྱི་དྲུང་ན་བཀའ་ནོད་པ་ལ་བརྩོན་པ་དག་ཀྱང་རྟག་ཏུ་གནས་མོད་ཀྱི་རབ་ཏུ་བྱུང་བ་ནི་བདག་ཉིད་བྱེད་པའོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ལྷུང་བཟེད་དང་ཆོས་གོས་བཞག་པ་མཛད་དོ། །སྐལ་བ་ཆུང་ངུ་གཡོག་མི་འབྱོར་བ་རྣམས་ཀྱི་ཡིད་མི་བདེ་བ་སྤོང་བའི་ཕྱིར་ཡང་ངོ་། །མི་གཙང་བར་སྣང་བ་རྟག་ཏུ་རིང་དུ་སྤངས་པ་དང་། ཞབས་པདྨ་ལ་འཇོག་མོད། ཀྱི། བྱ་བའི་རྒྱུད་ལ་སོགས་པ་ལ་མོས་པའི་སེམས་ཅན་གྱི་བསམ་པ་དང་མཐུན་པ་འམ། རྐང་པ་རུལ་ཅན་གྱིས་མལ་ཆ་དང་སྟན་ལ་མི་རྫིའོ་ཞེས་བསླབ་པ་དག་ལ་གུས་པར་བྱ་བ་བསྟན་པའི་ཕྱིར་ཞབས་འཁྲུ་བར་བལྟའོ། །གདན་བཤམས་པ་ལ་ཞེས་བྱ་བ་ནི་ལྷ་ལ་སོགས་པས་བཤམས་པའོ། །སྐུ་དྲང་པོར་བསྲང་སྟེ་ཞེས་བྱ་བ་ནི་ཧ་ཅང་ཡང་མི་དགུ། ཧ་ཅང་ཡང་མི་དགྱེ་བར་མཛད་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་སྟོན་པའི་དུས་ན་བཅོམ་ལྡན་འདས་སྤོང་བའི་སྤྱོད་ལམ་གྱིས་ཅིའི་ཕྱིར་བཞུགས་ཤེ་ན། སྤོང་བ་དག་ཁོ་ནས་ཆོས་འདི་བསྟན་པ་དང་། ཤེས་ 95-208a པ་དང་ཉན་པར་ནུས་ཀྱི་གཞན་དག་གིས་ནི་མ་ཡིན་ནོ་ཞེས་སྤོང་བ་ལ་འཇིག་རྟེན་ནན་ཏན་བསྐྱེད་དུ་གཟུད་པའི་ཕྱིར་རོ། །དྲན་པ་སྔོན་དུ་གཞག་ཅེས་བྱ་བ་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། བླ་ན་མེད་པའི་ཚེ་གོ་འཕང་ཐོབ་ནས་ཇི་ལྟར་སངས་རྒྱས་ཀྱི་གདུང་མི་འཆད་པར་འགྱུར་བ་དེ་ལྟར་བདག་གིས་བྱའོ་ཞེས་སྨོན་ལམ་བཏབ་པའི་སྨོན་ལམ་དེ་དྲན་པ་མངོན་དུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་བཅོམ་ལྡན་འདས་དག་ནི་རྟག་ཏུ་མཉམ་པར་གཞག་པས་ཐམས་ཅད་དུ་ཡང་དྲན་པ་ལ་གནས་མོད་ཀྱི། དུས་མ་ཡིན་པར་དྲན་པ་དེས་ནི་ཅིར་ཡང་མི་འགྱུར་གྱི། དུས་སུ་སྨོན་ལམ་དྲན་པ་ནི་འབྲས་བུ་དང་བཅས་པར་འགྱུར་རོ། །དུས་སུ་དྲན་པས་ཀྱང་བཅོམ་ལྡན་འདས་རྟག་ཏུ་མཉམ་པར་གཞག་པ་ཉིད་དུ་སྟོན་པས་འགལ་བ་མེད་དོ། །དེ་ནས་དགེ་སློང་མང་པོ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། བཅོམ་ལྡན་འདས་མཉན་ཡོད་ན་དགེ་སློང་གི་དགེ་འདུན་ཚད་ཇི་སྙེད་དང་བཞུགས་པ་དེ་དག་ཐམས་ཅད་ཆོས་སྟོན་པའི་དུས་ན་དེར་མ་འདུས་ཀྱི། མང་པོ་གསུམ་ཡན་ཆད་དེར་འདུས་སོ་ཞེས་བསྟན་པའི་ཕྱིར་རོ། །དེ་ཡང་ཡང་དག་པར་སྡུད་པར་བྱེད་པས་གཞན་དག་ཡིད་ཆེས་པ་བསྐྱེད་པའི་ཕྱིར་སྨྲས་སོ། །འདུས་ཞེས་བྱ་བ་ནི་ཉེ་བ་ཙམ་དུ་ཟད་དོ། །འདུག་ཅེས་བྱ་བ་ནི་སྟན་ལ་འདུག་པའོ། །འཇིག་རྟེན་ནི་ཕལ་ཆེར་སྤྱིར་གཞག་པ་སྔོན་དུ་འགྲོ་བ་ཅན་གྱི་བྱེ་བྲག་འཇོག་པས་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་གཉིས་ཀ་སྨོས་སོ། །གཞན་དུ་ན་ནི་འདུག་གོ་ཞེས་བྱ་བ་དེ་ཙམ་ཁོ་ནས་གཉིས་ཀ་སྨོས་པར་འགྱུར་རོ། །གླེང་གཞིའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། ། ༈ གླེང་བསླང་བ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བཤད་པ། ༆ ད་ནི་གླེང་བསླང་བ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བ་བརྗོད་པར་བྱའོ། །ཤིན་ཏུ་ངོ་མཚར་ཆེ་བར་བསྟན་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་བོད་པའོ། །བདག་མེད་པ་གཉིས་ཀྱི་ལམ་ནས་ཡང་དག་པར་གཤེགས་སོ། །ལེགས་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། ལེགས་པར་བསྟོད་ཅེས་བྱ་བ་བཞིན་ནོ། །ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ཏེ། གཤེགས་པས་བདེ་བར་གཤེགས་པ་སྟེ། བུམ་པ་ཤིན་ཏུ་གང་བ་ 95-208b བཞིན་ནོ། །ཡང་ན་ཕྱིར་མི་ལྡོག་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། རིམས་ནད་ཤིན་ཏུ་བྱང་བ་བཞིན་ནོ། །ཇི་སྙེད་པས་ཞེས་བྱ་བ་ནི་ཕན་གདགས་པར་བྱ་བའི་བྱེ་བྲག་སྟེ། ཕན་གདགས་པ་གང་ཇི་སྙེད་པ་དེ་སྙེད་ཀྱིས་ཕན་གདགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོ་ལ་སོགས་པ་དག་ཀྱང་འབངས་ལ་སོགས་པ་རྟོན་པ་དག་ལ་ཅི་ནུས་ཀྱིས་རྗེས་སུ་འཛིན་ན། བཅོམ་ལྡན་འདས་ཀྱིས་དེ་འདིར་ངོ་མཚར་བ་ཅི་ཆེ་སྙམ་དུ་དོགས་པ་ལ་ངོ་མཚར་གྱི་རྒྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞེས་བྱ་བ་སྨོས་སོ། །དངོས་པོའི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་གསུངས་པས་དེ་བཞིན་གཤེགས་པའོ། །ཡང་ན་སྔ་མ་དག་ཇི་ལྟར་བདག་མེད་པ་རྣམ་པ་གཉིས་ཀྱི་ལམ་ནས་གཤེགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་རྙེད་པ་དེ་ལྟར། འདིར་ཡང་གཤེགས་པས་དེ་བཞིན་གཤེགས་པའོ། །འཇིག་རྟེན་མཐའ་དག་གིས་མཆོད་པར་འོས་པའི་ཕྱིར་རམ། དགྲ་ཉོན་མོངས་པ་དག་བཅོམ་པར་གྱུར་པས་དགྲ་བཅོམ་པའོ། །ཤེས་བྱ་མཐའ་དག་ཡང་དག་པར་ཀུན་ནས་ཐུགས་སུ་ཆུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཚིག་དེ་དག་གིས་ནི་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་དོན་མཐའ་དག་ཕུན་སུམ་ཚོགས་པ་ཡེ་ཤེས་དང་སྤངས་པ་ཡོངས་སུ་བསྟན་ཏོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ། རྒྱལ་པོ་ལ་སོགས་པ་འབངས་ལ་སོགས་པ་ལ་ཕན་འདོགས་པ་དེ་འདིར་ངོ་མཚར་མི་ཆེ་སྟེ། དེ་དག་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པ་རང་གི་དོན་འདོད་པས་གཞན་ལ་ཕན་འདོགས་ཀྱི་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་ཏེ། དགྲ་བཅོམ་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་པས་གང་ཕན་འདོགས་པ་དེ་དག་ནི་འདིར་ངོ་མཚར་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཕན་འདོགས་པ་འདི་ལ་ནི་ཐུགས་བརྩེ་བ་ཆེན་པོ་མ་གཏོགས་པར་ཕན་འདོགས་པའི་རྒྱུ་གཞན་ཅི་ཡང་མེད་པས་རྣམ་པ་འདིས་ནི་བཅོམ་ལྡན་འདས་ཐུགས་བརྩེ་བ་ཆེན་པོ་ཁོ་ནར་སྟོན་ཏོ། །ཕན་བཏགས་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ན་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དག་སར་ཆུད་པར་མཛད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་ཉིད་ལ་རབ་ཏུ་འཇོག་ཏུ་གཞུག་པའི་ཕྱིར་རོ། ། 95-209a ཡོངས་སུ་གཏད་པ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ལས་དང་པོ་པ་དག་ཕན་བཏགས་པ་དེ་དག་ཉིད་ལ་གཏད་པ་སྟེ། བྱང་ཆུབ་སེམས་དཔའ་ཆོས་ཉིད་ལ་རབ་ཏུ་འཇོག་ཏུ་གཞུག་པའི་ཕྱིར་རོ། །ང་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་ནི་ཁྱེད་ཀྱིས་ཅི་ནས་དེ་དག་ཡོན་ཏན་མ་ཐོབ་པ་ཐོབ་པར་འགྱུར་བ་དང་། ཐོབ་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག་ཞེས་བྱ་བའོ། །དེ་ལྟར་ཕན་བཏགས་པ་དང་། ཡོངས་སུ་བཏགས་པ་གཉིས་ཀྱིས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་ཡོངས་སུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་ནི་རྣམ་པ་ལྔས་དམ་པར་རིག་པར་བྱ་སྟེ། དུས་དང་། ཁྱད་པར་དང་། རྒྱ་ཆེ་བ་དང་། བསྟན་པ་དང་། ཁྱབ་པའོ། །དེ་ལ་དུས་ནི་ཚེ་རབས་གཞན་པ་ཡིན་པའི་ཕྱིར་རོ། །ཁྱད་པར་ནི་ཕྱི་རོལ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཕན་འདོགས་པ་དག་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་ཕན་འདོགས་པ་དེ་དག་བླ་ན་མེད་པའི་ཕྱིར་རོ། །བསྟན་པ་ནི་གཏན་དུ་བའི་ཕྱིར་རོ། །ཁྱབ་པ་ནི་ཕན་འདོགས་པ་དེ་བདག་དང་གཞན་གྱི་རྒྱུད་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་གཏད་པ་ཡང་རྣམ་པ་གསུམ་གྱིས་དམ་པར་བལྟ་སྟེ། གནས་དང་ཆོས་ཉིད་རབ་ཏུ་འཐོབ་པར་བྱ་བ་དང་། བཀར་གདགས་པའོ། །གནས་ཇི་ལྟ་བུ་ཞེ་ན། གང་གིས་དེ་དག་ཆུད་ཟ་བར་མི་འགྱུར་བའི་དགེ་བའི་བཤེས་གཉེན་དག་ལ་ཡོངས་སུ་གཏད་པའི་ཕྱིར་རོ། །ཆོས་ཉིད་རབ་ཏུ་ཐོབ་པར་བྱ་བ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ཕན་བཏགས་པ་དག་གཞན་ལ་ཆོས་ཉིད་ཀྱིས་ཕན་འདོགས་པ་བྱེད་དུ་བཅུག་པའི་ཕྱིར་རོ། །བཀར་གདགས་པ་ཇི་ལྟ་བུ་ཞེ་ན། ཁྱེད་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དག་ལ་ཕན་གདགས་པར་བྱའོ་ཞེས་བཀས་གཏད་པའི་ཕྱིར་ཏེ། མ་གུས་པར་ནི་མ་ཡིན་ནོ། །གླེང་བསླང་བ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། ། ༈ སྒྲུབ་པའི་མཚན་ཉིད་བཤད་པ། ༆ སྒྲུབ་པའི་མཚན་ཉིད་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས། ཇི་ལྟར་ཞེས་བྱ་བ་སྨོས་སོ། །འཕགས་པ་རབ་འབྱོར་གྱིས་རྣམ་པ་དྲུག་གི་ཕྱིར་ཞུས་ཏེ། དོགས་པ་བཅད་པ་དང་། མོས་པ་བསྐྱེད་པ་དང་། དོན་ཟབ་མོ་ལ་འཇུག་པར་བྱ་བ་དང་། མི་ལྡོག་པར་བྱ་བ་དང་། མཆོག་ཏུ་ 95-209b དགའ་བ་བསྐྱེད་པ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་ཡིན་སྙམ་དུ་དོགས་པ་རྣམས་ཀྱི་དོགས་པ་བཅད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྒྱུད་ཡོངས་སུ་མ་སྨིན་པ་བསོད་ནམས་མང་བར་བསྒྲགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་བསྐྱེད་པའི་ཕྱིར་རོ། །རྒྱུད་ཡོངས་སུ་སྨིན་པ་རྣམས་དོན་ཟབ་མོ་ལ་འཇུག་པར་བྱ་བའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་བསྒྲུབས་པས་མནར་བ་དེ་ལེན་པ་དང་འཛིན་པ་ལ་རྩོམ་པ་རྣམས་བསོད་ནམས་མང་པོ་འདོད་པས་མི་ལྡོག་པར་བྱ་བའི་ཕྱིར་རོ། །ཕན་གདགས་པ་ལྷག་པའི་བསམ་པ་དག་པ་རྣམས་བདག་གིས་ཆོས་དེ་རྟོགས་པར་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་པའི་ཕྱིར་རོ། །མ་འོངས་པའི་དུས་ན་ཐེག་པ་ཆེན་པོའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །མདོར་བསྡུ་ན་དོགས་པ་རྣམས་ལ་ཡང་དག་པར་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡོངས་སུ་མ་སྨིན་པ་བསོད་ནམས་འདོད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པ་དང་། ལོག་པར་བསྒྲུབས་པས་མནར་བ་རྣམས་ཡང་དག་པར་གཟེངས་བསྟོད་པ་དང་། བསམ་པ་དག་པ་རྣམས་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ། །དེ་ལ་གནས་པར་བྱ་བ་ནི་འདུན་པ་དང་སྨོན་ལམ་གཉིས་ཀྱིས་སོ། །བསྒྲུབ་པར་བྱ་བ་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པས་སོ། །སེམས་རབ་ཏུ་གཟུང་བར་བྱ་བ་ནི་རྣམ་པར་གཡེང་བ་ཚར་བཅད་ནས་སོ། །དེ་ལ་འདུན་པ་ནི་མངོན་པར་འདོད་པའོ། །སྨོན་ལམ་ནི་མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱིས་སེམས་པ་གང་ཡིན་པའོ། །རྣལ་འབྱོར་ལ་སྙོམས་པར་འཇུག་པ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གང་ཡིན་པའོ། །རྣམ་པར་གཡེང་བ་ཚར་གཅོད་པ་ནི་ཏིང་ངེ་འཛིན་ལས་རྣམ་པར་གཡེངས་པ་ལས་སེམས་བླན་ཏེ་དེ་ཉིད་ལ་འཇུག་པའོ། །དང་པོས་ནི་སྦྱོར་བའི་ལམ་གཉིས་པས་ནི་གྲུབ་པའི་ལམ་གསུམ་པས་ནི་ཆུད་མི་ཟ་བའི་ལམ་ཡོངས་སུ་བསྟན་ཏོ། །གནས་སུ་ཞུས་པས། བཅོམ་ལྡན་འདས་ཀྱིས་འཕགས་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ཉོན་ལ་ཞེས་བྱ་བ་ནི་རྣ་བ་བླགས་ཏེ་ཉན་དུ་གཞུག་པའོ། །ལེགས་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་འཛིན་དུ་གཞུག་པའོ། །རབ་ཏུ་ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི་ལེགས་པར་འཛིན་ 95-210a དུ་གཞུག་པའོ། །དེ་དག་ཀྱང་ཉན་པའི་སྐྱེ་བོ་སྣོད་ཁས་ཕུབ་པ་དང་། མི་གཙང་བ་དང་། རྡོལ་བ་ལྟ་བུ་རྣམ་པ་གསུམ་སྤང་བའི་ཕྱིར་གསུངས་ཏེ་གོ་རིམས་བཞིན་ནོ། །བཤད་དོ་ཞེས་བྱ་བ་ནི་དེ་དག་ན་བཤད་ཀྱིས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། གཞན་དུ་ན་སྣོད་ཁས་སྦུབ་པ་དང་། མི་གཙང་བ་དང་། རྡོལ་བ་དག་གི་ནང་དུ་ཆར་བབ་པ་བཞིན་དུ་ཆོས་ཀྱི་ཆར་འདི་དོན་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ང་ནི་ཆད་པར་ཟད་ཀྱི་ཁྱེད་ཀྱིས་ནི་ནན་ཏུ་སྒྲུབས་ཤིག་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་བྱེད་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུས་བསྡུས་པ་སྟེ། དེ་ལ་ཡང་དག་པར་ཞུགས་པ་ནི་སྨོན་པ་དང་འཇུག་པའི་སེམས་ཀྱིས་ཞུགས་པའོ། །བྱེ་བྲག་དེ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་བསལ་བའི་ཕྱིར་ཏེ། བྱང་ཆུབ་ལ་ཡང་དག་པར་ཞུགས་པས་ཞེས་སྨོས་ན་ནི་བྱང་ཆུབ་གསུམ་ཡོད་པས་བྱང་ཆུབ་གཞན་དུ་ཡང་གོ་བར་འགྱུར་རོ། །ཉན་ཞེས་བྱ་བ་ནི་ཁས་བླངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པའི་མཚན་ཉིད་ཀྱི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། ། ༈ སྒྲུབ་པའི་མཚན་ཉིད་ཀྱི་གནས་བཤད་པ། ༈ མདོར་བསྡུས་ཏེ་བསྟན་པ། ༆ ད་ནི་དེའི་གནས་བརྗོད་པར་བྱ་སྟེ། དེའི་གནས་དེ་ཡང་མདོར་བསྡུས་ན་རྣམ་པ་བཅོ་བརྒྱད་དེ། འདི་ལྟ་སྟེ། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། གཟུགས་ཀྱི་སྐུ་ཐོབ་པར་འདུན་པ་དང་། ཆོས་ཀྱི་སྐུ་ཐོབ་པར་འདུན་པ་དང་། བསྒོམས་པའི་ཁྱད་པར་འདུན་པ་ལ་མངོན་པའི་ང་རྒྱལ་མེད་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་དང་། ཞིང་རྣམ་པར་དག་པར་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཅིའི་ཕྱིར་བསྟན་བཅོས་ལ་རྗེས་སུ་ཆགས་པ་དང་བྲལ་བ་དང་། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་རིལ་པོར་འཛིན་པའི་གཞིག་པར་སྦྱོར་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང་། ལུས་དང་སེམས་དུབ་ནས་བརྩོན་འགྲུས་ལས་ལོག་པ་དང་། མི་རྩོམ་པ་དང་རྙེད་པ་དང་བཀུར་སྟི་དག་དང་བྲལ་བ་སྟེ། ལུས་དང་སེམས་རབ་ཏུ་དུབ་པ་བརྩོན་འགྲུས་བརྩམས་པ་ལས་མི་ལྡོག །མ་བརྩམས་པ་ནི་མི་རྩོམ་ལ། བདག་ལ་གཞན་དག་གིས་འདི་ནི་བརྩོན་འགྲུས་དང་ལྡན་པ་ཡིན་ནོ་སྙམ་དུ་ཤེས་པར་གྱུར་ཀྱང་ཇི་མ་རུང་ཞེས་དད་པའི་དབང་དུ་བྱས་ 95-210b ནས་རྙེད་པ་དང་བཀུར་སྟི་འདོད་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དང་བྲལ་ཏེ་སྤང་བར་བྱ་བ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པ་དང་། བསམ་གཏན་གྱི་རོ་མྱང་བ་དང་དབྲལ་བ་དང་། མངོན་པར་རྟོགས་པའི་དུས་ན་བདག་གོ་སྙམ་པའི་རྣམ་པར་རྟོག་པ་དང་བྲལ་བ་དང་། གདམས་ངག་ཡོངས་སུ་བཙལ་བ་དང་། མངོན་པར་རྟོགས་པ་དང་། སངས་རྒྱས་ཀྱི་ས་ཡོངས་སུ་བཙལ་བ་སྟེ། གནས་རྣམ་པ་བཅོ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་གང་ལ་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བའོ། །གནས་དེ་དག་གིས་ས་གསུམ་བསྡུས་ཏེ། འདི་ལྟ་སྟེ་གནས་རྣམ་པ་བཅུ་དྲུག་གིས་མོས་པས་སྤྱོད་པའི་སའོ། །མངོན་པར་རྟོགས་པའི་གནས་གཅིག་པུས་ནི་ལྷག་པའི་བསམ་པ་དག་པའི་སའོ། །སངས་རྒྱས་ཀྱི་ས་ཡོངས་སུ་བཙལ་བས་ནི་སངས་རྒྱས་ཀྱི་སའོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་བརྩོན་པ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྐུ་འཐོབ་པར་འདུན་པ་བསྐྱེད་དོ། །དེ་ནས་མངོན་པའི་ང་རྒྱལ་ལ་སོགས་པ་དང་། ཐ་མ་བདག་གོ་སྙམ་དུ་རྣམ་པར་རྟོག་པ་ལ་ཐུག་པའི་བར་མངོན་པར་རྟོགས་པའི་བགེགས་རྣམས་དང་སེམས་བྲལ་བར་བྱེད་དོ། །དེ་ནས་མངོན་པར་རྟོགས་པར་བྱ་བའི་ཕྱིར་གདམས་ངག་ཡོངས་སུ་འཚལ་ལོ། །དེ་ནས་མངོན་པར་རྟོགས་པར་བྱེད་དོ། །དེ་ནས་གོང་དུ་སངས་རྒྱས་ཀྱི་ས་ཡོངས་སུ་ཚོལ་ཏེ། དེའི་ཕྱིར་དེ་དག་གི་གོ་རིམས་ནི་དེ་ལྟའོ། ། ༈ རྒྱས་པར་བཤད་པ། ༈ སེམས་བསྐྱེད་བཤད་པ། ༆ དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དབང་དུ་བྱས་ནས་སེམས་ཅན་ཇི་ཙམ་ཞེས་བྱ་བ་གསུངས་སོ། །ཇི་ཙམ་ཞེས་བྱ་བ་ནི་ཚད་དོ། །ཅི་དེ་དག་ལ་ཚད་ཡོད་དམ་སྙམ་པ་ལ་སེམས་ཅན་དུ་བསྡུ་བར་ཞེས་བྱ་བ་གསུངས་སོ། །སེམས་ཅན་གྱི་ཁམས་ཚད་མེད་མོད་ཀྱི། འོན་ཀྱང་སེམས་ཅན་སེམས་ཅན་ཞེས་བྱ་བ་ནི་གང་དེའི་ངོ་བོ་སྙམ་པ་ལས་ལོག་པའི་སྒྲའི་དོན་ལས་བརྟགས་པའི་ངོ་བོ་སྐལ་བ་འདྲ་བ་ཞེས་གྲགས་པ་གང་ཡིན་པ་དེ་ནི་སེམས་ཅན་དུ་བསྡུའོ། །དེས་ནི་མཐོང་བ་དང་། རྣམ་པར་བརྟགས་པའི་དོན་གཅིག་ཏུ་བསྡུས་ནས་དེའི་ངོ་བོར་སྒྲོ་བཏགས་པའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོའི་བྱེ་བྲག་གིས་བསྡུས་པ་དག་སྟེ། དེའི་ཕྱིར་དེ་དག་ཚེ་དང་ལྡན་པ་འདྲ་བར་སྣང་ངོ་། །དེ་ལྟར་སྤྱིར་བསྟན་ནས། བྱེ་བྲག་ཏུ་བསྟན་པའི་ཕྱིར། སྒོ་ང་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། 95-211a བྱེ་བྲག་གི་མཚན་ཉིད་དེ་ཡང་རབ་ཏུ་དབྱེ་བ་གསུམ་གྱིས་གསུངས་ཏེ། སྐྱེ་གནས་ཀྱི་དབྱེ་བ་ལས་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམ་པ་བཞིའོ། །གནས་ཀྱི་དབྱེ་བ་ལས་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གནས་ཐ་དད་པའི་ཕྱིར་ཏེ། གཟུགས་ཅན་ནི་འདོད་པ་དང་གཟུགས་ན་སྤྱོད་པ་རྣམས་སོ། །གཟུགས་ཅན་མ་ཡིན་པ་ནི་གཟུགས་མེད་པ་རྣམས་སོ། །མཚན་མར་འཛིན་པའི་དབྱེ་བ་ལས་ནི། འདུ་ཤེས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་ཆེ་བའི་ཕྱོགས་གཅིག་དང་། སྲིད་པའི་རྩེ་མོར་སྐྱེས་པའི་སེམས་ཅན་རྣམས་མ་གཏོགས་པར་ཐམས་ཅད་ནི་འདུ་ཤེས་ཅན་ནོ། །འབྲས་བུ་ཆེ་བའི་ཕྱོགས་གཅིག་འདུ་ཤེས་མེད་པའོ། །འདི་ཡང་མཚན་མར་འཛིན་པའི་དབྱེ་བར་བྱས་པ་ཉིད་དེ། དེ་མེད་པས་རབ་ཏུ་ཕྱེ་བས་དེས་མཚོན་པའི་ཕྱིར་རོ། །སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ནོ། །རབ་ཏུ་དབྱེ་བ་འདི་ནི་བློ་ཞན་པ་རྣམས་ལ་ཕན་གདགས་པའི་ཕྱིར་བྱས་ཀྱི་གཞན་དག་འཕྱ་བ་སྤང་བའི་ཕྱིར་རབ་ཏུ་མ་སྤྲོས་སོ། །ཆོས་ཐམས་ཅད་སེམས་ཅན་མེད་དོ་ཞེས་བྱ་བ་དང་། བཤད་པ་འདི་མི་འགལ་བར་བསྟན་པར་སེམས་ཅན་གྱི་ཁམས་ཀུན་རྫོབ་ཀྱི་བདེན་པར་སེམས་ཅན་གྱི་ཁམས་བསྟན་པའི་ཕྱིར། ཇི་ཙམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གདགས་པས་ཞེས་བྱ་བ་ནི་ཕུང་པོ་ལྔའི་བྱེ་བྲག་གི་བདག་ཉིད་དུ་ཤེས་པ་སྟེ། མུ་སྟེགས་ཅན་གྱིས་ཡོངས་སུ་ཤེས་པར་བརྟགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་སྐུར་བའི་མཐའ་སྤངས་པ་ཡིན་ཏེ། བཏགས་པར་ཡོད་ན་སྐུར་པ་མི་འདེབས་པའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་གང་ལ་ཟག་པ་དང་བཅས་པའི་ཕུང་པོ་ལྷག་མ་མེད་པ་དེ་ལ་དེ་སྐད་ཅེས་བྱའི་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ནི་འདིར་མྱ་ངན་ལས་འདས་པའི་དབྱིངས་མ་ཡིན་ཏེ། དེ་ནི་དམན་པའི་ཕྱིར་རོ། །འབྲས་བུ་གྱ་ནོམ་པ་ཡོད་བཞིན་དུ་སྙིང་བརྩེ་བདག་ཉིད་ཅན་རྣམས་འབྲས་བུ་དམན་པ་དོན་དུ་གཉེར་བ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་འབྲས་བུ་གྱ་ནོམ་པ་ཡོད་ཀྱང་ཐོབ་པར་བྱེད་མི་ནུས་པས་དེ་ལྟར་དོན་དུ་གཉེར་རོ་ཞེ་ན། ཁྱོད་ཀྱི་ལུགས་ལྟར་ན་རིགས་གསུམ་དང་རིགས་མེད་པ་ཡང་ཡོད་པས་འབྲས་བུ་དམན་པ་ཡང་ཐམས་ཅད་ཀྱིས་ཐོབ་པར་བྱེད་མི་ནུས་པ་ཉིད་དོ། །འོན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ 95-211b གཉིས་འདི་འདྲ་སྟེ། གང་གི་དབང་གིས་ནི་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ནོན་པ་དག་ནི་འདི་ཅི་ནུས་སམ་སྙམ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་མཛད་པ་གཞན་དག་ཀྱང་བཞུགས་བཞིན་དུ་འདིར་བདག་གིས་དོན་མེད་པའི་སྨོན་ལམ་བཏབ་པས་ཅི་ཞིག་བྱ་སྙམ་པ་དེ་ལྟ་བུའི་རྣམ་པར་སྤྱོད་པ་རྣམས་སྤངས་ཏེ། གཞན་ལ་ལྟོས་པ་རྒྱང་བསྲིངས་ཤིང་། སྙིང་བརྩེ་བ་ཆེན་པོས་ཟིན་པ་རྣམས་འགྲོ་བ་སྡུག་བསྔལ་གྱི་མེ་འབར་བས་ཉེན་པར་མཐོང་ནས་འདི་སྙམ་དུ་བདག་ཁོ་ནས་བསྐྱབ་པོ་ཞེས་སྨོན་ལམ་འདེབས་ཏེ། ཇི་སྐད་དུ། དཀའ་འམ་མི་དཀའ་སྙམ་པ་ཡི། །རྣམ་པར་རྟོག་པ་རྣམ་སྤངས་ནས། །འགྲོ་བ་འདི་ནི་ཉམ་ཐག་ཅེས། །ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས། །ཞེས་བཤད་པ་ལྟ་བུའོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡང་བུ་སྡུག་པ་རྒྱལ་པོར་སྨོན་པ་ལྟར་འཐོབ་པར་བྱ་མི་ནུས་པའི་གྱ་ནོམ་པ་ཉིད་ལ་ཅིའི་ཕྱིར་སྨོན་ལམ་མི་གདབ། གང་གི་ཕྱིར་ན་དམན་པ་ཁོ་ན་དོན་དུ་གཉེར་བར་བྱེད། དེ་ལྟ་བས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་འདིར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིགས་ཏེ། དེ་ལ་ཟག་པ་དང་བཅས་པའི་ཕུང་པོའི་ལྷག་མ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ལས་འདའ་བར་བྱའོ་ཞེས་དེ་སྐད་མ་གསུངས་ཤེ་ན། བསམ་གཏན་དང་པོ་ལ་སོགས་པ་བསལ་བའི་ཕྱིར་རོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ས་འོག་མའི་ཉོན་མོངས་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གསུངས་སོ། །ཅིའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞེས་མ་གསུངས་ཤེ་ན། དེ་ནི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་མ་སྤངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་བསམ་པ་ནི་རྒྱུ་གསུམ་གྱིས་བལྟ་བར་བྱ་སྟེ། མི་ཁོམ་པར་སྐྱེས་པ་རྣམས་ལ་དུས་གཞན་དུ་སྡོད་པ་དང་། མི་ཁོམ་པའི་གནས་སྐབས་ནི་ཉེ་བར་མཚོན་པའི་ཕྱིར་སྨོན་པར་ཟད་ཀྱི་དེར་ཟད་པ་ནི་མ་ཡིན་ཏེ། དེ་ན་གནས་པ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་མི་སྲིད་པའི་ཕྱིར་རོ། །ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བ་སྟེ། དེས་ན་དོན་གཉེར་མི་ནུས་པ་མ་ཡིན་ནོ། །སེམས་ཅན་མ་ལུས་པ་ཡོངས་སུ་མྱ་ངན་ 95-212a ལས་འདའ་བའི་བསམ་པ་འདིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་ཆེ་བ་བསྟན་ཏོ། །འདིར་ཇི་ལྟར་འདུན་པ་སྨོན་ལམ་གཉིས་ཀྱིས་གནས་པར་བྱ་བ་དེ་ཡང་བསྟན་ཏོ། །ད་ནི་ཇི་ལྟར་རྣལ་འབྱོར་ལ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཀྱང་བྱང་ཆུབ་སེམས་དཔའ་ཇི་ལྟར་དོན་དམ་པར་སེམས་ཅན་གང་ཡང་དམིགས་པར་མི་འགྱུར་ཏེ། དེ་མེད་པའི་ཕྱིར་རོ་ཞེས་བྱ། དེ་ལྟར་རྣལ་འབྱོར་ལ་སྙོམས་པར་འཇུག་པས་སོ་སོར་བརྟག་པར་བྱའོ། །ལངས་ནས་འདི་སྙམ་དུ་དོན་དམ་པར་བདག་གིས་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་མེད་དོ་སྙམ་དུ་སེམས་བསྐྱེད་པ་གང་ཡིན་པ་འདིས་ནི་ཟབ་པ་བསྟན་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་བསྟན་ཏོ། །སྔ་མས་ནི་ཀུན་རྫོབ་བོ། །ད་ནི་གཡེང་བ་ཚར་གཅོད་པས་འདིར་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་པའི་ཕྱིར། དེ་ཅིའི་སླད་དུ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་ཞེས་བྱ་བའི་དོན་དང་སྦྱར་རོ། །འོ་ན་སུ་གང་ཟག་ལ་སོགས་པར་འདུ་ཤེས་འཇུག་པ་དེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའམ་ཅི་ན། གང་གི་ཕྱིར་སེམས་ཅན་སྨོས་པ་དེ་ཁོ་ན་མཛད་སྙམ་དུ་སེམས་ཤིང་། ཡང་ཅིའི་སླད་དུ་ཞེས་ཞུས་པ་དང་། ཅིག་ཤོས་ཀྱིས་ཀྱང་མི་བྱའོ་ཞེས་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། བློ་གྲོས་ངན་པ་དག་གི་ཡང་དེ་ནི་ཕུང་པོར་ལས་གཞན་པ་ནང་ན་བྱ་བ་དང་། ལོངས་སྤྱོད་བཞི་པོ་བྱེད་པའི་སྐྱེས་བུ་ཞིག་ཡོད་པར་ཡོངས་སུ་བརྟགས་ནས་སེམས་ཅན་དང་སྲོག་ལ་སོགས་པའི་སྒྲར་ཐ་སྙད་འདོགས་པ་དང་། གང་དག་ཡང་གང་ཟག་བརྗོད་དུ་མི་རུང་བར་འདོད་པ་དེ་དག་གི་ཡང་དེ་ནི་ཕུང་པོར་གཏོགས་པའི་ཆོས་དང་མཚན་ཉིད་མི་འདྲ་བར་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་དོན་གཞན་པ་ཁོ་ནར་ཁས་བླངས་པ་ཡིན་ཏེ། ཐམས་ཅད་ཀྱང་བརྗོད་དུ་མི་རུང་བར་ཐལ་བར་འགྱུར་བའི་ཕྱིར་དངོས་པོ་ནི་ནམ་ཡང་བརྗོད་དུ་མི་རུང་བ་མི་སྲིད་དོ། །དེ་ནི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། གནོད་པ་ཅན་ཡང་ཡོད་པའི་ཕྱིར་དེར་ལྟ་བའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པས་ཕྱིན་ཅི་ལོག་ཁོ་ནར་འགྱུར་རོ། །གང་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དོན་ 95-212b དམ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་འགྱུར། གཞན་ན་རེ་བདག་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་ཁོ་ན་ཡིན་ནམ། འདི་ལྟར་བཅིངས་པ་དང་། ཐར་པ་དང་། ལམ་དང་། འབྲས་བུ་འབྲེལ་པ་དང་། དྲན་པ་དང་། ངོ་ཤེས་པ་ལ་སོགས་པ་ནི་གཞི་གཅིག་པ་གྲགས་པ་དག་ཡིན་ན། བདག་མེད་པར་སྨྲ་བ་ཁྱེད་ཀྱི་ལུགས་ལྟར་ན་དེ་དག་གི་གཞིར་འགྲུབ་པར་འགྱུར་བ་གང་ཡིན་པ་གཅིག་པུ་ནི་འགའ་ཡང་མེད་ན་གཞིར་འགྱུར་བ་གང་ཞིག་ཡིན། རྣམ་པར་ཤེས་པའི་སྐད་ཅིག་མ་རྣམས་ཀྱི་སྐད་ཅིག་སོ་སོ་ནི་ཐ་དད་པའི་ཕྱིར་རོ། །ལྷ་སྦྱིན་བཅིངས་ལ་ཕྱིས་མཆོད་སྦྱིན་གྲོལ་བར་རྣམ་པར་གཞག་པ་ནི་མེད་དོ། །གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་མྱོང་བ་ཡང་མེད་དོ། །ཧ་ཅང་ཐལ་བར་འགྱུར་བ་དང་། བྱས་པ་ཆུད་ཟ་ཞིང་མ་བྱས་པ་དང་ཕྲད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་བྱེད་པ་པོར་བརྟགས་པའི་རྣམ་པར་ཤེས་པའི་སྐད་ཅིག་མ་གང་ཡིན་པ་དེ་དང་། འབྲས་བུ་འབྲེལ་བ་མེད་པའི་ཕྱིར་བྱས་པ་ཆུད་ཟ་བའི་སྐྱོན་དང་། བྱེད་པ་པོ་མ་ཡིན་པ་དེ་ཁོ་ན་དང་འབྲས་བུ་འབྲེལ་པའི་ཕྱིར་མ་བྱས་པ་དང་། ཕྲད་པའི་སྐྱོན་དུ་ཡང་འགྱུར་རོ། །དྲན་པ་ལ་སོགས་པ་ཡང་འཇིག་རྟེན་ན་གནས་ཐ་དད་པར་མ་གྲགས་ཏེ། འོ་ན་ཇི་ལྟ་ཞེ་ན། གནས་གཅིག་པ་ཁོ་ན་སྟེ། ལྷ་སྦྱིན་གྱི་སེམས་ཀྱིས་མྱོང་བ་ནི་མཆོད་སྦྱིན་གྱི་སེམས་ཀྱིས་དྲན་པའམ་ངོ་ཤེས་པ་མེད་ཀྱི། གང་གིས་མྱོང་བ་དེ་ཉིད་ཀྱིས་དྲན་ཞིང་ངོ་ཤེས་སོ་ཞེས་གྲགས་སོ། །དེ་བས་ན་སྐྱེས་བུ་གཅིག་པུ་གནས་སྐབས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཞིག་ཡོད་དོ། །སྦྱོར་བ་ནི་བཅིངས་པ་དང་ཐར་པ་གང་དག་ཡིན་པ་དེ་དག་ནི་གཞི་གཅིག་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ལྕགས་སྒྲོག་གིས་བཅིངས་པ་དང་ཐར་པ་བཞིན་ལ། རྩོད་པའི་གཞིར་གྱུར་པ་བཅིངས་པ་དང་ཐར་པ་གཉིས་ཀྱང་བཅིངས་པ་དང་། ཐར་པ་ཡིན་པས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བཞིན་དུ་བྱེད་པ་པོ་ལ་གཞི་གཅིག་པ་ཉིད་དུ་བསྒྲུབ་པ་ལ་ཡང་སྦྱོར་བ་རྟག་པར་བྱའོ་ཞེས་ཟེར་རོ། །དེ་ལ་གལ་ཏེ་འདིར་སྐྱེས་བུ་དང་རང་དབང་ཅན་དོན་དམ་པ་རྟག་པ་གཅིག་པུ་ཞིག་སྒྲུབ་ན་ནི་དེའི་ཚེ་དེ་ལྟ་བུའི་སྐྱེས་བུ་དང་གཏན་ཚིགས་ལྷན་ཅིག་འབྲེལ་པར་གང་དུ་ཡང་མ་གྲུབ་པས་མ་ངེས་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་ལྷ་སྦྱིན་ལ་སོགས་པ་ 95-213a རྟག་པ་གཅིག་པུའི་ངོ་བོར་མ་གྲུབ་པས་དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་འགལ་བ་ཡིན་ཏེ། དེ་ལས་བཟློག་པ་དང་འབྲེལ་པའི་ཕྱིར་རོ། །འོན་ཏེ་ཅིའི་ཕྱིར་གཞི་གཅིག་པ་ཉིད་ཙམ་དུ་སྒྲུབ་པ་དེའི་ཚེ་གྲུབ་པ་སྒྲུབ་པ་ཡིན་ཏེ། དེས་ཀྱང་རྒྱུད་གཅིག་ལ་ཡོད་པས་བཅིངས་པ་ལ་སོགས་པ་གནས་གཅིག་པར་འདོད་པ་ཉིད་དོ། །འདི་ལྟར་གང་གི་ཚེ་རྒྱུད་གང་ལ་མ་རིག་པ་ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་པ་དག་རྒྱུན་མི་འཆད་པར་རྒྱུན་དུ་འབྱུང་བ་དེའི་ཚེ་ན་ནི་དེ་ལ་བཅིངས་པ་ཞེས་འདོགས། ཡང་དེ་ཉིད་ལ་ཐོབ་པ་ལ་སོགས་པའི་རིམ་གྱིས་འཕགས་པའི་ལམ་སྐྱེ་ནས་མ་རིག་པ་ལ་སོགས་པ་འགགས་པས་གནས་གྱུར་པ་ལ་ཐར་པ་ཞེས་འདོགས་ཀྱི། དེ་གཉིས་དོན་དམ་པ་རྟག་པ་གཅིག་པུའི་དངོས་པོའི་ཡུལ་ཅན་དུ་གྲུབ་པ་ནི་མེད་དེ། འཇིག་རྟེན་པའི་བཅིངས་པ་དང་ཐར་པ་ཡང་དེ་དང་འདྲ་བའི་ཕྱིར་རོ། །རྒྱུད་གང་ལ་དགེ་བ་དང་མི་དགེ་བའི་སེམས་དང་ཉམས་སུ་མྱོང་བ་སྐྱེས་པ་དེ་དེ་ཉིད་ལ་དུས་གཞན་ན་རྒྱུད་ཡོངས་སུ་སྨིན་པ་ལ་བརྟེན་ནས་མ་དུ་ལུང་ག་ལ་སོགས་རྒྱ་སྐྱེགས་ལ་སོགས་པའི་ཁུ་བས་བསྐུས་པའི་རྒྱུད་ཡོངས་སུ་སྨིན་པ་ལ་སོགས་པ་བཞིན་དུ་བདེ་བ་དང་། སྡུག་བསྔལ་བ་དང་། དྲན་པ་ལ་སོགས་པ་འབྲས་བུ་འབྱུང་བ་སྣང་བའི་ཕྱིར་དགེ་བ་ལ་སོགས་པ་གནས་གཅིག་ཏུ་གྲགས་ཀྱི་བྱེད་པ་པོ་དང་། ཟ་བ་པོ་དང་། དྲན་པ་པོ་གཅིག་པུ་ནི་གང་ཡང་མེད་དེ། ཐ་སྙད་བཏགས་པ་འདི་ཐམས་ཅད་ནི་རྒྱུ་དང་འབྲས་བུ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཧ་ཅང་ཐལ་བ་ཡང་མ་ཡིན་ཏེ། ས་བོན་ལ་སོགས་པའི་ནུས་པ་ངེས་པ་བཞིན་དུ་རྒྱུའི་ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །དེ་ལ་ཡང་དག་གང་གིས་ན་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པར་འགྱུར་བ་དེ་ནི་གཅིག་པུ་རྗེས་སུ་འགྲོ་བ་ནི་གང་ཡང་མེད་དེ། གནས་སྐབས་གཞན་དུ་སྣང་བའི་ཕྱིར་རོ། །སེམས་ཅན་གྱི་རྒྱུ་འདི་ལ་ཡང་དེ་དང་འདྲ་བར་འགྱུར་ན། བདག་ཏུ་ཡོངས་སུ་བརྟགས་པ་འདིས་ཅི་ཞིག་བྱ། བདག་ལ་ཡང་བརྟགས་ཏེ་བྱེད་པ་པོ་ལ་སོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་རྒྱུའོ། །ཟབ་མོ་ལ་སོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་འབྲས་བུའོ་ཞེས་རྒྱུ་དང་འབྲས་བུའི་དངོས་པོ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ཏེ་གནས་སྐབས་དེ་གཉིས་སུ་ 95-213b སྐྱེ་བ་མེད་པའམ། གཅིག་ལ་གཅིག་ཕན་འདོགས་པ་མེད་པ་ན་ནམ་མཁའ་དང་འདྲ་བར་གྱུར་པས་ཟ་བ་པོ་ལ་སོགས་པ་འགྲུབ་པར་ཡང་ཇི་ལྟར་འགྱུར། ནུས་པ་སོ་སོར་ངེས་པར་ཁས་བླང་བར་བྱ་སྟེ། འདི་ལྟར་སོ་སོར་ངེས་པའི་བདག་ཉིད་དང་འབྲེལ་པས་བདེ་བ་ལ་སོགས་པ་འབྱུང་བར་འགྱུར་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་བས་ན་དགེ་བ་ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་པ་ཇི་ལྟར་ཡོངས་སུ་སྣང་བ་དག་ཁོ་ན་བྱེད་པ་པོ་དང་ཟ་བ་པོ་ཡིན་ན་བལྟར་མི་སྣང་བའི་ངོ་བོ་བདག་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། རྗེས་སུ་དཔག་པས་བདག་དེ་མ་གྲུབ་ཏུ་ཆུག་ཀྱང་། འོན་ཀྱང་སྔར་ཤེས་པའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་མངོན་སུམ་གྱིས་བདག་གྲུབ་པོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེར་འཁྲུལ་པའི་ཕྱིར་དང་། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་དང་ཤེས་པ་མངོན་སུམ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །ངར་ཤེས་པ་ལ་སྣང་བ་ན་གང་གིས་ན་མངོན་སུམ་དུ་འགྱུར་བ་ཇི་ལྟར་ན་རང་གི་གྲུབ་པའི་མཐའ་ལས་བརྟགས་པ་ལྟ་བུ་བདག་གཅིག་པུ་རྟག་པ་ཁྱབ་པ་ནི་མི་དམིགས་སོ། །གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ཏེ་གལ་ཏེ་ངར་ཤེས་པ་མངོན་སུམ་དུ་གྱུར་ན་ནི་དེའི་ཚེ་བདག་ཡུལ་དུ་གྱུར་པ་ལ་རབ་ཏུ་སྨྲ་བ་རྣམས་རྩོད་པར་མི་འགྱུར་ཏེ། རྣམ་པར་རྟོག་པ་དང་བཅས་པས་ངར་འཛིན་པ་ངེས་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་རོ། །ངེས་པས་ཡུལ་དུ་བྱས་པ་ལ་ནི་སྒྲོ་འདོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདྲ་བ་གཞན་དང་གཞན་དུ་འབྱུང་བས་བསླུས་པ་དང་། ཐོག་མ་མེད་པའི་དུས་ནས་གོམས་པའི་དབང་གིས་གཟུགས་ལ་སོགས་པ་ཕུང་པོ་སོ་སོར་ངེས་པ་ཉིད་ལ་གཅིག་པུར་སྒྲོ་བཏགས་ནས་ཕ་རོལ་རྣམ་པར་སྤྱད་པའི་ཕྱིར་ངའོ་སྙམ་དུ་ཤེས་ཏེ། ཤེས་པ་དེ་ལ་གཟུགས་ལ་སོགས་པ་དེ་དག་ཉིད་སྣང་བའི་ཕྱིར་རོ། །གལ་ཏེ་ངར་འཛིན་པ་འདི་ལུས་ཀྱི་ཡུལ་ཅན་ཞིག་ཡིན་ན་ཇི་ལྟར་ངའི་ལུས་ཞེས་ཐ་དད་པ་ཙམ་འཛིན་པར་འགྱུར་ཞེ་ན། དེ་ནི་བདག་གི་དམིགས་པ་ཅན་ལ་ཡང་མཚུངས་ཏེ། གལ་ཏེ་ངར་འཛིན་པ་འདི་དག་གི་ཡུལ་ཅན་ཞིག་ཡིན་ན་དེའི་ཚེ་ཇི་ལྟར་ངའི་བདག་ཉིད་ཅེས་སེམས་པར་འགྱུར། ཅི་སྟེ་དངོས་པོ་ཉིད་དུ་ཐ་དད་པ་མེད་ཀྱང་ཐ་དད་པ་གཞན་སྤངས་པས་དེ་ཙམ་ཤེས་པར་འདོད་པའི་ཕྱིར་མཆི་གུའི་ལུས་ཞེས་བྱ་ 95-214a བ་བཞིན་དུ་ཐ་དད་པར་བརྟགས་པས་འཛིན་པས་འགལ་བ་མེད་དོ་ཞེ་ན། དེ་ནི་ལུས་ཀྱི་དམིགས་པ་ཅན་ལ་ཡང་མཚུངས་སོ། །བདག་གི་ཡུལ་ཅན་ཡང་རིམ་གྱིས་འབྱུང་བ་དང་འགལ་ཏེ་འོག་ནས་བཤད་དོ། །ངར་འཛིན་པ་ཁོ་ན་ཡང་བདག་མ་ཡིན་ལ་དེའི་ཡུལ་གཟུགས་ལ་སོགས་པ་བདག་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། དེ་དག་དེ་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །དེ་དག་ནི་རིམ་ཉིད་དུ་དམིགས་པའི་ཕྱིར་གཅིག་པུའི་ངོ་བོའམ་རང་དབང་ཅན་དུ་མེད་དོ། །དེ་ཉིད་ཀྱི་ཕྱིར། བདག་ལྷ་ཉིད་ནི་བདག་གི་མཚན་ཉིད་མིན། ཉེ་གནས་མི་འདྲ་བས་ན་མ་ཡིན་ནོ་ཞེས་བཤད་དོ། །མིང་དུ་འདོགས་ན་ནི་འདོད་པས་འདི་ལ་བརྩད་པ་ཅི་ཡང་མེད་དོ། །དེ་ལྟ་བས་ན་བདག་སྒྲུབ་པར་བྱེད་པའི་ཚད་མ་ཆུང་ཟད་ཙམ་ཡང་མེད་དོ། །མངོན་སུམ་དུ་རྗེས་སུ་དཔག་པ་ལས་མ་གཏོགས་པའི་ཚད་མ་ནི་མེད་དོ་ཞེས་ཕྱོགས་གཞན་དུ་དཔྱད་ཟིན་ཏོ། །གནོད་པ་ཅན་གྱི་ཚད་མ་ཡང་བསལ་བ་ཁོ་ནར་དམིགས་ཏེ། དེ་ལྟར་གལ་ཏེ་བདག་ཕུང་པོ་དག་ལས་གཞན་མ་ཡིན་ན་ནི་དེའི་ཚེ་ཕུང་པོ་བཞིན་དུ་སྐད་ཅིག་པར་འགྱུར་བའམ། ཡང་ན་བདག་བཞིན་དུ་ཕུང་པོ་རྟག་པ་དག་ཏུ་འགྱུར་ཏེ། དེ་དང་ཐ་མི་དད་པའི་ཕྱིར་རོ། །ཕུང་པོ་བཞིན་དུ་དུ་མ་ཉིད་དུ་ཐལ་བར་འགྱུར་བ་ཡང་བཟློག་དཀའ་བར་འགྱུར་རོ། །དེ་བས་ན་ཕུང་པོ་རྣམས་ཁོ་ན་ལ་བདག་ཅེས་མིང་འདོད་པ་ཡིན་ཏེ། མིང་ལ་ནི་བརྩད་པ་མེད་དོ། །འོན་ཏེ་ཕུང་པོ་བདག་དང་ཐ་དད་པར་འདོན་ན་ནི་དེའི་ཚེ་བདེ་བ་ལ་སོགས་པ་དང་འབྲེལ་པ་མེད་པས་དེ་ཟ་བ་པོ་ལ་སོགས་པར་མི་འགྲུབ་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་འབྲེལ་པ་མེད་པ་དེ་ནི་བྱེད་པ་པོའམ་ཟ་བ་པོ་མ་ཡིན་ལ། གྲོལ་བར་བྱེད་པའམ་འཁོར་བར་བྱེད་པ་ཡིན་པར་ཡང་མི་རིགས་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ལ། བདག་ཀྱང་བྱ་བ་ལ་སོགས་པ་དང་འབྲེལ་པ་གང་ཡང་མེད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ནི་མི་དམིགས་པ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་བདེ་བ་ལ་སོགས་པ་དང་འབྲེལ་པ་ཞིག་ཡིན་ན་གཞི་དང་གནས་པའི་མཚན་ཉིད་དམ། ལྡན་པའི་མཚན་ཉིད་དམ། རྒྱུ་དང་འབྲས་བུའི་མཚན་ཉིད་དམ་ཕྱོགས་ 95-214b གསུམ་དུ་འགྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཅི་ཡང་མི་བྱེད་པའི་ཕྱིར་རོ། །འདི་ལྟར་འོག་ཏུ་འགྲོ་བའི་ཆོས་ཆུ་ལ་སོགས་པ་ལ་འོག་ཏུ་འགྲོ་བའི་གེགས་བྱེད་པས་གཞིར་རྣམ་པར་གཞག་ན། བདེ་བ་ལ་སོགས་པ་ལ་ནི་ལུས་མེད་པས་འོག་ཏུ་འགྲོ་མི་སྲིད་པའི་ཕྱིར་བདག་ཅི་ཞིག་བྱེད་ན་གཞིར་འགྱུར། གནས་པར་བྱེད་པས་ཀྱང་གཞི་མ་ཡིན་ཏེ། གནས་པ་དང་གནས་པ་པོ་ཐ་མི་དད་པའི་ཕྱིར་དེ་ཉིད་བྱེད་པར་འགྱུར་ཏེ། དེ་ཡང་དགག་པར་བྱའོ། །གནས་པ་དང་ཐ་དད་ན་ཡང་དེ་གནས་པ་པོ་དེ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཉིད་དེ། གནས་པ་དོན་གཞན་དུ་གྱུར་པ་བྱེད་པའི་ཕྱིར་རོ། །དེ་ལ་ནི་གནས་པ་བསྐྱེད་པའི་མཐུ་ཡང་མེད་དེ། ཐམས་ཅད་ལ་མཐུ་མེད་པར་གསལ་བར་བྱ་བའི་ཕྱིར་རོ། །བདག་ཉིད་ཀྱིས་འགྱུར་བའི་ངོ་བོ་ཉིད་ལ་ནི་གནས་པར་བྱེད་པ་གང་ཡང་མེད་དེ། དེ་ནི་གནས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེས་དེ་གཞིག་པ་ཁོ་ནར་འགྱུར་ཏེ། གནས་པར་བྱས་པ་ནི་མ་ཡིན་ནོ། །མི་འགྱུར་བའི་ངོ་བོ་ཉིད་ལ་ཡང་གནས་པར་བྱེད་པས་ཅི་ཞིག་བྱ་སྟེ། བདག་ཉིད་ཀྱིས་བརྟན་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་ཅི་ཡང་མི་བྱེད་པའི་ཕྱིར་ལྡན་པའི་འབྲེལ་པ་ཡང་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ལྡན་པ་ཅན་གྱི་རྒྱུར་འགྱུར་རོ། །དོན་གཞན་དང་དོན་གཞན་དུ་ལྡན་པར་ནི་མི་རིགས་ཏེ། ལྕགས་ཀྱི་ཐུར་མ་བཞིན་དུ་ཐམས་ཅད་བདག་ཉིད་གནས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ལྡན་པའི་སྟོབས་ཀྱིས་བདག་བདེ་བའམ་སྡུག་བསྔལ་བར་གྱུར་ན་ནི་དེའི་ཚེ་ལྡན་པ་དེ་གཅིག་པུ་སྟེ། བྱེ་བྲག་མེད་པའི་ཕྱིར་བདེ་བ་ལ་སོགས་པ་སོ་སོར་ངེས་པའི་བདག་ཉིད་དང་འབྲེལ་པ་ཅན་དུ་མི་འགྱུར་ཏེ། དེའི་ཕྱིར་བདག་གཅིག་པུ་བདེ་བ་ལ་སོགས་པས་ཀྱང་ཐམས་ཅད་བདེ་བ་ཉིད་དམ་སྡུག་བསྔལ་ཉིད་དུ་མི་འགྱུར་རོ། །མི་མཐོང་བའི་སྟོབས་ཀྱིས་ངེས་པའི་ཁས་ལེན་ན་ནི་དེ་ཁོ་ནས་ངེས་པ་ཡིན་ན་ལྡན་པ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། དེ་ནི་གང་དུ་ཡང་མཐུ་མེད་པའི་ཕྱིར་རོ། །འབྲེལ་པ་ཅན་ཐ་དད་པས་ཐ་དད་པར་འདོགས་པ་ལ་ཡང་དོན་དམ་པར་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཐ་དད་པ་མེད་ན། གང་གིས་རང་བཞིན་ཐ་དད་པ་ 95-215a ལ་རག་ལུས་པའི་དོན་བྱེད་པའི་ཐ་དད་པར་འགྱུར། དེ་ལྟ་བས་ན་འབྲེལ་པ་འདི་ནི་བློ་གྲོས་ངན་པས་ཡོངས་སུ་རྟོགས་པ་ཁོ་ནའོ། །རྒྱུ་དང་འབྲས་བུས་འབྲེལ་པ་ཡང་མ་ཡིན་ཏེ། བདེ་བ་ལ་སོགས་པ་རིམ་གྱིས་འབྱུང་བར་སྣང་བའི་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པ་ཅན་གྱི་འབྲས་བུ་ནི་རེས་འགའ་འབྱུང་བའམ་མི་འབྱུང་བར་མི་རིགས་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །གཞན་དག་གིས་བྱེ་བྲག་ཏུ་བྱར་མི་རུང་བའམ། མཐུ་རག་མ་ལུས་པ་ཅན་གྱི་བདག་ནི་གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་ནས་རིམ་གྱིས་སྐྱེ་བར་འགྱུར་བ་ལྷན་ཅིག་བྱེད་པ་ལ་ལྟོས་པ་ནི་མེད་དོ། །དེས་ན་གལ་ཏེ་སྡུག་བསྔལ་སྐྱེད་པའི་རྒྱུ་ཡིན་པས་དེ་བཅིངས་པ་ཡིན་ན་ནི་དེའི་ཚེ་ཐམས་ཅད་དུ་བཅིངས་ནས་རྣམ་པར་གྲོལ་བར་མི་འགྱུར་ཏེ། རང་བཞིན་རྣམ་པ་དེ་ལྟ་བུ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཡོངས་སུ་གཏོང་ན་ནི་རྟག་པ་ཉིད་དུ་ག་ལ་འགྱུར། ཅི་སྟེ་སྡུག་བསྔལ་མེད་པའི་གནས་སྐབས་སྐྱེས་པའི་རྒྱུ་ཡིན་པས་གྲོལ་བ་ཡིན་ན་ནི་དེའི་ཚེ་གྲོལ་བ་ཉིད་དུ་འགྱུར་ཏེ། ནམ་ཡང་བཅིངས་པར་མི་འགྱུར་ན་དེའི་ཚེ་གཞི་ཅན་གྱི་བཅིངས་པ་དང་གྲོལ་བ་དག་ཏུ་ཇི་ལྟར་རབ་ཏུ་བརྟག །དེ་བཞིན་དུ་གལ་ཏེ་སེམས་པ་ལ་སོགས་པའི་མཚན་ཉིད་བྱེད་པའམ་བསྐྱེད་ནུས་པས་བྱེད་པ་པོ་ཡིན་ན་ནི་དེའི་ཚེ་ཐམས་ཅད་དུ་བྱེད་པ་པོར་འགྱུར་གྱི་ཟ་བ་པོར་ཇི་ལྟར་འགྱུར་འོན་ཏེ་བདེ་བ་ལ་སོགས་པ་བསྐྱེད་པའི་རྒྱུས་ཟ་བ་པོ་ཡིན་ན་ནི་དེའི་ཚེ་ཟ་བ་པོ་ཉིད་དུ་འགྱུར་གྱི་བྱེད་པ་པོར་ཇི་ལྟར་འགྱུར། སེར་སྐྱ་བས་ཡོངས་སུ་བརྟགས་པའི་བདེ་བ་ལ་སོགས་པས་འགྱུར་བ་མེད་པ་ནམ་མཁའ་ལྟ་བུ་ཡང་ཟ་བ་པོར་རིགས་པ་དང་ལྡན་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འགྱུར་ན་ནི་རྟག་པ་ཉིད་ཉམས་སོ། །རྒྱུ་ཙམ་གྱིས་ནི་བྱེད་པ་པོ་དང་ཟ་བ་པོར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དྲན་པ་པོ་ལ་སོགས་པ་ཡང་དེའི་གཞི་ཅན་དུ་མི་རུང་ཞེས་སྦྱར་བར་བྱའོ། །དེ་ལྟ་བས་ན་བདག་མེད་པར་སྨྲ་བའི་ཕྱོགས་ཁོ་ན་ལ་ཐར་པ་དང་བཅིངས་པ་ལ་སོགས་པ་རྣམ་པར་གཞག་པ་རིགས་པ་དང་ལྡན་ཏེ། རྣམ་པར་གཞག་པ་དེ་རྒྱུ་དང་འབྲས་བུའི་བྱེ་བྲག་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་དེ་ཡང་མི་རྟག་པ་ཁོ་ན་ལ་སྲིད་ཀྱི་རྟག་པ་རྣམས་ལ་ 95-215b ནི་མ་ཡིན་ཏེ། དེ་དག་ལ་འབྲས་བུ་གང་ལ་ཡང་རིམ་གྱིས་བསྐྱེད་པའི་མཐུ་མེད་དེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །ཅིག་ཅར་ཡང་མ་ཡིན་ཏེ། ཡང་རྣམ་པ་དེ་ལྟ་བུའི་འབྲས་བུ་བསྐྱེད་པའི་མཐུའི་ངོ་བོ་ཉིད་རྗེས་སུ་འབྲང་སྟེ། སྔ་མ་བཞིན་དུ་འབྲས་བུ་བསྐྱེད་པ་དང་བྲལ་བར་མི་རིགས་པའི་ཕྱིར་རོ། །རྗེས་སུ་མི་འབྲང་ན་ནི་ངོ་བོ་ཉིད་སྔ་མ་ཉམས་པར་འགྱུར་རོ། །རིམ་དང་ཅིག་ཅར་དག་ལས་མ་གཏོགས་པ་གང་གིས་དོན་བྱེད་པར་འགྱུར་བའི་རྣམ་པ་གཞན་ནི་མེད་དེ། དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་པ་མ་ཡིན་པ་གང་ཇི་སྙེད་པ་ནམ་མཁའ་ལ་སོགས་པའི་དངོས་པོ་གཞན་གྱིས་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་མེད་པར་ཐ་སྙད་གདགས་པའི་ཡུལ་ཡིན་ནོ་ཞེས་བྱ་བ་མཁས་པ་ཆེན་པོ་སངས་རྒྱས་པ་དག་སྨྲའོ། །རི་བོང་གི་རྭ་ལ་སོགས་པ་ལ་མེད་པར་ཐ་སྙད་འདོགས་པ་ཡང་དོན་བྱེད་པའི་ནུས་པ་མེད་པ་ཙམ་གྱི་རྒྱུའི་ཕྱིར་རོ། །ཤུགས་ཀྱིས་ན་ཡོད་པར་ཐ་སྙད་གདགས་པ་དོན་བྱེད་ནུས་པའི་ཡུལ་ཉིད་དེ། ཡོད་པ་དང་མེད་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་ནུས་པ་ཐམས་ཅད་ཀྱིས་སྟོང་པ་རི་བོང་གི་རྭ་ལ་སོགས་པ་དང་བྱེ་བྲག་མེད་པ་ལ་ཡང་དངོས་པོ་ཞེས་མིང་དུ་འདོགས་ན་ནི་མིང་ལ་ནི་བརྩད་པ་མེད་དོ། །འོན་ཀྱང་དོན་མེད་པའི་འདོད་པ་རྟོགས་པ་དང་ལྡན་པ་དག་ནི་རྣམ་པ་དེ་ལྟ་བུ་མི་དམིགས་པའི་ངོ་བོ་ཉིད་མོ་གཤམ་གྱི་བུ་ལ་སོགས་པ་དང་བྱེ་བྲག་མེད་པ་ལ་དངོས་པོར་ཐ་སྙད་འདོགས་པ་རིགས་པ་མ་ཡིན་ནོ་ཞེས་སྨྲའོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །ནམ་མཁའ་ལ་སོགས་པ་ལ་ཡང་བྱེད་པ་པོར་ཐལ་བར་འགྱུར་བས་མ་ངེས་པ་ཡང་མ་ཡིན་ནོ། །ཕྱོགས་དང་མཐུན་པ་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ། །བདག་གི་མཚན་ཉིད་གཞན་ཡང་མེད་པས་དེ་ལྟ་བས་ན་མོ་གཤམ་གྱི་བུ་དང་འདྲའོ། །གང་ཟག་དག་ཀྱང་གལ་ཏེ་འཇིག་ན་ནི་ཕུང་པོ་རྣམས་ཁོ་ནའི་ནང་དུ་འདུས་པར་ཐལ་བར་འགྱུར་སྟེ། ཕུང་པོ་རྣམས་ཀྱིས་འདུས་བྱས་མཐའ་དག་བསྡུས་པའི་ཕྱིར་རོ། །འོན་ཏེ་མི་འཇིག་ན་དེའི་ཚེ་ཕུང་པོར་གཏོགས་པའི་ཆོས་ 95-216a རྣམས་དང་མི་འདྲ་བས་དེ་ལས་དོན་གཞན་པ་ཁོ་ནར་འགྱུར་ཏེ། དེའི་ཉེས་པ་ནི་བརྗོད་ཟིན་ཏོ། །དེ་ལྟ་བས་ན་བརྗོད་དུ་མི་རུང་བ་ཞེས་བྱ་བ་དངོས་པོ་ཅུང་ཟད་ཀྱང་མེད་དེ། དེས་ན་ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲ་ནི་མུ་སྟེགས་བྱེད་གླང་པོ་ཆེའི་ཁྱུ་མཐའ་དག་སྐྲག་པར་མཛད་ཅིང་བརྫི་བ་མེད་པ་ཡིན་པས་མང་དུ་མི་དགོས་སོ། ། ༈ ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དབང་དུ་མཛད་པ། ༆ ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དབང་དུ་མཛད་ནས། ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་རང་བཞིན་ཚིག་གཉིས་ཀྱི་རང་བཞིན་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་སྦྱིན་པར་ནི་བྱ་མོད་ཀྱི་དངོས་པོ་ལ་གནས་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པ་ཞེས་བྱ་བ་འདིས་ནི་སྦྱིན་པ་རྣམ་པ་གསུམ་གྱི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་བསྟན་གྱི་སྦྱིན་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལ་ཟང་ཟིང་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ནོ། །མི་འཇིགས་པ་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་སྦྱིན་པས་ནི་བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། བརྩོན་འགྲུས་མེད་ན་ཆོས་བཟུང་བ་དང་བསྟན་པ་ལ་ཡོངས་སུ་སྐྱོ་སྟེ་ཆོས་མི་སྟོན་པར་འགྱུར་རོ། །བསམ་གཏན་མེད་ན་དད་པ་ལས་ལྷག་པར་བྱ་བ་འདོད་པས་ཉོན་མོངས་པ་ཅན་གྱི་སྟོན་པར་འགྱུར་རོ། །ཤེས་རབ་མེད་ན་དེ་ནི་དེ་ལ་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་རོ། །དེ་བས་ན་གསུམ་ཆར་མེད་ན་ཆོས་སྦྱིན་པ་འགྲུབ་པར་མི་འགྱུར་རོ། །གཞན་དག་ནི་བརྩོན་འགྲུས་ཀུན་དུ་འགྲོའོ་ཞེས་འཆད་དོ། །སྦྱིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འདུན་པ་དང་སྨོན་ལམ་གྱིས་ཇི་ལྟར་གནས་པར་བྱ་བ་དེ་བསྟན་ཏོ། །དངོས་པོ་ལ་མི་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་འདི་ལ་རྣལ་འབྱོར་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་བར་བྱ་བ་དེ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་གཡེང་བ་ཚར་བཅད་ནས་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ། །དེ་ལ་དངོས་པོ་ལ་མི་གནས་པས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་ཇི་ལྟ་བ་ 95-216b བཞིན་དུ་ཡོད་པ་བསྟན་ཏོ། །སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་ལ་སོགས་པའི་དངོས་པོ་ལ་དེ་ཁོ་ནར་མངོན་པར་ཞེན་པ་དེ་ནི་གནས་པའོ་ཞེས་བྱང་ཆུབ་སེམས་དཔའ་དངོས་པོ་ལ་མངོན་པར་ཞེན་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ན་ལོག་པར་སྦྱོར་བར་འགྱུར་ཏེ། དོན་དམ་པར་ན་གང་ལ་མངོན་པར་ཞེན་པ་མེད་པར་འགྱུར་བའི་དངོས་པོ་ཅི་ཡང་མེད་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། གནོད་པ་ཅན་ཡོད་པའི་ཕྱིར་ཏེ། འདི་ལྟར་གཞན་དག་གིས་དོན་གྱི་དངོས་པོ་རྣམ་པར་ཤེས་པ་དང་ཐ་དད་པ་དོན་དམ་པར་འདོད་པ་དེ་ནི་རེ་ཞིག་མངོན་སུམ་དུ་མི་འགྲུབ་སྟེ། དོན་གཞན་ལ་ཤེས་པས་འཛིན་པ་མི་རིགས་པའི་ཕྱིར་རོ། །དོན་ལ་ཤེས་པས་འཛིན་པ་རྣམ་པ་དང་བཅས་པའམ། རྣམ་པ་མེད་པའམ། གཞན་གྱི་རྣམ་པའམ་ཕྱོགས་གསུམ་ཞིག་ཏུ་འགྱུར་གྲང་ན། རེ་ཞིག་རྣམ་པ་དང་བཅས་པས་ནི་མ་ཡིན་ཏེ། རི་མོའི་གདེང་བ་ལ་སོགས་པ་མཐོང་བའི་ཚེ་ཤེས་པ་གཅིག་པུ་དང་ཐ་མི་དད་པས་རྣམ་པ་རྣམས་ཀྱང་གཅིག་པུའི་ངོ་བོར་ཐལ་བར་འགྱུར་བའམ། ཤེས་པ་ཡང་རྣམ་པ་རྣམས་དང་ཐ་མི་དད་པས་རྣམ་པའི་ངོ་བོ་བཞིན་དུ་དུ་མའི་བདག་ཉིད་དུ་ཐལ་བར་འགྱུར་རོ། །དུ་མ་ཉིད་དུ་ཡང་རིགས་པ་མ་ཡིན་ཏེ་རྡུལ་ཕྲ་རབ་གཅིག་ཙམ་འཛིན་པའི་ཤེས་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཤེས་པ་གཅིག་མི་འགྲུབ་པོ། །དེ་མ་གྲུབ་ན་དུ་མ་ཡང་མི་འགྲུབ་པོ། །དུ་མ་ནི་གཅིག་འདུས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཤེས་པ་རྣམས་ནི་ལུས་མེད་པའི་ཕྱིར་གང་གིས་རི་མོའི་རྣམ་པ་ཉིད་གཞུང་གཟུགས་པའི་དོན་དུ་ཤེས་པ་དུ་མ་སྐྱེ་བར་རྟོག་པ་ལེགས་པར་འགྱུར་བ་ཤེས་པ་ཡུལ་ལ་ཁེབས་པར་གནས་པས་ཡོངས་སུ་འཛིན་པར་སྐྱེ་བ་ཡང་མི་སྲིད་དོ། །གཞན་ཡང་བདག་ཉིད་ཐམས་ཅད་དམ་ཕྱོགས་གཅིག་འདྲ་བར་འགྱུར་གྲང་ན། རེ་ཞིག་བདག་ཉིད་ཐམས་ཅད་དུ་མ་ཡིན་ཏེ། དོན་བཞིན་དུ་ཤེས་པ་བེམས་པོའི་ངོ་བོར་འགྱུར་བའི་ཕྱིར་རོ། །ཆ་ཤས་ཀྱིས་ཀྱང་མ་ཡིན་ཏེ། གཅིག་པུ་ལ་ཆ་ཤས་མེད་པའི་ཕྱིར་རོ། །ལྡོག་པའི་བྱེ་བྲག་གི་ཆ་ཤས་སུ་ཡོངས་སུ་བརྟགས་ན་ཡང་དངོས་པོ་ལ་སོགས་པ་ཆོས་ 95-217a འདྲ་བ་ཐམས་ཅད་ལ་ཡོད་པས་ཐམས་ཅད་ཀྱིས་ཐམས་ཅད་ལ་རིག པར་འགྱུར་རོ། །འོན་ཏེ་དེ་ལས་སྐྱེས་པ་དང་འདྲ་བ་གཉིས་ཀྱིས་རིག་པར་འཇོག་ན་ནི་དེ་མ་ཐག་པའི་རྐྱེན་དོན་མཐུན་པ་ཡང་འཛིན་པར་ཐལ་བར་འགྱུར་རོ། །འདྲ་བ་ཡོད་དུ་ཆུག་ཀྱང་དོན་དམ་པར་ཕྱི་རོལ་གྱི་དོན་མངོན་གསུམ་དུ་མི་འགྲུབ་སྟེ། ཤེས་པས་སྔོན་པོ་ལ་སོགས་པའི་རྣམ་པ་བདག་ལ་ཡོད་པ་རིག་པའི་ཕྱིར་རོ། །གང་གིས་དོན་ཡང་མངོན་སུམ་དུ་འགྱུར་བ་སྔོན་པོ་ལ་སོགས་པའི་རྣམ་པར་རིག་པ་གཉིས་པ་ནི་མེད་དོ། །གལ་ཏེ་གང་དེའི་རྣམ་པར་ཤེས་པ་དེ་ཉིད་དོན་འཛིན་པ་ཡིན་ནོ། །ཞེ་ན། བརྟགས་པའི་སྒོ་ནས་ནི་ཡིན་གྱི་དོན་དམ་པར་དེ་རིག་པ་ནི་མེད་དེ། བདག་ལ་ཡོད་པའི་རྣམ་པ་ཉིད་རིག་པའི་ཕྱིར་རོ། །དོན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ་ཤེས་པ་དེའི་རྣམ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ག་ལ་ཡོད། རྒྱུ་ནི་ངེས་པར་བདག་གི་ངོ་བོ་བསྐྲུན་པ་ཁོ་ནས་སྐྱེད་པར་བྱེད་པ་ཉིད་དུ་གྲུབ་པ་མེད་དེ་འཁྲུལ་པ་སྣང་བའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་ཀྱི་རགས་པར་སྣང་བའི་ཤེས་པའི་ཡུལ་མ་ཡིན་ཏེ། དེ་དག་ཕྲ་བའི་ཕྱིར་རོ། །དེ་དག་འདུས་པ་ཡང་མ་ཡིན་ཏེ། དེ་དག་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པའི་ཡུལ་ཡང་དངོས་པོ་མེད་པའི་ཕྱིར་རོ། །འདུས་པའི་དོན་གཞན་ནི་ཕྱོགས་ཐ་དད་པར་སྣང་བའི་ཕྱིར་དང་། བསྒྲིབས་པ་དང་མ་བསྒྲིབས་པ་ཆོས་མི་མཐུན་པ་དང་ལྡན་པའི་ཕྱིར་གཅིག་པུར་མི་རིགས་སོ། །འདུས་པ་དུ་མ་ཡིན་ན་ཡང་རྡུལ་ཕྲ་རབ་དེ་དག་ཉིད་ཡིན་པར་འགྱུར་གྱི། དེ་དོན་གཞན་པ་ནི་མ་ཡིན་ནོ། །རྣམ་པ་མེད་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དེ་སྔོན་པོ་ལ་སོགས་པ་ལ་ཅི་ཡང་མི་བྱེད་པའི་ཕྱིར་རོ། །ཡོད་པ་ཙམ་གྱིས་རིག་ན་ནི་ཤེས་པ་ཐམས་ཅད་ཀྱིས་ཐམས་ཅད་རིག་པར་འགྱུར་ཏེ། ཐམས་ཅད་ལ་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །དེ་བས་ན་འདི་ནི་སྔོན་པོ་རིག་པ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་རྣམ་པར་གཞག་པར་མི་འགྱུར་ཏེ། རྣམ་པར་གཞག་པའི་རྒྱུའི་བྱེ་བྲག་གང་ཡང་མེད་པའི་ཕྱིར་རོ། །བྱེ་བྲག་གཅིག་ཁས་ལེན་ན་ནི་དེ་ཉིད་རྣམ་པ་དང་བཅས་པར་ཁས་བླངས་པར་འགྱུར་ཏེ། 95-217b རྟོག་པའི་ངོ་བོ་ཙམ་དུ་བྱེ་བྲག་མེད་པའི་ཤེས་པའི་བདག་ཉིད་ལ་ནི་རྣམ་པ་མ་གཏོགས་པར་ཐ་དད་པ་གཞན་མེད་དོ། །གཞན་གྱི་རྣམ་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་རྣམ་པའི་རྣམ་པར་ཤེས་པ་ཡང་གཟུགས་ཀྱི་ཡུལ་ཅན་དུ་བརྟག་པར་བྱ་བར་འགྱུར་རོ། །དེ་ལྟ་བས་ན་དོན་མངོན་སུམ་དུ་འགྲུབ་པོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། མངོན་སུམ་དུ་མ་གྱུར་པའི་དོན་དེ་དང་ཤེས་པ་ལ་སོགས་པ་རྟགས་གང་དང་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་པའི་ཕྱིར་རོ། །ཤེས་པ་འབྲས་བུ་དང་ཐ་དད་པ་ཞིག་སྤྱིར་རྒྱུ་ཙམ་དུ་རྗེས་སུ་དཔོག་ན་ནི་འདོད་པ་མི་འགྲུབ་སྟེ། རྒྱུ་གཞན་དེ་མ་ཐག་པའི་རྐྱེན་གཞན་ཡང་ཡོད་པའི་ཕྱིར་རོ། །ཚད་མ་གཞན་ཡང་མེད་དོ། །དེ་བས་ན་རེ་ཞིག་ཕྱི་རོལ་གྱི་དོན་ནི་མི་འགྲུབ་པོ། །ཤེས་པའི་བདག་ཉིད་དོན་དམ་པ་ཡང་མངོན་སུམ་དུ་མི་འགྲུབ་སྟེ་གཉིས་སུ་མེད་པའི་བདག་ཉིད་སོ་སོར་རིག་པ་མེད་པའི་ཕྱིར་རོ། །དེ་ལ་མ་ཡིན་ན་ནི་ཐམས་ཅད་དེ་ཁོ་ན་མཐོང་བར་མི་འགྱུར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དང་རྟགས་གང་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། ཁྱོད་ཀྱི་ལྟར་ན་དེ་གཉིས་དང་དེ་གང་ཡང་འབྲེལ་པར་མ་གྲུབ་པའི་ཕྱིར་རོ། །དེ་གཉིས་ནི་དོན་དམ་པ་པའི་དངོས་པོ་དང་གང་དུ་གང་འབྲེལ་པར་མ་གྲུབ་པའི་ཕྱིར་རོ། །དེ་ལས་སྐྱེད་པའི་མཚན་ཉིད་ཀྱིས་འབྲེལ་པར་མ་གྲུབ་སྟེ། དེ་ནི་ཐམས་ཅད་དུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །ལྐོག་ཏུ་གྱུར་པ་དང་འབྲེལ་པ་ནི་ཚུ་རོལ་མཐོང་བ་གང་གིས་ཀྱང་གཟུང་བར་མི་ནུས་སོ། །གང་གི་ཚེ་མ་རིག་པ་ལ་སོགས་པ་མ་བརྟགས་ན་དགའ་བ་ཡང་ཀུན་ནས་ཉོན་མོངས་པའི་རྩ་བར་འགལ་བ་མེད་ལ། མ་རིག་པ་ལ་སོགས་པ་བརྟགས་ན་དགའ་བ་ལོག་ན་རྣམ་པར་བྱང་བ་དེ་དང་མི་མཐུན་པའི་གནས་འབྱུང་བའི་མཚན་ཉིད་མ་བརྟགས་གཅིག་པུ་ན་དགའ་བ་ཡང་འཐད་པ་དེའི་ཚེ་དོན་དམ་པར་དངོས་པོ་མེད་པས་དེ་གཉིས་ཀྱང་མེད་པར་ཇི་ལྟར་ཐལ་བར་འགྱུར། གང་ཞིག་དེ་གཉིས་གཅིག་ཏུ་ངེས་པར་རྒྱུ་མེད་པར་ཁས་ལེན་པ་ 95-218a དེ་ལ་ཐལ་བ་འདི་འབྱུང་གི །ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བར་སྨྲ་བ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དོན་དམ་པའི་དངོས་པོ་རང་བཞིན་བསྒྲུབ་པར་མེད་པའི་ཚད་མ་ནི་ཅུང་ཟད་ཀྱང་མེད་དོ། །གནོད་པ་ཅན་ནི་ཡོད་པ་ཉིད་དེ་འདི་ལྟར་གང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་དེ། དཔེར་ན་ནམ་མཁའི་པདྨ་ཇི་ལྟ་བ་བཞིན་ལ། གཞན་དག་གིས་འདོད་པས་ཤེས་པ་དང་ཤེས་བྱའི་བདག་ཉིད་དངོས་པོའི་རྣམ་པ་ཐམས་ཅད་ཀྱང་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་ནི་དོན་གྱིས་ན་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཏེ། གཅིག་དང་དུ་མ་དག་གིས་ནི་ངོ་བོ་ཉིད་ལ་ཁྱབ་པའི་ཕྱིར་རོ། །དེ་གཉིས་ཀྱང་དེ་ལ་མེད་དེ། འདི་ལྟར་རེ་ཞིག་གང་གཟུགས་ལ་སོགས་པའི་སྐྱེ་མཆེད་ཕྱི་རོལ་གྱི་དངོས་པོ་དེ་ནི་གཅིག་པུ་མ་ཡིན་ཏེ། བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པ་ཆོས་འགལ་བ་དམིགས་པའི་ཕྱིར་རོ། །ཆོས་འགལ་བ་དང་ལྡན་བཞིན་དུ་ཡང་གཅིག་པ་ཉིད་ནི་ཐམས་ཅད་ཀྱང་རྫས་གཅིག་ཏུ་འགྱུར་ཏེ། དེའི་ཕྱིར་ལྷན་ཅིག་འབྱུང་བ་དང་འཇིག་པར་འགྱུར་རོ། །དུ་མ་ཡང་མ་ཡིན་ཏེ། འདི་ལྟར་དུ་མར་བཤིག་ན་རྡུལ་ཕྲ་རབ་ཏུ་ཐ་དད་པར་འགྱུར་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་མེད་པའི་ཕྱིར་ཕ་རོལ་དང་ཚུལ་རོལ་ན་གནས་པ་ནི་མེད་དེ་སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །དེའི་ཕྱིར་ཕྱོགས་ལ་ཁྱབ་པར་གནས་པར་སྣང་བར་ཡང་མི་འགྱུར་བ་ཞིག་ན་འགྱུར་ཏེ། དེ་བས་ན་ཕྱོགས་ཆ་ཐ་དད་པར་ཁས་བླང་བར་བྱའོ། །དེ་ཁས་ལེན་ན་ནི་གཅིག་པར་ཇི་ལྟར་འགྱུར། དེ་ལྟ་བས་ན་དེ་ལྟར་རེ་ཞིག་ཕྱི་རོལ་གྱི་དོན་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་དུ་གྲུབ་བོ། །སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་ཡང་རི་མོའི་རྣམ་པ་འཛིན་པར་སྣང་བའི་ཕྱིར་གཅིག་པུའི་ངོ་བོ་ཉིད་མ་ཡིན་ཏེ། ཐ་དད་པའི་རྒྱུད་ལ་ཡོད་པའི་རྣམ་པར་ཤེས་པའི་སྐད་ཅིག་མ་དུ་མ་བཞིན་ནོ། །དུ་མ་རྣམ་གྲངས་བཞིན་དུ་རྣམ་པར་ཤེས་པ་ཅིག་ཅར་འབྱུང་ངོ་ཞེས་བརྗོད་དུ་ཡང་མི་རུང་སྟེ། ཆ་ཤས་མེད་པ་དང་ལུས་མེད་པ་རྣམས་ལ་ནི། ཚུ་རོལ་དང་ཕ་རོལ་ན་གནས་པ་མི་རིགས་པའི་ཕྱིར་རོ། །དེ་ལྟར་གནས་པ་མེད་ན་ནི། དེ་ལྟར་སྣང་བར་ 95-218b མི་འགྱུར་རོ། །འོན་ཏེ་རྣམ་པར་ཤེས་པ་ནི་གཅིག་པུ་ཁོ་ན་ཡིན་ལ། རྣམ་པ་བརྫུན་པ་རྣམས་དེ་ལ་སྣང་བས་སྣ་ཚོགས་ཀྱི་སྐྱོན་དུ་མི་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་གོ་བརྫུན་པ་དེ་དག་ཇི་ལྟར་དེ་ལ་སྣང་བར་འགྱུར། སྣང་ཞེས་བྱ་བ་ནི་གསལ་བའི་བདག་ཉིད་ལ་བྱ་སྟེ། དེ་ནི་ཤེས་པའི་བདག་ཉིད་དུ་གཏོགས་པའི་ཆོས་ཡིན་ན་བརྫུན་པ་རི་བོང་གི་རྭ་ལ་སོགས་པ་དང་འདྲ་བར་ཤིན་དུ་མེད་ན་གོ་སྣང་བར་ཇི་ལྟར་འགྱུར། དེ་ལྟ་བས་ན་གསལ་བའི་བདག་ཉིད་ཀྱི་རྣམ་པ་རྣམས་བརྫུན་པ་ཉིད་དུ་ཁས་ལེན་ན་ཁྱོད་ཀྱི་བདེན་པར་འགྱུར་བ་གང་ཡིན་པ་ཤེས་པའི་ངོ་བོ་གཞན་ཅི་ཞིག་ལུས་ཏེ། རྣམ་པར་ཤེས་པ་ཡང་གསལ་བའི་བདག་ཉིད་ཞེས་བྱ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་རྣམ་པར་བཅད་པ་ལ་ལྟོས་ནས་བྱེ་བྲག་རྣམས་ཁོ་ན་ལ་སྤྱིར་ཐ་སྙད་འདོགས་པའི་ཕྱིར་རོ། །བྱེ་བྲག་རྣམས་བརྫུན་ན་ནི་ཐམས་ཅད་ཀྱང་བརྫུན་པར་ཤིན་དུ་གསལ་བར་འགྱུར་ཏེ། རྣམ་པར་ཡོད་པ་མ་ཡིན་པ་རྣམས་ནི་བདེན་པའི་ངོ་བོའི་ཤེས་པའི་བདག་ཉིད་དེ་ལ་གང་གིས་ན་དེ་ལ་ངེས་པར་སྣང་བར་འགྱུར་བ་དེའི་བདག་ཉིད་ཀྱི་མཚན་ཉིད་དམ། དེ་ལས་འབྱུངབའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་མེད་དོ། །འབྲེལ་པ་མེད་ན་ནི་སྣང་བར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ། །དངོས་པོའི་རྣམ་པ་གཞན་མེད་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་རྣམས་ཇི་ལྟ་ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟ་དེ་ལྟར་འབྲེལ་ལོ། །དེ་ཉིད་ཀྱི་ཕྱིར། དངོས་རྣམས་ཇི་ལྟར་རྣམ་བརྟགས་ན། །བདེན་པར་དེ་ཡི་ངོ་བོ་མེད། །འདི་ལྟར་དེ་དག་གཅིག་པུ་དང་། །དུ་མའི་ངོ་བོར་ཡོད་མ་ཡིན། །ཞེས་བཤད། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་གཟུགས་རྣམས་མེ་ལོང་ལ། །གཅིག་དང་གཞན་ཡང་རྣམ་སྤངས་པར། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་ལྟར་དངོས་པོའི་ངོ་བོ་ཉིད། །བློ་ཡིས་རྣམ་པར་གཞིགས་ན་གོ། །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་ཅིང་། །ངོ་བོ་ཉིད་ཀྱང་མེད་པར་བཤད། །ཅེས་གསུངས་སོ། །དེ་བཞིན་ 95-219a དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། དཔེར་ན་ཆུ་ཤིང་རློན་པའི་ལྡོང་པོ་ལ། །སྙིང་པོ་འདོད་མིས་རིམ་པར་བཤིག་བྱས་ཀྱང་། །ཕྱི་དང་ནང་ན་སྙིང་པོ་ཡོད་མིན་པ། །དེ་ལྟར་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཞེས་གསུངས་སོ། །དེ་ལྟ་བས་ན་དངོས་པོ་ཐམས་ཅད་སྒྱུ་མ་བཞིན་དུ་མ་བརྟགས་ན་དགའ་བ་ཡིན་པས་དེ་ལྟར་མངོན་པར་མ་ཞེན་པར་སྦྱིན་པ་སྦྱིན་པར་བྱའོ། །དངོས་པོ་ལ་གནས་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་འདིར་རིགས་པ་དང་ལྡན་པ་ཡིན་ནོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོད་པ་ཡོངས་སུ་བསྟན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་དོན་དམ་པར་དངོས་པོ་ཅི་ཡང་མེད་པས་དངོས་པོ་ལ་གནས་པས་སྦྱིན་པ་སྦྱིན་པར་མི་བྱ་ན་དངོས་པོ་མེད་པ་ལ་མངོན་པར་ཞེན་པས་སྦྱིན་པར་བྱ་བ་ལྟ་ཞིག་སྙམ་པ་ལས། ཅི་ལ་ཡང་མི་གནས་པར་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔས་དངོས་པོ་མེད་པར་རྣམ་པར་རྟོག་པ་ཡང་སྤང་བར་བྱ་སྟེ། དེ་ནི་དངོས་པོར་འཛིན་པ་མེད་ན་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་ལ་སོགས་པ་ཡོད་དེ། དེའི་ཕྱིར་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་ཡང་མི་རིགས་པར་དགོངས་པའོ། །གཟུགས་ལ་མི་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔས་གང་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱ་བ་དེ་ཉིད་རྒྱས་པར་སྟོན་ཏོ། །ཆོས་ཞེས་བྱ་བའི་སྒྲས་ནི་ཆོས་ཀྱི་སྐྱེ་མཆེད་ཡོངས་སུ་གཟུང་ངོ་། །སྐྱེ་མཆེད་འདིས་ནི་སྤྲོས་ཏེ་མཚོན་པ་ཡིན་པས་དེས་ན་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་མ་སྨོས་སོ། །མི་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པ་ཡང་མི་བྱའོ་ཞེས་བསྟན་པའི་ཕྱིར་རབ་འབྱོར་ཅི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་ནི་དངོས་པོའི་རང་གི་མཚོན་པ་སྟེ་རྟགས་སོ། །དེ་ཡང་མ་སྐྱེས་པ་ལ་སོགས་པའོ། །དེ་ལ་རྟོགས་པ་ནི་འདུ་ཤེས་སོ། །དེ་ལ་རྣམ་པར་མི་རྟོག་པ་ནི་དེ་ལ་མི་གནས་པའོ། །དེས་ནི་ཅི་ལ་ཡང་མི་གནས་པར་ཞེས་བྱ་བ་དེ་བསྟན་ཏོ། །ཡང་ན་འདི་མཐའ་དག་གིས་ནི་འདིས་ཟབ་པ་ཡང་བསྟན་ལ། སྒྲོ་བཏགས་པ་དང་སྐུར་པ་འདེབས་པའི་མཐའ་དགག་པ་ཡང་བསྟན་ཏོ། །དམིགས་པ་ཅན་རྣམས་ 95-219b ལྟ་བ་འདི་ལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བར་རུང་བ་བཀག་སྟེ། འདི་ལྟར་མཆོད་པ་དང་ཕན་གདགས་པར་འདོད་པས་གང་བྱིན་པ་དེ་ཤིན་དུ་དང་བ་བསྐྱེད་ཀྱི། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པ་ལ་གནས་པས་ནི་མ་ཡིན་ནོ། །འདི་ལྟར་མེད་པའི་ཕྱིར་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་སམ་འོན་ཏེ་ཡུལ་མེད་པའི་ཕྱིར་ཕྱོགས་དང་པོ་ནི་སུས་ཅི་ཡང་བྱིན་པ་མེད་པས་བསོད་རྣམས་མེད་པར་ཐལ་བར་འགྱུར་རོ། །སེམས་ཅན་དག་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་གྱི་ཕྱིར་ཡོངས་སུ་ངལ་བར་བྱས་པ་དེ་ཡང་དོན་མེད་པར་འགྱུར་ཏེ། དེ་ལྟ་བས་ན་མེད་པ་ཁོ་ན་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ་གཟིགས་པས་ཡུལ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདོད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་སྲས་ལ་སོགས་པ་ཇི་ལྟར་ཡོངས་སུ་བཏང་བར་འགྱུར་ཞེས་རྒོལ་བར་བྱེད་པ་དེ་མཐའ་དག་སེམས་ལ་བཞག་ནས། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཡང་དག་པའི་ལྟ་བ་ལས་བྱུང་བའི་སྦྱིན་པ་ལ་སོགས་པ་ནི་ཡོངས་སུ་དག་པའི་ཕྱིར་འབྲས་བུ་ཡིད་དུ་འོང་བ་ཁྱད་པར་དུ་འཕགས་པ་མངོན་པར་འགྲུབ་པར་བྱེད་པ་ཡིན་གྱི། ཕྱིན་ཅི་ལོག་ནས་འབྱུང་བས་ནི་མ་ཡིན་ནོ། །ལོག་པར་ལྟ་བ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པ་བཞིན་ནོ། །སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ་ནི་ཇི་སྐད་སྨོས་པའི་ཚུལ་གྱིས་ན་གང་ཡང་མེད་པས་དེར་དམིགས་པ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ། སྨིག་རྒྱུ་ལ་ཆུར་དམིགས་པ་བཞིན་ནོ། །དེ་བས་ན་དེ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐམས་ཅད་ནི་བདག་དང་བདག་གིར་ཕྱིན་ཅི་ལོག་ལས་བྱུང་བའི་སྦྱིན་པ་ལ་སོགས་པ་བཞིན་དུ་རྒྱུ་རྣམ་པར་དག་པ་མ་ཡིན་པ་ལས་བྱུང་བས་སྟོབས་ཆུང་བའོ། །སྦྱིན་པར་བྱ་བ་ལ་སོགས་པ་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ནི་ཡང་དག་པའི་དོན་གྱིས་ཡུལ་ཡིན་པས་ཕྱིན་ཅི་མ་ལོག་པ་སྟེ། སྨིག་རྒྱུ་ལ་ཆུར་དམིགས་པ་བཞིན་ནོ། །དེ་བས་ན་རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར་དེ་ལས་སྦྱིན་པ་ 95-220a ལ་སོགས་པ་འབྲས་བུ་ཆེ་བ་ཡིན་ཏེ། ས་བོན་གྲུང་པོ་ལས་མངོན་པར་གྲུབ་པའི་མྱུ་གུ་ལ་སོགས་པ་བཞིན་ནོ། །དེ་བས་ན་མི་དམིགས་པ་ལ་གནས་པའི་སྦྱིན་པ་ལ་སོགས་པ་དེ་ནི་ཡང་དག་པའི་ལྟ་བ་ལས་བྱུང་བས་མཁས་པ་རྣམས་ལ་ཤིན་དུ་དང་བ་བསྐྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་གིས་ན་སྦྱིན་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་བསོད་ནམས་མེད་པར་འགྱུར་བ་སྦྱིན་པར་བྱ་བ་ལ་སོགས་པ་གཅིག་ཏུ་མེད་པར་འདོད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །མཉམ་པར་མ་བཞག་པའི་གནས་སྐབས་ན་སྒྱུ་མ་ལྟ་བུར་དམིགས་པའི་ཕྱིར་ཐམས་ཅད་དུ་དམིགས་པ་མེད་པ་ཡང་མ་ཡིན་ནོ། །དེའི་ཚེ་ན་ཡང་མོས་པ་ལས་བྱུང་བའི་མི་དམིགས་པར་ནི་རྣམ་པར་གཞག་གོ། །མཉམ་པར་བཞག་པའི་གནས་སྐབས་ན་ནི་ཤིན་ཏུ་དམིགས་པ་མེད་པ་ཁོ་ན་སྟེ། དེའི་ཚེ་ན་ནི་སྦྱིན་པ་ལ་སོགས་པར་འཇུག་པར་ཁས་མི་ལེན་གྱི། དང་པོ་སྦྱོར་བའི་གནས་སྐབས་སམ། ལངས་པ་རྣམས་ལ་བྱ་བས་ཀླན་ཀར་མི་རུང་ངོ་། །འདིས་ནི་འབྲས་བུ་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་རྒྱ་ཆེ་བ་བརྗོད་དོ། །ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ཉེ་བར་སྟོན་པས་སྐུར་པ་འདེབས་པའི་མཐའ་བཀག་པར་ཡང་གྱུར་ཏོ། །རྣམ་པ་གསུམ་གྱིས་ན་བསོད་ནམས་ནམ་མཁའ་དང་མཚུངས་པ་ཡིན་ཏེ། ཐམས་ཅད་དུ་སོང་བ་དང་། རྒྱ་ཆེ་བ་དང་། མི་ཟད་པས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་བསྐྱེད་པས་ཐམས་ཅད་དུ་སོང་བ་སྟེ། འཇིག་རྟེན་པའི་བསོད་ནམས་ནི་མཉམ་པར་མ་གཞག་པའི་གནས་སྐབས་བསྐྱེད་དོ། །འཇིག་རྟེན་ལས་འདས་པ་ནི་མཉམ་པར་བཞག་པའི་གནས་སྐབས་སོ། །ཁྱད་ཞུགས་པར་ཁྱད་པར་དུ་འགྲོ་བས་རྒྱ་ཆེ་བའོ། །འཁོར་བ་ཇི་སྲིད་ཀྱི་བར་དུ་ཡོངས་སུ་གཏུགས་པར་མི་འགྱུར་བས་མི་ཟད་པའོ། ། ༈ གཟུགས་སྐུ་ཐོབ་པར་འདུན་པའི་དབང་དུ་མཛད་པ། ༆ གལ་ཏེ་དེ་མེད་པའི་ཕྱིར་གཟུགས་ལ་མི་གནས་པ་སྦྱིན་པ་སྦྱིན་པར་བྱ་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཐོབ་པར་འདོད་པས་སྦྱིན་པ་ལ་སོགས་པ་ལ་ཇི་ལྟར་འཇུག་པར་བྱ་ཞེས་བརྒལ་དུ་དོགས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་གཟུགས་ 95-220b ཀྱི་སྐུ་ཐོབ་པར་འདུན་པའི་གནས་སྟོན་ཏེ། འདིར་དོན་གྱིས་ན་གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར་མངོན་པའི་ང་རྒྱལ་གྱི་མཚན་ཉིད་མི་མཐུན་པའི་ཕྱོགས་སེལ་ཏོ། །མཚན་ཕུན་སུམ་ཚོགས་པ་ཞེས་མཚན་མ་ཙམ་ཞིག་ཡོངས་སུ་བརྗོད་པས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་མཐའ་དག་ཡོངས་སུ་སྟོན་ཏོ། །དེ་ལ་མཚན་རྣམས་ནི་ཕྱག་དང་ཞབས་ལ་འཁོར་ལོ་མངའ་བ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཏེ། ཚིག་མངས་ཀྱིས་དོགས་པས་མ་བྲིས་ཀྱི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག །དེ་དག་ཀྱང་ཡུལ་ན་གནས་པ་དང་། གསལ་བ་དང་། རྫོགས་པས་ཕུན་སུམ་ཚོགས་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ནི་སེན་མོ་ཟངས་ཀྱི་མདོག་འདྲ་བ་ལ་སོགས་པ་སྟེ། མདོ་ལས་འབྱུང་བ་བཞིན་དུ་ཤེས་པར་གྱིས་ཤིག །མཚན་ལ་སོགས་པ་དེ་དག་ཀྱང་སྒྱུ་མས་སྤྲུལ་པའི་སངས་རྒྱས་ཀྱི་མཚན་བཞིན་དུ་བརྫུན་པའི་ཕྱིར་རོ། །དེ་བས་ན་གཟུགས་ཀྱི་སྐུ་རྣམ་པ་དེ་ལྟ་བུ་ལ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱའོ་ཞེས་སྟོན་ཏོ། །འདི་ལྟར་མཚན་དེ་དག་ཀྱང་རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཉིད་དམ། དེས་བརྩམས་པ་ཡན་ལག་ཅན་གྱི་གཟུགས་ཞིག་ཏུ་གྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་སྔར་བཤིག་ཟིན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ནོ། །རྩོམ་པར་བྱེད་པ་མེད་ན་དེས་ན་བརྩམས་པ་ཡན་ལག་ཅན་ཡང་མེད་པའི་ཕྱིར་དང་། སྒྲིབ་པ་ལ་སོགས་པ་འགལ་བའི་ཆོས་སྔར་བཤད་པ་དག་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ་ལས་དགོངས་པ་གསུངས་ཏེ། དེ་ལ་བརྟགས་ནས་རབ་འབྱོར་གྱིས། དེ་ནི་མ་ལགས་ཏེ་ཞེས་གསལ་ཏོ། །གལ་ཏེ་མཚན་རྣམས་བརྫུན་པ་ཉིད་ཡིན་ན་འོ་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་མཚན་རྣམས་གསུངས་སྙམ་དུ་བསམས་ཤིང་། དེ་ཅིའི་སླད་དུ་ཞེས་དྲིས་པ་དང་། དེ་ཉིད་མཚན་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མཚན་ཕུན་སུམ་ཚོགས་པ་དེ་དོན་དམ་པར་གསུངས་པ་ནི་མ་ཡིན་གྱི། སྒྱུ་མས་སྤྲུལ་པའི་སངས་རྒྱས་བཞིན་དུ་དེས་བརྫུན་པའི་ངོ་བོ་ཁོ་ནར་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་ 95-221a པ་རབ་འབྱོར་གྱིས་སྨྲས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བསྐང་བའི་ཕྱིར་ཇི་ཙམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དོན་དམ་པར་ནི་ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་དེ་ཙམ་དུ་ལོག་པར་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་ཇི་སྐད་བསྟན་པ་བཞིན་ནོ། །ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་ཞེས་བྱ་བ་ནི་བཟློག་སྟེ་བཤད་པར་ཁོང་དུ་ཆུད་པར་བྱའོ། །འདིས་ནི་འདི་ལ་རྣལ་འབྱོར་ལ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ། །འདི་ལ་ཇི་ལྟར་མཐའ་གཉིས་སྤངས་ནས་སེམས་རབ་ཏུ་གཟུང་བར་བྱ་བ་དེ་སྟོན་ཏེ། དེ་ལྟར་ཞེས་བྱ་བ་ནི་སྒྱུ་མས་སྤྲུལ་པའི་སངས་རྒྱས་བཞིན་དུ་མཚན་གྱིས་དེ་བཞིན་གཤེགས་པ་བལྟ་བར་བྱའོ། །འདིས་ནི་སྐུར་པ་འདེབས་པའི་མཐའ་སེལ་ཏེ། ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་ལ་སྐུར་པ་མི་འདེབས་པའི་ཕྱིར་རོ། །མཚན་མེད་པ་ནི་དོན་དམ་པར་བལྟ་བར་བྱ་སྟེ། མཚན་གང་ཡང་གྲུབ་པ་མེད་པའི་ཕྱིར་རོ། །འདིས་ནི་སྒྲོ་བཏགས་པའི་མཐའ་བསལ་ཏོ། །དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་འདེབས་པས་ནི་རྒྱ་ཆེ་བ་བརྗོད་དོ། །དེ་མི་དམིགས་པས་ནི་ཟབ་པའོ། །གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་བཤད་ཟིན་ཏོ། ། ༈ ཆོས་སྐུ་ཐོབ་པར་འདུན་པའི་དབང་དུ་མཛད་པ། ༈ བཤད་པའི་ཆོས་སྐུ། ༆ ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། བཤད་པའི་ཆོས་ཀྱི་སྐུ་དང་། རྟོགས་པའི་ཆོས་ཀྱི་སྐུའོ། །རྟོགས་པའི་ཆོས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་རྒྱུ་ཅན་དང་། བསོད་ནམས་ཀྱི་རྒྱུ་ཅན་ནོ། །དེ་ལ་མ་འོངས་པའི་སྐྱེ་བོ་སྙིགས་མ་ལྔ་ཤས་ཆེ་བའི་ཕྱིར་དང་། ཆོས་དཀོན་མཆོག་འདི་འདྲ་བ་ཡང་འབྲས་བུ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་བཤད་པའི་ཆོས་ཀྱི་སྐུ་ལ་ཡིད་མི་ཆེས་སུ་དོགས་ནས་མཆིས་ལགས་སམ་ཞེས་ཞུས་ཏེ། མཆིས་ལགས་སམ་ཞེས་བྱ་བའི་ཚིག་ནི་ཅི་སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཆོས་བཤད་པ་ལ་ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་འབྱུང་བ་དག་ཅེས་བྱ་བའི་ཚིག་གི་དོན་དེ་དང་སྦྱར་རོ། །ལྔ་བརྒྱ་ཐ་མ་ཞེས་བྱ་བ་ལ་བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་ 95-221b པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དེ། དེའི་ཚེ་སྙིགས་མ་ལྔ་པོ་དག་ནི་ཤས་ཆེ་བའི་ཕྱིར་རོ། །དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ནི་མོས་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ལུང་ནོད་པ་དང་། འཆད་པ་དང་། ཉན་པ་དང་། སེམས་པ་ལ་སོགས་པ་ཉམས་པའོ། །འདི་ལྟ་བུ་ཞེས་བྱ་བ་ནི་དོན་ཟབ་ཅིང་རྒྱ་ཆེ་བའོ། །མདོ་སྡེའི་ཚིག་ཅེས་བྱ་བ་ནི་མདོ་སྡེ་བསྟན་པའི་ངག་རྣམས་ཏེ། འདི་དག་གིས་དོན་རྟོགས་པར་བྱེད། ཤེས་པར་བྱེད་པའི་ཕྱིར་རོ། །མཚན་མ་ཙམ་ཡོངས་སུ་བརྗོད་པ་འདི་བཤད་པའི་ཆོས་ཀྱི་སྐུ་མཐའ་དག་ཡོངས་སུ་སྟོན་ཏོ། །ཡང་ན་མདོ་སྡེའི་ཚིག་དག་ནི་བརྗོད་པར་བྱ་བའི་ཐ་ཚིག་གོ། །བཤད་པ་འདིར་ནི་འདི་ལྟ་བུ་ཞེས་བྱ་བ་ནི་ཟབ་ཅིང་རྒྱ་ཆེ་བ་ཞེས་བྱ་བར་སྦྱར་རོ། །བཤད་པ་དག་ལ་ཞེས་བྱ་བ་ནི་དང་པོ་ལྟར་ནི་བརྗོད་པ་རྣམས་ལ་ཞེས་བྱའོ། །གཉིས་པ་ལ་ནི་དོན་སྟོན་པ་རྣམས་ལ་ཞེས་བྱ་བའི་ཐ་ཚིག་གོ། །དོན་ལ་ཕྱིན་ཅི་མ་ལོག་པར་འདུ་ཤེས་པ་ནི་འདིར་ཡང་དག་པར་འདུ་ཤེས་པ་ཡིན་གྱི། སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་འདི་ཡང་དག་པའོ་སྙམ་དུ་འདུ་ཤེས་པ་ལ་མི་བྱའོ། །འདིས་ནི་དོན་གྲུབ་ན་ཡང་དག་པ་མ་ཡིན་པའི་འདུ་ཤེས་སེལ་བར་བྱེད་དོ། །ཐམས་ཅད་དུ་ཡང་ཐོགས་པ་མེད་པར་མཁྱེན་པའི་ཕྱིར་འབྱུང་བར་འགྱུར་བ་དེ་དག་བཅོམ་ལྡན་འདས་ཀྱིས་མངོན་སུམ་དང་འདྲ་བར་གཟིགས་ནས་རབ་འབྱོར་གྱི་དོགས་པ་དེ་བསལ་བའི་ཕྱིར་འབྱུང་སྟེ་ཞེས་གསུངས་སོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་དེ་དག་གི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་དག་པར་བསྟན་པའི་ཕྱིར་གསུངས་སོ། །དེ་དག་ཀྱང་བསྒྲུབ་པ་ཇི་ལྟ་བུ་དང་། རྒྱུ་ཇི་ལྟ་བུས་ཡང་དག་པར་བསྒྲུབ་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཇི་ལྟ་བུ་དང་ལྡན་པ་དང་། ཡང་དག་པར་འདུ་ཤེས་པ་ཇི་ལྟ་བུས་འདུ་ཤེས་སུ་འགྱུར་བ་དེ་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྟོན་ཏེ། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཤེས་རབ་དང་ལྡན་པ་ཞེས་བྱ་བ་འདིས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དང་གོ་རིམས་བཞིན་ཏེ། བསླབ་པ་གསུམ་བསྒྲུབ་པ་དང་ལྡན་པར་སྟོན་ཏོ། །ཚུལ་ཁྲིམས་ 95-222a དང་ཤེས་རབ་ལོགས་ཤིག་དུ་སྨོས་པ་ཡོན་ཏན་ནི་འདིར་བསམ་གཏན་ལས་བྱུང་བ་བཟུང་སྟེ། བ་ལང་དང་གླང་ཞེས་བྱ་བའི་ཚུལ་དུའོ། །ཕྱི་མའི་དུས་ཉོན་མོངས་པ་ཅན་དེ་ལྟ་བུ་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཇི་ལྟར་འབྱུང་སྙམ་པ་ལ། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྙེན་བཀུར་བྱས་པ་ནི་ན་བཟའ་དང་ཞལ་ཟས་ལ་སོགས་པས་བསྙེན་བཀུར་བྱས་པ་དང་། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་མཆོད་པའོ། །དགེ་བའི་རྩ་བ་བསྐྱེད་པ་ནི་གདམས་ངག་དང་རྗེས་སུ་བསྟན་པ་སྤྱི་བོས་བླངས་ནས་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ལ་ནན་ཏན་བྱེད་པའི་སྒོ་ནས་བལྟ་བར་བྱའོ། །དེ་བས་ཀྱང་དེ་དག་ཆེས་དགེ་བ་མང་དུ་སྩོགས་པས་བརྗོད་པའི་ཕྱིར། སངས་རྒྱས་འབུམ་ཕྲག་དང་ཞེས་བྱ་བ་སྨོས་ཏེ། འདིས་ནི་དེ་དག་གི་རྒྱུ་ཡང་དག་པར་འགྲུབ་པ་བསྟན་ཏོ། །དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ་ཞེས་བྱ་བ་ནི་བསམ་པ་དང་མིང་ངོ་། །དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཞེས་བྱ་བ་ནི་ལུས་སོ། །འདིས་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་སྟོན་ཏོ། །དེ་ཡང་ཡང་དག་པར་ཞུགས་པ་རྣམས་སྤྲོ་བར་བྱ་བ་དང་། ལོག་པར་ཞུགས་པ་རྣམས་ངོ་ཚ་བསྐྱེད་པའི་ཕྱིར་གསུངས་སོ། །དེ་ལྟ་མ་ཡིན་ན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་ཏོ་ཞེས་བསྟན་པ་དང་བྱེ་བྲག་ཅི་ཞིག་ཡོད་པར་བསྟན་པར་འགྱུར། ཡང་ན་དེ་ནི་དེ་དག་སྐལ་བ་ཡོད་པར་དེ་བསྟན་པ་གཙོ་བོར་མཛད་པར་བལྟ་སྟེ། སྐལ་བ་ཡོད་པར་མཁྱེན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་སྡུད་པར་བསྟན་པའི་ཕྱིར་སེམས་ཅན་དེ་དག་ཐམས་ཅད་ནི་ཞེས་བྱ་བ་གསུངས་སོ། །སྐྱེད་ཅེས་བྱ་བ་ནི་བསོད་ནམས་འབྱུང་བའི་དུས་སོ། །ཡོངས་སུ་སྡུད་ཅེས་བྱ་བ་ནི་དགག་པའི་དུས་ན་དེའི་བག་ཆགས་ཡོངས་སུ་འཛིན་པའོ། །འདི་མཐའ་དག་གིས་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་བསལ་ནས་ཡང་དག་པའི་འདུ་ཤེས་བསྐྱེད་པ་ལ་འདུན་པ་དང་སྨོན་ལམ་གཉིས་ཀྱིས་གནས་པར་བྱ་བར་བསྟན་ལ། གནས་འདིའི་རྒྱ་ཆེ་བ་ཡོངས་སུ་བསྟན་ཏོ། །དེ་ཅིའི་སླད་དུ་ཞེས་བྱ་བ་དེ་ 95-222b དག་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་པར་འགྱུར་བ་ཇི་ལྟར་ཤེས་པར་བྱེད་པའི་གཏན་ཚིགས་ཡོངས་སུ་ཞུས་པ་དང་། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པའི་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ཡོངས་སུ་བསྟན་ཏོ། །ཟབ་པ་ཡང་བརྗོད་དོ། །ངའོ་སྙམ་དུ་བདག་ཡོད་པར་འཛིན་པ་དེ་ནི་བདག་ཏུ་འདུ་ཤེས་པའོ། །བདག་གི་ཡོད་པར་འཛིན་པ་ནི་སེམས་ཅན་དུ་འདུ་ཤེས་པའོ། །བདག་དེ་ཉིད་ཀྱི་ཚེ་ཇི་སྲིད་གནས་པར་ཡོངས་སུ་འཛིན་པ་ནི་སྲོག་ཏུ་འདུ་ཤེས་པའོ། །ཡང་དང་ཡང་འགྲོ་བ་དག་ཏུ་འགྲོ་བར་འཛིན་པ་ནི་གང་ཟག་ཏུ་འདུ་ཤེས་པའོ། །གལ་ཏེ་བདག་ལ་སོགས་པ་འདུ་ཤེས་མེད་ན་ཉན་ཐོས་ལ་སོགས་པ་བཞིན་དུ་གཟུགས་ལ་སོགས་པ་ཆོས་སུ་འདུ་ཤེས་ཡོད་དམ་སྙམ་པ་ལ་ཆོས་སུ་འདུ་ཤེས་པ་མ་ཡིན་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་ཆོས་གང་ཡང་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འོ་ན་མེད་པར་འདུ་ཤེས་ཏེ་ཅི་ཆད་པར་སྨྲ་བ་རྣམས་ཀྱི་ལྟ་བུ་ཞིག་ཡོད་དམ་སྙམ་པ་ལ་ཆོས་མེད་པར་ཡང་འདུ་ཤེས་མི་འཇུག་ཅེས་བྱ་བ་གསུངས་སོ། །ཀུན་རྫོབ་ཏུ་མ་བརྟགས་ན་དགའ་བར་ཆོས་རྣམས་ཡོད་པའི་ཕྱིར་རེ་ཞིག་ཀུན་རྫོབ་ཀྱི་ལམ་ལ་གནས་པ་རྣམས་ལ་ཆོས་མེད་པར་འདུ་ཤེས་པ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དོན་དམ་པའི་ཡེ་ཤེས་ལ་གནས་པ་རྣམས་ལ་ཡང་མ་ཡིན་ཏེ། དེའི་ཚེ་ན་གང་ཞིག་བཀག་པས་ཆོས་མེད་པར་འདུ་ཤེས་འཇུག་པར་འགྱུར་བ་ཆོས་གང་ཡང་མི་དམིགས་པའི་ཕྱིར་རོ། །དེ་ནི་ཆོས་སུ་འཛིན་པ་མེད་ན་མེད་པའི་ཕྱིར་རོ། །ཡུལ་མེད་པར་དགག་པར་ནི་གང་ན་ཡང་མི་སྲིད་དོ། །དེ་ལ་དཔེར་ན་རྣམ་པར་རིག་པ་ཙམ་དུ་བདེན་ཀྱང་འདི་རྣམ་པར་རིག་བྱེད་ཙམ་ཉིད་དོ་སྙམ་དུ་རྣམ་པར་རྟོགས་ན་རྣམ་པར་རིག་པ་ཙམ ཉིད་ལ་གནས་པ་ཡིན་པ་དེ་བཞིན་དུ་ཆོས་མེད་པ་བདེན་ཡང་ཆོས་མེད་པར་རྟོགས་ན་དེ་ལ་གནས་མི་སྲིད་པས་ཐམས་ཅད་མཚུངས་སོ། །གལ་ཏེ་བདག་ལ་སོགས་པ་མེད་ན་དེ་དག་དེར་འདུ་ཤེས་མི་འཇུག་ཀྱང་འདི་ནི་བདག་ཀྱང་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་ཙམ་དུ་ཟད་དོ་ 95-223a སྙམ་དུ་དེ་དག་མིང་ལ་མངོན་པར་ཞེན་པའི་འདུ་ཤེས་སུ་འགྱུར་རོ་སྙམ་པ་ལ་འདུ་ཤེས་དང་ཞེས་བྱ་བ་གསུངས་ཏེ། མིང་ནི་གཟུགས་ཀྱི་ཕུང་པོར་གཏོགས་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་བརྫུན་པ་ཁོ་ན་ཡིན་ལ་ལྡན་པ་མ་ཡིན་པ་ཡང་བཏགས་པར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་འདུ་ཤེས་པ་ཡང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཉིད་དོ་ཞེས་དགོངས་པའོ། །གལ་ཏེ་དེ་ལྟ་ན་དེའི་གནས་སྐབས་ན་འདུ་ཤེས་ཐམས་ཅད་དང་བྲལ་བས་ཤི་བ་དང་། འགོག་པའི་སྙོམས་པར་འཇུག་པའི་མི་བཞིན་དུ་རྣལ་འབྱོར་པ་མེད་པ་ཉིད་དུ་འགྱུར་རོ་སྙམ་པ་ལ། འདུ་ཤེས་མེད་པ་ཡང་འཇུག་པར་མི་འགྱུར་ཞེས་བྱ་བ་གསུངས་སོ། །དེའི་ཚེ་ན་གང་གིས་དེ་དག་རྣལ་འབྱོར་པར་འགྱུར་བའི་རྣལ་འབྱོར་པའི་ཡེ་ཤེས་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་ཡོད་དོ། །དེ་ལས་ལངས་པ་ན་དེ་ལས་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང་ངོ་། །དེ་ལྟ་མ་ཡིན་ན་ནི་དེ་རྒྱུ་མེད་པ་ཁོ་ནར་འགྱུར་རོ། །གལ་ཏེ་རྣལ་འབྱོར་པའི་ཡེ་ཤེས་ཀུན་རྫོབ་ཀྱི་ངོ་བོ་ཉིད་དེ་སུས་ཁོང་དུ་ཆུད་ཅེས་གཏན་ཚིགས་དེ་ཉིད་ཀྱིས་ཏེ། ཅི་ལྟར་གང་ཟག་ལ་བདག་མེད་པར་རྟོགས་པ་རང་རིག་པས་རང་ལ་ཡོད་པའི་གང་ཟག་ལ་བདག་མེད་པར་རྟོགས་པ་དེ་བཞིན་དུ་འདིར་ཡང་མཚུངས་སོ། །ཡེ་ཤེས་དང་རིག་པ་ཀུན་རྫོབ་ཏུ་ཡང་ཁས་མི་བླང་བ་ཡང་མ་ཡིན་ནོ། །རྣལ་འབྱོར་པས་རང་གི་མཚན་ཉིད་སོ་སོར་མངོན་དུ་བྱས་ནས་དེ་ལ་ཡོད་པའི་བདག་མེད་པའི་དམིགས་པ་མ་ཡིན་ཏེ། དེའི་ཚེ་འདས་པ་ལ་སོགས་པ་ནི་མི་ཉེ་བ་དང་མཐའ་ཡས་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། རང་བཞིན་མ་ཡིན་པ་རྣམ་པར་དཔྱད་པས་ཡུལ་དུ་འགྱུར་བའི་ཆོས་ཐམས་ཅད་སྤྱིར་བདག་མེད་པར་བསྡུས་ཏེ་རྣམ་པར་གཞག་པ་གང་ཡིན་པ་དེ་ལ་ཅིག་ཅར་དམིགས་སོ། །དེ་དག་གི་ཡེ་ཤེས་དེ་ཡང་དོན་དམ་པར་ཡུལ་མེད་པ་ཡིན་མོད་ཀྱི་བདེན་པའི་རྨི་ལམ་གྱི་ཤེས་པ་བཞིན་དུ་མི་སླུ་བས་ཚད་མར་རྣམ་པར་གཞག་གོ། །སྤྱི་དེར་དེའི་བདག་ཉིད་ཀྱི་ངོ་བོ་ཡང་འདུས་པ་ཉིད་དེ་དེ་ལ་དེའི་དམིགས་པར་བྱེད་པ་གུད་ན་མེད་དོ། །དེའི་ཕྱིར་བདག་མེད་པར་གཉི་ག་རྟོགས་པ་ལས་ན་དེ་དག་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ 95-223b པར་མངོན་ནོ། །སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པ་ནི་མུ་སྟེགས་ཅན་རྣམས་བཞིན་དུ་དེ་རྟོགས་མི་སྲིད་དོ། །དེ་ནི་འཁོར་བ་ན་འདྲིས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པས་འདི་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དང་། ཡང་དག་པར་འདུ་ཤེས་པ་ཅི་འདྲ་བས་དེའི་འདུ་ཤེས་སུ་འགྱུར་བ་དེ་ཡོངས་སུ་བསྟན་ལ་ཟབ་པ་ཡང་ཡོངས་སུ་བསྟན་ཏོ། །བདག་ལ་སོགས་པ་མེད་པའི་ཕྱིར་དེ་དག་བདག་ལ་སོགས་པར་འདུ་ཤེས་པར་མ་གྱུར་དུ་ཟིན་ཀྱང་ཚིག་གི་ཚོགས་ལ་སོགས་པའི་བདག་ཉིད་ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་མཚན་ཉིད་ཆོས་དང་ཆོས་མ་ཡིན་པར་འདུ་ཤེས་པ་གོ་དེ་དག་ལ་ངེས་པར་འབྱུང་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་དག་དེར་འདུ་ཤེས་པར་མི་འགྱུར་ན་མི་རིགས་པས་བསྐྱེད་པ་མུ་སྟེགས་ཅན་གྱི་ཆོས་རྣམས་སྤངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྣམས་ཆུབ་པར་བྱ་བར་ཇི་ལྟར་འདུན་པ་བསྐྱེད་པར་བྱ་སྙམ་དུ་དོགས་པ་ལ། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་གལ་ཏེ་ཞེས་བྱ་བ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དུ་སོ་སོར་བརྟགས་ན་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི། ཆོས་རྣམས་མེད་པ་ཇི་ལྟ་བ་བཞིན་དུ་བཤད་པའི་ཆོས་ཀྱང་དེ་བཞིན་ནོ། །གང་ལ་ཆོས་སུ་འདུ་ཤེས་པ་ཡོད་པ་དེ་ནི་བདག་ལ་སོགས་པར་འདུ་ཤེས་པ་ཡང་ངེས་པར་མ་སྤངས་པ་ཡིན་ཏེ། དེའི་རྩ་བ་ཆོས་སུ་མཚན་མར་འཛིན་པ་ཡིན་པའི་ཕྱིར་རོ། །ཆོས་སུ་མཚན་མར་འཛིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་བྱམས་པ་ལ་སོགས་པ་དེ་ཁོ་ན་ཡིད་ལ་བྱེད་པ་མ་ཡིན་པས་ནི་བདག་ཏུ་ལྟ་བ་སྤོང་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐེག་པ་ནི་གཅིག་པུ་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ་ཞེས་གསུངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་སུ་འདུ་ཤེས་པ་དེ་ནི་ངེས་པར་མཐོང་བའི་ལམ་མ་སྐྱེས་པ་ཡིན་ན་དེ་ལྟ་བུ་གང་ཡིན་པ་དེས་ཇི་ལྟར་བདག་ལ་སོགས་པར་འདུ་ཤེས་པ་སྤོང་བར་འགྱུར་ཏེ། དེ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་མཐའ་དག་ལ་བརྟགས་ 95-224a ནས། དེ་ཉིད་དེ་དག་གི་བདག་ཏུ་འཛིན་པར་འགྱུར་ཞེས་གསུངས་སོ། །དེ་ནི་དེའི་རྒྱུ་ཡིན་པའི་ཕྱིར་དང་། དེའི་བག་ལ་ཉལ་མ་སྤངས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེ་ལྟ་མ་ཡིན་ན་དེ་ཉིད་རྣམ་པ་ཐ་དད་པའི་ཕྱིར་ཇི་ལྟར་ཆོས་སུ་འདུ་ཤེས་པ་ཉིད་བདག་ཏུ་འཛིན་པར་འགྱུར། ཆོས་རྣམས་ནི་འདིར་རིགས་པས་བསྐྱེད་པའི་ལུང་གི་མཚན་ཉིད་དུ་འདོད་དོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པ་དག་གོ། །གལ་ཏེ་དེ་ལྟ་ན་མདོ་དེ་དང་དེ་ལས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བསྟན་པར་ཇི་ལྟར་འགྱུར་སྙམ་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་དུ། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལོག་པར་གཟུང་བར་མི་བྱ་སྟེ་ཞེས་བྱ་བ་ནི་ལམ་ལོག་པས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་གཟུང་བར་མི་བྱ་སྟེ། བདེན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་བསྒྲུབ་པའི་དོན་དུ་གཟིངས་ལྟ་བུར་གསུངས་པའི་མཚན་ཉིད་གཟུང་བ་དགག་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད་ཀྱི་ཚིག་གཞན་དང་སྦྱར་རོ། །གང་གི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ཐམས་ཅད་ལ་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་དེ་ལོག་པར་མངོན་པར་ཞེན་པ་ཡིན་པའི་ཕྱིར་རིགས་པས་བསྐྱེད་པ་ལུང་གི་ཚོགས་གང་དག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་གསུངས་པ་གཟིངས་ལྟ་བུ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་ནས་མི་དགོས་པའི་ཕྱིར་སྤང་བར་བྱ་ན། མུ་སྟེགས་ཅན་ལྟ་བུ་ཆོས་མ་ཡིན་པ་མི་རིགས་པས་བསྐྱེད་པ་དེ་དག་ལྟ་སྨོས་ཀྱང་ཅི་དགོས་པ། དེ་དག་ལ་ནི་དགོས་པའི་ཕྱིར་བརྟེན་པ་ཡང་ངས་མ་གནང་ངོ་ཞེས་དེ་བཞིན་གཤེགས་པ་དེ་སྐད་གསུངས་སོ། །དེ་ལ་མ་ཡིན་ཏེ། གལ་ཏེ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་བདེན་པའི་ངོ་བོར་གྱུར་ན། དེའི་ཚེ་དེ་ལ་མངོན་པར་ཞེན་པ་དོན་དམ་པར་ཡུལ་ཡིན་པའི་ཕྱིར་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་རིགས་པའི་ངོ་བོ་ཁོ་ནར་འགྱུར་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་དེ་འགོག་པར་མཛད་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ 95-224b སྐད་དུ་འཕགས་པ་དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང་། བཙུན་པ་རབ་འབྱོར་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆོས་གང་སྤོང་བར་བྱེད་པ་དེ་ནི་ཆོས་ཀྱང་མ་ཡིན་པ་ཡང་མ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བཤད་དོ། །མདོ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་གང་ལ་གཟིངས་ལྟ་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཀྱང་ཞེས་བྱ་བ་དེ་ནི་མཚོན་པ་སྟེ། དེས་ན་གཟུགས་ལ་སོགས་པ་དང་ལམ་གྱི་མཚན་ཉིད་ཀྱི་ཆོས་རྣམས་གཟུང་ངོ་། །ཆོས་མ་ཡིན་པ་རྣམས་ཞེས་བྱ་བ་ཡང་མཚོན་པ་ཁོ་ན་སྟེ། དེས་ནི་གང་དག་གྲགས་པ་དང་འགལ་བར་སྟོན་པ་ཆོས་མ་ཡིན་པའི་ངོ་བོ་བདག་ལ་སོགས་པ་གཞན་དག་གིས་ཡོངས་སུ་བརྟགས་པ་དེ་དག་ཀྱང་གཟུང་ངོ་། །ཡང་ན་གང་བརྗོད་པར་བྱ་བ་དང་བཅས་པ་ཆོས་དང་ཆོས་མ་ཡིན་པ་དག་སྨོས་པའི་ཕྱིར་ཐམས་ཅད་བསྡུས་པ་དེ་ཉེས་པ་མེད་དོ། །འདིས་ནི་གཡེང་བ་ཚར་བཅད་ནས་འདིར་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ། ། ༈ རྟོགས་པའི་ཆོས་སྐུ། ༆ གལ་ཏེ་ཆོས་ལ་སོགས་པ་ཐམས་ཅད་དོན་དམ་པར་བརྫུན་པའི་རང་བཞིན་ཡིན་ན་དེའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བསྟན་ཏོ་ཞེས་བྱ་བ་དེ་ཡང་བརྫུན་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུ་ཅན་རྟོགས་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་འདུན་པར་མི་བྱའོ་སྙམ་པ་དེ་ལ་བརྟགས་ནས་ཡེ་ཤེས་ཀྱི་རྒྱུ་ཅན་གྱི་ཆོས་ཀྱི་སྐུ་ཐོབ་པར་འདུན་པ་བསྐྱེད་པའི་ཕྱིར་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་གསུངས་སོ། །འདིས་ནི་དོན་གྱིས་ན་དོན་དམ་པར་ནི་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་པ་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་འཛིན་པ་ཡང་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ལ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རྒྱུ་ཅན་ཐོབ་པར་བྱ་བར་འདུན་པ་དང་སྨོན་ལམ་གདབ་པ་ཡང་སྟོན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་མཚན་མ་ཙམ་ཡོངས་སུ་བརྗོད་པས་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྟོགས་པའི་བྱེ་ 95-225a བྲག་གིས་ཐ་དད་པ་ཡེ་ཤེས་ཀྱི་རྒྱུ་ཅན་རྟོགས་པའི་སྐུ་ཡང་ཡོངས་སུ་སྟོན་པར་བྱེད་དེ། ཉན་ཐོས་ལ་སོགས་པའི་ཡོན་ཏན་དག་ཀྱང་བྱང་ཆུབ་སེམས་དཔས་རྟོགས་པར་བྱ་བ་ཉིད་དོ། །དེ་ལྟ་མ་ཡིན་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཇི་ལྟར་འགྱུར། ཀུན་རྫོབ་ཀྱི་ངོ་བོར་ནི་འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་དང་། རྫོགས་པར་སངས་རྒྱས་པར་བྱ་བ་དང་། བསྟན་པར་བྱ་བ་དང་། བསྟན་པ་ལ་སོགས་པ་རྣམ་གྲངས་སུ་ཐམས་ཅད་ཡོད་དོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་དོན་དམ་པ་ལ་དགོངས་ཏེ། ཐམས་ཅད་བརྫུན་པ་ཁོ་ནའོ་ཞེས་གསུངས་པ་དེས་ན། རྨས་པ་ལས་དགོངས་པ་བཟུང་ནས་གནས་བརྟན་འཕགས་པ་རབ་འབྱོར་གྱིས། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་གསོལ་ཏོ། །བདག་གིས་འཚལ་བ་ལྟར་ན་ཞེས་བྱ་བ་ནི་དགོངས་པ་རྣམ་པར་འགྲེལ་པའོ། །ཅིའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་ལ། ཆོས་བསྟན་པ་ཡང་མེད་སྙམ་པ་ལ། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་གསོལ་ཏོ། །གཟུང་དུ་མ་མཆིས་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡང་མ་ཡིན་པའི་ཕྱིར་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །བརྗོད་དུ་མ་མཆིས་ཞེས་བྱ་བ་ནི་སྒྲའི་ཡུལ་ཡང་མ་ཡིན་པའི་ཕྱིར་ཏེ། སྒྲ་ཐམས་ཅད་ཀྱི་སྤྱོད་ཡུལ་ནི་སྒྲོ་བཏགས་པ་སྤྱི་ཙམ་ཡིན་པའི་ཕྱིར་ལ། སྤྱི་ཡང་དངོས་པོ་མེད་པའི་ཕྱིར་རོ། །འདི་གཉིས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་མེད་པ་དང་། ཆོས་བསྟན་པ་མེད་པའི་གཏན་ཚིགས་སུ་གསུངས་པ་སྟེ་གོ་རིམས་བཞིན་ནོ། །གལ་ཏེ་དངོས་པོ་ཐམས་ཅད་གཟུང་དུ་མེད་ཅིང་བརྗོད་དུ་མེད་པ་ཡིན་དུ་ཟིན་ཀྱང་། འོན་ཀྱང་རང་གི་མཚན་ཉིད་འཛིན་པའི་ཕྱིར་དོན་དམ་པར་ཆོས་ཀྱི་ངོ་བོ་ཉིད་གནས་པ་ཁོ་ནའོ་སྙམ་པ་ལ། དེ་ནི་ཆོས་ཀྱང་མ་ལགས་ཞེས་བྱ་བ་གསོལ་ཏོ། །དངོས་པོ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མྱ་ངན་ལས་འདས་པའི་རང་གི་མཚན་ཉིད་འཛིན་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་གོ་བཅོམ་ལྡན་འདས་ཀྱིས་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་སྙམ་པ་ལ། ཆོས་མ་མཆིས་པ་ཡང་མ་ལགས་ 95-225b ཞེས་བྱ་བ་གསོལ་ཏོ། །དེ་ནི་མེད་པ་དགག་པའི་ངོ་བོ་ཡིན་ནོ། །འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དེ་བསྟན་ཏེ། སྒྲོ་བཏགས་པ་དང་། སྐུར་བའི་མཐའ་ཡང་བཀག་གོ། །དེ་ཅིའི་སླད་དུ་ཞེས་འདིར་འཐད་པ་ཡོངས་སུ་ཞུས་པ་དང་། འདིར་ལན་དུ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདུས་མ་བྱས་ནི་ཆོས་རྣམས་ཀྱི་དོན་དམ་པའི་རང་བཞིན་ནོ། །དེ་ཡང་རིགས་པས་དཔྱད་ན་སྐྱེ་བ་མེད་པ་མཚན་ཉིད་ཁོ་ན་ལ་གནས་ཏེ། སྔར་ཇི་སྐད་དཔྱད་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡང་དག་པར་སྡུད་པ་ལས་བཤད་པ། ཀུན་དགའ་བོ་ཆོས་ཀྱི་སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་དང་། གཞན་དུ་འགྱུར་བ་མེད་པ་གང་ཡིན་པ་དེ་ནི་འཕགས་པའི་བདེན་པ་ཞེས་བྱའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་འདི་ལ་དགོངས་ནས་འཕགས་པ་ཉན་ཐོས་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་སྟོན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་རྟག་པར་དེ་བཞིན་དུ་ཡོད་པ་དང་། འགྱུར་བ་མེད་པའི་ཕྱིར་འདུས་མ་བྱས་སོ། །དེ་རྟོགས་པའི་ཕྱིར་འཕགས་པའི་གང་ཟག་རྣམས་དེས་རབ་ཏུ་ཕྱེ་བ་སྟེ། འཕགས་པ་རྣམས་ནི་ཆོས་ཀྱི་དེ་ཁོ་ན་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཞན་དེ་ཁོ་ནའི་ངོ་བོར་མི་རིགས་པའི་ཕྱིར་རོ། །འདུས་མ་བྱས་དེ་ནི་མེད་པར་དགག་པའི་ངོ་བོར་མེད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་རང་བཞིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་འཕགས་པ་དག་གིས་དངོས་པོའི་རང་བཞིན་མ་རྟོགས་པར་འགྱུར། དེ་མ་ཡིན་པའི་ངོ་བོ་གཞན་རྟོགས་པའི་ཕྱིར་རོ། །དེ་ནི་དངོས་པོར་འཛིན་པ་མེད་ན་མེད་པའི་ཕྱིར་དངོས་པོར་འཛིན་པ་ཁོ་ནར་ཐལ་བར་འགྱུར་རོ། །དེའི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་དེ་ཁོ་ན་ནི་དངོས་པོ་ལས་དོན་གཞན་མ་ཡིན་ནོ་ཞེས་གསུངས་ཏེ། ཇི་སྐད་ཉེས་པ་བརྗོད་པར་ཐལ་བར་འགྱུར་རོ། །དེ་ནི་དོན་དམ་པར་དངོས་པོའི་ངོ་བོར་ཡོད་པ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་གང་ཡང་མ་གྲུབ་པའི་ཕྱིར་རོ། །དངོས་པོའི་ངོ་བོ་ཉིད་ལྟར་འདུས་བྱས་ཉིད་དུ་ཐལ་བར་འགྱུར་རོ། ། 95-226a དེའི་ཕྱིར་དེ་ནི་མེད་པ་ལས་ཆོས་རྣམས་ལ་ཡོད་པའི་ཕྱིར་དེ་ཁོ་ན་མ་ཡིན་པའི་ངོ་བོར་འགྱུར་རོ། །དེ་ནི་དངོས་པོའི་རང་བཞིན་གྱི་ངོ་བོ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་རྟོགས་པར་ཐལ་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བ་ཡང་བཟློག་པ་དཀའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་དེ་དག་ཉིད་ལས་དེ་ཁོ་ནའི་དངོས་པོ་ལས་དོན་གཞན་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་དོན་དམ་པར་ཆོས་ཀྱང་མ་ལགས་ཆོས་མ་མཆིས་པ་ཡང་མ་ལགས་ཞེས་གསོལ་ཏོ། །འདིས་ནི་དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་དགག་པའི་ངོ་བོ་བསྟན་ཏོ། །འདིས་ནི་གཡེང་བ་ཚར་གཅོད་པ་དེ་ཡང་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་གནས་པ་འདིའི་ཟབ་པ་ཉིད་ཀྱང་བསྟན་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་འམ། ཆོས་བསྟན་པའི་ཆོས་གང་ཡང་མེད་ན་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་རྒྱུ་ཅན་གྱི་ཆོས་ཀྱི་སྐུ་ཐོབ་པར་འདོད་པས་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་ཇི་ལྟར་འཇུག་པར་བྱ་སྙམ་པ་ལ་བརྟགས་ནས་བསོད་ནམས་ཀྱི་རྒྱུ་ཅན་གྱི་ཆོས་ཀྱི་སྐུ་ཐོབ་པར་འདུན་པ་བསྐྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་གསུངས་སོ། །དེ་ལ་རིན་པོ་ཆེ་སྣ་བདུན་ནི་གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུ་རྱ་དང་། རྡོའི་སྙིང་པོ་དང་། སྤུག་དང་། མུ་ཏིག་དམར་པོའོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་བྱུང་བ་རྣམས་སོ། །གླིང་བཞི་ལ་སོགས་པ་སྟོང་ལ་སྟོང་གི་འཇིག་རྟེན་གྱི་ཁམས་སོ། །དེ་སྟོང་ལ་སྟོང་གཉིས་སོ། །དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །གཞི་དེ་ལས་ཞེས་བྱ་བ་ནི་རིན་པོ་ཆེ་སྦྱིན་པའི་གཞི་དེ་ལས་བསོད་ནམས་འདི་འབྱུང་བ་སྟེ། དེའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་ནི་སེམས་པ་དགེ་བ་ཐམས་ཅད་དང་། དེས་བསྐྱེད་པའི་བག་ཆགས་ཏེ། དེའི་ཕུང་པོ་ནི་ཚོགས་སོ། །འབྲས་བུ་མང་བའི་ཕྱིར་དེ་ཡང་མང་ངོ་། །མང་དུ་ཞེས་བྱ་བ་ནི་བྱེ་བྲག་གོ། །མང་ཞེས་ལན་གཉིས་བརྗོད་པས་ནི་རབ་ཏུ་མང་པོ་ཞེས་བསྙད་པའོ། །གལ་ཏེ་དོན་དམ་པར་ཐམས་ཅད་མ་སྐྱེས་ན། ཇི་ལྟར་གཞི་དེ་ 95-226b ལས་བསོད་ནམས་ཀྱི་ཕུང་པོ་སྐྱེས་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེ་ན་ཞེས་གསོལ་ནས། བདག་ཉིད་ཀྱི་དགོངས་པ་རིག་སྟེ། ལན་དུ་ཕུང་པོ་མ་མཆིས་པའི་སླད་དུ་སྟེ་ཞེས་བྱ་བ་གསོལ་ཏོ། །དོན་དམ་པར་ན་ཞེས་བྱ་བ་ལྷག་མའོ། །ཕུང་པོ་རྣམས་ནི་བརྟགས་པར་ཡོད་པའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་དངོས་པོར་གྱུར་པ་མེད་དོ། །བསོད་ནམས་ཀྱང་བག་ཆགས་ཀྱི་ངོ་བོ་གནས་སྐབས་ཀྱི་བྱེ་བྲག་ལ་བརྟགས་པའོ། །སེམས་དཔའ་ཡང་དངོས་པོ་རྣམས་ནི་གཡོ་བ་མེད་པས་མངོན་པར་འདུ་བྱེད་པའི་རྣམ་པས་མི་འཇུག་པའི་ཕྱིར་བཏགས་པའི་ཡོད་པ་ཁོ་ནའོ། །གཅིག་དང་དུ་མའི་ངོ་བོས་སོ་སོར་བརྟགས་ན་ཡང་བརྫུན་པའི་ངོ་བོ་ཁོ་ནའོ། །དེ་ལྟ་བས་ན་དོན་དམ་པར་ནི་བསོད་ནམས་ཀྱི་ཕུང་པོ་མེད་དོ། །འདིས་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་ཡོངས་སུ་བསྟན་ཏོ། །སྒྲོ་བཏགས་པའི་མཐའ་ཡང་བཀག་གོ། །ཀུན་རྫོབ་ཏུ་ནི་བསོད་ནམས་ཀྱི་ཕུང་པོ་གནས་པ་ཉིད་དེ། དེ་ལྟ་བས་ན། དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕུང་པོ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་བསོད་ནམས་ཀྱི་ཕུང་པོ་དེ་དོན་དམ་པར་ཡོད་པར་གྱུར་ན་དོན་དམ་པ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དེ་བརྗོད་པར་མི་འགྱུར་རོ། །མ་གསུངས་ཀྱང་དེ་ལྟར་ཤེས་པས་བརྗོད་པ་དོན་མེད་པ་ཉིད་དུ་འགྱུར་བ་ཞིག་ན་གང་གི་ཕྱིར་གསུངས་པ་དེའི་ཕྱིར་ཀུན་རྫོབ་ཁོ་ན་ཞེས་བྱ་བར་ཤེས་སོ། །འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་པ་བསྟན་ཏོ། །དེ་ལྟར་འཕགས་པ་རབ་འབྱོར་གྱིས་མཐའ་གཉིས་བཀག་སྟེ། དེའི་འོག་ཏུ་འཁོར་རྣམས་ཆོས་རྒྱ་ཆེན་པོ་ཉན་པའི་འོས་སུ་གྱུར་པ་དང་། དེས་ཀྱང་བསོད་ནམས་ཆེས་མང་བར་བརྗོད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས། རབ་འབྱོར་གང་གིས་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །འདིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོགས་པའི་ཆོས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཅན་དེ་བཤད་པའི་ཆོས་ཀྱི་སྐུ་ལས་ངེས་པར་འབྱུང་བས་རེ་ཞིག་དེ་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བསྟན་ན་ཡང་དེ་ལྟར་བསོད་ནམས་ཀྱི་སྐྱེ་མཆེད་དུ་གྱུར་པ་ཡིན་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོགས་པའི་ཆོས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཅན་དེ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་སྟོན་ཏོ། ། 95-227a འདི་ནི་ཚིག་གི་དོན་མ་མཆིས་མོད་ཀྱི་ཤུགས་ཀྱིས་རྟོགས་པས་དོན་འདི་ཉེས་པ་མེད་དོ། །དེས་ན་དོན་དམ་པར་ཆོས་བསྟན་པའམ། མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་བསོད་ནམས་ཀྱི་སྐུ་བསྟན་པ་ཡོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་བསོད་ནམས་ཐོབ་པར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་དུ་དགོངས་པའོ། །བསོད་ནམས་ཁྱད་ཞུགས་པར་བསྟན་པ་འདིས་ནི་འདིའི་རྒྱ་ཆེ་བ་བསྟན་ཏོ། །དེ་བསྐྱེད་པར་འདུན་པ་དང་། སྨོན་ལམ་འདེབས་པ་ཡང་བསྟན་ཏོ། །ཚིགས་སུ་བཅད་པ་རྩ་བ་དྲུག་པ་ཡང་ཡོད་པས་ཚིག་བཞི་པ་ཞེས་བྱེ་བྲག་ཏུ་མཛད་དོ། །ཚིགས་སུ་བཅད་པ་ཞེས་བྱ་བ་འདི་བརྩོན་པ་མ་ཡིན་གྱི་ཚིག་རྐྱང་པ་ལས་རྩ་བ་བཞིའི་ཚིགས་སུ་བཅད་པའི་ཚིག་ཙམ་ཡང་བཟུང་ངོ་། །བཟུང་ནས་ཞེས་བྱ་བ་ནི་ཁ་ཏོན་ཏུ་བྱས་པའོ། །འཆད་ཅེས་བྱ་བ་ནི་ཚིག་གོ། །ཡང་དག་པར་སྟོན་ཞེས་བྱ་བ་ནི་དོན་ཏོ། །གྲངས་མེད་ཅེས་བྱ་བ་ནི་རབ་ཏུ་མང་བའི་ཕྱིར་རོ། །དཔག་ཏུ་མེད་ཅེས་བྱ་བ་ནི་དཔེའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིས་ནི་དོན་གྱིས་ན་བསོད་ནམས་མི་སྐྱེད་པ་མི་མཐུན་པའི་ཕྱོགས་རབ་ཏུ་སེལ་ཏོ། །བསོད་ནམས་ཞེས་མཚན་ཙམ་ཞིག་བརྗོད་པས་ནི་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཚོགས་མཐའ་དག་སྟོན་ཏོ། །འདི་ཅི་ཡིད་ཆེས་པར་བྱ་བར་ཟད་དམ། འོན་ཏེ་རིགས་པས་ཤེས་པར་བྱ་བ་ཡང་ཡིན་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། འདིར་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་བྱུང་སྟེ་ཞེས་རིགས་པ་བཀའ་སྩལ་ཏོ། །འདི་སྙམ་དུ་བསོད་རྣམས་ཆེས་ཞེས་བྱ་བ་དེ་ཡང་འབྲས་བུ་ཆེ་བའི་ཕྱིར་བསོད་ནམས་ཆེ་བ་ཡིན་གྱི། དེ་ལ་ལུས་མེད་པའི་ཕྱིར་རང་གི་ངོ་བོས་ནི་མ་ཡིན་གྱི། རིན་པོ་ཆེ་ལས་བྱུང་བའི་བསོད་ནམས་དེ་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་འཁོར་བའི་འབྲས་བུ་ཕལ་པ་འཐོབ་སྟེ། ཤེས་རབ་ཀྱིས་ཟིན་ན་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཆེན་པོའི་འབྲས་བུ་འཐོབ་ཀྱི་དེ་དག་ཉི་ཚེས་ནི་མ་ཡིན་ནོ། །ཆོས་ཀྱི་སྦྱིན་པས་ནི་དེ་བཞིན་གཤེགས་ 95-227b པའི་གོ་འཕང་དཔེ་མེད་ཅིང་ཟད་མི་ཤེས་པ་ཐོབ་པས་ཅིའི་ཕྱིར་ཆེན་པོ་ཉིད་དུ་མི་མངོན། ཇི་ལྟར་ཆོས་ཀྱིས་ཕན་བཏགས་པར་འགྱུར་བ་ལྟར་རིན་པོ་ཆེ་རྣམས་ཀྱིས་ནི་གཞན་ལ་ཤིན་ཏུ་ཕན་འདོགས་པར་མི་འགྱུར་ཏེ། འདི་ལྟར་གཞན་དག་ལ་རབ་ཏུ་བསྟན་པའི་རིམ་གྱིས་ཆོས་འདི་ལས་མྱུར་བ་ཁོ་ནར་སངས་རྒྱས་ཉིད་ཀྱི་གོ་འཕང་འཐོབ་པར་འགྱུར་གྱི་རིན་པོ་ཆེ་རྣམས་ལས་ནི་མ་ཡིན་ནོ། །དེ་ལྟ་བས་ན་གཞན་དག་ལ་ཕན་འདོགས་པའི་མཆོག་ཏུ་གྱུར་པས་རིན་པོ་ཆེ་སྦྱིན་པ་ལས་ཆོས་ཀྱི་སྦྱིན་པ་ཁྱད་པར་དུ་འཕགས་སོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ལས་འབྱུང་ཞེས་བྱ་བ་ནི་ཡང་དག་པར་གྲུབ་པ་སྟེ། སྤྱད་པ་བཅུ་རྣམས་ལ་བརྟེན་ནས་དེའི་འོག་ཏུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །སྤྱད་པ་བཅུ་པོ་དེ་དག་ནི་ཡི་གེར་འདྲི་བ་དང་། མཆོད་པ་དང་། སྦྱིན་པ་དང་། བཀླག་པ་དང་། མཉན་པ་དང་། གཟུང་བ་དང་། ལུང་ཕོག་པ་དང་། ཁ་ཏོན་དུ་བྱ་བ་དང་། བསམ་པ་དང་། བསྒོམ་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་འདི་ལས་སྐྱེས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སངས་རྒྱས་རྣམས་དེ་ལ་བརྟེན་ནས་བཏགས་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པར་ནི་བྱང་ཆུབ་དང་། སངས་རྒྱས་རྣམས་ཐ་དད་པ་མེད་དོ། །བསོད་ནམས་ཁྱད་པར་དུ་འཕགས་པར་བསྟན་པ་འདིས་ནི་དེ་བསྐྱེད་པར་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ཁོ་ན་ཡིན་ན་དེའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མ་སྐྱེས་པ་ཁོ་ནར་འགྱུར་ན་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལས་འབྱུང་། སངས་རྒྱས་རྣམས་ནི་བྱང་ཆུབ་དང་ཐ་དད་པ་མེད་དོ་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། འདིར་ལན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་གསུངས་སོ། །སངས་རྒྱས་སུ་གདགས་པའི་རྒྱུ་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེའི་ཕྱིར་སངས་རྒྱས་རྣམས་ནི་དོན་དམ་པར་བྱང་ཆུབ་དང་ཐ་དད་པ་མེད་མོད་ཀྱི། དེ་གདགས་པའི་རྒྱུར་གྱུར་པས་སངས་རྒྱས་རྣམས་ནི་འདི་ལས་སྐྱེས་པར་གསུངས་སོ་ཞེས་ 95-228a དགོངས་པའོ། །དེ་དག་ཀྱང་དོན་དམ་པར་མ་སྐྱེས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་མེད་ཀྱང་ཀུན་རྫོབ་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་བྱུང་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས་ཏེ། དོན་དམ་པར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་གཞན་དེ་དང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་དོན་དམ་པར་ནི་བརྗོད་པར་མི་ནུས་ཏེ། དེ་སོ་སོ་རང་གི་རིག་པར་བྱ་བ་ཡིན་པས་བརྗོད་དུ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། རྣམ་པར་གཡེང་བ་ཚར་བཅད་པ་བསྟན་ཏེ། ཟབ་པ་ཡང་བསྟན་ཏོ། །འདིར་ལ་ལ་དག་ན་རེ་ཆོས་ཀྱི་སྐུ་ཐ་དད་པ་མེད་པའི་ཕྱིར་སྐུ་ཐ་དད་པ་རྣམ་པ་གསུམ་པོ་འདི་ཇི་ལྟར་འགྱུར། འོན་ཏེ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བ་དང་། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཡིན་པས་བསོད་ནམས་ཀྱི་རང་བཞིན་དང་། བཤད་པའི་རང་བཞིན་ནི་བརྟགས་པའི་སྒོ་ནས་ཆོས་ཀྱི་སྐུའོ་ཞེས་བྱའོ་ཞེ་ན། དེ་ལྟ་ན་ནི་གཟུགས་ཀྱི་སྐུ་ཡང་དེ་འཐོབ་པའི་རྒྱུ་མཐུན་པའི་ཕྱིར་དང་དེ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་སྐུར་འགྱུར་རོ་ཞེས་ཟེར་རོ། །དེ་ནི་བདེན་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་བཞིན་དང་། དེའི་སྤྱིའི་ཆོས་ཉིད་གང་ཡིན་པ་དེ་ལ་རྣམ་པར་གཞག་གོ། །འདི་ནི་འདིའི་རྣམ་པར་སྨིན་པའི་དབྱེ་བ་ཡང་མ་ཡིན་པ་བཤད་པ་དང་བསོད་ནམས་དག་ལ་བཏགས་ནས་འདིར་ཆོས་ཞེས་བསྟན་པ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དངོས་པོ་ཁོ་ན་སྟེ། ཆོས་སྟོན་ཏོ། །ཆོས་སྩོགས་སོ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་ཀྱིས་དེ་ལྟར་གྲགས་པའི་ཕྱིར་རོ། །གང་ཡང་རང་དང་སྤྱིའི་མཚན་ཉིད་འཛིན་པས་ཆོས་རྣམས་སོ་ཞེས་བསྟན་པ་དེ་ནི་དངོས་པོ་ཐམས་ཅད་དང་ཐུན་མོང་ཡིན་པས་གཟུགས་ཀྱི་སྐུ་ནི་དེ་བཞིན་གཤེགས་པར་མ་བསྟན་ཏེ། ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བཏགས་ནས་བསྟན་དུ་ཟིན་ཀྱང་གཟུགས་ཀྱི་སྐུ་ནི་ཆོས་ཀྱི་སྐུར་ཐལ་བར་མི་འགྱུར་ཏེ། དེ་ནི་བསོད་རྣམས་ཀྱིས་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། མདོར་ན་རྒྱལ་བའི་ཆོས་སྐུ་ནི། །ཡེ་ཤེས་ཚོགས་ 95-228b ལས་བྱུང་བ་སྟེ། །སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བའོ། །ཞེས་བཤད་དོ། །དེའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཁོ་ན་སྟེ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་གཟུགས་ཀྱི་སྐུས་ནི་དེ་འཐོབ་པར་འགྱུར་བ་མི་སྲིད་དེ། དེའི་གདགས་པའི་རྒྱུ་མེད་པས་གཟུགས་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་མི་བྱའོ། །བཤད་པའི་སྐུ་ནི་ཡང་དག་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ལ། བསོད་ནམས་ཀྱི་སྐུ་ཚོགས་ཀྱི་མཚན་ཉིད་ཀྱང་དེ་འཐོབ་པའི་རྒྱུ་ཡིན་པས་བཏགས་ནས་ཆོས་ཀྱི་ཚོགས་ཞེས་བསྟན་པར་རིགས་པ་ཉིད་དེ་མང་དུ་ནི་མི་དགོས་སོ། །ཀླན་ཀ་ངན་པ་གཞན་ནི་ཤེས་རབ་ཅན་དག་གིས་རིགས་སམ་མི་རིགས་འབྱེད་པར་འགྱུར་གྲང་སྙམ་དུ་སྟེ་ཚིག་མངས་ཀྱིས་དོགས་ནས་མ་བྲིས་སོ། །ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་བཤད་ཟིན་ཏོ། ། ༈ གནས་བཅུ་གཉིས་མི་མཐུན་པ་རྣམ་པ་བཅུ་གཉིས་ཀྱི་གཉེན་པོར་གོ་རིམས་བཞིན་བསྟན་པ། ༈ མངོན་པའི་ང་རྒྱལ་བསྟན་པ། ༆ འདི་མན་ཆད་གནས་བཅུ་གཉིས་ནི་མི་མཐུན་པ་རྣམ་པ་བཅུ་གཉིས་ཀྱི་གཉེན་པོར་གོ་རིམས་བཞིན་དུ་རིག་པར་བྱའོ། །མི་མཐུན་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་མངོན་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་མེད་ཀྱང་ཐོས་པ་ཉུང་བ་དང་། ཐོས་པ་མང་བ་ཡང་དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་བསྒོམ་པ་དང་། དམིགས་པ་ཆུང་ངུ་མ་ཡིན་པ་ཡིད་ལ་བྱེད་པ་བསྒོམས་ཀྱང་སེམས་ཅན་ཡལ་བར་འདོར་བ་དང་། དེ་ཡལ་བར་མི་འདོར་ཡང་ཕྱིའི་བསྟན་བཅོས་ལ་རྗེས་སུ་ཆགས་ཏེ་འཇུག་པ་དང་། དེར་མི་འཇུག་ཀྱང་དངོས་པོའི་མཚན་མ་ཟིལ་གྱིས་མནན་པ་ལ་ཐབས་མི་མཁས་པ་དང་། དེ་ལ་ཐབས་མཁས་ཀྱང་བསོད་ནམས་ཀྱི་ཚོགས་མ་བསགས་པ་དང་། བསོད་ནམས་ཀྱི་ཚོགས་བསགས་ཀྱང་ལེ་ལོ་དང་རྙེད་པ་དང་བཀུར་སྟིས་བསོད་སྙོམས་ཉམས་སུ་མྱོང་བར་བྱེད་པ་དང་། དེ་ཉམས་སུ་མྱོང་བར་མི་བྱེད་ཀྱང་སྡུག་བསྔལ་མི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་ཡང་ཡེ་ཤེས་ཀྱི་ཚོགས་མ་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་ཀྱང་བདག་ཏུ་རབ་ཏུ་འཛིན་པ་དང་། བདག་ཏུ་རབ་ཏུ་འཛིན་པ་མེད་ཀྱང་གདམས་ངག་དང་མི་ལྡན་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་གང་ཟག་དང་ཆོས་རྣམས་ལ་བདག་མེད་པ་རྒྱ་ཆེར་བསྟན་ཀྱང་། གང་ཐོག་མ་མེད་པའི་དུས་ནས་བདག་ཏུ་མངོན་པར་ཞེན་པ་བརྟན་པོར་བསགས་པའི་སྟོབས་ཀྱིས་འདི་སྙམ་དུ་གལ་ཏེ་སུ་སེམས་ཅན་ 95-229a ལ་སོགས་པར་འདུ་ཤེས་འཇུག་པ་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ན། དེ་ལྟ་ན་གོ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བར་གྱུར་ཏོ། །ངས་ཁྱེད་རྣམས་ལ་ཆོས་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པར་འགྱུར། སེམས་ཅན་ལ་སོགས་པར་འདུ་ཤེས་པ་མེད་པ་ནི་དེ་སྙམ་དུ་དགོངས་པར་མི་འགྱུར་རོ་སྙམ་པ་དེ་མངོན་པའི་ང་རྒྱལ་གགས་སུ་གྱུར་པ་དང་བྲལ་བའི་ཕྱིར་གནས་ལྔ་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཕྱིའི་དོན་ནི་འདི་ཡིན་ཏེ། ངའི་ཉན་ཐོས་ཐ་མ་རྒྱུན་དུ་ཞུགས་པ་ལ་སོགས་པ་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་རོ་མྱང་བ་མ་ཐོབ་པ་གང་དག་ཕྱིན་པ་དེ་དག་ཀྱང་ང་དང་ང་ཡིར་མངོན་པར་ཞེན་པ་མེད་ན་བདག་མེད་པ་གཉི་ག་ཐུགས་སུ་ཆུད་པ་སྒྲིབ་པ་མ་ལུས་པར་སྤངས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །ང་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཐ་སྙད་གདགས་པའི་དོན་དུ་ཤེས་པར་འདོད་པ་ལ་གཞན་གྱི་རྒྱུད་ལ་རྣམ་པར་བཅད་པ་ཙམ་སྟེ། དམག་དང་ནགས་ཚལ་ལ་སོགས་པའི་ཐ་སྙད་དང་མཚུངས་ཀྱི་གཅིག་པུ་དང་རྟག་པར་མངོན་པར་ཞེན་པས་ནི་མ་ཡིན་ནོ། །དེ་ཁོ་ནའི་ཡེ་ཤེས་ལ་གནས་པ་རྣམས་ཀྱིས་ནི་འཇིག་རྟེན་དང་ལྷན་ཅིག་ཐ་སྙད་བརྗོད་པར་མི་ནུས་སོ། །དེ་བས་ན་མངོན་པའི་ང་རྒྱལ་གནས་སུ་གྱུར་པ་དང་བྲལ་བའི་ཕྱིར་ཁྱེད་ཀྱང་བདག་ཏུ་མངོན་པར་ཞེན་པར་མི་བྱའོ་ཞེས་ཡང་དག་པར་འཛིན་དུ་གཞུག་པའོ། །དེ་ལ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་འགྲོ་བ་མ་མཐོང་བའི་ལམ་གྱི་མཚན་ཉིད་ནི་རྒྱུན་ཏོ། །ཞུགས་ནི་ཐོབ་པ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མཐའ་དག་སྤངས་པ་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེ་ཡང་བྱེད་པ་པོ་དང་ལས་དང་བྱེད་པ་ལ་མངོན་པར་ཞེན་པ་སྤངས་པ་འདིས་རྐྱེན་ཉིད་འདི་ཙམ་ཉིད་རྟོགས་པའི་ཕྱིར་བདག་མེད་པ་རྟོགས་པར་སྟོན་ཏོ། །བདག་གི་ཞེས་བྱ་བ་ནི་བྱེད་པ་པོ་ལ་མངོན་པར་ཞེན་པའོ། །འབྲས་བུ་ཞེས་བྱ་བ་ནི་ལས་ལ་མངོན་པར་ཞེན་པའོ། །ཐོབ་ཅེས་བྱ་བ་ནི་བྱེད་པ་ལ་མངོན་པར་ཞེན་པའོ། །འདིས་ནི་དོན་གྱིས་ན་བདག་ 95-229b གིས་ཐོབ་པོ་སྙམ་དུ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ཏོ། །རྒྱུན་དུ་ཞུགས་པ་འདི་སྙམ་དུ་བདག་གིས་ཐོབ་པོ་སྙམ་དུ་མི་སེམས་ཞེས་བྱ་བ་མཚན་མ་ཙམ་ཞིག་ཡོངས་སུ་བརྗོད་པས་མངོན་པའི་ང་རྒྱལ་ཐམས་ཅད་དོར་བར་ཡོངས་སུ་སྟོན་ཏོ། །དེ་ལ་འདུན་པ་དང་སྨོན་ལམ་གདབ་པ་ཡང་སྟོན་ཏོ། །འཕགས་པ་རབ་འབྱོར་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་ཉེ་བར་བརྗོད་པས་དོན་དམ་པར་གཞག་པ་དང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་གཟུད་པའི་ཕྱིར་བཅོམ་ལྡན་འདས་དེ་ནི་ཅི་ལ་ཡང་ཞུགས་པ་མ་མཆིས་ཞེས་གསོལ་ཏོ། །ཅིའི་ཕྱིར་སྙམ་པ་ལ། གཟུགས་ལ་ཡང་མ་ཞུགས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདིས་ནི་དོན་དམ་པར་འབྲས་བུ་རྣམ་པ་གཉིས་ཀ་ཡང་ཐོབ་པར་བྱ་བ་མེད་པར་སྟོན་ཏོ། །འདི་ལྟར་ཐོབ་པར་བྱ་བའི་ངོ་བོ་འབྲས་བུ་ཞིག་ཏུ་འགྱུར་ན་འདུས་བྱས་སམ་འདུས་མ་བྱས་སུ་འགྱུར་གྲང་ན། དེ་ལ་རེ་ཞིག་འདུས་མ་བྱས་ནི་མ་སྐྱེས་པ་ཁོ་ན་སྟེ། མེད་པའི་ཕྱིར་རི་བོང་གི་རྭ་དང་འདྲ་བས་ཐོབ་པར་བྱ་བར་མི་རིགས་ཏེ་མ་ཐོབ་པའི་གནས་སྐབས་དང་བྱེ་བྲག་མེད་པའི་ཕྱིར་རོ། །འདུས་བྱས་ནི་སྐད་ཅིག་པ་ཡིན་གྱི་སྐྱེས་མ་ཐག་ཏུ་འཇིག་སྟེ། གནས་པ་མེད་པའི་ཕྱིར་གང་གིས་ཀྱང་ཇི་ལྟར་ཡང་ཐོབ་པར་མི་འགྱུར་རོ། །རྒྱུད་གང་ལ་བདག་མེད་པའི་ལམ་གྱི་མཚན་ཉིད་ཀྱི་བྱེད་རྒྱུ་ཉེ་བར་གྱུར་པས་ཉོན་མོངས་པ་འབྱུང་བ་དང་ཤིན་ཏུ་མི་མཐུན་པའི་གནས་ཀྱི་མཚན་ཉིད་འབྲས་བུ་བྱུང་བར་གྱུར་པ་ལ་དེས་འབྲས་བུ་འཐོབ་པོ་ཞེས་སྟོན་པ་འབའ་ཞིག་ཏུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ལྟར་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་པོ་དུས་ཐ་དད་པའམ། དུས་མཉམ་པ་ཞིག་ལས་འགྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། གཉི་ག་གནས་དགོས་པས་དུས་ཐ་དད་པ་ནི་གཅིག་ཉེ་བར་གྱུར་པའི་དུས་ན་ཅིག་ཤོས་མེད་པས་དེ་གཉི་ག་གནས པར་ཇི་ལྟར་འགྱུར། དུས་མཉམ་པ་ལས་ཀྱང་མ་ཡིན་ཏེ། དེ་གཉི་ག་གྲུབ་ནས་གཅིག་ལ་གཅིག་ཕན་འདོགས་པ་མེད་པའི་ཕྱིར་རོ། །ཕན་འདོགས་པ་མེད་ན་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་པོ་ངེས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལ་གཅིག་ཀུན་ནས་ལྡན་པ་བསྐྱེད་པའི་མཚན་ཉིད་ 95-230a ཀྱིས་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་མཚན་ཉིད་དུས་མཉམ་པར་འབྲེལ་པར་ཡང་མི་རིགས་ཏེ། འདི་ལྟར་རེ་ཞིག་གང་དག་ལུས་མེད་པའི་དངོས་པོ་དེ་དག་ནི་ཡུལ་ན་མི་གནས་པ་ཉིད་ཡིན་པས་ཀུན་ནས་ལྡན་པ་མེད་དོ། །དེ་དག་དུས་མཉམ་པ་ཙམ་གྱིས་ཀྱང་ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པའི་དངོས་པོར་འགྱུར་བ་མ་ཡིན་པ་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་གཅིག་ཁོ་ན་ལས་ཀྱང་མ་ཡིན་ཏེ། དེ་ནི་གཉིས་ཀའི་ཐུན་མོང་ཡིན་པས། འདི་ནི་ཐོབ་པར་བྱ་བ་འདི་ནི་ཐོབ་པར་བྱེད་པ་ཞེས་བྱ་བར་ངེས་པར་མེད་པར་འགྱུར་རོ། །གང་དག་ལུས་ཡོད་པ་དེ་དག་ཀྱང་བདག་ཉིད་ཐམས་ཅད་ཀྱིས་ཀུན་ནས་འབྱར་ན་ནི་གཅིག་ཏུ་ཐལ་བར་འགྱུར་རོ། །ཕྱོགས་གཅིག་ན་ནི་ཡན་ལག་དང་བཅས་པར་ཐལ་བར་འགྱུར་རོ། །བར་མེད་པར་གནས་པ་ལས་ཀྱང་ཐོབ་པ་མ་ཡིན་ཏེ། དེ་གཉི་ག་དང་ཐུན་མོང་སྟེ་བྱེ་བྲག་མེད་པས་ངེས་པ་མེད་དོ། །དེ་ལྟ་བས་ན་འདི་ནི་རྟོགས་པས་སྒྲོ་བཏགས་པ་ཉིད་དོ། །འདིས་ནི་བྱེད་པ་པོ་དང་ལས་ལ་སོགས་པའི་ཐ་སྙད་མཐའ་དག་གསལ་བར་ཁོང་དུ་ཆུད་པར་བྱའོ། །ཆོས་རྣམས་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་དོ། །འདིས་ནི་འདུས་མ་བྱས་ཀྱང་བསྡུས་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་རྫས་བདུན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་གཟུགས་ལ་སོགས་པ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་ནི་འདུས་བྱས་བསྟན་ཏོ། །འདི་ནི་མཚོན་པ་སྟེ། དེས་ན་མིག་ལ་སོགས་པ་ཡང་བཟུང་བར་བྱའོ། །གང་གི་ཕྱིར་འདི་དོན་དམ་པར་དེ་ཅི་ལ་ཡང་ཞུགས་པ་མེད་ལ། དེ་འདི་སྙམ་དུ་བདག་གིས་ཐོབ་པོ་སྙམ་དུ་ཡང་མི་སེམས་པ། དེའི་ཕྱིར་ཡང་དག་པའི་ལམ་ལ་གནས་པས་དེས་ན་རྒྱུན་དུ་ཞུགས་པ་ཞེས་བྱའོ། །གལ་ཏེ་བདག་གིས་ཐོབ་པོ་སྙམ་དུ་དེ་ལྟར་མངོན་པར་ཞེན་པར་གྱུར་ན། དེའི་ཚེ་ཅིའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་མི་བྱ་སྙམ་པ་ལ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །སུ་ཞིག་བདག་གིས་ཞེས་ངའོ་སྙམ་དུ་མངོན་པར་ཞེན་པར་འགྱུར་ན་དེ་དག་བདག་ཏུ་ལྟ་བ་སྤངས་པ་མ་ཡིན་ནོ། །གང་བདག་ཏུ་ལྟ་བ་མ་སྤངས་པ་དེ་འཕགས་པའི་ལམ་མ་སྐྱེས་པའོ། །གང་འཕགས་པའི་ལམ་མ་སྐྱེས་པ་དེ་སོ་སོའི་སྐྱེ་བོ་ཡིན་པས་རྒྱུན་ཏུ་ཞུགས་པར་ཇི་ལྟར་འགྱུར་སྙམ་དུ་དགོངས་ 95-230b པའོ། །འདི་ལྟར་གང་ཞིག་དེ་བདག་གིས་ཞེས་མངོན་པར་ཞེན་པ་དེ་ནི་བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་ངོ་། །འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་གནས་འདིའི་ཟབ་པ་བརྗོད་དོ། །དཔེ་སྤྲོས་ཏེ་བསྟན་པས་དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །འདིར་ཡང་ཚིག་གི་དོན་དང་མཚམས་སྦྱར་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་སྤངས་པ་དེ་ཉིད་འཕགས་པ་ལན་ཅིག་ཕྱིར་འོང་བ་སྟེ། འདོད་པའི་ཁམས་སུ་ལན་ཅིག་ཕྱིར་འོང་བའི་ཕྱིར་རོ། །འདོད་པའི་ཁམས་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་མཐའ་དག་སྤངས་པ་དེ་ཉིད་ཕྱིར་མི་འོང་བ་ཞེས་བྱ་བ་སྟེ། འདོད་པའི་ཁམས་སུ་ཡང་མི་འོང་བའི་ཕྱིར་རོ། །གང་གི་ཚེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་དྲི་མ་མཐའ་དག་སྤངས་པར་གྱུར་པ་དེའི་ཚེ་དེ་ཉིད་འཇིག་རྟེན་མཐའ་དག་གིས་མཆོད་པར་འོས་པས་དགྲ་བཅོམ་པ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པ་དེ་ལྟ་བུ་སྤངས་པའི་ཡེ་ཤེས་ཀྱི་རྒྱུད་ལ་དེ་བཏགས་པའི་ཕྱིར་ལ། རྒྱུད་ཀྱང་བཏགས་པར་ཡོད་པའི་དོན་དམ་པར་དེ་གང་ཡང་མེད་དེ། དེ་ནི་སྒྲོ་བཏགས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ད་ནི་འཕགས་པ་རབ་འབྱོར་གྱིས་བདག་ཉིད་དཔང་ཡིན་པས་བདག་གི་ཚིག་གཟུང་བར་འོས་པར་བྱ་བའི་ཕྱིར་ཡོན་ཏན་ཁྱད་པར་ཅན་ཉོན་མོངས་པ་མེད་པར་གནས་པ་དང་། ཡོན་ཏན་ཐུན་མོང་བ་དགྲ་བཅོམ་པའི་སྒོ་ནས་བདག་ཉིད་རྗོད་པར་བྱེད་ཅིང་། སེམས་རབ་ཏུ་གཟུང་བ་ཉིད་བསྟན་པའི་ཕྱིར། བདག་ཅེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བྱེ་བྲག་གོ། །དེ་ཡང་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ན་བདག་ལ་དམིགས་ནས་གཞན་དག་ཉོན་མོངས་པ་སྐྱེ་བར་མི་རུང་ངོ་སྙམ་ནས་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་པ་དེ་དག་ལ་དམིགས་ནས་གཞན་དག་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་སྟེ། ཉོན་མོངས་པ་མེད་པ་དེས་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །རྣམ་པར་ 95-231a དབྱེ་བ་འདི་ནི་དགའ་བའོ། །བདག་ལ་ལུང་མི་བསྟན་ལགས་སོ་ཞེས་བྱ་བ་ནི་དེའི་ཚེ་བདག་ཏུ་ལྟ་བ་མ་སྤངས་པའི་ཕྱིར་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་རྙེད་པར་དཀའ་ན། གང་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པས་ཐོབ་པར་བྱ་བ་ཉོན་མོངས་པ་མེད་པར་གནས་པ་ཉིད་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་པའོ། །ཇི་ལྟར་ཉོན་མོངས་པ་མེད་པར་གནས་པར་བྱ་སྙམ་པ་ལ་ཅི་ལ་ཡང་མི་གནས་པ་ཞེས་བྱ་བ་གསོལ་ཏོ། །བདག་གིས་འབྲས་བུ་འདུས་བྱས་སམ་འདུས་མ་བྱས་འགའ་ཞིག་ཐོབ་པོ་སྙམ་དུ་དེ་ལྟར་མངོན་པར་ཞེན་པས་སུ་ཞིག་མི་གནས་པ་དེ་ཉིད་ཉོན་མོངས་པ་མེད་པར་གནས་པ་ཞེས་ཕྱོགས་དག་ཏུ་གསུངས་ཏེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ། ༈ མངོན་པའི་ང་རྒྱལ་མེད་ཀྱང་ཐོས་པ་ཉུང་བ་བསྟན་པ། ༆ ད་ནི་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་པ་མ་མཆིས་པར་གནས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །བཅོམ་ལྡན་འདས་བདག་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ལགས་ཀྱང་ཞེས་བྱ་བ་ནི་བདག་ཏུ་མངོན་པར་ཞེན་པས་མ་ཡིན་གྱི། འོ་ན་ཇི་ལྟ་ཞེ་ན། ཐ་སྙད་ཙམ་ལ་མངོན་པར་ཞེན་པས་ཡིན་གྱི། དེ་ནི་བདག་གིས་སྔར་བཤད་ཟིན་ཏོ། །གལ་ཏེ་དོན་དམ་པར་ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པ་ཅི་ཡང་མེད་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ཆོས་ཇི་ལྟར་བླངས། འོན་ཏེ་མ་བླངས་ན་ནི་དེའི་ཚེ་བདག་ཅག་ཆོས་ལེན་པར་འདོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་བྱུང་བ་ལ་ཅིའི་ཕྱིར་མཉེས་པར་བྱ་སྙམ་དུ་གང་དག་དེ་ལྟར་རྟོགས་པར་གྱུར་པ་དེ་དག་གིས་ཐོས་པ་ཉུང་བ་གགས་སུ་གྱུར་པ་དང་བྲལབའི་ཕྱིར་གནས་དྲུག་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་བྱ་བ་གསུངས་སོ། །རབ་འབྱོར་གྱིས་ཀྱང་དགོངས་པ་སྔ་མ་ཉིད་བཟུང་ནས། དེ་ནི་མ་མཆིས་ཞེས་གསོལ་ཏོ། །དོན་དམ་པར་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་པོས་ཆོས་གང་ཡང་བླངས་པ་མེད་པ་དེ་ཇི་ལྟར་སྔར་བཤད་པ་བཞིན་ནོ། །ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་ཡང་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པའི་དབང་ 95-231b གིས་ཚིག་གི་ཚོགས་སྣ་ཚོགས་པ་ལ་སོགས་པ་སྣང་བའི་ཤེས་པ་བྱུང་བ་ཙམ་ལ་བླངས་པ་ཞེས་གདགས་ཏེ། དེས་ན་ཐོས་པ་ཡོངས་སུ་བཙལ་བར་འབྲས་བུ་དང་བཅས་པ་ཡིན་ནོ། །འདིས་ནི་དོན་གྱིས་ན་བྱང་ཆུབ་སེམས་དཔའ་ཐོས་པ་ཡོངས་སུ་ཚོལ་བའི་དུས་ན་སངས་རྒྱས་བྱུང་བ་མཉེས་པར་བྱའོ། །དེའི་འོག་ཏུ་སངས་རྒྱས་ཀྱི་ཆོས་རྣམས་བླང་བར་བྱའོ་སྙམ་དུ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ཏེ། དེ་སྤང་བ་ལ་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་ཡང་སྟོན་ཏོ། །མར་མེ་མཛད་ལས་ཆོས་གང་ཡང་བླངས་སམ་ཞེས་བྱ་བ་ཕྱོགས་ཙམ་ཞིག་བརྗོད་པས་ཆོས་བླང་བའི་མཚན་མ་ཐམས་ཅད་ཟློག་པར་བྱེད་དོ། །བླངས་པའི་ཆོས་དེ་གང་ཡང་མ་མཆིས་ཞེས་བྱ་བ་འདིས་ནི་ཆོས་རྣམས་ཀྱི་དོན་དམ་པ་གཟུང་དུ་མེད་པར་རྣམ་པར་འཇོག་པར་བྱེད་ཅིང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་གཡེང་བ་ཚར་གཅོད་པ་ཡང་སྟོན་ཏོ། །གནས་འདིའི་ཟབ་པ་ཡང་བརྗོད་དོ། ། ༈ ཐོས་པ་མང་ཡང་དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་བསྒོམ་པ་བསྟན་པ། ༆ གལ་ཏེ་ལས་དང་བྱེད་པ་པོ་ལ་སོགས་པ་དོན་དམ་པར་མེད་པ་ཉིད་ཡིན་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲུབ་པའི་ཕྱིར། ཇི་ལྟར་སྨོན་ལམ་གདབ་སྙམ་དུ་སེམས་པ་དེ་དག་དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་སྒོམ་པ་གགས་སུ་གྱུར་པ་དང་བྲལ་བའི་ཕྱིར་གནས་བདུན་པའི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་བདེན་པ་ཞེས་བྱ་བ་ནི་བརྫུན་པའོ། །གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དེ་དང་དེར་ཇི་ལྟར་གསུངས་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་དུ། ཞིང་བཀོད་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞིང་མང་པོ་དག་ནི་ཞིང་བཀོད་པ་རྣམས་སོ། །བཀོད་པ་དེ་དག་མེད་པར་ཞེས་བྱ་བ་ནི་དོན་དམ་པར་ཡན་ལག་ཅན་གྱི་ངོ་བོའམ། །རྡུལ་ཕྲ་རབ་བསགས་པར་བཀོད་པ་གང་ཡང་མེད་པའི་ཕྱིར་རོ། །བཀོད་པ་དེ་དག་ནི་མེད་པ་ཁོ་ན་ཡིན་མོད། འོན་ཀྱང་རྨི་ལམ་ན་དམིགས་པའི་ཞིང་བཀོད་པ་བཞིན་དུ་མ་བརྟགས་ན་དགའ་བ་ཙམ་དུ་ཀུན་རྫོབ་ཏུ་ཡོད་པར་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ཞིང་བཀོད་པ་རྣམས་ཞེས་བྱའོ། །དེ་ལྟ་མ་ཡིན་ན་དོན་དམ་པའི་རང་བཞིན་ནི་བརྗོད་པར་མི་ནུས་པས་བརྗོད་པར་མི་འགྱུར་རོ་སྙམ་དུ་ 95-232a དགོངས་པའོ། །མི་གནས་པ་གོང་དུ་ཡང་བཤད་མོད་ཀྱི། བརྗེད་ངས་པའི་ཚུལ་ཅན་དག་ལ་ཕན་གདགས་པའི་དོན་དུ། མཇུག་བསྡུ་བའི་ཐབས་ཀྱིས་དྲན་པར་བྱ་བའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྣམ་པས་དངོས་པོ་གང་ཡང་གྲུབ་པ་མེད་པའི་ཕྱིར་དེ་ལ་མི་གནས་པར་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་མི་བདེན་པར་སྨྲ་བའོ་ཞེས་བྱ་བ་འདིས་ནི་དོན་གྱིས་ན་དོན་དམ་པར་བདག་གིས་ཞིང་བཀོད་པ་བསྒྲུབ་བོ་སྙམ་དུ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ཏེ། ཞིང་བཀོད་པ་རྣམས་ཞེས་མཚན་མ་ཙམ་ཞིག་བརྗོད་པས་དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་སྒོམ་པ་ཐམས་ཅད་དང་བྲལ་བར་ཡོངས་སུ་སྟོན་ཏོ། །དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ་སྒོམ་པ་ལ་འདུན་པ་དང་སྨོན་ལམ་གདབ་པ་ཡང་སྟོན་ཏོ། །བཀོད་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་འདིས་ནི་དོན་དམ་པ་རྣམ་པར་འཇོག་པས་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་འཛུད་དེ་ཟབ་པ་སྟོན་ཏོ། །དེས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ་ཞེས་བྱ་བ་འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་ནས་རྣམ་པར་གཡེང་བ་ཚར་གཅོད་པ་སྟོན་ཏེ། གནས་འདིའི་རྒྱ་ཆེ་བ་ཡོངས་སུ་སྟོན་ཏོ། ། ༈ དམིགས་པ་ཆུང་ངུ་མ་ཡིན་པ་ཡིད་ལ་བྱེད་པ་བསྒོམས་ཀྱང་སེམས་ཅན་ཡལ་བར་འདོར་བ་བསྟན་པ། ༆ ཕུང་པོ་རྣམས་ལས་སེམས་ཅན་གུད་ན་མེད་དུ་ཟིན་ཀྱང་ཐ་མི་དད་པ་ཞིག་ཡོད་པ་ཁོ་ན་མ་ཡིན་ནམ་གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཇི་ལྟར་འཇུག་སྙམ་དུ་གང་སེམས་པ་དེ་སེམས་ཅན་ཡལ་བར་འདོར་བའི་མཚན་ཉིད་གགས་སུ་འགྱུར་བ་དབྲལ་བའི་ཕྱིར་གནས་བརྒྱད་པའི་དབང་དུ་མཛད་ནས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་གསུངས་སོ། །སྐྱེས་བུ་ཞིག་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཟིན་ཏེ། དེའི་ལུས་ནི་འདོད་པའི་ཁམས་ན་རི་རབ་ཀྱི་ཚད་ཙམ་མོ། །དེ་ཆེར་ཟིན་ཀྱང་དོན་མེད་པར་དེའི་ཆེན་པོ་སྟེ། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་བསྟན་པའི་དགོངས་པ་བརྗོད་པར་འདོད་པས། དེ་ཅིའི་སླད་དུ་ཞེས་དྲིས་པ་དང་། དགོངས་པ་དེ་ཉིད་བརྗོད་པའི་ཕྱིར། དངོས་པོ་མ་མཆིས་པ་ཞེས་བྱ་བ་སྨོས་སོ། །དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཁོ་ན་སྟེ། རྨི་ལམ་དག་ན་རྨིས་པའི་ལུས་ 95-232b བཞིན་དུ་དེ་ནི་ཀུན་རྫོབ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེས་ན་ལུས་ཞེས་བགྱིའོ་ཞེས་བྱ་བ་ནི་འདིར་འཐད་པ་སྨྲས་པའོ། །འདི་ལྟར་འདི་ནི་ཀུན་རྫོབ་ཉིད་དེ་དེའི་ཕྱིར་དེ་སྐད་ཅེས་བྱའི་དེ་ལྟ་མ་ཡིན་ན་དོན་དམ་པར་ཆོས་གང་ཡང་གྲུབ་པ་མེད་པའི་ཕྱིར་དེ་སྐད་མི་བརྗོད་དོ་ཞེས་དགོངས་པའོ། །རྒྱལ་དཔོག་པ་ལ་སོགས་པ་གང་དག་མེད་པ་ལ་དངོས་པོར་ཁས་ལེན་པ་དེ་དག་དགག་པའི་ཕྱིར། དེ་དངོས་པོ་མ་མཆིས་པས་ཞེས་བྱ་བ་སྨོས་སོ། །དངོས་པོ་མེད་པ་ནི་དངོས་པོ་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཇི་ལྟར་དེ་དང་མི་མཐུན་པའི་ངོ་བོར་མི་འགྱུར། དེའི་ཕྱིར་ལུས་ཞེས་བྱའོ། །དེ་ལྟ་མ་ཡིན་ན་དོན་དམ་པར་ལུས་གང་ཡང་གྲུབ་པ་མེད་པས་ལུས་ཞེས་བྱ་བ་འདིར་ཅི་ཞིག་བརྗོད་དེ་དེའི་ཕྱིར་དངོས་པོ་མེད་པར་བསྟན་པ་འདིས་ནི་འདི་ཡོངས་སུ་བསྟན་པ་ཡིན་ཏེ། ལུས་ཀྱི་ཚད་རི་རབ་ཙམ་གང་ཡིན་པ་ཡང་གང་གི་ཚེ་དོན་དམ་པར་ངོ་བོ་ཉིད་མེད་པས་བདག་ཉིད་ཀྱི་ལུས་མ་ཡིན་པ་དེའི་ཚེ་ཇི་ལྟར་གཞན་དག་གི་ལུས་ངོ་བོ་ཉིད་དང་བཅས་པའམ་བདག་དང་བཅས་པར་འགྱུར། འདི་ལ་དོན་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དོན་དམ་པར་སེམས་ཅན་དུ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་སྟོན་ཏེ། དེ་སྤང་བར་བྱ་བའི་འདུན་པ་དང་། སྨོན་ལམ་གདབ་པ་ཡང་བསྟན་ཏོ། །སྐྱེས་བུ་ཞིག་ཅེས་བྱ་བ་མཚན་མ་ཙམ་ཞིག་བརྗོད་པས་སྒོ་ང་ལས་སྐྱེས་པ་ལ་སོགས་པ་ལུས་སོ་སོ་ཐ་དད་པ་ཐམས་ཅད་གཟུང་བར་བརྗོད་དོ། །དེ་བཞིན་གཤེགས་པས་དེ་དངོས་པོ་མ་མཆིས་པ་གསུངས་སོ་ཞེས་བྱ་བ་འདིས་ནི་དོན་དམ་པར་རྣམ་པར་འཇོག་ཅིང་དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་གནས་ཡོངས་སུ་སྟོན་ཏོ། །ཟབ་པ་ཡང་བརྗོད་དོ། །དེ་དངོས་པོ་མ་མཆིས་པས་ཞེས་བྱ་བ་འདིས་ནི་གཡེང་བ་ཚར་གཅོད་པ་སྟོན་ཏོ། ། ༈ སེམས་ཅན་ཡལ་བར་མི་འདོར་ཡང་ཕྱིའི་བསྟན་བཅོས་ལ་རྗེས་སུ་ཆགས་ཏེ་འཇུག་པ་བསྟན་པ། ༆ ད་ནི་ཆོས་ཀྱི་རྣམ་གྲངས་འདིས་ཤིན་ཏུ་དོན་ཆེ་བར་བརྗོད་པས་ཕྱིའི་བསྟན་བཅོས་ལ་མངོན་པར་ཞེན་པ་རྣམས་དེ་ལ་རྗེས་སུ་ཆགས་པ་རྣམ་པར་གཡེང་བ་དང་དབྲལ་བའི་ཕྱིར་གནས་དགུ་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་གསུངས་སོ། །འདིས་རྣམ་པ་བཞིས་ཆོས་ཀྱི་རྣམ་གྲངས་འདིའི་ཁྱད་པར་ཡོངས་སུ་སྟོན་ཏོ། །བསོད་ནམས་ཡོངས་སུ་སྡུད་པ་དང་། ལྷ་ལ་སོགས་པ་རིམ་གྲོ་བྱེད་པ་དང་། 95-233a བྱ་དཀའ་བ་བྱེད་པ། དེ་བཞིན་གཤེགས་པ་ལ་སོགས་པ་དང་མཚུངས་པར་བྱེད་པའོ། །དེ་ལ་བསོད་ནམས་ཡོངས་སུ་སྡུད་པ་ནི་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་ཅེས་གང་གསུངས་པའོ། །ལྷ་ལ་སོགས་པས་རིམ་གྲོ་བྱེད་པ་ནི། ས་ཕྱོགས་དེ་ན་མཆོད་རྟེན་དུ་གྱུར་པ་ཡིན་ཞེས་གང་གསུངས་པའོ། །བྱ་དཀའ་བ་བྱེད་པ་ནི་དེ་དག་ངོ་མཚར་རབ་དང་ལྡན་པར་འགྱུར་རོ་ཞེས་གང་གསུངས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་མཚུངས་པར་བྱེད་པ་ནི། ས་ཕྱོགས་དེ་ན་སྟོན་པའམ་བླ་མ་ལྟ་བུ་གང་ཡང་རུང་བ་གནས་སོ་ཞེས་གང་གསུངས་པའོ། །དེ་ལ་རིན་པོ་ཆེའི་སྦྱིན་པའི་བསོད་ནམས་བརྗོད་པ་ཁྱད་པར་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་འཕགས་པར་ཡོངས་སུ་བསྟན་ཏེ། དངོས་པོའི་ཁྱད་པར་དང་ཞིང་གི་ཁྱད་པར་རོ། །དངོས་པོའི་ཁྱད་པར་དུ་འཕགས་པ་ཡང་རྒྱ་ཆེ་བ་དང་། གྱ་ནོམ་པའོ། །དེ་ལ་རྒྱ་ཆེ་བ་ནི་གཞིའི་བྱེ་བྲག་གིས་རབ་ཏུ་མང་བ་སྟེ། འཇིག་རྟེན་གྱི་ཁམས་དེ་སྙེད་ཅིག་ཅེས་གང་གསུངས་པའོ། །གྱ་ནོམ་པ་ནི་འཇིག་རྟེན་ན་ཤིན་དུ་དཀོན་པར་གྲགས་པ་སྟེ། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་ཞེས་གསུངས་པའོ། །ཞིང་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་ཁྱད་པར་དུ་འཕགས་པའོ། །དེ་ལ་གཞན་གྱི་ཕུན་སུམ་ཚོགས་པ་ནི་སྤང་བར་བྱ་བ་དང་། བླང་བར་བྱ་བའི་དོན་གཞན་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་ཞེས་གསུངས་པའོ། །དེ་དངོས་པོའི་དེ་ཁོ་ན་དེ་ཇི་ལྟ་བ་བཞིན་དུ་གསུངས་པས་ངེས་པའི་ཚིག་ཏུ་ན་དེ་བཞིན་དུ་གསུངས་པ་ཞེས་བྱའོ། །བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ཐ་དད་པས་རྣམ་པ་གཉིས་ཏེ། དེ་ལ་དགྲ་བཅོམ་པ་ཞེས་བྱ་བ་འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཉོན་མོངས་པའི་དགྲ་བཅོམ་པས་ངེས་པའི་ཚིག་ཏུ་ན་དགྲ་བཅོམ་པ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེའི་ཕྱིར་ཚིག་གསུམ་སྨོས་པ་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་སྤྱིར་བསྡུ་བའི་དོན་ཏོ། །མོས་པར་བྱ་ཞེས་བྱ་བ་ནི་འདོད་པ་སྟེ། མོས་པ་བསྐྱེད་པར་བྱའོ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་སྟེ་ཤེས་རབ་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་སྔ་མ་ནི་ཕྱི་མའི་ 95-233b འབྲས་བུའོ། །ཡང་ན་ཕྱི་མ་ནི་སྔ་མའི་བཤད་པའོ། །བཤད་ཅེས་བྱ་བ་ནི་སྒྲའོ། །ཡང་དག་པར་བསྟན་ཞེས་བྱ་བ་ནི་འདོད་པ་སྟེ་མོས་པ་བསྐྱེད་པའི་དོན་ཏོ། །གྲངས་མེད་ཅེས་བྱ་བ་ནི་གྲངས་ཀྱིས་ཡོངས་སུ་གཅད་པར་མི་ནུས་པའི་ཕྱིར་རོ། །དཔག་ཏུ་མེད་ཅེས་བྱ་བ་ནི་མཐུ་དཔག་པར་མི་ནུས་པའམ་དཔེ་མེད་པའི་ཕྱིར་རོ། །འདོན་ཞེས་བྱ་བ་ནི་བདག་ཉིད་ཡི་གེ་ཁ་ཏོན་དུ་བྱེད་པའོ། །སྟོན་ཞེས་བྱ་བ་ནི་གཞན་དག་ལ་ཚིག་གི་དོན་ཡང་དག་པར་སྟོན་པའོ། །ཡང་ན་འདོན་པ་ནི་ཚིག་གོ། །སྟོན་པ་ནི་དོན་ཏོ། །མཆོད་རྟེན་དུ་གྱུར་ཞེས་བྱ་བ་ནི་ཕྱག་བྱ་བར་འོས་པའོ། །མཆོད་རྟེན་ཉིད་མཆོད་རྟེན་དུ་གྱུར་པ་སྟེ། དཔེར་ན་དབང་དུ་གྱུར་ཅེས་བྱ་བ་བཞིན་ནོ། །འདི་ལྟར་གང་ཟག་ལ་བདག་མེད་པ་ཙམ་གྱི་ཚིགས་སུ་བཅད་པ་བསྟན་པས་ཀྱང་མཆོད་རྟེན་དུ་གྱུར་པ་ཡིན་ན་བདག་མེད་པ་གཉི་ག་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་པའོ། །ལེན་པ་ཞེས་བྱ་བ་ནི་ཚིག་གོ། །འཛིན་པ་ཞེས་བྱ་བ་ནི་མི་བརྗེད་པའོ། །ཀློག་ཅེས་བྱ་བ་ནི་གླེགས་བམ་དུ་བྱས་པའོ། །ཀུན་ཆུབ་པར་བྱེད་ཅེས་བྱ་བ་ནི་དོན་ཏོ། །འདིས་ནི་ཐོས་པ་ལ་བྱུང་བའི་ཤེས་རབ་ཀྱིས་འཛིན་པར་བསྟན་ཏོ། །བསམ་པ་དང་བསམ་པའི་ཤེས་རབ་ཀྱིས་ཀྱང་འཛིན་པའི་ཕྱིར་ཚུལ་བཞིན་ཞེས་བྱ་བ་གསུངས་ཏེ། དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ལས་ནི་འཛིན་ཞེས་བྱ་བའི་ཚིག་གཅིག་པོ་འབྱུང་སྟེ། དེ་ལ་འཛིན་པ་ནི་ཚིག་དང་དོན་གཉི་གར་བལྟ་བར་བྱའོ། །ངོ་མཚར་རབ་ཅེས་བྱ་བ་ནི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམ་པ་འདི་ལྟ་བུ་ཁོང་དུ་ཆུད་པའི་ཕྱིར་རོ། །སྟོན་པ་གནས་ཞེས་བྱ་བ་ནི་ཆོས་སྨྲ་བ་སྟེ། སྟོན་པའི་མཛད་པ་མཛད་པའི་ཕྱིར་ཏེ། དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །བླ་མ་ལྟ་བུ་གང་ཡང་རུང་བ་ཞེས་བྱ་བ་ནི་འཕགས་པ་འཇམ་པའི་དབྱངས་ལ་སོགས་པ་གང་ཡང་རུང་བ་སྟེ། དེའི་མཛད་པ་བསྒྲུབ་པའི་ཕྱིར་ཆོས་སྨྲ་བ་དེ་གནས་པར་བལྟའོ། །ཁ་ཅིག་ལས་ནི་གཞན་དང་གཞན་དག་ཅེས་ཚིག་གཉིས་འབྱུང་སྟེ། དེ་ནི་བླ་མ་ལྟ་བུ་གང་ཡང་རུང་ཐམས་ཅད་ཀྱི་རྣམ་གྲངས་ཏེ། དེ་ན་གནས་ཞེས་བསྟན་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་གནས་འདིའི་རྒྱ་ཆེ་བ་བསྟན་ཏོ། །དོན་གྱིས་ན་དམ་པའི་ཆོས་ཡོངས་སུ་བཟུང་བ་བཏང་ནས་ཕྱིའི་བསྟན་བཅོས་ལ་རྗེས་སུ་ཆགས་པ་མི་མཐུན་པའི་ 95-234a ཕྱོགས་སུ་ཡོངས་སུ་བསྟན་ཏེ། དེ་ལ་རྗེས་སུ་ཆགས་པ་ཡོངས་སུ་བཏང་ལ་ཆོས་ལ་བརྩོན་པར་བྱ་བ་ལ་འདུན་པ་དང་། སྨོན་ལམ་བཏབ་པ་བསྟན་ཏོ། །ཆོས་ཀྱི་རྣམ་གྲངས་འདི་ལས་ཞེས་བྱ་བ་མཚན་མ་ཙམ་ཞིག་སྨོས་པས་ཕྱིའི་བསྟན་བཅོས་ལ་རྗེས་སུ་ཆགས་པ་སྤངས་ཏེ། དམ་པའི་ཆོས་ཐམས་ཅད་ལ་བརྩོན་པར་བྱའོ་ཞེས་ཡོངས་སུ་སྟོན་ཏོ། །ཆོས་ཀྱི་རྣམ་གྲངས་འདི་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་གཞན་ལ་ཕན་གདགས་པའི་དོན་དུ་མིང་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་བསོད་རྣམས་སྐྱེ་བར་བརྗོད་པའི་ཕྱིར་འཕགས་པ་རབ་འབྱོར་གྱིས་འདིའི་མིང་ཅི་ལགས་ཞེས་ཞུས་སོ། །འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་འདི་ནི་བཟུང་བས་ཀྱང་བསོད་ནམས་དཔག་ཏུ་མེད་པར་འགྱུར་བར་ཡོངས་སུ་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་གི་མིང་དེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ཤེས་རབ་ཀྱང་ཡིན་ལ་ཕ་རོལ་རྟོགས་ཤིང་ཡོངས་སུ་གཅོད་པས་ཕ་རོལ་ཏུ་ཕྱིན་པའོ། །དེ་ནི་ཤེས་རབ་ཀྱང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ་ཞེས་བསྡུ་བའོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ནི་ཤེས་རབ་ཀྱི་ཕ་རོལ་ཏེ་དེ་འདིས་རྟོགས་ཤིང་ཡོངས་སུ་གཅོད་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་ཤུགས་ཀྱིས་ན་དེ་བཞིན་གཤེགས་པའི་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། ཤེས་རབ་གཞན་གྱིས་ན་ཕ་རོལ་གཞལ་བར་མི་ནུས་སོ། །ཡང་ན་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ནི་སོན་ཏོ་ཞེས་བྱ་བའི་ཐ་ཚིག་འདི་ཉིད་དོ། །དེ་ནི་ཇི་སྐད་སྨོས་པའི་ཤེས་རབ་ཁོ་ན་སྟེ། གཞན་ནི་དེའི་ཕ་རོལ་ཏུ་འགྲོ་མི་སྲིད་པའི་ཕྱིར་རོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་བཤད་པ་ཡིན་ནོ། །དེ་བརྗོད་པར་འགྱུར་བས་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དེ་སྐད་ཅེས་བྱ་སྟེ། རོལ་རྙེད་མ་ཕྲོགས་པ་ལ་སོགས་པ་སྙན་དངགས་སྦྱར་བ་བཞིན་ནོ། །དེ་ནི་བཅོམ་ལྡན་འདས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་དང་། དེ་དོན་དམ་པར་ཡང་མ་སྐྱེས་པའི་ཕྱིར་དེ་སྒྲས་བརྗོད་མི་སྲིད་དོ་སྙམ་དུ་སེམས་པའི་བསམ་པ་ལས་བརྟགས་ནས་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་དེ་ཞེས་བྱ་བ་བཀའ་སྩལ་ཏོ། །དེ་ 95-234b དོན་དམ་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་དང་། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་སྒྲས་བརྗོད་དུ་མི་རུང་མོད། འོན་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་རང་གི་ངོ་བོ་ལ་ཕྱི་རོལ་ཏུ་སྒྲོ་བཏགས་ཏེ། རྣམ་པར་རྟོག་པ་དེ་ཡང་རང་བཞིན་གྱིས་འཁྲུལ་པ་ཡིན་པས་དེས་སྒྲོ་བཏགས་པའི་རྣམ་པ་དེ་ཡང་བརྫུན་པ་ཉིད་དོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པའི་གཟུགས་བརྙན་དུ་གྱུར་པ་གང་དེ་བཞིན་གཤེགས་པས་གསུངས་ཤིང་སྒྲས་གོ་བར་བྱས་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་པ་ཡིན་གྱི། དེ་བཞིན་གཤེགས་པའི་ཤེས་རབ་ནི་མ་ཡིན་ཏེ། དེ་ནི་བདེན་པའི་ཀུན་རྫོབ་ཏུ་ཤེས་བྱའི་ཕ་རོལ་ཏུ་སོན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། རྟོགས་པར་བྱེད་པ་འཁྲུལ་པས་དེ་དང་རྣམ་པར་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ཐ་དད་པར་ཁོང་དུ་མི་ཆུད་པའི་ཕྱིར་རོ། །དེས་ཤེས་པའི་ངོ་བོར་དོན་དམ་པའི་ཤེས་རབ་དེ་ཉིད་དེ་བཞིན་གཤེགས་པས་གསུངས་ཞེས་བྱའོ། །དེས་ན་དེ་ལྟར་བསྟན་པ་ལ་འགལ་བ་མེད་དོ་སྙམ་དུ་དགོངས་པའོ། །ཡང་ན་དེ་བཞིན་གཤེགས་པའི་ཤེས་རབ་གང་ཡིན་པ་རྟོགས་པར་བྱེད་པའི་ངོ་བོར་དེ་བཞིན་གཤེགས་པས་གསུངས་པ་དེ་ཉིད་དོན་དམ་པར་མེད་པ་ཁོ་ན་སྟེ། དེ་དོན་དམ་པར་ན་ཕ་རོལ་ཏུ་འགྲོ་བ་མེད་པའི་ཕྱིར་རོ། །ཉིད་ཅེས་བྱ་བའི་སྒྲ་ནི་ཕ་རོལ་ཏུ་ཕྱིན་པ་མེད་ཅེས་བྱ་བའི་འོག་ཏུ་གཞག་པར་བལྟའོ། །འདིས་ནི་དོན་དམ་པར་རྣམ་པར་འཇོག་ཅིང་དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་ཡོངས་སུ་བསྟན་ཏོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་རང་གི་ངོ་བོ་ཁོ་ན་ལ་ཕྱི་རོལ་ཏུ་སྒྲོ་བཏགས་ནས་བཅོམ་ལྡན་འདས་ཀྱིས་གསུངས་ཀྱི། གཞན་དུ་ནི་མ་ཡིན་པ་དེ་བཞིན་ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་གསུངས་པར་བསྟན་པའི་ཕྱིར་རབ་འབྱོར་འདི་ཅི་སྙམ་དུ་སེམས་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་ཆོས་ཐམས་ཅད་གྲུབ་པ་མེད་པའི་ཕྱིར་རོ། །གྲུབ་ཏུ་ཆུད་ན་ཡང་རང་གི་མཚན་ཉིད་རྣམས་ནི་ཐུན་མོང་མ་ཡིན་པས་བརྡ་གདགས་མི་ནུས་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ནི་བཏགས་པའི་ཕྱིར་རོ། །རང་གི་མཚན་ 95-235a ཉིད་དང་སྤྱིའི་མཚན་ཉིད་ལས་མ་གཏོགས་པར་བརྗོད་པར་བྱ་བ་གཞན་ནི་མེད་དེ། དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་དམ་པར་གང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་དེ་གང་ཡང་མེད་པར་དགོངས་པའི་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་དེ་གང་ཡང་མ་མཆིས་སོ་ཞེས་གསོལ་ཏོ། །འདིས་ནི་རྣམ་པར་གཡེང་བ་ཚར་བཅད་པ་དང་། ཟབ་པ་བསྟན་ཏོ། ། ༈ དངོས་པོའི་མཚན་མ་ཟིལ་གྱིས་མནན་པ་ལ་ཐབས་མི་མཁས་པ་བསྟན་པ། ༆ དེ་ལྟར་ཆོས་ཐམས་ཅད་ལ་བདག་མེད་པར་རྒྱ་ཆེར་བསྟན་དུ་ཟིན་ཀྱང་ལས་དང་པོ་པ་གང་དག་འདི་སྙམ་དུ་ཇི་ལྟར་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྙམ་སེམས་པ་དེ་དག་དངོས་པོའི་མཚན་མ་ཟིལ་གྱིས་གནོན་པ་ལ་ཐབས་མི་མཁས་པ་དང་དབྲལ་བའི་ཕྱིར་གནས་བཅུ་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཐབས་རྣམ་པ་གཉིས་ཀྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་ཁོང་དུ་ཆུད་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་ཐབས་རྣམ་པ་གཉིས་ནི་བསྲབ་པར་བྱ་བའི་ཐབས་དང་། སྣང་བ་མེད་པར་བྱ་བའི་ཐབས་སོ། །དེ་ལ་སྣའི་རྡུལ་ཇི་སྙེད་ཡོད་པ་ཞེས་བྱ་བ་འདིས་ནི་གཅིག་པུའི་རང་བཞིན་དང་བྲལ་བར་ཁོང་དུ་ཆུད་ན་བསྲབ་པར་བྱ་བའི་ཐབས་ཡིན་པར་སྟོན་ཏེ། འཇིག་རྟེན་གྱི་ཁམས་འདི་ནི་གཅིག་པུར་རིགས་པ་མ་ཡིན་ཏེ། བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པ་གསལ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །དེས་ན་དུ་མར་བཤིག་ན་རྡུལ་ཕྲ་རབ་བཤིག་པར་ཁས་བླང་བར་བྱའོ། །དེའི་ཕྱིར་རྡུལ་ཕྲ་རབ་ཏུ་བསྒོམ་ན་གཅིག་པུ་ཉིད་དུ་སྤོང་བར་འགྱུར་རོ་ཞེས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ཕལ་ཆེར་དམིགས་པ་ཆུང་ངུ་མ་ཡིན་པ་ཡིད་ལ་བྱེད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དམིགས་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་སྨོས་སོ། །འདིས་ནི་རྒྱ་ཆེ་བ་ཡོངས་སུ་བསྟན་ཏེ། རྡུལ་ཕྲ་རབ་དེ་དག་ཀྱང་ཕྱོགས་ཆའི་བྱེ་བྲག་གིས་ཐ་མི་དད་པའི་ཕྱིར་གྲུབ་པ་མེད་པ་ཁོ་ན་ཡིན་ན། ཇི་ལྟར་རྡུལ་དེ་མང་པོར་འགྱུར་ཞེས་རྒོལ་བའི་བསམ་པ་ལས་བརྟགས་ནས་ཅིའི་སླད་དུ་ཞེས་གསོལ་ནས། འདིར་ལན་དུ་སའི་རྡུལ་གང་ལགས་པ་དེ་ཞེས་བྱ་བ་དེ་གསོལ་ཏོ། །སའི་རྡུལ་ 95-235b དེ་མང་པོ་གཅིག་པ་ཉིད་དུ་འཛིན་པ་གསལ་བའི་ཕྱིར་རྡུལ་ཕྲ་རབ་ཀྱི་ངོ་བོར་གསུངས་པ་གང་ཡིན་པ་དེ་ནི་རྡུལ་མེད་པ་ཁོ་ན་སྟེ། དོན་དམ་པར་ན་སྒྱུ་མས་སྤྲུལ་པའི་ངོ་བོ་བཞིན་དུ་རྡུལ་ཕྲ་རབ་མེད་པ་ཁོ་ན་ལས་བློས་རབ་ཏུ་བརྟགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་གཅིག་པུར་འཛིན་པའི་ཐབས་ཙམ་དུ་གསུངས་པར་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེས་ན་སའི་རྡུལ་ཞེས་བགྱིའོ་ཞེས་བྱ་བ་ནི་དེ་རིགས་པའི་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དོན་དམ་པར་དེ་མེད་པའི་ཕྱིར་དང་། རང་གི་མཚན་ཉིད་ནི་བརྗོད་དུ་མི་རུང་བའི་ཕྱིར་བརྗོད་པར་མི་འགྱུར་རོ་སྙམ་པ་ཁོ་ནར་དགོངས་པའོ། །བརྗོད་པའི་ཀུན་རྫོབ་ཏུ་དེ་བསྟན་པར་ཡང་མི་རིགས་ཏེ། དེའི་རང་གི་ངོ་བོ་ནི་གཞན་ཡང་མི་སྣང་བའི་ཕྱིར་རོ། །འདིས་ནི་དུ་མའི་རང་བཞིན་དང་བྲལ་བར་ཁོང་དུ་ཆུད་པའི་ཐབས་ནི་སྣང་བ་མེད་པར་བྱ་བ་ཡིན་པར་སྟོན་ཏོ། །འདི་ལྟར་མཇུག་ཏུ་ཕྲ་རབ་རྣམས་ཀྱང་རིགས་པས་སོ་སོར་བཏགས་ནས་སྣང་བར་བྱེད་པས་ན། འཇིག་རྟེན་གྱི་ཁམས་རྣམས་དུ་མའི་རང་བཞིན་དང་བྲལ་བར་རྟོགས་པར་འགྱུར་ཞིང་དེའི་འོག་ཏུ་རང་བཞིན་མེད་པར་ཁོང་དུ་ཆུད་དོ། །དེ་ལྟར་རེ་ཞིག་སྣོད་ཀྱི་འཇིག་རྟེན་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་རང་བཞིན་ནི་མེད་པ་ཁོ་ནར་བརྗོད་ནས་སེམས་ཅན་གྱི་འཇིག་རྟེན་ཡང་བརྗོད་པའི་ཕྱིར། འཇིག་རྟེན་གྱི་ཁམས་གང་ལགས་པ་དེ་ཞེས་བྱ་བ་གསོལ་ཏོ། །འཇིག་རྟེན་གྱི་ཁམས་ནི་འདིར་སེམས་ཅན་གྱི་འཇིག་རྟེན་ལ་དགོངས་པ་སྟེ། གཞན་ནི་སྔར་བཤད་ཟིན་པའི་ཕྱིར་རོ། །དེ་ཁམས་མ་མཆིས་པར་ཞེས་བྱ་བ་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ་སྙམ་དུ་དགོངས་པ་སྟེ། འདི་ལྟར་རེ་ཞིག་དེ་ལས་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་སྣོད་ཀྱི་འཇིག་རྟེན་ཉིད་ཀྱིས་བཤད་དོ། །ཕུང་པོ་ལྷག་མ་བཞི་ནི་ཇི་ལྟར་གཅིག་དང་དུ་མའི་རང་བཞིན་དང་མི་ལྡན་པར་སྔར་དཔྱད་པ་ཉིད་དོ། །དེ་ལྟ་མ་ཡིན་པས་ན་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་དོན་དམ་པར་རང་བཞིན་མེད་པར་རྣལ་འབྱོར་པ་རྣམས་ཀྱིས་མཐོང་ངོ་། །འདིས་ནི་ཟབ་པ་ཡང་བརྗོད་དོ། །དོན་གྱིས་ན་དོན་དམ་པར་སྣོད་དང་སེམས་ཅན་གྱི་འཇིག་རྟེན་ལ་དངོས་པོར་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་བསྟན་ཏོ། །དེ་སྤང་བར་ 95-236a བྱ་བའི་ཕྱིར་འདུན་པ་དང་། སྨོན་ལམ་གདབ་པ་ཡང་བསྟན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་མཚན་མ་ཙམ་ཞིག་ཡོངས་སུ་བརྗོད་པས་དངོས་པོ་མཐའ་དག་རང་བཞིན་མེད་པར་བསྒོམ་པར་ཡོངས་སུ་སྟོན་ཏོ། །དེ་རྡུལ་མ་མཆིས་པར་ཞེས་བྱ་བ་དང་། ཁམས་མ་མཆིས་པར་ཞེས་བྱ་བ་འདིས་ནི་དོན་དམ་པར་རྣམ་པར་འཇོག་པ་འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ཡོངས་སུ་བསྟན་ཏོ། །དེས་ན་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ་ཞེས་བྱ་བ་འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་ནས་གཡེང་བ་ཚར་གཅོད་པ་བསྟན་ཏོ། ། ༈ བསོད་ནམས་ཀྱི་ཚོགས་བསགས་པ་བསྟན་པ། ༆ ད་ནི་བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་ཀྱི་ཚོགས་བསྒྲུབས་པའི་ཤིན་ཏུ་ཕན་འདོགས་པས་བཅོམ་ལྡན་འདས་ལ་མཆོད་པ་ན་དེའི་སྐུ་རྣམ་པར་མི་འཇིག་པ་དེ་དག་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཡང་དག་པ་ཡིད་ལ་བྱེད་པ་ལ་མ་ཞུགས་པའི་ཕྱིར་རོ། །དེ་བས་ན་དེ་དག་ཚོགས་མ་བསགས་པ་དང་བྲལ་བའི་ཕྱིར་གནས་བཅུ་གཅིག་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་སྤྱིར་བསྡུ་བའི་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་ལྟའི། འོ་ན་ཇི་ལྟ་བུ་ཞེ་ན། དོན་དམ་པ་ཆོས་ཉིད་དུ་ཞེས་བྱ་བའོ། །ལྷག་མའི་བཤད་པ་ནི་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་དང་འདིར་མཐུན་ནོ། །འདི་ལ་ཚིག་ཟློས་པ་སྙམ་དུ་དོགས་པར་ཡང་མི་བྱ་སྟེ། སྔར་ནི་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་དུས་ན་དེ་རྣམ་པར་གཞིག་པར་བསྟན། ད་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བའི་དུས་ན་བསྟན་པས་ཐ་དད་དོ། །འདིར་དོན་གྱིས་ན་གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་བསྟན་ཏེ། དེ་སྤང་བར་བྱ་བའི་ཕྱིར་འདུན་པ་དང་སྨོན་ལམ་གདབ་པར་ཡང་བསྟན་ཏོ། །མཚན་ཕུན་སུམ་ཚོགས་པ་ཞེས་མཚན་མ་ཙམ་ཞིག་བརྗོད་པས་གཟུགས་ཀྱི་སྐུ་མཐའ་དག་ཡོངས་སུ་བསྟན་ཏོ། །མཚན་མ་མཆིས་པར་ཞེས་བྱ་བ་ནི་དོན་དམ་པ་རྣམ་པར་འཇོག་པའོ། །དེས་ན་ཞེས་བྱ་བ་ལ་སོགས་པས་ནི་གཡེང་བ་ཚར་གཅོད་པ་བསྟན་ཏོ། ། ༈ ལེ་ལོ་དང་རྙེད་པ་དང་བཀུར་སྟིས་བསོད་སྙོམས་ཉམས་སུ་མྱོང་བར་བྱེད་པ་བསྟན་པ། ༆ དེ་ལྟར་ཆོས་ཐམས་ཅད་ལ་བདག་མེད་པར་ 95-236b རྟོགས་པར་བྱ་བའི་ཐབས་བསྟན་དུ་ཟིན་ཀྱང་ལུས་དང་སྲོག་ལ་ཆགས་ཤིང་རྙེད་པ་དང་བཀུར་སྟི་ལ་གདུ་བ་གང་དག་ལེ་ལོ་དང་རྙེད་པ་དང་བཀུར་སྟི་དང་བསོད་སྙོམས་ལ་ཆགས་པར་གྱུར་པ་དེ་དག་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་གནས་བཅུ་གཉིས་པའི་དབང་དུ་མཛད་ནས། རབ་འབྱོར་སྐྱེས་པའམ་བུད་མེད་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་སྙིང་པོ་མེད་པ་སྡུག་བསྔལ་བརྒྱ་སྟོང་དུ་མའི་གནས་ལུས་གཅིག་གི་ཕྱིར་ཁྱེད་ལ་ཆགས་ནས་ལུས་འདི་སྙེད་ཡོངས་སུ་བཏང་བས་ཀྱང་མི་རྙེད་པའི་བསོད་ནམས་གང་ཡིན་པ་དེའི་བར་ཆད་བྱེད་ཀྱིས། ལུས་དང་སྲོག་ལ་མི་ལྟ་བའི་སེམས་ཀྱིས་བདག་ཉིད་ཐམས་ཅད་ཀྱིས་འདི་ལ་བརྩོན་པར་བྱ་བའི་རིགས་སོ་ཞེས་ཡོངས་སུ་བསྟན་ཏོ། །འདིས་ནི་དོན་གྱིས་ན་ལེ་ལོ་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་བསྟན་ཏོ། །དེ་སྤང་པའི་ཕྱིར་དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་སོགས་པའི་དོན་དུ་འདུན་པ་དང་སྨོན་ལམ་གདབ་པ་ཡང་སྟོན་ཏོ། །ཆོས་ཀྱི་རྣམ་གྲངས་འདི་ལས་ཞེས་མཚན་མ་ཙམ་ཞིག་བརྗོད་པས་ནི་ཐེག་པ་ཆེན་པོ་མཐའ་དག་ལ་ཉན་པ་ལ་སོགས་པར་མཛད་པའོ། །བསོད་ནམས་ཆེས་མང་དུ་ཞེས་བྱ་བ་འདིས་ནི་རྒྱ་ཆེ་བ་བརྗོད་དོ། །ཆོས་ཀྱི་ཤུགས་ཀྱིས་ཞེས་བྱ་བ་ནི་ཆོས་ལ་དད་པའི་ཤུགས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པ་རབ་འབྱོར་མཆི་མ་བྱུང་བ་དེ་ཡང་བཅོམ་ལྡན་འདས་ཀྱི་བྱིན་གྱིས་རླབས་ཀྱིས་ལེ་ལོ་ཅན་གཞན་དག་ཐེག་པ་ཆེན་པོའི་ཆོས་རྨད་དུ་བྱུང་བ་བརྗོད་པས་ཤིན་ཏུ་དད་པ་བསྐྱེད་པའི་དོན་དུ་བལྟ་བར་བྱའོ། །དེའི་ཕྱིར་ལག་པས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཇི་སྙེད་པས་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ་ཞེས་བྱ་བ་གསོལ་ཏོ། །ཇི་སྙེད་པས་ཞེས་བྱ་བ་ནི་མི་བྱེད་པའི་བྱེ་བྲག་སྟེ། བཤད་པར་བྱ་བར་འོས་པའི་རྣམ་པ་ཇི་སྙེད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་སྙམ་པ་ལ། བདག་གི་ཡེ་ཤེས་སྐྱེས་ཚུན་ཆད་ཅེས་བྱ་བ་གསོལ་ཏོ། །ཚུན་ཆད་ཅེས་བྱ་བ་ནི་འཕགས་པའི་བདེན་པའི་སྤྱོད་ཡུལ་གྱི་ཡེ་ཤེས་སྐྱེས་པ་ནས་བཟུང་སྟེ། དེའི་བར་གྱི་ཆོས་ཀྱི་རྣམ་གྲངས་བསོད་ནམས་ཀྱི་འབྲས་བུ་མཆོག་ཏུ་ཇི་སྐད་བསྟན་པ་ཉན་ཐོས་དང་རང་སངས་ 95-237a རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་པ་འདི་ལྟ་བུ་སྔོན་ཆད་མ་ཐོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་རྙེད་དཀའ་བར་བརྗོད་དོ། །དེ་ལྟར་བསོད་ནམས་ཁྱད་ཞུགས་པ་དེ་ཐོས་ནས་བརྩོན་འགྲུས་བརྩམས་ཏེ་འཇུག་པ་གང་དག་ཆོས་འདི་ལ་སྒྲ་ཇི་བཞིན་དུ་འདུ་ཤེས་པར་འགྱུར་བ་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་ངོ་མཚར་རབ་ཅེས་བྱ་བ་འདི་གསོལ་ཏེ། བསོད་ནམས་རྒྱ་ཆེན་པོ་སྐྱེད་པ་སྐྱེ་བོ་མ་རབས་ཀྱིས་དད་པར་དཀའ་བ་དེ་ལྟ་བུ་ལ་མོས་པའི་ཕྱིར་དང་། གང་ཟག་དང་ཆོས་ལ་བདག་མེད་པ་ཤིན་ཏུ་ཟབ་པ་ལ་མོས་པའི་ཕྱིར་བདག་ལྟ་བུ་གང་ཟག་ལ་བདག་མེད་པ་ཙམ་རྟོགས་པ་དག་པས་དེ་དེ་དག་ངོ་མཚར་རབ་དང་ལྡན་པར་འགྱུར་རོ། །ཡང་དག་པར་འདུ་ཤེས་ཞེས་བྱ་བ་ནི། དོན་ཕྱིན་ཅི་མ་ལོག་པར་འདུ་ཤེས་པ་ལ་བྱའི་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་འདི་ནི་ཡང་དག་པའོ་སྙམ་དུ་འདུ་ཤེས་པ་ལ་ནི་མི་བྱའོ། །འདི་ལྟར་འདིར་ཆོས་ཐམས་ཅད་རང་བཞིན་མེད་པ་དོན་དམ་པ་ལ་དགོངས་ནས་བསྟན་གྱི་ཀུན་རྫོབ་ཏུ་ནི་རང་བཞིན་མེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་མཐོང་བ་ལ་སོགས་པ་དང་འགལ་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་ཡང་དག་པར་འདུ་ཤེས་པ་ཡོད་པ་ན་འདུ་ཤེས་ཡོད་པར་བྱ་བ་ཡང་དོན་དམ་པར་ཡོད་པར་འགྱུར་ཏེ། འདུ་ཤེས་པར་བྱ་བ་མེད་ན་འདུ་ཤེས་ཀྱང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་ཇི་ལྟར་འགྲུབ་སྙམ་དུ་སེམས་པའི་ཀླན་ཀ་ལ་བརྟགས་ནས། དེ་ཅིའི་སླད་དུ་ཞེས་བྱ་བ་གསོལ་ཏེ། ལན་དུ་བཅོམ་ལྡན་འདས་ཡང་དག་པར་འདུ་ཤེས་པ་གང་ལགས་པ་ཞེས་བྱ་བ་གསོལ་ཏོ། །འདུ་ཤེས་པར་བྱ་བ་དང་། གང་ཡང་མེད་པ་དང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དོན་དམ་པར་དེ་ཉིད་འདུ་ཤེས་མེད་པ་སྟེ། དེའི་ཕྱིར་ཡང་དག་པར་འདུ་ཤེས་པ་དེ་ལ་ཡང་དག་པར་འདུ་ཤེས་པར་མི་བྱའོ་ཞེས་བསྟན་ཏོ། །གང་གི་ཕྱིར་མ་བརྟགས་ན་དགའ་བ་ཙམ་དུ་ཡོད་པ་དེའི་ཕྱིར་དེ་ཡང་དག་པར་འདུ་ཤེས་ཞེས་དེ་བཞིན་གཤེགས་པ་གསུང་ངོ་། །དེ་ལྟ་མ་ཡིན་ན་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་གསུང་བར་མི་འགྱུར་རོ། །འདིས་ནི་དོན་དམ་པར་རྣམ་པར་འཇོག་ཅིང་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དང་། ཇི་ལྟར་རྣམ་པར་གཡེང་བ་ཚར་གཅད་པར་བྱ་བ་ 95-237b དེ་གཉི་ག་བསྟན་ཏོ། །ཟབ་པ་ཡང་བརྗོད་དོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ཡང་སྤངས་སོ། །ལེ་ལོ་ཅན་དེ་དག་ཉིད་ངོ་མཚར་བ་བསྐྱེད་པའི་ཕྱིར་བདག་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ལ་རྟོག་ཅིང་མོས་པ་ནི་བདག་ལ་ངོ་མཚར་མ་ལགས་ཀྱི། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་ལགས་སོ་ཞེས་བྱ་བ་གསོལ་ཏོ། །འདིའི་ཕྱིར་བསྡུ་བའི་དོན་འདི་ཡིན་ཏེ་མ་འོངས་པ་ན་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བའི་དུས་ན་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་ལ། དེ་དག་གང་ཟག་ལ་སོགས་པར་འཛིན་པར་མི་འགྱུར་བ་དེ་ལྟ་བུ་དག་ཀྱང་འབྱུང་བར་འགྱུར་ན། ཁྱེད་ཅག་དམ་པའི་ཆོས་ཀྱི་དགའ་སྟོན་དང་བཅས་པའི་དུས་ན་ཡང་སྒྲུབ་པ་དེ་འདྲ་བ་མེད་པས་ན་འདི་ནི་ཁྱེད་ཀྱི་ཤིན་ཏུ་ངོ་ཚ་བའི་གནས་ཡིན་ནོ་ཞེས་བྱ་བའོ། །དེ་ལ་བདག་ཅེས་བྱ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །འདི་ཞེས་བྱ་བ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཡོངས་སུ་སྟོན་པའོ། །བཤད་པ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་གསལ་བར་མཛད་པའོ། །རྟོག་པ་ཞེས་བྱ་བ་ནི་དང་བའི་རྣམ་པ་སྟེ་དང་བར་སྟོན་ཏོ། །མོས་པ་ཞེས་བྱ་བ་ནི་ཡིད་ཆེས་པའི་རྣམ་པའོ། །སེམས་ཅན་དེ་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་བསྐལ་པ་མ་འོངས་པའི་དུས་ན་འབྱུང་བ་དག་གོ། །འདིར་ལེན་པ་ལ་སོགས་པའི་ཚིག་སྨོས་པ་གང་ཡིན་པ་དེ་ནི་སྔར་བཤད་པར་ཟད་དོ། །དེ་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། གང་ཟག་ལ་བདག་མེད་པ་ཙམ་རྟོགས་པ་བདག་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་པའི་སྟོབས་ཀྱིས་བདག་མེད་པ་གཉིས་ཀྱི་ཚུལ་སྟོན་པར་བྱེད་པའི་ཆོས་འདི་ལྟ་བུ་ལ་དད་ཅིང་ཡིད་ཆེས་པ་ཙམ་དུ་གྱུར་པ་གང་ཡིན་པ་དེ་ངོ་མཚར་མ་ཡིན་གྱི། གང་བཅོམ་ལྡན་འདས་བསྐལ་པ་ན་འདི་ལ་འཛིན་པ་ལ་སོགས་པའི་རིམ་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྟོགས་ནས་ཀུན་ཆུབ་པར་བྱེད་པ་དེ་དག་ངོ་མཚར་རབ་དང་ལྡན་པར་འགྱུར་ཏེ། བཅོམ་ལྡན་འདས་དང་བསྐལ་པ་ཐེག་པ་ཆེན་པོ་སྤོང་བ་མང་བ་ན་དེ་ལ་དད་པ་ 95-238a སྐྱེས་པ་ནི་ཤིན་ཏུ་དཀོན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདིས་ནི་ལེ་ལོ་སྤངས་ཏེ་དམ་པའི་ཆོས་གཟུང་བ་ལ་སོགས་པ་ལ་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །དེ་དག་ལུང་འབའ་ཞིག་དང་ལྡན་པར་འགྱུར་བར་མ་ཟད་ཀྱི་རྟོགས་པ་ཕུན་སུམ་ཚོགས་པར་ཡང་བསྟན་པའི་ཕྱིར་ཡང་བཅོམ་ལྡན་འདས་ཞེས་བྱ་བ་གསོལ་ཏོ། །བདག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ནི་མཚོན་པ་སྟེ། དེ་ན་དེ་དག་ཆོས་སུ་འདུ་ཤེས་འཇུག་པར་མི་འགྱུར་ཏེ། བདག་མེད་པ་གཉི་ག་ཅིག་ཅར་རྟོགས་པའི་ཕྱིར་རོ། །གལ་ཏེ་བདག་མེད་པ་ལ་སོགས་པ་ཡོད་ན་ནི་དེའི་ཚེ་ངེས་པར་དེ་འདུ་ཤེས་པ་ཡང་འཇུག་གོ་སྙམ་དུ་སེམས་པ་ལ། དེ་ཅིའི་སླད་དུ་ཞེ་ན་ཞེས་གསོལ་ནས། ལན་དུ་བདག་ཏུ་འདུ་ཤེས་པ་ཞེས་བྱ་བ་གསོལ་ཏོ། །འདིས་ནི་བདག་ལ་སོགས་པ་ཇི་སྐད་སྨོས་པ་ལྟར་རེ་ཞིག་ཞོག་གང་འདི་ནི་ངའོ་སྙམ་དུ་བདག་ཏུ་འདུ་ཤེས་པ་སྐྱེ་བོ་ཐམས་ཅད་ལ་གྲགས་པ་དེ་ཡང་བརྟགས་པའི་ཁུར་མི་བཟོད་པས་ཅི་ཡང་མ་ཡིན་ན་བདག་ལ་སོགས་པ་མྱོང་བ་མེད་པ་དངོས་པོ་ཡོད་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་སྟོན་ཏེ། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་བསྟན་ཏོ། །གལ་ཏེ་བདག་ལ་སོགས་པ་མེད་དུ་ཟིན་ཀྱང་དེ་དག་ཏུ་ཕྱིན་ཅི་ལོག་ཏུ་གྱུར་ནས། བདག་ལ་སོགས་པར་འདུ་ཤེས་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ཅི་མངོན་སྙམ་དུ་སེམས་པའི་དྲི་བ་ནང་དུ་བརྗོད་པ་བཞག་པ་ལ་བརྟགས་ནས། དེ་ཅིའི་སླད་དུ་ཞེས་གསོལ་ཏེ། ལན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་སླད་དུའོ་ཞེས་བྱ་བ་གསོལ་ཏོ། །འདི་ལ་དོན་ནི་འདི་ཡིན་ཏེ། དངོས་པོ་མ་ལུས་པར་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་བྱའོ། །དོན་དམ་པར་འདུ་ཤེས་པར་བྱ་བ་གང་ཡང་མེད་པས་དེ་དག་གང་དུ་ཡང་འདུ་ཤེས་མི་འཇུག་གོ། །དེ་ལྟ་མ་ཡིན་ན་ཕྱིན་ཅི་ལོག་ཏུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་རྗེས་སུ་སློབ་པས་འཇུག་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེའི་གོ་འཕང་ཇི་ལྟར་ཐོབ་པར་འགྱུར། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདུ་ཤེས་ཐམས་ཅད་དང་བྲལ་བ་ལ་ཇི་ལྟར་བསླབ་པ་དེ་བཞིན་ 95-238b དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསླབ་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་གང་དག་དེའི་རྗེས་སུ་སློབ་པ་དེ་དག་བདག་ལ་སོགས་པར་འདུ་ཤེས་མི་འཇུག་པར་ངེས་སོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ནི་འདུལ་བ་རྣམས་ངེས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་ནས་ལན་གཉིས་སུ་གསུངས་སོ། །འདི་ཡན་ཆད་ནི་བརྩོན་འགྲུས་ལས་ལྡོག་པའི་དབང་དུ་མཛད་ནས་གསུངས་སོ། །ད་ནི་གང་ཟག་ཆོས་ཟབ་མོ་འདི་ཐོས་ནས་ཡིད་སྐྲག་སྟེ། ཐོག་མ་ཁོ་ནར་བརྩོན་འགྲུས་མི་རྩོམ་པ་དེ་དག་བརྩོན་འགྲུས་མི་རྩོམ་པ་དེ་དང་བྲལ་བའི་ཕྱིར་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྲག་ན་བརྩོན་འགྲུས་མི་རྩོམ་སྟེ། ཉན་ཐོས་ཀྱི་ཛེག་པར་ནི་བཅོམ་ལྡན་འདས་ཀྱིས་འདི་ནི་ཆོས་ཙམ་དུ་ཟད་དེ་འདི་ལ་གང་ཟག་ནི་མེད་པ་ཁོ་ནའོ་ཞེས་བསྟན་ལ། ཐེག་པ་ཆེན་པོར་ནི་ཆོས་ཙམ་པོ་དེ་དག་ཡང་བརྫུན་པའོ་ཞེས་བསྟན་པས་དེ་ལ་ཐོག་མ་མེད་པའི་དུས་ན་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་དང་འབྲེལ་པའི་སྙིང་ཅན་ལུས་མ་བསྒོམས་པ་དག་གང་ཟག་བདག་མེད་པ་ཐོས་ནས་ང་མེད་དོ་ཞེས་སྐྲག་པར་འགྱུར་ཏེ། དེ་དགག་པའི་ཕྱིར་མི་སྐྲག་པ་ཞེས་བྱ་བ་གསུངས་སོ། །གང་དག་ཆོས་ཙམ་ལ་མངོན་པར་ཞེན་པ་དེ་དག་ཆོས་ལ་བདག་མེད་པ་བསྟན་པ་ཐོས་པའི་དུས་ན་ཀུན་ཏུ་སྐྲག་པར་འགྱུར་ཏེ། ཆོས་ཙམ་པོ་གང་ཡིན་པ་དེ་ཡང་མེད་པས་ཀྱེ་མའོ་བདག་ནི་མ་རུང་ངོ་སྙམ་དུ་སེམས་ཏེ། ཕྱོགས་བཅུར་བལྟས་ཀྱང་སྐྱབས་མེད་པས་ཀུན་ཏུ་སྐྲག་པར་འགྱུར་བས་དེ་དགག་པའི་ཕྱིར་ཀུན་ཏུ་མི་དངང་ཞེས་བྱ་བ་གསུངས་སོ། །སེམས་པའི་དུས་ན་གཉི་ག་མེད་པར་སྦྱོར་མི་ནུས་པས་ཀུན་ཏུ་དངང་བར་འགྱུར་རོ། །བདག་ཅག་གིས་ཇི་ལྟར་བདག་མེད་པ་གཉི་ག་ཁོང་དུ་ཆུད་པར་བྱ་ཞེས་ཐོག་མ་ཁོ་ནར་ཀུན་ཏུ་སྐྲག་པར་འགྱུར་བ་དེ་དགག་པའི་ཕྱིར་ཀུན་ཏུ་དངང་བར་མི་འགྱུར་ཞེས་བྱ་བ་གསུངས་སོ། །གཞན་དག་ན་རེ་བདག་མེད་པ་རྣམ་གཉིས་ཁོང་དུ་མ་ཆུད་པས་སྐྲག་པ་གང་ཡིན་པ་དེའི་ཚེ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཚིག་གསུམ་པོ་དག་གིས་གོ་རིམས་བཞིན་དུ་བསྟན་ཏེ་ཞེའོ། །གཞན་དག་ན་རེ་སྐྲག་པ་རྣམ་པ་གསུམ་ནི་ཐོས་པ་དང་། སེམས་པ་དང་། བསྒོམ་པའི་དུས་ནའོ་ཞེའོ། །ད་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པ་དབྲལ་བའི་ཕྱིར་དེ་དག་ 95-239a ངོ་མཚར་རབ་དང་ལྡན་པར་འགྱུར་ཞེས་ཐོས་པར་འདོད་པ་ལ་ཕན་གདགས་པའི་ཕྱིར་བདག་ཉིད་ཀྱིས་དྲི་བ་སྔོན་དུ་བཏང་ནས་དེ་ཅིའི་ཕྱིར་ཞེས་བྱ་བ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དམ་པ་འདི་ནི་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་དང་ཉེ་བའི་རྒྱུ་ཡིན་པ་དང་། འདི་དང་བྲལ་བའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ང་ཉག་གཅིག་གིས་འདི་དམ་པར་གསུངས་པ་མ་ཡིན་གྱི། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་འདི་དམ་པར་གསུངས་སོ་ཞེས་བསྟན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དམ་པ་གང་ཞེས་བྱ་བ་གསུངས་སོ། །འདིས་ནི་སངས་རྒྱས་གཅིག་གིས་གསུངས་པ་ཡང་དོན་ཕྱིན་ཅི་མ་ལོག་པས་དེ་བཞིན་ཉིད་དུ་གཟུང་ན་གང་སངས་རྒྱས་ཐམས་ཅད་ཀྱིས་གཅིག་ཏུ་དགོངས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་སྟོན་ཏོ། །དེས་ན་དམ་པ་ལ་བདག་ཉིད་ཐམས་ཅད་ཀྱིས་བསྒྲུབ་ན་ཇི་ལྟར་ངོ་མཚར་རབ་དང་ལྡན་པར་མི་འགྱུར། དམ་པར་བསྟན་པ་འདི་ནི་ངོ་ཚ་བའི་གནས་གཉིས་པ་བསྟན་པ་ཡིན་ཏེ། དེ་ལྟར་ཆོས་འདི་མཆོག་ཡིན་ན་ཁྱེད་འདི་ལྟར་རྙེད་པ་དང་བཀུར་སྟི་ལ་ཆགས་ཏེ་བག་མེད་པར་གནས་པ་དེ་ནི་ཤིན་ཏུ་ངོ་ཚ་བར་བྱེད་པའོ་ཞེས་བྱའོ། །འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ། ། ༈ སྡུག་བསྔལ་མི་བཟོད་པའི་དབང་དུ་བྱས་ཏེ་བསྟན་པ། ༆ དེ་ལྟར་ངོ་ཚ་བའི་གནས་བཤད་དུ་ཟིན་ཀྱང་གང་དག་སྡུག་བསྔལ་མི་བཟོད་པས་ཤིན་ཏུ་བརྩོན་འགྲུས་རྩོམ་པར་མི་སྤྲོ་བ་དེ་དག་སྡུག་བསྔལ་མི་བཟོད་པ་དང་བྲལ་བའི་ཕྱིར་གནས་བཅུ་གསུམ་པའི་དབང་དུ་མཛད་ནས་ཡང་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཇི་ལྟར་བཟོད་པ་དང་། བཟོད་པ་དེ་རྟགས་གང་གིས་ཤེས་པ་དང་། རྣམ་པ་གང་ཡིན་པ་དང་། དེ་རྣམ་པ་ཇི་ལྟ་བུ་དང་། མི་བཟོད་པའི་གཞིའི་གཉེན་པོ་གང་ཡིན་པ་དེ་གནས་འདི་སྟོན་ཏེ། ཇི་ལྟར་བཟོད་ཅེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་པ་སྟེ། དེ་བཞིན་གཤེགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་གསུངས་པ་གང་ཡིན་པ་སྟེ། དོན་དམ་པར་དུ་བཟོད་པ་དང་། གང་གིས་བཟོད་པ་དང་། གང་ལ་བཟོད་པ་དང་། གང་བཟོད་པར་བྱ་བ་དང་། བཟོད་པ་གང་ཡིན་པ་དེ་ཐམས་ཅད་མི་དམིགས་པས་དེ་ཕ་རོལ་ཏུ་ཕྱིན་པ་མེད་པ་ཉིད་དོ། ། 95-239b དོན་དམ་པར་དེ་ལྟར་མ་སྐྱེས་པའི་ཕྱིར་དེ་ཕ་རོལ་ཏུ་འགྲོ་བ་མེད་དོ་སྙམ་དུ་དགོངས་པའོ། །འདིས་ནི་བཟོད་པ་དེ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པར་བསྟན་ཏེ། ཟབ་པ་ཡང་བརྗོད་དོ། །དེ་ལྟར་ཆོས་ཐམས་ཅད་མི་དམིགས་པར་ཡིད་ལ་བྱེད་པར་བྱང་ཆུབ་སེམས་དཔའ་རྣམས་བཟོད་པར་ཅི་མངོན་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་ཤེས་པར་བྱེད་པའི་གཏན་ཚིགས་ཞུས་པ་དང་། ལན་དུ་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་རྣམས་ནི་ལག་པ་དང་རྐང་པ་ལ་སོགས་པ་དག་གོ །ཉིང་ལག་རྣམས་ནི་སོར་མོ་ལ་སོགས་པ་དག་གོ། །ང་ལ་འདུ་ཤེས་ཅི་ཡང་མེད་ཅེས་བྱ་བ་ནི་གཞན་གྱི་ལུས་སུ་འདུ་ཤེས་པ་དང་། མཚོན་ཆར་འདུ་ཤེས་པ་དང་། གཅོད་པར་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། བཟོད་པར་འདུ་ཤེས་པ་ལ་སོགས་པ་སྟེ། འདིས་ནི་ཆོས་ཐམས་ཅད་མི་དམིགས་པར་བརྗོད་དོ། །གལ་ཏེ་འདུ་ཤེས་ཅི་ཡང་མེད་ན་རྒྱལ་བའི་གནས་སྐབས་བཞིན་དུ་སེམས་པ་མེད་པར་འགྱུར་རོ་སྙམ་པ་ལ། འདུ་ཤེས་མེད་པར་གྱུར་པ་ཡང་མ་ཡིན་ཞེས་བྱ་བ་གསུངས་སོ། །དེའི་དུས་ན་རྣལ་འབྱོར་པའི་ཤེས་པ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཡོད་པར་དགོངས་པའོ། །དེའི་ཡང་ཅི་མངོན་སྙམ་དུ་སེམས་པའི་འདྲི་བ་ལ་བརྟགས་ནས་བདག་ཉིད་ཀྱིས་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་བཀའ་སྩལ་ནས། ལན་དུ་རབ་འབྱོར་གལ་ཏེ་ཞེས་བྱ་བ་གསུངས་སོ། །གནོད་སེམས་ཀྱི་འདུ་ཤེས་ཀྱང་ཞེས་བྱ་བའི་དགོངས་པ་ནི་འདི་ཡིན་ཏེ། གང་ལ་བདག་ཏུ་འདུ་ཤེས་ཡོད་པ་དེ་ལ་དེ་ཙམ་གྱིས་ན་ངེས་པར་བདག་ལ་ཆགས་པ་འབྱུང་ངོ་། །དེ་ལྟར་བདག་ལ་ཆགས་པ་དང་ལྡན་ན། གདོན་མི་ཟ་བར་བདག་གི་དང་གཞན་དུ་རྟོག་པ་འབྱུང་སྟེ། འདི་ལྟར་དེས་གང་ཞིག་བདག་ལ་ཕན་འདོགས་པར་བསྡུས་པ་དེ་ལ་ནི་བདག་གིར་རྣམ་པར་རྟོག་ལ། གཞན་ལ་ནི་ཕ་རོལ་ཏུ་རྣམ་པར་རྟོག་གོ། །དེའི་ཕྱིར་བདག་གི་དང་མཐུན་པར་འཇུག་གོ། །དེའི་ཕྱིར་བདག་དང་བདག་གི་དང་མཐུན་པར་འཇུག་པ་ལ་རྗེས་སུ་ཆགས་པ་དང་དེ་དང་འགལ་བ་ལ་ཞེ་སྡང་སྟེ། དེ་དང་འབྲེལ་པ་ཉེས་པའི་ཚོགས་མཐའ་དག་ཀྱང་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར། བདག་ཡོད་གཞན་དུ་འདུ་ཤེས་ཏེ། །བདག་གཞན་བྱེད་པས་ཡང་འཛིན་སྡང་། །འདི་དག་དང་ནི་འབྲེལ་པ་ 95-240a ཡིས། །ཉེས་པ་ཐམས་ཅད་རབ་ཏུ་འཕེལ། །ཞེས་བཤད་དོ། །གང་ལ་གནོད་སེམས་ལ་སོགས་པ་ཉེས་པའི་ཚོགས་འབྱུང་བ་དེ་ལ་ང་ཇི་ལྟར་བཟོད་པ་སྨྲ་བར་གྲགས་པར་འགྱུར་ཏེ། གང་གིས་ན་བཟོད་པའི་མཐུས་ཀ་ལིང་ཀའི་རྒྱལ་པོ་དེའི་ཚེ་དེ་ཁོ་ན་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་སྙམ་དུ་དགོངས་པའོ། །འདིས་ནི་གནོད་པ་བྱས་པ་ན་འགྱུར་བ་མེད་པས་གནོད་སེམས་ལ་སོགས་པ་ངེས་པར་འབྱུང་བ་རྣམས་མེད་པའི་ཕྱིར་བདག་ལ་སོགས་པའི་འདུ་ཤེས་དང་བྲལ་བའི་རྟགས་ཀྱིས་བཟོད་པ་དེ་འདྲ་བ་དེ་ཤེས་པར་བསྟན་པ་ཡིན་ནོ། །འདི་ཉིད་ཀྱིས་བཟོད་པ་རྣམ་པ་གསུམ་ཡང་བསྟན་ཏེ། འདིར་ཀ་ལིང་ཀའི་རྒྱལ་པོས་ཞེས་བྱ་བ་འདིས་ནི་གནོད་པ་བྱེད་པ་ལ་མི་བཟོད་པའི་བཟོད་པ་ཡོངས་སུ་སྟོན་ཏོ། །ཡན་ལག་དང་ཉིང་ལག་ཅེས་བྱ་བ་འདིས་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པའོ། །དེའི་ཚེ་ང་ལ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །འདིས་ནི་དོན་གྱིས་ན་ཆོས་དང་གང་ཟག་ཏུ་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགས་ཡོངས་སུ་སྟོན་ཅིང་། འདུལ་བ་རྣམས་དེ་སྤང་བ་དང་། ཇི་སྐད་སྨོས་པའི་བཟོད་པ་སྐྱེད་པར་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ། འདི་ལྟར་འདིས་ནི་གདུལ་བའི་སྐྱེ་བོ་དག་འདི་སྙམ་དུ་གང་གི་ཚེ་བཅོམ་ལྡན་འདས་ཉིད་བྱང་ཆུབ་ཀྱི་ཕྱིར་བཟོད་པ་མཆོག་འདི་ལྟ་བུ་བསྒོམས་པ་དེ་ནི་བདག་ཅག་གིས་འདི་ཅིའི་ཕྱིར་མི་བསྒོམ་སྟེ། བྱ་དཀའ་བའི་ལས་མ་བྱས་ན་རྙེད་དཀའ་བའི་གོ་འཕང་མི་ཐོབ་བོ་སྙམ་དུ་སེམས་སོ། །དེའི་ཕྱིར་གདུལ་བ་དེ་དག་དེ་ལ་སྤྲོ་བ་བསྐྱེད་པ་ཡིན་ནོ། །ཡན་ལག་དང་ཉིང་ལག་རྣམས་ཞེས་མཚན་མ་ཙམ་ཞིག་བརྗོད་པས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཐམས་ཅད་ཡོངས་སུ་བསྟན་ཏོ། །ད་ནི་བཟོད་པ་དེ་རྣམ་པ་ཇི་ལྟ་བུ་ཡིན་པ་དེ་བཞིན་དུ་བསྟན་པའི་ཕྱིར་རབ་འབྱོར་ངས་མངོན་པར་ཤེས་ཏེ་ཞེས་བྱ་བ་གསུངས་སོ། །དེ་ཡང་ཀ་ལིང་ཀའི་རྒྱལ་པོས་ངའི་ཡན་ལག་དང་ཉིང་ལག་བཅད་པར་གྱུར་པ་ཞེས་བྱ་བའི་སྐབས་ཡིན་ཏེ། མངོན་པས་མ་གསུངས་སོ། །བཟོད་པ་དེ་ཡང་རྣམ་པ་གཉིས་སུ་ཡོངས་སུ་བསྟན་ཏོ། །གཞན་གནོད་པ་བྱེད་པ་རྒྱུན་ཏུ་སྡུག་བསྔལ་བའི་ཡུལ་ཅན་དང་གཞན་གནོད་པ་བྱེད་པ་མི་བཟད་པའི་སྡུག་བསྔལ་གྱི་ཡུལ་ཅན་ནོ། ། 95-240b དེ་ལ་རྒྱུན་ཏུ་སྡུག་བསྔལ་ལ་སོགས་པའི་ཡུལ་ནི་ཚེ་རབས་ལྔ་བརྒྱར་ཞེས་བྱ་བ་གང་ཡིན་པ་སྟེ། འདིས་ནི་འདིའི་རྒྱ་ཆེ་བ་བརྗོད་དོ། །མི་བཟད་པའི་སྡུག་བསྔལ་ལ་སོགས་པ་ཡུལ་ནི་ཡན་ལག་དང་ཉིང་ལག་རྣམས་ཞེས་གང་གསུངས་པ་ཡིན་ནོ། །མི་བཟོད་པའི་གཞི་ནི་སྡུག་བསྔལ་རྣམ་པ་གསུམ་འདི་ལྟ་སྟེ་འཁོར་བའི་སྡུག་བསྔལ་དང་སེམས་ཅན་ལོག་པར་འཇུག་པའི་སྡུག་བསྔལ་དང་། ལོངས་སྤྱོད་དང་མི་ལྡན་པའི་སྡུག་བསྔལ་ལོ། །དེ་ལ་མི་བཟོད་པའི་གཞི་དང་པོའི་གཉེན་པོར་དེ་ལྟ་བས་ན་ཞེས་བྱ་བ་གསུངས་སོ། །འདི་མཐའ་དག་གིས་ནི་མི་བཟོད་པ་སྤངས་ཏེ། བྱང་ཆུབ་ལ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ན་སུ་ཡང་འཁོར་བའི་སྡུག་བསྔལ་གྱིས་རེག་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ། །བརྒྱ་ལ་བྱང་ཆུབ་ཀྱི་སེམས་ལན་འགའ་ཞིག་བསྐྱེད་དུ་ཟིན་ཀྱང་བདག་ཏུ་མངོན་པར་ཞེན་པའི་སྒོ་ནས་སྡུག་བསྔལ་རྣམ་པ་གསུམ་གྱི་འདུ་ཤེས་ཀྱིས་སྐྲག་ནས་ཡང་སྐྱེད་པར་མི་བྱེད་པས་འདུ་ཤེས་ཐབས་ཅད་རྣམ་པར་སྤངས་ཏེ་ཞེས་བྱ་བ་གསུངས་ཏེ། བདག་ལ་སོགས་པར་འདུ་ཤེས་པ་དང་། སྡུག་བསྔལ་རྣམ་པ་གསུམ་གྱི་འདུ་ཤེས་ནི་འདིར་འདུ་ཤེས་ཐམས་ཅད་དོ། །གཟུགས་ལ་སོགས་པ་མངོན་པར་ཞེན་པ་ནི་ཉན་ཐོས་ལ་སོགས་པ་བཞིན་དུ་འཁོར་བ་ཡོངས་སུ་བརྟགས་ནས་སྡུག་བསྔལ་དེས་ཡིད་གདུངས་ནས་བརྒྱ་ལམ་ན་ཡང་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པས་གཟུགས་ལ་མི་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ལ་སོགས་པ་ལ་ཡོད་པར་མངོན་པར་ཞེན་པ་ནི་དེ་ལ་གནས་པ་སྟེ། འདིར་ཡང་སྔ་མ་བཞིན་དུ་བཤད་དོ། །འདིར་ཚིག་ཟློས་པར་ཡང་མི་འགྱུར་ཏེ། འདིས་ནི་མི་བཟོད་པའི་གཞིའི་གཉེན་པོ་བརྗོད་དོ། །སྔ་མས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའོ། །འདིར་གདུལ་བ་རྣམས་ཆོས་མེད་པ་ལ་ཡང་མི་གནས་པ་ཞེས་བྱ་བ་ལྷག་མ་ཡིན་ཏེ། འདིས་ནི་མེད་པ་ལ་མངོན་པར་ཞེན་པ་དགག་གོ། །ཅི་ལ་ཡང་མི་གནས་པར་ཞེས་བྱ་བ་འདིས་ནི་གཟུགས་ལ་སོགས་པ་དག་ལ་མིང་ཙམ་དུ་ཡོད་པར་མངོན་པ་ཞེན་པ་དགག་སྟེ། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་བསྟན་ཏོ། །ཅི་གཟུགས་ 95-241a ལ་སོགས་པ་ཡོད་བཞིན་དུ་དེ་ལ་གནས་པ་ལ་ཞེ་སྡང་བའི་ཕྱིར་རམ། འོན་ཏེ་མེད་པ་ཁོ་ན་ལ་ལོག་པར་མངོན་པར་ཞེན་པ་ཡོངས་སུ་སྤང་བའི་དོན་དུ་དགག་སྙམ་དུ་སེམས་པའི་འདྲི་བ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེ་ན་ཞེས་ཞུས་པ་དང་། ལན་དུ་གནས་པ་གང་ཡིན་པ་དེ་ཉིད་མི་གནས་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་སོ། །འདི་ལ་དོན་ནི་འདི་ཡིན་ཏེ། ཁྱེད་ཀྱི་སེམས་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ལ་དངོས་པོར་མངོན་པར་ཞེན་པའི་སྟོབས་ཀྱིས་གཟུགས་ལ་སོགས་པ་ལ་གནས་ཏེ། བདེན་པར་མངོན་པར་ཞེན་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་དངོས་པོ་གང་ཡིན་པ་མེད་པའི་ཕྱིར་དོན་དམ་པར་མི་གནས་པའོ། །དེ་བས་ན་ཞེས་བྱ་བ་མཇུག་བསྡུ་བ་འདིས་ནི་འདིར་ཕྱོགས་གཉིས་པ་ལ་གནས་པར་སྟོན་ཏེ། སྦྱིན་པའི་སྒྲས་སྔ་མ་བཞིན་དུ་འདིར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་དུ་བཞེད་དོ། །མི་བཟོད་པའི་གཞི་གཉིས་པའི་གཉེན་པོར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་མཐའ་དག་གིས་ཅི་གལ་ཏེ་བྱང་ཆུབ་སེམས་དཔའི་སུའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བྱ་དཀའ་བ་ལ་སྦྱོར་བ་རྩོམ་པར་སྤྲོ་ཡང་སེམས་ཅན་དེ་དག་ཀྱང་དོན་དམ་པར་མེད་ལ་སེམས་ཅན་དུ་འདུ་ཤེས་པ་ཡང་དོན་དམ་པར་མེད་ན་དེ་དག་ཇི་ལྟར་སེམས་ཅན་དེ་ལྟ་བུ་དག་ལོག་པར་འཇུག་པས་སྐྱོ་བར་འགྱུར་ཞེས་དེ་སྐད་ཡོངས་སུ་སྟོན་ཏོ། །སེམས་ཅན་དང་དེར་འདུ་ཤེས་པ་བཀག་པས་ནི་བདག་མེད་པ་གཉིས་ཀ་བརྗོད་དོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞེས་བྱ་བ་འདིས་ནི་འདིར་རྒྱ་ཆེ་བ་བསྟན་ཏོ། །ལྷག་མ་མཐའ་དག་གིས་ཟབ་པ་བསྟན་ཏོ། །དེ་ལྟར་རེ་ཞིག་རིགས་པས་བཟོད་པར་རིགས་སོ་ཞེས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་ཡིད་ཆེས་པས་ཀྱང་རིགས་སོ་ཞེས་བསྟན་པའི་ཕྱིར་ཡང་དག་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དང་པོ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །ཡང་ན་བདེན་པ་བཞི་བསྟན་པའོ། །གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་ཡང་དག་པ་གསུངས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་ཉོན་ 95-241b མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ཏེ། དེ་བཞིན་གཤེགས་པ་དེ་བཞིན་དུ་འདི་ཡང་གཤེགས་ཏེ་བྱོན་པས་དེ་བཞིན་གཤེགས་པའོ། །དེ་བས་ན་ཡང་དག་པ་ཕྱིན་ཅི་མ་ལོག་པར་གསུང་བ་སྟེ། ཕྱིན་ཅི་ལོག་ཏུ་སྟོན་པའི་རྒྱུ་སྒྲིབ་པ་མི་མངའ་བས་རྒྱུ་མི་དམིགས་པར་སྒྲུབ་པོ། །འདི་དེ་བཞིན་གཤེགས་པ་ཁོ་ན་ཡིན་པར་ཇི་ལྟར་འགྲུབ་སྙམ་པ་དང་། བདེན་པ་གསུང་བ་ཞེས་བྱ་བ་གསུངས་སོ། །བདེན་པ་སྟེ་འཕགས་པའི་བདེན་པ་བཞིའི་མཚན་ཉིད་གསུང་བའི་ངང་ཚུལ་ཅན་གང་ཡིན་པ་སྟེ། དེས་ན་དེ་དེ་བཞིན་གཤེགས་པ་ཞེས་བྱ་བར་ངེས་སོ། །ཤིན་ཏུ་སྐོལ་བའི་དོན་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པར་སྟོན་མི་སྲིད་དེ། ཇི་སྐད་དུ། ཐབས་ལས་བྱུང་དང་དེ་ཡི་རྒྱུ། །ལྐོག་གྱུར་དེ་བཤད་ཤིན་ཏུ་དཀའ། །ཞེས་བཤད་པ་ལྟ་བུའོ། །འདི་བདེན་པ་གསུང་བ་བདེན་པར་ཇི་ལྟར་ཤེས་སྙམ་པ་ལ་དེ་བཞིན་ཉིད་གསུང་བ་ཞེས་བྱ་བ་གསུངས་སོ། །དེ་དངོས་པོའི་དེ་ཁོ་ན་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་གསུང་བས་དེ་བཞིན་ཉིད་གསུང་བའོ། །དེ་སྤང་བར་བྱ་བ་དང་བླང་བར་བྱ་བའི་དེ་ཁོ་ན་ཐབས་བཅས་པར་ཇི་ལྟར་གནས་པ་བཞིན་དུ་གསུང་བ་སྟེ། དེ་ཇི་ལྟར་བདེན་པ་གསུང་བར་མི་འགྱུར། དེ་ལྟར་གྱུར་དུ་ཟིན་ཀྱང་དེས་བསྟན་པའི་བདེན་པ་བཞི་པོ་དེ་བཞིན་དུ་གནས་པར་ཅི་མངོན་སྙམ་པ་ལ། ལོག་པར་གསུང་བ་མ་ཡིན་ནོ་ཞེས་བྱ་བ་གསུངས་པའོ། །གང་གི་ཕྱིར་མ་ལོག་པ་ཚད་མ་དང་ལྡན་པར་གསུང་གི་ཚད་མས་གནོད་པ་མི་གསུང་བ་དེའི་ཕྱིར་བདེན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མཐའ་དག་གིས་ནི་འབྲས་བུའི་གཏན་ཚིགས་ཀྱིས་བཅོམ་ལྡན་འདས་ཚད་མར་བསྒྲུབས་སོ། །དེ་ཉིད་ཀྱི་ཕྱིར། སྐྱོབ་ལས་ཡང་དག་བསྟན་མ་ལུས། །ཁྱད་པར་ཅན་གྱི་མཁྱེན་པ་བསྒྲུབ། །ཅེས་བཤད་དོ། །དོན་དམ་པར་དངོས་པོའི་རང་བཞིན་གཅིག་ཀྱང་གྲུབ་པ་མེད་པས། བདེན་པ་གཅིག་ཀྱང་བསྒྲུབ་པར་དཀའ་ན་བདེན་པ་བཞིར་ལྟ་ག་ལ་འགྱུར་ཏེ། བདེན་པ་བཞི་བརྗོད་པས་ཡང་དག་པར་གསུང་བར་འགྱུར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་ནི་སྒྱུ་མ་ལྟ་བུའོ་ཞེས་གསུངས་ན་དེའི་བདག་ཉིད་སྡུག་བསྔལ་གྱི་བདེན་པར་ཇི་ལྟར་འགྱུར། སྡུག་བསྔལ་ཡང་དོན་དམ་པར་བརྫུན་ 95-242a པའི་ཕྱིར་དེ་ཀུན་ཏུ་འབྱུང་བ་དག་འགོག་པ་དག་ཀྱང་མེད་པ་ཁོ་ན་སྟེ། རི་བོང་གི་རྭ་ལ་སོགས་པ་ཤིན་ཏུ་མེད་པ་ལ་ནི་དེ་གཉིས་མི་སྲིད་དོ། །འགོག་པ་མེད་པས་དེར་འགྲོ་བའི་ལམ་ཡང་དོན་དམ་པར་མེད་པ་ཉིད་དེ། བགྲོད་པར་བྱ་བ་མེད་ན་འགྲོ་བ་ཡང་མེད་དོ། །འདི་སྐད་དུ། བྱང་ཆུབ་བཞགས་ནས་བདེན་པ་གཅིག་གྲུབ་པར། །གཟིགས་པ་མེད་ན་བཞིར་ལྟ་ག་ལ་འགྱུར། །ཞེས་བསྟན་པ་ལྟ་བུའོ། །དེ་ལ་བརྟགས་ནས་གང་དག་ཡང་དག་པར་གསུང་བ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་དེ་དག་གི་སྒྲོ་འདོགས་པའི་མཐའ་སྤང་བའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེན་པ་ཡང་མེད་ཅེས་བྱ་བ་ནི་དོན་དམ་པར་རང་བཞིན་གང་ཡང་གྲུབ་པ་མེད་པའི་ཕྱིར་རོ། །བརྫུན་པ་ཡང་མེད་ཅེས་བྱ་བ་ལ། བརྫུན་པ་ནི་བདེན་པ་རྣམ་པར་གཅོད་པར་གནས་པས་རྣམ་པར་གཅད་པར་བྱ་བ་དེ་མེད་པའི་ཕྱིར་གང་གིས་དེ་བརྫུན་པར་འགྱུར། ཡང་ན་བདེན་པ་མེད་ཅེས་བྱ་བ་ནི་ཇི་ལྟར་ཤེས་པའི་ངོ་བོ་སྒྱུ་མ་བཞིན་དུ་བརྫུན་པའི་ཕྱིར་རོ། །བརྫུན་པ་ཡང་མེད་ཅེས་བྱ་བ་ནི་མ་བརྟགས་ན་དགའ་བ་ཙམ་དུ་གནས་པའི་ཕྱིར་རོ། །མཐའ་གཉིས་བཀག་པ་འདིས་ནི་དབུ་མའི་ལམ་ཉིད་དུ་སྟོན་ཏོ། །ཉན་ཐོས་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་གང་ཟག་ལ་བདག་མེད་པ་ཙམ་གྱི་ཆ་ཤས་ཀྱིས་བདེན་པ་བཞི་པོ་དག་བསྟན་གྱི། ཐམས་ཅད་ཀྱི་ཆེད་དུ་མ་ཡིན་པས་འགལ་བ་མེད་དོ། །ཡང་གང་ལུས་ལ་སོགས་པ་དམིགས་ཤིང་དེ་དོན་དུ་གཉེར་བའི་ཕྱིར། སྦྱིན་པ་སྦྱིན་པར་བྱེད་པ་དང་། གང་ཡང་མི་དམིགས་པས་དོན་དུ་མི་གཉེར་བ་དེ་གཉིས་ཀྱི་ཁྱད་པར་ཅི་འདྲ་སྙམ་དུ་སེམས་པ་གང་ཡིན་པ་དེ་ནི་མི་བཟོད་པའི་གཞི་གསུམ་པའི་གཉེན་པོ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལུས་དང་སྲིད་པ་དང་ལོངས་སྤྱོད་ཀྱི་བདག་ཉིད་ཀྱི་དངོས་པོ་ལ་བདེ་བ་ཁོ་ནར་མངོན་པར་ཞེན་ཏེ། དེ་དོན་དུ་གཉེར་བ་དེར་ལྷུང་བའི་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་སྐྱེས་བུ་མུན་པར་ཞུགས་པ་བཞིན་ཏེ། མིག་ཡོད་དུ་ཟིན་ཀྱང་དངོས་པོའི་དོན་མི་དམིགས་པས་སྤང་བར་བྱ་བ་དང་བླང་བར་བྱ་བའི་དོན་མི་ཤེས་པས། ཕྱིན་ཅི་ལོག་གི་དངོས་པོ་སྡུག་བསྔལ་མཐའ་དག་གི་གནས་སུ་ལྷུང་ངོ་། །དེས་ན་བྱང་ཆུབ་སེམས་ 95-242b དཔའ་ལོངས་སྤྱོད་ཆེན་པོའི་བདེ་བ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དང་མི་ལྡན་པས་ཉན་ཐོས་ལ་སོགས་པ་བཞིན་དུ་སྡུག་བསྔལ་གྱིས་ཉེན་པས་བྱང་ཆུབ་ལས་ལོག་གོ། །གང་དངོས་པོར་མ་ལྷུང་བར་སྦྱིན་པ་སྦྱིན་པར་བྱེད་དོ། །ལུས་ལ་སོགས་པའི་དངོས་པོ་ལ་མི་དམིགས་ཤིང་དེ་དོན་དུ་མི་གཉེར་བར་སྦྱིན་པར་མི་བྱེད་པ་དེ་ནི་དཔེར་ན་སྐྱེས་བུ་མིག་དང་ལྡན་པས་གཟུགས་སྣ་ཚོགས་དག་ཡོད་པའི་ཕྱིར་མཐོང་ལ། མཐོང་ནས་ཀྱང་སྤང་བར་བྱ་བ་ནི་ཡོངས་སུ་སྤོང་། བླང་བར་བྱ་བ་ནི་ལེན་པ་བཞིན་ནོ། །དེ་ཡང་ཉི་མ་ཤར་ན་བརྒྱ་ལ་མི་མཐོང་བར་འགྱུར་རོ་སྙམ་པ་ལ་ཉི་མ་ཤར་ནས་ཞེས་བྱ་བ་གསུངས་སོ། །ཉི་མ་ཤར་དུ་ཟིན་ཀྱང་གལ་ཏེ་ན་ཁྱིམ་ལ་སོགས་པ་ཀུན་མུན་པ་ཅན་དག་ན་མི་མཐོང་ངོ་སྙམ་པ་ལ་ནམ་ལངས་ཏེ་ཞེས་བྱ་བ་གསུངས་སོ། །ནམ་ལངས་ཞེས་བྱ་བའི་སྒྲ་ནི་མུན་པར་བསྟན་ཏེ། དེས་ན་མུན་པ་མེད་པའི་ཕྱོགས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཚོགས་ཟིན་ཀྱང་ལོང་བ་གང་ཡིན་པ་དེས་བརྒྱ་ལམ་ན་ཡང་མི་མཐོང་ངོ་སྙམ་དུ་དོགས་ནས་མིག་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུར་ནི་བྱང་ཆུབ་སེམས་དཔའ་དངོས་པོར་མ་ལྷུང་བར་བལྟ་བར་བྱའོ། །དེ་ནི་མ་རིག་པའི་མུན་པ་ནམ་ལངས་ཤིང་། ཡེ་ཤེས་ཀྱི་ཉི་མ་ཤར་ནས་ཤེས་བྱ་རྣམ་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། ཕྱིན་ཅི་ལོག་གི་དངོས་པོ་སྡུག་བསྔལ་མཐའ་དག་གི་གནས་སྡུག་བསྔལ་སྤང་བར་བྱ་བ་ཡང་བརྫུན་པ་ཡིན་པས་ཡོངས་སུ་སྤོང་། བདེ་བ་མཐའ་དག་གི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཡང་དག་པའི་གོ་འཕང་བླང་བར་བྱ་བ་ཡང་འདོད་དེ་དེ་ལ་འཇུག་པར་རྩོམ་མོ། །དེས་ན་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་ཆེ་བ་ཕུན་སུམ་ཚོགས་པ་རྙེད་ནས། བླ་ན་མེད་པའི་བདེ་བས་ལུས་བརྟན་ཏེ། བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ལྡོག་པར་མི་འགྱུར་ཏེ། སྔར་ནི་དམིགས་པ་ཙམ་གྱིས་དེ་ལ་གནས་པ་ཞེས་བས་བསྟན། འདིར་ནི་དམིགས་པ་སྔོན་དུ་བཏང་བས་དེ་ལ་ཆགས་པའི་མཚན་ཉིད་དུ་ལྷུང་བའོ། །དེའི་ཕྱིར་འདིར་ནི་ལྷུང་བ་སྨོས་སོ། །སྔ་མར་ནི་གནས་པ་སྨོས་སོ། །འདི་མཐའ་དག་གིས་ནི་སེམས་ 95-243a རབ་ཏུ་གཟུང་བ་བསྟན་ཏོ། ། ༈ ཡེ་ཤེས་ཀྱི་ཚོགས་མ་བསགས་པའི་དབང་དུ་བྱས་ཏེ་བསྟན་པ། ༆ དེ་ལྟར་རྣམ་པ་འདིས་བཟོད་པ་ལ་བཙུད་ཀྱང་གང་དག་བསམ་གཏན་གྱི་རོ་མྱོང་བར་བྱེད་ཅིང་། དེ་ཉིད་ལ་ཆགས་ནས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཀང་བའི་རྒྱུ་ཐེག་པ་ཆེན་པོའི་ཆོས་ལ་མི་བརྩོན་པ་དེ་དག་ཡེ་ཤེས་ཀྱི་ཚོགས་དང་མི་ལྡན་པ་དང་དབྲལ་བའི་ཕྱིར་གནས་བཅུ་བཞི་པའི་དབང་དུ་མཛད་ནས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་འདིས་ནི་བསམ་གཏན་གྱི་རོ་མྱང་བ་དང་དབྲལ་བའི་ཕྱིར། རྣམ་པ་ལྔས་དམ་པའི་ཆོས་ལ་བརྩོན་པར་བྱ་བའི་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་སྟོན་ཏོ། །དེ་བཞིན་གཤེགས་པས་དགོངས་པ་དང་བསོད་ནམས་ཁྱད་པར་དུ་འཕགས་པ་ཡོངས་སུ་སྡུད་པ་དང་། ཆོས་དང་། དེ་སྒྲུབ་པར་བྱེད་པ་ལ་སྟོན་པ་དང་། ལྷ་ལ་སོགས་པས་རིམ་གྲོ་བྱེད་པ་དང་། སྡིག་པ་ཡོངས་སུ་བྱང་བར་འགྱུར་བའོ། །དེ་ལ་དེ་བཞིན་གཤེགས་པས་དགོངས་པ་ནི་དེ་དག་དེ་བཞིན་གཤེགས་པས་མཁྱེན་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ། །ལེན་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་བཤད་པ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་དང་། གཟིགས་པ་ཡིན། དེ་ལ་དེ་དག་ལ་ཡ་མཚན་ཆེ་བ་ཅི་ཡོད་སྙམ་པ་ལ་བརྟགས་ནས་བསོད་ནམས་ཡོངས་སུ་སྡུད་པའི་ཁྱད་པར་བསྟན་པའི་ཕྱིར། སེམས་ཅན་དེ་དག་ཐམས་ཅད་ཅེས་བྱ་བ་གསུངས་སོ། །བསོད་རྣམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པས་དེ་དག་སྐལ་བ་ཡོད་པར་མཁྱེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་བསོད་ནམས་ཀྱི་ཕུང་པོའི་ཁྱད་པར་ཅི་ཞིག་ཡོད་པ་གང་གིས་ན་ཚད་མེད་པར་འགྱུར་སྙམ་པ་ལ་བརྟགས་ནས། བསོད་ནམས་ཁྱད་པར་དུ་འཕགས་པ་ཡོངས་སུ་སྡུད་པར་བསྟན་པའི་ཕྱིར་ཡང་རབ་འབྱོར་སྐྱེས་པའམ་བུད་མེད་གང་ཞིག་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉི་མ་དང་། འོད་དང་། ས་དང་ཆུ་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་ནི་སྔ་དྲོ་སྟེ། དེ་ལྟར་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་ཁོ་ན་ལ་དུས་ཞེས་བརྟགས་ཀྱི་བྱེ་བྲག་ཅན་ལ་སོགས་པས་ཡོངས་སུ་བརྟགས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུས་ཀྱི་སྒྲ་དང་དེ་ནི་གཞི་མཐུན་པས་བྱེ་བྲག་ཏུ་བྱས་སོ། །དེ་ལྟ་མ་ཡིན་ན་དེ་གཅིག་པུའི་ 95-243b ངོ་བོ་ཡིན་པས་འདི་ནི་སྔ་དྲོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །གཞན་གྱི་བྱེ་བྲག་གིས་རྣམ་པར་དབྱེ་བར་ཁས་ལེན་ན་བྱེ་བྲག་དེ་ཉིད་ཉི་མ་ལ་སོགས་པའི་གནས་ཀྱི་བྱེ་བྲག་སྔ་དྲོ་ལ་སོགས་པར་ཐ་སྙད་གདགས་པའི་རྒྱུ་ཡིན་ན། ཅུང་ཟད་ཀྱང་མི་བྱེད་ལ་མཐུ་མ་མཐོང་བའི་དུས་བརྟགས་ཏེ་ཅི་ཞིག་བྱ་སྙམ་དུ་དགོངས་པའོ། །དེ་བློ་བུལ་བ་དང་། མྱུར་བ་ལ་སོགས་པའི་རྟགས་ཅན་དུ་ཡང་རིགས་པ་མ་ཡིན་ཏེ། བློ་བུལ་བ་ལ་སོགས་པ་དེ་དག་དེའི་རྒྱུ་ལས་བྱུང་དུ་རིམ་གྱིས་འབྱུང་བ་དང་འགལ་བའི་ཕྱིར་རོ། །དེ་ནི་སྔར་བསྟན་པ་ཉིད་དོ། །གནོད་པ་ཅན་གྱི་ཚད་མ་ནི་བདག་སུན་དབྱུང་བའི་སྐབས་སུ་སྔར་བསྟན་པས་མང་དུ་མི་དགོས་སོ། །དེ་ལ་རང་དགའ་བས་བསྐྱེད་པའི་བརྡའི་དབང་གིས་སྲོག་ཆགས་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་རྣམ་པ་དེ་ལྟ་བུ་ལ་དུས་ཞེས་ཐ་སྙད་བཏགས་ཀྱི་སྒྲ་དང་དོན་དུ་འབྲེལ་པ་བརྟགས་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚེ་ཞེས་བྱ་བའི་སྒྲས་བྱེ་བྲག་ཏུ་བྱས་སོ། །གང་ཡང་རུང་བ་ཞིག་སྨོས་ན་ནི་ཇི་སྐད་བསྟན་པའི་འདོད་པ་བསྟན་པར་མི་འགྱུར་བས་ཚིག་གསུམ་ཆར་སྨོས་སོ། །བརྡའི་ཡུལ་ཡིན་པའི་ཕྱིར། བརྡའི་སྒྲར་སྒྲོ་བཏགས་ནས་གཞི་མཐུན་པར་བྱས་སོ། །འདིར་ནི་བསམ་གཏན་གྱི་རོ་མྱང་བ་དང་དབྲལ་བའི་ཕྱིར་འདི་བརྗོད་ལ། སྔ་མ་ལ་ནི་སྦྱིན་པར་བྱ་བ་དང་། དུས་ཀྱི་རྣམ་པ་འདི་ལྟ་བུ་མ་བསྟན་པའི་ཕྱིར་ཟློས་པར་མི་འགྱུར་རོ། །དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲང་མེད་དཔག་ཏུ་མེད་པ་བསྐྱེད་ཅེས་བྱ་བ་འདིས་ནི་རྒྱ་ཆེ་བ་ཡོངས་སུ་སྟོན་ཏོ། །གྲངས་དང་རྫས་དང་དུས་ཀྱི་བྱེ་བྲག་ཁྱད་པར་དུ་འཕགས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཟིལ་གྱིས་གནོན་པའི་ཕྱིར་རོ། །འདི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བ་ནི་གྲངས་ཀྱི་བྱེ་བྲག་བསྟན་པའོ། །ལུས་ཞེས་བྱ་བ་ནི་གཏིང་དཔག་དཀའ་བ་སྟེ་རྫས་ཀྱི་བྱེ་བྲག་གོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཅེས་བྱ་བ་ནི་དུས་ཀྱི་བྱེ་བྲག་གོ། །བསྐལ་པ་བྱེ་བ་དེ་ཡང་ཁྲག་ཁྲིག་གོ། །དེ་ཡང་འབུམ་ཞེས་ཚིག་སྦྱར་རོ། །དེ་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། ཆོས་ལ་བསྟོད་པའི་ཁྱད་པར་བསྟན་པའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ 95-244a བསམ་གྱིས་མི་ཁྱབ་ཅེས་བྱ་བ་ཤིན་ཏུ་ཟབ་པ་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཉན་ཐོས་ལ་སོགས་པ་གཞན་དག་གིས་བསམ་པར་མི་ནུས་པ་འདིར་བསྟན་པའི་ཕྱིར་རོ། །མཚུངས་པ་མེད་ཅེས་བྱ་བ་ནི་གཞན་དུ་ནི་རྣམ་པ་འདི་ལྟ་བུ་མ་བསྟན་པས། འདི་དང་མཚུངས་པའམ། ཁྱད་པར་དུ་འཕགས་པ་མེད་པའི་ཕྱིར་རོ། །འདིས་ནི་མཉམ་པ་དང་ལྷག་པ་མེད་པའི་ཕྱིར། རྒྱུ་བསམ་གྱིས་མི་ཁྱབ་པ་ལས་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཉིད་འབྱུང་ངོ་ཞེས་དེ་སྐད་སྟོན་ཏོ། །ཇི་ལྟར་མཚུངས་པ་མེད་སྙམ་པ་ལ་ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་གསུངས་སོ། །ཤིན་ཏུ་ཕ་རོལ་ཏུ་ཕྱིན་པ་ནི་ཕུལ་དུ་ཕྱིན་པ་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་མཆོག་ཅེས་བྱ་བ་ནི་མཆོག་རྣམས་ཀྱི་ཐེག་པ་ཡིན་ནམ། དེ་ཐེག་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། གང་དག་དེར་ཡང་དག་པར་ཞུགས་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །དེ་བཞིན་དུ་ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ཡང་མཐུན་ཏེ། དེ་གཉིས་ནི་རྣམ་གྲངས་སུ་གཏོགས་པའོ། །རྣམ་གྲངས་བསྟན་པའི་དགོངས་པ་ནི་གདུལ་བའི་སྐྱེ་བོ་ལ་ཕན་གདགས་པ་སྟེ། ལ་ལ་གང་གིས་འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ་འདི་ལས་གཞན་པའི་ཐེག་པ་ལ་ལྟོས་ནས་མཆོག་གོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པས་ཕུལ་དུ་ཕྱིན་པའོ་ཞེའོ། །ཡང་ན་མཆོག་ནི་དམ་པའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་ཉན་ཐོས་ཀྱི་ཐེག་པ་ལ་ལྟོས་ནས་དམ་པ་ཡོད་སྙམ་པ་ལ་ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་གསུངས་སོ། །ཤིན་ཏུ་རབ་ཏུ་ཕྱིན་པ་ནི་ཕུལ་དུ་ཕྱིན་པ་ཞེས་བྱ་བ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པ་མང་པོ་དག་གི་ནང་ན་འདི་ཤིན་ཏུ་རབ་ཏུ་ཕྱིན་པས་འདིར་ཕུལ་དུ་ཕྱིན་པ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་ནི་ཐེག་པ་ཆེན་པོ་ཉིད་དོ། །ཉན་ཐོས་ལ་སོགས་པ་རྣམས་ནི་ཆོས་བསྟན་པ་འདི་ལྟ་བུའི་སྣོད་མ་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་སོ། །དེས་ན་ཆོས་ཀྱི་རྣམ་གྲངས་ 95-244b འདི་ལ་མཚུངས་པ་མེད་ཅེས་བསྒྲུབས་པ་ཡིན་ནོ། །དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་འདི་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་རྣམས་རབ་ཏུ་བསྒྲུབས་ནས་མཇུག་བསྡུ་བར་བྱེད་ཅིང་དེ་སྒྲུབ་པར་བྱེད་པ་ལ་བསྟོད་པའི་ཁྱད་པར་སྟོན་ཏོ། །གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པ་དེའི་ཕྱིར། དེའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་སྟེ། དེས་ན་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ཞེས་བྱ་བ་ལ་སོགས་པ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསམ་པའི་ཡུལ་ལས་འདས་པའི་ཕྱིར། རྗེས་སུ་དཔག་པ་མེད་པའི་ཕྱིར་སྟོན་ཏོ། །མཚུངས་པ་མེད་ཅེས་བྱ་བ་ནི་ཟླ་མེད་པའོ། །གཞལ་དུ་མེད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསྒོས་ཀྱང་གཞལ་དུ་མི་ནུས་པའི་ཕྱིར་རོ། །ཚད་མེད་ཅེས་བྱ་བ་ནི་ཡུལ་ཆེན་པོ་ལ་སོགས་པས་ཀྱང་ཚད་དུ་མི་རུང་བས་ནམ་མཁའ་བས་ཀྱང་ལྷག་པའི་ཕྱིར་རོ། །ཡང་ན་འདི་དང་ཐམས་ཅད་ནི་རྣམ་གྲངས་སུ་གཏོགས་པའོ། །སེམས་ཅན་དེ་དག་ཐམས་ཅད་ངའི་བྱང་ཆུབ་ཕྲག་པར་ཐོགས་པ་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཁུར་ཁྱེར་བས་ཕྲག་ལ་ཁྱེར་བ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མཐའ་དག་གིས་ནི་བསམ་གཏན་གྱི་བདེ་བའི་རོ་མྱང་བ་ཡོངས་སུ་བཏང་སྟེ། ཡེ་ཤེས་ཀྱི་ཚོགས་བསྐང་བའི་རྒྱུ་ཆོས་ཡོངས་སུ་གཟུང་བ་ལ་སོགས་པ་ཉིད་ལ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །ཅི་བཅོམ་ལྡན་འདས་ལ་ཡང་ཞེ་སྡང་དང་འདོད་པ་མངའ་འམ་སྙམ་དུ་སེམས་ཤིང་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་དམན་པ་ལ་མོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པའི་ཕྱིར་ཞེ་སྡང་དང་འདོད་པ་མི་མངའ་མོད་ཀྱི་འོན་ཀྱང་གང་དག་གི་ཚེ་སྣོད་དུ་གྱུར་པ་དེ་དག་ལ་དེའི་ཚེ་སྟོན་ཏེ་གཞན་དུ་ནི་མ་ཡིན་ནོ། ། 95-245a དེ་ལྟར་མ་ཡིན་ན་ཐམས་ཅད་མཁྱེན་པས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་དེ་སྐད་སྟོན་ཏོ། །དམན་པ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སོ། །བདག་ལ་སོགས་པར་ལྟ་བ་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱི་རོལ་པ་རྣམས་ཀྱིས་སོ། །དེ་ནི་གནས་མེད་ཅེས་བྱ་བ་ནི་དེ་གོ་སྐབས་མེད་ཅེས་བྱ་བའོ། །གང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་མཉན་པར་མི་ནུས་པ་དེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནུས་པར་ཇི་ལྟར་འགྱུར། གང་དེ་དག་གིས་མཉན་པར་མི་ནུས་པ་དེ་བླང་བ་དང་ཀུན་ཆུབ་པར་བྱ་བར་ཇི་ལྟར་ནུས་ཏེ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་འཛུད་དོ། །གལ་ཏེ་དེ་ལྟར་ན་འཕགས་པ་རབ་འབྱོར་གྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་མཉན་པར་ནུས་ཤེ་ན། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཏེ་ཉེས་པ་མེད་དོ། །ས་ཐམས་ཅད་ལས་གང་དུ་མདོ་འདི་བཤད་པའི་ས་ཕྱོགས་གཅིག་པུ་བསྔགས་པར་འགྱུར་རོ་ཞེས་བསྟན་པར་ལྷ་ལ་སོགས་པ་རིམ་གྲོ་བྱེད་པའི་ཁྱད་པར་བསྟན་པའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་ནི་ཕྱིའི་བསྟན་བཅོས་ལ་རྗེས་སུ་ཆགས་པ་དང་དབྲལ་བའི་ཕྱིར་གསུངས་ལ། ད་ནི་བསམ་གཏན་གྱི་རོ་མྱང་བ་དང་དབྲལ་བའི་ཕྱིར་གསུངས་པས་ཚིག་ཟློས་པར་མི་འགྱུར་ཏེ། ཐམས་ཅད་བསྡུས་པའི་དོན་བརྗོད་པ་ཁོ་ནས་སྐབས་ཐ་དད་པར་བརྗོད་པའི་ཕྱིར་ཟློས་པར་མི་འགྱུར་བར་ཤེས་པར་བྱའོ། །མཆོད་པར་འོས་པར་འགྱུར་ཞེས་བྱ་བ་ནི་གདུགས་དང་། རྒྱལ་མཚན་དང་བ་དན་ལ་སོགས་པས་སོ། །ཕྱག་བྱ་བར་འོས་པ་ནི་འདུད་པར་བྱ་བའོ། །བསྐོར་བ་བྱ་བར་འོས་པ་ནི་བསྐོར་བར་བྱ་བའོ། །དེའི་ཕྱིར་མཆོད་པར་འོས་པ་ལ་སོགས་པའི་ཆོས་དང་ལྡན་པས་མཆོད་རྟེན་ནོ། །གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་འདྲ་བ་འདི་ལ་རབ་ཏུ་བརྩོན་པ་དག་ལས་ཀྱང་ལ་ལ་མནར་བར་འགྱུར་བར་ཇི་ལྟར་སྣང་སྙམ་དུ་སེམས་པ་ལ་སྡིག་པ་ཡོངས་སུ་འབྱུང་བའི་ཁྱད་པར་བརྟེན་པའི་ཕྱིར་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མནར་བར་འགྱུར་ཞེས་བྱ་བ་ནི་སྤྱོ་བ་དང་། མཚང་འབྲུ་བ་ལ་སོགས་པས་གནོད་པར་བྱེད་པའོ། ། 95-245b ཡོངས་སུ་མནར་བར་འགྱུར་ཞེས་བྱ་བ་ནི་གསད་པ་དང་བཅིང་བ་ལ་སོགས་པས་གནོད་པར་བྱེད་པའོ། །བདག་ཉིད་ཆེན་པོ་དེ་ལྟ་བུ་དག་ལ་ཇི་ལྟར་མནར་བར་འགྱུར་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་འདི་ལྟར་སེམས་ཅན་དེ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚེ་རབས་སྔ་མའི་ཞེས་བྱ་བ་ནི་ཚེ་རབས་སྔ་མ་ལ་བྱས་པ་དག་གོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ཚེ་ལའོ། །སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་སྡིག་པ་ཡོངས་སུ་བྱང་ནས་དུས་གཞན་ན་བསྒོམ་པ་ལ་བརྩོན་པ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ་ཞེས་གང་གསུངས་པ་དེ་ལ། རྣམ་པ་གང་གིས་གྲངས་མེད་དཔག་ཏུ་མེད་པར་ཁོང་དུ་ཆུད་པར་བྱ་སྙམ་མམ་རབ་འབྱོར་ངས་མངོན་པར་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ནི་མཐུ་དང་། མང་བས་གྲངས་མེད་དཔག་ཏུ་མེད་པར་བསྟན་ཏེ། དེ་ལ་རབ་འབྱོར་མངོན་པར་ཤེས་ཏེ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་མཐུ་ཡོངས་སུ་བསྟན་ཏོ། །འདི་ནི་བསོད་ནམས་ཀྱི་ཕུང་པོ་དེའི་མཐུ་སྟེ། བསོད་ནམས་ཀྱི་ཕུང་པོ་ཆེས་ཁྱད་པར་དུ་འཕགས་པ་མཆོག་ཏུ་གྱུར་པ་འདི་སྙེད་ཀྱང་ཟིལ་གྱིས་གནོན་པའི་ཕྱིར་རོ། །མར་མེ་མཛད་ནས་བཟུང་སྟེ་བསྐལ་པ་གྲངས་མེད་པའི་བར་དུ་སྟེ། བསྐལ་པ་གྲངས་མེད་པ་ནི་གྲངས་ཟད་པའི་ཕྱིར་རོ། །མར་མེ་མཛད་ཀྱི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་གང་དག་བྱུང་བ་ངས་མཉེས་པར་བྱས་ཏེ་ཞེས་བྱ་བ་ནི་སྒྲུབ་པའི་མཆོད་པས་མཆོད་པའོ། །ཐུགས་བྱུང་བར་མ་བྱས་ཞེས་བྱ་བ་ནི་བར་སྐབས་སུ་ཡང་བསྒྲུབ་པ་དེ་མ་བཏང་བའི་ཕྱིར་རོ། །གང་ཡིན་པ་ཞེས་བྱ་བ་ནི་བྱེད་པའི་བྱེ་བྲག་གོ། །དེས་ན་དོན་ནི་འདི་ཡིན་ཏེ། མཉེས་པར་བྱེད་པ་ལ་སོགས་པ་གང་ཡིན་པ་དང་། ལེན་པ་ལ་སོགས་པ་གང་ཡིན་པའི་བསོད་ནམས་ཀྱི་ཕུང་པོ་དད་པ་ལ་སོགས་པ་དང་། དེས་བསྐྱེད་པའི་བག་ཆགས་ 95-246a ཀྱི་ངོ་བོའི་ཕུང་པོ་འདི་གཉིས་ལས་བསོད་ནམས་ཀྱི་ཕུང་པོ་སྔ་མས་བསོད་རྣམས་ཀྱི་ཕུང་པོ་ཕྱི་མ་འདིའི་བརྒྱའི་ཆར་ཡང་མི་ཕོད་ཅེས་བྱ་བའོ། །འདི་སྙེད་པས་ཀྱང་ཉུང་བ་བསྟན་པའི་ཕྱིར་སྟོང་གི་ཆ་ཞེས་བྱ་བ་གསུངས་སོ། །གྲངས་ཞེས་བྱ་བ་ནི་མཚུངས་པ་དེ་དག་ཁོ་ན་ལ་རིགས་པ་སྟེ། དཔེར་ན་གངས་ཅན་དང་གཉིས་པ་ནི་འབིགས་བྱེད་དོ་ཞེས་བྱ་བའི་ཡུངས་ཀར་ནི་མ་ཡིན་པ་བཞིན་ནོ། །ཆ་ཞེས་བྱ་བ་ནི་ཆ་ཤས་སོ། །དེ་ཡང་རིགས་འདྲ་བའི་ངོ་བོ་ཡིན་ཏེ། དཔེར་ན་རི་རབ་རྣམས་ཀྱི་ཆ་ནི་རིའི་རྩེ་མོ་ཡིན་གྱི་རྩྭའི་རྩེ་མོ་ནི་མ་ཡིན་པ་བཞིན་ནོ། །བགྲང་བ་ཞེས་བྱ་བ་ནི་དེ་ཡང་མཚུངས་པ་དག་ཁོ་ན་ལ་ཡིན་ཏེ། དཔེར་ན་ལྷུན་པོ་ཡང་རི་ཡིན་ལ། གངས་ཅན་ཡང་རི་ཡིན་ནོ་ཞེས་བྱའི་ཡུངས་ཀར་ཡིན་ཞེས་མི་བྱ་བ་བཞིན་ནོ། །དཔེ་ཞེས་བྱ་བ་ནི། དཔེ་ཡང་འདྲ་བ་ཁོ་ན་ཡིན་ཏེ། དཔེར་ན་བ་མེན་ལ་བ་ལང་དང་འདྲའོ་ཞེས་བྱའི་སྦྲང་མ་ལ་ནི་མི་བྱ་བ་བཞིན་ནོ། །ཆུང་ཡང་ཡོངས་སུ་སྦྱང་བ་བྱས་པའི་དབང་གིས་ན་དེའི་བྱ་བ་བྱེད་པར་འགྱུར་ཏེ། དཔེར་ན་ཟོར་བ་རྣོན་པོར་བྱས་ན་རལ་གྲི་ལ་བྱ་བ་བྱེད་པ་བཞིན་ནོ་སྙམ་པ་ལ། ཟླ་ཞེས་བྱ་བ་གསུངས་ཏེ། གླེབ་ཅིང་ཞེང་ཆེར་བྱ་བའི་ཐབས་རྙེད་དོ། །རྣོན་པོར་བྱས་ཀྱང་ཧ་ཅང་ཆུང་བས་མི་བཟོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རྒྱུར་ཡང་ཞེས་བྱ་བ་སྨོས་ཏེ། དེའི་རྒྱུའི་དངོས་པོར་ཡང་མི་བཟད་པའོ། །འདི་དག་ནི་ཐམས་ཅད་མཁྱེན་པའི་བཀའ་ཁོ་ན་ལས་ཤེས་པར་བྱ་སྟེ། དབང་པོའི་ཡུལ་ལས་འདས་པའི་དོན་རྣམ་པ་འདི་ལྟ་བུ་ལ་ནི། ཐམས་ཅད་མཁྱེན་པའི་བཀའ་ཁོ་ན་ཚད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ཡོངས་སུ་དག་པའི་དུས་ན་ནི། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་དག་པ་ཡིན་པས་ངོ་མཚར་མི་ཆེའི་ཡོངས་སུ་མ་དག་པའི་དུས་ན་སེམས་ཅན་དག་སྐད་ཅིག་ཙམ་བསམ་པ་ཡོངས་སུ་དག་པར་གྱུར་པ་གང་ཡིན་པ་དེ་ནི་ངོ་མཚར་ཏོ། །དེ་ལྟར་རེ་ཞིག་མཐུའི་སྒོ་ནས་དཔག་ཏུ་མེད་པར་བསྟན་ཏོ། །གྲངས་ཀྱིས་ཇི་ལྟར་གྲངས་མེད་སྙམ་པ་ཡིན་པ་ལ་རབ་འབྱོར་གལ་ཏེ་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་ནི་རབ་ཏུ་མང་བར་ཡོངས་སུ་སྟོན་ཏོ། །བསོད་ནམས་དེ་བགྲང་བས་ཀྱང་སྒྱིད་ལུག་ནས་མགོ་རྨོངས་པར་འགྱུར་བའི་སེམས་ཀྱི་ནད་ཀྱི་བྱེ་བྲག་མྱོ་མྱོ་པོར་ 95-246b འགྱུར་རོ། །དེའི་འོག་ཏུ་སྨྱོ་བ་ལས་བྱུང་བ་སེམས་འཁྲུགས་པར་འགྱུར་རོ། །འདིས་ནི་ཟབ་པ་དང་རྒྱ་ཆེ་བ་བསྟན་ཏོ། །འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་གྲངས་དང་མཐུར་ལྡན་པའི་འབྲས་བུ་འདི་ལྟ་བུར་འགྱུར་བ་ཇི་ལྟར་ཤེས་སྙམ་པ་ལ་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཡང་འབྲས་བུ་ནི་རྒྱུ་དང་མཐུན་པ་ཁོ་ནར་འགྱུར་རོ། །ཤིང་ནྱ་གྲོ་དྷ་ལ་སོགས་པ་ཆུང་ཡང་ཤིན་ཏུ་སྙིང་པོ་དང་ལྡན་པས་ཡལ་ག་དང་ལོ་མ་དང་ཤིང་ཞེས་བྱ་བའི་འབྲས་བུ་ཆེན་པོར་འགྱུར་བ་ཡང་མི་དམིགས་སོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་ལེའུ་ཉུང་དུ་ཟིན་ཀྱང་ཤིན་ཏུ་ཟབ་སྟེ་བསམ་གྱིས་མི་ཁྱབ་པའི་ཆོས་བསྟན་པའི་ཕྱིར་བསམ་གྱིས་མི་ཁྱབ་བོ། །དེས་ན་བསམ་གྱིས་མི་ཁྱབ་པ་འདི་ལས་རྒྱུ་དང་རྐྱེན་མཐུན་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པར་འགྱུར་ཏེ། རྒྱུ་རྐྱེན་རྣམས་ཀྱི་མཐུ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འདིར་རྣམ་པར་སྨིན་པའི་སྒྲ་ནི་འབྲས་བུ་ཙམ་ལ་བྱ་སྟེ། དེས་ན་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཡང་བསྡུ་བར་འགྱུར་རོ། །འདི་མཐའ་དག་གིས་ནི་སེམས་རབ་ཏུ་གཟུང་བར་བསྟན་ཏོ། ། ༈ བདག་ཏུ་རབ་ཏུ་འཛིན་པ་བསྟན་པ། ༆ དེ་ལྟར་བསམ་གཏན་གྱི་རོ་མྱང་བ་བསལ་དུ་ཟིན་ཀྱང་མངོན་པར་རྟོགས་པའི་དུས་དང་ཉེ་བ་ན་བྱང་ཆུབ་སེམས་དཔའ་གང་དག་བདག་ཉིད་ཁྱད་པར་མཐོང་ནས་བདག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡང་དག་པར་ཞུགས་ཀྱིས་བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་སེམས་པ་དེ་དག་བདག་ཏུ་འཛིན་པ་དང་དབྲལ་ཞིང་མངོན་པར་རྟོགས་པའི་དུས་དེ་ན་ཇི་ལྟར་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་པའི་ཕྱིར་གནས་བཅོ་ལྔ་པའི་དབང་དུ་མཛད་ནས། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བྱ་བ་ལ་སོགས་པ་གསོལ་ཏོ། །གནས་པ་ལ་སོགས་པ་གསུམ་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ཉིད་དོ། །རབ་འབྱོར་གང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིར་ལྷག་པ་འདིས་ནི་བདག་ཏུ་འཛིན་པ་དང་བྲལ་བར་བྱེད་དོ། །ལྷག་མ་རྣམས་ 95-247a ཀྱི་བཤད་པ་ནི་སྔ་མ་བཞིན་ནོ། །ཇི་སྐད་དུ་གང་ཟག་དང་ཆོས་ལ་བདག་མེད་པ་འདི་བཅོམ་ལྡན་འདས་ཀྱིས་སྔར་ཡང་དག་པར་རབ་ཏུ་བཤད་ན། དེ་བཤད་ཟིན་བཞིན་དུ་ཡང་ཕྱིས་མངོན་པར་རྟོགས་པའི་དུས་ན་བྱང་ཆུབ་སེམས་དཔའི་བདག་ཏུ་འཛིན་པ་འབྱུང་བར་ཇི་ལྟར་འགྱུར། གང་གི་ཕྱིར་དེ་གསལ་བའི་ཕྱིར་བསྟན་ཟིན་པ་ཡང་ཡང་སྟོན་པར་བྱེད། འོན་ཏེ་དེ་ལྟར་བསྟན་ཀྱང་ཀུན་དུ་རྨོངས་པར་འགྱུར་ན་ནི་དེ་ལྟ་ན་གོང་དུ་བཤད་པ་ཐུག་པ་མེད་པར་འགྱུར་རོ་ཞེས་སྨྲས་པ། དེ་ལྟར་བསྟན་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ནས་ཤིན་ཏུ་བརྟན་པོར་བདག་ཏུ་མངོན་པར་ཞེན་པའི་སྟོབས་ཀྱིས་ཁ་ཅིག་གི་ཀུན་ཏུ་རྨོངས་པ་འཕྲལ་དུ་མི་ལྡོག་པས་བསྟན་ཟིན་པའི་དོན་ཀྱང་ཡང་སྟོན་ཏེ། ཡང་བསྟན་པ་ཉིད་ཀྱིས། དེའི་དུས་ན་འཁོར་རྣམས་ཀྱི་ཀུན་ཏུ་རྨོངས་པ་ལྡོག་པའི་ཕྱིར་ཐུག་པ་མེད་པར་མི་འགྱུར་རོ། །བཅོམ་ལྡན་འདས་སྟོན་པར་མཛད་པའི་འབྲས་བུ་གདུལ་བའི་སྐྱེ་བོ་ཀུན་ཏུ་རྨོངས་པ་ལས་བཟློག་པ་སྟེ། འབྲས་བུ་མེད་པ་མ་ཡིན་ནོ། །དེས་ན་ཀུན་ཏུ་རྨོངས་པ་ལོག་ན་འབྲས་བུ་མེད་པའི་ཕྱིར་ཡང་མི་འཇུག་པས་འདི་ནི་གྱི་ནའོ། ། ༈ གདམས་ངག་དང་མི་ལྡན་པ་བསྟན་པ། ༆ གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་དུ་ཟིན་ན་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྟོན་པ་མར་མེ་མཛད་ལས་གདམས་ངག་བརྙེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་འོན་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ན་ནི་མངོན་པར་རྟོགས་པར་འདོད་པས་གདམས་ངག་ཡོངས་སུ་བཙལ་བར་བྱ་མི་དགོས་སོ་སྙམ་དུ་གང་དག་སེམས་པ་དེ་དག་གི་ཆེད་དུ་གདམས་ངག་དང་མི་ལྡན་པ་དང་དབྲལ་བའི་ཕྱིར་གནས་བཅུ་དྲུག་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་ནི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་དུས་ན་བཤད་པའི་ཆོས་འཛིན་པ་བཀག །ད་ནི་མངོན་པར་རྫོགས་པའི་དུས་ན་མངོན་པར་རྫོགས་པར་སངས་རྒྱས་པ་བཀག་སྟེ། ཟློས་པ་མ་ཡིན་ནོ། །དོན་དམ་པར་ཤེས་པ་དང་ཤེས་བྱའི་བདག་ཉིད་ཀྱི་ཆོས་དེ་གང་ཡང་མེད་དེ་ཇི་ལྟར་སྔར་དཔྱད་པ་བཞིན་ནོ། །དེའི་དབང་གིས་བརྟགས་ན་དཀའ་བ་ཙམ་དུ་ཐོས་པ་ལས་བྱུང་བ་ལ་སོགས་པ་ 95-247b ལ་ཤེས་རབ་སྐྱེ་བའི་རིམ་གྱིས། བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་ཡང་དག་པའི་ཀུན་རྫོབ་ཀྱིས་བསྡུས་པ་བདག་ཉིད་ཀྱིས་འབྱུང་བར་ཟད་དོ། །དེ་ཡང་གལ་ཏེ་བཅོམ་ལྡན་འདས་མར་མེ་མཛད་ཀྱི་དབང་ཙམ་ཡིན་པར་ཟད་དམ་ཞེ་ན། དེ་ལྟ་ཡིན་ན་ཡང་བླ་མོད་ཀྱི་འོན་ཀྱང་དེ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་དབང་ཐུན་མོང་སྟེ། བཅོམ་ལྡན་འདས་མར་མེ་མཛད་འབའ་ཞིག་གི་ནི་མ་ཡིན་ནོ། །གལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ན་དེས་ཇི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་སྙམ་པ་ལ། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་དོན་དམ་པར་བཅོམ་ལྡན་འདས་ཀྱི་སོ་སོ་རང་གིས་རིག་པའི་ཆོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་དེའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏམ། གལ་ཏེ་ཡང་བདག་གིས་ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་སྙམ་དུ་མངོན་པའི་ང་རྒྱལ་དུ་གྱུར་ན་དེའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་དང་། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་དེ་བཞིན་གཤེགས་པའི་ལུང་བསྟན་པར་མི་འགྱུར་བ་ཞིག་ན་གང་གི་ཕྱིར། དེའི་ཚེ་ངས་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ལ་ཆོས་ལ་སོགས་པ་ལ་ཡང་མངོན་པར་ཞེན་པ་མེད་པ་དེ་ཉིད་ཀྱི་ཕྱིར། ང་ཕྱིན་ཅི་ལོག་ཏུ་མ་གྱུར་པའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ལ་གནས་པར་ལུང་བསྟན་ཏོ། །མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་ཅེས་བྱ་བ་འདིས་ནི་དོན་གྱིས་ན་མར་མེ་མཛད་ལས་གདམས་ངག་བླངས་པར་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ཅིང་། རྣམ་པར་རྟག་པ་དེ་སྤང་བའི་ཕྱིར། འདུན་པ་དང་། སྨོན་ལམ་གདབ་པ་ཡང་སྟོན་ཏོ། །མར་མེ་མཛད་ཅེས་བྱ་བ་མཚན་མ་ཙམ་ཞིག་བརྗོད་པས་ཆོས་ལེན་པར་རྣམ་པར་རྟོག་པ་ཐམས་ཅད་ཟློག་གོ། །མེད་དོ་ཞེས་བྱ་བ་འདིས་ནི་དེའི་ཟབ་པ་ཡང་བརྗོད་དོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་གདམས་ངག་ཡོངས་སུ་བཙལ་བར་བསྟན་པས་ནི་འདིའི་རྒྱ་ཆེ་བ་བརྗོད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གདམས་ངག་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གལ་ཏེ་དེ་བཞིན་གཤེགས་པས་བླ་ན་མེད་པ་ 95-248a ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡིན་པ་དེ་མེད་ན་དེའི་ཚེ་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། འདི་ལྟར་ཇི་ལྟར་སངས་རྒྱས་སྔ་མ་དག་མངོན་པར་རྫོགས་པར་བྱང་ཆུབ་ཏུ་གཤེགས་པ་དེ་བཞིན་དུ་འདིར་ཡང་གཤེགས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པར་དེ་བཞིན་གཤེགས་པ་ཞེས་བྱ་ན། མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཆོས་དེ་གང་ཡང་མེད་པས་དེ་ལ་ཇི་ལྟར་འགྱུར་སྙམ་དུ་སེམས་པ་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་མ་ནོར་བ་ལ་བྱ་སྟེ། དེ་ནི་གཟོད་མ་ནས་ཞི་བ་ལ་སོགས་པའི་ངོ་བོ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་ཡང་དག་པ་ཞེས་བྱ་བ་སྨོས་པས་བྱེ་བྲག་ཏུ་བྱས་ཏེ། ཡང་དག་པ་ནི་མ་ནོར་བའི་དོན་གྱིས་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བྱའོ། །དེའི་དེ་བཞིན་ཉིད་དོན་དམ་པར་སྐྱེ་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། ཇི་སྐད་དུ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟ་བུ་སྟེ། ཆོས་ཉིད་ཀྱང་དོན་དམ་པར་ན་ཆོས་ཅན་ལས་གཞན་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་པའི་ངོ་བོ་མ་བརྟགས་གཅིག་པུ་ན་དགའ་བ་དོན་དམ་པར་མ་སྐྱེས་པ་ཡང་དག་པའི་ཀུན་རྫོབ་ཏུ་རབ་ཏུ་བརྟགས་ཏེ་ཡོད་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དོན་དམ་པར་མ་སྐྱེས་པའི་ཕྱིར་གཟུང་བའམ་འཛིན་པ་ཅི་ཡང་མེད་པས་དོན་དམ་པར་དེས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ཀྱང་ཅི་ཡང་མེད། ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་ཡེ་ཤེས་ཁྱད་པར་ཅན་དེས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་ཞེས་བྱ་བར་ཟད་དོ་སྙམ་དུ་དགོངས་པའོ། །དོན་དམ་པ་ལ་བརྟེན་ནས་དེ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དེ་སྐད་ཅིའི་ཕྱིར་མི་བྱ་སྙམ་པ་ལ། རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མི་བདེན་པ་ཞེས་བྱ་བ་དང་ 95-248b སྦྱར་རོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །འོ་ན་གང་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་རྣམ་པར་གཞག་པ་དེའི་དེ་ཁོ་ན་ཅི་འདྲ་བ་ཞིག་རྣམ་པར་གཞག་སྙམ་པ་ལ་ཆོས་གང་ཞེས་བྱ་བ་གསུངས་ཏེ། གང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་སོ། །དེ་ལ་བདེན་པ་ཡང་མེད་ཅེས་བྱ་བ་ནི་ཇི་ལྟར་སྣང་བའི་རྣམ་པ་སྒྱུ་མ་དང་འདྲ་བར་བརྟགས་ན་ཤིན་ཏུ་སྟོབས་མ་སྐྱེས་པའི་ཕྱིར་རོ། །རི་བོང་གི་རྭ་བཞིན་དུ་ཤིན་ཏུ་མེད་པའི་ཕྱིར། བརྫུན་པ་ཡང་མེད་དེ་མ་བརྟགས་པའི་ངོ་བོར་སྒྱུ་མ་བཞིན་དུ་སྣང་བའི་ཕྱིར་རོ། །ཡང་ན་དོན་དམ་པར་ཆོས་གང་ཡིན་པ་མི་འགྲུབ་པས་བདེན་པ་ཡང་མེད་དོ། །རྣམ་པར་སྤྱད་པར་བྱ་བ་བདེན་པ་གང་ཡང་མ་གྲུབ་པ་དང་། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་བརྫུན་པ་ཡང་མེད་དོ། །འདིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བཀག་ནས་དབུ་མའི་ལམ་དུ་རྣམ་པར་འཇོག་ཅིང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་འཛུད་དོ། །དེ་བས་ན་ཞེས་བྱ་བ་ནི་འདི་ལྟར་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་བདེན་པ་ཡང་མེད་བརྫུན་པ་ཡང་མེད་པས་ནའོ། །དེ་བཞིན་གཤེགས་པ་ཡང་སྐྱེ་བ་མེད་པའི་ཆོས་ཉིད་ཡོངས་སུ་དག་པས་རབ་ཏུ་ཕྱེ་བ་སྟེ། དེས་ན་སྐྱེ་བ་མེད་པའི་ཆོས་ཉིད་ཐུན་མོང་པའི་ཕྱིར། རྟག་ཏུ་སྐྱེ་མཆེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་བྱ་བ་ལ་སོགས་པ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བ་དེ་བཞིན་གཤེགས་པས་གསུངས་སོ། །གལ་ཏེ་ཆོས་འདི་དག་མ་སྐྱེས་པ་ཁོ་ན་ཡིན་ན། འོ་ན་ཇི་ལྟར་ཆོས་ཐམས་ཅད་ཅེས་བྱ་སྙམ་པ་ལ་རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་དོན་ནི་འདི་ཡིན་ཏེ། འདི་ནི་དོན་དམ་པར་ཡོད་པའི་ཕྱིར་ཐ་སྙད་བཏགས་པ་ནི་མ་ཡིན་གྱི། གཟུགས་ལ་སོགས་པ་དག་དོན་དམ་པར་ཆོས་མེད་མོད་ཀྱི། དོན་དམ་པ་མ་ཡིན་པ་མ་བརྟགས་པ་ལ་བརྟེན་ནས་གང་གི་ཕྱིར་རང་དང་སྤྱིའི་མཚན་ཉིད་འཛིན་པ་དེའི་ཕྱིར་ཆོས་ཐམས་ཅད་ཅེས་བྱའོ། །དོན་དམ་པར་ནི་མ་ཡིན་ཏེ། དེ་ལ་གནས་པ་ཐམས་ཅད་མཐོང་ཡང་ཐ་སྙད་ཐམས་ཅད་ 95-249a མེད་པའི་ཕྱིར་རོ། །འདིས་ནི་རྣམ་པར་གཡེང་བ་ཚར་གཅད་པ་བསྟན་ཏོ། ། ༈ མངོན་པར་རྟོགས་པ་བསྟན་པ། ༆ གལ་ཏེ་བཅོམ་ལྡན་འདས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་ན། བྱང་ཆུབ་སེམས་དཔའ་དག་ཇི་ལྟར་གདམས་ངག་བླང་བ་མངོན་དུ་བྱས་ཏེ་ཆོས་དང་གང་ཟག་ལ་བདག་མེད་པ་དེ་རྟོགས་པར་འགྱུར་སྙམ་པ་ལ་བརྟགས་ནས་མངོན་པར་རྟོགས་པ་བསྟན་པའི་ཕྱིར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ཡེ་ཤེས་ཐོབ་པ་དང་། མངོན་པའི་ང་རྒྱལ་མེད་པས་མངོན་པར་རྟོགས་པ་སྟོན་ཏེ། ཡེ་ཤེས་ཐོབ་པས་ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྣམ་པ་གཉིས་ལ་བརྟེན་ཏེ་རིགས་ཡོངས་སུ་འཛིན་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་ཡེ་ཤེས་གང་ཐོབ་ནས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཞིང་། སངས་རྒྱས་ཀྱི་རིགས་སུ་ངེས་པ་དེ་ནི་རིགས་ཡོངས་སུ་འཛིན་པའི་ཡེ་ཤེས་སོ། །དེ་སྐྱེས་པས་ལུས་དང་ལྡན་པའོ། །ལྡན་པ་ནི་བདག་གིར་བྱས་པ་ལུས་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། གང་གིས་དེ་ཐོབ་པ་དེ་ལུས་དང་ལྡན་པའོ། །ཡེ་ཤེས་དེ་ཐོབ་པར་ཇི་ལྟར་ཤེས་སྙམ་པ་ལ་ལུས་ཆེན་པོ་ཞེས་བྱ་བ་གསུངས་སོ། །འདིས་གང་ཟག་དང་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ཀྱིས་མཉམ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་མངོན་པར་རྟོགས་པར་སྟོན་ཏེ། དེའི་ཕྱིར་རིགས་ཀྱི་ཡེ་ཤེས་སོ་ཞེས་སྟོན་ཏོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ནས་བདག་ཁོ་ནར་སྡུད་དོ། །དེ་ན་དེ་སེམས་ཅན་མཐའ་དག་གི་ལུས་བདག་ཏུ་སྡུད་པས་ལུས་ཆེན་པོ་ཡིན་ནོ། །འདི་ནི་སྒྲའི་དོན་མ་ཡིན་པ་ཡང་མ་ཡིན་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་བདག་ཏུ་བསྡུས་པས་དེ་ལུས་ཞེས་བྱའོ། །དེ་དག་ཀྱང་ཤིན་ཏུ་མང་བའི་ཕྱིར་ལུས་ཆེན་པོ་ཡིན་པས་སྒྲའི་དོན་མ་ཡིན་ནོ། །འདིས་ནི་གནས་འདིའི་རྒྱ་ཆེ་བ་བརྗོད་དོ། །དགོངས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་འདི་ཡང་ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་ཡེ་ཤེས་ཁྱད་པར་དུ་འཕགས་པ་འབྱུང་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་གྱི། དོན་དམ་པར་ནི་མངོན་པར་རྟོགས་པར་བྱེད་པ་དང་། མངོན་པར་རྟོགས་པར་ 95-249b བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མི་ལུས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདིས་ནི་དོན་གྱིས་ན་ལུས་དང་ལྡན་ཞིང་ལུས་ཆེན་པོ་ལ་མངོན་པར་ཞེན་པའི་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ཏོ། །དེ་སྤང་བའི་ཕྱིར་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་སྟོན་ཏོ། །ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་མཚན་མ་ཙམ་ཞིག་ཡོངས་སུ་བརྗོད་པས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་ཟློག་པར་བྱེད་དོ། །དོན་དམ་པར་ཡང་རྣམ་པར་འཇོག་ཅིང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་ཡང་འཛུད་དོ། །ཟབ་པ་ཡང་བརྗོད་དོ། །སྒྲོ་འདོགས་པའི་མཐའ་ཡང་སྤོང་ངོ་། །སྔ་མས་ནི་སྐུར་པ་འདེབས་པའི་མཐའ་བཀག་གོ། །གལ་ཏེ་དེ་བཞིན་གཤེགས་པས་ལུས་དེ་ཉིད་མེད་པར་གསུངས་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པ་ཐོབ་པ་དག་འདི་སྙམ་དུ་བདག་གིས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཐོབ་ཀྱིས་ད་ནི་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་སྙམ་དུ་ཇི་ལྟར་སེམས་ཞེས་གཞན་གྱི་རྣམ་པར་རྟོག་པ་དམ་པ་ལ་བརྟགས་ནས་མངོན་པའི་ང་རྒྱལ་མེད་པས། མངོན་པར་རྟོགས་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་གསུངས་སོ། །འདིས་ནི་གང་འདི་སྙམ་དུ་བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ། །བདག་ནི་བྱང་ཆུབ་སེམས་དཔའ་འོ་སྙམ་དུ་སེམས་པ་མངོན་པའི་ང་རྒྱལ་ཅན་དེ་ཡང་དག་པའི་དོན་དུ་ན་བྱང་ཆུབ་སེམས་དཔའ་མ་ཡིན་པར་སྟོན་ཏོ། །དེ་ཅིའི་སླད་དུ་ཞེས་བྱ་བ་ནི་འདིར་ཤེས་པར་བྱེད་པའི་གཏན་ཚིགས་ཡོངས་སུ་འདྲི་བའོ། །ཆོས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་བདག་ཉིད་དམ་གང་ཟག་ལ་སོགས་པའི་བདག་ཉིད་དོ། །འཕགས་པ་རབ་འབྱོར་གྱིས་ཀྱང་ཆོས་དེ་རིགས་པས་དཔྱད་ན་མ་མཐོང་བས་དེ་ནི་མ་མཆིས་ལགས་སོ་ཞེས་བྱ་བ་གསོལ་ཏེ། རིགས་པ་དེ་ཐམས་ཅད་དུ་ཐུན་མོང་པས་བཅོམ་ལྡན་འདས་ཀྱིས་བདག་མེད་པ་གཉི་ག་ལ་གཟུད་པའི་ཕྱིར་དེ་བས་ན་ཞེས་བྱ་བ་གསུངས་སོ། །སེམས་ཅན་མེད་ཅེས་བྱ་བ་ལ་སོགས་པ་ནི་མཚོན་པ་སྟེ། རང་བཞིན་མེད་པར་ཡང་བལྟ་ 95-250a བར་བྱའོ། །འདིས་ནི་རྣམ་པར་གཡེང་བ་ཚར་གཅད་པ་བསྟན་ཏོ། །མངོན་པར་རྟོགས་པ་བཤད་ཟིན་ཏོ།། །། ༈ སངས་རྒྱས་ཀྱི་ཡོངས་སུ་བཙལ་བ་བསྟན་པ། ༈ ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ། ༆ འདི་མན་ཆད་ནི་སངས་རྒྱས་ཀྱི་ཡོངས་སུ་བཙལ་བ་ཡིན་ཏེ། སངས་རྒྱས་ཀྱི་དེ་ཡང་ཕུན་སུམ་ཚོགས་པ་བདུན་གྱིས་ཡོངས་སུ་བསྡུས་པ་ཡིན་ཏེ། ཕུན་སུམ་ཚོགས་པ་བདུན་ནི། ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། གཟིགས་པ་བླ་ན་མེད་པ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། མཁྱེན་པ་བླ་ན་མེད་པ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ཀྱི་ཕུང་པོ་ལ་མངའ་བརྙེས་པ་ཕུན་སུམ་ཚོགས་པ་དང་། སྐུ་ཕུན་སུམ་ཚོགས་པ་དང་། གསུང་ཕུན་སུམ་ཚོགས་པ་དང་། ཐུགས་ཕུན་སུམ་ཚོགས་པའོ། །དེ་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་ན་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་འབད་པར་བྱེད་སྙམ་དུ་དོགས་པ་བསལ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་ཅན་གྱི་ཕྱིར་དེ་བྱང་ཆུབ་སེམས་དཔའོ་ཞེས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །འདི་ལྟར་དེའི་ངའོ་སྙམ་དུ་མངོན་པར་ང་རྒྱལ་བྱེད་པས་གང་ཟག་ལ་བདག་མེད་པ་མ་རྟོགས་སོ། །ཞིང་བཀོད་པ་རྣམས་མེད་པར་དེ་ལ་མངོན་པའི་ང་རྒྱལ་བྱེད་པས་ཆོས་ལ་བདག་མེད་པ་མ་རྟོགས་སོ། །འདིས་ནི་ཞིང་བཀོད་པ་སྒྱུ་མ་ལྟ་བུར་མོས་པས་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པར་བྱ་བ་དེ་བསྟན་ཏོ། །གལ་ཏེ་དོན་དམ་པར་ཞིང་བཀོད་པ་དེ་དག་མེད་དུ་ཟིན་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེས་ཞུས་ཏེ། འདིའི་བཤད་པ་ནི་སྔ་མ་བཞིན་ནོ། །འདི་ཚིག་ཟློས་པར་ཡང་མི་འགྱུར་ཏེ། སྔ་མ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཞིང་ཡོངས་སུ་དག་པར་སྨོན་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་སེལ་བའི་ཕྱིར་རོ། །ད་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་ 95-250b འཇུག་པ་ན་དེ་ལྟར་མངོན་པར་ཞེན་པས་འཇུག་གོ་སྙམ་དུ་གང་དག་དེ་ལྟར་རྣམ་པར་རྟོག་པ་དེ་དག་གི་རྣམ་པར་རྟོག་པ་དེ་བསལ་བར་གསུངས་པའི་ཕྱིར་རོ། །དེའི་ཚེ་ཁ་ཅིག་གི་རྣམ་པར་རྟོག་པ་དེ་ལྟ་བུ་གཞན་མི་འབྱུང་བས་ཐུག་པ་མེད་པར་ཡང་མི་འགྱུར་རོ། །འདིས་ནི་བྱང་ཆུབ་སེམས་དཔའ་འདི་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ། །ཅི་འདྲ་བ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྙམ་པ་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྣམས་ནི་བདག་མེད་པ་ཞེས་ལན་གཉིས་བརྗོད་པ་ནི་བདག་མེད་པ་རྣམ་པ་གཉིས་ཀྱིས་ཆོས་རྣམས་བདག་མེད་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་ལན་གཉིས་བརྗོད་པས་ནི་བདག་མེད་པ་རྣམ་པ་གཉིས་པོ་དེ་ཉིད་རྟོགས་པར་སྟོན་ཏོ། །ཡང་ན་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གཅིག་ནི་བཟླས་པའོ། །བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ་ཞེས་བྱ་བ་འོག་མ་ནི་ཚུལ་ལོ། །དེས་ན་ཇི་སྐད་བསྟན་པར་འགྱུར་ཞེ་ན། སུ་དག་གིས་བསྒྲུབ་པོ་སྙམ་དུ་གང་ཟག་ལ་སོགས་པར་འཛིན་པ་མེད་པ་དང་། ཞིང་བཀོད་པ་རྣམས་ཞེས་ཆོས་སུ་འཛིན་པ་ཡང་མེད་པ་དེ་དག་མེད་པ་གཉི་ག་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ་ཞེས་བསྟན་པར་འགྱུར་ཏེ། འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །གནས་འདི་མཐའ་དག་གིས་ནི་ཟབ་པ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་སྒྱུ་མ་ལྟ་བུ་དེ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་དེ་ལ་མོས་པས་འཇུག་པར་བསྟན་པས་ནི་རྒྱ་ཆེ་བ་བརྗོད་དོ། ། ༈ གཟིགས་པ་བླ་ན་མེད་པ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ། ༆ གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་ན་དེའི་ཚེ་དེ་བཞིན་གཤེགས་པ་གཟིགས་པ་རྣམ་པར་དག་པ་དང་། མཁྱེན་པ་རྣམ་པར་དག་པ་དང་ལྡན་པ་མེད་པ་ཁོ་ནར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པའི་དེ་མེད་ན་དེ་ཇི་ལྟར་རུང་བར་འགྱུར། རྒྱུ་མེད་པ་ནི་རྟག་ཏུ་ཡོད་པ་ལ་སོགས་པའི་དོན་དུ་འགྱུར་རོ། །དེ་བས་ན་འཁོར་འདུས་པ་གང་དེ་སྙམ་དུ་རྣམ་པར་རྟོག་པར་འགྱུར་བ་དེའི་ཆེད་དུ་གཟིགས་པ་དང་མཁྱེན་པ་ཡོངས་སུ་དག་པ་བླ་ན་མེད་པ་གཉིས་ཀྱི་དབང་དུ་མཛད་ནས་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་རབ་འབྱོར་གྱིས་ཀྱང་ 95-251a བཅོམ་ལྡན་འདས་ཀྱི་དགོངས་པ་སྔར་བཟུང་ནས་མངའོ་ཞེས་གསོལ་ཏོ། །འདིས་ནི་དོན་དམ་པར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྐངས་ནས་མཁྱེན་པ་དང་གཟིགས་པ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པར་འགྱུར་བ་མ་བརྟགས་གཅིག་པུ་ན་དགའ་བ་ཕུང་པོ་ཙམ་གྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའི་ཡོད་པ་ཉིད་དོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཀུན་རྫོབ་ཏུ་ཡང་དེ་མེད་དུ་ཟིན་ན་དེའི་ཚེ་སུ་ཞིག་དེ་བཞིན་གཤེགས་པར་འགྱུར་ཞེས་དེ་སྐད་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་ཁོ་ན་མངའོ་ཞེས་མི་བྱ་བ་ནི་གཟིགས་པ་རྣམ་པར་དག་པ་ཁྱད་ཞུགས་པར་བསྟན་པའི་ཕྱིར་སྤྱན་མངའ་བར་སྟོན་ཏོ། །མདོར་བསྡུ་ན་སྤྱན་རྣམ་པ་བཞི་སྟེ། གཟུགས་འཛིན་པ་དང་། དོན་དམ་པའི་བདེན་པ་འཛིན་པ་དང་། ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་བྱ་འཛིན་པའོ། །གཟུགས་འཛིན་པ་ཡང་རྣམ་པ་གཉིས་ཏེ། ལས་ཀྱི་འབྲས་བུ་དང་། བསྒོམས་པའི་འབྲས་བུའོ། །སྤྱན་རྣམ་པ་ལྔ་དང་གོ་རིམས་བཞིན་ནོ། །དེ་ལ་ཡུལ་རགས་པའི་ཕྱིར་དང་པོར་གཟུགས་འཛིན་པ་བསྟན་ཏོ། །དོན་དམ་པའི་དབང་གིས་ཀུན་རྫོབ་ཤེས་པ་ཡོངས་སུ་དག་པར་འགྱུར་ཏེ། དེས་ན་དོན་དམ་པའི་བདེན་པ་འཛིན་པ་ནི་སྔར་བསྟན་ལ། ཀུན་རྫོབ་ཀྱི་བདེན་པ་འཛིན་པ་ནི་ཕྱིས་བཤད་དོ་ཞེས་གོ་རིམས་བསྟན་པའི་མཚམས་སྦྱར་བའོ། །གང་ཟག་དང་ཆོས་ལ་བདག་མེད་པའི་ཡུལ་ལ་ནི་ཤེས་རབ་ཀྱི་སྤྱན་མངའོ། །ཀུན་རྫོབ་ཏུ་ཆོས་ཙམ་དུ་སྣང་བ་ཉིད་དེ་གང་ཟག་ནི་མ་ཡིན་ན་ཞེས་གང་ཟག་སྟོང་སྟེ། ཆོས་ཙམ་གྱི་ཡུལ་ལ་ནི་ཆོས་ཀྱི་སྤྱན་ནོ། །ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱ་སྟེ། འདིས་ནི་ད་ལྟར་མངོན་སུམ་དུ་མཛད་པར་བཞུགས་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཏུ་སྤྱན་ལྔ་བསྟན་པས་ནི་གང་གཟིགས་པ་རྣམ་པར་དག་པ་བརྗོད་དོ། ། ༈ མཁྱེན་པ་བླ་ན་མེད་པ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ། ༆ མཁྱེན་པ་རྣམ་པར་དག་པ་བརྗོད་པའི་ཕྱིར། རབ་འབྱོར་འདི་ཇི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སེམས་ཀྱི་རྒྱུན་ནོ། ། 95-251b དེ་བས་ན་དུས་གསུམ་ཡུལ་ཡིན་པའི་ཕྱིར་ཡུལ་དེ་ཤེས་པ་ནི་མཁྱེན་པ་ཞེས་བྱའི་གཟིགས་པ་ཞེས་ནི་མི་བྱའོ། །དེ་ཡང་འདོད་ཆགས་དང་བཅས་པའི་སེམས་དང་འདོད་ཆགས་དང་དབྲལ་བའི་སེམས་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ངོ་བོ་སྣ་ཚོགས་སུ་རིག་པར་བྱའོ། །དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་མཚོན་པ་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་རྒྱུན་ཡོངས་སུ་མཁྱེན་པའི་ཕྱིར་རོ། །འདི་ལྟར་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ལ་ཤའི་སྤྱན་ལ་སོགས་པ་མངའ་སྟེ། དེས་ན་དེས་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་འདུན་པ་དང་སྨོན་ལམ་གྱི་གནས་པར་བྱ་བའོ། །གཞུང་འདིས་ནི་ཕུན་སུམ་ཚོགས་པ་གཉི་ག་ཡང་བསྟན་པ་ཡིན་ནོ། །ཤའི་སྤྱན་ལ་སོགས་པ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་དཔྱད་ན་མི་དམིགས་པ་ཉིད་ལ། དོན་གཞན་ཤེས་པས་འཛིན་པར་ཡང་མི་རིགས་ཏེ། ཇི་ལྟར་སྔར་དཔྱད་པ་ལྟ་བུ་ཡིན་ན་དེ་བཞིན་གཤེགས་པ་ལ་ཤའི་སྤྱན་ལ་སོགས་པ་མངའ་བ་དང་སེམས་ཀྱི་རྒྱུན་རབ་ཏུ་མཁྱེན་པར་ཇི་ལྟར་འགྱུར་སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་འདི་གཉིས་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། སེམས་ཀྱི་རྒྱུན་སེམས་ཀྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུན་མེད་ཅེས་བྱ་བ་ནི་དོན་དམ་པར་རོ། །རང་བཞིན་མེད་དུ་ཟིན་ཀྱང་ཀུན་རྫོབ་ལ་བརྟེན་ནས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་སེམས་ཀྱི་རྒྱུན་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་པ་དོན་དམ་པར་ནི་བརྗོད་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་བརྗོད་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ། །སེམས་ཀྱི་རྒྱུན་ཞེས་སྨོས་པ་ནི་མཚོན་པ་སྟེ། ཤའི་སྤྱན་ལ་སོགས་པ་ཡང་སྤྱན་གྱི་རང་བཞིན་མེད་པ་ཉིད་དུ་གསུངས་སོ་ཞེས་བརྗོད་པར་བྱ་བའི་སྐབས་ཡིན་ཏེ། མངོན་སུམ་གསུངས་སོ། །འདི་ལ་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་པའི་ཕྱིར་དེ་ཅིའི་སླད་དུ་ཞེས་བྱ་བ་དེ་ཞུས་ཏེ། རྒྱུན་མེད་ཅེས་བྱ་བ་དང་སྦྱར་རོ། །འདས་པ་ལ་སོགས་པའི་ 95-252a སེམས་ནི་དོན་དམ་པར་མ་སྐྱེས་པའི་ཕྱིར་མི་དམིགས་ཀྱི། ཡོད་ཀྱང་འཛིན་པར་མི་འཐད་པས་མི་དམིགས་པ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་སེམས་ཀྱི་རྒྱུན་མེད་པར་བསྟན་པར་མི་འགྱུར་ཏེ། མི་དམིགས་པ་ཙམ་གྱིས་ནི་དངོས་པོ་རྣམས་ཀྱི་རང་བཞིན་མེད་པར་མི་འགྱུར་རོ། །ཇི་ལྟར་དུས་གསུམ་གྱི་སེམས་དོན་དམ་པར་མེད་པ་དེ་ལྟར་ནི་སྔར་ཡང་བཤད་དེ། སྟོན་པར་ཡང་འགྱུར་རོ། །སེམས་སྨོས་པ་ནི་མཚོན་པ་སྟེ། དེས་ན་ཤའི་མིག་ལ་སོགས་པ་འདས་པ་ལ་སོགས་པ་ཡང་མི་དམིགས་པ་ཉིད་དོ། །འདི་ལ་རྒྱུན་མེད་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་ཟབ་པ་བརྗོད་དོ། །ལྷག་མ་རྣམས་ཀྱིས་ནི་རྒྱ་ཆེ་བའོ། ། ༈ བསོད་ནམས་ཀྱི་ཕུང་པོ་ལ་མངའ་བ་ཕུན་སུམ་ཚོགས་པ། ༆ གལ་ཏེ་དུས་གསུམ་གྱི་སེམས་མེད་ན་དེའི་ཚེ་བསོད་ནམས་ཀྱི་ཕུང་པོ་ཡང་མེད་པར་འགྱུར་ཏེ། དེ་ནི་སེམས་ལ་བརྟེན་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་མངའ་བ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཇི་ལྟར་འབད་པར་བྱ་སྙམ་པ་ལ་བརྟགས་ཏེ། བསོད་ནམས་ཀྱི་ཕུང་པོ་ལ་མངའ་བ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐ་ན་གང་ཕྱིའི་དངོས་པོ་ནི་རིན་པོ་ཆེ་ལ་སོགས་པ་གཏོང་བར་བྱེད་པ་དེ་ཡང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་ན། དེ་བཞིན་གཤེགས་པ་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་བྱ་དཀའ་བ་བརྒྱ་ཕྲག་དུ་མ་གོམས་པར་མཛད་པས་བསོད་ནམས་ཀྱི་ཕུང་པོ་ལ་མངའ་བར་ཅིའི་ཕྱིར་མི་འགྱུར་ཞེས་དེ་སྐད་སྟོན་ཏོ། །དེས་ན་དོན་དམ་པར་བསོད་རྣམས་ཀྱི་ཕུང་པོ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་ཡོད་པས་ན་བྱང་ཆུབ་སེམས་དཔས་དེ་ལ་དབང་བ་བསྒྲུབ་པའི་ཕྱིར་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱའོ་ཞེས་བསྟན་ཏེ། འདི་ནི་རྒྱ་ཆེ་བ་ཡང་བརྗོད་དོ། །བསོད་ནམས་ཀྱི་ཕུང་པོ་དོན་དམ་པར་ཡོད་པར་ཅིའི་ཕྱིར་རྣམ་པར་མི་གཞག་སྙམ་པ་ལ་བརྟགས་ནས་བྱང་ཆུབ་སེམས་དཔས་འདི་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་དང་། གཉི་ག་བསྟན་པའི་ཕྱིར། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་ཇི་ 95-252b སྟེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་མི་གསུང་ངོ་ཞེས་བྱ་བ་ནི་དོན་དམ་པར་བརྗོད་པ་མི་སྤྱོད་པའི་ཕྱིར་ཏེ། མ་བསྟན་པར་ཡང་དེ་ལྟར་གྲགས་པར་འགྱུར་རོ་སྙམ་དུ་དགོངས་པའོ། །ཇི་ལྟར་བསོད་ནམས་ཀྱི་ཕུང་པོ་དོན་དམ་པར་མེད་པ་དེ་ལྟར་སྔར་བསྟན་ཟིན་ཏོ། །འདིས་ནི་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་མངའ་བ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་ཞུགས་པའི་བྱང་ཆུབ་སེམས་དཔས་དོན་དམ་པར་དེ་མི་དམིགས་པར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དང་། དོན་དམ་པར་དེ་དམིགས་པ་ལ་མངོན་པར་ཞེན་པ་སྤོང་བས་སེམས་རབ་ཏུ་གཟུང་བར་བྱ་བ་གཉི་ག་བསྟན་ཏེ། ཟབ་པ་ཡང་བརྗོད་དོ། ། ༈ སྐུ་ཕུན་སུམ་ཚོགས་པ། ༆ གལ་ཏེ་བསོད་ནམས་ཀྱི་ཕུང་པོ་མེད་པ་ཉིད་ཡིན་ན། དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་པོ་དཔེ་བྱད་བཟང་པོའི་སྐུ་ཕུན་སུམ་ཚོགས་པ་དང་། མཚན་གྱི་སྐུ་ཕུན་སུམ་ཚོགས་པ་བསོད་ནམས་བླ་ན་མེད་པ་ལས་སྐྱེས་པར་འདོད་པ་གང་ཡིན་པ་དེ་ཡང་རྒྱུ་མེད་པའི་ཕྱིར་མེད་པར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཡོངས་སུ་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔས་ཇི་ལྟར་འབད་པར་བྱ་སྙམ་དུ་སེམས་པ་དེའི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ཀྱི་ལུས་ཞེས་བྱ་བ་ནི་དཔེ་བྱད་བཟང་པོའི་སྐུ་ཡིན་པར་བལྟ་བར་བྱའོ། །མཚན་གྱི་སྐུ་ནི་འོག་ནས་འཆད་དེ་བ་ལང་དང་གླང་ཞེས་བྱ་བའི་ཚུལ་དུ། འདི་ལས་འཕགས་པ་རབ་འབྱོར་གྱི་བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་བསོད་ནམས་ཀྱི་ཕུང་པོ་དོན་དམ་པར་ཕུང་པོ་མེད་པ་ཁོ་ན་ཡིན་པ་དེ་བཞིན་དུ་གཟུགས་ཀྱི་སྐུ་ཡང་མ་སྐྱེས་པ་ཁོ་ན་སྟེ། དེ་བས་ན་དོན་དམ་པར་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བར་མི་བགྱི་ལགས་སོ་ཞེས་བྱའོ། །ཀུན་རྫོབ་ཏུ་ནི་སྒྱུ་མས་སྤྲུལ་པའི་སངས་རྒྱས་བཞིན་དུ་གཟུགས་ཀྱི་སྐུ་ཡོད་པ་ཉིད་དེ། དེ་བས་ན་བསོད་ནམས་ཀྱི་ཕུང་པོ་ལས་བྱུང་བར་རུང་བ་ཉིད་དོ། །དེ་བས་ན་བྱང་ཆུབ་སེམས་དཔས་སྒྱུ་མས་སྤྲུལ་པའི་སངས་རྒྱས་ 95-253a ཀྱི་གཟུགས་ལ་མོས་པ་དེ་ལྟ་བུས་དེ་བསྒྲུབ་པའི་ཕྱིར་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །འདིར་ཚིག་ཟློས་པར་ཡང་མི་འགྱུར་ཏེ། སྔར་མོས་པས་སྤྱོད་པའི་ས་ན་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་དུས་དང་། དེ་བཞིན་གཤེགས་པ་མཆོད་པ་དང་རིམ་གྲོ་བྱ་བའི་དུས་ན་དེ་ལྟར་མངོན་པར་ཞེན་པ་ཡོངས་སུ་སྤང་བ་ཡིན་ལ། ད་ནི་ལྷག་པའི་བསམ་པ་དག་པའི་ས་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་མངོན་པར་ཞེན་པ་ཡོད་དོ་ཞེས་གྲག་ཅེས་འཁོར་གང་དག་གི་རྣམ་པར་རྟོག་པ་ངན་པ་དེ་བསལ་བར་གསུངས་པའི་ཕྱིར་རོ། །འོ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ཇི་ལྟར་བསྟན་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་དྲིས་ཏེ། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱ་ཞེས་བྱ་བ་དང་སྦྱར་རོ། །འདི་ནི་གྲུབ་པ་མེད་དེ་གཟུགས་ཀྱི་སྐུ་ཡན་ལག་ཅན་གྱི་རང་བཞིན་ནམ། རྡུལ་ཕྲ་རབ་བསགས་པའི་རང་བཞིན་དུ་མ་གྲུབ་པར་ཇི་ལྟར་སྔར་དཔྱད་པ་བཞིན་ནོ། །འདིས་ནི་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ། །དེས་ན་ཞེས་བྱ་བ་ནི་འདི་ལྟར་ཀུན་རྫོབ་ཏུ་ཡོད་དོ། །རི་བོང་གི་རྭ་བཞིན་དུ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་པའི་ཕྱིར་རོ། །འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་ནས་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ། །གནས་འདི་ཐམས་ཅད་ཀྱིས་ནི་ཟབ་པ་བསྟན་ཏོ། །ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་པར་བྱ་བ་བསྟན་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ། །མཚན་གྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཤད་པ་ཐམས་ཅད་ནི་སྔ་མ་དང་འདྲའོ། །གལ་ཏེ་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱ་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་མེད་པར་འགྱུར་ཏེ། དེ་ནི་གཟུགས་ཀྱི་ 95-253b སྐུས་བསྡུས་པའི་ཕྱིར་རོ། ། ༈ གསུང་ཕུན་སུམ་ཚོགས་པ། ༆ དེ་བས་ན་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་གསུང་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་ཇི་ལྟར་འབད་པར་བྱ་སྙམ་དུ་སེམས་པ་དེའི་ཆེད་དུ་གསུང་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་དམ་པར་འཆད་པ་པོ་དང་། བཤད་པར་བྱ་བ་དང་། བཤད་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་བསྟན་ཏོ་སྙམ་དུ་མི་དགོངས་སོ། །དེ་ལྟར་མ་ཡིན་ན་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །ཇི་ལྟར་འཆད་པ་པོ་སྟེ་བདག་ལ་སོགས་པ་དང་། བཤད་པར་བྱ་བ་སྟེ་ཕྱི་ནང་གི་དངོས་པོ་དང་། བཤད་པ་སྟེ། བྱེད་པ་གཟུགས་སམ་སྒྲའི་བདག་ཉིད་མེད་པ་དེ་ལྟར་ནི་སྔར་རྒྱས་པར་བསྟན་ཟིན་ཏེ། དངོས་པོ་མཐའ་དག་ལ་སྟོང་པ་ཉིད་ཀྱིས་ཁྱབ་པར་སྔར་བསྒྲུབས་པའི་ཕྱིར་རོ། །ཀུན་རྫོབ་ཏུ་འཆད་པ་པོ་དང་། བཤད་པར་བྱ་བ་དང་། བཤད་པ་མ་བརྟགས་ན་དགའ་བས་ཐ་སྙད་འདོགས་པ་འབའ་ཞིག་ཏུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །གལ་ཏེ་དངོས་པོའི་དེ་ཁོ་ན་ཉིད་དེ་ལྟ་བུ་བསྟན་དུ་ཟིན་ཀྱང་ཁ་ཅིག་མགོ་རྨོངས་ཏེ་དོན་དམ་པར་གསུམ་པོ་ཡོད་པར་སེམས་ན་དེའི་ཚེ་ཅིར་འགྱུར་སྙམ་པ་ལ། རབ་འབྱོར་སུ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུར་པ་ནི་དོན་མེད་པར་གླེང་བའི་ཕྱིར་རོ། །ཇི་ལྟར་མེད་པ་དེས་གླེང་བར་ནུས་སྙམ་པ་ལ། ལོག་པར་འཛིན་པས་ཞེས་བྱ་བ་གསུངས་ཏེ། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ལོག་པར་ཟིན་པའི་ཕྱིར་དེ་མེད་ཅེས་བྱ་བའི་ཐ་ཚིག་གོ། །འདིས་ནི་དེ་བཞིན་གཤེགས་པའི་གསུང་ཕུན་སུམ་ཚོགས་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔས་བྲག་ཅ་ལ་སོགས་པ་ལྟ་བུར་ཤེས་པས་འཇུག་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པར་བྱ་བ་དེ་བསྟན་ཏོ། །གལ་ཏེ་བཤད་པ་ལ་སོགས་པ་གསུམ་པོ་དེ་མེད་ན་གང་ཟག་དང་ཆོས་ལ་བདག་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཚིག་དང་དག་གི་ངོ་བོ་སྣ་ཚོགས་འདི་ཇི་ལྟར་གྲགས། དེ་ཡོད་ན་ནི་གང་དེས་བསྟན་པར་བྱ་བ་སྟེ། བཤད་པར་བྱ་བ་ཡང་ཡོད་ 95-254a པ་ཉིད་ལ། གང་དེ་སྟོན་པར་བྱེད་པ་འཆད་པ་པོ་དེ་ཡང་ཡོད་པ་ཉིད་དེ་ཤུགས་ཀྱིས་ན་གསུམ་ཆར་ཡོད་དོ་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། འདིར་ལན་དུ་ཆོས་བསྟན་པ་ཞེས་བྱ་བ་གསུངས་སོ། །འདི་སྙམ་དུ་དགོངས་ཏེ། ཆོས་བསྟན་པ་དོན་དམ་པར་ཡོད་ན་རང་གི་མཚན་ཉིད་ཀྱི་ངོ་བོའམ། སྤྱིའི་མཚན་ཉིད་ཀྱི་ངོ་བོ་ཞིག་ཏུ་འགྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རང་གི་མཚན་ཉིད་དོན་དམ་པ་ཐམས་ཅད་ནི་སྔར་རྒྱ་ཆེ་བར་གསལ་བའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། རང་གི་མཚན་ཉིད་མེད་ན་གནས་མེད་པས་ཅི་ཡང་མེད་པའི་ཕྱིར་རོ། །སྤྱི་དངོས་པོར་ཁས་ལེན་ན་ནི་རང་གི་མཚན་ཉིད་ཁོ་ནར་འདུས་པའི་ཕྱིར་དེ་གསལ་བས་དེ་ཡང་གསལ་བ་ཉིད་དོ། །གཞན་རྣམ་པར་གཅད་པས་སྤྱིའི་མཚན་ཉིད་ནི་སྒྲོ་བརྟགས་པའི་ངོ་བོ་ཞེས་རྟོག་ན་ནི་ཆོས་བསྟན་པ་དོན་མེད་པས་གྲུབ་པ་སྒྲུབ་པར་གྱུར་ཏོ། །དེ་དོན་དམ་པར་རང་གི་མཚན་ཉིད་ཡོད་དུ་ཆུག་ན་ཡང་དེས་ཆོས་བསྟན་པར་མི་རིགས་ཏེ། སྒྲ་གསལ་བ་ལ་སོགས་པ་བརྟག་པའི་ངོ་བོ་ལ་གཞན་དག་གིས་ཚིག་ཏུ་ཡོངས་སུ་བརྟགས་པ་ནི་རིམ་དང་རིམ་མ་ཡིན་པས་དོན་བྱེད་པར་འགལ་ཏེ། ནུས་པ་ཐམས་ཅད་དང་བྲལ་བས་ཤེས་པ་ལ་སོགས་པ་གང་ལ་ཡང་སྦྱོར་བ་མེད་དེ། ཅི་ཡང་མི་བྱེད་པར་ཇི་ལྟར་ཚིག་ཏུ་འགྱུར། རང་གི་མཚན་ཉིད་མི་རྟག་པ་ཡང་བརྡར་འདོགས་པའི་ཚེ་ན་མཐོང་བ་ཐ་སྙད་འདོགས་པའི་ཚེ་ན་རྗེས་སུ་འགྲོ་བ་མེད་པས་ཚིག་ཏུ་མི་རིགས་སོ་བརྡར་འདོགས་པ་ཡང་གཞན་ཐ་སྙད་འདོགས་པ་ཡང་གཞན་པར་ནི་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་རོ། །དེ་བས་ན་རྗེས་སུ་འགྲོ་བ་མེད་པས་རང་གི་མཚན་ཉིད་ཀྱང་བརྗོད་པར་མི་རིགས་སོ། །བརྗོད་པར་བྱ་བའི་ངོ་བོར་གྱུར་པས་རང་གི་མཚན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡུལ་གཞན་དུ་འགྲོ་བ་མེད་པ་ཉིད་དོ། །གཅིག་པུ་ནི་ཡུལ་དང་དུས་ལ་སོགས་པ་སོ་སོ་ཐ་དད་པ་གསལ་བ་དུ་མ་ལ་ཁྱབ་པར་ཡང་མི་རིགས་ཏེ། འདི་ལྟར་བདག་ཉིད་ཐམས་ཅད་གསལ་བ་གཅིག་ལ་རྫོགས་ན་ནི་དེའི་ཚེ་གཅིག་ཁོ་ན་ལ་དེའི་རང་བཞིན་ཡོངས་སུ་བརྟགས་པ་གང་གིས་ 95-254b ནི་གཞན་ལ་ཡང་ཆུབ་པར་འགྱུར་བ་གསལ་བ་གཞན་དང་འབྲེལ་པའི་རང་བཞིན་གཞན་ནི་དེ་ལ་མེད་དེ། གཅིག་པུ་ཉམས་པར་འགྱུར་བའི་ཕྱིར་རོ། །ཕྱོགས་གཅིག་གིས་ཁྱབ་ན་ནི་ཡན་ལག་དང་བཅས་པ་དང་མ་ཟིན་པའི་སྐྱོན་དུ་འགྱུར་ཏེ། དེ་ལྟར་གསལ་བ་ཐ་དད་པ་ཇི་སྙེད་ལ་དེའི་ཕྱོགས་གཅིག་གིས་ཁྱབ་པར་རྣམ་པར་གཞག་པར་དེ་སྙེད་འཛིན་ན་ནི་གསལ་བ་གཅིག་ལ་འཛིན་པ་ནི་ཕྱོགས་གཅིག་འཛིན་པས་དེ་ལ་འཛིན་པར་རུང་གྲང་ན། གསལ་བ་ཐ་དད་པ་ན་ཚོད་དང་ཡུལ་དང་། དུས་ལ་སོགས་པ་སོ་སོ་ཐ་དད་པ་དེ་དག་ལ་གསལ་བ་གཅིག་ལས་འཛིན་པ་ནི་ཕྱོགས་གཅིག་འཛིན་པས་ཅིག་ཅར་འཛིན་པ་མེད་པས་རྟོག་པ་མེད་པ་ཉིད་དུ་འགྱུར་རོ། །དེ་བས་ན་བརྗོད་པར་བྱ་བ་དང་། རྗོད་པ་ནི་སྒྲོ་བཏགས་པའི་རྣམ་པའི་ངོ་བོ་ཁོ་ནར་རིགས་ཀྱི་ཡང་དག་པར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དག་ཏུ། མིང་ནི་གང་དང་གང་དག་གིས། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་མེད་པ་སྟེ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་སོ། །བཤད་པ་ཡང་བརྫུན་པས་སྒོ་དེ་ནས་བཤད་པར་བྱ་བ་དང་། འཆད་པ་པོ་ཡོད་པར་བསྟན་པ་གང་ཡིན་པ་དེ་ཡང་སྒོ་དེ་ནས་འོངས་པས་གསལ་བ་ཉིད་དེ། དེ་གཉིས་ཀ་མེད་པར་བཅོམ་ལྡན་འདས་ཀྱིས་ལོགས་ཤིག་ཏུ་མ་གསུངས་སོ། །འདིས་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་ཟབ་པ་བསྟན་ཏོ། ། ༈ ཐུགས་ཕུན་སུམ་ཚོགས་པ། ༈ དྲན་པ་ཉེ་བར་གཞག་པ། ༆ ཐུགས་ཕུན་སུམ་ཚོགས་པ་ནི་རྣམ་པ་ཐ་དད་པ་བདུན་ཏེ། དྲན་པ་ཉེ་བར་གཞག་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་དོན་ཆེན་པོར་གདགས་པ་དང་། གདམས་ངག་དོན་ཆེན་པོར་གདགས་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་འཛིན་པ་དང་། མྱ་ངན་ལས་འདས་པ་དང་འཁོར་བ་ལ་མི་གནས་པ་དང་། བཞུགས་པ་ཡོངས་སུ་དག་པའོ། །དེ་ལ་ད་ནི་ཆོས་ཟབ་མོ་འདི་ལྟ་བུ་མ་འོངས་པའི་དུས་ན་ལྟ་བ་ངན་པའི་དྲ་བས་ཐིབས་པོར་གྱུར་པ་ལ་ཇི་ག་འབྲས་བུ་དང་བཅས་པར་འགྱུར་སྙམ་དུ་འཁོར་ཡིད་མི་ཆེས་ཏེ། གང་དག་དེ་སྙམ་དུ་སེམས་པ་དེ་དག་གི་ཡིད་མི་ཆེས་པ་བསལ་བའི་ཕྱིར་འཕགས་པ་ 95-255a རབ་འབྱོར་གྱིས་ཐུགས་ཕུན་སུམ་ཚོགས་པ་ལས་དྲན་པ་ཉེ་བར་གཞག་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་མ་འོངས་པའི་དུས་ན་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་སྔར་མ་གསུངས་སམ། ད་ནི་དེ་དག་གཅིག་ཏུ་ཡོད་པ་ཉིད་དང་། མེད་པ་ཉིད་དུ་མངོན་པར་ཞེན་པར་མི་བྱ་བར་བསྟན་པའི་ཕྱིར་ཡོད་ཅེས་མ་གསུངས་ཀྱི། མཐའ་གཉིས་དགག་པའི་ཕྱིར། རབ་འབྱོར་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་དམ་པར་ཕུང་པོ་དང་གང་ཟག་ལ་སོགས་པའི་ངོ་བོ་ཡོད་པར་མི་དམིགས་པའི་ཕྱིར་སེམས་ཅན་ཡང་མ་ཡིན་ཏེ་འདིས་ནི་སྒྲོ་བཏགས་པའི་མཐའ་བཀག་གོ། །མ་བརྟགས་ན་དགའ་བར་ཀུན་ཏུ་གནས་པའི་ཕྱིར་སེམས་ཅན་མེད་པ་ཡང་མ་ཡིན་ཏེ་འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་གོ། །འདིས་ནི་འབྱུང་ངོ་ཞེས་སྟོན་པས་སེམས་ཅན་རྣམས་ལ་བཅོམ་ལྡན་འདས་ཀྱི་དྲན་པ་ཉེ་བར་གཞག་པ་ཕྱིན་ཅི་མ་ལོག་པ་ཅི་འདྲ་སྟེ་དེ་སྟོན་ཅིང་བཅོམ་ལྡན་འདས་ཀྱི་དྲན་པ་ཉེ་བར་གཞག་པ་ཕུན་སུམ་ཚོགས་པ་དེ་ལ་བྱང་ཆུབ་སེམས་དཔས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །དེ་དག་ནི་སེམས་ཅན་ཡང་མ་ཡིན་ཞེས་བྱ་བ་འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་བསྟན་ཏོ། །གལ་ཏེ་དེ་དག་སེམས་ཅན་མ་ཡིན་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དེ་དག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གསུངས་སྙམ་དུ་སེམས་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེས་བྱ་བ་ཞུས་སོ། །དེ་དག་སེམས་ཅན་མེད་པར་གསུངས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་མེད་པ་ཉིད་དོ། །ཀུན་རྫོབ་ཏུ་རྣམ་པར་གནས་པའི་ཕུང་པོའི་ངོ་བོ་ཡོད་པ་ལ་བརྟེན་ནས་དེ་དག་གསུངས་ཏེ། དེ་བས་ན་ཀུན་རྫོབ་ཏུ་ཡོད་པས་སེམས་ཅན་རྣམས་ཞེས་བྱའོ། །དེ་ལྟ་མ་ཡིན་ཏེ་ཀུན་རྫོབ་ཏུ་ཡང་མེད་ན་ནི་གསུང་བར་མི་འགྱུར་རོ། །འདིས་ནི་སེམས་རབ་ཏུ་བཟུང་བ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་ཟབ་པ་བརྗོད་དོ། །བཅོམ་ 95-255b ལྡན་འདས་ཀྱིས་དྲན་པ་ཉེ་བར་གཞག་པ་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པར་བསྟན་པས་ནི་རྒྱ་ཆེ་བ་བསྟན་ཏོ། ། ༈ མངོན་པར་རྫོགས་པར་སངས་རྒྱས་པ། ༆ གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡང་མེད་ན་དེའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབད་པ་དོན་མེད་པར་འགྱུར་རོ། །ཇི་སྙེད་ཆོས་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན་དེའི་ཚེ་བསྟན་པ་ཡང་ཡོད་དོ་སྙམ་དུ་གང་དག་སེམས་པ་དེ་དག་གི་ཆེད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་རབ་འབྱོར་གྱིས་དགོངས་པ་སྔ་མ་བཟུང་ནས་དེ་ནི་མ་མཆིས་ལགས་སོ་ཞེས་གསོལ་ཏོ། །དེ་འདི་སྙམས་དུ་སེམས་ཏེ། དོན་དམ་པ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་བཀག་གོ་སྙམ་མོ། །ཇི་ལྟར་དོན་དམ་པར་ཆོས་བསྟན་པ་གང་ཡང་མེད་པའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་དེ་དེ་ནི་སྔར་བསྟན་ཏོ། །ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དང་། རྫོགས་པའི་བྱང་ཆུབ་དང་། དེའི་རྒྱུའི་ལམ་ཡང་ཡོད་པ་ཉིད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་བསྒྲུབ་པའི་ཕྱིར་འབད་པར་བྱ་སྟེ། འདིས་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པར་བྱ་བ་དེ་བསྟན་ཏོ། །སྔར་ནི་གདམས་ངག་ཡོངས་སུ་བཙལ་བའི་དུས་ན་མངོན་པར་རྫོགས་པར་བྱང་ཆུབ་ལ་དོན་དམ་པའོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་དེ་སེལ་ལ། ད་ནི་སངས་རྒྱས་ཀྱི་ས་ཡོངས་སུ་བཙལ་བའི་དུས་ན་གཞན་དག་གི་རྣམ་པར་རྟོག་པ་དེ་ལྟ་བུ་སེལ་བས་ཚིག་ཟློས་པའི་ཉེས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པའི་ཀུན་རྫོབ་ཏུ་རྣམ་པར་གཞག་པ་དེ་ཅི་འདྲ་བ་སྙམ་པ་ལ་ཅུང་ཟད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་གང་ལ་བཞུགས་པ་ན་བཅོམ་ལྡན་འདས་ཀྱིས་རང་གི་མཚན་ཉིད་འཛིན་པའི་ 95-256a མཚན་ཉིད་ཀྱི་ཆོས་ཀྱི་རང་བཞིན་ཕྲ་མོ་ཡང་མི་དམིགས་ཤིང་མ་ལུས་པར་ཆོས་ལ་བདག་མེད་པར་རྟོགས་པའི་ངོ་བོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པའི་ཤེས་པ་གང་དག་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའོ། །དངོས་པོ་མཐའ་དག་གི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ངོ་བོ་ཡིན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཆོས་རྣམས་མི་དམིགས་པའི་གཏན་ཚིགས་སུ་མེད་ཅེས་བྱ་བ་གསུངས་སོ། །གང་གི་ཕྱིར་མེད་པ་དེའི་ཕྱིར་མི་དམིགས་ཀྱི་ཡོད་བཞིན་དུ་མི་དམིགས་པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ཡོད་ན་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དམིགས་པའི་རིག་བྱེད་ཉིད་དུ་འགྱུར་བའི་ཕྱིར་རོ། །འདིས་ནི་ཆོས་ལ་བདག་མེད་པར་རྟོགས་པའི་ངོ་བོ་བསྟན་ཏོ། །ད་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་ངོ་བོ་བསྟན་པའི་ཕྱིར། ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་དེ་ནི་མཉམ་པ་སྟེ་ཞེས་བྱ་བ་ནི་དེས་རྟོགས་པའི་ཆོས་ཐམས་ཅད་དུ་གང་ཟག་ལ་བདག་མེད་པར་མཚུངས་པའི་ཕྱིར་རོ། །མི་མཉམ་པ་གང་ཡང་མེད་ཅེས་བྱ་བ་ནི་ཐམས་ཅད་དུ་དེ་ཕྱིན་ཅི་མ་ལོག་པའི་ཕྱིར་ཏེ། བདག་ཏུ་འཛིན་པའི་རྒྱུད་དངོས་པོར་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་བདག་ཏུ་འཛིན་པ་བག་ཆགས་དང་བཅས་པ་སྤངས་པ་སྟེ། དེའི་ཕྱིར་དེ་ཉིད་ཀྱི་གང་ཟག་ལ་བདག་མེད་པར་རྟོགས་པའི་ངོ་བོ་རྫོགས་པའི་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། གཞན་དག་གི་ནི་མ་ཡིན་ནོ། །ཚུལ་གང་གིས་ཆོས་དེ་མཉམ་སྙམ་པ་ལ། སེམས་ཅན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཐམས་ཅད་ཀྱིས་ནི་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དེ་བསྟན་ཏོ། །དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་སྙམ་པ་ལ། དགེ་བའི་ཆོས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མེད་པའི་ཕྱིར་ཆོས་ཅུང་ཟད་ཀྱང་མི་དམིགས་ན་དགེ་བའི་ཆོས་རྣམས་ཡོད་ 95-256b པར་ཇི་ལྟར་འགྱུར་ཏེ། གང་གི་ཕྱིར་དེ་དག་གིས་མངོན་པར་རྫོགས་པར་འཚང་རྒྱ་སྙམ་པ་ལ། དགེ་བའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་ནི་ཆོས་རྣམས་མེད་པ་ཉིད་དོ། །ཀུན་རྫོབ་ཏུ་ནི་ཡོད་པས་དགེ་བའི་ཆོས་རྣམས་ཞེས་གསུངས་ཏེ། དེའི་ཕྱིར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ལ་ཉེས་པ་མེད་དོ། །འདིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་འཛིན་པ་རྣམ་པར་གཡེང་བ་སེལ་བས་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །གནས་འདི་ཐམས་ཅད་ཀྱིས་ནི་ཟབ་པ་བསྟན་ཏོ། །མ་ལུས་པས་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་གི་ངོ་བོ་ཡོངས་སུ་བརྗོད་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ། ། ༈ ཆོས་དོན་ཆེན་པོར་གདགས་པ། ༆ བཅོམ་ལྡན་འདས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཇི་ལྟར་རིག་པར་བྱ་སྙམ་པ་ལ་བརྟགས་ནས་ཆོས་དོན་ཆེན་པོར་གདགས་པས་དེ་ཡོད་པར་བསྟན་པའི་ཕྱིར། ཡང་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རིའི་རྒྱལ་པོ་རི་རབ་ཅེས་བྱ་བ་ནི་མཚོན་པ་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་རིན་པོ་ཆེས་ཡོངས་སུ་བཀང་སྟེ་བྱིན་པའི་བསོད་ནམས་གང་ཡིན་པ་དེ་ཡང་དཔེར་མི་བཟོད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་མཚན་མ་ཙམ་ཡོངས་སུ་མི་བརྗོད་པས་ཐེག་པ་ཆེན་པོའི་ཆོས་མཐའ་དག་མཚོན་ཏོ། །བར་དུ་ཞེས་བྱ་བའི་སྒྲས་ནི་སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། དཔེ་དང་རྒྱུར་ཡང་ཞེས་བྱ་བ་དེ་དག་སྡུད་དོ། །དེ་ལྟར་ཆོས་དོན་ཆེན་པོར་གདགས་པའི་རྒྱུས་བཅོམ་ལྡན་འདས་ཀྱི་ཐུགས་ཕུན་སུམ་ཚོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་བླ་ན་མེད་པར་ཤེས་ཏེ། ཡང་དག་པར་བྱང་ཆུབ་པ་རྣམ་པ་དེ་ལྟ་བུ་མེད་པར་ཆོས་འདི་ལྟ་བུ་བཤད་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཐུགས་ཕུན་སུམ་ཚོགས་པ་དེ་ལྟ་བུ་ལ་འདུན་པ་དང་། སྨོན་ལམ་གྱིས་བསྒྲུབ་པའི་ཕྱིར་གནས་པར་བྱ་སྟེ། འདི་མཐའ་དག་གིས་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པར་བྱ་བ་བསྟན་ཏེ། འདི་ཉིད་ཀྱིས་རྒྱ་ཆེ་བ་ཡང་བརྗོད་དོ། །རྫོགས་པའི་བྱང་ཆུབ་དེ་ཡང་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོར་བལྟ་བར་བྱའི་དོན་དམ་པར་ནི་མ་ཡིན་ཏེ། 95-257a སྔར་བཤད་པའི་ཕྱིར་རོ། །དངོས་སུ་མ་གསུངས་ཀྱང་ཤུགས་ཀྱིས་ན་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་དང་། ཟག་པ་ཡང་བསྟན་ཏོ། ། ༈ གདམས་ངག་དོན་ཆེན་པོར་གདགས་པ། ༆ བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་བཞུགས་པའི་ཚེ་ནི་ཤིན་ཏུ་མཉམ་པར་གཞག་པས་སེམས་ཅན་ལ་སོགས་པའི་འདུ་ཤེས་ཀུན་ཏུ་མི་འབྱུང་བ་དེ་ངོ་མཚར་མི་ཆེའི། སེམས་ཅན་རྣམས་ལ་ལེགས་པར་ཐར་པའི་ལུང་དབོག་པའི་ཚེ་མཉམ་པར་མ་བཞག་པའི་དུས་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བཞུགས་པ་ན་ཡང་སེམས་ཅན་ལ་སོགས་པའི་འདུ་ཤེས་ཀུན་ཏུ་མི་འབྱུང་ངོ་ཞེས་དེ་སྟོན་ཅིང་གདམས་ངག་དོན་ཆེན་པོར་གདགས་པའི་རྒྱུས་བཅོམ་ལྡན་འདས་ཀྱི་ཐུགས་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཤེས་པར་འགྱུར་བར་བསྟན་པའི་ཕྱིར་གདམས་ངག་དོན་ཆེན་པོ་གདམས་པའི་དབང་དུ་མཛད་ནས་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲིས་ནས་ལན་ལ་མ་བཞེངས་ཏེ། རིངས་པར་བྱ་བ་དང་ལྡན་པ་ལྟར་ཉིད་ཀྱིས། རབ་འབྱོར་དེ་ལྟར་མི་བལྟའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐུགས་ཕུན་སུམ་ཚོགས་པའི་གདམས་ངག་དོན་ཆེན་པོའི་རྒྱུ་དེ་ལྟ་བུ་ལ་བྱང་ཆུབ་སེམས་དཔས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །ཅི་སེམས་ཅན་ནི་ཡོད་པ་ཉིད་ཡིན་ན་ཀུན་ནས་ཉོན་མོངས་པའི་རྒྱུར་འགྱུར་བས་དེ་བཞིན་གཤེགས་པ་དེ་སྙམ་དུ་མི་དགོངས་སམ། འོན་ཏེ་སེམས་ཅན་མེད་པའི་ཕྱིར་རམ་སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ཕུང་པོ་དང་གང་ཟག་གི་བདག་ཉིད་ཀྱི་སེམས་ཅན་དོན་དམ་པར་གང་ཡང་མེད་པས་དེ་ལྟར་མི་དམིགས་སོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་བཀྲོལ་བའི་སེམས་ཅན་དེ་གང་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །འདིས་ནི་བྱང་ཆུབ་སེམས་དཔའ་འདི་ལ་ཅི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དེ་བསྟན་ཏོ། །མེད་པར་ཇི་ལྟར་ཤེས་སྙམ་པ་ལ། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་དགོངས་པ་ནི་འདི་ཡིན་ཏེ། ཤེས་བྱ་ཇི་ལྟ་བ་བཞིན་དུ་དེ་བཞིན་ 95-257b གཤེགས་པའི་ཡེ་ཤེས་འཇུག་གོ། །དེ་ལྟ་མ་ཡིན་ན་སྒྲིབ་པ་མ་སྤངས་པས་དེ་བཞིན་གཤེགས་པར་ཇི་ལྟར་འགྱུར། དེའི་ཕྱིར་གལ་ཏེ་སེམས་ཅན་ཡོད་ན་དེའི་ཚེ་དེ་བཞིན་གཤེགས་པས་དེ་དག་ཤིན་ཏུ་གཟིགས་པར་འགྱུར་ཏེ། བདག་མངོན་སུམ་དུ་དམིགས་པས་ཐེ་ཚོམ་མི་མངའ་བའི་ཕྱིར་རོ། །དེ་ཉིད་དེའི་བདག་ཏུ་འཛིན་པ་དམ་པོར་འགྱུར་རོ། །དེའི་ཕྱིར་དེའི་བདག་ཏུ་འཛིན་པའི་རྒྱུ་ལས་བྱུང་བ་ཉོན་མོངས་པའི་དྲ་བ་མ་ལུས་པའི་འཆིང་བ་ཡང་བའམ་རབ་ཏུ་འགྱུར་བས་དེའི་ཚེ་འདོད་ཆགས་ལ་སོགས་པའི་འཆིང་བ་ཤིན་ཏུ་དམ་པོའི་སྒྲིབ་པ་མ་སྤངས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གོ་འཕང་མི་བརྙེས་པ་ཞིག་ན་བཅོམ་ལྡན་འདས་ཀྱིས་གོ་འཕང་དེ་བརྙེས་པས་དེའི་ཕྱིར་དེ་ནི་སྒྲིབ་པ་མཐའ་དག་སྤངས་པའོ། །སྒྲིབ་པ་སྤངས་པས་བདག་ཏུ་འཛིན་པའི་རི་མཐའ་དག་བཤིག་གོ། །དེའི་ཕྱིར་སེམས་ཅན་མེད་པར་མི་ཤེས་སོ། །བདག་མེད་དུ་ཟིན་ཀྱང་བདག་ཏུ་འཛིན་པ་སྟེ། བདག་ཏུ་ལྟ་བའི་མཚན་ཉིད་ཡོད་པ་མ་ཡིན་ནམ། བཅོམ་ལྡན་འདས་ཇི་ལྟར་བདག་ལ་སོགས་པར་འདུ་ཤེས་པར་མི་བྱ་སྙམ་པ་ལ། རབ་འབྱོར་བདག་ཏུ་འཛིན་པ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེས་བདག་ལ་སོགས་པའི་དངོས་པོ་འགའ་ཞིག་བཟུང་ན་ནི་དེའི་ཚེ་བཅོམ་ལྡན་འདས་སྒྲིབ་པ་སྤངས་པ་དེའི་བདག་ཏུ་འཛིན་པ་ཀུན་ཏུ་འབྱུང་བར་འགྱུར་བ་ཞིག་ན་བདག་ཏུ་གཟུང་བར་བྱ་བ་གང་ཡང་མེད་པས་འཛིན་པ་མེད་པ་ཉིད་དུ་དེ་བཞིན་གཤེགས་པས་གསུངས་སོ། །འོ་ན་ཇི་ལྟ་བུ་ལ་བདག་ཏུ་འཛིན་པ་ཞེས་བྱ་སྙམ་པ་ལ། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐོས་པ་ལ་སོགས་པ་དང་མི་ལྡན་པའི་སྤང་བར་བྱ་བ་དང་བླང་བར་བྱ་བ་མངོན་པར་མི་ཤེས་པའི་ཕྱིར་བྱིས་པ་རྣམས་སོ། །རྟོག་པ་དང་མི་ལྡན་པའི་ཕྱིར་འཕགས་པ་རྣམས་ལས་ཐ་དད་དུ་གྱུར་པས་སོ་སོའི་སྐྱ་བོ་རྣམས་སོ། །སོ་སོའི་སྐྱེ་བོ་རྣམས་ཀྱང་ཁ་ཅིག་ཡང་དག་པའི་བསྟན་བཅོས་མཉན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པ་ཆོས་ལ་བདག་མེད་པ་ལ་མོས་པ་ན་བདེན་པར་མངོན་པར་ཞེན་ནས་བདག་ཏུ་མི་འཛིན་པ་དེ་དག་རྣམ་པར་གཅད་པའི་ཕྱིར་བྱིས་པ་སྨོས་སོ། །བྱིས་པ་འབའ་ཞིག་སྨོས་ན་ནི་སོ་སོའི་སྐྱེ་བོ་དེ་ལྟ་བུ་ཕུང་པོ་ལ་སོགས་པ་ལ་མཁས་པ་ 95-258a དག་ཀྱང་འཕགས་པའི་ལམ་མ་སྐྱེས་པའི་ཕྱིར་བྱིས་པ་དག་ཡིན་པས་བྱིས་པའི་བྱེ་བྲག་བསྟན་པའི་ཕྱིར། དེ་ནི་བདག་ཏུ་འཛིན་པ་ལོག་པ་ཡིན་དུ་ཟིན་ཀྱང་བྱིས་པར་གྱུར་པས་དེ་དག་ལ་བདག་ཏུ་འཛིན་པ་ལྟ་བུར་སྣང་སྟེ། དེས་ན་དེའི་བསམ་པའི་དབང་གིས་བདག་ཏུ་འཛིན་པ་ཞེས་དེ་སྐད་སྟོན་ཏོ། །དེ་ཙམ་གྱིས་བདེན་པར་མི་འགྱུར་གྱི་ཐལ་བར་འགྱུར་ཏེ། བདག་མེད་པ་ལ་སོགས་པའི་སྒྲའི་སྦྱོར་བས་ཀྱང་བདག་ལ་སོགས་པ་བདེན་པར་ཅིའི་ཕྱིར་མི་འཛིན། གལ་ཏེ་བདག་མེད་ན་སུ་ལ་སོ་སོའི་སྐྱ་བོ་རྣམས་ཞེས་བྱ་སྙམ་པ་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་དམ་པར་ནི་སྐྱེ་བོ་མེད་པ་ཉིད་དེ་ཀུན་རྫོབ་ལ་བརྟེན་ནས་གསུངས་པས་ཉེས་པ་མེད་དོ། །འདི་མཐའ་དག་གིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སེལ་བས་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ནི་དངོས་སུ་ཟབ་པ་ཉིད་བརྗོད་དེ། སེམས་ཅན་གྱི་ཁམས་མ་ལུས་པ་ལ་གདམས་ངག་དོན་ཆེན་པོ་གདགས་པའི་རྒྱུར་བསྟན་པ་ནི་ཐུགས་ཕུན་སུམ་ཚོགས་པའི་རྒྱ་ཆེ་བ་ཡང་བསྟན་ཏོ། ། ༈ ཆོས་ཀྱི་སྐུ་ཡོངས་སུ་འཛིན་པ། ༆ གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མེད་ན་དེ་བཞིན་གཤེགས་པ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཕུན་སུམ་ཚོགས་པར་གྱུར་པ་རྣམས་ག་ལ་ཡོད་དེ། སོ་སོའི་སྐྱེ་བོ་བདག་ཉིད་སྙིང་རྗེའི་རྩ་བ་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་ན་དེ་བཞིན་གཤེགས་པའི་སྐུ་མཚན་ལ་སོགས་པས་བརྒྱན་པ་ཕུན་སུམ་ཚོགས་པ་རྣམས་སུ་འགྱུར་ན་དེ་དག་མེད་ན་རྩ་བ་མེད་པས་དེ་བཞིན་གཤེགས་པ་སྐུ་ཕུན་སུམ་ཚོགས་པ་དེ་ལྟ་བུ་དག་ཏུ་ཇི་ལྟར་འགྱུར་སྙམ་དུ་འཁོར་འདུག་པ་གང་དག་རྟོགས་པ་མི་ཉུང་བར་བསགས་པ་གཟུགས་ལ་སོགས་པ་ལ་དངོས་པོར་མངོན་པར་ཞེན་པས་དེ་སྙམ་དུ་སེམས་པ་དེ་དག་གི་ཆེད་དུ་ཆོས་ཀྱི་སྐུ་ཡོངས་སུ་གཟུང་བའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་ནི་ཆོས་ཀྱི་སྐུར་རྣམ་པར་གཞག་པ་མ་མཛད། དེ་ནི་ཆོས་ཀྱི་སྐུ་རྣམ་པར་གཞག་པའི་ཕྱིར་འདི་གསུངས་པས་ཚིག་ཟློས་པའི་ཉེས་པར་མི་འགྱུར་རོ། །མཚན་ཕུན་སུམ་ཚོགས་པ་ནི་དོན་དམ་པར་བརྟགས་ན་ཡན་ལག་ཅན་ 95-258b ནམ་རྡུལ་ཕྲ་རབ་བསགས་པའི་ངོ་བོར་འཐད་པ་མེད་པར་རིག་ནས་དགོངས་པ་སྔ་མ་ཉིད་བཟུང་སྟེ། འཕགས་པ་རབ་འབྱོར་གྱིས་དེ་ནི་མ་ལགས་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་ཉིད་དུ་འཐད་པ་གཞན། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་བཞིན་གཤེགས་པ་མཚན་ཕུན་སུམ་ཚོགས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ན་ནི་བརྗོད་པའི་རྒྱུ་མཚུངས་པའི་ཕྱིར་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་ཅིའི་ཕྱིར་མི་འགྱུར། ཇི་སྟེ་ཡུལ་ན་གནས་པ་དང་། གསལ་བ་དང་། རྫོགས་པས་བཅོམ་ལྡན་འདས་ཀྱི་མཚན་ཕུན་སུམ་ཚོགས་པ་བྱེ་བྲག་ཅན་ཡིན་གྱི། འཁོར་ལོས་སྒྱུར་བ་ནི་མ་ཡིན་ཏེ། དེས་ན་དེ་ལ་དེ་བཞིན་གཤེགས་པ་ཞེས་མི་བྱའོ་ཞེ་ན་དེ་ཡང་མི་རིགས་ཏེ། ཡུལ་ན་གནས་པ་ལ་སོགས་པའི་བྱེ་བྲག་ཀྱང་བེམས་པོའི་ངོ་བོར་བྱེ་བྲག་གང་ཡང་མེད་དོ། །དེས་ན་གལ་ཏེ་དེ་བཞིན་གཤེགས་པ་བེམས་པོའི་རང་བཞིན་གྱི་མཚན་ལ་སོགས་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བར་འགྱུར་ན་ནི་དེའི་ཚེ་འཁོར་ལོས་སྒྱུར་བ་ཡང་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་དངོས་པོ་མ་ལུས་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ཙམ་གྱིས་རབ་ཏུ་ཕྱེ་བར་དགོངས་པའོ། །འདིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུ་ཅན་སྐུ་རྣམ་པ་དེ་ལྟ་བུ་ལ་བྱང་ཆུབ་སེམས་དཔས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །ད་ནི་དོན་དམ་པར་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལ་ཡང་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་ཆོས་ཀྱི་སྐུ་རྣམ་པར་འཇོག་ཅིང་། བྱང་ཆུབ་སེམས་དཔའ་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དེ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ། །དེ་ལ་ཚིགས་སུ་བཅད་པ་གོང་མས་ནི་ཇི་ལྟར་དེ་བཞིན་གཤེགས་པར་བལྟ་བར་མི་བྱ་བ་དང་། སུ་དག་གིས་མི་མཐོང་བ་དེ་བསྟན་ཏོ། །ཇི་ལྟར་བལྟ་བར་མི་བྱ་ཞེ་ན། མཐོང་བ་ལ་སོགས་པས་ཐ་སྙད་འདོགས་པ་དག་ཏུའོ། །སུ་དག་གིས་མི་མཐོང་ཞེ་ན། ལོག་པས་སྤོང་བར་ཞུགས་པ་རྣམས་ཀྱིས་སོ། །གཟུགས་སུ་མཐོང་ཞེས་བྱ་བ་འདིས་ནི་གང་ཟག་གཟུགས་ལ་མངོན་པར་ཞེན་པ། 95-259a དོན་དམ་པར་མཚན་ལ་སོགས་པས་བརྒྱན་པ་ཆོས་དང་གང་ཟག་གི་གཟུགས་ཅན་དུ་མཐོང་བར་ཐ་སྙད་འདོགས་པ་བསྟན་ཏོ། །སྒྲར་ཤེས་པ་ཞེས་བྱ་བ་ནི་བདག་གིས་སྒྲ་ལས་དེ་བཞིན་གཤེགས་པ་དེ་ནི་འདི་ལྟ་བུ་འདི་འདྲ་བ་ཞིག་གོ་ཞེས་དེ་ལྟར་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་ཐོས་པར་ཐ་སྙད་འདོགས་པ་བསྟན་ཏོ། །ཐ་སྙད་འདོགས་པ་འདི་གཉིས་ནི་མཚོན་པ་སྟེ། དེས་ནི་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ཡང་བསྡུའོ། །སྐྱེ་བོ་ལོག་པས་སྤོང་བར་ཞུགས་པ་དེ་དག་ནི་ལམ་ལོག་པར་ཞུགས་པས་ང་ཡང་དག་པར་མི་མཐོང་ངོ་། །འདིས་སྤོང་བས་ན་སྤོང་བར་བྱེད་པ་སྟེ་ལམ་ལ་བྱའོ། །དེ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་ལོག་པ་སྟེ། དེ་ཡང་མི་མཐོང་བའི་རྒྱུ་ཡིན་ནོ། །འོ་ན་སངས་རྒྱས་ཇི་ལྟར་བལྟ་བར་བྱ་སྙམ་པ་ལ་ཆོས་ཉིད་ལྟ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྣམས་ཀྱི་རང་བཞིན་གཤའ་མ་གང་ཡིན་པ་དེ་ནི་ཆོས་ཉིད་ཅེས་བྱ་སྟེ། དེ་ཡང་རིགས་པ་དང་ལུང་གིས་གྲུབ་པའི་ཕྱིར་གཟོད་མ་ནས་ཞི་བ་ལ་སོགས་པའི་ངོ་བོ་ཡིན་ནོ། །དེ་ཉིད་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་སུ་བརྗོད་པའོ། །དུས་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་དེ་བཞིན་ཉིད་དོ། །དེ་ལ་དམིགས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་སྟེ། དེ་དག་གི་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས་སོ། །ཕྱིན་ཅི་མ་ལོག་པས་ཡང་དག་པ་སྟེ། དེའི་མཐར་གྱུར་པས་ཡང་དག་པའི་མཐའ་འོ། །དེ་ལ་སྔོན་པོ་ལ་སོགས་པ་དངོས་པོའི་མཚན་མ་ཐམས་ཅད་མེད་པས་མཚན་མ་མེད་པའོ། །ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པས་དོན་དམ་པའོ། །ཅིའི་ཕྱིར་དེ་ཆོས་ཉིད་དུ་བལྟ་བར་བྱ་སྙམ་པ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་གསུངས་སོ། །སྐུའི་སྒྲ་ནི་རང་བཞིན་ལ་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། གང་དག་ཡང་དག་པའི་ཡེ་ཤེས་ཀྱི་རྒྱུ་ཅན་གྱི་དེ་བཞིན་གཤེགས་པར་རྣམ་པར་གཞག་པ་དེ་དག་དོན་དམ་པར་ཆོས་ཀྱི་རང་བཞིན་ཏེ། གང་དག་གང་གི་རང་བཞིན་ཡིན་པ་དེ་དག་དེའི་ངོ་བོར་བལྟ་བར་བྱ་སྟེ། གཞན་ལ་གཞན་གྱི་ངོ་བོར་བལྟ་བ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཆོས་ཉིད་ནི་སྣང་བའི་རང་བཞིན་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་དེས་ 95-259b མཚོན་པ་དེ་དག་ཇི་ལྟར་མཐོང་བར་ནུས་སྙམ་པ་ལ་བརྟགས་ནས། ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་མི་ནུས་པའི་ཕྱིར་མི་རིག་གམ། འོན་ཏེ་ཡོངས་སུ་ཤེས་ན་ཉེས་པ་དང་བཅས་པར་འགྱུར་བའི་ཕྱིར་རམ་སྙམ་པ་ལ་མི་ནུས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཅན་གྱི་རང་བཞིན་གྲུབ་ན་ནི་དེའི་ཆོས་ཉིད་རྣམ་པར་ཤེས་པར་ནུས་པ་ཞིག་ན་གང་གི་ཚེ་དོན་དམ་པར་ཆོས་ཅན་རང་གི་ངོ་བོར་གྲུབ་པ་གང་ཡང་མེད་པ་དེའི་ཚེ་ཆོས་ཉིད་དེ་རང་གི་རྒྱུད་འབའ་ཞིག་རྣམ་པར་ཤེས་པར་ཇི་ལྟར་ནུས་ཏེ། དེ་འབའ་ཞིག་ཡོད་པ་མ་ཡིན་ཞེས་དགོངས་པའོ། །གལ་ཏེ་དེ་ལྟ་ན་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཅན་སངས་རྒྱས་རྣམས་ཀྱང་དོན་དམ་པར་མ་གྲུབ་པས་མཐོང་བ་མེད་ན་ཇི་ལྟར་ཆོས་ཉིད་དུ་བལྟ་བར་བྱ་ཞེ་ན། དེ་ཉེས་པ་མེད་དེ། གང་དག་དོན་དམ་པར་ཆོས་ཅན་ཐམས་ཅད་མི་མཐོང་བ་དེ་ཉིད་ཀྱིས་ཆོས་ཉིད་མཐོང་བའོ། །ཆོས་ཉིད་ནི་སྐྱེ་བ་མེད་པའི་ངོ་བོ་ཡིན་པས་དེ་ནི་དེ་དང་མི་མཐུན་པ་སྐྱེ་བ་འཛིན་པས་ཇི་ལྟར་གཟུང་། བུམ་པ་འཛིན་པས་ནི་དེའི་སྐྱེ་བ་མེད་པ་འཛིན་པར་མི་འགྱུར་རོ། །འདིས་ནི་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར་བལྟ་བར་མི་བྱའི་ཆོས་ཀྱི་སྐུར་བ་ལྟ་བར་བྱའོ་ཞེས་དེ་སྐད་སྟོན་ཏོ། །དེ་བཞིན་གཤེགས་པ་མཚན་ཕུན་སུམ་ཚོགས་པའི་རང་བཞིན་མ་ཡིན་དུ་ཟིན་ཀྱང་། དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ནི་མཚན་ཕུན་སུམ་ཚོགས་པའི་རྒྱུ་ལས་བྱུང་བར་རིགས་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔར་གྱུར་པ་ནི་མཚན་མཁན་རྣམས་ཀྱིས་མཚན་ཕུན་སུམ་ཚོགས་པར་མཐོང་ནས་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་དུ་གང་གི་དོགས་པ་དེ་སྤང་བའི་ཕྱིར་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་མཚན་ཕུན་སུམ་ཚོགས་པ་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ན་ནི་དེའི་ཚེ་འཁོར་ལོས་སྒྱུར་བ་ཡང་འགྱུར་རོ་ཞེས་དགོངས་པའོ། །མཚན་མཁན་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་མཚན་མ་ཞིག་མཐོང་ནས་ལུང་བསྟན་གྱི་རྒྱུ་ནི་མ་ཡིན་ཏེ་ཉེས་པ་མེད་དོ། །འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །གནས་འདི་མཐའ་ 95-260a དག་གིས་ནི་ཟབ་པ་ཉིད་བསྟན་ཏོ། །ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་དངོས་པོ་མ་ལུས་པའི་རང་བཞིན་ཐུགས་སུ་ཆུད་པའི་མཚན་ཉིད་བསྟན་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ། ། ༈ མྱ་ངན་ལས་འདས་པ་དང་འཁོར་བ་ལ་མི་གནས་པ། ༆ གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ཉིད་དེ་རྣམ་པར་ཤེས་པར་མི་ནུས་ན་དེ་ལྟ་ན་ནི་ཁྱེད་ཆད་པར་སྨྲ་བར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་མེད་པས་མི་གནས་པའི་མྱ་ངན་ལས་འདས་པ་ཡང་མི་འགྲུབ་པོ་སྙམ་དུ་གང་དོགས་པ་དེའི་ཆེད་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱུང་བ་རྣམ་པར་བཤིག་པར་བརྟགས་པ་ཡང་མེད་དེ། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་རྟོགས་པའི་ཕྱིར་རོ། །དེ་བས་ན། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བའང་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་བཤད་དོ། །མ་འོངས་པའི་ཆོས་འབྱུང་བའི་གགས་བྱེད་པས་ཆད་པར་བརྟགས་པ་ཡང་མེད་དེ། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་བསྟན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མ་བརྟགས་ན་དགའ་བར་རྐྱེན་ཇི་ལྟ་བ་བཞིན་དུ་སྐྱེ་བར་ཁས་བླངས་པས་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོའི་དབང་གིས་སྤྲུལ་པ་ལ་སོགས་པ་ལ་མངའ་བརྙེས་པ་ཡང་འདུལ་བ་ཇི་ལྟ་བ་བཞིན་དུ་ཐབས་སྟོན་པས་འཁོར་བར་འཇུག་པའི་རྒྱུན་མི་གཅོད་པར་ཁས་བླངས་པའི་ཕྱིར་འདིས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་མི་གནས་པ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་དེ་ལྟ་བུ་ལ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་དེ་ཡང་བསྟན་ཏོ། །གལ་ཏེ་དེ་ལྟར་བཅོམ་ལྡན་འདས་འཁོར་བར་འཇུག་པར་ཁས་བླངས་པས་འཁོར་བ་དེ་ཉིད་དུ་འགྱུར་བ་སྙམ་པ་ལ་བརྟགས་ནས་འཁོར་བ་ལ་མི་གནས་པ་ཉིད་དུ་བསྟན་པའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་མེད་པ་ཞེས་བྱ་བ་ནི་སྒྱུ་མ་བཞིན་དུ་གཞན་གྱི་དབང་གི་ཕྱིར་རོ། །རང་གིས་བདག་གི་རང་བཞིན་མ་ཡིན་ཏེ། རྟག་པ་ནི་རིམ་དང་རིམ་མ་ཡིན་པས་རྒྱུར་འགལ་བའི་ཕྱིར་ལ། རྒྱུ་མ་ཡིན་པ་ནི་ཅི་ཡང་མི་བྱེད་པས་ 95-260b བྱིན་གྱིས་རློབ་པ་པོར་མི་སྲིད་པའི་ཕྱིར་རོ། །བདག་གཞན་གྱིས་བྱིན་གྱིས་བརླབས་པ་ཡང་མེད་དེ། དེའི་ཕྱིར་རྣམ་པ་གཉིས་ཀར་ཆོས་ཐམས་ཅད་ནི་བདག་མེད་པ་དེ་དག་སྟེ། ཇི་སྐད་དུ། དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་རྣམས་བདག་དང་བདག་གི་ཞེས་འདོགས་ཤིང་འཇུག་གི་འདི་ལ་ནི་བདག་དང་བདག་གི་མེད་དེ་ཞེས་གསུངས་པ་ལྟ་བུའོ། །འདིས་ནི་ཆོས་ཐམས་ཅད་ལ་གང་ཟག་ལ་བདག་མེད་པའི་བཟོད་པ་བསྟན་ཏོ། །སྐྱེ་བ་མེད་པ་ཞེས་བྱ་བ་འདིས་ནི་ཆོས་ལ་བདག་མེད་པའི་བཟོད་པ་བསྟན་ཏོ། །འདི་ལྟར་དངོས་པོ་རྣམས་སྐྱེ་བར་འགྱུར་ན་ནི་རྒྱུ་མེད་པའམ་རྒྱུ་དང་བཅས་པ་ལས་འགྱུར་གྲང་། རྒྱུ་དང་བཅས་པ་ཡང་རྒྱུ་རྟག་པའམ། རྒྱུ་མི་རྟག་པ་ལས་འགྱུར་བར་རྣམ་པར་རྟོག་གྲང་ན། དེ་ལ་དངོས་པོ་རྣམས་རེས་འགའ་སྣང་བས་རྣམ་པར་རྟོག་པ་དང་པོ་ལྟར་ནི་མི་རུང་སྟེ། ལྟོས་པ་མེད་པ་ནི་ཐམས་ཅད་དུ་བྱེ་བྲག་མེད་པས་ཡོད་པ་དང་མེད་པའི་དུས་བཞིན་དུ་རྟག་པར་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ། །དེ་བས་ན་རེས་འགའ་བྱུང་བ་ཉིད་ཀྱི་ཕྱིར་ཕྱོགས་གཉིས་པ་ལྟར་ཡང་མི་རུང་སྟེ། རྟག་པ་དག་གི་ནུས་པ་གྲོགས་བྱེད་པ་གཞན་དག་གིས་བྱེ་བྲག་ཏུ་བྱར་མེད་པ་ན་སུ་ལ་ཡང་ལྟོས་པ་མེད་ན་གང་གིས་འབྲས་བུ་རིམ་གྱིས་སྐྱེད་པ་ཅིག་ཅར་མ་ཡིན། རྒྱུ་མ་ཚང་བ་མེད་པའི་འབྲས་བུ་ནི་རེས་འགའ་མི་སྣང་བ་མི་རིགས་ཏེ། གང་གིས་ན་རིམ་གྱིས་འབྱུང་བར་འགྱུར། གང་དག་ངོ་བོ་ཉིད་དངོས་པོ་རྣམས་ཀྱི་རྒྱུར་སྨྲ་བ་དེ་དག་ཀྱང་དོན་དུ་ན་མེད་པ་ཉིད་ཁས་བླངས་པ་ཡིན་ཏེ། འདི་ལྟར་ངོ་བོ་ཉིད་གྲུབ་པ་ནི་རྒྱུར་འགྱུར་གྱི། མ་གྲུབ་པ་ནི་མ་ཡིན་ཏེ། དེ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དངོས་པོའི་ངོ་བོ་ཉིད་དེ་གྲུབ་པ་ན་རྒྱུ་མེད་པ་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ཡིན་ཏེ། དེ་དང་ཐ་དད་པ་གཞན་རྒྱུ་གཞན་ནི་མི་འདོད་ན་གང་གིས་རྒྱུ་མེད་པར་མི་འགྱུར། དངོས་པོ་ནི་ངོ་བོ་ཉིད་ལས་གཞན་མ་ཡིན་པས་དེ་འགྲུབ་པ་ན་འགྲུབ་སྟེ། རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་དེ་གྲུབ་པ་ན་མ་གྲུབ་པས་དེ་དང་ཐ་མི་དད་པའི་ངོ་བོར་ཇི་ལྟར་འགྱུར། དེ་བས་ན་རྒྱུ་མེད་པར་སྨྲ་བའི་ཕྱོགས་བཤིག་པ་གང་ཡིན་པ་དེ་འདིར་ཡང་མཚུངས་སོ། །དུས་མཉམ་པ་དང་མི་མཉམ་པ་ལས་རྒྱུར་འགལ་བའི་ཕྱིར་ཕྱོགས་གསུམ་པ་ལྟར་ཡང་མི་རུང་སྟེ། འདི་ལྟར་དེ་རྒྱུར་འགྱུར་ན་ནི་འབྲས་བུ་དང་ 95-261a དུས་མཉམ་པའམ་དུས་ཐ་དད་པར་འགྱུར་གྲང་ན། དུས་མཉམ་པ་ལས་ནི་མ་ཡིན་ཏེ། བདག་གི་དེ་ཁོ་ན་རང་གི་མ་ཐོབ་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་བས་འབྲས་བུ་གང་ལ་ཡང་སྦྱོར་བ་མེད་པའི་ཕྱིར་རོ། །བདག་གི་དེ་ཁོ་ན་ནི་དེའི་རང་བཞིན་ལྟར་འབྲས་བུ་ཡང་དེ་དང་དུས་མཉམ་པར་ཐོབ་པའི་བདག་ཉིད་ཀྱི་ངོ་བོ་ཁོ་ན་སྟེ། འབྲས་བུ་དེ་ལ་དེ་སྦྱོར་བ་མེད་དོ། །དུས་ཐ་དད་ན་ཡང་དེ་དུས་གཞན་གྱིས་ཆོད་ནས་འགྱུར་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་པར་སྨིན་པའི་རྒྱུ་ལ་རྒྱུར་འདོད་པ་ལྟ་བུར་འགྱུར་བའམ། མཆོད་པ་ལས་འགྱུར་ཏེ། དཔེར་ན་མདོ་སྡེ་པ་དག་རྒྱུ་དང་འབྲས་བུ་འཇིག་པ་དང་སྐྱེ་བ་ནི་སྲང་མདའི་མཐོན་དམན་ལྟར་མཉམ་མོ་ཞེས་ཟེར་བ་ལྟར་འགྱུར་གྲང་ན། དེ་ལ་དུས་གཞན་གྱིས་ཆོད་ནས་འབྲས་བུ་སྐྱེ་ན་ནི་རྣམ་པར་ཞིག་པ་ཉིད་ལས་སྐྱེས་པར་ཁས་བླངས་པར་འགྱུར་ཏེ། དེ་ནི་ནུས་པ་ཐམས་ཅད་དང་བྲལ་བས་རྣམ་པར་ཞིག་པ་ནི་རྒྱུའི་དངོས་པོར་མི་རིགས་སོ། །དེ་ལྟ་མ་ཡིན་ན་ནི་བྱེད་པ་མ་ཡིན་པ་ཞིག་པའི་དངོས་པོ་རྣམ་པར་ཞིག་པར་ཇི་ལྟར་འགྱུར། མཆོད་པའི་ཕྱོགས་ཀྱང་གལ་ཏེ་བདག་ཉིད་ཐམས་ཅད་དང་མཆོད་པ་ནི་དེའི་ཚེ་དེ་ཉིད་དུ་དུས་མཉམ་པར་འགྱུར་ཏེ། དངོས་པོ་ཆ་མེད་པ་གཉིས་བདག་ཉིད་ཐམས་ཅད་ཀྱིས་མཆོད་ན་དུས་གཅིག་ཏུ་འགྱུར་བ་མ་གཏོགས་པར་འགྲོ་བ་གཞན་མེད་དོ། །དེའི་ཕྱིར་ཇི་ལྟར་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་ཆོད་ན་གོང་དུ་རྡུལ་ཕྲ་རབ་ཙམ་དུ་འགྱུར་བ་དེ་བཞིན་དུ་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་བ་ཟློག་པར་དཀའོ། །ཕྱོགས་གཅིག་གིས་མཆོད་ན་ནི་ཡན་ལག་དང་བཅས་པར་འགྱུར་རོ། །དེ་བས་ན་དངོས་པོ་ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཉིད་དེ། མ་བརྟགས་ན་དགའ་བ་བརྫུན་པ་ཉིད་ཀྱིས་སྐྱེ་བ་ལྟ་བུར་སྣང་བར་ཟད་དེ། འཁྲུལ་བའི་ཤེས་པ་ལ་སྣང་བའི་ངོ་བོ་དང་འདྲའོ། །གྲགས་པ་ཙམ་ནི་ཚད་མ་མ་ཡིན་ན་དངོས་པོའི་རྒྱུ་དང་འབྲས་བུ་བ་ལང་རྫི་ཡན་ཆད་ལ་གྲགས་པའི་ཕྱིར་གཞིག་པ་མི་རིགས་སོ་ཞེས་སྨྲ་བ་གང་གིས་རིགས་པར་འགྱུར། གྲགས་པ་གཟུགས་ལ་སོགས་པ་ནི་ཚད་མས་ཤིགས་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཟླ་བའི་སྒྲོན་མའི་མདོ་ལས། མིག་ལ་སོགས་པའི་ཚད་མ་རྣམས་བཀག་སྟེ། མིག་དང་རྣ་བ་སྣ་ཡང་ 95-261b ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང་། །དེས་ནི་འཕགས་པའི་ལམ་གྱི་བྱ་བ་བྱོས། །ཞེས་གསུངས་སོ། །སློབ་དཔོན་དག་གིས་མངོན་སུམ་གྱི་མཚན་ཉིད་གསུངས་པ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་མངོན་སུམ་སྟེ། དོན་དམ་པ་ལ་འཇུག་པར་བལྟ་བར་བྱའོ། །ཀུན་རྫོབ་ཏུ་ནི་མཐུན་པར་བརྒལ་ཞིང་བརྟག་པ་མ་ཡིན་ཏེ། དེ་བས་ན་དེ་ནི་ཀུན་རྫོབ་ཏུ་བསྟན་པའི་ཕྱིར་བརྟག་མི་བཟོད་པའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པ་ལ་སོགས་པ་ལ་བདག་དང་གཞན་ལས་དངོས་པོ་རྣམས་ཀྱི་སྐྱེ་བ་བཀག་གོ། །དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། བློ་གྲོས་ཆེན་པོ་ཡོད་པ་དང་མེད་པ་ལས་མི་སྐྱེ་བའི་ཕྱིར་ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་གསུངས་པ་རབ་འབྱོར་ཆོས་ཅུང་ཟད་ཀྱང་མ་སྐྱེས་པ་དེ་ནི་སྐྱེ་བ་མེད་པའོ་ཞེས་བྱའོ། །དེ་ལ་ཤེས་རབ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །དེ་སྐད་དུ། དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་ཀྱང་། གང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། །རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར། །རང་བཞིན་མེད་པས་གཞན་ནི་ཇི་ལྟར་བསྐྱེད། །རྒྱུ་དེ་བདེ་བར་གཤེགས་པས་རབ་ཏུ་བསྟན། །ཞེས་གསུངས་སོ། །ཡང་། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་ཀྱང་གསུངས་སོ། །གལ་ཏེ་འདི་ཐམས་ཅད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེ་ན། མ་ཡིན་ཏེ། ངོ་བོ་ཉིད་ཐམས་ཅད་ནི་ཚད་མས་བསལ་ཟིན་པའི་ཕྱིར་རོ། །འདིས་ནི་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་གཞན་ཡང་འཁོར་བའི་སྡུག་བསྔལ་མི་མྱོང་ན་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཡེ་ཤེས་ཀྱི་སྡང་བ་ཆེན་པོ་སྐྱེས་པ་བླ་ན་མེད་པའི་བསོད་ནམས་ཀྱི་ཕུང་པོ་སྐྱེད་པ་བརྙེས་པ་ལྟ་ཅིའི་ཕྱིར་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་ཞེས་དེ་སྐད་བསྟན་པ་ཡིན་ནོ། །འདི་ལྟར་རྣམ་པ་གཉིས་ཀྱིས་འཁོར་བ་ན་སྡུག་བསྔལ་མྱོང་བར་འགྱུར་ཏེ། ལུས་དང་ཡིད་མི་བདེ་བའི་མཚན་ཉིད་དོ། །དེ་ལ་སྔ་མ་ནི་སྡིག་པའི་ལས་ཀྱི་འབྲས་བུའོ། །ཅིག་ཤོས་ནི་གཏི་མུག་ལས་སྐྱེས་པ་སྟེ། ལོག་པར་རྟོགས་པ་ལས་སྐྱེས་པའོ། །དེ་ལ་མི་སྐྱེ་བའི་ཆོས་ལ་ 95-262a བཟོད་པ་ཐོབ་པས་བྱང་ཆུབ་སེམས་དཔའ་ལ་ནི་སྡུག་བསྔལ་གྱི་རྒྱུ་སྡིག་པ་དང་། གཏི་མུག་གཉིས་ཀ་མེད་དོ། །རྒྱུ་མེད་པས་སྡུག་བསྔལ་གྱི་བག་གིས་རེག་མི་སྲིད་དོ། །འདིས་ནི་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ། །བསོད་རྣམས་ཀྱི་ཕུང་པོ་ཤིན་ཏུ་མང་དུ་བསྐྱེད་ཟིན་ཀྱང་གཟུགས་ན་སྤྱོད་པ་ལ་སོགས་པའི་སེམས་ཅན་རྣམས་ལྟར་འཁོར་བ་ཉིད་དུ་མི་འགྱུར་རམ། ཇི་ལྟར་བསོད་རྣམས་ཀྱི་ཕུང་པོ་མང་དུ་བསྐྱེད་པ་ཙམ་གྱིས་འཁོར་བ་ལ་མི་གནས་པ་ཉིད་དུ་བསྟན་སྙམ་དུ་དོགས་པ་ལ་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་གང་བསོད་ནམས་ཀྱི་ཕུང་པོ་བསྐྱེད་དུ་ཟིན་ཀྱང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་འཛིན་པ་ཡོད་པ་དེའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཕྱིན་ཅི་ལོག་མ་སྤངས་པས་འགྲོ་བ་ཁྱད་པར་ཅན་ཐོབ་ཀྱང་འཁོར་བ་པར་རྣམ་པར་གཞག་གོ། །བྱང་ཆུབ་སེམས་དཔའ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བསོད་ནམས་ཀྱི་ཕུང་པོ་ལ་བདེན་པ་ཉིད་དུ་མངོན་པར་ཞེན་པ་མེད་དེ། དེས་ན་དེའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཤིན་ཏུ་རྨོངས་པ་སྤངས་པའི་ཕྱིར་འཁོར་བ་ལ་མི་གནས་སོ་ཞེས་དེ་སྐད་སྟོན་ཏོ། །གཞན་དག་གི་རྣམ་པར་རྟོག་པ་བསལ་བའི་ཕྱིར་འཕགས་པ་རབ་འབྱོར་གྱིས་དགོངས་པ་མ་བཟུང་བ་ལྟར་ཡོངས་སུ་གཟུང་བར་མི་བགྱི་ལགས་སམ་ཞེས་འགལ་བ་བརྗོད་དོ། །དེའི་བསམ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་དེ་དང་དེ་དག་ཏུ་ནི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་གཟུང་ངོ་ཞེས་གསུངས། འདིར་ནི་ཡོངས་སུ་གཟུང་བར་མི་བྱའོ་ཞེས་གསུངས་ན་ཇི་ལྟར་འགལ་བར་མི་འགྱུར་སྙམ་མོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགོངས་པ་གང་གིས་གཉི་ག་གསུངས་པ་དེ་བསྟན་པའི་ཕྱིར་ཡོངས་སུ་གཟུང་མོད་ཀྱི་ཞེས་བྱ་བ་གསུངས་སོ་ཡོངས་སུ་གཟུང་ཞེས་གང་གསུངས་པ་དེ་ནི་ཉེ་བར་བསྒྲུབ་པའི་མཚན་ཉིད་ཡོངས་སུ་གཟུང་བའི་ཚུལ་ལོ། །འདིར་ནི་ལོག་པར་འཛིན་པའི་མཚན་ཉིད་སེལ་ཏེ་འགལ་བ་མེད་དོ། །ལོག་པར་འཛིན་པ་ནི་ལམ་ལོག་པར་འཛིན་པའོ། །འདིས་ནི་རྣམ་པར་རྟོག་པ་དེ་སྤོང་བས་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་མོ་གང་གིས་ཞེས་བྱ་བ་ནས་བརྩམས་ཏེ་རྒྱ་ཆེ་བ་བསྟན་ཏོ། །ལྷག་མ་སྔ་མ་རྣམས་ཀྱིས་ནི་ཟབ་པ་བསྟན་ཏོ། །གནས་འདི་མཐའ་དག་གིས་ནི་རྟག་པ་དང་ཆད་པའི་ 95-262b མཐའ་བཀག་ནས་དབུ་མའི་ལམ་བརྗོད་དོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་བཤད་ཟིན་ཏོ།། །། ༈ བཞུགས་པ་ཡོངས་སུ་དག་པ། ༆ བཞུགས་པ་ཡོངས་སུ་དག་པར་བརྗོད་པར་བྱའོ། །དེ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། སྣོད་དང་སེམས་ཅན་གྱི་འཇིག་བརྟེན་ལ་མངའ་བས་བཞུགས་པ་དང་། ཀུན་ནས་ཉོན་མོངས་པ་མི་མངའ་བས་བཞུགས་པའོ། །དེ་ལ་གལ་ཏེ་སངས་རྒྱས་ནི་ཆོས་ཀྱི་སྐུར་བལྟའི་གཟུགས་ཀྱི་སྐུར་མ་ཡིན་ན་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱོད་ལམ་བཞི་དང་། བལྟམས་པ་དང་། མངོན་པར་འབྱུང་བ་ལ་སོགས་པ་ལུང་ལས་གྲགས་པ་དང་ཇི་ལྟར་འགལ་བར་མི་འགྱུར་ཞེས་གང་དེ་སྙམ་སེམས་པ་དེའི་ཆེད་དུ་ཞུགས་པ་ཕུན་སུམ་ཚོགས་པ་སྤྱོད་ལམ་གྱིས་བཞུགས་པའི་དབང་དུ་མཛད་ནས། ཡང་རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བཞུད་དམ་བྱོན་ཞེས་བྱ་བ་གཉིས་ཀྱིས་ནི་འཆག་པ་བསྟན་ཏོ། །ལྷག་མ་རྣམས་ནི་བཞེངས་པ་ལ་སོགས་པའི་སྤྱོད་ལམ་རྣམས་དང་རིམ་པ་བཞིན་དུ་བསྟན་ཏོ། །སྤྱོད་ལམ་བསྟན་པ་ནི་མཚོན་པ་ཙམ་སྟེ། དེས་ན་བལྟམས་པ་ལ་སོགས་པ་དག་ཀྱང་འདིར་བསྟན་པར་བལྟའོ། །གང་བཅོམ་ལྡན་འདས་ཀྱི་སྤྱོད་ལམ་ལ་སོགས་པ་ལུང་ལས་ཡོངས་སུ་བརྗོད་པ་རྣམས་ཡང་དག་པར་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་དེ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པའི་དོན་མི་ཤེས་སོ། །བཅོམ་ལྡན་འདས་ནི་གཟུགས་ཀྱི་སྐུའི་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ནི་ཡེ་ཤེས་ཡོངས་སུ་དག་པའོ། །ཡེ་ཤེས་དེ་ལ་ནི་ལུས་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་བཞུད་པ་ལ་སོགས་པ་མི་སྲིད་དོ། །འགྲོ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོའི་གནས་ཀྱི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ལ་བརྟེན་ནས་གསུངས་པ་དག་སྟེ། ཡེ་ཤེས་ཀྱི་སྐུ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་ལ་ནི་ཀུན་རྫོབ་དང་དོན་དམ་པར་བཞུད་པ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་སྤྱོད་ལམ་གྱིས་བཞུགས་པ་འབྱོར་པ་རྣམ་པ་འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་ལ་བཞུད་པ་ལ་སོགས་པ་མི་མངའ་ན་ཇི་ལྟར་དེ་བཞིན་གཤེགས་པ་ཞེས་བྱ་བ་གཤེགས་པས་རབ་ཏུ་ཕྱེ་བ་ལྟར་བསྟན་སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་གསུངས་ཏེ། 95-263a དེ་ངས་བཤད་པའི་དོན་མི་ཤེས་སོ་ཞེས་བྱ་བ་དང་སྦྱར་རོ། །འདིར་ལན་དུ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྙམ་དུ་དགོངས་ཏེ་བརྗོད་པ་འདི་ནི་བཞུད་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཐུགས་སུ་ཆུད་པས་རབ་ཏུ་ཕྱེ་བ་སྟེ་འགྲོ་བ་ཞེས་བྱ་བ་ནི་རྟོགས་པའི་དོན་ཡིན་པའི་ཕྱིར་རོ། །དངོས་པོའི་དེ་ཁོ་ན་ཇི་ལྟར་གནས་པ་དེ་བཞིན་དུ་རྟོགས་ཏེ་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པའོ། །ཡང་ན་སྔོན་གྱི་སངས་རྒྱས་རྣམས་ཀྱིས་དངོས་པོའི་དེ་ཁོ་ན་ཇི་ལྟར་ཕྱིན་ཅི་ལོག་པར་ཐུགས་སུ་ཆུད་པར་གྱུར་པ་དེ་བཞིན་དུ་འདིས་ཀྱང་མཁྱེན་ཏེ་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པའོ། །དེ་ཡང་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྐུ་ཉིད་དུ་རིགས་ཀྱི་གཞན་ལ་ནི་རྟོག་པ་མེད་པའི་ཕྱིར་རོ། །དེ་ཡང་ལུས་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་གར་ཡང་བཞུད་པ་ལ་སོགས་པ་མི་སྲིད་དོ། །དོན་དམ་པར་ནི་མ་སྐྱེས་པའི་ཕྱིར་རབ་ཏུ་མི་སྲིད་དོ། །དེ་བས་ན་དེ་དངོས་པོའི་རང་བཞིན་དུ་ཐུགས་སུ་ཆུད་པས་འཇིག་རྟེན་མཐའ་དག་གི་གཙོ་བོར་འགྱུར་ཏེ་མཆོད་པར་འོས་པས་དགྲ་བཅོམ་པ་ཞེས་བྱའོ། །ཡང་དག་པར་རྫོགས་པར་ཐུགས་སུ་ཆུད་པར་གྱུར་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལྟ་མ་ཡིན་ན་གཟུགས་ཀྱི་སྐུ་ནི་བེམས་པོའི་རང་བཞིན་ཡིན་པས་དེ་སྐད་མི་བྱའོ་ཞེས་དགོངས་པའོ། །འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་སེམས་རབ་ཏུ་གཟུང་བ་བསྟན་ཏོ། །གནས་འདི་མཐའ་དག་གིས་ནི་ཟབ་པ་བསྟན་ཏོ། །ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ལ་བརྟེན་པར་བཞུད་པ་ལ་སོགས་པ་དག་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་ཐོགས་པ་མེད་པར་བསྟན་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ། །དེ་བཞིན་གཤེགས་པའི་སྤྲུལ་པའི་གཟུགས་ཀྱི་སྐུ་གང་ཡིན་པ་དང་། ཡིད་ཀྱི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སྒྱུ་མས་སྤྲུལ་པའི་སངས་རྒྱས་ལྟར་བརྫུན་པ་ཉིད་དུ་བསྟན་པའི་ཕྱིར་སྣོད་དང་སེམས་ཅན་གྱི་འཇིག་རྟེན་རྣམ་པར་གཞིག་པས་བཞུགས་པའི་དབང་དུ་མཛད་ནས། ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་ནི་མོས་པས་སྤྱོད་པའི་ས་ན་བྱང་ཆུབ་སེམས་དཔའ་དེ་རྣམ་པར་གཞིག་པར་བསྟན་ལ་ད་ནི་སངས་རྒྱས་ཀྱི་ས་ལ་བཅོམ་ལྡན་འདས་ཀྱི་བཞུགས་པ་བསྟན་པས་ཚིག་ཟློས་པར་མི་འགྱུར་རོ། །འདིར་ཡང་ཐབས་རྣམ་པ་གཉིས་ཀྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་རྟོགས་པས་ 95-263b བདག་མེད་པར་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་ཕྱེ་མར་བྱས་ན་ཞེས་བྱ་བ་འདིས་ནི་གཅིག་པུའི་རང་བཞིན་དང་བྲལ་བར་རྟོགས་ནས་བསྲབ་པར་བྱ་བའི་ཐབས་བསྟན་ཏེ། འདིར་ཡང་བཤད་པ་ནི་སྔ་མ་བཞིན་ནོ། །རྡུལ་ཕྲ་རབ་རྣམས་ཕྱོགས་ཆ་ཐ་དད་པའི་ཕྱིར་གྲུབ་པ་མེད་པ་མ་ཡིན་ནམ། དེ་དག་ཚོགས་སུ་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལ་དེའི་སླད་དུ་ཞེས་དྲིས་པ་དང་། ལན་དུ་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་སྨོས་སོ། །འདི་སྙམ་དུ་སེམས་ཏེ། གཅིག་པུར་འཛིན་པ་བཟློག་པའི་ཐབས་ཙམ་དུ་རྡུལ་ཕྲ་རབ་ཏུ་རྣམ་པར་དབྱེ་བར་ཚོགས་པ་དེ། བཅོམ་ལྡན་འདས་ཀྱིས་གསུངས་ཀྱི་དོན་དམ་པར་མི་གནས་པའི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལ་རྡུལ་ཕྲ་རབ་ཀྱི་ཚོགས་མངོན་སུམ་དུ་གྲགས་པར་གྱུར་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩོལ་ཏེ། མ་གསུངས་ཀྱང་དེ་ལྟར་གྲགས་པའི་ཕྱིར་རོ། །འདིས་ནི་དེ་བཞིན་གཤེགས་པའི་གཟུགས་རྣམ་པར་གཞིག་པར་བཞུགས་པ་དེ་ལྟ་བུ་ལ་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་ཏོ། །གལ་ཏེ་ཚོགས་མེད་ན་བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་ངམ་ཞེས་ཅིའི་ཕྱིར་བཀའ་སྩལ་སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་གསོལ་ཏོ། །དེ་ཚོགས་མ་མཆིས་པར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཤར་དང་བྱང་ལ་སོགས་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བས་གནས་པ་དེ་དག་རང་བཞིན་གྱིས་གྲུབ་པ་མེད་པས་ཡང་དག་པར་ན་ཚོགས་སུ་མི་རིགས་སོ། །གཅིག་པུར་འཛིན་པ་བསལ་བའི་ཕྱིར་གསུངས་པ་ཙམ་དུ་ཟད་དེ། དེ་བས་ན་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བྱའོ། །ཕྱོགས་ཆ་ཐ་དད་པ་མེད་ན་ནི་རྡུལ་ཕྲ་རབ་རྣམས་ལ་རྡུལ་ཕྲ་རབ་གཞན་དག་གིས་ཕ་རོལ་དང་ཚུ་རོལ་དང་། སྟེང་དང་འོག་དང་། ཕྱོགས་ཆ་ཐ་དད་པ་ནས་བསྐོར་བར་མི་འགྱུར་རོ། །དེ་བས་ན་རྒྱས་པར་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ཇི་ལྟ་བ་བཞིན་ནོ། །ཆ་ཉིད་རྡུལ་ཕྲ་རབ་རྣམས་སུ་འགྱུར་རོ་ཞེས་བརྗོད་དུ་ནི་མི་རིགས་ཏེ། དེར་ཡང་དཔྱད་པ་མཐུན་པའི་ཕྱིར་རོ། །གལ་ཏེ་གྱུར་ཀྱང་ཐུགས་མེད་དོ་ཞེ་ན། མི་རུང་སྟེ། རྡུལ་ཕྲ་རབ་རྣམས་ཐུག་པ་མེད་པའི་ངོ་བོར་གྱུར་ན་ཁྱོད་ཀྱིས་ཅི་ཞིག་གྲུབ། ཐུག་པ་མེད་པའི་ངོ་བོ་ནི་དངོས་པོར་མི་འགྲུབ་སྟེ། དེ་བས་ན་ངེད་ཀྱི་འདོད་པ་ཉིད་གྲུབ་བོ། །ངེད་ནི་འདོད་རྒྱལ་དུ་རྡུལ་རྣམ་པ་དུ་མའི་རང་བཞིན་དུ་སྨྲ་བ་མ་ཡིན་ན་རྡུལ་ཕྲ་རབ་རྣམས་ཀྱི་ཐུག་པ་ 95-264a མེད་ན་གང་གིས་གྲུབ་ཅེས་བརྗོད། ཁྱོད་ཀྱིས་རྡུལ་ཕྲ་རབ་རྣམས་ཆ་མེད་པའི་ངོ་བོར་རྣམ་པར་གཞག་པ་གང་ཡིན་པ་དེ་ཤར་དང་བྱང་ལ་སོགས་པ་ཕྱོགས་ཐ་དད་པ་ན་གནས་པར་ཁས་བླངས་པས་ཕྱོགས་ཆ་ཐ་དད་པར་ཁས་བླངས་པ་ཡིན་ཏེ། དེ་བས་ན་ཡན་ལག་དང་བཅས་པར་ཐལ་བར་འགྱུར་རོ། །དེ་བས་ན་ཐལ་བར་བསྒྲུབ་པའི་ཕྱིར་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་དག་གིས་གཅིག་ཏུ་མ་ངེས་པ་ཡང་མ་ཡིན་ཏེ། དེ་དག་ལུས་མེད་པས་ཕྱོགས་ན་མི་གནས་པའི་ཕྱིར། ཤར་དང་བྱང་ལ་སོགས་པའི་ཕྱོགས་ཀྱིས་གནས་པ་མེད་དོ། །དེ་བས་ན། དེ་ནི་མིག་མིན་གཟུགས་ལ་མིན། །དེ་གཉིས་བར་ན་མི་གནས་ཏེ། །དེ་ནི་གང་ན་གནས་གྱུར་པ། །དེ་ནི་ཡོད་མིན་མེད་པ་མིན། །ཞེས་བསྟན་ཏེ་ཐལ་བས་ནི་ཆོག་གོ། །འདིས་ནི་དུ་མའི་རང་བཞིན་དང་བྲལ་བར་ཁོང་དུ་ཆུད་ནས་སྣང་བ་མེད་པར་བྱ་བའི་ཐབས་བསྟན་པས་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་བསྟན་ཏོ། །རྡུལ་ཕྲ་རབ་ཀྱི་ཚོགས་དེ་མང་བ་ལགས་སོ་ཞེས་བྱ་བ་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །ལྷག་མས་ནི་ཟབ་པ་བསྟན་ཏོ། །ད་ནི་སེམས་ཅན་གྱི་འཇིག་རྟེན་རྣམ་པར་གཞིག་པས་བཞུགས་པའི་དབང་དུ་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་གསུངས་པ་དེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །སྣོད་ཀྱི་འཇིག་རྟེན་ནི་སྔར་བཤད་ཟིན་པས་འཇིག་རྟེན་གྱི་ཁམས་ནི་འདིར་སེམས་ཅན་གྱི་འཇིག་རྟེན་དུ་འདོད་དོ། །གཉི་ག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་སྨོས་པ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་མཚོན་ཏོ། །དེ་བས་ན་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ཕུང་པོ་ལྔའི་བདག་ཉིད་དེ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སྔ་མ་བཞིན་དུ་བཤད་དོ། །འདིས་ནི་དེ་བཞིན་གཤེགས་པའི་སེམས་ཅན་གྱི་འཇིག་རྟེན་རྣམ་པར་གཞིག་པས་བཞུགས་པ་དེ་ལྟ་བུ་ལ་བྱང་ཆུབ་སེམས་དཔས་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་ཏོ། །སྣང་བ་མེད་པར་བྱས་པས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་འདི་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ཡང་བསྟན་ཏོ། །ད་ནི་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་བསྟན་པའི་ཕྱིར་དེ་ཅིའི་སླད་དུ་ཞེ་ན་ཞེས་དྲིས་ཏེ། དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་དང་སྦྱར་རོ། །ལན་དུ་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་ 95-264b སོགས་པ་སྨྲས་སོ། །གལ་ཏེ་སེམས་ཅན་གྱི་འཇིག་རྟེན་ཇི་ལྟར་གྲགས་པ་བཞིན་དུ་དོན་དམ་པར་རགས་པ་གཅིག་པའི་ངོ་བོར་གྱུར་ན་ནི་དེའི་ཚེ་དེ་བཞིན་གཤེགས་པས་དངོས་པོའི་དེ་ཁོ་ན་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ཆུད་པས་དེ་ཉིད་རིལ་པོར་འཛིན་པར་འགྱུར་རོ། །དེ་བས་ན་བདག་ཏུ་འཛིན་པའི་རྒྱུ་ནི་ཕུང་པོའི་ངོ་བོ་ལ་རིལ་པོར་འཛིན་པ་ཙམ་དུ་ཟད་པས་དེ་ཉིད་དེ་བཞིན་གཤེགས་པའི་རིལ་པོར་འཛིན་པ་དམ་པོར་འགྱུར་ཏེ། དེ་མ་སྤངས་པར་དགོངས་པའོ། །དེ་ལྟ་ནི་མ་ཡིན་ཏེ། དེ་བས་ན་གང་སྐྱེ་བོ་བྱིས་པ་རྣམས་ལ་ཕྱོགས་གཞན་དུ་བཅོམ་ལྡན་འདས་ཀྱིས་རིལ་པོར་འཛིན་པ་ནི་བདག་ཏུ་འཛིན་པའི་རྒྱུར་གསུངས་པ་དེ་དོན་དམ་པར་འཛིན་པ་མེད་པ་ཉིད་དེ་གཟུང་བ་རིལ་པོ་གཅིག་དང་དུ་མའི་རང་བཞིན་གང་ཡང་མེད་པའི་ཕྱིར་རོ། །སྐྱེ་བོ་བྱིས་པ་རྣམས་ལ་གྲགས་པའི་ངོ་བོར་ཀུན་རྫོབ་ཏུ་གསུངས་པར་ཟད་དེ་དེས་ན་རིལ་པོར་འཛིན་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དོན་དེ་བསྒྲུབ་པའི་ཕྱིར་རིལ་པོར་འཛིན་པའི་དོན་ཞེས་བྱ་བ་གསུངས་སོ། །ཅི་སྟོན་ཅེ་ན། ཐ་སྙད་དུ་རིལ་པོ་འཛིན་པ་ཞེས་བྱ་བ་ནི་དོན་དམ་པར་ནི་མེད་པས་ཆོས་དེ་ནི་བརྗོད་དུ་མེད་པ་ཡིན་ཞེས་བསྟན་ཏོ། །གལ་ཏེ་དེ་ལྟར་བཟུང་བ་རིལ་པོ་མེད་ན་དེའི་ཚེ་དེར་འཛིན་པ་ཡང་མེད་པས་ཇི་ལྟར་ཐ་སྙད་ཀྱིས་རིལ་པོར་འཛིན་པ་ཞེས་བྱ་སྙམ་པ་ལ་བརྟགས་ནས་དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་ངོ་ཞེས་བྱ་བ་གསུངས་སོ། །བྱིས་པ་རྣམས་ནི་འཁྲུལ་པའི་དབང་གིས་མེད་པ་ལ་ཡང་ཡོད་པ་ལྟར་འཛིན་པས་དེའི་བསམ་པའི་དབང་གི་ཐ་སྙད་བཏགས་པ་སྟེ། འགལ་བ་མེད་དོ་ཞེས་དགོངས་པའོ། །དེའི་ཕྱིར་དེ་དག་ནི་བྱིས་པ་རྣམས་ཞེས་བྱའི་དེ་ལྟ་མ་ཡིན་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་བཏགས་པའི་ཕྱིར་དེ་དག་བྱིས་པ་རྣམས་སུ་ཇི་ལྟར་འགྱུར། འདིར་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་ནི་བསྟན་ཟིན་ཏོ། །རྒྱ་ཆེ་བ་དང་ཟབ་པ་ཡང་འདིར་སྔ་མ་བཞིན་དུ་སྦྱར་རོ། །འདིས་ནི་གང་གི་ཚེ་དངོས་པོ་མཐའ་དག་དོན་དམ་པར་རང་བཞིན་གྱིས་སྟོང་པ་དེའི་ཚེ། །དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དོན་དམ་པར་རང་བཞིན་དང་བསམ་པར་ག་ལ་འགྱུར་ཏེ། རྩ་བ་སེམས་ཅན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ད་ནི་རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པས་ནི་གནས་ཐམས་ཅད་དུ་རྣལ་འབྱོར་དུ་སྙོམས་པར་འཇུག་པར་གྱུར་པས་ཐབས་གང་གིས་ཐམས་ཅད་དུ་མཉམ་པར་གཞག་པར་བྱ་བ་དེ་སྟོན་ 95-265a ཏོ། །མཚམས་ནི་འདི་ལྟར་སྦྱར་ཏེ། གལ་ཏེ་རིལ་པོར་འཛིན་པ་མེད་ན་དེའི་ཚེ་རྩ་བ་ལས་བྱུང་བ་འཇིག་ཚོགས་ལ་ལྟ་བ་མེད་པ་ཉིད་ཡིན་པས་ན་བཅོམ་ལྡན་འདས་ཀྱིས་ལྟ་བ་ལྔ་པོ་དག་ལས་འཇིག་ཚོགས་ལ་ལྟ་བ་ཇི་ལྟར་གསུངས་སྙམ་པ་དེའི་ཆེད་དུ་རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཇི་ལྟར་རྣམ་པར་མི་རྟོག་པར་བྱ་བ་དང་། སུ་རྣམ་པར་མི་རྟོག་པར་བྱེད་པ་དང་། གང་ལ་རྣམ་པར་མི་རྟོག་པར་བྱ་བ་དང་། གང་གིས་རྣམ་པར་མི་རྟོག་པར་བྱེད་པ་དང་། རྣམ་པར་མི་རྟོག་པ་གང་ཡིན་པ་དེ་བསྟན་པས་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་ཐབས་ཡང་དག་པར་སྟོན་ཏོ། །དེ་ལ་རབ་འབྱོར་ལ་ལ་ཞིག་ཅེས་བྱ་བ་ནས་བརྩམས་ཏེ། དེས་ན་བདག་ཏུ་ལྟ་བ་ཞེས་བགྱིའོ་ཞེས་བྱ་བའི་བར་འདིས་ནི་ཇི་ལྟར་རྣམ་པར་མི་རྟོག་པར་བྱ་བ་དེ་བསྟན་ཏོ། །ཇི་ལྟ་ཞེ་ན་གཞན་མུ་སྟེགས་ཅན་རྣམས་ཀྱིས་ནི་བདག་ཏུ་བཤད་དེ། བཅོམ་ལྡན་འདས་ཀྱིས་ནི་གང་ཟག་ལ་བདག་མེད་པར་འཇོག་པས་བདག་དགག་པའི་ཕྱིར། བདག་ཏུ་ལྟ་བ་གསུངས་སོ། །བདག་ཏུ་ལྟ་བ་དེ་རྣམ་པར་བཤིག་པས་ཆོས་ལ་བདག་མེད་པར་འཇོག་སྟེ། དེ་ལྟ་བ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཞེས་གང་གསོལ་ཏོ། །གལ་ཏེ་བདག་ཏུ་ལྟ་བ་དེ་ལ་བདེན་པ་ཉིད་དུ་མི་འཛིན་ན་ནི། དེ་ལྟར་སྦྱོར་བ་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་དུ་སྙོམས་པར་འཇུག་པར་འགྱུར་ཏེ། གང་གི་ཕྱིར་རྣམ་པར་མི་རྟོག་པ་དེའི་ཕྱིར་དེ་ནི་དེར་འཇུག་པའི་ཐབས་ཡིན་ནོ། །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་ཞེས་བྱ་བ་འདིས་ནི་སུ་རྣམ་པར་མི་རྟོག་པར་བྱེད་པ་དེ་ཡོངས་སུ་སྟོན་ཏོ། །ཆོས་ཐམས་ཅད་ཅེས་བྱ་བ་འདིས་ནི་གང་ལ་རྣམ་པར་མི་རྟོག་པར་བྱ་བ་དེ་བསྟན་ཏོ། །ཤེས་པར་བྱ་བ་ལྟ་བར་བྱ་མོས་པར་བྱ་ཞེས་བྱ་བ་འདིས་ནི་གང་གིས་རྣམ་པར་མི་རྟོག་པར་བྱ་བ་དེ་བརྗོད་དོ། །གང་གིས་རྣམ་པར་མི་རྟོག་པར་བྱ་ཞེ་ན་ཤེས་པ་དང་། ལྟ་བ་དང་། མོས་པས་སོ། །དེ་ལ་ཤེས་པ་ནི་ཐོས་པའི་ཤེས་རབ་བོ། །ལྟ་བ་ནི་བསམས་པའི་ཤེས་རབ་སྟེ། དེ་ནི་རྟོགས་པར་བྱེད་པའི་ཕྱིར་རོ། །མོས་པ་ནི་བསྒོམས་པའི་ཤེས་རབ་སྟེ། ལྷག་པར་འདོད་པ་ནི་འདིར་མོས་པའི་སྒྲར་བརྗོད་པར་འདོད་པའོ། །དེ་ནི་བསྒོམས་པའི་སྟོབས་ཀྱིས་འགྲུབ་སྟེ། དེ་བས་ན་བསྒོམས་པ་ལས་སྒྱུར་བའི་ཤེས་རབ་ནི་ངེས་པར་འབྱེད་ 95-265b པའི་ཆ་དང་མཐུན་པའི་གནས་སྐབས་ན་མོས་པའི་སྒྲར་གསུངས་སོ། །ཅི་ནས་ཆོས་སུ་འདུ་ཤེས་པ་ལ་ཡང་མི་གནས་པ་དེ་ལྟར་མོས་པར་བྱའོ་ཞེས་བྱ་བ་འདིས་ནི་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་སྟོན་ཏོ། །དེ་འདུ་ཤེས་མེད་པར་དེ་བཞིན་གཤེགས་པ་གསུངས་ཞེས་བྱ་བ་ནི་འདིར་གཏན་ཚིགས་སུ་གསུངས་སོ། །འདུ་ཤེས་པར་བྱ་བ་གང་ཡང་མེད་པ་ཉིད་ཀྱང་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་དོན་དམ་པར་དེ་འདུ་ཤེས་མེད་པའོ། །དེ་བཞིན་གཤེགས་པས་ཀུན་རྫོབ་ལ་བརྟེན་ནས་ཕྱོགས་གཞན་དུ་གསུངས་སོ། །དེ་ཡང་བརྫུན་པའི་དོན་དུ་ཤེས་ཤིང་གནས་ན་ཇི་ལྟར་རྣམ་པར་རྟོག་པར་མི་འགྱུར་ཞེས་དགོངས་པའོ། །གནས་ཐམས་ཅད་དུ་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་ཐབས་ནི་བཤད་ཟིན་ཏོ།། །།ཀུན་ནས་ཉོན་མོངས་པ་མི་མངའ་བ་ཡང་རྣམ་པ་གཉིས་ཏེ། འཆད་པ་ཀུན་ནས་ཉོན་མོངས་པ་མི་མངའ་བ་དང་། འཁོར་བའི་ཀུན་ནས་ཉོན་མོངས་པ་མི་མངའ་བའོ། །དེ་ལ་གལ་ཏེ་ཆོས་སུ་འདུ་ཤེས་མེད་ན་དེའི་ཚེ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཆོས་སྟོན་པ་ན་འདུ་ཤེས་དེ་ཀུན་ཏུ་འབྱུང་ན། ཇི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར། ཐུགས་རྗེས་སེམས་ཅན་གྱི་དོན་དུ་ཇི་སྲིད་འཁོར་གྱི་བར་དུ་བཞུགས་ན་ཆོས་སུ་འདུ་ཤེས་པས་ཇི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་སྙམ་པ་ལ་བརྟགས་ནས་ཐུགས་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་འཆད་པ་ན་ཀུན་ནས་ཉོན་མོངས་པ་མི་མངའ་བ་དང་། ཚིགས་སུ་བཅད་པས་འཁོར་བའི་ཀུན་ནས་ཉོན་མོངས་པ་མི་མངའ་བ་བསྟན་པའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་སྐབས་གཞན་ནས་འཇིག་རྟེན་གྱི་ཁམས་རྣམས་ཀྱི་བསྔགས་པ་རྣམས་རབ་ཏུ་བསྟན་པས་ནི་ཕན་ཡོན་བསྔགས་ཀྱི། ད་ནི་ཀུན་ནས་ཉོན་མོངས་པ་མི་མངའ་བའི་སྐབས་སུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྟོན་པས་ཕན་ཡོན་མི་བརྗོད་དེ། ཚིག་ཟློས་པར་མི་འགྱུར་རོ། །འདིར་ཡང་རིགས་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །བླངས་ནས་ཞེས་བྱ་བ་ནི་ཁ་ཏོན་དུ་བཀླགས་པའོ། །འཛིན་ཏམ་ཞེས་བྱ་བ་ནི་ཚིག་གོ། །ཀློག་གམ་ཞེས་བྱ་བ་ནི་གླེགས་བམ་ལ་སོགས་པ་ཀློག་པའོ། །ཀུན་ཆུབ་པར་བྱེད་པ་ཞེས་བྱ་བ་ནི་དོན་འཛིན་ཅེས་བྱ་བའི་ཐ་ཚིག་གོ། །འདིས་ནི་གང་གི་ཕྱིར་ཆོས་འདི་དོན་ཆེ་བ་དེའི་ཕྱིར་བྱང་ཆུབ་སེམས་དཔས་ཆོས་བསྟན་པ་དོན་ཆེན་པོ་འདི་ལྟ་བུ་ལ་འདུན་པ་ 95-266a དང་སྨོན་ལམ་གྱིས་གདོན་མི་ཟ་བར་གནས་པར་བྱ་བ་དེ་ཡོངས་སུ་སྟོན་ཏོ། །བཤད་མོད་ཀྱི་ཇི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་ལྟར་བཤད་པ་བསྟན་པའི་ཕྱིར་ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་བརྗོད་དུ་མེད་པར་བསྟན་པ་བཤད་ཀྱང་ཆོས་དེ་དག་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་མ་བཤད་དོ། །དེ་ནི་འདི་སྐད་དུ། ཇི་ལྟར་འདུལ་བའི་སྐྱེ་བོ་འདི་སྙམ་དུ་ཆོས་ཐམས་ཅད་བཟོད་མ་ནས་མ་སྐྱེས་པས་བརྗོད་དུ་མེད་དེ། དེ་བས་ན་དེ་དག་ནི་གང་གིས་ཀྱང་བསྟན་པར་བྱ་བ་མ་ཡིན་སྙམ་དུ་སེམས་པ་དེ་ལྟར་སྟོན་ཏེ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཉོན་མོངས་པ་ཅན་མ་ཡིན་པས་སྟོན་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་དོན་གྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཕྱིན་ཅི་ལོག་ཏུ་སྟོན་པས་ཉོན་མོངས་པ་ཅན་དུ་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ཆོས་སྟོན་པའི་དུས་ན་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་ཞུགས་པ་ལ། ཆོས་སུ་སྣང་བའི་འདུ་ཤེས་ཀུན་ཏུ་འབྱུང་ཡང་དེ་ལ་ཡང་དག་པ་ཁོ་ནར་མངོན་པར་ཞེན་པ་མེད་པས་ཉོན་མོངས་པ་ཅན་གྱི་སྐྱོན་དུ་མི་འགྱུར་རོ། །འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་དང་ཟབ་པ་བསྟན་ཏོ། །སྔ་མས་ནི་རྒྱ་ཆེ་བ་བསྟན་ཏོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་མཐའ་དག་རྣམ་པར་འཇོག་ཅིང་། ཚིགས་སུ་བཅད་པས་འཁོར་བའི་ཀུན་ནས་ཉོན་མོངས་པ་མི་མངའ་བ་བསྟན་ཏོ། །ཚིགས་སུ་བཅད་པ་འདིས་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་བཞི་ཡོངས་སུ་བསྟན་ཏེ། རང་བཞིན་གྱི་མཚན་ཉིད་དང་། རོ་མྱང་བའི་ཡུལ་གྱི་མཚན་ཉིད་དང་། ཉེས་དམིགས་རྗེས་སུ་རྟོགས་པའི་མཚན་ཉིད་དང་། ངེས་པར་འབྱུང་བ་རྗེས་སུ་རྟོགས་པའི་མཚན་ཉིད་དོ། །དེ་ལ་ཕུང་པོ་ལྔའི་བདག་ཉིད་དངོས་པོ་ཇི་ལྟར་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། རྒྱུ་དང་རྐྱེན་རྣམས་ཚོགས་པས་བྱས་པའི་ཕྱིར་འདུས་བྱས་ཞེས་བྱའོ། །དེ་ཐམས་ཅད་ཀྱི་རང་བཞིན་ནི་སྐར་མ་ལྟར་བལྟ་བར་བྱ་སྟེ། ཇི་ལྟར་སྐར་མ་རྣམས་མཚན་མོ་སྣང་བར་འགྱུར་གྱི། ཉིན་མོ་མི་སྣང་བ་བཞིན་འདུས་བྱས་རྣམས་ཀྱང་མ་རིག་པའི་ཉེས་པའི་མུན་པ་ཡོད་ན་སྣང་གི །ཡེ་ཤེས་ཀྱི་ཉི་མའི་སྣང་བ་བྱུང་བ་ན་མི་སྣང་བས། སྐར་མ་ལྟ་བུའི་རང་བཞིན་དུ་བལྟ་བར་བྱའོ། །གང་ཟག་དང་ཆོས་ལ་ལྟ་བ་ལ་མངོན་པར་ཞེན་པའི་རང་བཞིན་གྱི་འདུས་བྱས་ནི་དོན་མེད་པ་སྣང་བའི་རྒྱུས་རབ་རིབ་ལྟ་བུར་བལྟ་བར་བྱའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་ 95-266b ལས་ཀྱི་རས་དང་། སྲེད་པའི་སྣུམ་ལ་བརྟེན་ཏེ་འབར་བས་མར་མེ་ལྟ་བུར་བལྟ་བར་བྱའོ། །དེ་ལྟར་དཔེ་དེ་དག་གིས་ནི་འདུས་བྱས་ཀྱི་རང་བཞིན་གྱི་མཚན་ཉིད་ཡོངས་སུ་སྟོན་ཏོ། །སྒྱུ་མའི་དཔེས་ནི་རོ་མྱང་བའི་ཡུལ་གྱི་མཚན་ཉིད་ཡོངས་སུ་བསྟན་ཏེ། ནོར་བའི་རྣམ་པར་སྣང་བའི་ཕྱིར་རོ། །དེ་ལ་ཉེས་དམིགས་རྗེས་སུ་རྟོགས་པའི་མཚན་ཉིད་རྣམ་པ་གཉིས་ནི་འདུས་བྱས་ཀྱི་རང་བཞིན་ཏེ། མི་རྟག་པར་རྗེས་སུ་རྟོགས་པ་དང་། སྡུག་བསྔལ་བར་རྗེས་སུ་རྟོགས་པའོ། །ཟིལ་བའི་དཔེས་ནི་མི་རྟག་པར་རྗེས་སུ་རྟོགས་པ་བསྟན་ཏེ། ཡུན་རིང་དུ་མི་གནས་པའི་ཕྱིར་རོ། །ཆུ་བུར་གྱི་དཔེས་ནི་སྡུག་བསྔལ་བར་རྗེས་སུ་རྟོགས་པ་བསྟན་ཏེ། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། ཚོར་བ་གང་ཅི་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་རོ། །སྡུག་བསྔལ་རྣམ་པ་གསུམ་གྱིས་ཚོར་བ་ཐམས་ཅད་སྡུག་བསྔལ་དུ་རིག་པར་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །གང་དག་དེ་དང་མཐུན་པའི་འདུ་བྱེད་དེ་དག་ཀྱང་དེ་དང་མཐུན་པ་ཉིད་ཀྱི་སྡུག་བསྔལ་ལོ། །བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །གང་དག་དེ་དང་མཐུན་པའི་ཆོས་དེ་དག་ཀྱང་དེ་དང་མཐུན་པ་ཉིད་ཀྱིས་སྡུག་བསྔལ་ལོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། དེ་དང་མཐུན་པའི་དངོས་པོ་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཀྱིས་སྡུག་བསྔལ་ལོ། །དེ་ལྟར་ན་འདུས་བྱས་ཐམས་ཅད་སྡུག་བསྔལ་དང་ལྡན་པར་བལྟའོ། །དེ་ལ་ངེས་པར་འབྱུང་བ་རྗེས་སུ་རྟོགས་པའི་མཚན་ཉིད་ནི་གང་ཟག་དང་ཆོས་སྟོང་པར་རྗེས་སུ་རྟོགས་པའོ། །དམིགས་པ་དེས་ངེས་པར་འབྱུང་བས་བཅོམ་ལྡན་འདས་ཀྱིས་ངེས་པར་འབྱུང་བའི་དམིགས་པ་རྣམ་པ་གཉིས་གསུངས་སོ། །དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །དེ་དག་བརྟགས་ནས་གལ་ཏེ་སྒོམ་བྱེད་པ། །དེ་ནི་འབྲས་བུ་མྱ་ངན་འདས་ཐོབ་རྒྱུ། །རྒྱུ་གཞན་གང་ཡིན་དེ་ནི་ཞི་མི་འགྱུར། །ཞེས་བསྟན་ཏོ། །འདུས་བྱས་ཐམས་ཅད་ནི་བདག་མེད་པ་རྣམ་པ་གཉིས་དང་ལྡན་ཏེ། འདི་ལྟར་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་བྱེ་བྲག་གིས་འདུས་བྱས་ནི་རྣམ་པ་གསུམ་མོ། །དེ་ལ་གང་དག་འདས་པ་དེ་དག་ནི་དྲན་པ་ཙམ་དུ་གནས་ཏེ། རང་བཞིན་མེད་པས་ཆོས་དང་གང་ཟག་ཉིད་ཀྱིས་སྟོང་སྟེ། བདག་གིས་བྱིན་གྱིས་བརླབས་པ་མེད་དོ། །དེ་བས་ན་རྨི་ལམ་གྱི་དཔེས་ནི་དེ་དག་བདག་མེད་པ་རྣམ་པ་གཉིས་རྗེས་ 95-267a སུ་རྟོགས་པ་བསྟན་ཏོ། །གློག་གི་དཔེས་ནི། ད་ལྟར་བྱུང་བ་རྫས་གཅིག་དང་དུ་མའི་རང་བཞིན་དང་མི་ལྡན་པས། རང་བཞིན་གཟུང་དུ་མེད་པའི་ཕྱིར་དེ་རྗེས་སུ་རྟོགས་པ་བསྟན་ཏོ། །མ་འོངས་པ་ནི་མ་ཕྱིན་པའི་བདག་ཉིད་དེ། སྤྲིན་གྱི་དཔེས་ནི་དེའི་ས་བོན་གནས་ངན་ལེན་གྱིས་ནམ་མཁའ་ལྟ་བུའི་སེམས་ལ་བསྐྱེད་པའི་ཕྱིར། བདག་མེད་པ་རྣམ་པ་གཉིས་བསྟན་ཏོ། །དེ་བས་འདི་མཐའ་དག་གིས་ནི། འདི་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་འདུས་བྱས་ཐམས་ཅད་ཀྱིས་རང་བཞིན་ལ་དེ་ལྟར་བརྟགས་པར་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་ཡོངས་སུ་བསྟན་ཏོ། །ངེས་པར་འབྱུང་བ་རྗེས་སུ་རྟོགས་པ་བསྟན་པས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་བསྟན་ཏོ། །གནས་འདི་མཐའ་དག་གིས་ནི་ཟབ་པ་བསྟན་ཏོ། །ཚིགས་སུ་བཅད་པ་འདིར་ནི་འདི་ཡོངས་སུ་བསྟན་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་རྩ་བ་ནི་ཕྱིན་ཅི་ལོག་ཡིན་པས་འདུས་བྱས་ཀྱི་རང་བཞིན་ལ་ལན་མང་དུ་རྟོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་གཞན་ཡང་དེ་ལྟར་འདུ་བྱེད་ལ་རབ་ཏུ་རྟོགས་པས་ཕྱིན་ཅི་ལོག་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པར་མི་འགྱུར་ན། དེ་བཞིན་གཤེགས་པ་དངོས་པོ་མཐའ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་བསྒོམས་པ་ཕྱིན་ཅི་ལོག་གི་དྲ་བ་མཐའ་དག་དང་བྲལ་བ། ཀུན་ནས་ཉོན་མོངས་པར་ཇི་ལྟར་འགྱུར། དེ་བས་ན་འདུས་བྱས་ཀྱི་སྐྱོན་མཐའ་དག་ཀྱང་ཐུགས་སུ་ཆུད་པ། དེ་བཞིན་གཤེགས་པ་པདྨ་དང་འདྲ་བར་འཁོར་བའི་ཉེས་པའི་ཆུས་མི་གོས་པའི་ཐུགས་མངའ་བ། འགྲོ་བ་མཐའ་དག་མངོན་པར་དྲང་བར་ཐུགས་དམ་བཅས་པ། འབྲས་བུ་དང་བཅས་པར་མཛད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཅན། དུས་མེད་པར་འགྲོ་བ་ལ་ཕན་པ་དང་བདེ་བ་སྒྲུབ་པའི་དགོངས་པས་འཁོར་བའི་འཁོར་ལོ་འཁོར་བ་ཇི་སྲིད་པར་བཞུགས་པར་ཤེས་པར་བྱའོ། །ཇི་སྐད་དུ། འཇིག་རྟེན་སྐྱིད་པར་མཛད་སླད་དུ། །འཁོར་དང་མྱ་ངན་འདས་མི་གནས། །ཞེས་བཤད་དོ། །ཡང་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་ཞེས་ཀྱང་གསུངས་སོ། །དུས་གསུམ་བཞུགས་པའི་ཐུབ་པ་རྣམས་སྐྱེད་པ། །འདི་ལྟར་བདག་གིས་ཅི་ནུས་བཤད་པ་ཡི། །བསོད་ནམས་རྒྱ་ཆེན་མཁའ་འདྲ་ཐོབ་པ་དེས། །འཇིག་རྟེན་མུན་སེལ་སངས་རྒྱས་ཉིད་གྱུར་ཅིག །འཕགས་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
Ś
113-18a Ārya-śālistambakakārikā ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །རྫོགས་ པའི་སངས་རྒྱས་ཐུགས་རྗེའི་བདག །རབ་བཏུད་སཱ་ལུ་ལྗང་པ་ཡི། །ཚིག་ལེའུར་བྱས་པ་བཤད་པར་བྱ། །ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི། །བྱ་རྒོད་ཅེས་པའི་རི་བོ་ལ། །དགེ་སློང་མང་དང་བྱང་ཆུབ་སེམས། །ཚོགས་དང་ཡང་དག་ཐབས་ཅིག་བཞུགས། །སཱ་ལུ་ལྗང་པ་ལ་གཟིགས་ནས། ། རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ། །ཡན་ལག་བཅུ་གཉིས་རིམ་འབྱུང་བ། །གང་གིས་རྟེན་འབྲེལ་ཞེས་མཐོང་བ། །ཆོས་དང་སངས་རྒྱས་མཐོང་ངོ་ཞེས། །དགེ་སློང་རྣམས་ལ་འདི་གསུངས་ནས། །འདྲེན་པ་ཅང་མི་གསུང་བར་བཞུགས། །དགེ་སློང་ཤཱ་རིའི་བུས་ཐོས་ ནས། །བྱམས་པའི་དྲུང་དུ་སོང་ནས་ནི། །བྱམས་པ་དེང་འདིར་དེ་བཞིན་གཤེགས། །འདི་གསུངས་དོན་རྣམས་མ་ཕྱེ་བར། །ཅང་མི་གསུང་བར་བཞུགས་གྱུར་ན། །དེའི་དོན་ཇི་ལྟར་རྟོགས་པར་བྱ། །རྟེན་ཅིང་འབྲེལ་དང་ཆོས་གང་ཡིན། །སངས་རྒྱས་ཀྱང་ནི་གང་ཞིག་ཡིན། །ཇི་ལྟར་རྟེན་འབྲེལ་ མཐོང་བ་ནི། །ཆོས་དང་སངས་རྒྱས་མཐོང་བ་ཡིན། །བདག་གི་ཐེ་ཚོམ་འདིར་སྨོས་ཞེས། །ཤཱ་རིའི་བུ་ཡིས་མ་ཕམ་སྨྲས། །བྱམས་པ་ཤིན་ཏུ་བསྒོམ་པའི་བདག །བྱམས་པས་གཏན་ལ་དབབ་པ་སྨྲས། །ཡན་ལག་བཅུ་གཉིས་མ་རིག་སོགས། །འཆི་བ་ལ་ཐུག་གོ་རིམས་བཞིན། །དེ་ལྟ་ 113-18b བས་ན་སྡུག་བསྔལ་གྱི། །ཕུང་པོ་འབའ་ཞིག་འབྱུང་བར་འགྱུར། །ཆོས་ལམ་ཡན་ལག་བརྒྱད་པ་དང་། །འབྲས་བུ་མྱ་ངན་འདས་པའོ། །དེ་ལྟར་ཐམས་ཅད་ཐུགས་ཆུད་ཕྱིར། །ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ། །དེ་སྐད་ཅེས་བྱ་འཕགས་མཐོང་བས། །གང་གིས་མཐོང་བ་དེས་མཐོང་ངོ་། །གང་ ཞིག་སྲོག་ལ་སོགས་བྲལ་བ། །ཉེར་ཞི་ལ་ཐུག་བཅས་པར་ནི། །རྟེན་འབྲེལ་ཆོས་དང་སངས་རྒྱས་དག །དྲི་མེད་པ་ཡི་བློས་མཐོང་བ། །རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི། །རྒྱུ་བཅས་ལ་སོགས་ཚིག་དང་ལྡན། །སངས་རྒྱས་བྱུང་རུང་མ་བྱུང་རུང་། །ཆོས་ཉིད་འདི་ནི་གནས་པ་ཡིན། །ཕྱི་དང་དེ་ བཞིན་ནང་གི་ནི། །རྒྱུ་དང་རྐྱེན་ནི་རྣམ་གཉིས་ཏེ། །ཕྱི་རོལ་རྒྱུ་ནི་ས་བོན་སོགས། །རྐྱེན་ནི་རྣམ་པ་དྲུག་ཏུ་བསྟན། །ས་བོན་མྱུ་གུ་སྡོང་བུ་སོགས། །ཇི་ལྟར་འབྲས་བུ་འཇུག་པ་བརྗོད། །རྐྱེན་ནི་ས་ལ་སོགས་པ་སྟེ། །དུས་ལ་ཐུག་པ་གོ་རིམས་བཞིན། །རྟེན་དང་རླན་དང་སྨིན་པ་དང་། ། འབྲུ་འཕེལ་དང་ནི་གོ་འབྱེད་དང་། །འགྱུར་བ་དག་ནི་དེ་རྣམས་ཀྱི། །བྱ་བ་ཇི་བཞིན་འཇུག་པའོ། །རྐྱེན་རྣམས་ཚོགས་པ་མེད་ན་ནི། །ས་བོན་ཡོད་ཀྱང་མྱུག་སོགས་མེད། །ས་བོན་མེད་པ་ཉིད་ཡིན་ན། །རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ། །རྒྱུ་དང་དེ་བཞིན་རྐྱེན་རྣམས་ནི། །ངར་འཛིན་ ལ་སོགས་བྲལ་བ་སྟེ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །ལས་ཀྱི་འབྲས་བུ་ཆུད་ཟ་མེད། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ལས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང་། ། ཐོག་མ་མེད་པའི་དུས་ཅན་སྣང་། །རྒྱུ་ལྔ་དག་གིས་ཕྱི་རོལ་གྱི། །རྟེན་ཅིང་འབྲེལ་པར་འབྱུང་བར་བཞེད། །རྟག་པར་མ་ཡིན་ཆད་པར་མིན། །འཕོ་བར་མ་ཡིན་རྒྱུ་ཆུང་ལས། །འབྲས་བུ་ཆེན་པོ་འགྲུབ་པ་དང་། །འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང་། །མྱུ་གུ་ས་བོན་ལྟར་མི་འདོད། ། རྒྱུ་མེད་མྱུ་གུ་སྐྱེ་བའང་མེད། །འགག་དང་སྐྱེ་བ་མགོ་མཉམ་སྟེ། །སྲང་མདའི་མགོ་མཇུག་མཐོ་དམན་བཞིན། །དེ་བཞིན་ནང་གི་རྒྱུ་དང་ནི། །རྐྱེན་གྱིས་རྣམ་པ་གཉིས་སུ་བཞེད། །འདིའི་རྒྱུ་དང་པོ་མ་རིག་པ། །ཐ་མ་འཆི་ཡིན་གོ་རིམས་བཞིན། །ཡན་ལག་བཅུ་གཉིས་ཉོན་མོངས་ 113-19a ལས། །སྐྱེ་བཅས་བདག་ཉིད་ཆ་གསུམ་ནི། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །བྱེད་པ་ལ་སོགས་རྣམ་པར་སྤངས། །གལ་ཏེ་དང་པོ་མ་རིག་མེད། །ཐ་མ་འཆི་བ་འབྱུང་མི་འགྱུར། །དེ་དག་ལས་གཞན་བདག་དང་ནི། །བདག་གིས་ཞེས་པ་གང་ནའང་མེད། །དང་ པོ་མ་རིག་བྱུང་ན་ནི། །ཐ་མ་འཆི་བའང་སྣང་བར་འགྱུར། །དེ་ལྟར་འདི་ནི་ནང་གི་རྒྱུ། །འདི་ཡི་རྐྱེན་ནི་རྣམ་པ་དྲུག །ཐ་མ་རྣམ་ཤེས་ཐོག་མ་ས། །ནང་གི་རྐྱེན་དུ་འདོད་པ་ཡིན། །སྲ་དང་རྗེས་སུ་སྡུད་པ་དང་། །སྨིན་དང་དབུགས་འཕེལ་གོ་འབྱེད་ཉིད། །ཤེས་དང་གཟུགས་ཀྱི་རྗེས་འཇུག་ པ། །རྣམ་ཤེས་ལྔ་དང་ལྡན་པ་དང་། །དེ་ན་ཉོན་མོངས་ཅན་ཡིད་ཀྱང་། །འདི་རྣམས་ནང་གི་རྐྱེན་ཡིན་ནོ། །ཁམས་རྣམས་འདུས་པར་གྱུར་པ་ལས། །ལུས་ནི་སྐྱེ་བར་འདོད་པ་ཡིན། །དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བ་མེད་པར་འདོད། །དེ་དག་ཡོད་ན་སྐྱེ་འགྱུར་ཏེ། ། དེ་དག་མེད་ན་འབྱུང་བ་མེད། །དེ་རྣམས་བདག་སོགས་མི་ལྡན་ལ། །གཞན་ཡང་སུའི་ཡང་མ་ཡིན་ནོ། །གང་གཅིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །མི་ཤེས་པས་ནི་འདོད་ཆགས་དང་། །ཞེ་སྡང་གཏི་མུག་མངོན་དུ་བྱེད། །དེ་ལས་འདུ་བྱེད་དངོས་པོ་ནི། ། རྣམ་པར་རིག་པའི་རྣམ་ཤེས་འབྱུང་། །རྣམ་ཤེས་ལྷན་ཅིག་འབྱུང་བ་ནི། །གཟུགས་ཅན་མ་ཡིན་ཕུང་པོ་བཞི། །མིང་དང་གཟུགས་ལ་བརྟེན་ནས་ནི། །དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། །ཡུལ་དང་དབང་པོ་རྣམ་པར་ཤེས། །འདུས་པ་ལས་ནི་རེག་པ་འབྱུང་། །རེག་བྱུང་ཚོར་ བར་ཤེས་བྱ་སྟེ། །དེ་བཞིན་ཚོར་བྱུང་སྲིད་པའོ། །སྲེད་འཕེལ་ཉེ་བར་ལེན་པ་སྟེ། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་ལས་ཕུང་འབྱུང་སྐྱེ་བ་སྟེ། །དེ་བཞིན་སྐྱེ་ལས་རྒས་པའོ། །དེ་བཞིན་རྒས་པའི་ཕུང་མེད་པ། །དེ་ནི་འཆི་བ་ཞེས་བརྗོད་དོ། །རྨོངས་པ་འཆི་ལས་མྱ་ངན་ ཏེ། །སྲིད་དང་བཅས་པའི་གདུང་བ་ཉིད། །མྱ་ངན་ལས་ནི་བརྗོད་པ་གང་། །དེ་ནི་སྨྲེ་སྔགས་འདོན་ཞེས་བྱ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །རྣམ་པར་ཤེས་པ་ཚོགས་ལྔ་ཡི། །སིམ་པ་མ་ཡིན་སྡུག་བསྔལ་བརྗོད། །ལུས་ཀྱི་བདེ་བའི་གེགས་བྱེད་པའོ། །ཡིད་ལ་བྱེད་པའི་ 113-19b སྡུག་བསྔལ་ནི། །ཡིད་ལ་ཉེ་བར་གནོད་བྱེད་པ། །དེ་ཡིད་མི་བདེར་ཤེས་བྱ་སྟེ། །གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །མུན་མངོན་ཤེས་དང་མིང་གཟུགས་ནི། །སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར། །སྲེད་ལས་ལེན་དང་སྲིད་སྐྱེ་དང་། །སྨིན་དང་འཇིག་དང་མྱ་ངན་ཕྱིར། །ཚིག་ སོགས་ལུས་ལ་གནོད་པ་དང་། །སེམས་ཡིད་མི་བདེའི་ཕྱིར་དང་ནི། །ཉོན་མོངས་ཕྱིར་ནི་མིང་དོན་མཐུན། །གོ་རིམས་བཞིན་དུ་བསྟན་པ་ཡིན། །ཡང་དེ་ཁོ་ན་ཡོངས་མ་ཤེས། །མ་རིག་ལ་སོགས་གོ་རིམས་བཞིན། །སྔ་མ་སྔ་མ་ལས་ཕྱི་མ། །སྐྱེ་བ་དག་ཏུ་ཡང་བརྗོད་དོ། །ཡན་ལག་བཅུ་ གཉིས་གསུམ་འཇུག་པ། །འདི་ནི་རྟག་ཆད་ཐོག་མེད་སྐྱེད། །ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས། །ཐོག་མ་མེད་པའི་དུས་ཅན་འཇུག །འོན་ཀྱང་བཞི་པོ་འདི་དག་ནི། །རྒྱུ་ནི་སྡུད་པར་བྱེད་པ་སྟེ། །མ་རིག་སྲེད་ལས་རྣམ་པར་ཤེས། །དེ་དག་གོ་རིམས་བཞིན་དུ་བཤད། །རྒྱུ་ལས་རྣམ་ ཤེས་ས་བོན་ཏེ། །ལས་ནི་ཞིང་དུ་གསུངས་པ་ཡིན། །དང་པོ་སྲེད་པ་ཉོན་མོངས་པའི། །དངོས་པོ་རྒྱུར་ནི་ཡང་དག་བཤད། །ལས་དང་ཉོན་མོངས་རྣམ་པར་ཤེས། །ས་བོན་ཉིད་དུ་རྣམ་པར་གནས། །ལས་ནི་ས་བོན་རྣམ་ཤེས་ཀྱི། །ཞིང་གི་བྱ་བ་ཡང་བྱེད་དོ། །སྲེད་པས་རྣམ་ཤེས་ ཞེས་བྱ་ཡི། །ས་བོན་དེ་མ་ཐག་རླན་བྱེད། །མ་རིག་ས་བོན་རྣམ་པར་ཤེས། །བརླན་པས་བསྟེན་པ་འདེབས་པར་བྱེད། །ལས་དང་སྲེད་པ་མ་རིག་པ། །ཞིང་དང་བརླན་དང་འདེབས་བྱེད་རྣམས། །རྣམ་པར་ཤེས་པ་འདི་བྱ་དང་། །རྣམ་ཤེས་བདག་འདིས་སྙམ་པ་མེད། །འོན་ཀྱང་ས་བོན་ རྣམ་པར་ཤེས། །ལས་དང་ཉོན་མོངས་གནས་པ་ནི། །ས་བོན་རྣམ་པར་ཤེས་ཞེས་བརྗོད། །མ་རིག་ལུད་ཀྱིས་བྲན་པ་དང་། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །རྒྱུ་ལས་མིང་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བའང་སྣང་བར་འགྱུར། །རང་བཞིན་གཉིས་ཀ་ལ་སོགས་པས། །མིང་གཟུགས་འདི་ དག་འབྱུང་ཡིན་གྱི། །ཕ་དང་མ་ནི་ཕྲད་པ་དང་། །དུས་རྣམས་མི་འགལ་ཉིད་ལས་སོ། །མྱོང་བ་ཅུང་ཟད་འབྲེལ་པ་ནི། །ས་བོན་རྣམ་པར་ཤེས་པར་བརྗོད། །མ་ཡི་མངལ་དུ་རིམ་བཞིན་འཕེལ། །མིང་གཟུགས་མྱུ་གུ་སྐྱེད་པར་བྱེད། །རྐྱེན་རྣམས་མ་ཚང་མེད་པ་དང་། །རྒྱུན་རྣམས་ 113-20a འགལ་བ་མ་ཡིན་ལས། །སྒྱུ་མ་བདག་མེད་འཛིན་མེད་པར། །སྐྱེ་བ་ཡང་ནི་ཡོད་མ་ཡིན། །མིག་གི་རྣམ་པར་ཤེས་པ་ཡང་། །རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། །མིག་དང་གཟུགས་དང་དེ་བཞིན་སྣང་། །ནམ་མཁའ་དེ་སྐྱེད་ཡིད་ལ་བྱེད། །ལྔ་པོ་མ་ཚང་མེད་པ་ལས། ། མིག་གི་རྣམ་པར་ཤེས་པ་འབྱུང་། །དེ་དག་བདག་གིས་དེ་བསྐྱེད་ཅིང་། །རྣམ་རྟོག་སྐྱེ་མེད་ཇི་ལྟ་བར། །རྣ་བའི་རྣམ་ཤེས་ལ་སོགས་ཀུན། །སྐྱེ་བའི་རིམ་པ་འདི་ཉིད་ཡིན། །རྒྱུ་དང་རྐྱེན་གྱི་ཚོགས་པ་ལས། །བྱེད་པོ་ལ་སོགས་བྲལ་བ་དང་། །ངར་འཛིན་པ་དང་བྲལ་བ་ལས། །སྐྱེ་བ་ ཡང་ནི་སྔ་མ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི། །རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ། །འཇིག་རྟེན་འདི་ནས་ཕ་རོལ་དུ། །འགྲོ་བའི་ཆོས་འགའ་གང་ནའང་མེད། །འོན་ཀྱང་རྒྱུ་དང་རྐྱེན་དག་ལས། །ལས་ཀྱི་འབྲས་བུ་མངོན་པ་ཡིན། །ཇི་ལྟར་མེ་ལོང་རབ་ཕྱིས་ལ། །བཞིན་གྱི་ གཟུགས་བརྙན་དམིགས་པ་བཞིན། །མེ་ལོང་ནང་དུ་གཟུགས་བརྙན་ཡང་། །འཕོས་པ་ཡོད་པ་མ་ཡིན་ཉིད། །དེ་དག་ཕན་ཚུན་རྟོག་མེད་ཅིང་། །བྱེད་པ་པོ་དག་ལས་རྣམས་སྤངས། །དེ་བཞིན་སྐྱེ་བར་སྣང་བ་ནི། །སྔོན་འཕེལ་བྱ་བའི་རིམ་ལས་སོ། །ཇི་ལྟར་ཟླ་བ་རིང་གནས་པ། ། ཆུ་སྣོད་ཆུང་ངུའི་ནང་དུ་ནི། །སྣང་སྟེ་འཕོས་པ་མ་ཡིན་ལ། །བྱ་བ་དང་ནི་ལས་ཀྱང་ཡོད། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བའང་སྣང་། །རྒྱུ་རྐྱེན་མ་ཚང་མེ་མི་འབར། །རྒྱུ་རྐྱེན་ཚང་ན་མེ་འབར་བཞིན། །རྒྱུ་རྐྱེན་མ་ཚང་མེད་པ་ལས། །ཕུང་པོ་ཉིང་མཚམས་སྦྱོར་བ་ ཡོད། །ཕྱི་ཡི་ལས་དང་བྱ་བ་རྒྱུ། །དེ་ནི་བརྟགས་པའི་བདག་ཉིད་དོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །བརྟག་བྱ་མིན་ཕྱིར་དོན་དམ་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ། །ནམ་ཡང་རྣམ་གཉིས་ཤེས་པར་བྱ། །བྱེད་པ་པོ་ ལ་སོགས་པས་དབེན། །གསོབ་གསོག་སྟོང་སོགས་སྙིང་པོ་མེད། །དེ་ལྟར་ཤེས་རབ་ཀྱིས་མཐོང་གང་། །ཅི་ཅིར་ཇི་ལྟར་གང་དུ་ཅིས། །སྙམ་པའི་རྟོག་སྨྲ་སོགས་སྤངས་པ། །ཆུ་ཟླའི་གཟུགས་བརྙན་ཇི་བཞིན་པ། །དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེ་བའང་སྣང་། ། 113-20b ཇི་ལྟར་བུད་ཤིང་དང་འབྲེལ་ན། །མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །རྒྱུ་ནི་མ་ཚང་གྱུར་པ་ལས། །མེ་ནི་རྗེས་སུ་འཇུག་པ་མིན། །དེ་བཞིན་ཀུན་ནས་ཉོན་མོངས་པའི། །ས་བོན་ཡེ་ཤེས་མེས་བསྲེགས་ན། །རྒྱུ་མེད་ཕྱིར་ན་འབྲས་མེད་དེ། །བྱ་བ་དང་ནི་ལས་ཀྱང་མེད། །ཡོན་ཏན་ མཐའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐོག་མ་དབུས་དང་མཐའ་བྲལ་བ། །རྟོགས་ནས་སངས་རྒྱས་གོ་འཕང་འཐོབ། །གང་གིས་དེ་ལྟར་དེ་ཉིད་བཟོད། །དེ་ནི་ལུང་བསྟན་ཐེ་ཚོམ་མེད། །དེ་སྐད་བྱམས་བདག་བདག་ཉིད་ཀྱིས། །ཤཱ་རིའི་བུ་ལ་སྨྲས་པ་དང་། ། སཱ་ལུ་ལྗང་པ་དཔེར་མཛད་པ། །དེ་ནི་ཤཱ་རིའི་བུས་ཐོས་ནས། །སྙིང་པོ་བླངས་ཏེ་ལྷ་ཚོགས་ཀྱིས། །རྗེས་སུ་ཡི་རངས་མངོན་བསྟོད་ནས། །ལངས་ཏེ་སོང་ནས་དགའ་སེམས་ཀྱིས། །དགེ་སློང་རྣམས་ལ་བཤད་པ་ཡིན། །འཕགས་པ་སཱ་ལུ་ལྗང་པའི་མདོ་ཚིག་ལེའུར་བྱས་པ་འཕགས་པ་ཀླུ་ སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།
113-20b Ārya-śālistambaka(-nāma)mahāyāna-sūtraṭīkā ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་ པ་ལ་ཕྱག་འཚལ་ལོ། །དེ་ལ། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་མཐའ་ཡས་ཞེས་བྱ་བ་ནི། ཡོན་ཏན་ནི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་ཏེ། ཡོན་ཏན་དོན་དུ་གཉེར་བའི་ལྷ་དང་མི་རྣམས་ཀྱིས་འདྲིས་པར་བྱ་བ་ དང་། བསྟེན་པར་བྱ་བ་དང་། གོམས་པར་བྱ་བ་དང་། བསྒོམ་པར་བྱ་བ་དང་། མངོན་དུ་བྱ་བ་དང་། ཐོབ་པར་བྱ་བའི་ཕྱིར་ཡོན་ཏན་རྣམས་སོ། །དེ་རྣམས་ནི་ཡོན་ཏན་མང་པོ་ཡིན། མཐའ་ཡས་པ་དང་། བསམ་གྱིས་མི་ཁྱབ་པ་ཡིན་པས་ཞེས་ཚིག་བསྡུ་སྟེ། ཡོན་ཏན་བསམ་གྱིས་ མི་ཁྱབ་པ་ཉིད་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། རྟོག་གེ་པ་ཐམས་ཅད་ཀྱི་ཚོགས་དང་སེམས་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེའི་ཕྱིར་ཡོན་ཏན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་དེ་རྣམས་དང་ལྡན་པའོ། །གང་ཞིག་ཅེ་ན། སྨྲས་ 113-21a པ། རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག །ཅེས་བྱ་བ་སྨོས་ཏེ། ཡང་དག་པར་ཕྱིན་ཅི་མ་ལོག་པར་སངས་རྒྱས་པས་རྫོགས་པའི་སངས་རྒྱས་ཏེ། ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པ་ལ་སོགས་པར་ཆོས་དང་ གང་ཟག་ལ་བདག་མེད་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ། །ཡང་ན་པདྨ་ཁ་ཕྱེ་བ་བཞིན་དུ་བློ་རྒྱས་པས་སངས་རྒྱས་སམ། སངས་རྒྱས་པའི་ཕྱིར་ན་སངས་རྒྱས་ཏེ། འགྲོ་བ་མི་ཤེས་པའི་གཉིད་ཀྱིས་རབ་ཏུ་ལོག་པའི་ནང་ན། སྐྱེས་བུ་གཉིད་སངས་པ་བཞིན་ དུ་ཇི་ལྟ་བ་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ཡེ་ཤེས་ཤར་བ་བརྙེས་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཡང་ན་སྐྱེ་བོ་མི་མཁས་པ་རྟོགས་པར་མཛད་པའི་ཕྱིར་སངས་རྒྱས་ཏེ། ཇི་ལྟར་བདག་ཉིད་གཞན་ལ་རག་མ་ལས་པར་སོ་སོ་རང་གིས་རིག་པའི་ཆོས་ཀྱི་དེ་ཁོ་ན་རྟོགས་པ་དེ་བཞིན་དུ་ལོག་པའི་ལམ་དུ་འཁྱམས་པའི་སེམས་དང་ལྡན་པ། འཁོར་བ་འབྲོག་དགོན་པར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པར་གཙེས་པ། ལྟ་བ་རྣམ་པ་སྣ་ཚོགས་ཀྱི་ནགས་ཚང་ཚིང་དུ་ཉོན་མོངས་པའི་སྦྲུལ་གདུག་པའི་འཇིགས་པས་གང་བར་ཕན་ཚུན་ཡོངས་སུ་འཁྱམས་པ་གཞན་དག་ཀྱང་ཡང་ དག་པའི་ལམ་དུ་བཙུད་དེ། ཐར་པའི་གྲོང་ཁྱེར་ཆེན་པོ་བླ་ན་མེད་པར་འཇུག་པར་མཛད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཐུགས་རྗེའི་བདག་ཅེས་བྱ་བ་ནི་ཐུགས་རྗེའི་རང་བཞིན་ཏེ། ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་སེལ་བའི་ཕྱིར་ཐུགས་རྗེའོ། །གང་ལ་ཐུགས་རྗེའི་བདག་ཉིད་དེ། །ངོ་ བོ་ཉིད་ཡོད་པ་དེ་ནི་ཐུགས་རྗེའི་བདག་ཉིད་དོ། །དེ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། ཐུགས་རྗེའི་བདག་ཉིད་ཀྱང་ཡིན་པས་རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག་ཉིད་དེ། དེ་བས་ན་སངས་རྒྱས་ཐུགས་རྗེའི་བདག་ཉིད་དེ་ལའོ། །རབ་བཏུད་སཱ་ལུ་ལྗང་པ་ཡི། །ཞེས་བྱ་བ་སྨོས་ཏེ། རབ་བཏུད་ ཅེས་བྱ་བ་ནི་ཡང་དག་པར་མཆོད་ནས་ཏེ། འདུད་པ་དང་། གུས་པ་དང་། གཞོལ་བས་ཕྱག་འཚལ་ཏེའོ། །ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སཱ་ལུ་ལྗང་པའི་ཞེས་མདོའི་བཤད་སྦྱར་བསྟན་བཅོས། ཚིག་ལེའུར་བྱས་པ་བཤད་པར་བྱ། །ཞེས་བྱ་བ་སྨོས་སོ། །དེ་ལ། ཡོན་ཏན་མཐའ་ཡས་ 113-21b བསམ་མི་ཁྱབ། །ཅེས་བྱ་བ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་འདིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་དོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ནི་རྟོགས་པའི་དོན་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དོ། །ཡོན་ ཏན་མཐའ་ཡས་བསམ་མི་ཁྱབ། །ཅེས་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་དོ། །ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཡོན་ཏན་མ་ཡིན་པ་རྣམས་ནི། ཡོན་ཏན་དང་མི་མཐུན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ། འདོད་ཆགས་དང་བྲལ་བ། རྫོགས་ པའི་སངས་རྒྱས་དེ་ལྟ་བུ་ལ་བཏུད་དེའོ། །ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་ནི། གང་ཞིག་ཐམས་ཅད་མཁྱེན་ཅིང་འདོད་ཆགས་དང་བྲལ་བ་དེ་ནི་སློབ་དཔོན་གྱིས་དཔེ་མཁྱུད་དང་བྲལ་བས་གཞན་དག་ལ་ཇི་ལྟར་རྟོགས་པའི་ཆོས་སྟོན་ཏེ། འདིས་ནི་གཞན་ལ་ཕན་པར་མཛད་པའི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་རྫོགས་པའི་སངས་རྒྱས་དེ་ལ་བཏུད་དེའོ། །དེ་ལྟར་ན་ཡང་འདོད་པ་དང་བཅས་པའི་ཚིག་ཡིན་པའི་ཕྱིར་འདོད་པ་དང་བཅས་པས་ཅི་ཞིག་འདོད་ཅེས་དྲིས་པ་དང་། སྨྲས་པ། བཤད་པར་བྱའོ། །གང་ཞིག་ བཤད། སྨྲས་པ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པའོ། །བསྟན་བཅོས་བརྩམས་པ་ལ་ཐོག་མར། འབྲེལ་པ་དང་། དགོས་པ་དང་། བརྗོད་པ་དང་། བརྗོད་པར་བྱ་བ་བཞི་ངེས་པར་བརྗོད་པར་བྱ་བ་མ་ཡིན་ནམ། དེ་འདི་ལ་མེད་པས་འདིའི་རྩོམ་པ་ནི་ མི་རིགས་པ་ཡིན་ཏེ། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྨྱོན་པའི་ཚིག་བཞིན་ནོ་ཞེའོ། །བརྩམ་པར་མི་བྱའོ་ཞེས་བྱ་བ་ནི་ཆོས་སོ། །བསྟན་བཅོས་ཞེས་བྱ་བ་ཆོས་ཅན་ནོ། །ཆོས་དང་ཆོས་ཅན་སྤྱི་ནི་ཕྱོགས་སོ། །འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གོ་ བར་བྱེད་པས་ན་གཏན་ཚིགས་ཏེ། གཏན་ཚིགས་ཀྱི་དོན་ནི་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་བརྩམ་པར་མི་བྱའོ། །སྨྱོན་པའི་ཚིག་བཞིན་ནོ་ཞེས་བྱ་བའི་ནི་དཔེའོ། །དེ་སྐད་དུ་བརྒལ་བ་ལ་སྨྲས་པ། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ 113-22a ཞེས་གང་སྨྲས་པའི་གཏན་ཚིགས་དེ་མ་གྲུབ་པར་བརྗོད་པའི་ཕྱིར་བཤད་པ་འདི་ལ་འབྲེལ་པ་ལ་སོགས་པ་བཞི་ཡོད་པ་ཉིད་དོ། །དེ་ཡང་གང་ཞེ་ན། སྨྲས་པ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པ་བཤད་པར་བྱ་བ་ཡིན་པས་འདི་ལ་འབྲེལ་པ་ ཡོད་པ་ཉིད་དེ། སཱ་ལུ་ལྗང་པའི་མདོ་ཞེས་བྱ་བ་ནི་མུ་སྟེགས་བྱེད་པ་ལ་སོགས་པ་གཞན་གྱི་གཞུང་ལུགས་ཀྱི་ཁྱད་པར་དག་ལ་མི་དམིགས་པའི་ཕྱིར་བསྟན་བཅོས་འདི་ནི་སངས་རྒྱས་དང་འབྲེལ་པའོ། །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འབྲེལ་པ་ཡོད་པ་དང་དགོས་པ་ཡང་ མེད་ན་མེད་པ་ཡིན་ནོ། །དེའི་ཕྱིར་བཤད་པ། འདིར་ནི་དགོས་པ་ནི། རྒྱུ་དང་རྐྱེན་གྱི་དོན་ཁོང་དུ་ཆུད་པའི་ཕྱིར་དང་། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དང་། གཟུང་བ་དང་། འཛིན་པ་མེད་པར་རྟོགས་པའི་ཕྱིར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་ བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ། །དེ་བས་ན་དགོས་པ་དང་བཅས་པའི་ཕྱིར་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བརྩམ་པར་བྱ་བ་ཉིད་དོ། །གང་དང་གང་དོན་དང་བཅས་པ་དེ་དང་དེ་ནི་བརྩམ་པར་བྱ་བ་སྟེ། དཔེར་ན་གསོ་བ་ལ་སོགས་པའི་བསྟན་བཅོས་ལྟ་བུ་ཡིན་པས་དཔེ་མ་གྲུབ་པར་བཤད་པར་འགྱུར་རོ། །འདིའི་བརྗོད་པས་སཱ་ལུ་ལྗང་པའི་དཔེས་ནང་དང་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་མཚུངས་པ་ཉེ་བར་སྦྱར་བས་འདི་བརྗོད་པས་སཱ་ལུ་ལྗང་པ་ཞེས་བྱ་བ་ཡང་ཡོད་པ་ཉིད་དེ། དེའི་ཕྱིར་ཡང་དོན་མ་གྲུབ་པ་ཉིད་དོ། ། བརྗོད་པར་བྱ་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྐྱེན་དང་བཅས་པ་སོ་སོར་གོ་རིམས་བཞིན་མཚན་ཉིད་རྣམ་པར་འཇོག་པར་བྱེད་པས་བྱེད་པ་པོ་ལ་སོགས་པ་དང་། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་བྲལ་ནས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སྐྱེས་ཏེ། བླ་ན་མེད་པའི་ཆོས་སྐུ་ཐོབ་པས་འདི་བརྗོད་པར་བྱ་བ་ཡང་ཡོད་པ་ཉིད་དེ་འདིའི་ཕྱིར་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་བས་ན་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བསྟན་བཅོས་འདི་འབྲེལ་པ་ལ་སོགས་པ་དང་ལྡན་པའི་ཕྱིར་བརྩམ་པར་བྱ་བ་ཉིད་དོ། །བརྩམ་ 113-22b པར་བྱ་བ་ཞེས་བྱ་བ་ནི་ཆོས་སོ། །བསྟན་བཅོས་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཆོས་དང་ཆོས་ཅན་སྤྱི་ནི་ཕྱོགས་སོ། །འདི་ན་ཆོས་ཡོད་པས་ཆོས་ཅན་ཏེ་གདུགས་ཅན་བཞིན་ནོ། །གལ་ཏེ་དེ་ལྟ་ན་བསྟན་བཅོས་རྩོམ་པ་ལ་ཕྱག་འཚལ་བར་བྱེད་པ་དོན་མེད་དེ། དགོས་པ་མེད་པའི་ཕྱིར་བྱ་རོག་གི་སོ་ བརྟག་པ་ལ་སོགས་པའི་བསྟན་བཅོས་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ནི་དོན་མ་གྲུབ་པ་ཉིད་བསྟན་པར་སྨྲས་པ། བསྟན་བཅོས་རྩོམ་པ་ལ་སྟོན་པ་ལ་མཆོད་པ་བྱས་སོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དང་། དེ་ལ་གུས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། ཆོས་ཉན་པ་གུས་པ་སྐྱེ་ བ་རྣམས་ཉན་པ་དང་སེམས་པ་དང་། བསྒོམ་པ་དག་ལ་གུས་པར་འགྱུར་གྱི། གུས་པ་མ་སྐྱེས་པ་རྣམས་ནི་མ་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཡང་ན་དམ་པའི་སྤྱོད་པའི་སྲོལ་བསྟན་པའི་དོན་དུ་བསྟན་བཅོས་རྩོམ་པ་ལས་སྟོན་པ་ལ་མཆོད་པ་བྱེད་དོ། །འདི་ནི་སྐྱེས་བུ་དམ་པ་ མཁས་པ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ནམ་ཞིག་འགའ་ཞིག་དགོས་པ་རྩོམ་པ་ལ་འཇུག་ན་དང་པོར་ཡིད་དུ་འོང་བའི་ལྷ་ལ་ཕྱག་འཚལ་ཏེ། དགོས་པ་ཁྱད་པར་དག་ལ་ཞུགས་པ་ན་འདོད་པའི་དོན་རིང་པོར་མི་ཐོགས་པར་འགྲུབ་པས་དེའི་ཕྱིར་བསྟན་བཅོས་བྱེད་པ་འདི་ཡང་དམ་པའི་སྤྱོད་པའི་སྲོལ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་ན་བསྟན་བཅོས་རྩོམ་པ་ལ་རང་གི་སྟོན་པ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་བྱས་ནས། བསྟན་བཅོས་བཤད་པར་བྱ་བ་ལ་ཞུགས་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ། །སྨྲས་པ། བསྟན་བཅོས་རྩོམ་པ་སྟོན་པ་ལ། །ཕྱག་འཚལ་བྱེད་པ་འབྲས་མེད་མིན། ། སྟོན་པ་དང་ནི་བསྟན་བཅོས་ལ། །གུས་བསྐྱེད་རྒྱུ་ཕྱིར་གཞན་དུ་མིན། །དེ་ནས་བསྟན་བཅོས་རྩོམ་པས་སྟོན་པ་ལ་མཆོད་པ་བྱ་བ་རྣམ་པར་གནས་པ་ཉིད་དོ། །དེའི་ཕྱིར་གཞན་གྱི་བསྟན་བཅོས་ཀྱི་ཐོག་མར་ཕྱག་འཚལ་བར་བྱེད་པར་དགོས་པ་མེད་དོ་ཞེས་གང་སྨྲས། གཏན་ཚིགས་དེ་མ་གྲུབ་པ་ཉིད་དུ་ བསྟན་པར་སྨྲས་པ། བསྟན་བཅོས་རྩོམ་པ་ལ་ཕྱག་འཚལ་བར་བྱེད་པ་ནི། གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་དགོས་པ་དང་བཅས་པ་ཉིད་དོ། །བྱ་རོག་གི་སོ་བརྟག་པ་ལྟ་བུ་མིན་ནོ། །རང་གི་སྟོན་པ་ལ་ཕྱག་བྱས་ཏེ། སཱ་ལུ་ལྗང་པའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པ་ 113-23a བཤད་པར་བྱའོ་ཞེས་སྨྲས་ན། དེ་ཡང་གང་ཞིག་ཅེ་ན། ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ནི་རྒྱལ་ཁབ་སྟེ། རྒྱལ་པོའི་ཕོ་བྲང་ཞེས་བྱ་བའི་ཐ་ཚིག་གོ། །བྱ་རྒོད་ཅེས་པའི་རི་བོ་ལ། །ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་ རི་བོ་ལའོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པར་སྡུད་པར་བྱེད་པའི་མདོ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་སྨོས་སོ། །སུ་ལས་ཐོས་ཤེ་ན། དེའི་ཕྱིར་སྨྲས་པ། བཅོམ་ལྡན་འདས་ལས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་པ་ དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཅི་ཞིག་བཅོམ་པ་དང་ལྡན་ཞེ་ན། དེའི་ཕྱིར་སྨྲས་པ། བདུད་བཞིའོ། །ཉོན་མོངས་པ་དང་། ཕུང་པོ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ཅེས་གྲགས་པའོ། །ཇི་ལྟར་བཅོམ་ཞེ་ན། སྨྲས་པ། གཉེན་པོ་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། མཐོང་ བ་དང་བསྒོམ་པའི་ལམ་ལ་འཇུག་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་རིམ་གྱིས། འཕགས་པའི་བདེན་པ་བཞི་སྒོམ་པ་རྣམ་པར་བསྒོམ་པ་ཉིད་ཀྱིས་ཕུང་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པར་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པ་དང་། གཟུང་བ་དང་འཛིན་པ་མེད་པར་རྟོག་པའི་ཕྱིར་དང་། ཁམས་གསུམ་པ་འདི་ཡང་སེམས་ཙམ་ཁོ་ནའོ་ཞེས་བྱ་བར་རྟོགས་པའི་ཕྱིར། ཉོན་མོངས་པ་ དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཉོན་མོངས་པ་བཅོམ་མོ། །རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་དང་བཅས་པར་ཕྱིན་ཅི་ལོག་པ་བཞི་ལ་སོགས་པ་དང་བྲལ་བ་སྟེ། ཆོས་ཀྱི་སྐུ་བླ་ན་མེད་པ་དང་ལྡན་ནས་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཕྱིར་ཕུང་པོ་དང་འཆི་ བདག་གི་བདུད་ལས་རྒྱལ་ལོ། །ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། གཟུགས་བརྙན་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་དང་། རྨི་ལམ་ལྟ་བུར་ཤིན་ཏུ་ཐུགས་སུ་ཆུད་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ 113-23b བག་ཆགས་ཀྱི་དྲི་མ་དང་བྲལ་བས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར་ཆད་ནས་བྱམས་པ་ཆེན་པོ་ལ་སོགས་པའི་མདའ་འཕངས་པས་ཆུ་སྲིན་གྱི་རྒྱལ་མཚན་ཅན་སྡེ་དང་བཅས་པ་ལ་བསྣུན་པའི་ཕྱིར་ལྷའི་བུའི་བདུད་ཕམ་པར་མཛད་དེ། དེ་ལྟར་བདུད་བཞི་བཅོམ་པས་ན་བཅོམ་ལྡན་ འདས་སོ། །ཡང་སྨྲས་པ། བདུད་བཞིའི་དགྲ་ནི་བཅོམ་ཕྱིར་དང་། །སྲིད་པ་གསུམ་ལས་བྱུང་བ་དང་། །བྱུང་འགྱུར་འབྱུང་བ་འབྱུང་མཁྱེན་ཅིང་། །སྲིད་པར་གནས་འདི་བཅོམ་ལྡན་འདས། །བཅོམ་ལྡན་འདས་དེ་ལྟ་བུ་ནི་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །ཅིའི་ ཕྱིར་གྲོང་ཁྱེར་དེ་ལ་རྒྱལ་པོའི་ཁབ་ཅེས་བྱ་ཞེ་ན། སྨྲས་པ། གྲོང་ཁྱེར་དེ་ནི་སྔོན་རྩྭ་མཆོག་གི་གྲོང་ཁྱེར་ཞེས་གྲགས་ཏེ། གང་གི་ཚེ་གྲོང་ཁྱེར་དེ་ལ་མི་མ་ཡིན་པ་འཁྲུགས་པ་རྣམས་ཀྱིས་ཡང་དང་ཡང་མེ་བཏང་བ་དེའི་ཚེ་རྒྱལ་པོས་རྟོགས་ནས་བཀའ་བཏགས་པ། ཤེས་ལྡན་གྲོང་ཁྱེར་པ་དག །དེང་ ཕྱིན་ཆད་གང་གི་ཁྱིམ་དུ་སྔར་མེ་ཤོར་བ་དེས་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོར་སོང་ལ་ཁྱིམ་བརྩིགས་ཏེ་འདུག་ཤིག་ཅེས་བསྒོ་བ་དང་། དེ་ནས་ཡང་ལས་ཀྱི་རྐྱེན་གྱི་དབང་གིས་དང་པོར་རྒྱལ་པོའི་ཕོ་བྲང་དུ་མེ་ཤོར་རོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བོས་ཏེ་བསྒོ་བ། ཤེས་ལྡན་བློན་པོ་དག་ ཤེས་པར་གྱིས་ཤིག །འདི་ལྟར་ང་ཉིད་ཀྱིས་དེ་ཁྲིམས་སུ་བཅས་པ་ལས་ང་ཉིད་འདའ་བར་བྱེད་པ་གང་ཡིན་པ་དེ་ནི་ང་ལ་མ་ལེགས་ཤིང་ཚུལ་མ་ཡིན་པས་ཤེས་ལྡན་བློན་པོ་དག་དེང་ལ་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོའི་ནང་དུ་རྒྱལ་པོའི་ཕོ་བྲང་བརྩིགས་ཤིག་དང་དེར་སོང་ནས་འདུག་པར་བྱའོ། །དེ་ ནས་རྒྱལ་པོའི་ཚིག་ཙམ་གྱིས་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས་སོ། །དེ་ལ་ཐོག་མར་ནི་རྒྱལ་པོས་དེར་ཕྱིན་ཏེ་གནས་བཏབ། དེ་ནས་ནི་གཞན་དག་གིས་བཏབ་པས་རྒྱལ་པོའི་ཁབ་ཅེས་མིང་ཆགས་སོ། །དེ་ལ་རྒྱལ་པོའི་ཁབ་གྲོང་ཁྱེར་ཆེན་པོའི་ཤར་ལྷོའི་མཚམས་ན། བྱ་རྒོད་ཕུང་པོ་ཞེས་བྱ་ བའི་རི་ཡོད་དེ། རི་གང་གི་སྤྱི་བོ་བྱ་རྒོད་ཀྱི་མགོ་འདྲ་བ་དེ་ལ་བྱ་རྒོད་ཕུང་པོའི་རི་ཞེས་བྱའོ། །ཡང་ན་བདུད་སྡིག་ཅན་གྱིས་བྱ་རྒོད་ཀྱི་ཤ་ཚུགས་སུ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ཀྱི་ཆོས་གོས་དབྲོག་པར་བྱ་བར་བརྩམས་པ་ལས་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་མ་ནུས་ནས་དེ་ཉིད་དུ་བོར་ཏེ་ཆོས་ 113-24a གོས་དེ་དེང་སང་དུ་ཡང་རྡོར་གྱུར་ནས་བཞི་རིམ་བྱས་ཏེ་ཆོས་གོས་ལྟ་བུར་འདུག་གོ། །དེ་ཉེ་བར་མཚོན་པའི་རི་ནི་བྱ་རྒོད་ཕུང་པོ་ཞེས་བྱ་སྟེ། ཐུབ་པ་བྱ་རྒོད་ཕུང་པོའི་རི་དེ་ལ་བཞུགས་སོ། །ཅི་གཅིག་པུ་ཉིད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དགེ་སློང་མང་དང་བྱང་ཆུབ་ སེམས། །ཚོགས་དང་ཡང་དག་ཐབས་ཅིག་བཞུགས། །དགེ་སློང་མང་དང་ཞེས་བྱ་བ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ངོ་། །བྱང་ཆུབ་སེམས་ཚོགས་དང་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུའོ། །བཞུགས་ཞེས་བྱ་བ་ནི་བཞེངས་པ་དང་། འཆགས་པ་དང་། བཞུགས་པ་དང་། གཟིམས་པ་ལ་སོགས་པ་སྤྱོད་ལམ་རྣམ་པ་བཞིས་བཞུགས་པའོ། །དེ་སུ་ཞིག་ཅེ་ན་ཐུབ་པའོ། །ཐུབ་པ་ནི། སྐུ་དང་། གསུང་དང་། ཐུགས་ཐུབ་པ་དང་ལྡན་པའི་ཕྱིར་ཏེ། སྐུ་དང་གསུང་དང་ཐུགས་མི་འཇུག་པས་ཐུབ་པའོ། ། ཅི་ལ་མི་འཇུག་ཅེ་ན། དེའི་ཕྱིར་སྨྲས་པ། སྐུ་དང་། གསུང་དང་། ཐུགས་ཉེས་པར་སྤྱོད་པ་ལ་མི་འཇུག་ཅེས་བྱ་བའི་དོན་སྟོན་ཏོ། །འདི་ལ་ཐུབ་པ་ཡོད་པས་ཐུབ་པ་སྟེ། ལྡན་པའི་དོན་ཡིན་པའི་ཕྱིར་དབྱུག་པ་ཅན་བཞིན་ནོ། །ཡང་ཅིའི་ཕྱིར་གནས་དང་། དུས་དང་། ཞབས་འབྲིང་པ་ བསྟན་ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཆོས་མཐུན་པར་བྱ་བའི་ཕྱིར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་ཡིན་པར་གྲགས་ཏེ། གང་གི་ཚེ་བྲམ་ཟེ་དང་། ཁྱིམ་བདག་རྣམས་རྗེས་སུ་འཛིན་པ་ལ་སོགས་པར་བྱེད་པ་དེའི་ཚེ་འདུག་པའི་ གནས་གྲོང་དང་གྲོང་ཁྱེར་ལ་སོགས་པ་གང་དུ་འདུག་ནས་བྱེད་པའི་གནས་དེ་ངེས་པར་རྗོད་པར་བྱེད་དོ། །གནས་གང་དུ་ཞེ་ན། ཆེ་གེ་མོ་ཞིག་ནའོ། །དབང་ཉིད་རབ་ཏུ་བསྟན་པའི་ཕྱིར་བློན་པོ་ལ་སོགས་པ་དང་ལྷན་ཅིག་གོ། །དུས་ཞེས་བྱ་བ་ནི་སྔ་དྲོ་དང་ཕྱི་དྲོའི་དུས་སོ། །གང་དག་ལ་ཞེ་ན། བྲམ་ཟེ་ དང་ཁྱིམ་བདག་ལ་སོགས་པ་ལའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཕྱིར་གནས་དང་། དུས་དང་ཞབས་འབྲིང་པ་ལ་སོགས་པ་བརྗོད་དེ། གང་དུ་ཞེ་ན། རྒྱལ་པོའི་ཁབ་ནའོ། །དུས་གཅིག་ན་ནི་སྔ་དྲོའི་དུས་སོ། །གང་དག་དང་ཐབས་ 113-24b ཅིག་ཅེ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ངོ་། །གང་དག་ལ་ཞེ་ན། དགེ་སློང་རྣམས་ལའོ། །ཅི་ཞིག་གསུངས་ཤེ་ན། སཱ་ལུ་ལྗང་པ་ཞེས་བྱ་བའི་མདོའོ། །ཡང་སྨྲས་པ། གང་དུ་གང་དག་ཐབས་ཅིག་དང་། །དུས་གང་གང་ ཕྱིར་གང་ལ་བསྟན། །དེ་དག་ཉིད་ནི་བསྟན་བྱས་ནས། །ཐ་མར་ཀུན་དགའ་བ་ཡི་སྒྲ། །སཱ་ལུ་ལྗང་པ་ལ་གཟིགས་ནས། །ཞེས་བྱ་བ་ལ་སོགས་པ་ལ། སཱ་ལུ་ལྗང་པ་ལ་གཟིགས་ནས་ནི་གཟིགས་ཏེའོ། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །ཞེས་བྱ་བ་ནི་རྒྱུ་རྐྱེན་ལས་སྐྱེས་ཀྱི་འདི་སྐྱེད་པར་ བྱེད་པ་དབང་ཕྱུག་ལ་སོགས་པ་གཞན་ནི་འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ། །ཡང་སྨྲས་པ། ས་བོན་ལ་སོགས་མ་གཏོགས་པར། །གཞན་གྱི་རྒྱུ་ཞེས་མི་བྱ་སྟེ། །དབང་ཕྱུག་སོགས་དང་རྒྱུ་མེད་པ། །མངོན་སུམ་ལ་སོགས་འགལ་ཕྱིར་རོ། །ས་བོན་ལས་མྱུ་གུ་ལ་སོགས་ པ་སྐྱེས་ཀྱི། དབང་ཕྱུག་དང་། གཙོ་བོ་དང་། རྒྱུ་དུས་ལ་སོགས་པ་ནི་རྒྱུ་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མི་དམིགས་པ་ཉིད་ཀྱི་ཕྱིར་ནམ་མཁའི་ཨུཏྤ་ལ་བཞིན་ནོ། །རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ། །ཡན་ལག་བཅུ་གཉིས་རིམ་འབྱུང་བ། །གང་གི་རྟེན་འབྲེལ་ཞེས་ མཐོང་བ། །ཞེས་སྨོས་ཏེ། རྒྱུ་དང་རྐྱེན་དག་གིས་བསྐྱེད་པའི་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དགེ་སློང་ངམ། དགེ་སློང་མའམ། གཞན་ཡང་གང་ལ་ལས་བྱེད་པ་ལ་སོགས་པ་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་དང་བྲལ་བར་མཐོང་བ་དེས། ཆོས་དང་སངས་རྒྱས་ མཐོང་ངོ་ཞེས། །དགེ་སློང་རྣམས་ལ་འདི་གསུངས་ནས། །འདྲེན་པ་ཅང་མི་གསུང་བར་བཞུགས། །འཕགས་པའི་ཆོས་ཡན་ལག་བརྒྱད་པ་དང་། འབྲས་བུའི་ཆོས་རྟོགས་པའི་ངོ་བོ་ཉིད་དང་། མྱ་ངན་ལས་འདས་པ་ཕུང་པོ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པར་བརྗོད་པ་ཡང་ཇི་ ལྟ་བ་བཞིན་དུ་མཐོང་ངོ་ཞེས་བཀའ་སྩལ་པ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་ཕྱིན་ནས་འདི་ཡོངས་སུ་དྲིས་སོ། །འདི་གསུངས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ 113-25a མདོ་གང་ཐོས་པ་དགེ་སློང་རྣམས་ལ་གསུངས་ནས་ཏེ། བཀའ་སྩལ་ནས་སོ། །འདྲེན་པ་ཞེས་བྱ་བ་ནི་ཐབས་རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་སེམས་ཅན་རྣམས་འདྲེན་པའི་ཕྱིར་འདྲེན་པའོ། །ཅང་མི་གསུང་བར་བཞུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་ཤཱ་རིའི་བུས་ཐོས་ནས། །ཞེས་སྨོས་ཏེ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ་། །ཤཱ་རིའི་བུས་ཐོས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཐོས་ནས་སོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་ བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ག་ལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བྱམས་པའི་དྲུང་དུ་སོང་ནས་ནི། །ཞེས་བྱ་བ་ནི་གང་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ཉིན་པར་རྟག་ཏུ་གནས་པ་སྟེ། དེར་ཕྱིན་ཅིང་སོང་ནས་སོ། །གཉིས་ཀ་ཡང་རྡོ་ལེབ་ལ་འཁོད་དོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་དེང་འདིར་དེ་བཞིན་གཤེགས། །འདི་གསུངས་དོན་རྣམས་མ་ཕྱེ་བར། །ཅང་མི་གསུང་བར་བཞུགས་གྱུར་ནས། །དེའི་དོན་ཇི་ལྟར་རྟོགས་པར་བྱ། །ཞེས་བྱ་བ་སྨོས་སོ། །བྱམས་པ་ དེང་འདིར་ཞེས་བྱ་བ་བརྗོད་ནས་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པའི་དཔེས་བསྟན་པས་གང་གསུངས་པ་བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི། བཅོམ་ལྡན་འདས་ཀྱིས་ཀྱང་དོན་རྣམ་པར་མ་ཕྱེ་ལ། ཐམས་ཅད་མཁྱེན་པའི་ཡུལ་གྱི་དོན་རྣམས་ཀྱང་ ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་། ཆོས་ནི་གང་། སངས་རྒྱས་ནི་གང་ཞེས་བྱ་བ་ལ་སོགས་པ་འདྲིའོ། །འདི་ཉིད་མདོ་བྱེད་པས། མདོ་དང་སྦྱར་བ་སྨྲས་ལ། རྟེན་ཅིང་འབྲེལ་དང་ཆོས་གང་ཡིན། །སངས་རྒྱས་ཀྱང་ནི་གང་ ཞིག་ཡིན། །ཞེས་སྨོས་ཏེ། ཇི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་ངོ་། །ཆོས་མཐོང་ནས་སངས་རྒྱས་མཐོང་ངོ་ཞེས་བྱ་བ་ནི། ཇི་ལྟར་རྟེན་འབྲེལ་མཐོང་ན་ནི། །ཆོས་དང་སངས་རྒྱས་མཐོང་བ་ཡིན། །བདག་གི་ཐེ་ཚོམ་འདི་སྨྲོས་ཞེས། །ཤཱ་རིའི་བུ་ཡིས་མ་ཕམ་སྨྲས། ། 113-25b གནས་བརྟན་ཤཱ་རིའི་བུས་ཐེ་ཚོམ་དེ་སྐྱེས་པས་དེའི་ཕྱིར་མ་ཕམ་པ་ལ་སྨྲས་སོ། །མ་ཕམ་པ་ཞེས་བྱ་བ་ནི་བྱམས་པའོ། །བྱམས་པ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། བྱམས་པ་ཤིན་ཏུ་བསྒོམ་པའི་བདག །བྱམས་པས་གཏན་ལ་དབབ་པ་སྨྲས། །བྱམས་པའི་ཏིང་ངེ་འཛིན་དང་ལྡན་པས་ ཤིན་ཏུ་གནས་པའི་ཕྱིར་བྱམས་པ་ཤིན་ཏུ་བསྒོམ་པའི་བདག་ཉིད་དོ། །གཏན་ལ་དབབ་པ་ཞེས་བྱ་བ་ནི་ངེས་པའོ། །སྨྲས་ཞེས་བྱ་བ་ནི་བརྗོད་པའོ། །གང་ལ་སྨྲས་ཤེ་ན། ཤཱ་རིའི་བུ་ལའོ། །ཅི་ཞིག་སྨྲས་ཤེ་ན། འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག ། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི །རྒ་ཤིའི་རྐྱེན་གྱིས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་ བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱི་རྟེན་ཅིང་འབྲེལ་པའོ་ཞེས་གསུངས་སོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་བཅས། རྐྱེན་དང་ བཅས་པ་ལ་བྱའི། རྒྱུ་མེད་པ་དང་། རྐྱེན་མེད་པ་ལ་མ་ཡིན་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཡང་མ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་འདི་རྣམས་འབྱུང་བའི་གོ་རིམས་ནི་ཇི་ལྟར་རྟོགས་པར་བྱ། མཚན་ཉིད་ནི་གང་། ལས་ནི་ཅི། གང་ཞིག་ནི་ཡིན་ཞེ་ན། སྨྲས་པ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཉིས་ཀྱི་ཕྱིར་འབྱུང་བར་རྟོགས་པར་བྱ་སྟེ། གཉིས་གང་ཞེ་ན། སྨྲས་པ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་ཕྱི་ནང་གི་ཐ་དད་པའི་ཕྱིར་རྣམ་པ་གཉིས་སུ་རྣམ་པར་གཞག་གོ། །ཇི་ལྟ་ཞེ་ན། སྨྲས་ 113-26a པ། ས་བོན་ལས་མྱུ་གུ་སྐྱེ་བ་ནས་འབྲས་བུ་སྐྱེ་བའི་བར་ཏེ། ས་བོན་ཡོད་ན་མྱུ་གུ་སྐྱེ་བ་དང་འབྲས་བུ་སྐྱེ་བའི་ཕྱིར་རོ། །ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་ནས། འབྲས་བུ་མི་སྐྱེ་བའི་བར་རོ། །ས་བོན་ཀྱང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་ སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས། མེ་ཏོག་ཀྱང་འདི་སྙམ་དུ་འབྲས་བུ་མངོན་པར་བསྒྲུབས་སོ་སྙམ་དུ་མངོན་པར་མི་སེམས་སོ། །འབྲས་བུ་ཡང་འདི་སྙམ་དུ་བདག་གི་མྱུ་གུ་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་ པའི་བར་རོ། །འོན་ཀྱང་ས་བོན་ཡོད་ན་མྱུ་གུ་ནས་འབྲས་བུའི་བར་དུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ་བར་བྱའོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། སྨྲས་པ། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ་ས་ལ་སོགས་པ་དང་། དུས་རྣམས་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ་བར་བྱའོ། །ས་བོན་ས་ལ་སོགས་པ་ལ་ཅི་ཞིག་ཕན་པར་བྱེད་ནས་རྒྱུའི་རྐྱེན་དུ་འདོད་ཅེ་ན། ས་ལ་སོགས་པ་ནི་འཛིན་པ་ལ་སོགས་པ་དང་། རླན་པ་དང་། དྲོ་བ་དང་། འབུ་བ་དང་། མི་སྒྲིབ་པ་དང་། འགྱུར་བའི་བྱ་བ་གོ་རིམས་བཞིན་དུ་བྱེད་དོ། །དེ་དག་མེད་ན་མི་འགྱུར་གྱི། ནམ་མ་ཚང་བ་མེད་པ་ན། ཐམས་ཅད་འདུས་པ་དེ་ལས་དེར་འགྱུར་རོ། །ས་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་གིས་ས་བོན་འཛིན་པ་ལ་སོགས་པ་ བྱའོ་སྙམ་དུ་མི་སེམས་སོ། །ས་བོན་ཡང་འདི་སྙམ་དུ་བདག་ལ་ནི་རྐྱེན་འདི་རྣམས་ཀྱིས་འཛིན་པ་ལ་སོགས་པའི་བྱ་བས་ཕན་བཏགས་སོ་སྙམ་དུ་མི་སེམས་སོ། །འོན་ཀྱང་ས་ལ་སོགས་པ་ཡོད་ན་ས་བོན་ལ་མྱུ་གུ་ལ་སོགས་པ་འབྱུང་བར་འགྱུར་ལ། མེད་ན་མི་འགྱུར། དེ་ཉིད་ཀྱི་ཕྱིར་མདོ་མཛད་ པས་གསུངས་པ། ཡན་ལག་བཅུ་གཉིས་མ་རིག་སོགས། །འཆི་བ་ལ་ཐུག་གོ་རིམས་བཞིན། །ཞེས་བྱ་བ་ལ། སྲིད་པའི་ཡན་ལག་གང་དག་ལ་མ་རིག་པ་ལ་སོགས་པ་འཆི་ལ་ཐུག་པ་ཡོད་པ་དེ་དག་ནི་མ་རིག་པ་ལ་སོགས་པ་འཆི་བ་ལ་ཐུག་པ་རྣམས་སོ། །དེ་ལྟ་བས་ན་སྡུག་ 113-26b བསྔལ་གྱི་ཕུང་པོ་འབའ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་དེ་ལྟ་བས་ན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རིམ་གྱིས་འབྱུང་བའོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འབྱུང་བར་འགྱུར་ཞེས་ བྱ་བ་ནི་སྐྱེ་བར་འགྱུར་བའོ། །ཆོས་ལམ་ཡན་ལག་བརྒྱད་པ་དང་། །འབྲས་བུ་མྱ་ངན་འདས་པའོ། །ཞེས་སྨྲས་ཏེ། ཆོས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ། །ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དང་། ལོག་པའི་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ལོག་པའི་ལྟ་བ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་སྟེ། ལྟ་བ་ལྔའོ། །འཇིག་ཚོགས་དང་། མཐའ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་ལོག་པ་ཞེས་བྱ་ བའོ། །འདི་ཐམས་ཅད་ཀྱང་ལོག་པར་ཐོས་པ་དང་བསམ་པ་ལ་སོགས་པ་ཞུགས་པ་སྟེ། དེ་བས་ན་ལྟ་བ་ངན་པའི་ཕྱིར་ལོག་པའི་ལམ་སྤྱད་པས་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་བསྒྲུབ་པའི་ཕྱིར་དང་། རྒྱུ་དང་། ལས་དང་། འབྲས་བུ་ལ་སྐུར་པ་འདེབས་པ་དང་། སྒྲོ་འདོགས་པའི་ རྣམ་པར་ཞུགས་པའི་ཕྱིར་ལོག་པར་ལྟ་བ་དག་ཅེས་བྱ་བའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལྟ་བ་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་གཞག་གོ། །ཚུལ་བཞིན་ལ་གནས་པའི་ཡང་དག་པའི་ཐོས་པ་དང་། བསམ་པ་ལ་སོགས་པའི་དད་པ་སྔོན་དུ་འགྲོ་བས་རྒྱུ་དང་། འབྲས་བུ་ དང་། བདེན་པ་དང་། དཀོན་མཆོག་དང་། ལས་དང་། འབྲས་བུ་ལ་སོགས་པ་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པའི་ལམ་ལ་ཉེ་བར་སྦྱོར་བ་ལས་འདོད་པའི་འབྲས་བུ་མངོན་པར་བསྒྲུབ་པའི་ཕྱིར་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ལོག་པའི་རྟོག་པ་ཞེས་བྱ་བ་ནི་རྟོག་པ་ལོག་པའོ། །རྟོག་པ་ཞེས་བྱ་བ་ནི་སྤྱོད་ཡུལ་དང་། ཡུལ་དང་། དམིགས་པ་ཞེས་བྱ་བ་ནི་ཐ་ཚིག་གོ། །སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་དྲུག་པོ་གཟུགས་དང་སྒྲ་ལ་ 113-27a སོགས་པའོ། །ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ། རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་གི་རྣམ་པ་ལ་སོགས་པར་དམིགས་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྒྱས་པར་འགྱུར་བའི་ཕྱིར་ལོག་པར་རྟོག་པའོ། །དེ་ལས་ བཟློག་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །རྟོག་པ་ཞེས་བྱ་བ་ནི་བྱ་བ་དང་། སེམས་པ་སྟེ། འདི་དང་འདི་བྱའོ་ཞེས་ཐོག་མར་སེམས་ལ་བཞག་ནས་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་དགེ་བ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་ངོ་བོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པར་ཚུལ་བཞིན་ཡིད་ལ་བྱེད་པའི་སྦྱོར་བ་གང་ཡིན་པ་ནི་ཡང་དག་པའི་ལམ་གྱི་ཡན་ལག་ཅེས་བྱའོ། །ལོག་པའི་ངག་ཅེས་བྱ་བ་ནི་ངག་ངན་པ་སྟེ། བདག་དང་གཞན་བསླུ་བའི་ རྣམ་པར་ཞུགས་པའི་ངག་གང་ཡིན་པ་དེ་ནི་ལོག་པའི་ངག་གོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པ་དང་འབྲེལ་པའི་ཕྱིར་བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པའི་ངོ་བོར་ཞུགས་པ་དང་། ངག་གི་ཉེས་པ་རྣམ་པ་བཞི་དང་འདྲེས་པ་དང་། ཡང་དག་པ་དང་། བདེན་པ་དང་། དེ་ཁོ་ན་ཉིད་དང་། ཆོས་ཐམས་ཅད་སྤོང་བར་བྱེད་པ་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། བུད་མེད་དང་། ཁྱིམ་པ་དང་། སྐྱེ་བོའི་གཏམ་གྱི་ངོ་བོ་དང་། གསོག་དང་དོན་མེད་པ་མང་པོ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྨད་པའི་ཕྱིར་ ལོག་པའི་ངག་ཅེས་བྱའོ། །དེ་དང་མི་མཐུན་པའི་ཕྱིར་བདག་དང་གཞན་ལ་མི་སླུ་བའི་རྣམ་པ་ཅན་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་ལ་སོགས་པའི་ངོ་བོ་ངག་གི་ཉེས་པ་རྣམ་པ་བཞི་དང་བྲལ་བའི་ཕྱིར་བདེན་པ་དང་ཡང་དག་པ་དང་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་བདེན་ པ་བཞིའི་རྗེས་སུ་མཐུན་པར་བྱེད་པ་དགེ་བའི་ཆོས་ཐམས་ཅད་སྡུད་པ། ཕན་པ་དང་ཡོངས་སུ་བཅད་པའི་ངོ་བོ་ཉིད་ཀྱི་ཕྱིར་བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་སྤང་བ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པའི་ཕྱིར་ 113-27b འཕགས་པའི་སྐྱེ་བོ་ཐམས་ཅད་མི་སླུ་བར་བྱེད་པ་ནི་ཡང་དག་པའི་ལམ་གྱི་རྗེས་སུ་འཇུག་པའི་ཕྱིར་ཡང་དག་པའི་ངག་ཅེས་བྱའོ། །ལོག་པའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལས་བྱེད་པའོ། །ལས་ཞེས་བྱ་བ་ནི་ལུས་དང་། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ས་བོན་འདེབས་ པའི་ཕྱིར་དང་། རྣམ་པར་སྨིན་པ་མི་བཟད་པའི་འབྲས་བུ་མངོན་པར་སྒྲུབ་པའི་རང་བཞིན་མི་དགེ་བའི་ལས་ཀྱི་མཐའ་བྱེད་པའི་ཕྱིར་ཚ་སྒོ་ལ་སོགས་པའི་སྐྱོན་དང་འདྲེས་པའི་ཞིང་ངན་པ་ལ་ས་བོན་ངན་པ་བཏབ་པ་བཞིན། མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་བསྒྲུབ་པའི་ཕྱིར་སྨད་པར་བྱ་ བའི་ལས་ཀྱི་མཐའ་ནི་ལོག་པའི་ལས་ཀྱི་མཐའ་ཞེས་བྱའོ། །ལས་ལ་དགའ་བ་དང་། གཉིད་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་ལ་སོགས་པའི་རང་བཞིན་ནི་ལོག་པའི་ལས་ཞེས་བྱ་སྟེ། བདག་དང་གཞན་ལ་རེག་པ་མ་ཡིན་པ་སྡུག་བསྔལ་བར་གནས་པའི་རྟེན་གྱི་ངོ་བོའོ། །དེ་དང་མི་ མཐུན་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའོ། །ཕྱིན་ཅི་མ་ལོག་པའི་ལས་བྱེད་པའི་ཕྱིར་ལུས་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་ས་བོན་འདེབས་པའི་ཕྱིར་དང་། ཞིང་གཤིན་པ་དང་འདྲ་བའི་ལེགས་པར་བྱས་པའི་ལས་ཀྱི་ཞིང་འདོད་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་ པའི་རྣམ་པར་ཞུགས་པའི་ཕྱིར་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་ངོ་བོར་ཞུགས་པའི་ཕྱིར་དང་། ཡང་དག་པའི་ལས་ཀྱི་མཐའ་བྱེད་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའ་སྟེ། ཡང་དག་པའི་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་ ཡང་དག་པའི་ལམ་ཞེས་བྱའོ། །ལོག་པའི་འཚོ་བ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་འཚོ་བ་སྟེ། ངན་གཡོ་དང་། ཁ་གསག་དང་། ཐོབ་པས་འཇལ་བ་དང་། གཞོགས་སློང་གིས་འཇུག་ཅིང་མི་ཕོངས་པའི་ལུས་དང་། ངག་གི་ལ་སོགས་པའི་ཉེ་བར་འཚོ་བས་སྐྱེས་པ་དང་བུད་མེད་ལ་ སོགས་པའི་མཚན་སྟོན་པ་དང་། འཕོང་དང་། རྟ་དང་། སྙན་ངག་དང་། གསོ་བའི་དཔྱད་དང་། གྲངས་དང་། ཁྱིམ་པའི་དཔྱད་དང་། གཞོན་ནུའི་དཔྱད་དང་། རྒྱ་མཚོ་མཚན་གྱི་དཔྱད་དང་། ལྟས་ཤེས་པ་ལ་སོགས་པ་སྟེ། བདག་དང་གཞན་སླུ་བའི་ངོ་བོར་ཞུགས་པའི་ཕྱིར་ཚུལ་ 113-28a དེས་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་སྒྲུབ་པའི་རྗེས་སུ་འཇུག་པས་གནས་པར་བྱེད་པ་ནི་ལོག་པའི་འཚོ་བ་ཞེས་བྱའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཅེས་བྱའོ། །ཡང་དག་པ་ནི་རིག་པ་དང་མ་བྲལ་བའི་ལུས་དང་། ངག་དང་ཡིད་ འཇུག་པས་ཆོས་གོས་ལ་སོགས་པ་བསྒྲུབ་པ་སྟེ། ཚུལ་དེས་ཀུན་ཏུ་འཚོ་བ་ནི་ཡང་དག་པའི་འཚོ་བའི་རྗེས་སུ་འབྲང་བའི་ཕྱིར་དང་། བདག་དང་གཞན་མི་སླུ་བའི་ངོ་བོའི་རྣམ་པའི་ཕྱིར་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་གཞག་ གོ། །ལོག་པའི་རྩོལ་བ་ཞེས་བྱ་བ་ནི་རྩོལ་བ་ནི་རྩོལ་བའོ། །ལོག་པའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་སྟེ། ལུས་དང་། ངག་དང་། ཡིད་ཀྱི་རབ་ཏུ་སྤྱོད་པ་མི་བདེན་པ་རྣམས་ཀྱིས་བདག་དང་གཞན་ལ་གནོད་པ་བྱེད་པ་དང་། གཡུལ་ལ་སོགས་པ་ཤོམ་པ་དང་། ཕོ་ཉ་ལ་སོགས་པར་འགྲོ་ བ་དང་། སྤྱོད་པ་དང་། དབྲལ་བ་དང་། འཇོག་པ་དང་། འདེགས་པ་དང་། སེལ་བ་དང་། མི་སེལ་བ་དང་། སྦྱོར་བའི་ཚུལ་གྱིས་སྐྱེད་པ་དང་། ཞིང་དང་། རིག་པ་དང་། ཚོང་དང་། རྒྱལ་སྲིད་ལ་སོགས་པ་བདག་དང་ཕ་རོལ་ལ་གནོད་པར་བྱེད་པའི་ལུས་དང་། ངག་དང་། ཡིད་ ཀྱིས་འཇུག་པ་རྣམ་པ་སྣ་ཚོགས་ལ་རྩོམ་པ་དང་བྱ་བ་དང་། བརྩོན་པ་ནི་ལོག་པའི་རྩོལ་བ་ཞེས་བྱའོ། །དེ་དང་མི་མཐུན་པར་འགྱུར་བའི་ཕྱིར་ཡང་དག་པར་རྩོལ་བའོ། །ཡང་དག་པར་རྩོལ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་གཞག་སྟེ། གང་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་གཅིག་ཏུ་དགེ་བ་ བདག་དང་གཞན་ལ་ཕན་འདོགས་པར་ཞུགས་པ་དག་གིས་འཕགས་པའི་ལམ་གྱི་རྗེས་སུ་འབྲང་བ་དེ་ནི་ཡང་དག་པར་རྩོལ་བའི་ཕྱིར་ཡང་དག་པར་རྩོལ་བ་སྟེ་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ལོག་པའི་དྲན་པ་ཞེས་བྱ་བ་ནི་སྨད་པར་བྱ་བ་དྲན་པ་སྟེ། ལོག་པའི་དྲན་པའོ། །དྲན་པ་ནི་དྲན་པའོ། །འདི་ནི་ལོག་པ་ཡང་ཡིན་ལ། དྲན་པ་ཡང་ཡིན་པས་ལོག་པའི་དྲན་པའོ། །དུས་གསུམ་གྱི་ཡུལ་ལ་སྔོན་དགོད་པ་དང་། དགའ་བ་ཉམས་སུ་མྱོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་སོགས་པ་རྗེས་སུ་དྲན་ཞིང་རྗེས་སུ་བརྗོད་པ་དང་། དེ་ལ་ཡང་ལྷག་པར་ཆགས་པ་ 113-28b དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལ་སོགས་པ་ཀུན་ཏུ་ལྡང་བའི་ཕྱིར་བདག་དང་གཞན་གནོད་པར་བྱེད་པའི་ཕྱིར་དང་། མི་འདོད་པའི་རྣམ་པར་སྨིན་པ་དང་འབྲེལ་བའི་ཕྱིར་ལོག་པའི་མཚན་མ་ཡིད་ལ་བྱེད་པ་ནི་ལོག་པའི་དྲན་པའོ། །དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་དྲན་པ་ནི་ ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་བཏང་ནས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་ལ་སོགས་པ་རྗེས་སུ་དྲན་པ་ནི་ཡང་དག་པའི་དྲན་པ་སྟེ། ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །ཏིང་ངེ་འཛིན་ གྱི་བྱ་བ་ལ། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཏེ། ཀུན་ནས་མཉམ་པར་འཇོག་ཅིང་འཛིན་པའི་ཕྱིར་ཏིང་ངེ་འཛིན་ཏོ། །འདི་ནི་ལོག་པ་ཡང་ཡིན་ལ། ཏིང་ངེ་འཛིན་ཡང་ཡིན་པས་ལོག་པའི་ཏིང་ངེ་འཛིན་ཏོ། །ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ་དབང་ཕྱུག་དང་རང་བཞིན་དང་། དུས་དང་། གཙོ་ བོ་དང་། ནང་གི་བདག་ལ་སོགས་པ་མེད་པ་དེ་དག་ལ་དམིགས་པ་སྔོན་དུ་བཏང་བའི་སེམས་འཕྲོ་བ་གང་ཡིན་པའོ། །ཡང་ན་གཟུགས་ལ་སོགས་པ་དང་ཕྱི་རོལ་གྱི་དངོས་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པ་དག་ལ་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་ལྟ་བ་ལ་སོགས་པ་ལ་ལྷག་པར་ཆགས་ནས། དེ་དག་ལ་དམིགས་པ་སྔོན་དུ་བཏང་བའི་སེམས་འཕྲོ་བ་གང་ཡིན་པ་སྟེ། ཆགས་པ་དང་བཅས་པ་སྔོན་དུ་བཏང་བའི་སེམས་གནས་པ་གང་ཡིན་པ་དེ་ནི་ལོག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་དང་འགལ་ བར་སེམས་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་བདག་དང་བདག་གི་སྟོང་པ་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་ལ་སོགས་པ་སྔོན་དུ་བཏང་བའི་སེམས་གནས་པ་སྟེ། སེམས་རྩེ་ གཅིག་པ་ཉིད་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཏིང་ངེ་འཛིན་ཏོ། །སེམས་རྩེ་གཅིག་པ་ཉིད་དང་། དམིགས་པ་གཅིག་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པའི་ཏིང་ངེ་འཛིན་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ། །དེ་ལྟར་གང་ 113-29a གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཡང་སྨྲས་པ། ལྟ་སོགས་ཡན་ལག་བརྒྱད་ཀྱི་སྟེགས། །རྒྱུ་ནི་བཅུ་གཉིས་སྔོན་འགྲོ་བ། །གང་མཐོང་རྣམ་དག་བདག་ཉིད་དེས། །ཆོས་ཀྱི་དེ་ཉིད་མཐོང་བར་འགྱུར། །འབྲས་བུ་ཞེས་བྱ་བ་ནི་དགེ་སྦྱོང་ ཚུལ་གྱི་འབྲས་བུའོ། །དེ་ཐོབ་པ་ནི་མངོན་སུམ་དུ་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ས་བོན་བག་ཆགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་གནས་གྱུར་པ་དང་ལྡན་པ། ཡིད་ཀྱི་ཡུལ་ཡོན་ཏན་གྱི་ནོར་བུ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པས་བརྒྱན་པ། རང་གི་ གཞན་ལ་རག་མ་ལས་པའི་བདག་ཉིད་ཅན་སོ་སོ་རང་གིས་རིག་པ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པར་མཛད་པའི་བདག་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་ལྡན་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ནགས་ཚང་ཚིང་གི་རྩ་བ་རྣམ་པར་བསྲེགས་པའི་ངོ་བོ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་མི་སློབ་པའི་ཡེ་ཤེས་ནི་འབྲས་བུའི་ཆོས་ཞེས་བྱའོ།། །།སཱ་ལུ་ལྗང་པའི་རྒྱ་ཆེར་བཤད་པ། བམ་པོ་གཉིས་པ། མྱ་ངན་ལས་འདས་པའོ་ཞེས་ བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་ངོ་བོ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་པ། རྒ་བ་མེད་པ། འཆི་བ་མེད་པ། གདུང་བ་མེད་པ། བརྟན་པ། ཞི་བ། རྟག་པ། མི་འཕྲོགས་པ། མི་ཟད་པའི་བདག་ཉིད་ཐོག་མ་དང་། བར་དང་། ཐ་ མ་དང་བྲལ་བ། གཉིས་མེད་པའི་ཁམས་གསུམ་དང་བྲལ་བ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཡང་དག་པར་འདས་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོའི་གཟུགས་སྣ་ཚོགས་པ་དང་འདྲ་བར་ཡོན་ཏན་ནོར་བུའི་འོད་ཟེར་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པ། ཞི་བ་ ཆོས་ཀྱི་རང་བཞིན་གྱི་སྐུར་གྱུར་པ་ནི་མྱ་ངན་ལས་འདས་པར་བཞེད་དོ། །དེ་ལྟར་ཐམས་ཅད་ཐུགས་ཆུད་ཕྱིར། །ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ། །དེ་ལྟར་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཆོས་ཀུན་གྱི་ཆོས་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ 113-29b ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཆོས་སྐྱེས་ཞེས་བྱ་བ་ནི་ཆོས་དག་ལས་སྐྱེས་པས་ན་ཆོས་སྐྱེས་ཏེ། ཆོས་ཀྱིས་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་ཅེས་བྱ་འཕགས་མཐོང་བས། །གང་གིས་མཐོང་བ་དེས་མཐོང་ངོ་། །དེ་སྐད་ཅེས་བྱ་བ་ནི་སངས་རྒྱས་ཞེས་དེ་སྐད་ཅེས་བྱ་བའི་ཕྱིར་ བཅོམ་ལྡན་འདས་དེ་ལྟ་བུའོ། །འཕགས་མཐོང་བས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མིག་གིས་ཏེ། འཕགས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའོ། །མཐོང་བ་ཞེས་བྱ་བ་ནི་མིག་གིས་སོ། །གང་གིས་མཐོང་བ་ཞེས་བྱ་བ་ནི་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཆོས་ལ་དེ་ལྟར་མཐོང་བ་དེས་ ཆོས་སྐྱེས་ཏེ། ཆོས་ཀྱིས་བསྐྱེད་པས་སངས་རྒྱས་མཐོང་ངོ་ཞེས་བཤད་པ་ཡིན་ནོ། །དེ་ལ་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུར་གསུངས་ཤེ་ན། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྲོག་ལ་སོགས་བྲལ་བ། །ཞེས་བྱ་བ་ནི་གང་གིས་རྟེན་ཅིང་ འབྲེལ་པར་འབྱུང་བ་འདི་རྟག་ཏུ་སྲོག་ལ་སོགས་པ་དང་བྲལ་བ་སྟེ། སྲོག་དང་བྲལ་བར་རོ་མཐོང་བ་ནི་རིག་པ་དང་། རྗེས་སུ་དཔག་པ་དག་གིས་སྤྱོད་པ་དང་། འཇལ་བ་དང་། རྟོག་པ་དང་། ཉེ་བར་རྟོག་པའོ། །རྟག་ཏུ་སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པའོ། །ཀུན་ཏུ་འཚོ་བ་གཅེར་བུ་པ་དག་འདི་ལྟར་རྟོག་སྟེ། ནང་དང་ཕྱི་རོལ་གྱི་དངོས་པོ་འདི་ཐམས་ཅད་ནི་སྲོག་དང་བཅས་ཤིང་དབང་པོ་དང་ལྡན་ནོ། །དབང་པོ་དང་ལྡན་པ་དེ་བས་ན་ས་གསུམ་པོ་འདི་ཐམས་ཅད་སྲོག་ཆགས་ཕྲ་མོ་རྣམས་ཀྱིས་གང་ངོ་ཞེའོ། །དེ་ཉིད་ཀྱི་ཕྱིར་སྲོག་ཆགས་ཐམས་ཅད་ནི་སྲོག་ཆགས་ཟ་སྟེ། སྲོག་ཆགས་གང་དག་སྲོག་ཆགས་མི་ཟ་བའི་སྲོག་ཆགས་དེ་དག་ནི་ཐར་པ་ཐོབ་བོ་ཞེས་ཟེར་རོ། །དེ་བས་ན་དེ་དགག་པའི་ཕྱིར་སྲོག་མེད་པ་དང་། སྲོག་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པ་སྟེ། སྲོག་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་རྐྱེན་ལས་སྐྱེ་བའི་ཆོས་ ཅན་གྱི་ཕྱིར་ཏེ། རྒྱུ་ནི་ས་བོན་ལ་སོགས་པའོ། །རྐྱེན་ནི་ས་ལ་སོགས་པ་སྟེ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རྩྭ་དང་ཤིང་དང་རྩིག་པ་དང་ཆོས་འདྲ་བ་གཡོ་བ་མེད་པ་བྱ་བ་མེད་པའོ། །དེ་བས་ན་སྲོག་ལ་ 113-30a སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ། །ཕན་ཚུན་རྒྱུ་རྐྱེན་འབྲེལ་པ་ལས་སྐྱེ་ཞིང་གཅིག་ལ་གཅིག་ཀྱང་སེམས་པ་མེད་ལ། བྱ་བ་དང་ལས་ཀྱང་སྣང་སྟེ། རྒྱུ་དང་རྐྱེན་གྱིས་རྒྱུན་འདི་ནི་ཐོག་མ་མེད་པ་ནས་ཞུགས་པ་ཡིན་ནོ། །ཇི་ལྟར་ཀུན་ཏུ་འཚོ་བ་གཅེར་བུ་པ་དག་ ཤིང་རྣམས་ནི་སེམས་དང་བཅས་པ་ཡིན་ཏེ། གཡོ་བའི་ཕྱིར་དང་། ཉལ་བའི་ཕྱིར་དང་། བཅད་ན་སྐྱེ་བའི་ཕྱིར་རོ་ཞེས་ཐ་སྙད་འདོགས་པ་ལྟ་བུ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཉི་མ་དང་ཟླ་བའི་རེག་པའི་དབང་གིས་ཞུམ་པ་དང་། རྒྱས་པར་རྗེས་སུ་དཔག་གི། དེ་དག་ལ་ཉལ་བ་ དང་ལྡང་བ་ལྟ་ག་ལ་ཡོད། རླུང་གིས་བསྐྱོད་པའི་དབང་གིས་ཤིང་གི་ཡལ་ག་ལ་སོགས་པ་འགུལ་བར་རྗེས་སུ་དཔག་པས་དེ་དག་ལ་འགྲོ་བ་དང་འོང་བ་ག་ལ་དམིགས་ཏེ། དོན་མ་གྲུབ་པ་ཉིད་དོ། །བཅད་ན་སྐྱེའོ་ཞེས་བྱ་བ་འདི་ནི་དོན་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་དེ་དག་ ཡང་སེམས་དང་བཅས་པ་ཞིག་ཡིན་ན། ཅིའི་ཕྱིར་གཅོད་པའི་གནས་སྐབས་ན་གང་གིས་ན་སྲོག་གཅོད་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་མི་འགྱུར་ལ། མི་དགའ་བ་ལ་སོགས་པའི་སྤྱོད་པའམ། གསོལ་བ་འདེབས་པ་ལ་སོགས་པའམ། དེ་ནས་གཞན་དུ་འགྲོ་བ་ཅུང་ཟད་མི་བྱེད། བཅད་ན་སྐྱེ་བའི་ཕྱིར་སེམས་དང་བཅས་པར་ཁས་ལེན་ན་གང་དག་བཅད་ན་མི་སྐྱེ་བས་དེ་དག་བཟློག་པའི་ཕྱིར་སེམས་མེད་པ་ཉིད་དུ་འགྱུར་རོ། །སེམས་དང་བཅས་པ་རྣམས་ཀྱི་ཡན་ལག་དང་ཉིང་ལག་ལ་སོགས་པ་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སེམས་མེད་པ་ཉིད་དུ་ཐལ་བར་འགྱུར་དུ་ འོང་བས་དེའི་ཕྱིར་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་ལྟ་བས་ན་སྲོག་མེད་པ་དང་། སྲོག་དང་བྲལ་བ་ཞེས་བྱ་བ་འདི་རྣམ་པར་གནས་སོ། །ཇི་ལྟ་བུ་ཉིད་དང་། མ་ནོར་བ་ཞེས་བྱ་བ་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་བྲལ་བའི་ཕྱིར་མ་ནོར་བའོ། །མ་སྐྱེས་པ་ཞེས་བྱ་བ་ ནི་བསྐྱེད་པར་བྱ་བ་དང་། སྐྱེད་པ་དང་བྲལ་བའི་ཕྱིར་རོ། །མ་བྱུང་བ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་བའི་ཕྱིར་རོ། །མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་དང་བྲལ་བའི་ཕྱིར་ཏེ། ནང་གི་བྱེད་པའི་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་འཇུག་པའི་འདུ་བྱེད་དང་བྲལ་བའི་ཕྱིར་རོ། ། 113-30b ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་ཞི་བའི་རང་བཞིན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །གཅིག་ཏུ་ཞི་བའི་རང་བཞིན་ སྤྲོས་པ་ཐམས་ཅད་དང་བྲལ་བ། རྟོག་པའི་དྲ་བ་ཐམས་ཅད་དྲལ་བ། རྟག་ཏུ་གནས་པ། མི་འཇིགས་པ། སྐྱེ་བ་དང་འཇིག་པ་དང་བྲལ་བའོ། །གང་གིས་ཚུལ་འདི་འདྲ་བར་ཆོས་ལ་ཡང་མཐོང་བ་སྟེ། ཉེར་ཞི་ལ་ཐུག་བཅས་པར་ནི། །ཞེས་སྨོས་ཏེ། ཉེར་ཞི་ལ་ཐུག་ཅེས་བྱ་བ་ ནི་ཉེ་བར་ཞི་བ་ཐ་མར་བསྟན་པའི་ཕྱིར་ཉེ་བར་ཞི་བ་ལ་ཐུག་པའོ། །གང་གིས་ཆོས་ལ་ཡང་ཚུལ་འདི་འདྲ་བར་བརྟག་པ་དང་། སྲོག་མེད་པ་ལ་སོགས་པའི་རང་བཞིན་དུ་མཐོང་བ་ནི། རྟེན་འབྲེལ་ཆོས་དང་སངས་རྒྱས་དག །དྲི་མ་མེད་པའི་བློས་མཐོང་བ་སྟེ། དེས་ནི་བླ་ན་མེད་པའི་ཆོས་ཀྱི་སྐུར་ སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེས་ཞེས་བྱ་བ་ནི་གང་གིས་མཐོང་བའོ། །འཕགས་པའི་ཆོས་མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་གང་དག་སྡིག་པའི་ཆོས་རྣམས་ལ་ཕ་རོལ་དུ་རིང་བ་དེ་དག་ནི་འཕགས་པའོ། །དེ་དག་གི་ཆོས་ནི་འཕགས་པའི་ཆོས་ཏེ། ཡང་དག་ པའི་ལྟ་བ་ལ་སོགས་པའོ། །མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པར་རྩེ་གཅིག་ཏུ་བྱས་པའི་ཕྱིར་དང་། མངོན་སུམ་དུ་བྱས་པའི་ཕྱིར་ཏེ། ཏིང་ངེ་འཛིན་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པའི་ཡེ་ཤེས་དང་ལྡན་པས་ཞེས་བྱ་བ་ནི་ཡང་དག་པའི་ཕྱིན་ཅི་མ་ལོག་པར་ ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །བླ་ན་མེད་པའི་ཞེས་བྱ་བ་ནི་འདིའི་གོང་ན་ཆོས་ཁྱད་པར་ཅན་ཅུང་ཟད་ཙམ་ཡང་མེད་དེ། དེ་བས་ན་དེ་ནི་བླ་ན་མེད་པ་ཞེས་བྱའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་སྐུ་ཉིད་ཆོས་ཀྱི་སྐུ་སྟེ། མཆིག་བུ་བཞིན་ནོ། །སངས་རྒྱས་ཞེས་བྱ་བ་ནི་ ཆོས་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟར་ན་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་བླ་ན་མེད་པའི་བྱང་ཆུབ་བྱེད་པ་མི་སློབ་པའི་ངོ་བོ་ཉིད་མཐོང་ངོ་། །སུས་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཆོས་དེ། དེ་ལྟ་བུ་རང་གི་ཇི་ལྟ་བ་བཞིན་མངོན་པར་རྟོགས་པས་ཆོས་ལས་སྐྱེས་པ། 113-31a ཆོས་ཀྱི་སྤྲུལ་པ། ཆོས་གཟིགས་པ། སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་དབྱེ་བ་རྣམ་པར་གཞག་པར་བྱ་བའི་ཕྱིར། རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི། །ཞེས་བྱ་བ་སྨོས་སོ། །ཅིའི་ ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། རྒྱུ་བཅས་ལ་སོགས་ཚིགས་དང་ལྡན། །རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མདོར་བཀའ་སྩལ་པ། རྐྱེན་ འདི་ཉིད་ཀྱི་འབྲས་བུའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། སངས་རྒྱས་བྱུང་རུང་མ་བྱུང་རུང་། །ཆོས་ཉིད་འདི་ནི་གནས་པ་ཡིན། །གང་གི་ཕྱིར་རྒྱུ་དང་རྐྱེན་དག་གིས་རྒྱུན་མི་འཆད་ཅིང་། རྒྱུ་དང་འབྲས་བུ་རྒྱུན་མ་ཆད་པར་གཅིག་ནས་གཅིག་ཏུ་འཇུག་གི །འདི་ལ་རྒྱུ་མེད་པའམ། མི་མཐུན་ པའི་རྒྱུའམ། འཇུག་པར་བྱེད་པའམ། ལྡོག་པར་བྱེད་པ་འགའ་ཡང་མེད་པ་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པར་འགྱུར་བ་འདི་ནི་ཡེ་འདུག་པའོ་ཞེས་གསུངས་སོ། །གལ་ཏེ་རྐྱེན་ དང་བྲལ་བའི་རྒྱུ་གཅིག་པུ་ཉིད་ཀྱིས་དངོས་པོ་རྣམས་སྐྱེ་ཞིང་གནས་པའོ། །གལ་ཏེ་རྐྱེན་ཀྱང་རྒྱུ་ལ་མི་ལྟོས་པར་འགའ་ཞིག་སྐྱེད་ནུས་པར་གྱུར་ན་ནི་གནས་པ་དང་མི་གནས་པ་ཞེས་བྱ་བའི་དེ་བརྗོད་པའི་རིགས་ན་འདི་དག་སྐྱེ་བ་འབྲས་བུ་འབྱུང་བ་ཡང་རྒྱུ་མེད་པར་མ་ཡིན། རྐྱེན་མེད་པར་མ་ཡིན་པས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཉིད་དང་ཆོས་གནས་པ་ཉིད་འདི་ནི་ཡེ་ནས་འཇུག་པ་སྟེ། འདི་ལྟ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྐྱེན་འདི་ཉིད་ཀྱི་འབྲས་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མདོར་བཀའ་སྩལ་ཏོ། །ཆོས་ཉིད་ནི་འདིར་ རྒྱུ་དང་རྐྱེན་གྱི་ཆོས་ཉིད་གང་ཡིན་པའོ། །ཆོས་གནས་པ་ཞེས་བྱ་བ་ནི་ཆུད་མི་ཟ་བའི་ཆོས་ཉིད་དོ། །ཆོས་ངེས་པར་གྱུར་པ་ཉིད་ཅེས་བྱ་བ་ནི་རྐྱེན་ཉིད་འདི་པའི་གོ་རིམས་ངེས་པ་སྟེ། རྒྱུ་དང་རྐྱེན་རིམ་པ་བཞིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མཐུན་པ་ཞེས་བྱ་བ་ནི་རྒྱུ་མེད་པར་རྐྱེན་རྣམས་མི་འཇུག་ལ། 113-31b རྐྱེན་རྣམས་མེད་པར་ཡང་རྒྱུ་འཇུག་པ་མེད་པ་ཉིད་ཀྱི་ཕན་ཚུན་ཚོགས་ན་འཇུག་པར་འགྱུར་རོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་གཞན་ཉིད་དང་བྲལ་བའི་ཕྱིར་རོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་སླུ་བར་མི་བྱེད་པའི་ཕྱིར་རོ། །བདེན་པ་ཁོ་ན་ཞེས་བྱ་བ་ནི་བདེན་པ་དང་མཐུན་པའི་ཕྱིར་རོ། ། དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དང་ལྡན་པའི་ཕྱིར་རོ། །མ་ནོར་བ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པའི་ཕྱིར་རོ། །འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་རྐྱེན་རྣམ་པ་གཉིས་ ཡིན་པས་རྒྱུ་རྐྱེན་གཉིས་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམས་ཁས་བླང་བར་བྱའོ། །གཉིས་གང་ཞེ་ན། གསུངས་པ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་བཞིར་ཁས་བླང་དགོས་པས། ཕྱི་དང་དེ་བཞིན་ནང་གི་ནི། །རྒྱུ་ དང་རྐྱེན་ནི་རྣམ་གཉིས་ཏེ། །ཞེས་བྱ་བ་སྨོས་སོ། །དེ་ལྟར་ནང་དང་ཕྱི་རོལ་གྱི་བྱེ་བྲག་གིས་ཐ་དད་པའི་རྒྱུ་དང་རྐྱེན་རྣམས་ཀྱི་མཚན་ཉིད་ཀྱི་དབྱེ་བ་ཇི་ལྟ་བུ་ཞེ་ན། ཕྱི་རོལ་རྒྱུ་ནི་ས་བོན་སོགས། །ཞེས་བྱ་བ་སྨོས་སོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་བཅས་པ་གང་ཞེ་ན། ཞེས་བརྗོད་ ནས་འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་གུ། སྦུ་གུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག །མེ་ཏོག་ལས་འབྲས་བུ་ཞེས་བྱ་བ་གསུངས་སོ། །རྐྱེན་ནི་རྣམ་པ་དྲུག་ཏུ་བསྟན། །ཞེས་བྱ་བ་ནི་སྐབས་ཡིན་པའི་ཕྱིར་ཕྱི་རོལ་གྱི་ རྟེན་ཅིང་འབྲེལ་པར་འབྱུང་བའི་ཞེས་བྱ་བར་སྦྱར་ཏེ། རྣམ་པ་དྲུག་ཅེས་བྱ་བ་ནི་ས་ལ་སོགས་པ་རྣམ་པ་དྲུག་གོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། ས་བོན་མྱུ་གུ་སྡོང་བུ་སོགས། །ཇི་ལྟར་འབྲས་བུ་འཇུག་པར་བརྗོད། །ས་བོན་ཡོད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་གི་ས་བོན་ མེད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་བ་མེད་དོ། །དེ་ལས་ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་ལ་སོགས་པ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །མྱུ་གུ་ལ་སོགས་པ་ཡང་འདི་སྙམ་དུ་བདག་ནི་ས་བོན་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་ 113-32a སེམས་སོ། །མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་ལ་སོགས་པ་ནས་འབྲས་བུ་ ལ་སོགས་པར་འབྱུང་བར་འགྱུར་གྱི། མེད་ན་མི་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟ་བར་བྱའོ། །རྐྱེན་ནི་ས་ལ་སོགས་པ་སྟེ། །དུས་ལ་ཐུག་པ་གོ་རིམས་བཞིན། །དེ་ཉིད་ཀྱི་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པ་ཇི་ལྟར་བལྟ་ཞེ་ན་ ཞེས་བྱ་བ་གསུངས་སོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པ་རྣམ་པ་དུར་བལྟ་བར་བྱ་ཞེ་ན་གསུངས་པ། ཁམས་དྲུག་འདུས་པའི་ཕྱིར་རོ། །དྲུག་པོ་གང་དག་ཅེ་ན། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་རྣམས་གོ་རིམས་བཞིན་ འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་རྐྱེན་ཉིད་དུ་གོ་རིམས་བཞིན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །རྒྱུ་དང་རྐྱེན་འདི་རྣམས་ལས་གང་གི་ལས་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། རྟེན་དང་རླན་དང་སྨིན་པ་དང་། །འབྲུ་འཕེལ་དང་ནི་གོ་འབྱེད་དང་། ། འགྱུར་བ་དག་ནི་དེ་རྣམས་ཀྱིས། །བྱ་བ་ཇི་བཞིན་འཇུག་པའོ། །དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད་དོ་ཞེས་བྱ་བ་ནི་ས་བོན་མྱུ་གུ་བསྐྱེད་པར་མངོན་དུ་ཕྱོགས་པར་རྟེན་པས་སྲ་བ་ཉིད་ཅེས་བྱའོ། །ཆུའི་ཁམས་ནི་རླན་པར་བྱེད་དོ་ཞེས་བྱ་བ་ནི་མཉན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །མེའི་ ཁམས་ནི་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་རྒྱས་པའི་གནས་སྐབས་ཉེ་བར་བསྐྱེད་པ་ན། ཕན་ཚུན་རེག་པས་དྲོ་བ་ཉིད་ནི་ཡོངས་སུ་སྨིན་པ་ཞེས་བྱའོ། །རླུང་གི་ཁམས་ནི་འབུ་བར་བྱེད་དོ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའི་ཕྱིར་ཏེ། རང་གི་གནས་སྐབས་ནས་བྱུང་སྟེ། ཕྱི་རོལ་དུ་ཁྱེར་བའི་ཕྱིར། རླུང་ གི་ཁམས་ནི་ས་བོན་འབུ་བར་བྱེད་འཕེལ་བར་བྱེད་ཅེས་བྱའོ། །ནམ་མཁའི་ཁམས་ནི་ས་བོན་དང་། མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་བྱ་བ་ནི། ནམ་མཁའི་ཁམས་ནི་གེགས་མི་བྱེད་པ་ཉིད་ཀྱིས་མཐུན་པར་འཇུག་པའི་ཕྱིར་ས་བོན་དང་མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་ 113-32b བྱའོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ་ཞེས་བྱ་བ་ནི་དུས་ཀྱང་རྣམ་པ་ཐམས་ཅད་ཡོངས་སུ་བསྒྲུབས་པས་དུས་ཇི་ལྟ་བ་བཞིན་དུ་འགྱུར་བར་བྱེད་པ་ན་ས་བོན་འགྱུར་བའི་བྱ་བ་བྱེད་དོ་ཞེས་བྱའོ། །ཐམས་ཅད་ཀྱང་མ་ཚང་བ་མེད་ན་འབྱུང་གི །མ་ཚང་ན་འབྱུང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་ པ། རྐྱེན་རྣམས་ཚོགས་པ་མེད་ན་ནི། །ས་བོན་ཡོད་ཀྱང་མྱུག་སོགས་མེད། །ས་བོན་མེད་པ་ཉིད་ཡིན་ན། །རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་འདུས་ལ་ས་བོན་འགགས་པ་ན་དེ་ལས་མངོན་པར་འགྲུབ་པར་འགྱུར་རོ། །རྒྱུ་དང་དེ་བཞིན་རྐྱེན་ རྣམས་ནི། །ངར་འཛིན་ལ་སོགས་བྲལ་བ་སྟེ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །ལས་ཀྱི་འབྲས་བུ་ཆུད་ཟ་མེད། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་སྡུག་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ རྣམས་ཀྱང་འདི་སྙམ་དུ་མི་སེམས་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པའི་ཕྱིར་རོ། །ལས་ཀྱི་འབྲས་བུར་གདགས་པ་ཆུད་ཟ་བ་ཡང་མེད་དེ། ཐམས་ཅད་དུ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པ་ལས་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །མྱུ་གུ་དེ་ཡང་ཞེས་བྱ་བ་ནི་ས་བོན་གྱི་རྒྱུ་ཅན་གྱི་ མྱུ་གུ་ལ་སོགས་པ་དེ་སྐྱེས་པ་ན། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ལས་མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །ཞེས་སྨོས་སོ། །བདག་ལས་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་དང་རྐྱེན་དག་མེད་པར་བདག་ ཉིད་ལས་སྐྱེ་བའོ། །ངོ་བོ་ཉིད་དུ་སྨྲ་བ་རྣམས་འདི་ལྟར་རྟོག་ཅེས་གྲག་སྟེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད། །འདི་ནི་དུས་རྟག་གནས་པ་སྟེ། །འདི་ལ་འགའ་ཡང་སྐྱེ་བ་མེད། །འགའ་ཡང་འགག་པར་མི་འགྱུར་རོ། །རྨ་བྱའི་འདབ་མ་བཀྲ་བ་དང་། །པདྨ་ལ་སོགས་རབ་དམར་དང་། །ཚེར་མ་ རྣོ་ལ་སོགས་པ་གང་། །སུ་ཞིག་གིས་ནི་སྔོན་བྱས་སྨྲོས། །དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། དངོས་པོ་རྣམས་རང་ལས་སྐྱེ་བར་རུང་བ་མ་ཡིན་ཏེ། སྔ་ཉིད་ནས་གནས་པའི་ཕྱིར་རོ། །སྐྱེ་བ་དང་ལྡན་པར་ཁས་ལེན་ན་ནི་རྒྱུ་དང་རྐྱེན་ཉིད་ཁས་བླངས་པར་འགྱུར་རོ། །དེ་བས་ན་ 113-33a དངོས་པོ་རྣམས་རང་གི་ངོ་བོ་ལས་སྐྱེ་བར་རུང་བ་མ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །གང་གི་ལྟར་ན་དངོས་པོ་རྣམས་རྟག་ཏུ་གནས་པ་དེའི་ལྟར་ན་སྐྱེ་བ་དང་། བྱ་བ་དང་། ལས་དང་། གནས་པ་དང་། འཇིག་པ་ཡང་མི་རུང་བ་ཞིག་ན། སྐྱེ་ བ་དང་། བྱ་བ་དང་། ལས་དང་། གནས་པ་དང་། འཇིག་པ་ཡང་མངོན་སུམ་དུ་སྣང་ངོ་། །དེ་བས་ན་ཉེས་པ་འདིར་ཐལ་བར་འགྱུར་དུ་འོང་བས་བདག་ལས་མིན་ཞེས་སྨོས་ཏེ། དངོས་པོ་རྣམས་རང་ལས་སྐྱེ་ན་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ནམ་མཁའ་ལྟ་བུར་ཅུང་ཟད་ཀྱང་གང་ དུ་ཡང་ནམ་ཡང་སྐྱེ་བའམ་འགག་པར་མི་འགྱུར་རོ་ཞེ་ན། སྨྲས་པ། མངོན་སུམ་དང་འགལ་བའི་ཕྱིར་ཏེ། འདི་ལྟར་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར་ནི་སྣང་ངོ་། །དེ་ལྟར་ན་རེ་ཞིག་དངོས་པོ་རྣམས་རང་གི་ངོ་བོ་ལས་མི་སྐྱེའོ། །གཞན་ལས་ཞེས་བྱ་བ་ནི་བདག་ལས་སོ། །གཞན་སྐྱེད་ པར་བྱེད་པ་དང་། འཇིག་པར་བྱེད་པའི་བདག་ཡོད་དོ་ཞེས་གྲག་སྟེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ནི་བདག་གི་ཡོན་ཏན་ཡིན་ལ། བདག་ནི་ནང་གི་བྱེད་པའི་སྐྱེས་བུར་ཡོད་དེ། དེ་ཡོད་ན་འགྲོ་བ་དང་། འོང་བ་དང་། གཡོ་བ་དང་། རྟོག་པ་དང་། སེལ་བ་དང་། རློམ་སེམས་དང་། བྱ་བ་ དང་། ལས་དང་། དེ་ཉིད་དང་གཞན་ཉིད་དུ་ཡང་འཇུག་གོ། །མིག་ལ་སོགས་པ་ནི་བདག་གི་ཡོན་ཏན་ཡིན་ཏེ། གཞན་གྱི་དོན་ཡིན་པའི་ཕྱིར། མལ་ཆ་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བའི་སྒྲས་ནི་བདག་གི་ཡིན་པར་བརྗོད་དོ། །མིག་ལ་སོགས་པ་ནི་དེའི་ ཡོན་ཏན་ཡིན་པས་དེའི་དོན་ནི་གཞན་གྱི་དོན་ཏེ། དཔེར་ན་མལ་ཆ་ལ་སོགས་པ་གཞན་དུ་ཉེ་བར་སྦྱོར་བ་ལ་གཞན་གྱི་དོན་ཞེས་བྱ་བ་ལྟ་བུའོ། །གཞན་གྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མལ་ཆའི་དཔེ་དང་མི་སྦྱོར་ཏེ། འདུས་པ་ཡིན་པའི་ཕྱིར་རོ། །བདག་ནི་འདུས་པ་མ་ཡིན་པའི་རང་གི་ངོ་བོ་ཡིན་ན། ཇི་ལྟར་ན་བདག་འདུས་པ་མ་ཡིན་ཞིང་བདག་ལུས་མེད་པ་ལ་མལ་ཆ་ལ་སོགས་པའི་ཡན་ལག་འདུས་པའི་རང་གི་ངོ་བོས་ཕན་འདོགས་པར་རུང་། དེ་བས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དེ། འདུས་པ་མ་ཡིན་པ་གཞན་གྱི་དོན་སྒྲུབ་པར་བྱེད་པས་མལ་ཆའི་དབྱེ་བས་མལ་ཆའི་དཔེ་འདུས་ 113-33b པ་གཞན་གྱི་དོན་ཁོ་ན་བསྒྲུབས་པ་ཡིན་ནོ། །བདག་འདུས་པ་ཡིན་པས་རྒྱུ་དང་རྐྱེན་ལས་སྐྱེ་བ་ཐོབ་པ་ལ་ང་དང་ངའི་ཞེས་རློམ་པའི་རྣམ་པ་འཇུག་པའི་ཕྱིར་སེམས་ཁོ་ན་ལ་བདག་ཅེས་བྱའི། འདི་ལ་ནང་གི་བྱེད་པའི་སྐྱེས་བུ་རུས་སྦལ་གྱི་སྤུའི་རང་བཞིན་དང་འདྲ་བ་རིགས་པ་དང་རྗེས་སུ་དཔག་པ་དང་བྲལ་བ་ནི་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་དངོས་པོ་ནི་གཞན་ལས་སྐྱེ་བ་རུང་བ་མ་ཡིན་པ་གསུངས་སོ། །གལ་ཏེ་དེ་ལྟར་དངོས་པོ་རྣམས་བདག་ལས་ཀྱང་སྐྱེ་བར་མི་འགྱུར། གཞན་ལས་ཀྱང་མ་ཡིན། འོ་ན་དངོས་པོ་རྣམ་པ་གཉིས་ལས་སྐྱེ་བར་འགྱུར་རོ་སྙམ་ན་དེའི་ཕྱིར་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། གཉིས་དང་བྱེད་པོ་དུས་ལས་མིན། །ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་ལས་མ་ཡིན་ནོ། །གཞན་དག་ནི་བདག་དང་གཞན་འབྲེལ་པ་ལས། དངོས་པོ་རྣམས་སྐྱེ་བར་རྟོགས་ཏེ། དེའི་ཕྱིར་གཉིས་ཉིད་དུ་བརྗོད་པ་དེ་ལྟ་ནའང་། བདག་ལས་མ་དམིགས་པའི་ཕྱིར་དང་། གཞན་ལས་མིན་པའི་ཕྱིར་གཉིས་ལས་མིན་ཞེས་སྨོས་ཏེ། རྒྱུ་དང་རྐྱེན་མ་གཏོགས་པ་བདག་དང་གཞན་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གལ་ཏེ་གཉིས་ཕྲད་ཀྱང་སྐྱེ་བ་དང་འཇིག་པར་མི་འདོད་ན་འོ་ན་བྱེད་པོ་གཞན་དབང་གིས་སྐྱེ་བ་དང་ འཇིག་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་ཏེ་མུ་སྟེགས་བྱེད་གཞན་དག་བྱེད་པ་པོ་ཞེས་བྱ་བ་ཐོག་མའི་བྱེད་པ་པོ་རྟག་པ་རྒྱུན་མི་ཆད་པ་ཁྱབ་པའི་བདག་འགའ་ཞིག་ཡོད་དེ། དེས་ཕྱི་དང་ནང་འདི་ཐམས་ཅད་སྐྱེད་ཅིང་འཇིག་པར་བྱེད་དོ་ཞེས་རྟོགས་སོ། །དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པ་ཉིད་ནི་བྱེད་པ་པོ་ལ་རག་ལས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུ་དང་རྐྱེན་འབྲེལ་པ་ལས་དངོས་པོ་རྣམས་འཇུག་པར་སྣང་ངོ་། །བྱེད་པ་པོ་ནི་ནམ་མཁའ་བཞིན་འགྱུར་བ་མེད་པའི་ཕྱིར་དེ་ལ་རག་མ་ལས་ཏེ། སྐྱེ་བ་དང་། གནས་པ་དང་། འཇིག་པ་ཉིད་དུ་རུང་བ་མ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། བྱེད་པ་པོ་འགྱུར་བ་མེད་པ། བྱེད་པ་མེད་པ་ནམ་མཁའི་བདག་ཉིད་ལ་ནི་བྱ་བ་དང་། ལས་ཅུང་ཟད་ཀྱང་མེད་དོ། །དངོས་པོ་སྐྱེ་བ་དང་ལྡན་པ་རྣམས་ལ་རྒྱུ་དང་རྐྱེན་ལ་རག་ལས་ཏེ། འཇུག་པ་ཉིད་ཀྱི་རིམ་པར་འབྱུང་བར་སྣང་ངོ་། ། 113-34a གང་གི་ལྟར་ན་བྱེད་པ་པོ་ལ་རག་ལས་ཏེ་འཇུག་པ་དེའི་ལྟར་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་ཉིད་རྟག་ཏུ་ཉེ་བར་འགྱུར་རོ། །བྱེད་པ་པོ་རྟག་པའི་ཕྱིར་ཅིག་ཅར་དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པར་འགྱུར་བའམ། ཡང་ ན་འགའ་ཡང་སྐྱེ་བ་དང་། གནས་པ་དང་། འཇིག་པར་མི་འགྱུར་རོ། །རྟག་པའི་ཕྱིར་གང་ལའང་ཅུང་ཟད་ཀྱང་སྐྱེ་བའམ། འཇིག་པར་མི་བྱེད་དོ། །དངོས་པོ་རྒྱུ་དང་རྐྱེན་ལ་རག་ལས་ཏེ་འཇུག་པ་རྣམས་ཁོ་ན་ལ་བྱེད་པ་པོ་དང་། བྱ་བ་དང་། རྒྱུ་དང་འབྲས་བུ་སྐྱེ་བ་འདྲ་བའི་རིམ་པ་འབྱུང་བ་ དམིགས་ཀྱི། སྐྱེ་བ་མེད་པ་ནམ་མཁའི་ཨུཏྤལ་ལ་སོགས་པ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་རུང་བ་མ་ཡིན་ནོ། །རྒྱུ་འགྱུར་བ་མེད་པ་ལས་ཕན་ཚུན་རག་ལས་ཏེ། འཇུག་པར་བྱ་བ་དང་ལྡན་པ་རྣམས་ཀྱི་སྐྱེ་བ་ངེས་པ་ནི་རུང་བ་མ་ཡིན་ཏེ། རྟག་པའི་དངོས་པོ་ལས་སྐྱེས་པ། །མི་རྟག་རུང་ བ་མ་ཡིན་ཉིད། །རྒྱུ་ལས་འགྱུར་བ་མེད་པའི་ཕྱིར། །ཡང་ན་འདྲ་བ་ཁོ་ནར་བྱེད། །རྒྱུ་དང་འབྲས་བུ་ཐ་དད་ན། །མི་འགྱུར་བར་ནི་ཇི་ལྟར་འགྱུར། །རྒྱུ་ལ་འགྱུར་བ་ཡང་ཡོད་པའི་ཕྱིར་དེ་མི་འདྲ་བའི་ཕྱོགས་ཉམས་སོ། །བྱ་བ་དང་མི་ལྡན་པ་མོ་གཤམ་གྱི་བུའི་བདག་ཉིད་རྣམས་ལ་ནི་འགའ་ཡང་ བྱ་བ་དང་ལས་ངེས་པར་རུང་བ་མ་ཡིན་པས་བཅོམ་ལྡན་འདས་ཆོས་རྣམས་ལ་མི་བསླུ་བས་དངོས་པོ་རྣམས་ལ་སྐྱེ་བའི་བྱ་བ་བྱེད་པ་པོ་ལ་རག་ལས་པ་མ་ཡིན་གྱི། འོན་ཀྱང་རྒྱུ་དང་རྐྱེན་འདུས་པ་ཡོད་ན་དངོས་པོ་རྣམས་སྐྱེ་བ་དང་། འཇིག་པ་དག་རུང་ངོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་འདི་ལ་དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། གཞན་དུ་འགྱུར་བ་ལ་སོགས་པ་ཁས་བླང་བར་བྱ་སྟེ། དངོས་རྣམས་སྐྱེ་དང་གནས་པ་ཡི། །རྒྱུ་ནི་དབང་ཕྱུག་ཡིན་རིག་བྱ། །གཞན་དག་དེ་ལྟར་ལོག་རྟོགས་ཤིང་། །ཇི་ལྟར་མ་ཡིན་དེ་ལྟར་བརྗོད། །གཞན་དག་ནི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་སྐྱེ་ བ་དང་། གནས་པ་དང་། འཇིག་པ་དག་ནི་དབང་ཕྱུག་གིས་བྱས་ཤིང་འཇིག་པར་རྟོགས་ཏེ། དབང་ཕྱུག་དེའི་སེམས་ཀྱི་དབང་གིས་ལུས་དང་། ས་གསུམ་དང་། བྱེད་པ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་གྲག་གོ། །གཞན་དག་ནི་དེ་ཉིད་ཀྱི་སེམས་བསྐྱེད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང་། ཡི་ 113-34b དྭགས་དང་། དུད་འགྲོ་དང་། ལྷ་དང་མི་ལ་སོགས་པ་དང་། རིམས་དང་། དུག་དང་། ནད་དང་། བུད་མེད་དང་། སྐྱེས་པ་དང་། མ་ནིང་དང་། གཟུགས་བཟང་བ་དང་། གཟུགས་མི་སྡུག་པ་དང་། ཆོམ་རྐུན་པ་དང་། གཡོན་ཅན་དང་། རྐུན་མ་དང་། བྱི་པོ་བྱེད་པ་དང་། སྲོག་ གཅོད་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་བ་དང་། རྒྱལ་པོ་ལ་འཇུག་པ་དང་། མཐའ་འཁོབ་དང་། རི་ཁྲོད་པ་དང་། གཡུང་པོ་དང་། སྙིང་རྗེ་མེད་པ་དང་། གཏུམ་པོ་དང་། ཚིག་རྩུབ་པོ་སྨྲ་བ་དང་། བྲམ་ཟེ་གསོད་པ་དང་། ཕ་མ་གསོད་པ་དང་། བ་ལང་གསོད་པ་དང་། གཤེད་མ་ལ་ སོགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ལ་སོགས་པ་དང་། གཞན་གསོད་པར་བྱེད་པ་ཐམས་ཅད་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་། མཐོ་རིས་དང་། བྱང་གྲོལ་དེ་ཐམས་ཅད་སེམས་བསྐྱེད་པ་ཙམ་གྱིས་ཕྱུང་ངོ་ཞེས་ཟེར་རོ། །དབང་ཕྱུག་བྱེད་པ་པོར་སྨྲ་བ་ ཤེས་རབ་ཤིན་ཏུ་གཞོན་པ་ཉིད་དང་། སོང་བའི་རྗེས་སུ་འགྲོ་བ་ཉིད་ཀྱིས་རིགས་པའི་ཁྱད་པར་དང་བྲལ་བ་དེ་ལ་གུས་ཤིང་གཞོལ་བས་སྔ་ཕྱི་འགལ་བ་བྱིས་པ་གཞོན་ནུ་གདོལ་པ་བཞིན་དུ་དོན་ཇི་ལྟ་བ་ཉིད་མ་ཡིན་པ། མངོན་སུམ་ལ་སོགས་པ་དང་འགལ་བ། སྦྱིན་པ་དང་། དུལ་བ་དང་། ཡང་དག་ པར་སྡོམ་པ་དང་། འདོད་པ་དང་མི་འདོད་པའི་འབྲས་བུ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་དང་། བགྲོད་པར་བྱ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་དང་། བཟའ་བ་དང་། མི་བཟའ་བ་དང་། མཐོ་རིས་དང་། བྱང་གྲོལ་ལ་སོགས་པའི་འབྲས་བུ་དང་འགལ་བ། རིགས་ པ་དང་། ལུང་ལ་སོགས་པ་དང་འགལ་བ། ཚིག་ཙམ་ཕྱོགས་སུ་བྱས་ནས་རང་གི་མི་ཤེས་པའི་ལིང་ཏོག་གིས་མིག་བསྒྲིབས་པས་ནུས་པ་མེད་པའི་ཕྱིར་ཕྱུགས་སུ་གྱུར་པ་རྣམས་ནི་ཕྱུགས་པས་ཀྱང་ཆེས་ཕྱུགས་ཏེ། མི་མངོན་པ་མོ་གཤམ་གྱི་བུའི་རང་བཞིན་ཕྱུགས་བདག་ལ་བརྟེན་ཏེ། འགྲོ་བ་སྐྱེ་ཞིང་ གནས་པ་དང་། །འཇིག་པའི་རྒྱུ་ནི་དབང་ཕྱུག་ན། །དེ་ཡི་སྐྱེ་ཞིང་གནས་པ་དང་། །འཇིག་པའི་རྒྱུ་ཡང་བརྗོད་དགོས་སོ། །སྐྱེ་བ་དང་། གནས་པ་རྒྱུ་དང་བཅས་པ་ཉིད་དུ་ཁས་ལེན་ན་ནི་རྟག་པར་སྨྲ་བ་ཉམས་པར་འགྱུར་བས་སྨྲ་བ་བཏང་སྟེ། ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་པ་ཉིད་ཁོ་ནར་གྲུབ་ 113-35a པར་འགྱུར་རོ། །འདོད་པ་ཙམ་གྱིས་སྐྱེས་ན་ནི། འགྲོ་བ་ཐམས་ཅད་ཅིག་ཅར་སྐྱེ་བ་དང་། གནས་པ་དང་། འཇིག་པར་འགྱུར་རོ། །དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། ཐམས་ཅད་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་བ་དང་། ངན་པ་དང་། ཞེ་འགྲས་པ་དང་། མི་གཙང་བ་དང་། བྱས་པ་མི་གཟོ་བ་ལ་སོགས་པ་འབྱིན་པ་ནི་དགོས་པ་ཁྱད་པར་མེད་པའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། དེའི་འབྱིན་པའི་ངལ་བ་འབྲས་བུ་མེད་དོ། །དགོས་པ་མེད་པ་ལ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་པ་མེད་དེ། དགོས་པས་མ་ཁྱབ་པའི་ཕྱིར་རོ། །དེ་དག་དགོས་པ་དང་ལྡན་པ་ལ་ལོག་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱི་འཇུག་པ་དེ་ཡང་ལྡོག་པས་མ་གྲུབ་པའི་དོན་ཉིད་ཡིན་ནོ། །རྒྱུ་དང་རྐྱེན་ནི་ཚང་བ་ན། །རིམ་གྱིས་སྐྱེ་དང་འཇིག་པ་དག །མངོན་སུམ་དུ་ནི་སྣང་བ་སྟེ། །མ་ཚང་ན་ཡང་སྐྱེ་བ་མེད། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྐྱེ་ཞིང་གནས་པ་དང་། འཇིག་པ་ནི་རིམ་པ་ཁོ་ནས་དམིགས་ཏེ། དེའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་ནོ། །དངོས་པོ་འགའ་ཡང་སྐྱེ་བ་དང་། གནས་པ་དང་། འཇིག་པར་མི་རུང་སྟེ། མངོན་སུམ་དང་འགལ་བ་དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ནོ། །མངོན་སུམ་ ལས་བརླིང་བའི་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་ཐམས་ཅད་ལ་གྲགས་སོ། །གཅིག་པུ་དོན་བྱེད་ཡོད་མིན་ཞིང་། །བརྩེ་དང་རབ་གདུང་མེད་པ་ལ། །ཡོན་ཏན་ཟབ་མོ་ཉིད་དང་ནི། །ལྟ་སྤྱོད་སེམས་པ་སོགས་མི་རིགས། །གཅིག་པུ་བྱ་བ་དང་ལྡན་པ་དང་མི་ལྡན་པ་ལ་ཡོན་ཏན་ཟབ་མོ་ཉིད་ དམ་གཟུགས་ལ་སོགས་པ་དམིགས་པའི་སེམས་པ་ཉིད་མི་རུང་བས་དེ་ནི་མི་མཐུན་ནོ། །རྒྱུ་ནི་ཀུན་ན་ཡོད་མིན་ན། །ཇི་ལྟ་བུར་ན་རྐྱེན་ཉིད་ཡིན། །རྒྱུ་མིན་ཉིད་ནི་བྱེད་མེད་ཕྱིར། །ཇི་ལྟར་དབང་ཕྱུག་ཆེ་དབང་བྱེད། །དངོས་རྣམས་བྱེད་པོ་དབང་ཕྱུག་ཆེ། །དེ་ཡང་བྱེད་པོར་མི་འདོད་ན། །ཕ་མེད་པར་ ནི་བུ་འབྱུང་བ། །དེ་ནི་འདོད་དང་མཐོང་བ་མེད། །རིགས་པ་སྨྲ་རྣམས་རྒྱུ་དང་ནི། །རྒྱུ་མཐུན་འདྲ་བ་ཉིད་དུ་འདོད། །རྟག་ལས་འབྲས་བུ་རྟག་རིགས་ཏེ། །མི་རྟག་ལས་ཀྱང་མི་རྟག་ཉིད། །སཱ་ལུའི་ས་བོན་ལས་འབྲས་བུ། །ལས་ཀྱི་མྱུ་གུ་སྐྱེ་བ་མཐོང་། །དེ་བཞིན་དབང་ཕྱུག་ཆེ་རྟག་ནི། །དངོས་པོ་ 113-35b རྣམས་ནི་རྟག་ཏུ་འབྱུང་། །ཇི་ལྟར་མེ་ཡིས་ཐམས་ཅད་སྲེག །དེ་བཞིན་གལ་ཏེ་དབང་ཕྱུག་འདོད། །མེ་ཡི་རྒྱུ་ནི་མེ་གཞན་ལ། །དབང་ཕྱུག་ལ་ནི་རྒྱུ་ཡོད་མིན། །རིམ་གྱིས་འཇུག་པས་མེ་རྒྱུན་ལས། །ཐམས་ཅད་སྲེག་པ་ཡང་འདོད་ན། །དབང་ཕྱུག་ལ་ནི་འགྱུར་མེད་པས། །མེ་དང་འདྲ་ བར་རུང་མ་ཡིན། །དེ་ལྟར་ན་དབང་ཕྱུག་བྱེད་པ་པོ་ཉིད་དུ་ཁས་ལེན་པ་ལ་ཉེས་པ་མང་དུ་ཡོད་པས། བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སྐྱེ་བ་དབང་ཕྱུག་གིས་བྱས་པར་མི་རུང་ངོ་ཞེས་གསུངས་སོ། །གཞན་དག་ནི་ཐམས་ཅད་དུས་ཀྱིས་བསྒྱུར་བར་འདོད་དོ། །དེ་དག་ནི་འདི་སྐད་སྨྲས་ཏེ། དངོས་རྣམས་སྐྱེ་ཞིང་གནས་པ་ནི། །དུས་ཀྱིས་སྒྱུར་བར་བྱེད་པ་སྟེ། །དངོས་རྣམས་སྐྱེ་དང་གནས་པ་ཡང་། །དུས་ཀྱིས་སྒྱུར་བར་བྱེད་པ་ཉིད། །དེ་ལ་འདི་སྐད་བརྗོད་དེ། འདི་ལ་དུས་ཞེས་བྱ་བ་ཅི་ཡིན། རྟག་པའམ། མི་རྟག་པའམ། ཕོའམ། མོའམ། མ་ནིང་གི་རང་བཞིན་ནམ། ལྷའམ། ཤ་ཟའམ། ལུས་ཅན་ནམ། ལུས་ཅན་མ་ཡིན་པའམ། བྱ་བ་དང་བཅས་པའམ། བྱ་བ་མེད་པ་དང་ལྡན་པ་ཞིག །གལ་ཏེ་དེ་རྟག་བྱ་བ་ལས། །དེ་ལ་རག་ལས་རུང་མ་ཡིན། །ཅིག་ཅར་སྐྱེ་བར་འགྱུར་དེ་ཡང་། །འགལ་བའི་ཕྱིར་ནི་མི་འདོད་དོ། །མི་རྟག་ཉིད་ན་དུས་མིན་གྱི། །རྒྱུ་དང་རྐྱེན་ནི་འབྲེལ་ཕྱིར་རོ། ། གལ་ཏེ་སྐྱེས་པ་བུད་མེད་དང་། །མ་ནིང་སོགས་ཡིན་ཅི་སྨྲ་འགལ། །ལུས་ཅན་ལུས་མེད་བྱ་བ་སོགས། །ཡིན་ན་ཕན་ཚུན་འགལ་བ་ཉིད། །རྟག་པ་ཉིད་ན་མི་འགྱུར་ཕྱིར། །བྱ་དང་ལས་ནི་འགལ་བར་འགྱུར། །དེ་ལྟར་ན་དུས་སུ་སྨྲ་བ་རྣམས་དུས་ཀྱི་དབང་གིས་དངོས་པོ་རྣམས་སྐྱེ་བ་དང་། གནས་ པ་དང་། འཇིག་པར་ཁས་ལེན་པ་ཡང་རུང་བ་མ་ཡིན་པས་དེ་ཡང་བཟང་པོ་མ་ཡིན་པ་ཉིད་དོ། །ཉི་མ་དང་། ཟླ་བ་དང་། སྐར་མ་དང་། དུས་ཚིགས་དང་། ལོ་ལ་སོགས་པ་དང་། ཕྱི་ནང་གི་དངོས་པོ་རྣམས་སོང་བ་དང་། འགྲོ་བར་འགྱུར་བའི་ངོ་བོའི་ཕྱིར་དུས་ཞེས་བྱ་བས་དེའི་ཕྱིར་དངོས་པོ་ རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པ་ནི། དུས་ཀྱིས་བསྒྱུར་བར་མི་རུང་ངོ་། །གཞན་ཡང་རང་བཞིན་དུ་སྨྲ་བ་དག་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རང་བཞིན་ལས་འབྱུང་བར་འདོད་དེ། དངོས་པོ་རྣམས་ཀྱི་རང་བཞིན་ཁོ་ནར་ཟད་ཀྱི། དངོས་པོ་འགའི་སྐྱེད་པར་བྱེད་པའམ། འཇིག་ 113-36a པར་བྱེད་པའི་རྒྱུ་ནི་འགའ་ཡང་མེད་དེ། སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། ཡང་བ་ཉིད་དང་། འཇམ་པ་དང་། རྣོ་བའི་རང་བཞིན་ཉིད་དང་། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཁ་བ་དང་། སེམས་ཅན་མ་ཡིན་པའི་དབྱེ་བ་ཉིད་དེ། ལྷ་མི་ དུད་འགྲོ་ལ་སོགས་དང་། །རྒྱལ་པོ་བྲམ་ཟེ་རིགས་ངན་སོགས། །ལེགས་པར་བྱས་དང་ཉེས་བྱས་དང་། །བདེ་སྡུག་རྟག་ཏུ་གནས་པ་ཉིད། །དེ་ལྟར་རང་བཞིན་ཡིད་གཉིས་ཀྱིས། སེམས་འཁྲུལ་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རང་བཞིན་ལ་ནི་འགྱུར་མཐོང་བས། །མངོན་སུམ་ ལ་སོགས་འགལ་ཕྱིར་རོ། །གང་ལ་འགྱུར་བ་ཡོད་པ་དེ། །འགྱུར་བ་མེད་པ་ཇི་ལྟར་འགྱུར། །གསལ་བ་དུ་མ་ཐ་དད་ལ། །སྐྱེ་བ་དང་ནི་འཇིག་པ་སྣང་། །སྐྱེ་དང་འཇིག་དང་འབྲེལ་ན་ནི། །མི་འགྱུར་བར་ནི་ཇི་ལྟར་འགྱུར། །རང་བཞིན་འགྱུར་བ་མེད་པའི་ཕྱིར། །སྐྱེས་བུ་ལ་སོགས་དོན་མེད་ ན། །རིགས་དང་རྒྱལ་པོ་ཞིང་སོགས་ལ། །དེ་དག་གི་ཡང་འབྲས་བུ་སྣང་། །རང་བཞིན་འགྱུར་ན་ནི། རྟག་པར་སྨྲས་པ་ཉམས་པར་འགྱུར། །དེ་ལྟ་བས་ན་རྒྱུ་རྐྱེན་དུ། །སྨྲ་བ་རྣམས་ཀྱི་ལམ་འདི་རིགས། །དེ་ལྟར་ན་རང་བཞིན་དུ་སྨྲ་བ་ཡང་ཕན་ཚུན་འགལ་བ་ཉིད་པས་དངོས་པོ་རྣམས་ཀྱི་སྐྱེ་ བ་དང་། གནས་པ་དང་། འཇིག་པ་ནི་རང་བཞིན་ལས་འབྱུང་བར་མི་རུང་ངོ་ཞེས་གསུངས་སོ། །འོ་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། གཞན་རྒྱུ་མེད་པ་ཅན་དུ་སྨྲ་བ་རྣམས་རྒྱུ་མེད་པ་ཁོ་ནར་དངོས་པོ་རྣམས་སྐྱེ་བ་དང་འགག་པར་རྟོག་གོ། །རྒྱུ་ མེད་པར་སྨྲ་བར་ཁས་ལེན་ན་རྒྱུ་ངེས་པ་མེད་པའི་ཕྱིར་བྱས་པ་ཆུད་ཟ་བ་དང་། མ་བྱས་པ་དང་ཕྲད་པ་དང་ཐུག་པ་མེད་པར་ཡང་འགྱུར་ལ། ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་ལ་སོགས་པ་དང་། ཕ་དང་། བུ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ དང་། ཁྱི་ཤ་ཅན་ལ་སོགས་པ་དང་། གཙང་བ་དང་མི་གཙང་བ་དང་། བགྲོད་པར་བྱ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་དང་། བཟའ་བ་དང་། མི་བཟའ་བ་དང་། ལྷ་དང་། ཤ་ཟ་ལ་སོགས་པ་དང་། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་དོམ་པ་དང་། བཟླས་བརྗོད་དང་། 113-36b དཀའ་ཐུབ་དང་། སྨྱུང་བ་དང་། ངེས་པ་དང་། མཆོད་སྦྱིན་ཤེས་པ་དང་། མི་ཤེས་པ་ལ་སོགས་པའི་རྒྱུ་ངེས་པ་མེད་པའི་ཕྱིར་ཕན་ཚུན་བྱེ་བྲག་ངེས་པར་རྣམ་པར་གཞག་པར་ཡང་མི་འགྱུར་རོ། །དེ་བས་ན་ཉེས་པ་དེར་ཐལ་བར་འགྱུར་དུ་འོང་བས་རྒྱུ་མེད་པར་སྨྲ་བ་ཡང་འཇིག་རྟེན་ལ་སོགས་པ་ དང་འགལ་བའི་ཕྱིར་མ་གྲུབ་པ་ཉིད་དོ། །གང་གཞན་གཙོ་བོ་དང་། རྡུལ་ཕྲ་རབ་ལ་སོགས་པ་དང་། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བས་སྨྲ་བ་ལ་སོགས་པ་དེ་དག་ཀྱང་འདི་ཉིད་ཀྱིས་དགག་པར་བྱའོ། །དེའི་ཕྱིར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་བྱེད་པོ་དུས་ཀྱིས་ མིན། །དེ་བཞིན་དབང་ཕྱུག་སོགས་བྱས་མིན། །རང་བཞིན་ལས་མིན་རྒྱུ་མེད་མིན། །ཞེས་གསུངས་སོ། །རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང་། །ཐོག་མ་མེད་པའི་དུས་ཅན་སྣང་། །ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ཀྱི་ས་བོན་རྒྱུན་མི་འཆད་པར་ཆུ་བོའི་རྒྱུན་ འབབ་པ་བཞིན་རྗེས་སུ་འཇུག་པས། རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང་། །ཐོག་མ་མེད་པའི་དུས་ཅན་སྣང་། །ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། འོན་ཀྱང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་ནས་ས་བོན་འགགས་པ་ ན་མྱུ་གུ་མངོན་པར་འགྱུར་རོ་ཞེས་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་མེད་པ་ལས་བྱུང་བ་དང་། བདག་དང་། གཞན་དང་། གཉིས་ཀ་དང་། དབང་ཕྱུག་ལ་སོགས་པ་དང་བྲལ་བའི་ས་བོན་དང་ས་ལ་སོགས་པའི་ཚོགས་པ་ཉིད་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་རོ་ཞེས་བྱའོ། །རྒྱུ་ལྔ་དག་ གིས་ཕྱི་རོལ་གྱི། །རྟེན་ཅིང་འབྲེལ་པར་འབྱུང་བ་བཞེད། །ཅེས་བྱ་བ་ལ། རྒྱུ་ལྔ་དག་གིས་ཞེས་བྱ་བ་ནི་རྒྱུ་ལྔ་པོ་དག་གིས་སོ། །ཕྱི་རོལ་གྱི་ཞེས་བྱ་བ་ནི་ས་བོན་ལ་སོགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་རོ། །རྟག་པར་མ་ཡིན་ཆད་པར་མིན། །འཕོ་བར་མ་ ཡིན་རྒྱུ་ཆུང་ལས། །འབྲས་བུ་ཆེན་པོ་འགྲུབ་པ་དང་། །འདྲ་བའི་རྗེས་སུ་འགྲོ་ཕྱིར་ཡང་། །ཞེས་བྱ་བ་སྨོས་ཏེ། རྟག་པར་མ་ཡིན་ཞེས་བྱ་བ་ནི། གང་གི་ཕྱིར་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཉིད་དེ། མྱུ་གུ་གང་ཡིན་པ་དེ་ཉིད་ཀྱང་ས་བོན་མ་ཡིན་ལ། ས་བོན་ཉིད་ཀྱང་མྱུ་གུ་ 113-37a མ་ཡིན་ལ། ས་བོན་མ་འགགས་ན་ཡང་མྱུ་གུ་མི་འབྱུང་ལ། འགགས་ན་ཡང་མ་ཡིན་གྱི། འོན་ཀྱང་ས་བོན་ཡང་འགགས་ལ། མྱུ་གུ་ཡང་སྐྱེ་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཆད་པར་མིན་ཞེས་བྱ་བ་ནི་ས་བོན་སྔར་འགགས་པ་ལས་ཀྱང་མྱུ་གུ་མི་སྐྱེ་ལ། མ་འགགས་པ་ལས་ཀྱང་མ་ཡིན་གྱི། འོན་ཀྱང་ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་མྱུ་གུ་ཡང་འབྱུང་བར་འགྱུར་ཏེ། དེ་བས་ན་ཆད་པར་མ་ཡིན་ནོ། །འཕོ་བར་མ་ཡིན་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་མི་འདྲ་བ་ཁོ་ན་སྟེ། དེའི་འཕོ་བར་མ་ཡིན་ནོ། །རྒྱུ་ཆུང་ངུ་ལས་ཞེས་བྱ་བ་ནི་ས་ བོན་ཆུང་ངུ་བཏབ་པ་ལས་སོ། །འབྲས་བུ་ཆེན་པོ་འགྲུབ་པ་ཞེས་བྱ་བ་ནི་རྒྱུ་ཆུང་ངུ་དེ་ལས་འབྲས་བུ་མང་པོ་མངོན་པར་འགྲུབ་པ་སྟེ། ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ངོ་། །འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང་། །ཞེས་བྱ་བ་ནི་ ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུ་ཁོ་ནའི་འབྲས་བུ་མངོན་པར་འགྲུབ་པས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། འདྲ་བར་འབྲས་བུ་མངོན་པར་འགྲུབ་པའི་ཕྱིར་རོ། །ས་བོན་མྱུ་གུ་ཐ་དད་ཕྱིར། །ས་བོན་རྟག་པ་ཉིད་མ་ཡིན། །ཆད་པར་མི་འགྱུར་གང་གི་ཕྱིར། །ས་བོན་ཡོད་ན་མྱུ་གུ་སྟེ། །ས་ བོན་འདྲ་བ་འགྲུབ་པའི་ཕྱིར། །དེ་དང་མི་འདྲ་ཡང་མི་འདོད། །མྱུ་གུ་འབྲས་བུ་ལ་སོགས་པ། །མྱུ་གུ་འཕོ་ཡང་ཡོད་མ་ཡིན། །ས་བོན་ཆུང་རབ་ཅིག་ཡོད་ན། །ས་བོན་ཉིད་ལས་འབྱུང་འགྱུར་ཏེ། །དེ་བས་རྒྱུ་ནི་ཆུང་ངུ་ལས། །འབྲས་བུ་ཆེན་པོ་སྐྱེ་ཕྱིར་རོ། །ས་བོན་སཱ་ལུ་སོགས་ བཏབ་ལ། །འབྲས་བུ་ཁྲེ་རྒོད་ལ་སོགས་མིན། །དེ་ཉིད་ཀྱི་ཕྱིར། མྱུ་གུ་ས་བོན་ལྟར་མི་འདོད། །རྒྱུ་མེད་མྱུ་གུ་སྐྱེ་བའང་མེད། །འགག་དང་སྐྱེ་བ་མགོ་མཉམ་སྟེ། །སྲང་མདའི་མགོ་མཇུག་མཐོ་དམན་བཞིན། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་ བ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་བསགས་པར་བལྟ་བར་བྱའོ། །དེ་བཞིན་ནང་གིའང་རྒྱུ་དང་ནི། །རྐྱེན་གྱི་རྣམ་པ་གཉིས་སུ་བཞེད། །དེ་བཞིན་ནང་གི་ཞེས་བྱ་བ་ནི། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་རྒྱུ་དང་རྐྱེན་རྣམ་པ་གཉིས་དང་འབྲེལ་པའི་ཕྱིར་ཐ་དད་པ་རྣམ་པ་གཉིས་སུ་ 113-37b རྟོགས་པར་བྱའོ། །རྒྱུ་དང་རྐྱེན་གྱི་རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པས་རྣམ་པ་གཉིས་སུ་ཁོང་དུ་ཆུད་པར་བྱའོ། །བཞེད་ཅེས་བྱ་བ་ནི་མངོན་པར་བཞེད་པ་དང་དགོངས་པ་དང་། མངོན་དུ་བཞེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྨྲས་པ། འདིའི་རྒྱུ་དང་པོ་མ་རིག་པ། །ཐ་མ་འཆི་ཡིན་གོ་རིམས་བཞིན། །དེ་ལ་ཐོག་མར་མ་རིག་པ་བསྟན་པའི་ཕྱིར་དང་པོར་མ་རིག་པའོ། །ཐ་མར་འཆི་བའི་ཡན་ལག་བསྟན་པའི་ཕྱིར་ཐ་མ་འཆི་བའོ། །དེ་དག་གི་བར་གང་ཡིན་པ་དེ་དག་ནི་དབུས་སུ་འདོད་དེ། དེ་ཉིད་ཀྱི་ཕྱིར་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་ བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་བཅུ་གཉིས་ཉོན་མོངས་ལས། །སྐྱེ་བཅས་བདག་ཉིད་ཆ་གསུམ་ནི། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །བྱེད་པ་ལ་སོགས་རྣམ་པར་སྤངས། །ཉོན་མོངས་པ་དང་། ལས་དང་སྐྱེ་བ་གཞན་དབང་གི་བདག་ཉིད་འདི་ ཡང་ཆ་གསུམ་གྱིས་རྣམ་པར་གཞག་སྟེ། ཉོན་མོངས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་དང་ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། སྐྱེ་བའི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་སོ། །དེ་ལ་ཉོན་མོངས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གསུམ་སྟེ། མ་རིག་པ་དང་། སྲེད་པ་དང་། ལེན་པ་རྣམས་སོ། །ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གཉིས་ཏེ། འདུ་བྱེད་དང་སྲིད་པ་དག་གོ། །སྐྱེ་བ་གཞན་གྱི་དབང་གི་མཚན་ཉིད་ནི་ཡན་ལག་ལྷག་མ་བདུན་ཏེ། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་རྣམས་སོ། །ཡང་ཞེས་ 113-38a བྱ་བའི་སྒྲས་ནི་བསྡུ་བར་བྱ་བར་བལྟ་སྟེ། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལ་སོགས་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པས་ཕོངས་པ་ལ་སོགས་པ་བསྡུའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་ འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ནི་ངོ་བོ་ཉིད་གསུམ་དུ་རིག་པར་བྱའོ། །དེ་ཡང་བྱེད་པ་པོ་ལ་སོགས་པ་དང་ངོ་བོ་ཉིད་ཀྱིས་བྲལ་བར་ཤེས་པར་བྱའོ།། །།སཱ་ལུ་ལྗང་པའི་མདོའི་རྒྱ་ཆེར་བཤད་པ། བམ་པོ་གསུམ་པ། གལ་ཏེ་དང་པོ་མ་རིག་མེད། །ཐ་མ་འཆི་བ་འབྱུང་མི་འགྱུར། །ཞེས་བྱ་བ་ ལ། གལ་ཏེ་དང་པོ་མ་རིག་པ་མེད་ཅེས་བྱ་བ་ནི། གལ་ཏེ་མ་རིག་པ་མེད་པར་གྱུར་ན། འདུ་བྱེད་རྣམས་མི་འབྱུང་བ་ཉིད་དོ། །དེ་བཞིན་དུ་གལ་ཏེ་རྒ་བ་དང་འཆི་བའི་བར་དུ་མེད་པར་གྱུར་ན་མྱ་ངན་ལ་སོགས་པར་འཇུག་པར་མི་འགྱུར་རོ། །དེ་དག་ལས་གཞན་བདག་དང་ནི། །བདག་གི་ཞེས་པ་གང་ནའང་མེད། །ཅེས་བྱ་བ་ནི། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་ལ་སོགས་པ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་རྒ་ཤིའི་བར་དུ་ཡང་འདི་སྙམ་དུ་བདག་གིས་མྱ་ངན་ལ་སོགས་པ་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །འདུ་བྱེད་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་ནི་མ་རིག་པ་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་རྒ་ཤི་ཡང་འདི་སྙམ་དུ་བདག་ཅག་ནི་སྐྱེ་བ་ལ་སོགས་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུའོ། །དང་པོ་མ་རིག་བྱུང་ནས་ནི། །ཐ་མ་ཤི་བའང་སྣང་བར་འགྱུར། །ཞེས་བྱ་བ་ནི་མ་རིག་པ་ཡོད་པ་ལས་འདུ་བྱེད་ལ་སོགས་པ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བས་ན་རྒ་ཤི་ཡོད་པ་ལས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་བར་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་རོ། །དེ་ལྟར་འདི་ནི་ནང་གི་རྒྱུ། །ཞེས་བྱ་བ་ནི་དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲེལ་པར་བལྟའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་བལྟ་ཞེ་ན། སྨྲས་པ། འདི་ཡི་རྐྱེན་ནི་རྣམ་པ་དྲུག །འདིའི་ཞེས་བྱ་བ་ནི་ནང་གིའོ། །རྐྱེན་ཞེས་བྱ་བ་ནི་ཚོགས་པའོ། །རྣམ་པ་དྲུག་ཅེས་བྱ་བ་ནི་རྣམ་པ་དྲུག་གོ། །ཐ་མ་རྣམ་ཤེས་ཐོག་མ་ས། །ནང་གི་རྐྱེན་དུ་འདོད་པ་ཡིན། །རྣམ་པར་ཤེས་པ་ཐ་མར་ཡོངས་སུ་བསྟན་པའི་ 113-38b ཕྱིར་ཐ་མ་རྣམ་ཤེས་སོ། །ཐོག་མ་ནི་ས་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། ཁམས་དྲུག་འདུས་པ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ་ཞེས་གསུངས་སོ། །སྲ་དང་ རྗེས་སུ་སྡུད་པ་དང་། །སྨིན་དང་དབུགས་འཕེལ་གོ་འབྱེད་ཉིད། །ཅེས་བྱ་བ་ནི་དེ་ལ་ནང་གི་སའི་ཁམས་གང་ཞེ་ན། གང་ལུས་དང་འབྲེལ་པ་སྲ་བ་དང་། རྩུབ་པ་དང་། ཧྲུད་ཧྲུད་པོ་དང་། མཁྲང་པར་གྱུར་པ་དང་། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རྡུལ་དང་། དྲི་མ་དང་། པགས་ པ་དང་། ཤ་དང་། ཆུ་རྒྱུས་དང་། རུས་པ་དང་། དེ་ལྟ་བུ་ལ་སོགས་པ་གཞན་ཡང་ལུས་འདི་ལ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སའི་ཁམས་ཞེས་བྱའོ། །རྗེས་སུ་སྡུད་པ་ཞེས་བྱ་བ་ནི་སྡུད་པ་དང་འབྲེལ་པ་དང་། མཉེན་པ་དང་། འཁྱུད་པ་དང་། གོང་བུར་བྱེད་པ་དང་། གཤེར་ བ་ཉིད་དང་། འདི་ལྟ་སྟེ། མཆི་མ་དང་། རྔུལ་དང་། མཆིལ་མ་དང་། སྣབས་དང་། ཞག་དང་། རྐང་དང་། ཁུ་ཆུ་དང་། གཅིན་དང་། ཕྱི་ས་དང་། ཁྲག་དང་། ཆུ་སེར་དང་། ཀླད་པ་དང་། ཕོ་བ་དང་། ལོང་ཀ་ལ་སོགས་པ་དང་། གཞན་ཡང་ལུས་འདི་ལ་དེ་ལྟ་བུའི་གཤེར་བའི་རང་ བཞིན་ཡོད་པ་ནི་ཆུའི་ཁམས་ཞེས་བྱའོ། །སྨིན་པ་ཞེས་བྱ་བ་ནི་སྨིན་པར་བྱེད་པ་སྟེ། སྨིན་པ་དང་། ཚོས་པ་དང་། སྨིན་འགྱུར་དང་། དྲོ་བ་དང་། མེ་དང་། གདུང་བ་དང་། ཚ་བ་དང་། ལྷམ་པ་དང་། གང་ལུས་འདིའི་ནང་ན་ཟོས་པ་དང་། འཐུངས་པ་དང་། འཆོས་པ་རྣམས་ལེགས་པར་བདེ་བར་འཇུག་པར་ བྱེད་པ་གཞན་ཡང་གང་ཅུང་ཟད་ཅི་ཡང་རུང་སྟེ། དེ་ལྟ་བུ་དེ་ཐམས་ཅད་ནི་མེའི་ཁམས་ཞེས་བྱའོ། །དབུགས་ཞེས་བྱ་བ་ནི་རླུང་གི་ཁམས་ཏེ། དབུགས་ནི་དབུགས་འབྱུང་བ་དང་། དབུགས་རྔུབ་པ་དང་། ཚིག་དང་། སྨྲ་བ་དང་། འགྲོ་བ་དང་། འོང་བ་དང་། ཞུམ་པ་དང་འཕེལ་བ་ཞེས་བྱ་བ་ནི། ལུས་ནི་རྒྱས་པ་དང་། སྐྱེད་པ་དང་། གཡོ་བ་དང་། འགུལ་བ་དང་། ལྡེག་པ་དང་། རྒྱས་པར་གྱུར་པ་དང་། འཕེལ་བ་དང་། ཆམ་པ་དང་། ལུད་པ་དང་། སྐྱིགས་བུ་དང་། སྦྲིད་པ་དང་། སྟོད་ཀྱི་རླུང་དང་། སྨད་ཀྱི་རླུང་དང་གཞན་ཡང་ལུས་འདིའི་ནང་ན་གང་ཅུང་ཟད་དེ་ལྟ་བུ་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ 113-39a རླུང་གི་ཁམས་ཞེས་བྱའོ། །གོ་འབྱེད་ཅེས་བྱ་བ་ནི་སྒྲིབ་པ་མེད་པས་གོ་འབྱེད་པའོ། །སྒྲིབ་པ་ནི་ཐོགས་པ་དང་བཅས་པ་དང་། སྒྲིབ་པ་དང་བཅས་པའོ། །སྦུ་གུ་དང་། སྦུབས་དང་། གསེང་དང་། བུ་ག་སྟེ། ཁའི་བུ་ག་དང་། རྣ་བའི་བུ་ག་དང་། སྣའི་བུ་ག་དང་། མིག་གི་བུ་ག་ལ་ སོགས་པ་ལུས་ཀྱི་ནང་གི་སྦུབས་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །ཤེས་དང་གཟུགས་ཀྱི་རྗེས་འཇུག་པ། །རྣམ་ཤེས་ལྔ་དང་ལྡན་པ་དང་། །དེ་ན་ཉོན་མོངས་ཅན་ཡིད་ཀྱང་། །འདི་རྣམས་ནང་གི་རྐྱེན་ཡིན་ནོ། །དེ་ལ་མིང་གི་རྗེས་སུ་འཇུག་པ་དང་། གཟུགས་ཀྱི་རྗེས་སུ་འཇུག་པ་ནི་ནང་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྣམ་ཤེས་ལྔ་དང་ལྡན་པ་དང་། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་གང་ཡིན་པའོ། །དེ་ལ་ཉོན་མོངས་ཅན་ཡིད་ཀྱང་། །ཞེས་བྱ་བ་ནི་ཉོན་མོངས་ཅན་གྱི་ཡིད་དེ། དེ་དག་དང་འབྱུང་བ་ཆེན་པོ་བཞི་གཅིག་ཏུ་བསྡུས་ནས་མདུང་ཁྱིམ་གྱི་ཚུལ་དུ་མིང་དང་གཟུགས་ཞེས་བྱའོ། །དེ་ལ་མིང་ཞེས་བྱ་བ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། གཟུགས་ཞེས་བྱ་བ་ཕ་མའི་ཁུ་ཆུ་དང་། ཁྲག་ལས་བྱུང་བ་སྲིད་པ་བར་མའི་ཕུང་པོ་ལ་བརྟེན་ནས་དང་པོར་མིང་དང་གཟུགས་མངོན་པར་འགྲུབ་པ་གང་ཡིན་པ་དེ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞིའི་བདག་ཉིད་དེ། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ལྟ་བ་དང་། བདག་ལ་ཆགས་པ་ཞེས་བྱ་བ་ཉོན་མོངས་པ་བཞི་པོ་འདི་རྣམས་དང་ལྡན་པ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་གཅིག་ཏུ་བསྡུས་པ་ལ་མིང་དང་གཟུགས་ཞེས་བྱའོ། །ཁམས་རྣམས་འདུས་པར་གྱུར་པ་ལས། །ལུས་ནི་སྐྱེ་བར་འདོད་པ་ཡིན། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཁམས་དྲུག་གོ། །འདུས་པར་གྱུར་པ་ལས་ཞེས་བྱ་བ་ནི་མ་ཚང་བ་མེད་པ་ལས་སོ། །ལུས་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་གོང་བུའོ། །སྐྱེ་བ་ཞེས་བྱ་བ་ན་འབྱུང་བར་རོ། །འདོད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་སྟེ། འདི་ལ་བྱེད་པ་པོ་ལ་སོགས་པ་ནི་མེད་དོ་སྙམ་དུ་བསམས་པའོ། །དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བ་མེད་པར་འདོད། །ཅེས་བྱ་བ་ནི་བདག་ཅག་གིས་འདི་དག་བསྐྱེད་ 113-39b དོ་སྙམ་པ་དང་། དེ་རྣམས་ཀྱིས་བདག་ཅག་བསྐྱེད་དོ་སྙམ་དུ་དེ་རྣམས་གཅིག་ལ་གཅིག་རྟོག་པ་མི་སྐྱེའོ། །དེ་དག་ཡོད་ན་སྐྱེ་འགྱུར་ཏེ། །དེ་དག་མེད་ན་འབྱུང་བ་མེད། །རྐྱེན་རྣམས་མེད་ན་ལུས་སྐྱེ་བར་མི་རུང་གི །གང་གི་ཚེ་ནང་གི་རྐྱེན་ས་ལ་སོགས་པ། མ་ཚང་བ་མེད་པ་དེའི་ཚེ་འདུས་པ་ལས་ལུས་སྐྱེ་བར་འགྱུར་ལ། མ་ཚང་ན་ལུས་སྐྱེ་བར་མི་འགྱུར་རོ། །དེ་རྣམས་བདག་སོགས་མི་ལྡན་པ། །གཞན་ཡང་སུའི་ཡང་མ་ཡིན་ནོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན་ཏེ། ང་དང་ངའི་སྙམ་པའི་རློམ་སེམས་པ་དང་བྲལ་བའི་ཕྱིར་རོ། །སེམས་ཅན་མ་ཡིན་པ་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ དང་བྲལ་བའི་ཕྱིར་རོ། །སྲོག་མ་ཡིན་པ་ནི་གཡོ་བ་མེད་པའི་ཕྱིར་རོ། །སྐྱེ་བ་པོ་མ་ཡིན་པ་ནི་བསྐྱེད་པར་བྱ་བ་དང་། སྐྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །ཤེད་ལས་སྐྱེས་པ་མ་ཡིན་པ་ནི། ཤེད་དང་བྲལ་བའི་ཕྱིར་རོ། །ཤེད་བུ་མ་ཡིན་པ་ནི་ནང་ན་འདུག་པའི་ཤེད་བུ་ལྟ་བུ་མེད་པའི་ཕྱིར་རོ། །བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན་པ་ནི་ནང་གི་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་བདག་ཉིད་མེད་པའི་ཕྱིར་རོ། །ང་དང་བདག་མ་ཡིན་ཞེས་བྱ་བ་ནི། བདག་དང་བདག་གིར་རློམ་པ་དང་བྲལ་བའི་ཕྱིར་རོ། །གཞན་ཡང་སུའི་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང་། བྱ་བ་དང་ལས་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པ་གཞན་ཡང་སུའི་ཡང་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གང་གཅིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །དེ་ལ་མ་རིག་པ་གང་ཞེ་ན། སྨྲས་པ། སྲིད་གསུམ་སྒྲིབ་པ་ཞེས་བྱའོ། །སྲིད་པ་གསུམ་ནི་སྲིད་གསུམ་སྟེ། འདོད་པའི་སྲིད་པ་ དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །དེ་དག་ཀྱང་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱིས་རྣམ་པ་གཉིས་སུ་གཞག་གོ། །ཡང་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ཀྱི་བྱེ་བྲག་གིས་ནི་རིག་པ་གསུམ་དུ་གཞག་གོ། །ཇི་ལྟར་ཞེ་ན། སྨྲས་པ། དེ་ལ་འདོད་ 113-40a པའི་ཁམས་གནས་རིས་སུམ་ཅུ་རྩ་དྲུག་གི་རྣམ་པར་རིག་པ་སྣང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ལ་རིལ་པོ་གཅིག་པར་རྟོག་ཅིང་འདུ་ཤེས་པས་འཛིན་པའི་ཕྱིར་མ་རིག་པ་ཞེས་བརྗོད་དོ། །དེ་ལ་གནས་སུམ་ཅུ་རྩ་དྲུག་ནི་ཚ་བའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དང་། གྲང་ བའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་ཞེས་བྱ་བ་ཚ་བའི་དམྱལ་བ་བརྒྱད་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་ དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་དང་། ཨུཏྤལ་ལྟར་གྱེས་པ་ཞེས་བྱ་བའི་གྲང་བའི་རང་བཞིན་ཡིན་པའི་ཕྱིར་གྲང་བའི་དམྱལ་བ་བརྒྱད་དང་། ཉི་ཚེ་བ་དང་། ཉེ་འཁོར་བ་དང་། ཡི་དྭགས་རྣམས་ཀྱི་གནས་དང་། དུད་འགྲོ་རྣམས་ཀྱི་ གནས་དང་། ལྷ་མ་ཡིན་རྣམས་ཀྱི་གནས་དང་། གླིང་བཞི་དང་། བར་གྱི་གླིང་བརྒྱད་དོ། །དེ་ལ་ཡི་དྭགས་རྣམས་ཀྱི་གནས་ནི་མྱ་ངམ་དང་། འབྲོག་དགོན་པ་ནའོ། །དེ་ལས་གཞན་དུ་གྱེས་པ་ནི་གྲོང་དང་། གྲོང་ཁྱེར་དང་། གྲོལ་རྡལ་དང་། དུར་ཁྲོད་དང་། རི་དང་། འབྲོག་དང་། རི་ འོར་དང་། གླིང་དང་། ཆུ་ཀླུང་དང་། རླུང་དང་། མཚོ་དང་། ལྟེང་ཀ་དང་། རྫིང་དང་། ཁྲོན་པ་དང་། སྐྱེད་མོས་ཚལ་དང་། གནས་དང་། ལྷ་ཁང་དང་། མ་མོའི་ཁྱིམ་དང་། ཀླུའི་གནས་དང་། མྱ་ངམ་དང་། མཚེའུ་དང་། ཤིང་དང་། ཁང་སྟོང་དང་། ལམ་པོ་ཆེ་དང་། ཀླུང་གི་དྲུང་དང་། དགོན་ པའི་གནས་དང་། གཡང་ས་དང་། ཟམ་པ་དང་། གཟིངས་ཀྱི་གནས་དང་། སྲང་དང་། ལམ་པོ་ཆེ་དང་། ཚོང་ཁང་དང་། བཞི་མདོ་དང་། སུམ་མདོ་དང་། མུ་སྟེགས་བསོད་ནམས་བྱེད་པའི་གནས་དང་། ཆུ་འདུས་ལ་སོགས་པར་གནས་བཅས་ཏེ། རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་གང་མི་ཤེས་པ་འདི་ནི་མ་རིག་པ་ཞེས་བྱའོ། །དུད་འགྲོའི་གནས་ནི་རྒྱ་མཚོ་ཆེན་པོའི་ནང་ནའོ། །སྐྱེ་བའི་གནས་ནི་བཞི་སྟེ། སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་ 113-40b རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོས་པའི་རྒྱུད་ཅན་ཏེ། དེ་ལས་གཞན་དུ་གྱེས་པ་ནི་བོང་བུ་དང་། ཕག་པ་དང་། སྤྲེའུ་དང་། གླང་པོ་ཆེ་དང་། རྔ་མོ་དང་། རྟ་དང་། རི་དྭགས་དང་། མ་ཧེ་དང་། བ་ལང་དང་། བ་མེན་དང་། འབྲི་དང་། ཁྱི་ དང་། ཝ་དང་། ནེའུ་ལེ་དང་། བྱི་བ་དང་། སེང་གེ་དང་། སྟག་དང་། དྲེད་དང་། དོམ་དང་། སྤྱང་ཀི་དང་། བྱི་ལ་དང་། ཉ་དང་། རུས་སྦལ་དང་། ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་དང་། སྦྲུལ་དང་། གྲོག་སྦུར་དང་། སྡོམ་དང་། བྱེ་མ་ལེབ་དང་། སྲེག་པ་དང་། གྲོག་མ་དང་། སྲིན་བུ་དང་། གྲོག་མཁར་དང་། སྐྱིན་གོར་དང་། ཤིག་དང་། འབུ་དང་། ཆུ་ན་གནས་པ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། རྨ་བྱ་དང་། ངང་པ་དང་། ཁྲུང་ཁྲུང་དང་། ཆུ་སྐྱར་དང་། ཁྭ་དང་། བྱ་རྒོད་དང་། འུག་པ་དང་། ཤང་ཤང་ཏེའུ་དང་། འདབ་བཟངས་ལ་སོགས་པ་ གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་སྣང་བའི་རྣམ་པ་ལ་གནས་བཅས་པ་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །ལྷ་མ་ཡིན་རྣམས་ཀྱི་གནས་བཞི་ནི་རི་རབ་ཀྱི་བང་རིམ་བཞིའི་ནང་ནའོ། །དེ་ནས་གཞན་དུ་གྱེས་པས་གནས་བཅས་པ། རི་དང་། འབྲོག་དང་། ཚལ་དང་། སྐྱེད་མོས་ཚལ་དང་། ཀླུང་དང་། གྲོང་ལ་སོགས་པ་རང་གི་ལས་ཀྱི་དབང་ལས་རྣམ་པར་རིག་པ་སྣང་བ་རྣམ་པར་རྟག་པ་ལས་བྱུང་བའི་གནས་གཞན་དག་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །སེམས་ཅན་དམྱལ་བ་རང་གི་ལས་ཀྱི་དབང་དང་མཐུན་པའི་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ཀྱི་ནི། མཚོ་ཆེན་པོ་མ་དྲོས་པ་ནས་དཔག་ཚད་ཉི་ཁྲིའི་འོག་ན་སྣོད་ཀྱི་རྣམ་པར་རིག་པའི་རང་བཞིན་རྩ་བར་གྱུར་པའི་གནས་གཞན་མངོན་པར་གྲུབ་བོ། །དེ་ལས་གཞན་དུ་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་སོགས་པའི་སྣོད་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་རི་དང་འབྲོག་དང་། མྱ་ངམ་དང་། རི་སུལ་དང་། གཡང་ས་དང་། ཆུ་འགྲམ་ལ་སོགས་པའི་གནས་མངོན་པར་གྲུབ་པ་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །གླིང་བཞི་ནི་ཤར་གྱི་ལུས་འཕགས་དང་། ལྷོའི་འཛམ་བུའི་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་ནོ། །བར་གྱི་གླིང་བརྒྱད་ཅེས་བྱ་བ་ 113-41a ནི། ཤར་གྱི་ལུས་འཕགས་ཀྱི་འཁོར་ལུས་དང་། ལུས་འཕགས་དང་། ལྷོའི་འཛམ་བུའི་གླིང་གི་འཁོར་གཡོ་ལྡན་དང་། ལམ་མཆོག་འགྲོ་དང་། ནུབ་ཀྱི་བ་གླང་སྤྱོད་ཀྱི་འཁོར་རྔ་ཡབ་དང་། རྔ་ཡབ་གཞན་དང་། བྱང་གི་སྒྲ་མི་སྙན་གྱི་འཁོར་སྒྲ་མི་སྙན་དང་། སྒྲ་ མི་སྙན་གྱི་ཟླའོ། །གླིང་དང་ཉེ་བའི་གླིང་དེ་དག་རབ་ཏུ་དབྱེ་བས་ནི་རྣམ་པ་མང་པོར་ཐ་དད་དེ། རང་གི་རྣམ་པར་ཤེས་པའི་སྣང་བ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྤྲོས་པ་སྣ་ཚོགས་པའི་བག་ཆགས་ཀྱིས་བསྒོས་པ་དེ་ལྟ་དུ་མི་ཤེས་པ་གང་ཡིན་པ་འདི་ཡང་མ་རིག་པ་ཞེས་བྱའོ། །ལྷ་དྲུག་གི་སེམས་ཅན་གྱི་སྣོད་ཀྱི་རྣམ་པའི་རྣམ་པར་རིག་པ་སྣང་བའི་བྱེ་བྲག་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོ་མ་ལུས་པ་ལ་གོང་བུར་འཛིན་པའི་རྟོག་པའི་དབང་གིས་བྱུང་བ་རྣམས་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །དེ་ལ་ལྷའི་རིས་དྲུག་ཅེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དོ། །གཞན་ཡང་གང་རིག་སྔགས་འཆང་གྲུབ་པ་དང་། དྲང་སྲོང་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་དང་། རྒྱུ་སྐར་དང་། གཟའ་དང་། སྐར་མ་དང་། ཟླ་བ་དང་། ཉི་མ་འཁོར་དང་བཅས་པ་ལ་གཞལ་མེད་ཁང་དང་བཅས་ཏེ། སྐྱེ་བ་དང་འཇིག་པ་དང་རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྗེས་སུ་སོང་བ་རྣམས་དང་། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོས་པའི་རྒྱུད་ཅན་བོང་བུ་དང་། ཕག་དང་། སྤྲེའུ་དང་། གླང་པོ་ཆེ་དང་། རྔ་མོ་དང་། རྟ་དང་། རི་དྭགས་དང་། མ་ཧེ་དང་། བ་ལང་དང་། བ་མེན་དང་། འབྲི་དང་། ཁྱི་དང་། ཝ་དང་། ནེའུ་ལེ་དང་། བྱི་བ་དང་། སེང་གེ་དང་། སྟག་དང་། དྲེད་དང་། དོམ་དང་། སྤྱང་ཀི་དང་། བྱི་ལ་དང་། ཉ་དང་། རུས་སྦལ་དང་། ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་དང་། སྦྲུལ་དང་། གྲོག་སྦུར་དང་། སྡོམ་དང་། ཕྱེ་མ་ལེབ་ 113-41b དང་། སྡིག་པ་དང་། གྲོག་མོ་དང་། སྲིན་བུ་དང་། གྲོག་མཁར་དང་། སྐྱོན་གོར་དང་། ཤིག་དང་། འབུ་དང་། ཆུ་ན་གནས་པ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། རྨ་བྱ་དང་། ངང་པ་དང་། ཁྲུང་ཁྲུང་དང་། ཆུ་སྐྱར་དང་། ཁྭ་དང་། བྱ་རྒོད་དང་། འུག་པ་དང་། ཤང་ཤང་ ཏེའུ་དང་། འདབ་བཟངས་ལ་སོགས་པ་གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་རིག་པ་སྣང་བའི་རྣམ་པ་ལ་གནས་བཅས་ཏེ། དེ་ལྟར་ན་འགྲོ་བ་སྐྱེ་གནས་ཐ་དད་པ་དུ་མའི་བྱེ་བྲག་གིས་ཐ་དད་པའི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཞེས་གྲགས་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བྱེ་བྲག་ལ་སོགས་པ་རིལ་པོར་འཛིན་པ་ལས་བྱུང་བ་གཅིག་ཏུ་བསྡུས་ནས་འདོད་པའི་ཁམས་ཞེས་བྱའོ། །ཡང་སྨྲས་པ། ཁམས་འགྲོ་སྐྱེ་གནས་བྱེ་བྲག་གིས། །འདོད་སྲིད་རྣམ་པ་སུམ་ཅུ་དྲུག །ལྷ་དྲུག་མི་ནི་བཅུ་གཉིས་དང་། །དམྱལ་བ་བཅུ་དྲུག་དུད་འགྲོ་དང་། ། ཡི་དྭགས་ལྷ་མ་ཡིན་དུ་བཅས། །དེ་ལྟ་བུའི་རྣམ་པ་རྟོག་པ་སྣ་ཚོགས་ཀྱི་བག་ཆགས་ལས་བྱུང་བ་གང་མི་ཤེས་པ། ཡོངས་སུ་མི་ཆོད་པ། བསྒྲིབས་པ་མི་གསལ་བ། ཁོང་དུ་མ་ཆུད་པ། ཡོངས་སུ་མི་ཤེས་པ་མུན་པ་མུན་ནག་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་དང་། རྒྱུ་དང་། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མི་ཤེས་པ་གང་ཡིན་པ་དེ་མ་རིག་པ་སྟེ། ཁམས་གསུམ་གྱི་སྒྲིབ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། སྐྱེས་བུར་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་ སྐྱེས་སུ་འདུ་ཤེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བྱའོ་ཞེས་བསྟན་ཏོ། །དེ་ལ་སའི་ཁམས་ནི་རྫས་བརྒྱད་ཡིན་པའི་ཕྱིར་གཅིག་པུར་འདུ་ཤེས་པ་མི་རུང་ངོ་། །རྡུལ་ཕྲ་མོ་ 113-42a རྣམས་ནི་ཕན་ཚུན་བསགས་པའི་བདག་ཉིད་མ་ཡིན་པའི་ཕྱིར་རིལ་པོར་འཛིན་པར་མི་རུང་ངོ་། །རྒྱུ་རྐྱེན་འབྲེལ་པར་འཇུག་པའི་ཕྱིར་རྟག་པར་འདུ་ཤེས་པར་མི་རུང་ངོ་། །ཡུན་རིང་དུ་མི་གནས་པའི་ཕྱིར་ཐེར་ཟུག་ཏུ་འདུ་ཤེས་པ་མེད་དོ། །སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་བརྟན་པར་འདུ་ཤེས་ པ་མེད་དོ། །འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་དང་ལྡན་པའི་ཕྱིར་བདེ་བར་འདུ་ཤེས་པ་མེད་དོ། །མི་གཙང་བའི་རྫས་རྣམ་པ་སུམ་ཅུ་རྩ་དྲུག་འདུས་པའི་ཕྱིར་གཙང་བར་འདུ་ཤེས་པ་མེད་དོ། །འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་རྫས་དུ་མ་ཡིན་པའི་ཕྱིར་བདག་ཏུ་འདུ་ཤེས་པ་མེད་དོ། །སེམས་དང་ སེམས་ལས་བྱུང་བའི་བྱིན་གྱིས་བརླབས་པའི་ཕྱིར་སེམས་ཅན་དུ་འདུ་ཤེས་པ་མེད་དོ། །བྱ་བ་མེད་པའི་ཕྱིར་སྲོག་ཏུ་འདུ་ཤེས་པ་མེད་དོ། །ཡང་འགྲོ་བ་དང་འོང་བ་དང་བྲལ་བའི་ཕྱིར་གང་ཟག་ཏུ་འདུ་ཤེས་པ་མེད་དོ། །ང་དང་ང་ཡིར་རློམ་སེམས་དང་བྲལ་བའི་ཕྱིར་ཤེད་ལས་སྐྱེས་དང་། ཤེད་བུར་འདུ་ཤེས་པ་མེད་དོ། །ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་ཤེད་ལས་སྐྱེས་ལ་སོགས་པར་འདུ་ཤེས་པ་མི་རིགས་སོ། །དེ་ལྟར་ན་ཁམས་དྲུག་པོ་མི་རྟག་པ་ལ་སོགས་པའི་རང་གི་ངོ་བོ་དེ་དག་མི་ཤེས་པ་གང་ཡིན་པ་འདི་ནི་མ་རིག་པ་ཞེས་བྱའོ། །དེ་ལ་མ་རིག་པ་ཞེས་བྱ་བ་ནི་རིག་པ་མ་ཡིན་པས་མ་རིག་པའོ། །རིག་པ་མེད་པ་ནི་མ་ཡིན་ཏེ། མེད་པ་ནི་ཅི་ཡང་མ་ཡིན་ནོ། །མ་རིག་པ་རིག་པ་ལས་གཞན་དུ་རིག་པ་གཞན་ཉིད་ཡིན་ནོ། །དེ་བས་ན་མེད་པ་དགག་པ་ཡང་མ་ཡིན། གཞན་ཉིད་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འགལ་བ་ཡིན་ཏེ། མ་རིག་པ་ནི་མ་རིག་པ་མ་ཡིན་པ། རིག་པའི་ཆོས་དང་འགལ་བ་ལ་མ་རིག་པ་ཞེས་བྱའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དེའི་གོང་ཡན་ཆད་གནས་བཅུ་བདུན་གྱི་རྣམ་པའི་རྣམ་པར་རིག་པ་སྣང་བ་ནི་གཟུགས་ཀྱི་ཁམས་སོ། །དེ་འབྱུང་བ་ནི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་རྣམ་པར་རྟོག་པའི་དབང་གིས་བྱུང་ངོ་། །གནས་དག་ནི་བསམ་གཏན་བཞི་བསྒོམ་པ་རྣམ་པ་གསུམ་དང་ལྡན་པས་ཚངས་རིས་ལ་སོགས་པ་བཅུ་གཉིས་དང་། བསམ་གཏན་བཞི་པ་སྤེལ་མར་བསྒོམ་པ་དང་ལྡན་པས། གནས་གཙང་མའི་གནས་ལྔའོ། །དེ་ལ་དང་པོ་ནི་ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཆེན་པོའོ། ། 113-42b གཉིས་པ་ནི་འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་ལོ། །གསུམ་པ་ནི་དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་སོ། །བཞི་པ་ནི་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེའོ། །གནས་གཙང་མའི་ནི་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་ སྣང་དང་། འོག་མིན་ནོ། །བསམ་གཏན་བཞིའི་ས་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པ་དང་། བདེ་བ་དང་། བཏང་སྙོམས་དང་། མཚུངས་པར་ལྡན་པ་དང་། བསམ་གཏན་ཁྱད་པར་ཅན་དང་། མི་ལྕོགས་པ་མེད་པའི་ས་འདི་དག་གང་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་ རྟོགས་པ་འདི་ཡང་མ་རིག་པ་ཞེས་བྱའོ། །གང་ཡང་མིང་ཙམ་གྱི་འདུ་ཤེས་སྣང་བའི་རྣམ་པའི་རྣམ་པར་རིག་པའི་རྣམ་པར་རྟོག་པ་ལས་བྱུང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་ནམ་མཁའ་དང་། རྣམ་ཤེས་དང་ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་གང་མི་ཤེས་པ་དང་། མངོན་པར་མ་རྟོགས་པ་དང་། མ་མཐོང་བ་འདི་ཡང་མ་རིག་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས། བསམ་གཏན་བཞི་དང་མི་ལྕོགས་མེད། །ཁྱད་པར་ཅན་གྱི་ས་རྣམས་དང་། །གཟུགས་མེད་སྙོམས་པར་འཇུག་པ་ཡི། །འདུ་ཤེས་ཐ་དད་བཞི་རྣམས་དང་། ། རྣམ་དག་རྣམས་ཀྱི་ས་བཞི་དང་། །ས་བཅུ་བསྟན་པའི་བདག་ཉིད་རྣམས། །དབང་ཕྱུག་ཆེན་པོ་ཐོབ་པའི་གནས། །དེ་ནི་ཁམས་གསུམ་མ་གཏོགས་པ། །རང་སེམས་རྣལ་འབྱོར་རྣལ་འབྱོར་དབང་། །རྣམ་པར་དག་པ་འབྱུང་བའི་ས། །ཡེ་ཤེས་ཏིང་ངེ་འཛིན་དང་གཟུགས། །དབང་དང་སོ་སོར་རིག་ པ་ཅན། །ཞེས་གསུངས་ཏེ། དེ་ལ་ཡང་གང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། ཁོང་དུ་མ་ཆུད་པ་བསྒོམ་པའི་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་པ་དེ་ཡང་མ་རིག་པ་ཞེས་བྱའོ། །དེ་ལྟ་བས་ན་མ་རིག་པའི་མུན་པའི་རབ་རིབ་ཀྱི་ལིང་ ཐོག་གིས་མིག་བསྒྲིབས་པའི་ཕྱིར། ཡུལ་རྣམས་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་རྣམ་པའི་རྣམ་པར་རིག་པ། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་སྣང་བ་ཉིད་ཀྱིས་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བ་ལ་སོགས་པར་ཕྱིན་ཅི་ 113-43a ལོག་པས་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྒྱས་པའི་ཕྱིར་འདོད་ཆགས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །འདོད་པ་ལ་གེགས་བྱེད་པ་དང་ལྡན་པའི་ཕྱིར། ཞེ་སྡང་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང་མ་ དག་པ་ལ་དག་པར་འདུ་ཤེས་པ་དང་། གྲོལ་བ་མ་ཡིན་པ་ལ་གྲོལ་བར་འདུ་ཤེས་པའི་ཕྱིར་གཏི་མུག་ལས་སྐྱེས་པ་ཡང་མངོན་པར་འདུ་བྱེད་དོ། །དེ་གཉིས་ལས་བཟློག་པ་ཉིད་ཀྱིས་མི་གཡོ་བའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །རྐྱེན་དེ་དང་། གཞི་དེས་མ་རིག་པར་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་རྗེས་སུ་སོང་བའི་ཕྱིར་ལུས་ཀྱི་ལས་མི་དགེ་བ་བདག་དང་ཤེས་པ་ཡོངས་སུ་བསྐྱབ་པའི་ཆེད་དུ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། མྱོས་པའི་རྒྱུ་ཆང་འཐུང་བ་ གཞན་དུ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ། །ངག་གི་བརྫུན་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། དོན་མེད་པར་སྨྲས་པ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ། །ཡིད་ཀྱི་ལས་བརྣབ་སེམས་དང་། གནོད་སེམས་ དང་། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡང་མངོན་པར་འདུ་བྱེད་དོ། །ལུས་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པའི་ཆོས་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་རྣམས་སུ་སྐྱེ་བར་འགྱུར་རོ། ། དེ་ཉིད་ཀྱི་ཕྱིར་མི་ཤེས་པའི་ཡུལ་འདོད་ཆགས་དང་། ཞེ་སྡང་གཏི་མུག་མངོན་དུ་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ལ་མི་ཤེས་པས་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་དངོས་པོ་མངོན་པར་འདུ་བྱེད་པས་ལྷག་པར་བསྒོམ་པའི་འདུ་བྱེད་ཀྱི་དངོས་པོ་སོ་སོར་རྣམ་པར་རིག་པའི་ངོ་བོའི་རྣམ་པར་ཤེས་པ་མངོན་པར་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར། དེ་ལས་འདུ་བྱེད་དངོས་པོ་ནི། །རྣམ་པར་རིག་པའི་རྣམ་ཤེས་འབྱུང་། །ཞེས་བྱ་བ་སྨོས་ཏེ། དེ་ལས་ཞེས་བྱ་བ་ནི། འདུ་བྱེད་ལ་བརྟེན་ནས་སོ། །དངོས་པོ་ནི་རྣམ་པར་རིག་པའི་ཞེས་བྱ་བ་ནི་རྣམ་པར་རིག་པར་བྱེད་པས་རྣམ་པར་རིག་པ་སྟེ། རྣམ་པར་ཤེས་པ་ལ་ 113-43b ལས་ཀྱི་བག་ཆགས་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་ཤེས་ལྷན་ཅིག་འབྱུང་བ་ནི། །གཟུགས་ཅན་མ་ཡིན་ཕུང་པོ་བཞི། །ཞེས་བྱ་བ་ལ། རྣམ་ཤེས་ལྷན་ཅིག་འབྱུང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ལས་བྱུང་བའོ། །གཟུགས་ཅན་མ་ཡིན་ཕུང་པོ་བཞི། །ཞེས་བྱ་བ་ནི་རྣམ་པར་ ཤེས་པའི་ཕུང་པོ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་རྣམས་སོ། །གཟུགས་ཅན་མ་ཡིན་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བསགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཡིན་གྱི། རྟག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་དང་ སེམས་ལས་བྱུང་བའི་ངོ་བོ་དག་ཡིན་ནོ། །ཕུང་པོ་ཉིད་ནི་རྫས་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ནི་ཁམས་བཞི་པོ་ཕ་མའི་ཁུ་ཆུ་དང་། ཁྲག་ལས་བྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ཏེ། དེ་དག་བསྡུས་ནས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ ཞེས་བྱའོ། །མིང་དང་གཟུགས་ལ་བརྟེན་ནས་ནི། །དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། །ཞེས་བྱ་བ་ནི། གང་སྔོན་དབང་པོ་ལ་སྲེད་པ་དང་བཅས་པའི་བག་ཆགས་མིང་དང་གཟུགས་ལ་བཞག་པའི་མིང་དང་གཟུགས་དེས་རྐྱེན་བྱས་ནས་མིག་ལ་སོགས་པའི་དབང་པོ་དྲུག་མངོན་པར་འགྲུབ་པས་དབང་པོ་སྐྱེ་མཆེད་དྲུག་འབྱུང་བར་འགྱུར་ཞེས་བྱའོ། །དབང་པོ་སྐྱེ་མཆེད་སྒོ་དྲུག་ནི་རྣམ་པར་ཤེས་པ་དྲུག་གི་རྟེན་དུ་གྱུར་པ་སྟེ། གཟུགས་ལ་སོགས་པའི་ཡུལ་དམིགས་པའི་རྣམ་པར་རིག་པ་སྣང་བ་འཛིན་པའི་རང་གི་ངོ་བོ་རྣམས་མངོན་པར་བསྒྲུབས་པས་བཅོམ་ལྡན་འདས་ཀྱིས་མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ་ཞེས་གསུངས་སོ། །ཡུལ་དང་དབང་པོ་རྣམ་པར་ཤེས། །འདུས་པ་ལས་ནི་རེག་པ་འབྱུང་། །ཞེས་བྱ་བ་ནི་དབང་པོ་སྐྱེ་མཆེད་དྲུག་པོ་རྐྱེན་དུ་བྱས་ནས་ཡུལ་ལ་དབང་པོ་དང་། རྣམ་པར་ཤེས་པ་འདུས་པའི་ཕྱིར་རེག་པ་སྟེ། དབང་པོ་དང་རྣམ་པར་ཤེས་པ་དག་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རེག་པ་ལྟ་བུར་བར་མ་ཆོད་ཉིད་དུ་འཇུག་སྟེ། འདི་ལ་རེག་པ་ནི་འགའ་ཡང་མེད་དོ། །བསགས་པ་མ་ཡིན་པ་རྣམ་པར་ཤེས་པ་ལྔ་ནི་ཚོགས་བསགས་པ་ཡུལ་དང་། དབང་པོ་རྣམས་དང་ལྷན་ཅིག་གཅིག་ཏུ་འགྱུར་དུ་འོང་བས་རེག་པ་ལྟ་བུ་ཡིན་གྱི་རེག་པ་ནི་མ་ཡིན་ནོ་ 113-44a ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། ཆོས་གསུམ་འདུས་པ་ནི་རེག་པའོ་ཞེས་གསུངས་ཏེ། དམིགས་པ་སྣང་བའི་རྣམ་པར་རིག་པ་སྐྱེ་བའོ། །དེ་བཞིན་དུ་རེག་པའི་རོ་མྱང་བ་ལ་འཆུམས་པ་ལ། རེག་པའི་ཚོགས་དྲུག་ལ་བརྟེན་ཏེ་ཚོར་བའི་ཚོགས་དྲུག་སྐྱེའོ། ། དེ་ཉིད་ཀྱི་ཕྱིར། རེག་བྱུང་ཚོར་བར་ཤེས་བྱ་སྟེ། །ཞེས་བྱ་བ་སྨོས་སོ། །ཚོར་བ་ནི་རེག་པས་བསྐྱེད་པ་སྟེ། རེག་པའི་རྒྱུ་ལས་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཚོར་བ་ཞེས་བྱ་བ་ནི་དེས་ཚོར་བར་བྱེད་པས་ན་ཚོར་བ་སྟེ། ཚོར་བ་ནི་མྱོང་བའོ། །བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་ མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བའི་བྱེ་བྲག་ལ་ཚོར་བར་སྣང་བའི་རྣམ་པའི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཡུལ་དང་། དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚན་དྲུག་གི་བྱེ་བྲག་གིས་ཚོར་བའི་ཚོགས་དྲུག་སྐྱེ་བས་བཅོམ་ལྡན་འདས་ཀྱིས་རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ་ཞེས་གསུངས་སོ། །དེ་བཞིན་དུ་ཚོར་བའི་རོ་མྱང་བ་ཅུང་ཟད་ལ་ཆགས་ཤིང་མངོན་པར་ཞེན་པའི་བདག་ཉིད་ནི་ཚོར་བའི་རྒྱུ་ཅན་གྱི་སྲེད་པ་ཞེས་བྱ་བ་སྲེད་པ་སྐྱེ་སྟེ། དེ་ཉིད་ཀྱི་ཕྱིར། དེ་བཞིན་ཚོར་ལས་སྲེད་པ་འབྱུང་། །ཞེས་བྱ་བ་སྨོས་སོ། །སྲེད་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་ཏེ། ཆགས་པ་དང་། ལྷག་པར་ཞེན་པ་དང་། མངོན་པར་འདོད་པ་དང་། ཞེན་པ་དང་། མི་འབྲལ་བར་འདོད་པ་དང་། དགའ་བ་དང་། སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པའི་བྱེ་བྲག་གིས་སྲེད་པའི་ཚོགས་དྲུག་ཏུ་རྣམ་པར་གཞག་སྟེ། སྲེད་པར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་དབང་གིས་བྱུང་བའི་སྲེད་པའི་ཚོགས་དྲུག་སྐྱེ་བས་བདེ་བར་གཤེགས་པས་ཚོར་བ་ལ་ཞེན་པ་ནི་སྲིདཔའོ་ཞེས་གསུངས་སོ། །དེ་ལྟར་ལྷག་པར་ཞེན་པའི་སྲེད་པ་འཕེལ་བ་ནི་ལེན་པའོ། །དེ་ཉིད་ཀྱི་ཕྱིར། སྲེད་འཕེལ་ཉེ་བར་ ལེན་པ་སྟེ། །ཞེས་བྱ་བ་སྨོས་སོ། །སྲེད་པ་ནི་ཆགས་པས་ཀུན་ནས་འཁྱུད་པ་འབྲལ་བར་མི་འདོད་པའི་རྒྱུའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པ་ནི་ལེན་པ་སྟེ། ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པའོ། །ཉེ་བར་ལྔ་པའི་ལེན་པ་ནི་ཉེ་བར་ལེན་པའོ། །རང་གི་ལས་ཇི་ལྟར་བླངས་ 113-44b པའི་ལམ་བརྒྱགས་ཀྱི་གཞན་གྱི་དབང་གིས་ལེན་པ་ལས་སྐྱེས་པ་ཡང་སྲིད་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར། ལེན་པ་ལས་ནི་སྲིད་པ་འབྱུང་། །ཞེས་བྱ་བ་སྨོས་སོ། །རང་གི་ལས་ཀྱི་བག་ཆགས་ཇི་ལྟ་བ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཡང་སྲིད་པ་མངོན་པར་བསྒྲུབ་པའི་ཕྱིར་སྲིད་པ་ཞེས་བྱ་སྟེ་ཡང་འབྱུང་བའི་ཕྱིར་རོ། །རང་གི་ལས་ནི་བག་ཆགས་ཇི་ལྟ་བའི་དབང་གིས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་ལས་ཀྱི་བག་ཆགས་ཀྱི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ལས་ཀྱི་སྲིད་པ་ནི་རྒྱུ་ཡིན་ནོ། །སྲིད་ལས་ཕུང་འབྱུང་སྐྱེ་བ་སྟེ། །ལས་ཀྱི་སྲིད་པའི་རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ། །དེ་ལ་ཕུང་པོ་འབྱུང་བ་ཞེས་བྱ་བ་ནི་ཕུང་པོ་སྐྱེ་བ་སྟེ། ཁམས་དང་སྐྱེ་མཆེད་ཐོབ་པ་ཡང་བསྡུས་ཏེ་སྐྱེ་བ་ཞེས་བརྗོད་དོ། །དེ་ལ་ཕུང་པོ་ཞེས་བྱ་བ་ནི་རྫས་དུ་མ་བསགས་པའི་ཕྱིར་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །ཡང་ན་མི་རྟག་པ་ཉིད་ཀྱིས་འཇོམས་པའི་ཕྱིར་ཏེ། སྐྱེས་མ་ཐག་ཏུ་མི་རྟག་པ་ཉིད་ཀྱི་སྲིན་པོས་ཟ་བར་བྱེད། འཇོམས་པར་བྱེད། འཇིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མངོན་པར་གྲུབ་ན་སྐྱེ་བའི་རྒྱུས་སྐྱེ་བའི་རྐྱེན་གྱིས་རྒ་བ་ཉིད་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར། དེ་བཞིན་སྐྱེ་ལས་རྒ་བའོ། །ཞེས་བྱ་བ་སྨོས་ཏེ། སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རྒ་བ་ནི་རྙིངས་པ་ཉིད་དེ། ཉམ་ཆུང་བར་བྱེད་པ་དང་། སྤྱི་ཅེར་བ་དང་། མགོ་སྐྱ་བ་དང་། གཉེར་མས་གང་བ་དང་། སྒུར་པ་དང་། སྒུ་བ་དང་། ཀྱོར་ཀྱོར་པོ་དང་། སྒྲ་ངར་ངར་པོ་ཉིད་དང་། འཁར་བ་ལ་བརྟེན་པ་དང་། སྤྱོད་པ་མི་གསལ་བ་དང་། དབང་པོ་ཉམས་པ་དང་། དྲན་པ་ཉམས་པ་ཞེས་བྱ་བ་དེ་ལྟ་བུ་ནི་སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རང་གི་ལས་ཀྱི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་གིས་བསྐྱེད་པའི་རྙིངས་པ་ནི་རྒ་བ་ཞེས་བྱའོ། །དེ་ལྟར་རྒ་བས་རྒས་པར་གྱུར་པའི་ཕུང་པོ་གཞན་དུ་འགྱུར་བ་ནི་འཆི་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་བཞིན་རྒ་བའི་ཕུང་མེད་པ། །དེ་ནི་འཆི་བ་ཞེས་བརྗོད་དོ། །དེ་ལ་རྒ་བ་ཞེས་བྱ་བ་ནི་ཤིག་ཤིག་པོར་གྱུར་པ་རྒ་བའི་རྐྱེན་གྱིས་འཆི་བ་འབྱུང་ངོ་། །དེ་ལ་འཆི་བ་ཞེས་བྱ་བ་ནི་ཕུང་པོ་གཞན་དུ་གྱུར་པ་སྟེ། འཆི་བ་དང་། ཤི་བ་དང་། དུས་བྱེད་པ་དང་། འཇིག་རྟེན་ 113-45a ཕ་རོལ་དུ་འགྲོ་བ་དང་། འཕོ་བ་དང་། འགྲོ་བ་དང་། ཕུང་པོ་གྱེས་པ་དང་། ཕུང་པོ་འཇིག་པ་དང་། ཚེ་ཟད་པ་དང་། སྲོག་གི་དབང་པོ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུས་པ་ནི་རྒ་ཤིའོ། །འཆི་བར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་རྣམ་པར་རྟོག་པའི་ དབང་གིས་བྱུང་བ། ཕུང་པོ་འཇིག་པ་འཆི་བ་སྟེ། གནས་སྐབས་ཐ་མ་ཉལ་བའི་ཐ་མ་རྣམ་པར་ཤེས་པ་འཕོ་བ། དྲོད་ཡལ་བ། ཚེ་དང་བྲལ་བ། རིས་མཐུན་པ་འདོར་བ། སྲིད་པར་འཕོ་བའོ། །གང་ཡང་རྣམ་པར་ཤེས་པ་ཐ་མའི་གནས་སྐབས་ན་གནད་འཆད་པ་ལ་སོགས་པས་བསྐྱེད་པ་ རྣམས་རྣམ་པ་དུ་མར་བླ་བ་དང་། བླང་བ་དང་། ཉམ་ཆུང་བ་དང་། ཡོངས་སུ་རྙིངས་པ་དང་། ཞེན་པ་དང་། འགག་འགག་པོ་དང་། གདོང་མདོག་ངན་པ་དང་། མགོན་མེད་པ་དང་། རང་གི་ལས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་གཤིན་རྗེའི་མི་དེ་དག་གིས་ཕན་ཚུན་ཁྲིད་པའི་རྣམ་པར་ སྣང་བའི་རྣམ་པར་རིག་པ་དང་། སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་པ་ལས་དབུགས་བརྩེགས་པ་འབྱུང་བ་དང་། མི་དགའ་བ་དང་། འགུལ་བ་དང་། རྐན་ཡོངས་སུ་བསྐམས་པ་དང་། སྣ་ཞོམ་པ་དང་། རྡུལ་དང་། བརླན་དང་། དྲི་མ་དང་། རང་གི་གཅིན་དང་། ཕྱི་ས་དང་། ཁ་ཆུ་ལུས་ ལ་ཆགས་ཤིང་གོས་པ་དང་། གྲོགས་མེད་པར་མུན་ནག་ཆེན་པོ་དང་། གཡང་ས་དང་། རི་དང་། བོག་རི་དང་། ནགས་ཚལ་ཐིབས་པོ་དང་། ཁང་སྟོང་དང་། ཁྱིམ་དང་། གཞལ་མེད་ཁང་དང་། སྟེང་ཁྱམས་དང་། ཁང་པ་བརྩེགས་པ་དང་། མེ་འོབས་དང་། མཚོ་ཆེན་པོ་དང་། སོག་ མའི་ཕུང་པོར་འགྲོ་བ་ལྟ་བུའི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕུང་པོ་གཞན་ལེན་པ་ནི་འཆི་བ་ཞེས་བྱའོ། །རྨོངས་པ་འཆི་ལས་མྱ་ངན་ཏེ། །ཞེས་བྱ་བ་ནི་སྲིད་པ་དང་བཅས་པའི་ནང་གི་གདུང་བ་ནི་མྱ་ངན་ཏོ། །ནང་གི་གདུང་བ་ཞེས་བྱ་བ་ནི་སེམས་ཡོངས་སུ་གདུང་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏེ། ད་ནི་བདག་དགའ་བའི་དངོས་པོ་དང་། སྡུག་པའི་དངོས་པོ་དང་བྲལ་བར་འགྱུར་རོ་སྙམ་དུ་མི་དགའ་ཞིང་གདུངས་པས་ན་མྱ་ངན་ཞེས་བྱའོ། །ལས་ཇི་ལྟར་འཕགས་པའི་རྣམ་པར་སྣང་བའི་རྣམ་པར་རིག་པ་མངོན་དུ་གྱུར་པ་ནི་དགའ་བ་དང་། འཇིགས་པ་དང་། མི་དགའ་བའི་རྣམ་པས་བསྐྱེད་པ་གནད་ 113-45b འཆད་པའི་སྡུག་བསྔལ་དང་། སེམས་བློང་བར་གྱུར་པའི་མྱ་ངན་ལས་གཞན་དུ་བསླངས་པ་ཀྱེ་མ་ཀྱི་ཧུད་ཅི་གང་གིས། ཇི་ལྟར། གང་དུ་སྐྱབས་སུ་གཤེགས་ཤིང་གཟིགས། །འདིར་འགྲོའོ། །བདག་ནི་སོང་ངོ་། །བླངས་སོ། །བརྒྱབ་བོ། །ཤིའོ། །ཟོས་སོ། །ཞིག་གོ། །རབ་ཏུ་ཞིག་ གོ། །ཀྱི་ཧུད་མ་གཅིག །ཀྱི་ཧུད་ཕ་གཅིག །ཕུ་ནུ་བོ། ཆེ་ཞེ། བུ། བུ་མོ། ཆུང་མ་ཞེས་རྣམ་པ་མང་པོར་བླ་བ་ཕྱིན་ཀྱི་ལོག་གི་ཚིག་སྒྲོགས་པས་བསྐྱེད་པའི་རྡོལ་པའི་གདུང་བ་ནི་སྨྲེ་སྔགས་འདོན་པའོ། །དེ་ཉིད་ཀྱི་ཕྱིར། མྱ་ངན་ལས་ནི་བརྗོད་པ་གང་། །དེ་ནི་སྨྲེ་སྔགས་འདོན་ཞེས་བྱ། །ཞེས་ བྱ་བ་སྨོས་སོ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །རྣམ་པར་ཤེས་པའི་ཚོགས་ལྔ་ཡི། །སིམ་པ་མ་ཡིན་སྡུག་བསྔལ་བརྗོད། །ལུས་ཀྱི་བདེ་བའི་བགེགས་པའོ། །སྨྲེ་སྔགས་འདོན་པ་ལས་བྱུང་བ། །ཞེས་བྱ་བ་ནི། སྨྲེ་སྔགས་འདོན་པ་ལས་སོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ ལྡན་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་རྗེས་སུ་དྲན་པས་ཉེ་བར་བསྐྱེད་པ། རྣམ་པར་ཤེས་པའི་ཚོགས་ལྔའི་སྡུག་བསྔལ་ཉེ་བར་གནོད་པར་བྱེད་པ། སིམ་པ་མ་ཡིན་པ་ཉམས་སུ་མྱོང་བ། ལུས་ཀྱི་བདེ་བའི་གེགས་བྱེད་པའི་བདག་ཉིད་ སྡུག་བསྔལ་གྱི་རྣམ་པ་སྣང་བའི་རྣམ་པར་རིག་པའི་དབང་གིས་བྱུང་བ་ནི་སྡུག་བསྔལ་ཞེས་བརྗོད་དོ། །ཡིད་ལ་བྱེད་པའི་སྡུག་བསྔལ་ནི། །ཡིད་ལ་ཉེ་བར་གནོད་བྱེད་པ། །དེ་ཡིད་མི་བདེར་ཞེས་བྱ་སྟེ། །གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །ཡིད་ཀྱིས་བདེ་བ་དང་། སྡུག་བསྔལ་རྗེས་སུ་དྲན་ ནས་སྔོན་རྒོད་པ་དང་། དགའ་བ་དང་། རྩེས་པ་དང་། ཆས་པ་དང་། འཕྱར་གཡེང་བྱས་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིད་ཀྱི་སྡུག་བསྔལ་ཡིད་མི་བདེ་བ་ལ་སོགས་པ་ཉེ་བར་ཉོན་མོངས་པ་སྐྱེ་བས། གང་གཞན་ཉེ་བའི་ཉོན་མོངས་རྒྱུ། །ཞེས་བྱ་ བ་སྨོས་ཏེ། གང་གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དེ་དག་ནི་ཉོན་མོངས་ཞེས་ཀྱང་བྱ། འཁྲུག་པ་ཞེས་ཀྱང་བྱ་ལ། དེ་ལ་སྲིད་པའི་ཡན་ལག་བཅུ་གཉིས་འདི་དག་ཉིད་ཀྱི་མིང་དོན་དང་མཐུན་པར་བསྟན་པའི་ཕྱིར། མུན་མངོན་མིང་དང་གཟུགས་དང་ནི། །སྐྱེ་མཆེད་རེག་པ་ 113-46a སྐོམ་པའི་ཕྱིར། །ཞེས་བྱ་བ་སྨོས་སོ། །དེ་ལ་མུན་པའི་ཕྱིར་མ་རིག་པའོ། །མངོན་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །གཞོལ་བའི་ཕྱིར་མིང་ངོ་། །གཟུགས་ཀྱི་ཕྱིར་གཟུགས་སོ། །སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར་ཞེས་བྱ་བ་ནི་སྐོམ་པའི་ཕྱིར་ སྐྱེ་མཆེད་དོ། །རེག་པའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །སྲེད་ལས་ཉེ་དང་ཡང་འབྱུང་དང་། །སྨིན་དང་འཇིག་དང་མྱ་ངན་ཕྱིར། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ། །འབྱུང་བའི་ཕྱིར་སྐྱེ་བའོ། །སྨིན་པའི་ཕྱིར་རྒ་ བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏོ། །ཚིག་སོགས་ལུས་ལ་གནོད་པ་དང་། །སེམས་ཡིད་མི་བདེ་ཕྱིར་དང་ནི། །ཉོན་མོངས་ཕྱིར་ན་མིང་དོན་མཐུན། །གོ་རིམས་བཞིན་དུ་བསྟན་པ་ཡིན། །ཚིག་གིས་སྨྲེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་ གནོད་པའི་ཕྱིར་སྡུག་བསྔལ་ལོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་ཉོན་མོངས་པའོ། །ཡང་དེ་ཁོ་ན་མ་ཤེས་པ། །ཞེས་བྱ་བ་ལ་སོགས་པ་ནི་ཡང་བརྟགས་པའི་དོན་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ་སྟེ། ཡང་དེ་ཁོ་ན་ཡོངས་མ་ཤེས། །མ་རིག་ལ་སོགས་གོ་ རིམས་བཞིན། །སྔ་མ་སྔ་མ་ལས་ཕྱི་མ། །སྐྱེ་བ་དག་ཏུ་ཡང་དག་བརྗོད། །དེ་ཁོ་ན་ཡོངས་མི་ཤེས་ཞེས་བྱ་བ་ནི་མ་རྟོགས་པ་དང་ལོག་པར་རྟོགས་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུས་མི་ཤེས་པ་ནི་མ་རིག་པའོ། །མ་རིག་པ་ཡོད་ན་འདུ་བྱེད་སྣ་ཚོགས་མངོན་པར་བསྒྲུབ་སྟེ། བསོད་ ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ། །དེ་ལ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། །བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་ རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ། །མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ 113-46b རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པོ་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །མྱོང་བ་དང་ལྷག་པར་ཞེན་པ་ལས་བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་ བྲལ་བར་མ་གྱུར་ཅིག་སྙམ་དུ་གང་གི་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་སྨོན་ཅིང་ཡང་སྲིད་པ་བསྐྱེད་པའི་ལས་ལུས་དང་། ངག་དང་། ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་རྣམས་མངོན་པར་ འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕྱིར་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །ཡན་ལག་སྔ་མ་སྔ་མ་རྣམས་ནི་ཕྱི་མ་ཕྱི་མ་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་ཡིན་པས་དེ་དག་ནི་ ཕྱི་མ་འབྱུང་བའི་ཕྱིར་རྐྱེན་ཁོ་ན་སྟེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་ནི་རྒྱུ་གཞན་དང་གཞན་ལས་བྱུང་བའོ། །ཡན་ལག་བཅུ་གཉིས་གསུམ་འཇུག་པ། །འདི་ནི་རྟག་ཆད་ཐོགས་མེད་སྐྱེ། །ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས། །ཐོག་མ་མེད་པའི་དུས་ཅན་འཇུག ། མི་རྟག་པ་མ་ཡིན་པ་དེ་ནི་རྒྱུན་དུ་གནས་པའི་ཕྱིར་རོ། །འདུས་བྱས་མ་ཡིན་པ་དེ་ནི་འདུ་བྱེད་དང་བྲལ་བའི་ཕྱིར་རོ། །སེམས་པ་པོ་ཡོད་པ་མ་ཡིན་པ་དེ་ནི་སེམས་དང་བྲལ་བའི་ཕྱིར་རོ། །རྐྱེན་ལས་བྱུང་བ་མ་ཡིན་པ་ནི་རྐྱེན་དང་བྲལ་བའི་ཕྱིར་རོ། །ཟད་པའི་ཆོས་མ་ཡིན་པ་ནི་བསགས་པ་དང་བྲལ་བའི་ ཕྱིར་རོ། །འགོག་པའི་ཆོས་མ་ཡིན་པ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་བྲལ་བའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ནས་ཞུགས་པ་ནི་དུས་ཀྱི་མཚམས་ཡོངས་སུ་ཆད་པ་དང་བྲལ་བའི་ཕྱིར་རོ། །ཀླུང་གི་རྒྱུན་བཞིན་དུ་རྒྱུན་འབྱུང་བས་རྒྱུན་མ་ཆད་པར་འཇུག་པའོ།། །།འཕགས་ 113-47a པ་སཱ་ལུ་ལྗང་པའི་མདོ། རྒྱ་ཆེར་བཤད་པ། བམ་པོ་བཞི་པ་སྟེ་ཐ་མའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་རྗེས་སུ་འཇུག་མོད་ཀྱི། འོན་ཀྱང་བཞི་པོ་འདི་དག་ནི་རྒྱུ་ནི་སྡུད་པར་བྱེད་པ་སྟེ། ཡན་ལག་བཞི་ནི་ཡན་ལག་ བཅུ་གཉིས་པའི་རྟེན་ཅིང་འབྲེལ་པ་ཞེས་བྱ་བ་སྡུད་པར་བྱེད་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་བཞི་གང་ཞེ་ན་ཞེས་གསུངས་སོ། །མ་རིག་སྲེད་ལས་རྣམ་པར་ཤེས། །དེ་དག་གོ་རིམས་བཞིན་དུ་བཤད། །མ་རིག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གོ་རིམས་བཞིན་ནོ། ། རྒྱུ་ལས་རྣམ་ཤེས་ས་བོན་ཏེ། །རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་ནི་ཞིང་དུ་གསུངས་པ་ཡིན། །ལས་ནི་ཞིང་གི་རང་བཞིན་གྱི་རྒྱུ་བྱེད་དོ་ཞེས་གསུངས་སོ། །མ་རིག་པ་དང་། སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་དང་ཉོན་མོངས་རྣམ་པར་ ཤེས། །ས་བོན་ཉིད་དུ་ཉེར་གནས་ལ། །ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེ་ལ། ལས་ནི་ས་བོན་རྣམ་ཤེས་ཀྱི། །ཞིང་གི་བྱ་བ་ཡང་བྱེད་དོ། །སྲེད་པས་རྣམ་ཤེས་ཞེས་བྱ་བའི། །ས་བོན་དེ་མ་ཐག་རླན་བྱེད། །མ་རིག་ས་བོན་རྣམ་པར་ཤེས། ། བརླན་པས་བསྟེན་པ་འདེབས་པར་བྱེད། །ལས་དང་སྲེད་དང་མ་རིག་པ། །ཞིང་དང་བརླན་དང་འདེབས་བྱེད་རྣམས། །རྣམ་པར་ཤེས་ལ་འདི་བྱ་དང་། །རྣམ་ཤེས་བདག་འདིས་སྙམ་པ་མེད། །དེ་ལ་ལས་ཀྱང་འདི་སྙམ་དུ། །མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱང་འདི་སྙམ་དུ། བདག་གིས་ ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་ཡང་བྱའོ་སྙམ་དུ་མི་སེམས་པ་ཉིད་དོ། །སྲེད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས་སོ། །རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས། །ལས་དང་ཉོན་མོངས་གནས་པ་ནི། །ས་བོན་རྣམ་ཤེས་ཞེས་བརྗོད་པ། །མ་ 113-47b རིག་ལུད་ཀྱིས་བྲན་པ་དང་། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །མ་རིག་ལུད་ཅེས་བྱ་བ་ནི་ལུད་དང་འདྲ་བས་ལུད་དེ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །ལུད་ཀྱིས་བྲན་པ་ཞེས་བྱ་བ་ནི་ལུད་ཀྱིས་བཀབ་པའོ། །སྲེད་པའི་ཆུ་ཡིས་བསྟེན་ན་ནི། །ཞེས་བྱ་བ་ནི་སྲེད་པ་ཉིད་ཆུའོ། །བསྟེན་ན་ཞེས་བྱ་བ་ནི་བརླན་ནའོ། །རྒྱུ་ལས་མིང་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བའང་སྣང་བར་འགྱུར། །ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པ་སྐྱེ་བ་ནི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ། །མིང་དང་གཟུགས་ཀྱི་མྱུ་གུ་དང་ཡང་ཞེས་བྱ་བ་ལ་སོགས་པ་ནི། རང་གཞན་གཉིས་ཀ་ལ་སོགས་པས། མིང་ གཟུགས་འདི་དག་འབྱུང་མིན་གྱི། །མིང་དང་གཟུགས་ཀྱི་མྱུ་གུ་འདི་དག་ནི་རང་དང་གཞན་གཉིས་ཀ་ལ་སོགས་པས་བསྐྱེད་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ཕ་དང་མ་ནི་ཕྲད་པ་དང་། །དུས་རྣམས་མི་འགལ་ཉིད་ལས་སོ། །ཕ་དང་མ་ནི་ཕྲད་པ་དང་། །ཞེས་བྱ་བ་ལ་སོགས་པ་ ནི་ཕ་དང་མ་ཀུན་ཏུ་ཆགས་པར་གྱུར་པ་དང་། འདུས་པ་དང་། མ་རུངས་པར་གྱུར་པ་སྟེ། བུ་འཆགས་པར་ནུས་པ་དང་། དུས་དང་ལྡན་པའོ། །ཉི་མ་གསུམ་འདས་ཏེ་ཁྲག་ངན་པ་དང་བྲལ་བ་དེ་ནི། བུད་མེད་རྣམས་ཀྱི་དུས་སུ་བརྗོད་དེ། དེའི་ཚེ་སྐྱེས་པ་དང་ཡང་ཕྲད། ཁུ་བ་དང་ཁྲག་དང་ཡང་ ལྡན། དྲི་ཟ་བདག་ཉིད་ཀྱང་སེམས་ཀྱང་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཕ་དང་མའི་བྱ་བ་ལ་མོས་ན་མངལ་དུ་སྐྱེ་བའི་རིམ་གྱིས་ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུར་བའི་གནས་སྐབས་ལས་འདས་ཏེ་སྐྱེ་བ་ན། བྱིས་པ་དང་། གཞོན་ནུ་དང་། བར་ མ་དང་། དར་ལ་བབ་པ་དང་། རྒན་པོ་ལ་སོགས་པའི་གནས་སྐབས་བཅུར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་སྨྲས་པ། མྱོང་བ་ཅུང་ཟད་འབྲེལ་པ་ནི། །ས་བོན་རྣམ་པར་ཤེས་པར་བརྗོད། །མ་ཡི་མངལ་དུ་རིམ་བཞིན་འཕེལ། །མིང་གཟུགས་མྱུ་གུ་སྐྱེད་པར་བྱེད། །འོན་ཀྱང་ཕ་དེ་དང་མ་ཕྲད་པ་དང་། ཟླ་མཚན་དང་ལྡན་པ་དང་། རྐྱེན་གཞན་ཡང་ཚོགས་པ་ན་མའི་མངལ་དུ་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ། །རྐྱེན་རྣམས་མ་ཚང་མེད་པ་དང་། །རྒྱུ་རྣམས་འགལ་བ་མ་ཡིན་ལས། །སྒྱུ་མ་བདག་མེད་འཛིན་མེད་པར། །སྐྱེ་བ་ཡང་ནི་ཡོད་པ་ཡིན། ། 113-48a དེ་ཉིད་ཀྱི་ཕྱིར་བདག་པོ་མེད་པའི་ཆོས་བདག་གི་མེད་པ་དང་། འཛིན་པ་མེད་པ་དང་། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཞེས་གསུངས་སོ། །བདག་པོ་མེད་པ་ཞེས་བྱ་བ་ནི་ནང་གི་བྱེད་པའི་སྐྱེས་བུ་ལ་སོགས་པ་མི་དམིགས་པའི་ངོ་བོ་ཡིན་མོད་ ཀྱི། དེ་ལ་མངོན་པར་ཞེན་པས་བསྐྱེད་པ་གང་ཀུན་ཏུ་འཛིན་པའོ། །ཆོས་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ངོ་བོ་ཉིད་དོ། །བདག་གི་ཞེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་ཡོངས་སུ་འཛིན་པ་མི་དམིགས་པའི་ ཕྱིར་རོ། །སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ནི་མེད་པ་ཡིན་ཡང་ཐ་སྙད་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པ་དེ་བཞིན་དུ་སྒྱུ་མའི་རང་བཞིན་གྱི་ཆོས་ཐམས་ཅད་ལ་བྱ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་དམིགས་པར་འགྱུར་རོ། །རྒྱུ་དང་རྐྱེན་འདུས་པ་མ་གཏོགས་པར་རྒྱུ་དང་རྐྱེན་ལ་སོགས་པའི་ཆོས་ཅུང་ཟད་ཀྱང་སྐྱེ་བའམ་འཇིག་པར་མི་འགྱུར་ཏེ། ཇི་ལྟར་ཡང་རྒྱུ་དང་རྐྱེན་མ་ཚང་བའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད་པ་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དཔེར། མིག་གི་རྣམ་པར་ཤེས་པ་ཡང་། །རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། མིག་དང་གཟུགས་དང་དེ་བཞིན་སྣང་། །ནམ་མཁའ་དེ་བསྐྱེད་ཡིད་ལ་བྱེད། །ཅེས་བྱ་བ་དེ་ཉིད་ཀྱི་ཕྱིར་མིག་ལ་བརྟེན་པ་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་བསྐྱེད་པ་ཡིད་ལ་བྱེད་པ་ལ་ཡང་ཞེས་བྱ་བ་ གསུངས་སོ། །དེ་ལ་མིག་ཅེས་བྱ་བ་ནི་གཟུགས་བལྟ་བར་བྱ་བ་ལ་མིག་གི་དབང་པོ་མ་ཚང་བ་མེད་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་མིག་ནི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ་ཞེས་གསུངས་སོ། །སྣང་བ་ཞེས་བྱ་བ་ནི་ཟླ་བ་དང་། སྐར་མ་དང་། མེ་དང་། སྨན་དང་། ནོར་བུའི་འོད་རྣམས་ཏེ་མངོན་པར་བྱ་བ་ལ་སྣང་བ་ཡང་ཉེ་བར་གནས་པར་འགྱུར་བའོ། །ནམ་མཁའ་ཡང་མི་སྒྲིབ་པ་ཉིད་ཀྱིས་མ་ཚང་བར་མ་གྱུར་པའོ། །དེ་བསྐྱེད་པ་ལ་ཡིད་ལ་བྱེད་པ་ཡང་བསམ་པའི་བྱ་བ་ལ་མ་ཚང་བར་མ་གྱུར་པའོ། །ལྔ་པོ་མ་ཚང་མེད་པ་ལས། །མིག་གི་རྣམ་པར་ཤེས་པ་འབྱུང་། །མིག་གི་རྣམ་པར་ཤེས་པའི་རྐྱེན་དེ་ 113-48b དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི་ཡོད་ན་འབྱུང་བར་འགྱུར་རོ། །དེ་དག་བདག་གིས་དེ་སྐྱེད་ཅེས། །རྣམ་རྟོག་སྐྱེ་མེད་ཇི་ལྟ་བར། །ཞེས་བྱ་བ་ནི་དེ་ལ་མིག་གི་དབང་པོ་ནི་འདི་སྙམ་དུ་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་བསྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི་མེད་ན་མི་འགྱུར་བ་ལྟར། རྣ་བའི་དབང་པོ་ལ་སོགས་ཀུན། །སྐྱེ་བའི་རིམ་པ་འདི་ཉིད་ཡིན། །དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་ཡང་རྒྱུ་ལྔས་སྐྱེ་བའི་རིམ་པ་ཁོང་དུ་ཆུད་པར་བྱའོ། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །བྱེད་པོ་ལ་སོགས་བྲལ་བ་དང་། །ང་འཛིན་པ་དང་བྲལ་བ་ལས། །སྐྱེ་བ་ཡང་ནི་སྔ་མ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི། །རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ། །དེ་ལྟར་ཏེ། རྒྱུ་དང་རྐྱེན་གྱི་རིམ་པ་བཤད་མ་ཐག་པའི་རིམ་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་རྟོགས་པར་བྱའོ། །འཇིག་རྟེན་འདི་ནས་ཕ་རོལ་དུ། །འགྲོ་བའི་ཆོས་འགའ་གང་ནའང་མེད། །འོན་ཀྱང་རྒྱུ་དང་རྐྱེན་དག་ལས། །ལས་ཀྱི་འབྲས་བུར་མངོན་པ་ཡིན། །དེ་ལ་ཆོས་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་སོགས་པའི་ཆོས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་དང་། ཆོས་ལ་སོགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་ཆོས་སོ། །འདི་ནས་ཞེས་བྱ་བ་ནི། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ལམ། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཆོས་འགའ་ཡང་མི་འཕོ་བའོ། །གལ་ 113-49a ཏེ་དེ་ལྟར་ན་རྟག་པར་སྨྲ་བའམ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བར་འགྱུར་དུ་འོང་ངོ་ཞེ་ན། བཀའ་སྩལ་པ། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །དེ་ལ་འཕོ་བ་ཡང་མེད་ལ་ལས་ཀྱི་འབྲས་བུ་ཡང་ཆུད་མི་ཟ་བར་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་ལས་རབ་ཏུ་གྲགས་པའི་དཔེ་འདི་དག་གིས་ཤེས་པར་བྱ་སྟེ། ཇི་ལྟར་མེ་ལོང་རབ་ཕྱིས་ལ། །བཞིན་གྱི་གཟུགས་བརྙན་དམིགས་པ་བཞིན། །མེ་ལོང་ནང་དུ་གཟུགས་བརྙན་ཡང་། །འཕོས་པ་ཡོད་པ་མ་ཡིན་ཉིད། །དེ་ཉིད་ཀྱི་ཕྱིར་གསུངས་ པ། འདི་ལྟ་སྟེ། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་ནང་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འགའ་ཡང་འདི་ནས་ཤི་འཕོས་པ་ཡང་མེད་ལ། ཕ་ རོལ་ཏུ་སྐྱེས་པ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །དེ་དག་ཕན་ཚུན་རྟོག་མེད་ཅིང་། །བྱེད་པ་པོ་དང་ལམ་རྣམས་སྤངས། །དེ་བཞིན་སྐྱེ་བ་སྣང་བ་ནི། །སྔོན་འཕེལ་བྱ་བའི་རིམ་པ་ལས། །དེ་དག་ཅེས་བྱ་བ་ནི། བཞིན་དང་མེ་ལོང་ ངོ་། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ། །རྟོག་མེད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །བྱེད་པ་པོ་དང་ལས་རྣམས་སྤངས། །ཞེས་བྱ་བ་ནི། དེ་ལ་བྱེད་པ་པོ་དང་ལས་མེད་དོ། །ཆད་པར་མི་འགྱུར་རམ་ཞེ་ན། དེ་བཞིན་སྐྱེ་བ་སྣང་བ་ནི། །ཞེས་སྨོས་སོ། །ཇི་ལྟར་བྱེད་པ་ མེད་པའི་བྱ་བ་དང་ལས་སུ་འགྱུར་ཞེ་ན། སྨྲས་པ། སྔོན་འཕེལ་བྱ་བའི་རིམ་ལས་སོ། །ཇི་ལྟར་ཟླ་བ་རིང་གནས་པ། །ཆུ་སྣོད་ཆུང་ངུའི་ནང་དུ་ནི། །སྣང་སྟེ་འཕོས་པའང་མ་ཡིན་ལ། །བྱ་བ་དང་ནི་ལས་ཀྱང་ཡོད། །དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་ བཞི་ཁྲི་ཉིས་སྟོང་ན་གནས་ཏེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་ཡང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ན་མ་འཕོས་ཏེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སྣང་སྟེ། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་གཟུགས་བརྙན་མངོན་པ་ཡང་ 113-49b ཡོད་དོ། །དེ་བཞིན་དུ་འདི་ནས་སུ་ཡང་ཤི་འཕོས་པ་དང་། མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །ཡང་དཔེར་ན་མེ་ནི་རྒྱུ་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་བདག་པོ་མེད་པའི་ཆོས་འཛིན་ པ་མེད་པ་ཕན་ཚུན་གྱི་རྐྱེན་ཅན་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པོ། །ཕྱི་ཡི་ལས་དང་བྱ་བ་རྒྱུ། །དེ་ནི་བརྟགས་པའི་བདག་ཉིད་དོ། །དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱ་བ་དང་ལས་སུ་རྣམ་པར་གཞག་པ་ནི་བརྟགས་པའི་བདག་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །དེ་ལ་གཞན་གྱི་དབང་གི་རྟེན་ཅིང་འབྲེལ་པར་འབྱུང་ བའི་མཚན་ཉིད་ནི་ནང་གི་སྟེ། དབང་པོ་ལྔ་དང་། ཡུལ་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པ་ཅན་དུ་རིག་པར་བྱའོ། །བརྟག་བྱ་མིན་ཕྱིར་དོན་དམ་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །གང་བརྟག་པ་དང་གཞན་གྱི་དབང་གི་བདག་ཉིད་ཀྱི་རྣམ་པའི་རྣམ་པར་རིག་པ་སྣང་བའི་རྣམ་པ་དང་བྲལ་བ་ལ་རྣམ་པར་རྟོག་པ་མེད་པ་ཤིན་ཏུ་ཡོངས་སུ་དག་པ། ཆུའི་ཁམས་དང་། གསེར་དང་། ནམ་མཁའ་ལྟ་བུར་ཡོངས་སུ་དག་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ངོ་བོ་ཡོངས་སུ་དག་པ། ཟླ་བ་ཤར་བ་ལྟ་བུར་ཡོན་ཏན་བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པའི་འོད་ཟེར་སྣང་བའི་བདག་ཉིད་ཅན་འཕོས་པ་མེད་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལྷུན་གྱིས་གྲུབ་པར་རྒྱུན་མི་འཆད་པར་མཛད་པ། ཐོག་མ་དང་དབུས་དང་ཐ་མ་དང་བྲལ་བ། ཁམས་གསུམ་ལས་ཡང་དག་པར་འདས་པ། དྲི་མ་དང་བྲལ་བ། དྲི་མ་མེད་པ། དྲི་མ་སྤངས་པའི་ངོ་བོ། སོ་སོ་རང་གིས་རྟོག་པའི་སྤྱོད་ཡུལ་གྱི་བདག་ཉིད་ ལུས་དང་། ངག་དང་། ཡིད་ཀྱི་ས་ལས་ཡང་དག་པར་འདས་པ། སོ་སོ་རང་གིས་རིག་པ། གཞན་ལ་རག་མ་ལས་པ། གཟུགས་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟ་བུ་སྟེ། བླ་ན་མེད་པའི་ཆོས་ཀྱི་སྐུ་ཞེས་བྱའོ། །རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ། །ནམ་ཡང་རྣམ་གཉིས་ཤེས་པར་བྱ། ། 113-50a བྱེད་པ་པོ་ལ་སོགས་པས་དབེན། །གསོག་གསོབ་སྟོང་སོགས་སྙིང་པོ་མེད། །དེ་ཉིད་ཀྱི་ཕྱིར་དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་ལྔར་བལྟ་སྟེ་ཞེས་བྱ་བ་གསུངས་སོ། །གང་ཞེ་ན། གསུངས་པ། རྟག་པར་མ་ཡིན་ཏེ། གང་གི་ཕྱིར་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་ནོ། །སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་འཇིག་པར་བྱེད་པ་ཡིན་ལ། འཇིག་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་ཀྱང་སྐྱེད་པར་བྱེད་པ་ཡིན་པར་འགྱུར་དུ་འོང་བས་ཐ་མ་ འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཐ་མ་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་མ་ཡིན་ཞེས་བྱ་བ་ནི་འགགས་ནས་ཡུན་རིང་དུ་ལོན་པ་ལས་མ་ཡིན་པ། སྐྱེ་བའི་ཆར་གཏོགས་པ་ཞེས་བྱ་བ་ནི་ སྐྱེ་བའི་ཆ་ལ་བརྟེན་པས་ན་སྐྱེ་བའི་ཆ་ལ་གཏོགས་པ་སྟེ། ཕུང་པོ་རྣམས་འབྱུང་བར་འགྱུར་བའོ། །ཐ་མ་འཆི་བ་མ་འགགས་པ་ཁོ་ནར་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དག་འབྱུང་བར་འགྱུར་ན་མི་རུང་བས་བཀའ་སྩལ་པ། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་བཞིན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ། །སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་གཞན་མངོན་པར་འགྲུབ་པས་དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ལས་ཆུང་ངུ་བྱས་པས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བསགས་པ་དེ་ལྟ་བུ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལ་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟག་པར་རྒྱུན་དུ་སྲོག་མེད་པ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་ཉིད་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། མི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་ 113-50b རང་བཞིན་དང་། མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། ནད་དང་། འབྲས་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་མཐོང་བ་ཞེས་བྱ་བ་ལ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལ་ཞེས་བྱ་བ་ནི་ནང་གི་རྟེན་ཅིང་ འབྲེལ་པར་འབྱུང་བ་གང་ཡིན་པ་འདི་ལའོ། །ཡང་དག་པའི་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའིའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བར་རོ། །རྟག་པར་རྒྱུན་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་རོ། །སྲོག་མེད་པ་ཞེས་བྱ་བ་ནི་སྲོག་དང་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ། །མ་སྐྱེས་པ་ཞེས་བྱ་བ་ནི་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །མ་བྱུང་བ་ཞེས་བྱ་བ་ནི་གནས་པ་དང་བྲལ་བའི་ཕྱིར་རོ། །མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །འདུས་མ་བྱས་པ་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །དམིགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་ཉིད་ཀྱི་ཕྱིར་རོ། །འཇིགས་པ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཕྱིར་རོ། །མི་འཕྲོགས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་གཞན་དབང་དང་བྲལ་བའི་ཕྱིར་རོ། །མི་ཟད་པ་ཞེས་བྱ་བ་ནི་རྟག་ཏུ་རྣམ་པར་གནས་པའི་ཕྱིར་རོ། །རྣམ་པར་ཞི་བ་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་ཞི་བའི་བགྲོད་པ་དང་བྲལ་བའི་ཕྱིར་རོ། །མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་གུད་ན་གཞན་མེད་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་གྲོལ་བའི་བདག་ལྕགས་ཐུར་ལྟ་བུ་གཅིག་པུར་མེད་པའི་ཕྱིར་རོ། །གསོབ་ཅེས་བྱ་བ་ནི་ནང་ན་འདུས་པའི་ངོ་བོ་བདག་གི་རྫས་མེད་པའི་ཕྱིར་རོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་འཕྲོ་བའི་བདག་ཉིད་མེད་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་ནད་ཀྱི་བདག་ཉིད་ཕུང་པོ་ལས་གུད་ན་མེད་པའི་ཕྱིར་རོ། །འབྲས་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་གནོད་པར་བྱེད་པ་གཞན་མེད་པའི་ཕྱིར་རོ། །སྡིག་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་གུད་ན་གནོད་པའི་ངོ་བོ་གཞན་མེད་པའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པ་སྟེ། ཕུང་པོ་ལས་ 113-51a གུད་ན་གཞན་མེད་པའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་ལས་གུད་ན་མེད་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་གུད་ན་མེད་པའི་ཕྱིར་རོ། །བདག་མེད་པ་ཞེས་བྱ་བ་ནི་ཕུང་པོ་ ལས་མ་གཏོགས་པ་བདག་གི་རྫས་མེད་པའི་ཕྱིར་རོ། །བྱེད་པ་པོ་ལ་སོགས་པས་དབེན། །གསོབ་གསོག་སྟོང་སོགས་སྙིང་པོ་མེད། །དེ་ལྟར་ཤེས་རབ་ཀྱིས་མཐོང་གང་། །ཅི་ཅིར་ཅི་ལྟར་གང་དུ་ཅིས། །སྙམ་པའི་རྟོག་སྨྲ་སོགས་སྤངས་པ། །ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཞི་བ་ ཆོས་ཀྱི་རང་བཞིན་སྐུ། །དེ་བཞིན་ཉིད་ཀྱི་ཕྱིར་དེ་ནི། །སྔོན་གྱི་མཐའ་ལ་མི་རྟོག་གོ། །ཞེས་གསུངས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་འགྱུར་རམ་སྙམ་པའི་རྨོངས་པ་འདི་ལ་མི་སྐྱེའོ། །མ་རྨོངས་པ་ལ་ཡེ་ཤེས་སྐྱེ་བའི་ཕྱིར་བདག་འདས་པའི་དུས་ན་མི་འདི་ལྟ་བུར་འགྱུར་རམ་སྙམ་པ་ ལ་སོགས་པ་དང་། བདག་ལྷའམ། ཤ་ཟའམ། བདེ་བར་གནས་པའམ། སྡུག་བསྔལ་བར་གནས་པ་ཅིར་འགྱུར་རམ་སྙམ་པའི་རྨོངས་པ་མེད་པ་ཉིད་དོ། །བདག་བདེ་འགྲོའམ། ངན་འགྲོའམ། ཡུན་རིང་བའམ། ཡུན་ཐུང་བ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་མེད་པ་ཉིད་ དོ། །མ་འོངས་པའི་མཐའ་ལ་མི་རྟོག་སྟེ། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་སྙམ་པ་དང་། འོན་ཏེ་འབྱུང་བར་མི་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་པ་ཉིད་དོ། །མ་འོངས་པའི་དུས་ན་ཅིར་འགྱུར་སྙམ་པ་མ་འོངས་པའི་དུས་ན་ལྷའམ། ཤ་ཟའམ། མི་ཅིར་འགྱུར་སྙམ་པའི་ རྨོངས་པ་ཡང་འདི་ལ་མི་འབྱུང་བ་ཉིད་དོ། །བདེ་བའམ། སྡུག་བསྔལ་བའམ། གཟུགས་བཟང་བའམ། གཟུགས་ངན་པ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་དོ། །ནང་ལ་ཡང་མི་རྟོག་གོ་ཞེས་བྱ་བ་ནི་ནང་ལ་རྨོངས་པར་མི་འགྱུར་བ་སྟེ། འདི་ཅི་ཞིག་ཅེས་བྱ་བ་ནི་བདག་གམ་བདག་ མེད་སྙམ་པའོ། །འདི་ཇི་ལྟ་བུ་ཞིག་ཅེས་བྱ་བ་ཅི་གཟུགས་ཅན་ནམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞིག་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་ངོ་། །ཅི་ཞིག་ཡོད་ཅེས་བྱ་བ་ནི་ལེགས་པར་བྱས་པའི་ལས་བྱས་པའམ། ཉེས་པར་བྱས་པའི་ལས་བྱས་པ་སྙམ་པའི་རྨོངས་པ་ཡང་འདི་ལ་མི་སྐྱེའོ། ། 113-51b སེམས་ཅན་འདི་ལྷའི་འགྲོ་བའམ། མིའི་འགྲོ་བ་གང་ནས་འོངས་ཏེ་འདི་ནས་ཤི་འཕོས་ནས་ལྷ་རྣམས་སམ་མི་རྣམས་སམ། དམྱལ་བའམ། ཡི་དྭགས་དང་། དུད་འགྲོ་གང་དུ་འགྲོ་བར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་ངོ་། །འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་དག་གི་ ལྟ་བར་གྱུར་པ་ཐ་དད་པ་གང་དག་ཡོད་པར་འགྱུར་བ་ཞེས་བྱ་བ་ལ་ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་གནས་སོ། །ཐ་དད་པ་ཞེས་བྱ་བ་ནི་སོ་སོ་བའོ། །འདི་ལྟ་སྟེ་ཞེས་པ་ནི་བསྟན་པའི་ཕྱིར་རོ། །བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པར་བདག་མེད་དེ། མ་དཔྱད་པར་བདག་དང་བདག་གི་ཞེས་བྱ་བའི་ངོ་བོར་བདག་ཏུ་འཛིན་པ་དང་ལྡན་པའི་ཕྱིར་བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་གསུངས་ཏེ། ཕྱིན་ཅི་ལོག་ཏུ་འཛིན་པས་ཀུན་ནས་བསླང་བའི་ཕྱིར་རོ། །གང་ཟག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཡང་འགྲོ་བའི་ཕྱིར་གང་ཟག་ཅེས་བྱ་བ་ཕུང་པོ་ལས་མ་གཏོགས་པ་གང་འཇིག་རྟེན་འདི་སྤངས་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བའམ། འཇིག་རྟེན་ཕ་རོལ་སྤངས་ནས་འཇིག་རྟེན་འདིར་འོངས་པ་ཡོད་པ་མ་ཡིན་པས་འཛིན་པ་དང་། ངན་པ་ཕྱིན་ཅི་ལོག་གི་འཛིན་པ་ཞེས་གསུངས་སོ། །དགེ་མཚན་དང་བཀྲ་ཤིས་སུ་ལྡན་པ་ཞེས་བྱ་བ་ལ། དགེ་མཚན་ནི་འཇིག་རྟེན་བཟོའི་གནས་དང་། རིག་པའི་གནས་རྣམ་པ་སྣ་ཚོགས་གང་དག་ཡིན་པ་དགའ་སྟོན་དང་། བག་མ་གཏོང་བ་དང་། བག་མ་ལེན་པ་དང་། འཐབ་མོ་དང་། གཡུལ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། རྒྱ་མཚོ་དང་། རི་དང་། ཚལ་དང་། འཕགས་པའི་གཞན་དེ་དང་དེ་དག་ཏུ་འགྲོ་བ་དང་། ལྟ་བ་དང་། འཕོ་བ་དང་། འཇུག་པ་དང་། གནས་པའི་རྗེས་སུ་དགའ་བ་རྩེ་བའི་བདེ་བ་མྱོང་བའི་གར་དང་། གླུ་དང་། ཚིག་ཏུ་སྨྲ་བ་དང་། རྒྱུག་པ་དང་། མཆོང་བ་དང་། ཚར་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོར་འགྱེད་པའི་གཏམ་དང་། རྩོད་པ་དང་། ལྡེའུ་བརྗོད་པ་དང་། གླང་པོ་ ཆེ་དང་། རྟ་ལ་སོགས་པ་འཐབ་པ་དང་། རྩྭ་དཱུར་བ་དང་། ཞོ་དང་། གིའུ་ཝང་དང་། ཞིང་གཤོལ་དང་། ཐོ་བ་དང་། མེ་ཏོག་དང་། འབྲས་བུ་དང་། བུམ་པ་དང་། དུང་དང་། ཉ་ལ་སོགས་པ་དང་། བྲམ་ཟེ་དང་། ཁྱུ་མཆོག་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། སྐར་མ་ 113-52a དང་། རྒྱུ་སྐར་དང་། ཡུད་ཙམ་དང་། སྦྱོར་བ་དང་། བྱེད་པ་ལ་སོགས་པ་སྟེ་ལྟས་མཁན་ལ་སོགས་པ་བདག་ཉིད་དང་དག་པ་ཚོལ་བ་དང་། ཕྱིན་ཅི་ལོག་རྣམ་པ་དུ་མའི་འཕྱང་ཐག་ལ་འཇུ་ཞིང་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང་། མ་དག་པ་ལ་དག་པར་འདུ་ཤེས་པ་དང་། མ་གྲོལ་ བ་ལ་གྲོལ་བར་འདུ་ཤེས་པས་འགྲོ་བ་དྲུག་གི་འཁོར་ལོར་ཞུགས་པའི་བློ་གྲོས་ཅན་འགྲོ་བ་དང་འགྲོ་བར་གྱུར་པ་རྣམས་ནི་འཁོར་བ་ཁོ་ནའི་རྗེས་སུ་འབྲང་གི །མྱ་ངན་ལས་འདས་པའི་ནི་མ་ཡིན་ནོ་ཞེས་དེ་དག་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ན་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རྩ་བ་ནས་བཅད་དེ། དེ་མི་སྣང་བར་གྱུར་ཅིང་སྤངས་པ་ཡིན་པས་ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཤིང་ཏ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་སུ་འགྱུར་རོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་བཞིན་འདི་ནས་འཆི་འཕོ་བ། །འགའ་མེད་འགྲོ་བར་སྐྱེས་པའང་སྣང་། །དེ་ཉིད་ཀྱི་ཕྱིར་དཔེ་བརྗོད་པ། །ཇི་ལྟར་བུད་ཤིང་དང་འབྲེལ་བ། །མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །རྒྱུ་ནི་མ་ཚང་གྱུར་པ་ལས། །མེ་ཡི་རྗེས་སུ་འཇུག་པ་མིན། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་གཟུགས་ཐག་རིང་པོ་ན་གནས་ནས་ཀྱང་ཆུའི་སྣོད་ཆུང་ངུའམ། ཆུ་དང་ཏིལ་མར་གྱི་སྣོད་ཆེན་པོ་དང་། དུ་མ་དག་ཏུ་ཡང་སྣང་བ་ཟླ་བའི་གཟུགས་འཕོས་པའམ། དུ་མ་ཉིད་ཀྱང་མེད་མོད་ཀྱི། འོན་ཀྱང་ཆུའི་སྣོད་དུ་མ་དག་ཏུ་སྣང་ངོ་། །དེ་བཞིན་དུ་འདི་ནས་འགའ་ཡང་ཤི་འཕོས་པ་ཡང་མེད། སོང་བ་ཡང་མེད། འོང་བ་ཡང་མེད། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཤི་འཕོས་པ་དང་། སོང་བ་དང་། འོང་བ་དང་སྣང་བ་དེ་བཞིན་དུ་ཆུ་སྣོད་དང་འདྲ་བ་སེམས་ཅན་གྱི་རྒྱུད་འགྲོ་བའི་གནས་གཞན་རྣམ་པ་དུ་མ་ཐ་དད་པས་སེམས་ཟླ་བའི་གཟུགས་བརྙན་སྐྱེ་བར་འགྱུར་རོ། །རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བ་ལ་སོགས་པའི་རྒྱུ་ཇི་ལྟར་འཕངས་པ་དེར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་འབྱུང་སྟེ། བདག་དང་བདག་གི་དང་བྲལ་བའི་དངོས་པོ་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་རྟོགས་པར་བྱའོ། །རྒྱུན་མི་འཆད་པའི་དཔེ་བརྗོད། ཇི་ལྟར་བུད་ཤིང་དང་འབྲེལ་ན། །མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི། །ལས་དང་ཉོན་མོངས་པས་བསྒོས་པའི་སེམས་ཀྱི་རྒྱུད་མེའི་རྒྱུན་དང་འདྲ་བའི་ 113-52b བུད་ཤིང་ནི་ལས་དང་ཉོན་མོངས་པ་ཁོ་ན་ཡིན་པར་བརྟག་སྟེ། ཇི་ལྟར་མེ་བུད་ཤིང་རྒྱུར་བྱས་ནས་འབར་བ་རྒྱུན་མི་འཆད་ལ། བུད་ཤིང་མེད་ན་རྒྱུན་འཆད་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་ལས་དང་ཉོན་མོངས་པའི་བུད་ཤིང་བཅད་དེ། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་གྱི་ རྒྱུན་ཡེ་ཤེས་ཀྱི་མེ་དང་ཕྲད་པས་བསྲེགས་ན་རྒྱུ་འགག་པའི་ཕྱིར་འབྲས་བུ་མི་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ། དགེ་སློང་ངམ་བྲམ་ཟེ་གང་དག་ཡོད་པ་འདི་ལྟ་སྟེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་སོ། །འཇིག་རྟེན་ན་ཞེས་བྱ་བ་ནི་འཇིག་རྟེན་འཇིག་ཅིང་འཇིག་ཅིང་འགྲོ་བའི་དོན་ཏེ། འཇིག་པའི་ཕྱིར་འཇིག་རྟེན་པས་ཞིག་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བ་དང་མཐོང་བ་སྟེ་ཕྱིན་ཅི་ལོག་གི་བསྟན་བཅོས་ཉན་པ་དང་། སེམས་པ་ལ་སོགས་པའི་ལོག་པའི་ཤེས་པ་བྱུང་བའི་ཕྱིར་ལོག་པའི་ཤེས་པ་ནི་ལྟ་བ་ཞེས་བྱའོ། །ཐ་དད་པ་ནི་སོ་སོ་བའོ། །འདི་ ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་བདག་དང་བདག་གི་དང་བྲལ་བ་དག་ལ་བདག་ཉིད་དུ་ཡང་དག་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ལྟ་བ་ཞེས་བྱའོ། །འཇིག་ཚོགས་དང་། མཐའ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ལོག་པར་ལྟ་བ་སྔོན་དུ་འགྲོ་བའི་ཤེས་རབ་ངན་པ་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་ལྟ་བ་ཞེས་བྱ་བ་དེ་དང་། མ་རིག་པ་སྔོན་དུ་འགྲོ་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་ རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་། ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་། ལྟ་བ་མ་ཡིན་པའི་མཚན་ཉིད་ཁམས་ཀྱི་རྣམ་པ་དང་བྱེ་བྲག་གི་ཐ་དད་པ་མ་གཏོགས་ནས། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སུ་གནས་པ་དེའི་རྣམ་པ་ ཅན་གྱི་རྣམ་པར་ཤེས་པ་སྣང་བ་གསོས་པ་རྣམས་ཐོག་མ་ཉིད་དུ་འཇིག་རྟེན་ལས་འདས་པའི་ལམ་ལ་བསྟན་ཏེ། འཕགས་པའི་བདེན་པ་བཞི་བསྒོམ་པ་གོམས་པའི་རིམ་གྱིས་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པ་དང་། རྣམ་པར་གྲོལ་བ་ 113-53a དང་། ཁྱད་པར་དང་། བར་ཆད་མེད་པས་སྤངས་པ་མངོན་དུ་བྱས་པ་དང་། གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ ལག་དང་། ལམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྗེས་སུ་དྲན་པ་དྲུག་ལ་སོགས་པ་དང་། ཆོས་དང་། གང་ཟག་ལ་བདག་མེད་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། དད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། ས་དང་། དབང་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་དང་། ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་གྲོལ་བའི་སྒོ་དང་། བཟོད་པ་བསྒོམ་པ་ལ་སོགས་པའི་རིམ་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་སུ་འགྲོ་བས། མོས་པས་སྤྱོད་ པ་ལ་རབ་ཏུ་གནས་ཤིང་ངེས་པར་འབྱུང་བ་རབ་ཏུ་སྦྱོར་བ་མངོན་སུམ་དུ་བྱས་པ་ལས་དབང་པོ་དང་། སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སོ་སོར་རིག་པ་དང་། དཔེ་བྱད་དང་། སྐྱེས་བུ་ཆེན་པོའི་མཚན་དང་། རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་བསྒོམ་པ་ཡོངས་སུ་རྫོགས་ནས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་རྗེས་སུ་རྟོགས་པ་ལས་ཞི་གནས་དང་། ལྷག་མཐོང་གི་རྗེས་སུ་མཐུན་པ་མཉམ་པ་ཉིད་དུ་གྱུར་པ། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐོག་མ་དབུས་དང་མཐའ་བྲལ་བ། །རྟོགས་ནས་སངས་རྒྱས་གོ་འཕང་ཐོབ། །ཅེས་བྱའོ། ། དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ནི། གཟུགས་སུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པར་རྟོག་པ་ལས་བྱུང་བ་རྫས་དུ་མའི་བདག་ཉིད་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་མཚན་ཉིད་སྤྱི་བཅུ་གཅིག་བདག་ཉིད་བདག་གི་རྫས་རྣམ་པ་ལྔར་སྒྲོ་འདོགས་པས་ཀུན་ནས་བསླང་བ་མིག་དང་། རྣ་བ་ལ་སོགས་པ་དང་། གཟུགས་དང་། སྒྲ་ལ་སོགས་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ 113-53b ཤེས་པའི་ཡུལ་གྱི་བདག་ཉིད་དང་། གཞན་ཡང་དེ་ལྟ་བུའི་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་ཚོར་བའི་ཕུང་པོ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀའི་རྣམ་པར་མྱོང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་སྟེ། ཡུལ་དང་། དབང་ པོ་དང་། རྣམ་པར་ཤེས་པ་དབྱེ་བས་ཚོར་བའི་ཚོགས་དྲུག་གོ། །ཁམས་ཀྱི་རྣམ་པ་དང་བྱེ་བྲག་གི་དབྱེ་བས་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རབ་ཏུ་དབྱེ་བ་མཐའ་ཡས་ཏེ། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་བཏང་སྙོམས་ དང་ལྡན་པའི་ཕྱིར་བདག་གི་རྫས་རྣམ་པ་དྲུག་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམ་པར་རྟོག་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་བས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཁམས་གསུམ་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྫས་སུ་མ་ བསྡུས་པའི་ཕྱིར་ཚོར་བའི་ཕུང་པོ་ཞེས་བྱའོ། །འདུ་ཤེས་ནི་ཕྲ་བ་དང་། རགས་པ་དང་། ཆེན་པོར་གྱུར་པ་ལ་སོགས་པ་མཚན་མར་འཛིན་པ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྔོན་དགོད་པ་དང་། དགའ་བ་དང་། རྩེས་པ་ལ་སོགས་པ་རྗེས་སུ་དྲན་ཞིང་སྐྱེས་ པ་དང་བུད་མེད་ལ་སོགས་པའི་མཚན་མའི་ཁྱད་པར་འཛིན་པའི་བདག་ཉིད་དེ། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པའི་དབྱེ་བས་འདུ་ཤེས་ཀྱི་ཚོགས་དྲུག་གོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་འབྲེལ་པའི་ཕྱིར་ཁམས་ཀྱི་རྣམ་པ་དང་། བྱེ་བྲག་གི་དབྱེ་བས་ནི་རབ་ འབྱམ་མཐའ་ཡས་ཏེ། ཀུན་ནས་ཉོན་མོངས་པའི་ཀུན་གཞིའི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་པའི་ཕྱིར་བདག་ཏུ་རྨོངས་པ་ལ་སོགས་པ་དང་ལྡན་པའི་བདག་ཉིད་ནི་འདུ་ཤེས་ཞེས་བྱའོ། །འདུ་བྱེད་ནི་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པ་དང་། གདགས་པ་དང་། འདུས་བྱས་ དང་། འདུས་མ་བྱས་སུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྣམས་སོ། །སྔོན་འཕངས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཡོད་པའི་བག་ཆགས་ཀྱི་དབྱེ་བས་ནི་ཁམས་ཀྱི་རྣམ་པ་དང་། བྱེ་བྲག་གི་རབ་འབྱམ་མཐའ་ཡས་དང་ལྡན་པའི་འདུ་བྱེད་ཀྱི་རྫས་དུ་མ་ 113-54a བསྡུས་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པ་བརྒྱད་དེ། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པའི་བྱེ་བྲག་ཏུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་བའི་ ཕྱིར་ཁམས་ཀྱི་རྣམ་པ་དང་། བྱེ་བྲག་གི་དབྱེ་བས་རབ་འབྱམ་མཐའ་ཡས་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་དག་ཉིད་ཀྱང་ཁམས་དང་། སྐྱེ་མཆེད་དང་། ཟག་པ་དང་བཅས་པ་དང་། འདུས་བྱས་དང་། ཀུན་ནས་ཉོན་མོངས་པ་ལ་སོགས་པའི་རྣམ་གྲངས་ཀྱི་དབྱེ་བས་རང་གི་མཚན་ཉིད་དང་འབྲེལ་པས་བསྡུས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཞེས་བྱའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླངས་པ་ཁམས་གསུམ་པར་སློང་བའི་སེམས་དང་། སེམས་ལས་བྱུང་བ་དེ་དག་ནི་འཁོར་བ་ཞེས་བྱའོ། །འོན་ཀྱང་དེ་ལ་ཐོག་མ་ཉིད་དུ་བྱེད་པ་པོ་ལ་སོགས་པ་དང་བྲལ་བ་གསོག་གསོབ་སྙིང་པོ་མེད་པ་ཞེས་བྱ་བར་རིག་ནས་བདེན་པ་བཞི་བསྒོམ་པ་ལུགས་དང་མཐུན་པར་འཇུག་པས་གཏན་ལ་ཕབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་བྱུང་ནས་མ་རིག་པའི་མུན་པ་ལ་སོགས་པ་དང་བྲལ་ཏེ་རྒྱུ་དང་རྐྱེན་གྱི་དོན་གྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལས་ཞི་བ་ཆོས་ཀྱི་སྐུར་རྟོགས་སོ། །དེའི་ཕྱིར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པའི་ལམ་གྱི་གོ་རིམས་ཞེས་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བའི་ཤེས་པ་དང་། བཟོད་པ་དང་། གྲོལ་བ་དང་། སྤོང་བ་དང་། ཁྱད་པར་དང་། བར་ཆད་མེད་པའི་ཤེས་པས་སྡུག་བསྔལ་དེ་མངོན་པར་རྟོགས་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡང་དག་པར་བཅོམ་སྟེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ནས་ཁམས་གསུམ་པར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བའི་སེམས་ཙམ་པ་འདི་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེའི་འཁོར་ལོ་དང་། བྲག་ཅ་དང་། ཆུ་ཟླ་དང་། གཟུགས་བརྙན་བཞིན་དུ་རྣམ་པར་བསྒོམས་ན། ཕུང་པོ་ལ་སོགས་པ་ 113-54b དང་། ཁམས་དང་། སྐྱེ་མཆེད་དུ་གཟུང་བ་དང་། འཛིན་པ་དང་བྲལ་ནས་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ལ་ཞུགས་ཏེ། རང་གི་སེམས་ཉིད་གཟོད་མ་ནས་སྐྱེས་པའོ་ཞེས་སྟོང་པའི་ཡེ་ཤེས་ལ་ཞུགས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཡེ་ཤེས་ཀྱི་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་ཀྱི་ རྒྱུར་གྱུར་པ་ཐབས་སྣ་ཚོགས་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་དག་གིས་ས་བཅུའི་རྟེན་ཅན་ཡེ་ཤེས་བཅུའི་དམིགས་པ་དབང་བཅུའི་འབྲས་བུ་ཅན་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་འབྱུང་གནས་ཞི་བ་ཆོས་ཀྱི་སྐུ་རྟོགས་སོ། །དེ་ བཞིན་དུ་ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་དང་། རྒྱུ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དུ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། སྤོང་བ་དང་། ཁྱད་པར་དང་། མཐོང་བ་དང་། བསྒོམ་པ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའི་རྣམ་པས་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་ པར་ཤེས་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་ནས་ཞི་བ་ཆོས་ཀྱི་སྐུ་ལ་འཇུག་གོ། །འགོག་པའི་བདེན་པ་ལ་ཡང་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། སྤོང་བ་དང་། ཁྱད་པར་དང་། མཐོང་བ་དང་། བསྒོམ་པའི་ལམ་གྱི་ རིམ་གྱིས་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡང་དག་པར་བཅོམ་པས་བར་ཆད་མེད་པ་དང་། སྤོང་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་བསྒོམས་པ་ལས་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ཏེ་ཞི་བའི་ཆོས་ཀྱི་སྐུ་འཐོབ་བོ། །རྒྱུ་དང་རྐྱེན་དང་བྲལ་བ་ལས་ལམ་གྱི་བདེན་པ་ལ་ཡང་ལམ་དང་། རིག་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པར་ཡང་དག་པར་མཐོང་ན་འདི་ལྟར་མཐོང་བ་དང་། བསྒོམ་པ་དང་། བར་ཆད་མེད་པ་དང་། སྤོང་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་གྱི་ལམ་དང་མཐུན་པར་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ཡང་དག་པར་བཅོམ་ནས། གང་ཟག་དང་ཆོས་ལ་བདག་མེད་པའི་མཉམ་པ་ཉིད་རྟོགས་པ་ལས་སྐུ་གསུམ་གྱི་རྟེན་ཞི་བ་ཆོས་ཀྱི་སྐུ་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི་ཚོགས་ཅན་ཐོག་མ་དང་། བར་དང་། ཐ་མ་དང་བྲལ་བ་དོན་ཐམས་ཅད་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པར་མཛད་པའི་ 113-55a བདག་ཉིད་བླ་ན་མེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །ཡང་སྨྲས་པ། གང་གིས་དེ་ལྟར་དེ་ཉིད་བཟོད། །དེ་ནི་ལུང་བསྟན་ཐེ་ཚོམ་མེད། །གང་གིས་དེ་ལྟར་བཤད་མ་ཐག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཉིད་བཟོད་ཅིང་འདོད་པ་ དེ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་བཟོད་པ་དང་ལྡན་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པར་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ་ཞེས་གསུངས་སོ། །དེ་སྐད་བྱམས་བདག་བདག་ཉིད་ཀྱིས། །ཤཱ་རིའི་བུ་ལ་སྨྲས་པ་དང་། །དེ་སྐད་དུ་ཤཱ་རིའི་བུས་བྱང་ཆུབ་ སེམས་དཔའ་བྱམས་པ་ལ་དྲིས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་། སཱ་ལུ་ལྗང་པ་དཔེར་མཛད་པའི་མདོ་འདི་རྒྱ་ཆེར་རྣམ་པར་ཕྱེ་ནས་བཤད་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་བཤད་པ། སཱ་ལུ་ལྗང་པ་དཔེར་མཛད་པ། །དེ་ནི་ཤཱ་རིའི་བུས་ཐོས་ནས། །ཞེས་བྱ་བ་ནི་སཱ་ ལུ་ལྗང་པ་དཔེར་མཛད་པའོ། །སྙིང་པོ་བླངས་ཏེ་ལྷ་ཚོགས་ཀྱིས། །ཞེས་བྱ་བ་ལ། སྙིང་པོ་བླངས་ཏེ་ཞེས་བྱ་བ་ནི། ཆོས་ཀྱི་དོན་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་སྙིང་པོ་བཟུང་བའོ། །ལྷ་ཚོགས་ཀྱིས་ཞེས་བྱ་བ་ནི། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་དང་བཅས་པའོ། །རྗེས་ སུ་ཡི་རངས་ཞེས་བྱ་བ་ནི་རྗེས་སུ་ཡི་རངས་ཏེའོ། །མངོན་བསྟོད་ནས་ཞེས་བྱ་བ་ནི། ཁྱོད་ཀྱིས་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་ངེས་པར་བཟུང་ཞིང་ངེས་པར་བསྐྱེད་ནས་སོ། །ལངས་ཏེ་སོང་ནས་དགའ་སེམས་ཀྱིས། །དགེ་སློང་རྣམས་ལ་བཤད་པ་ཡིན། །དེ་ཉིད་ཀྱི་ཕྱིར་ མདོ་ལས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པས་བཤད་པ་ལ་མངོན་པར་དགའ་ནས། སྟན་ལས་ལངས་ཏེ་སོང་ངོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་པ་ནི། བྱང་ཆུབ་སེམས་དཔའ་བྱམས་པ་དེ་སྐད་ཅེས་ཤཱ་རིའི་བུ་ལ་ 113-55b སྨྲས་པའོ། །ཡི་རངས་པ་ནི་ཤཱ་རིའི་བུས་དེ་ཐོས་ནས་ཡིད་དགའ་སྟེ། སེམས་མགུ་ཞེས་བྱ་བའི་ཐ་ཚིག་གོ། །སོང་ནས་དགེ་སློང་རྣམས་ལ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྨད་དུ་བྱུང་བ་ཇི་ལྟར་ཐོས་པ་བཞིན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཤད་པ་ཡིན་ནོ། །སཱ་ལུ་ལྗང་པའི་མདོ་སྡེ་ཡི། །རྒྱ་ཆེར་ བཤད་པ་རབ་བཟང་པོ། །དམན་བློས་རབ་ཏུ་རྟོགས་བྱའི་ཕྱིར། །བརྒྱ་ཕྲག་བཅུ་གཉིས་ཁོ་ནར་བྱས། །སཱ་ལུ་ལྗང་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷཱ་དང་། ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས་དང་། ཛྙཱ་ ན་ཀུ་མཱ་རས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།
Ārya-śālistambakaṭīkā 116-145b ༄། །བསྡུས་པའི་དོན།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སཱ་ལི་སྟམྦ་སྱ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་སཱ་ལུ་ལྗང་པ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་དངོས་པོ་རྟེན་འབྱུང་བསྟན་པ་ཡིས། །ཡང་དག་མཆོག་དང་མཆོག་མིན་བཀའ་སྩལ་པ། །ཆོས་ཀྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ཏེ། །སཱ་ལུ་ལྗང་པའི་དོན་ནི་ཅི་ནུས་བཤད། །མདོ་སྡེ་འཆད་པར་འདོད་པས་ཐོག་མར་ཐམས་ཅད་དུ་བསྡུས་པའི་དོན་དང་། དགོས་པ་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བའི་ལན་བརྗོད་པར་བྱའོ། །དེ་ལ་མདོ་སྡེ་འདིའི་བསྡུས་པའི་དོན་ནི། རྣམ་པ་བདུན་ཏེ། གླེང་གཞི་དང་། གླེང་བསླང་བ་དང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། 116-146a ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་དང་། མདོ་སྡེའི་དགོས་པའོ། །དེ་ལ་གླེང་གཞི་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། དེ་ཡང་ཡང་དག་པར་སྡུད་པར་བྱེད་པས། བདག་ལ་ཡིད་ཆེས་པར་བྱ་བའི་ཕྱིར། ཐམས་ཅད་དུ་སྨོས་སོ། །གླེང་བསླང་བ་ནི་མདོ་སྡེ་བཤད་པའི་ཕྱིར་སྐབས་དང་སྦྱར་བ་སྟེ། སྐབས་སུ་མ་བབ་པར་སྨྲས་ན། ཚིག་ཐམས་ཅད་འཆལ་བར་འགྱུར་ཏེ། དེའི་ཕྱིར་ཚིག་མ་འཆལ་བར་བྱ་བའི་ཕྱིར། ཐམས་ཅད་དུ་ཡང་སྐབས་དང་སྦྱར་བའོ། །ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བ་སྟེ། དེ་ཡང་ཤེས་རབ་ཀྱིས་ཤེས་པར་བྱ་བ་ཡིན་པས། ཡོངས་སུ་ཤེས་པར་བྱ་བ་ཞེས་བྱ་སྟེ། འདིས་ཀུན་ནས་ཉོན་མོངས་པའི་དེ་ཁོ་ན་ཉོན་མོངས་པ་དང་ལས་དང་ཚེའི་མཚན་ཉིད་དང་། རྣམ་པར་བྱང་བའི་དེ་ཁོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་མི་འབྱུང་བའི་མཚན་ཉིད་ཀྱང་བསྟན་ནོ། །ལམ་འདི་ཉིད་ཀྱིས་དེ་ཁོ་ན་ཡོངས་སུ་ཤེས་པས་ལམ་གྱི་རང་བཞིན་གྱི་ཆོས་ནི་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། བླ་ན་ཡོད་པ་དང་། བླ་ན་མེད་པའོ། །དེ་ལ་བླ་ན་ཡོད་པ་ནི་ཉན་ཐོས་རྣམས་ཀྱི་དགེ་སྦྱོང་གི་འབྲས་བུ་བཞི་དང་། མྱ་ངན་ལས་འདས་པའོ། །བླ་ན་མེད་པ་ནི་སངས་རྒྱས་ཉིད་དེ། དེ་གཉིས་ཀྱིས་ནི་བླང་བར་བྱ་བའི་ཡན་ལག་ཁོ་ན་ཐབས་དང་བཅས་པ་བསྟན་ཏོ། །ཇི་ལྟར་དེ་ཡོངས་སུ་ཤེས་པར་བྱ་ཞེ་ན། དོན་དམ་པ་དང་ཀུན་རྫོབ་ཏུ་སྟེ། དེ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ཏོ་ཞེས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་སོ། །དེ་ཡང་ཡོངས་སུ་ཤེས་པའི་རང་གི་འབྲས་བུ་རྣམ་གཉིས་ཐོབ་པར་བྱ་བའི་ཐབས་བསྟན་པའི་ཕྱིར་བཤད་དོ། །དགོས་པ་ནི་སྒྲིབ་པ་སྤང་བ་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ནི། མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་སྙིང་རྗེའོ། །ཤེས་རབ་ཀྱིས་ནི་འཁོར་བར་མི་ལྟུང་། སྙིང་རྗེས་ནི་འཁོར་བར་མི་གཏོང་ 116-146b ཞིང་། མྱ་ངན་ལས་འདས་པར་མི་ལྟུང་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་པ། ཤེས་རབ་ཀྱིས་འཕེལ་བར་འགྱུར་བ་དང་། འཇུག་པ་ལ་རྨོངས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འབྱུང་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའི་ ལམ་ལ་འཇུག་པ་ནི་དེའི་དགོས་པའོ། །ལམ་དེས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་གཉིས་ཡང་དག་པར་བདེ་བླག་ཏུ་སྤང་བར་འགྱུར་བས་དེ་ཡང་དེའི་དགོས་པའོ། །དགོས་པ་བརྗོད་པ་དེ་ཡང་ཉན་པ་དག་གུས་པར་ཉན་པ་དང་། ལེན་པ་ལ་སོགས་པ་ལ་གཟུད་པའི་ཕྱིར་ ཏེ། དགོས་པ་ནི་འདིར་བསྡུས་པའི་དོན་གྱི་ནང་དུ་འདུས་པས་ལོགས་ཤིག་ཏུ་མ་བཤད་དོ། །
༄། །ཚིག་གི་དོན་སོགས་རྒྱས་པར་བཤད་པ།
༈ དང་པོ། གླེང་གཞི་བསྟན་པ།
ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བའི་ལན་བརྗོད་པར་བྱ་སྟེ། དེ་དག་ཐམས་ཅད་ནི་གཞུང་དང་འོག་ནས་སྦྱར་རོ། །དེ་ལ་འདི་སྐད་ཅེས་བྱ་བ་འདིས་ནི། གསོལ་བ་བཏབ་ནས་ཡང་དག་པར་སྡུད་པར་བྱེད་པས། མདོ་སྡེའི་དོན་འོག་ནས་འབྱུང་བ་མཐའ་དག་སྟོན་ཏེ། སྐུར་པ་དང་སྒྲོ་འདོགས་པ་སྤང་བའི་ཕྱིར་རོ། །བདག་གིས་ཐོས་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་བདག་གིས་མངོན་སུམ་དུ་ཐོས་པ་དང་། རྟོགས་པ་མ་ཡིན་པར་སྟོན་ཏེ། བདག་ཉིད་ཀྱིས་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འོངས་པ་ནི་མ་ཡིན་ནོ། །ཐོས་སུ་ཟད་ཀྱི་རྟོགས་པ་མ་ཡིན་ཏེ། སངས་རྒྱས་མ་གཏོགས་པར་གཞན་གྱིས་འདི་ལྟ་བུའི་དོན་རྟོགས་མི་སྲིད་པའི་ཕྱིར་རོ། །དེ་ཡང་ཡིད་ཆེས་པར་བྱ་བའི་རྒྱུ་ཡིན་ཏེ། གཞན་དུ་ན་མི་སྲིད་པའི་དོན་སྨྲས་ན་ཡིད་ཆེས་པར་མི་འགྱུར་རོ། །དུས་གཅིག་ན་ཞེས་བྱ་བས་ནི་ཐོས་པ་ཞེས་བྱ་བ་གོང་མ་དང་སྦྱར་ཏེ། དུས་ནི་དུས་སམ་འཁོར་འདུས་པ་སྟེ། ཐམས་ཅད་དུ་ཐམས་ཅད་ན་མདོ་སྡེ་དཀོན་མཆོག་འདི་ལྟ་བུ་དག་ཤིན་ཏུ་ཐོས་པར་དཀའ་བའི་ཕྱིར་རོ། །ཡང་ན་དུས་གཅིག་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་འོག་ཏུ་སྦྱར་ཏེ། འདིས་ནི་འདུལ་བའི་བྱ་བ་མཐའ་ཡས་པའི་ཕྱིར་གཞན་གྱི་ཚེ་ན་ནི་བཅོམ་ལྡན་འདས་གཞན་ན་བཞུགས་སོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ། 116-147a རྒྱལ་པོའི་ཁབ་ཅེས་བྱ་བ་ནི་གྲོང་ཆེར་གྱི་བྱེ་བྲག་གི་མིང་སྟེ། དེ་ན་སྔོན་རྒྱལ་པོའི་མིང་བཏགས་པའི་ཁང་ཁྱིམ་དག་ལ་མི་མ་ཡིན་པ་རྣམས་མི་འཚེ་བས་དེ་དག་ལ་དེ་སྐད་བཏགས་ཞེས་གྲགས་ཏེ། དེའི་ཕྱིར་གྲོང་ཁྱེར་དེ་ལ་དེ་སྐད་ཅེས་བྱའོ། །གྲོང་ཁྱེར་ དེ་ཡང་གྲོང་ཁྱེར་མཐའ་དག་གི་ནང་ན་གཙོ་བོ་ཡིན་ལ། དེ་བཞིན་དུ་མདོ་སྡེ་འདི་ཡང་གསུང་རབ་མཐའ་དག་ལ་ཁྱབ་པར་བྱེད་པས་གཙོ་བོར་བསྟན་པའི་ཕྱིར་དེ་ཉིད་དུ་བཤད་དོ། །རྒྱལ་པོའི་ཁབ་ནི་རྒྱ་ཆེ་སྟེ། རྒྱལ་པོའི་ཁབ་ཀྱི་གང་ན་བཞུགས་གཏོལ་མེད་པས་དེའི་ཕྱིར། བྱ་ རྒོད་ཀྱི་ཕུང་པོའི་རི་ལ་ཞེས་བྱ་བ་སྨོས་ཏེ། བྱ་རྒོད་འདྲ་བར་རིའི་རྩེ་མོ་རྡོག་རྡོག་པོར་འདུག་པས་བྱ་རྒོད་ཕུང་པོའོ། །གནས་འདི་གཉིས་བརྗོད་པ་ནི། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བའི་འཇིག་རྟེན་ལ་ཕན་བཏགས་པའམ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་ པར་བསྟན་པའི་ཕྱིར་རོ། །བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བ་འདིས་ནི་དེ་ལྟར་མདོ་སྡེ་འདི་ཁོང་དུ་ཆུད་པར་དཀའ་བར་སྟོན་ཏེ། མཐོ་བར་བསྟན་པས་སོ། །རི་ཞེས་བྱ་བ་འདིས་ནི། མུ་སྟེགས་ཅན་གྱི་རླུང་གིས་མི་བསྒུལ་བ་སྟེ། མི་གཡོ་བར་བརྟན་པས་སོ། །ཆེན་པོ་ཞེས་བྱ་ བ་ནི་གྲངས་དང་མཐུ་གཉིས་ཏེ། ཉོན་མོངས་པ་བཅོམ་ཞིང་ཕྱིར་རྒོལ་བས་མི་ཕྱེད་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་ཞེས་བྱ་བ་སྟེ་འདིས་ནི་མཐུ་ཆེ་བ་བསྟན་ཏོ། །གྲངས་ཕལ་ཆེ་བར་བསྟན་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་བྱ་བ་སྟེ། དེའི་ཚེ་ན་ནི་དེ་སྙེད་ཅིག་ཡོད་དེ་འདི་ལྟར་ བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུངས་གཡོག་ལྔ་བརྒྱ་དང་། ཆུ་ཀླུང་འོད་སྲུངས་གཡོག་ཉིས་བརྒྱ་ལྔ་བཅུ་དང་། ག་ཡ་འོད་སྲུངས་གཡོག་ཉིས་བརྒྱ་ལྔ་བཅུ་དང་། འཕགས་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཡོག་འཁོར་ཉིས་བརྒྱ་ལྔ་བཅུ་བཏུལ་ནས་ཐོག་མར་རྒྱལ་པོའི་ ཁབ་ཏུ་བཞུགས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་བཤད་པ་ལ་ཅིའི་ཕྱིར་ཉན་ཐོས་རྣམས་སྨོས་ཤིང་། གང་གི་ཕྱིར་དེ་གོང་དུ་སྨོས་ཤེ་ན། ཡང་དག་པར་སྡུད་པར་བྱེད་པས་བདག་ལ་ཡིད་ཆེས་པར་བྱ་བ་བསྟན་པ་དང་། ཉན་ཐོས་རྣམས་ཀྱང་ཐེག་པ་ཆེན་པོ་ལ་འཛུད་པར་འགྱུར་བ་བསྟན་ 116-147b པ་དང་། འཁོར་གྱི་གཙོ་བོ་རྣམས་འདུལ་ཞིང་སྒོ་དེ་ནས་དེའི་འཁོར་ཐེག་པ་ཆེན་པོ་ལ་གཟུད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བསྒོམ་པ་ནི་ཐུན་མོང་བས་དེ་དག་བརྗོད་པར་རིགས་པ་ཉིད་དོ། །གོང་དུ་ཅིའི་ཕྱིར་སྨོས་ཤེ་ན། དེ་དག་རང་གི་དོན་ལྷུར་ལེན་པས། རྟག་པར་བཅོམ་ ལྡན་འདས་ཀྱི་ཞབས་འབྲིང་བྱེད་པར་བསྟན་པ་དང་། རབ་ཏུ་བྱུང་བ་ལ་གུས་པར་བྱ་བར་བསྟན་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་ལས་བྱང་ཆུབ་སེམས་དཔའ་དག་མོང་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་བསྟན་པ་ལ་དེ་དག་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་ཏུ་སེམས་ དཔས་བྱང་ཆུབ་སེམས་དཔའོ། །ཉན་ཐོས་རྣམས་ཀྱང་རང་གི་བྱང་ཆུབ་ལ་སེམས་དཔའ་ཡོད་པས་དེ་རྣམ་པར་བཅད་པའི་ཕྱིར་སེམས་དཔའ་ཆེན་པོའོ་ཞེས་བྱ་བ་སྨོས་ཏེ། ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཅེས་ བྱའོ། །དེ་ལ་ཆོས་ཆེན་པོ་ནི་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་བསྟན་པ་སྟེ། ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ནི་ཆོས་ ཟབ་ཅིང་རྒྱ་ཆེ་བ་དེ་དག་ཉིད་ལ་མོས་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྐྱེད་པར་སེམས་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་ཕྱིར་རོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་ མེད་པ་གསུམ་གྱིས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །བཞུགས་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་བཞུགས་པ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། ཆོས་འཆད་ ཅིང་བཞུགས་པ་དང་། ནང་དུ་ཡང་དག་འཇོག་ལ་ཚངས་པ་དང་། ལྷ་དང་འཕགས་པ་གནས་པའི་མཚན་ཉིད་ཀྱིས་བཞུགས་པའོ་ཞེས་བྱ་བས་ནི་བཞུགས་པར་གྱུར་ཟིན་པར་བསྟན་ཏོ། །གང་གི་ཚེ་གང་ཞིག་ན་གང་དང་ལྷན་ཅིག་བཞུགས་པ་དེ་སྨོས་པས་ནི་གླེང་གཞི་བསྟན་ཏོ། །
༈ གཉིས་པ། གླེང་བསླང་བ་བསྟན་པ།
ད་ནི་ 116-148a དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པས་གླེང་བསླང་བ་བཤད་དོ། །དེའི་ཚེ་ན་ཞེས་བྱ་བ་ནི་གང་གི་ཚེ་ན་བཅོམ་ལྡན་འདས་བཞུགས་པའོ། །ཆོས་རྣམ་པར་གཏན་ལ་དབབ་པའི་ཕྱིར་སྐྱེ་བོ་དག་གང་དུ་ལྷགས་ནས་ཉེ་བར་འགྲོ་བ་དེ་ནི་དེའི་བགྲོད་པར་བྱ་བའི་སའོ། ། ག་ལ་བ་ཞེས་བྱ་བ་ནི། ཕྱོགས་གང་ན་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པའི་སྒྲུབ་པ་བརྗོད་པའི་ཕྱིར་མཆོག་ཏུ་དགའ་བ་བསྐྱེད་པའི་གཏམ་གང་ཡིན་པ་དེ་ནི་ཀུན་དགའ་བར་བྱས་ནས་ཞེས་བྱ་བ་ནི་མཇུག་བརྟུལ་བའོ། །བྱང་ཆུབ་སེམས་དཔའ་དང་། རབ་ཏུ་བྱུང་བ་གཉིས་ཀ་ ཡང་བླ་མར་བརྗོད་པའི་ཕྱིར་ཀུན་དགའ་བའི་གཏམ་ཉིད་བྱས་ཀྱི། གཅིག་ལ་གཅིག་ཕྱག་ལ་སོགས་པ་ནི་མ་བྱས་སོ། །གཅིག་ལ་གཅིག་ཕྱག་བྱེད་ན་ནི་བླ་མ་མ་ཡིན་པ་དང་། ཐུག་པ་མེད་པར་འགྱུར་རོ། །འདུས་ཏེ་ཞེས་བྱ་བ་ནི་འདུས་ན་ཧ་ཅང་ཡང་མི་རིང་བ་ཞེས་བྱ་བའི་ཐ་ ཚིག་གོ། །རྡོ་ལེབ་ལ་འཁོད་དོ་ཞེས་བྱ་བ་ནི་དེའི་ཚེ་རྡོ་ལེབ་དང་ཡང་ཉེ་ལ། ཆོས་རྣམ་པར་གཏན་ལ་དབབ་པ་ལ་ཡང་སེམས་ཤིན་ཏུ་འདུན་པས་དེ་ཉིད་དུ་འཁོད་ཀྱི། སྟན་བཟང་པོ་ལ་ནི་མ་བསྡད་དོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །འཕགས་པ་ཤཱ་རིའི་བུ་ནི་ ཤེས་རབ་དང་ལྡན་པའི་མཆོག་ཡིན་ལ། བྱམས་པ་ཡང་བྱང་ཆུབ་ལ་ཤིན་ཏུ་ཉེ་བ་སྟེ། དེ་བས་ན་དེས་དེ་ལ་དྲི་བར་སྤྲོའི། འདིར་ཞེས་བྱ་བ་ནི་རྒྱལ་པོའི་ཁབ་བམ་ཚིག་གི་ཕྲད་དོ། །སཱ་ལུ་ལྗང་པ་ཞེས་བྱ་བ་ནི་སཱ་ལུ་ལྗང་བུའོ། །དེ་ལ་གཟིགས་པ་ནི་ཕྱིའི་རྟེན་ཅིང་འབྲེལ་ བར་འབྱུང་བ་དང་། ནང་གི་གཉིས་ཀ་བྱེ་བྲག་མེད་པར་བསྟན་པ་སྟེ། གཉིས་ཀ་བདག་མེད་པ་དང་། རྒྱུ་དང་རྐྱེན་ལ་ལྟོས་པར་འདྲ་བའི་ཕྱིར་རོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་དེ་བཤད་པས་འདུལ་བས་ན་དེ་དག་ཉིད་ལ་མདོ་འདི་བཤད་དོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཅང་ མི་གསུང་བར་གྱུར་ཅེ་ན། བདག་ལྟ་བུས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པར་མི་ནུས་མོད་ཀྱི། འོན་ཀྱང་རྟགས་དེ་བརྗོད་ན། དགེ་སློང་གང་དག་ངེད་ནི་མགོ་སྨོས་པས་གོ་བའོ་སྙམ་དུ་ང་རྒྱལ་བྱེད་པ་དེ་དག་གིས་ང་རྒྱལ་སྤང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཤིན་ 116-148b ཏུ་ཟབ་མོའི་དོན་གྱི་དགོངས་པ་ཡང་འཆད་པས་ཆེ་བ་ཉིད་བརྗོད་པ་དང་། དེ་ཙམ་གྱིས་བཤད་པའི་དགོས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དོན་ཅི་ཞེས་བྱ་བ་ནི་ལྡེམ་པོར་དགོངས་པ་དང་། དགོངས་པ་གང་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ནི་ལྡེམ་པོར་དགོངས་ པ་བཞི་དང་། དགོངས་པ་བཞིས་ཆོས་བསྟན་ཏེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང་། མཉམ་པ་ཉིད་ལ་དགོངས་པ་དང་། དོན་གཞན་ལ་ དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། གང་ཟག་ལ་དགོངས་པ་སྟེ། དེ་རྣམས་ཀྱི་ནང་ན་འདིར་གང་ལས་དགོངས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་འགལ་བ་ཅི་ཞིག་མཐོང་ན་ལྡེམ་པོར་དགོངས་པ་དང་། དགོངས་པ་རྣམས་འདྲི་ཞེ་ན། འདི་སྙམ་དུ་སེམས་ཏེ། མ་རིག་པ་ ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་པ། ཟག་པ་དང་བཅས་པའི་ཆོས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲར་གསུངས་པ། ཟག་པ་མེད་པའི་ལམ་དང་། འདུས་མ་བྱས་པ་མྱ་ངན་ལས་འདས་པ་ལ་ནི་ཆོས་ཀྱི་སྒྲར་གསུངས་པ། སངས་རྒྱས་སུ་བྱེད་པ་ཟག་པ་མེད་ པ་ཉིད་ཀྱི་ཆོས་ནི་སངས་རྒྱས་ཀྱི་སྒྲར་གསུངས་ཏེ། འདི་དག་ཐམས་ཅད་ནི་ཕན་ཚུན་རང་བཞིན་ཐ་དད་ན་ཇི་ལྟར་མི་འདྲ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་མཐོང་བར་འགྱུར་རོ། །ཇི་ལྟར་མི་འདྲ་བའི་ཆོས་མཐོང་བས་སངས་རྒྱས་མཐོང་བར་འགྱུར་ཏེ། དེའི་ ཕྱིར་གཟུགས་དང་སྒྲ་ལ་སོགས་པ་མཐོང་བ་བཞིན་དུ་འདི་ཡང་ཐ་དད་པར་འགྱུར་རོ་སྙམ་དུ་བསམས་པའོ། །ཇི་སྟེ་གཞན་ཞིག་ལ་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པར་བཞེད་པར་ལྟ་ན་ནི་དེའི་ཚད་དེ་དག་ཇི་ལྟ་བུ་ཞིག་སྙམ་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ གང་ཆོས་ནི་གང་། སངས་རྒྱས་ནི་གང་ཞེས་བྱ་བ་སྨོས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་བཞིན་དུ་བཞེད་པ་ནི་མ་ཡིན་པས་ན་དེའི་ཕྱིར། ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་དང་སངས་རྒྱས་མཐོང་ཞེས་དྲིས་སོ། །གླེང་བསླང་བ་བཤད་ 116-149a ཟིན་ཏོ། །
༈ གསུམ་པ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བསྟན་པ།
ད་ནི་འཕགས་པ་བྱམས་པས་འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་བཀའ་རྣམས་ཟློས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་ཤེས་པར་བྱ་བ་ལ་ སོགས་པའི་དོན་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་དགོངས་པ་དང་། ལྡེམ་པོར་དགོངས་པ་ཡང་འཆད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་མཆོད་པའི་ཚིག་གོ། །ཆོས་ཀྱི་བདག་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངའ་བརྙེས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཆོས་ ཐམས་ཅད་འཆད་པ་ལ་མངའ་བརྙེས་པས་ན་ཚིག་འདི་དག་ཐམས་ཅད་ཚད་མར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་སོ། །ཆོས་ཀྱི་བདག་པོར་བསྒྲུབ་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་ཐམས་ཅད་མཁྱེན་པ་དེའི་ཕྱིར་ཆོས་ཀྱི་བདག་པོ་ སྟེ། དེ་བས་ན་དེ་ནི་ཚད་མའོ་ཞེས་བྱ་བ་ནི་གྲགས་པ་སྟོན་པའོ། །སུས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་གྲགས་པ་ཡིན་ཏེ། དེ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་འདིས་ནི་མ་རིག་པ་ལ་སོགས་པའི་མཐུ་ངེས་པར་ རྒྱུ་དང་འབྲས་བུའི་དངོས་པོ་གདོན་མི་ཟ་བ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །རྒྱུ་དང་འབྲས་བུར་གྱུར་པ་དེ་ཡང་མ་རིག་པ་ལ་སོགས་པ་ལས་གུད་ན་མེད་དེ། གཞན་མ་ཡིན་ནོ་ཞེས་དེ་སྟོན་ཏོ། །མ་རིག་པ་ལ་སོགས་པ་འདི་དག་གི་མཚན་ཉིད་ནི་འོག་ནས་འཆད་པས་བདག་ གིས་འདིར་མ་བརྗོད་དོ། །འདི་འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་མང་བའོ། །ཆེན་པོ་ཞེས་བྱ་བ་ནི་ཐོག་མ་མེད་པའོ། །མ་རིག་པ་ལ་སོགས་པ་འགག་པ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཇི་ སྐད་དུ་བྱ། སྨྲས་པ་འདི་ནི་ཉེས་པ་མེད་དེ། འདིར་དེ་མེད་པར་དགག་པ་ལ་ནི་མ་རིག་པ་ལ་སོགས་པ་དགག་པའོ་ཞེས་བརྗོད་པར་བྱས་པ་མ་ཡིན་གྱི། སྨན་བཅུད་ཀྱིས་ལེན་ཟོས་པ་བཞིན་དུ་ལམ་གོམས་པར་བྱས་པའི་སྟོབས་ཀྱིས་གང་མ་རིག་པ་དང་མི་མཐུན་པའི་གནས་འབྱུང་ 116-149b བ་གང་རིག་པ་སྐྱེ་བ་དེ་ནི་འདིར་མ་རིག་པ་འགག་པ་ཞེས་ཏེ། འདིར་རམ་འདིས་མ་ཡིན་པར་གྱུར་པ་བརྗོད་པར་འདོད་པ་མ་རིག་པ་ལ་སོགས་པ་དགག་པའི་ཕྱིར་རོ། །དེ་བས་ན་གོང་ནས་གོང་དུ་འདུ་བྱེད་ལ་སོགས་པ་དང་མི་མཐུན་པའི་གནས་འབྱུང་བ་ཉིད་འདིར་འདུ་བྱེད་ལ་སོགས་ པ་འགག་པར་བལྟའོ། །གང་དག་འཁོར་བར་འཇུག་པ་དང་། ལྡོག་པ་ལ་རྨོངས་པ་དེ་རྣམས་རྨོངས་པ་དེ་དང་བྲལ་བའི་ཕྱིར་ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བ་རྣམ་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་ཏོ། །འདི་ལ་དང་པོ་གསུམ་ནི་འཕེན་པའི་ཡན་ལག་གོ། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་རྣམས་ནི་འཕགས་པའི་ཡན་ལག་གོ། །སྲེད་པ་དང་ལེན་པ་དང་སྲིད་པ་འདི་དག་ནི་མངོན་པར་སྒྲུབ་པའི་ཡན་ ལག་གོ། །སྐྱེ་བ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ། །རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ། །དེ་ལ་འཕེན་པའི་ཡན་ལག་གིས་ནི་རིང་བའི་རྒྱུ་བསྟན་ཏོ། །མངོན་པར་སྒྲུབ་པའི་ཡན་ལག་གིས་ནི་ཉེ་བའི་རྒྱུ་བསྟན་ཏོ། །དེ་གཉིས་མེད་ན་སྐྱེ་བ་འགྲུབ་པར་མི་འགྱུར་ཏེ། དེ་ བས་ན་རྣམ་པ་གཉིས་སུ་བཤད་དོ། །མ་རིག་པའི་རྒྱུ་ལས་བྱུང་བའི་ལས་ཀྱིས་རྣམ་པར་ཤེས་པ་ལ་བསྒོས་པས་མ་འོངས་པ་ན་སྐྱེ་བ་འཕངས་པར་འགྱུར་རོ། །དེ་ནས་སྲེད་པ་དང་ལེན་པ་གཉིས་ཀྱིས་ལས་དེ་བསྐུལ་བས་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་བས་ན་ གང་གིས་གང་འཕེན་ཅིང་འཕངས་པ་དེ་ཡང་གང་གིས་གྲུབ་པ་དེ་ལས་ཉེས་དམིགས་སུ་འགྱུར་བས། ཡན་ལག་བཅུ་གཉིས་ཁོ་ནར་བསྟན་པའི་ཕྱིར་ཡན་ལག་བཅུ་གཉིས་ཉིད་དུ་གྱུར་ཏེ། མི་ཉུང་མི་མང་ངོ་། །གཞན་དག་ནི་སྔ་མ་དང་བར་མ་དང་ཕྱི་མ་རྣམས་སུ་གཉིས་དང་ བརྒྱད་དང་གཉིས་གོ་རིམས་བཞིན་ཏེ། དེ་ལ་རྨོངས་པ་རྣམ་པར་བཟློག་བའི་ཕྱིར་བསྟན་པར་དུམ་བུ་གསུམ་དུ་རྣམ་པར་འཇོག་པས་ཡན་ལག་རྣམས་རྣམ་པར་བརྗོད་དོ། །ཁ་ཅིག་ན་རེ་མ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ཡང་ཐོག་མ་ཅན་དུ་འགྱུར་ལ། མ་རིག་པ་ཡང་རྒྱུ་མེད་པར་ 116-150a འགྱུར་རོ་ཞེས་ཟེར་རོ། །དེ་ཡང་མི་རིགས་ཏེ། དེའི་ཡང་གཞན་དེའི་ཡང་གཞན་དུ་བརྗོད་དགོས་པས་གང་ནས་བཟུང་སྟེ། སྐྱེ་བའི་རིམ་པ་བསྟན་པར་བརྩམ། མ་རིག་པ་རྒྱུ་མེད་པར་ཡང་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཀྱི་རིགས་མཐུན་པའི་ རྐྱེན་ལས་དེ་འབྱུང་བའི་ཕྱིར་རོ། །འདི་ལ་ཡན་ལག་རྣམས་ལ་ནི་རིགས་མཐུན་པའི་རྐྱེན་ཞེས་བརྗོད་པར་མ་ཟད་ཀྱི་རིགས་མི་མཐུན་པ་ཡང་གཏོགས་སོ། །མ་རིག་པ་ལ་ནི་རིགས་མི་མཐུན་པའི་རྐྱེན་མེད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ལ་ཡང་ དེ་རྟས་པར་བྱེད་པའི་རྒྱུ་ཉིད་དུ་མདོ་ལས་གསུངས་ཀྱི་དངོས་ཀྱི་རྒྱུ་ནི་མ་ཡིན་ནོ། །ཡང་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པས་མ་རིག་པའི་རང་བཞིན་ཁོ་ན་སྟེ་འགལ་བ་མེད་དོ། །དེ་ལྟ་བས་ན་འཁོར་བ་ལ་ཐོག་མ་ཡོད་པར་མི་ འགྱུར་ཏེ། དཔེར་ན་ས་བོན་གྱི་རྐྱེན་ལས་མྱུ་གུ་འབྱུང་བར་བརྗོད་པའི་ས་བོན་ལ་ཐོག་མ་ཡང་ཡོད་པའམ། རྒྱུ་མེད་པར་ཡང་མི་འགྱུར་བ་དེ་བཞིན་དུ་འདི་ཡང་ཀླན་ཀར་མི་འགྱུར་རོ། །གང་གི་ཕྱིར་ཡན་ལག་བཅུ་གཉིས་ཁོ་ནར་གྱུར་པ་དེ་ནི་འཕེན་པ་དང་། མངོན་པར་འགྲུབ་པའི་ ཡན་ལག་བརྗོད་པས་བདག་གིས་བཤད་པ་ཉིད་དེ་མང་དུ་བརྗོད་མི་དགོས་སོ། །ཡོངས་སུ་ཤེས་པར་བྱ་བ་བཤད་ཟིན་ཏོ། །
༈ བཞི་པ། ཡོངས་སུ་ཤེས་པ་བསྟན་པ།
ད་ནི་ཡོངས་སུ་ཤེས་པ་དང་། དེའི་འབྲས་བུ་བླ་ན་ཡོད་པ་བསྟན་པའི་ཕྱིར། ཆོས་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །འདིར་ཆོས་ཀྱང་རྣམ་པ་གཉིས་སུ་བཤད་དོ། །སྒྲུབ་པའི་ཆོས་དང་འབྲས་བུའི་ཆོས་སོ། །སྒྲུབ་པའི་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ཉིད་འདིར་ཡོངས་སུ་ཤེས་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས་འབྲས་བུའི་ཆོས་ཀྱང་རྣམ་པ་གཉིས་སུའོ། །དེ་ལ་འདུས་བྱས་ནི་དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ། །འདུས་མ་བྱས་ནི་ཉོན་མོངས་པ་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པའོ། །བསྟན་བཅོས་ལས་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་རང་བཞིན་དགེ་སྦྱོང་གི་འབྲས་བུ་རྣམ་པར་གཞག་མོད་ཀྱི། འོན་ཀྱང་ 116-150b མྱ་ངན་ལས་འདས་པ་ལོགས་ཤིག་ཏུ་བཤད་པས་བ་ལང་དང་གླང་ཞེས་བྱ་བའི་ཚུལ་དུ་འདུས་བྱས་ཉིད་དུ་གཟུང་ངོ་། །ཡང་ན་ཡོངས་སུ་དག་པའི་དེ་བཞིན་གང་ཡིན་པ་འདིར་མྱ་ངན་ལས་འདས་པར་འདོད་དེ། དེ་ལ་ཉོན་མོངས་པ་མེད་པའི་ཕྱིར་རོ། །འབྲས་བུ་འདི་བརྗོད་པ་ནི་ཉན་ཐོས་དང་ རང་སངས་རྒྱས་རྣམས་ལམ་འདི་ཉིད་ཀྱིས་གང་ཟག་དང་། ཆོས་ལ་བདག་མེད་པའི་ཚུལ་དུ་བསྒོམས་ན་འབྲས་བུ་རྙེད་པར་འགྱུར་རོ་ཞེས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་རོ། །དེ་ལ་དེ་ཁོ་ན་མ་ནོར་བའི་རང་བཞིན་དུ་རྟོག་པ་ནི་ཡང་དག་པའི་ལྟ་བའོ། །དེ་ཉིད་ལ་ཚུལ་བཞིན་དུ་རྟོག་ཅིང་ དཔྱོད་པ་ནི་ཡང་དག་པའི་རྟོག་པའོ། །དེ་ཡང་གཞན་དག་ལ་མ་ནོར་བའི་རང་བཞིན་འཆད་ཅིང་བརྫུན་ལ་སོགས་པའི་ཉེས་པ་སྤངས་པའི་ཚིག་ནི་ཡང་དག་པའི་ངག་གོ། །དེ་ནས་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་སྤངས་ཤིང་ལུས་ཀྱི་ལས་ཡོངས་སུ་དག་པ་ནི། ཡང་དག་ པའི་ལས་ཀྱི་མཐའོ། །དེ་ནས་ཚུལ་འཆོས་པ་དང་། གཞོགས་སློང་ལ་སོགས་པ་ལོག་པས་འཚོ་བའི་ཉེས་པ་སྤངས་ཤིང་ཡོངས་སུ་དག་པའི་ལུས་དང་ངག་གི་ལས་ཀུན་དུ་སྤྱོད་པ་ནི་ཡང་དག་པའི་འཚོ་བའོ། །ཉེས་པ་ལྷག་མ་རྣམས་སྤང་བའི་ཕྱིར་མངོན་པར་སྤྲོ་བ་ནི་ཡང་དག་ པའི་རྩོལ་བའོ། །དེ་ཁོ་ན་དེ་ཉིད་མི་བརྗེད་པ་ནི་ཡང་དག་པའི་དྲན་པའོ། །གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་རྣམས་མངོན་པར་སྒྲུབ་པའི་ཕྱིར་རྟག་ཏུ་མཉམ་པར་གཞག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ལམ་ལ་སྙོམས་པར་ཞུགས་པ་ལ་ཡང་དག་པའི་ངག་ལ་སོགས་པ་ཇི་ ལྟར་འབྱུང་ན། གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་འགྱུར་ཞེ་ན། འདི་ལ་ཉེས་པ་མེད་དེ། འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སྐབས་ན་རྣལ་འབྱོར་པ་དེ་ལྟ་བུའི་སོ་སོའི་རང་གི་རིག་པ་དེ་ཁོ་ན་མྱོང་བ་མྱོང་བར་ཡང་འགྱུར་ཞིང་གནས་འགྱུར་བ་ཡང་འཐོབ་ལ་ དེ་ནས་ལངས་པའི་ཚེ་ན་ཡང་དག་པའི་ངག་ལ་སོགས་པ་ལ་འཇུག་སྟེ། ལོག་པའི་ངག་ལ་སོགས་པ་ལ་མི་འཇུག་གོ། །དེ་བས་ན་རྒྱུ་ལ་འབྲས་བུ་བཏགས་ཏེ། དེ་ཡང་དག་པའི་ལྟ་བ་ལ་སོགས་པ་ཡན་ལག་རྣམ་པ་བརྒྱད་ནི་རྣམ་པར་དག་པའི་རྒྱུར་འགྱུར་བས་དེ་ལ་ལམ་ཡན་ལག་བརྒྱད་ 116-151a པ་ཞེས་བྱ་སྟེ། དེའི་ཚེ་ན་ཚིག་གཅིག་ཀྱང་མི་སྨྲ་ལ། གོས་ལ་སོགས་པ་ཡང་མི་ཚོལ་བས་དེའི་གནས་སྐབས་ན་ཡན་ལག་བརྒྱད་མི་འབྱུང་སྟེ། འགལ་བའི་ཕྱིར་རོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་ མྱོང་བ་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་རྟོགས་པའི་དེ་ཁོ་ན་རྣམ་པར་གཞག་ནས་ཚིག་ཏུ་འདོན་པའི་ཕྱིར་རོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་ པའི་ཡན་ལག་སྟེ། དེ་དག་གོ་རིམས་བཞིན་དུ་རྣལ་འབྱོར་པའི་ལྟ་བ་དང་། ཚུལ་ཁྲིམས་དང་། ཡོ་བྱད་བསྙུངས་པ་རྣམ་པར་དག་པར་གཞན་དག་ཡིད་ཆེས་པར་འགྱུར་ཏེ། འདྲི་བའི་ལན་ལེགས་པར་ལྡོན་པར་ཡང་དག་པའི་ངག་གིས་ལྟ་བ་རྣམ་པར་དག་པར་ཡིད་ཆེས་སོ། །ཡང་ དག་པའི་ལས་ཀྱི་མཐའ་བྱ་བ་མ་ཡིན་པ་མི་བྱེད་པས་ཚུལ་ཁྲིམས་རྣམ་པར་དག་པར་རོ། །ཡང་དག་པའི་འཚོ་བས་གོས་ལ་སོགས་པ་ཆོས་བཞིན་ཚོལ་བས་ཡོ་བྱད་བསྙུངས་པ་རྣམ་པར་དག་པར་རོ། །འདི་དག་ནི་གོ་རིམས་བཞིན་དུ། ངག་དང་ལུས་དང་གཉི་གའི་ལས་ཀྱི་རང་ བཞིན་ནོ། །ཡང་དག་པའི་རྩོལ་བས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། །ཡང་དག་པའི་དྲན་པ་ནི་བྱིང་བ་དང་རྒོད་པ་ཉེ་བའི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དྲན་པ་ཉེ་བར་གཞག་པས་ཡང་ དག་པར་མཚན་མ་རྟོག་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐབས་མེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་ཁྱད་པར་མངོན་པར་སྒྲུབ་པ་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་ ཕྱིར་རོ། །
༈ ལྔ་པ། ཡོངས་སུ་ཤེས་པའི་འབྲས་བུ་བསྟན་པ།
ད་ནི་ཡོངས་སུ་ཤེས་པའི་འབྲས་བུ་བླ་ན་མེད་པ་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན་ཞེས་བྱ་བའི་ལན་དུ་སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་གི་དངོས་པོ་རྣམས་མ་ལུས་པར་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ 116-151b ལོག་པར་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་གཞག་པ་བཞིན་དུ་གཟིགས་པ་སྟེ། དེས་དངོས་པོ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་ན་སངས་རྒྱས་ཞེས་བྱ་བར་སྦྱར་རོ། །གཟིགས་ཞེས་བྱ་བ་ནི་ལུས་དང་མིག་ཡོད་ན་འགྲུབ་པོ་ཞེ་ན། ཆོས་ཐམས་ཅད་ནི་མིག་ཡུལ་དུ་མི་ རུང་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་དེས་དེ་དག་ཅེས་བྱ་བ་གསུངས་ཏེ། དེས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་དག་ཅེས་བྱ་བ་ནི་ཆོས་རྣམས་སོ། །འཕགས་པའི་ཤེས་རབ་ཀྱི་སྤྱན་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་ཀྱི་ཤའི་མིག་ གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་བླ་ན་མེད་པས་ན་ཆོས་ཐམས་ཅད་ཡུལ་དུ་རུང་ངོ་ཞེས་དགོངས་པའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་སམ། ཡོངས་སུ་དག་པའི་དེ་ བཞིན་ཉིད་དེ་སྐུ་ནི་ཆོས་ཀྱི་སྐུའོ། །དེ་ཡང་བླ་ན་མེད་པའི་ཤེས་རབ་ཀྱི་སྤྱན་གྱི་རྒྱུའོ་ཞེས་བྱ་བ་བསྟན་པའི་ཕྱིར་སྨོས་སོ། །ཆོས་ཀྱི་སྐུ་དང་ལྡན་པས་གཟིགས་སོ་ཞེས་ལྡན་པའི་ཚིག་ནི་ཁོང་ནས་དབྱུང་བར་སྦྱར་རོ། །བྱང་ཆུབ་བྱེད་པ་ཞེས་པ་ནི་བྱང་ཆུབ་རྣམ་པ་གསུམ་གདགས་ པའི་རྒྱུའོ། །སློབ་པ་དང་མི་སློབ་པ་ནི་མཚོན་པ་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གཟིགས་པ་ཉིད་དོ། །དེས་འཇིག་རྟེན་ལས་འདས་པའི་སློབ་པ་དང་མི་སློབ་པའི་ཆོས་རྣམས་ཀྱང་གཟིགས་ན་དེ་མ་ཡིན་པ་གཞན་ལྟ་ཅིའི་ཕྱིར་མི་གཟིགས་ཞེས་བསྟན་ པའི་ཕྱིར་སློབ་པ་དང་མི་སློབ་པ་སྨོས་སོ། །
༈ དྲུག་པ། དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་བསྟན་པ།
ད་ནི་བཅོམ་ལྡན་འདས་ཀྱིས་གང་ལ་དགོངས་ཏེ་གསུངས་པ་དེ་བསྟན་པ་དང་དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཕྱིར། དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་གསུངས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་གཉིས་སུ་ཤེས་པར་བྱ་སྟེ། སྒྲོ་འདོགས་པ་དང་སྐུར་པའི་མཐའ་སྤངས་པའི་ཕྱིར་རོ། །དོན་དམ་པའི་ཚུལ་ཁོ་ན་བསྒོམས་ན་ནི་སྐུར་པའི་མཐར་ལྟུང་ཞིང་ཆད་པར་ལྟ་བའམ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་གནས་པར་འགྱུར། 116-152a ཀུན་རྫོབ་ཀྱི་ཚུལ་ཁོ་ནར་བསྒོམས་ན་ནི་སྒྲོ་འདོགས་པའི་མཐར་ལྟུང་བས་གཉི་གའི་ཚུལ་དུ་བསྒོམས་ན་མཐའ་གཉིས་སྤངས་པས་དབུ་མའི་ལམ་ལ་ཞུགས་པར་འགྱུར་རོ། །དེ་ལ་མ་རིག་པ་ལ་སོགས་པ་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་བཞིན་རྒྱུ་རྐྱེན་ལ་ལྟོས་པ་ ཡིན་མོད་ཀྱི། དུས་གསུམ་དུ་ཡང་གང་མ་སྐྱེས་པ་དེ་ནི་འདིར་དོན་དམ་པའི་ཚུལ་ཏེ། དེ་སྐད་དུ་མི་སྐྱེ་བའི་ཆོས་ནི་བདེན་གྱི་ཆོས་གཞན་ནི་བརྫུན་ནོ་ཞེས་གསུངས་སོ། །དེ་ཡང་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའོ། །བརྗོད་པ་ ནི་ཀུན་རྫོབ་འབའ་ཞིག་ཏུ་བཅོམ་ལྡན་འདས་ཀྱིས་དེ་སྟོན་ཏེ། དེ་བསྟན་པའི་ཕྱིར་འདི་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ། །དུས་ཐམས་ཅད་དུ་འདི་ལྟར་སྐྱེ་བ་མེད་པའི་ཆོས་སུ་གསུངས་པ་དང་ལྡན་པས་ན་བརྟག་པའོ། །འདིས་ ནི་དུས་གསུམ་ཡང་དོན་དམ་པར་རོ་གཅིག་པས་འགྱུར་བ་མེད་པར་བསྟན་ཏོ། །གལ་ཏེ་དེ་ལྟ་ན་བདག་ཏུ་སྨྲ་བ་དང་གཉིས་འདྲ་བར་འགྱུར་བས་སྲོག་མེད་པ་ཞེས་བྱ་བ་གསུངས་ཏེ། རང་གིས་བདག་གི་རང་བཞིན་མ་ཡིན་པའི་ཕྱིར་ཏེ། འཚོ་བས་ན་བདག་ཁོ་ན་ལ་སྲོག་ཅེས་གཞན་དག་གིས་ བརྟགས་པའི་ཕྱིར་རོ། །སྲོག་དང་བྲལ་བ་ཞེས་བྱ་བ་ནི་དེ་དང་ཐ་དད་པ་སྲོག་ཅེས་བརྗོད་པའི་བདག་གིས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །འདིས་ནི་རྟག་པ་ཡིན་མོད་ཀྱི། དེ་བདག་དང་བྲལ་བས་བདག་དང་མི་འདྲའོ་ཞེས་བསྟན་ཏེ། བདག་མེད་པ་ཁོ་ན་ལ་རྟག་པར་ཕ་རོལ་དག་ གིས་བརྟགས་པའི་ཕྱིར་ཏེ། དེ་བས་ན་དེ་བདག་དང་འདྲ་བར་མི་འགྱུར་བར་དགོངས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དོན་དམ་པའི་ཚུལ་དུ་བདག་བཞིན་དུ་རྟག་པར་ཡོངས་སུ་བརྟགས་པ་མ་ཡིན་པར་བསྟན་པའི་ཕྱིར། ཇི་ལྟ་བུ་ཉིད་ཅེས་བྱ་བ་གསུངས་ཏེ། མ་བརྟགས་ པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་མ་བརྟགས་ཞེས་བྱ་བའི་གཏན་ཚིགས་བསྟན་པའི་ཕྱིར་མ་ནོར་བ་ཞེས་བྱ་བ་གསུངས་སོ། །དེ་ནི་འདི་ལྟར་ཚད་མས་མ་ནོར་བར་བསྒྲུབས་ཏེ། དེའི་ཕྱིར་བརྟགས་པ་མ་ཡིན་པའོ། །འདིས་ནི་དེ་ཕྱིན་ཅི་མ་ལོག་པར་གྲུབ་པར་བསྟན་ཏོ། །འདི་ 116-152b སྐྱེས་པའི་ཕྱིར་ཇི་ལྟར་མ་སྐྱེས་པའི་ཚུལ་དུ་རྟག་པ་དང་ལྡན་སྙམ་པ་ལ་མ་སྐྱེས་པ་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་ན་འདི་ལ་གང་སྐྱེས་པའི་རང་བཞིན་གང་ཡང་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་དགོངས་པའོ། །དེ་སྐད་དུ། རྐྱེན་རྣམས་ལས་གང་བྱུང་བ་དེ་མ་ སྐྱེས། །དེ་ནི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །ཅེས་གསུངས་སོ། །གལ་ཏེ་དེ་ད་ལྟར་མ་སྐྱེས་སུ་ཟིན་ཀྱང་སྔོན་སྐྱེས་པས་ན་བྱུང་བ་དང་ལྡན་ནོ་སྙམ་པ་ལ། མ་བྱུང་བ་ཞེས་བྱ་བ་གསུངས་ཏེ། སྔོན་ཡང་དོན་དམ་པར་ད་ལྟར་གྱི་དུས་བཞིན་དུ་མ་བྱུང་བར་དགོངས་པའོ། །གལ་ཏེ་དེ་རང་ གིས་བྱུང་བ་མེད་པས་མ་སྐྱེས་པ་དང་། མ་བྱུང་བ་དང་ལྡན་པ་ཡང་དབང་ཕྱུག་ལ་སོགས་པ་གཞན་གྱིས་བྱས་པ་དང་ལྡན་པ་མ་ཡིན་ནམ་སྙམ་པ་ལ་མ་བྱས་པ་ཞེས་བྱ་བ་གསུངས་ཏེ། དེའི་རྒྱུ་རྟག་པ་ཅི་ཡང་མེད་དེ། རིམ་དང་རིམ་མ་ཡིན་པར་དོན་བྱེད་པ་འགལ་བའི་ཕྱིར་རོ་ ཞེས་དགོངས་པའོ། །འདིས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་བཀག་གོ། །གལ་ཏེ་དབང་ཕྱུག་ལ་སོགས་པས་མ་བྱས་པས་ཀྱང་འདི་རྒྱུ་དང་རྐྱེན་རྣམས་འདུས་པས་བྱས་པའི་ཕྱིར་བྱས་པ་ཉིད་དོ་སྙམ་པ་ལ་འདུས་མ་བྱས་པ་ཞེས་བྱ་བ་གསུངས་ཏེ། གང་དག་གིས་དེ་བྱེད་པའི་རྒྱུ་དང་རྐྱེན་ཀྱང་ དོན་དམ་པར་མེད་དེ། དེར་ཡང་བརྟག་ཅིང་བརྒལ་བར་མཐུན་པའི་ཕྱིར་རོ། །དེ་དག་ཀྱང་མངོན་པར་འདུ་བྱེད་ཅིང་བྱེད་པ་མ་ཡིན་ཏེ། ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ། །གཞན་ལས་ཀྱང་མ་ཡིན་ཏེ། མཉམ་པའི་དུས་སམ། ཐ་དད་པའི་དུས་ན་དངོས་པོ་རྣམས་ དོན་དམ་པར་སྐྱེ་བ་མི་སྲིད་དོ། །ཇི་སྟེ་ཕྱོགས་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེས་པ་ལ་སོགས་པའི་ཆོས་དང་ལྡན་པར་མ་གྱུར་ཀྱང་། ཅི་སྟེ་ན་ཕྱོགས་གཞན་དུ་སྐྱེ་བར་འགྱུར་རོ་སྙམ་པ་ལ་ཐོགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། དངོས་པོ་མཐའ་དག་ལ་སྟོང་པ་ཉིད་ཀྱིས་ ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་མེད་པ་འདི་ནི་ཐམས་ཅད་དུ་ཐོགས་པ་མེད་དོ། །འདིས་ནི་ཐམས་ཅད་དུ་འགྲོ་བ་བསྟན་ཏེ། ཇི་སྐད་དུ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན། ཇི་སྐད་ 116-153a གསུངས་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་ཀྱིས། དེ་ལྟར་ཅིའི་ཕྱིར་མི་ཤེས་སྙམ་པ་ལ་དམིགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པའི་ཕྱིར་རོ། །དེ་བས་ན་གཟུང་བ་དང་ འཛིན་པ་ལ་མངོན་པར་ཞེན་པའི་ཤེས་པ་རྣམས་ཀྱིས་དེ་ཤེས་པར་མི་ནུས་སོ། །འོན་ཀྱང་དེ་དམིགས་པ་མེད་ཀྱང་སྤྲོས་པ་མེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་སྟེ། དེ་ཡང་ཆོས་གང་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ་ཞེས་བྱ་བར་སྦྱར་རོ། ། ཅིའི་ཕྱིར་ཡང་འདི་སྐད་དུ་གསུངས་པ་བཞིན་དུ་དོན་དམ་པའི་ཚུལ་དུ་བསྒོམ་པར་བྱ་སྙམ་པ་ལ་ཞི་བ་ཞེས་བྱ་བ་གསུངས་ཏེ། དོན་དམ་པའི་ཚུལ་དུ་བསྒོམས་ན་གནོད་པ་ཐམས་ཅད་བྲལ་བས་ཞི་བའོ། །ཕྱིན་ཅི་ལོག་ནི་ཀུན་ནས་ཉོན་མོངས་པ་མཐའ་དག་གི་རྩ་བ་ཡིན་པས་ན་དེའི་ཕྱིར་དེ་ དོན་དམ་པའི་ཚུལ་དུ་བསྒོམས་ན་ཀུན་ནས་ཉོན་མོངས་པ་མཐའ་དག་ཉེ་བར་ཞི་བར་འགྱུར་གྱི་ཀུན་ནས་ཉོན་མོངས་པ་སྤོང་བར་འདོད་པ་རྣམས་ཀྱིས་དེ་ལྟར་སྒོམས་ཤིག་ཅེས་དགོངས་པའོ། །ཇི་སྐད་དུ། རྟོག་པ་རྣམས་ཀྱིས་འཇིག་རྟེན་དོན། །འཇིག་རྟེན་བཞིན་དུ་ཤེས་པར་ བྱ། །ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས་བཙལ་བར་བྱ། །ཞེས་བཤད་པ་ལྟ་བུའོ། །གང་ལ་བདག་མེད་བདག་གི་མེད། གཟུང་བ་མེད་ཅིང་འཛིན་པ་མེད་པ་ནི་མྱོང་བ་ཐ་སྙད་བཏགས་པ་ཐམས་ཅད་ལས་ལོག་པས་ཤིན་ཏུ་འཇིགས་པ་སྐྱེ་སྟེ། དེའི་ ཕྱིར་སུ་ཞིག་དེ་དེ་ལྟར་བསྒོམ་པར་སྤྲོ་སྙམ་པ་ལ་འཇིགས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལ་འཇིགས་པ་མེད་པའི་ཕྱིར་རོ། །དངོས་པོ་དང་བདག་ཏུ་མངོན་པར་ཞེན་པ་ནི་འཇིགས་པ་ཐམས་ཅད་ཀྱི་རྩ་བར་འགྱུར་གྱི། འདི་ལ་དོན་དམ་པ་མཐོང་ན་དངོས་པོ་ཐམས་ཅད་ལ་ མངོན་པར་ཞེན་པ་ལྡོག་སྟེ། དེ་བས་ན་འདི་དོན་དམ་པའི་ཚུལ་དུ་བསྒོམས་ན་འཇིགས་པ་ཐམས་ཅད་རྩ་བ་ནས་གཅོད་པར་འགྱུར་གྱི། དེ་ལྟར་སྒོམས་ཤིག་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དོན་དམ་པའི་ཚུལ་དུ་མཐོང་ན་ཡང་ཕྱིས་མི་དགེ་བའི་གྲོགས་དང་ 116-153b ཕྲད་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསྒོམ་པས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་རྒྱུར་འགྱུར་ཏེ། འཇིགས་པ་དང་བཅས་པའི་རྒྱུར་འགྱུར་རོ་སྙམ་པ་ལ་མི་འཕྲོགས་པ་ཞེས་བྱ་བ་གསུངས་ཏེ། དོན་དམ་པ་མཐོང་བ་ནི་སུས་ཀྱང་བསླུ་བར་མི་ནུས་ཏེ། དེས་ན་འཕྲོགས་པར་མི་འགྱུར་རོ། །གལ་ཏེ་དེ་ཁོ་ན་མཐོང་བ་ལ་སུས་ཀྱང་བསླུ་བར་མི་ཟུག་ཏུ་ཟིན་ཀྱང་། ཡང་བདག་ཉིད་ཕྱིན་ཅི་ལོག་ལ་ཀུན་དུ་སྤྱོད་པས་འཕྲོགས་པར་འགྱུར་རོ་སྙམ་པ་ལ། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་ཞེས་བྱ་བ་གསུངས་ཏེ། རང་བཞིན་གང་ལ་ཉོན་མོངས་ པ་རྣམས་གཉེན་པོས་ཞི་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྣམ་པར་ཞི་བའི་རང་བཞིན་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ཉེ་བར་ཞི་བ་མ་ཡིན་པའི་རང་བཞིན་དེ་ནི་ཉེ་བར་ཞི་བ་མ་ཡིན་པའི་རང་བཞིན་ཏེ། དེ་ནི་འདི་སྐད་དུ་འདི་ལ་གཉེན་པོའི་སྟོབས་ཀྱིས་ཕྱིན་ཅི་ལོག་གི་རང་ བཞིན་ཉེ་བར་ཞི་བར་བྱ་བ་མེད་དེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ལས་ཕྱིན་ཅི་ལོག་གཟོད་མ་ཉིད་ནས་མ་སྐྱེས་པའོ་ཞེས་བསྟན་པར་འགྱུར་རོ། །དེ་སྐད་དུ་ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསྐྱེད་པ་ཡང་མེད། སངས་རྒྱས་རྣམས་ ཀྱིས་བཀག་པ་ཡང་མེད་ཅེས་གསུངས་སོ། །ཡང་དག་པ་ལ་ཡང་དག་པར་ལྟ་བ་འབའ་ཞིག་ཏུ་ཟད་དེ། འདི་ལ་གཞག་པར་བྱ་བའམ་གསལ་བར་བྱ་བ་གང་ཅུང་ཟད་ཀྱང་མེད་དོ། །དེ་སྐད་དུ་འཕགས་པའི་བདེན་པ་གཉིས་ལ་འཇུག་པ་ལས་ཀྱང་རྨི་ལམ་ན་སྦྲུལ་གྱིས་ ཟིན་པའི་དུག་ཉེ་བར་ཞི་བ་བཞིན་དུ་ཉོན་མོངས་པ་ཡང་ཉེ་བར་ཞི་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ཁོ་ན་གོམས་པར་གྱུར་ན་རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་དབྱིངས་རྟོགས་པས་ནོར་པའི་ས་བོན་མེད་པའི་ཕྱིར་རོ། །དེ་ཁོ་ནའི་བདག་ཉིད་དུ་གནས་ པས་གློ་བུར་གྱི་ཉོན་མོངས་པ་འབྱུང་བའི་སྐབས་མེད་དོ། །ཁ་ཅིག་ལས་ནི་རྣམ་པར་ཞི་བ་དང་བཅས་པའི་རང་བཞིན་ཞེས་ཀྱང་འབྱུང་སྟེ། མ་རིག་པ་ལ་སོགས་པ་རང་བཞིན་གྱིས་གཟོད་མ་ནས་ཞི་བའི་རང་བཞིན་གང་ཡིན་པ་དེ་ནི་རྣམ་པར་ཞི་བ་དང་བཅས་པའོ། །རང་བཞིན་གྱིས་ 116-154a རྣམ་པར་ཞི་བ་དང་ལྷན་ཅིག་པས་ན་རྣམ་པར་ཞི་བ་དང་བཅས་པའི་རང་བཞིན་གང་ལ་ཡོད་པ་ཞེས་བྱ་བའི་ཚིག་རྣམ་པར་སྦྱར་རོ། །གང་གིས་རྣམ་པ་འདི་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཇི་སྐད་གསུངས་པའི་སྒྲུབ་པའི་ཆོས་དང་འབྲས་ བུའི་ཆོས་མཐོང་བ་སྟེ། ཐམས་ཅད་ཀྱང་དོན་དམ་པར་རོ་གཅིག་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་ཇི་སྐད་གསུངས་པའི་དོན་དམ་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སུས་ཇི་སྐད་གསུངས་པའི་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་དེས་དེ་ལྟར་མཐོང་སྙམ་པ་ལ་བཅོམ་ལྡན་འདས་ཀྱིས་འདིར་འཕགས་པའི་ཆོས་མངོན་པར་རྟོགས་ཏེ་ཡང་དག་པའི་ཡེ་ཤེས་དང་ལྡན་པས་ཞེས་གཏན་ཚིགས་གསུངས་ཏེ། འདི་ནི་འདིར་མཐོང་བའི་གཏན་ ཚིགས་སོ། །སུས་ཇི་སྐད་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོང་དུ་ཆུད་པ་དེ་ནི་འཕགས་པའི་ཆོས་མངོན་པར་རྟོགས་པ་སྟེ། དོན་དམ་པའི་ཆོས་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །གང་དོན་དམ་པའི་ཆོས་ཁོང་དུ་ཆུད་པ་དེ་ནི་ཡང་དག་པའི་ཡེ་ཤེས་དང་ལྡན་ པའོ། །གང་ཡང་དག་པའི་ཡེ་ཤེས་དང་ལྡན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་གནས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཆོས་དང་། སངས་རྒྱས་རྣམས་ལ་ཐ་དད་དུ་དམིགས་པ་མེད་དོ། །དེ་ལྟ་བས་ན་འཕགས་པའི་ཆོས་མངོན་པར་རྟོགས་ན་ཡང་དག་པའི་ཡེ་ ཤེས་དང་ལྡན་པའི་ཕྱིར་རྣལ་འབྱོར་པ་དེས་ཇི་སྐད་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ན་ཆོས་དང་སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་མཉམ་པ་ཉིད་ལ་དགོངས་པ་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ལྡེམ་པོར་ དགོངས་པར་བཅོམ་ལྡན་འདས་ཀྱིས་གསུངས་པས། བཅོམ་ལྡན་འདས་ཀྱི་བཀའ་ལ་འགལ་བ་མེད་པར་དགོངས་སོ། །གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དོན་དམ་པར་རྒྱུ་དང་རྐྱེན་རྣམས་ཀྱིས་འདུས་བྱས་པ་མ་ཡིན་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྙམ་དུ་སེམས་ 116-154b པ་ལ་དེའི་ཕྱིར་ཀུན་རྫོབ་ཀྱི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་བསྟན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་ཞེས་བྱ་བ་གསུངས་ཏེ། འདིར་ལན་དུ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །འདི་སྙམ་དུ་སེམས་ ཏེ་དོན་དམ་པར་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་མ་སྐྱེས་པ་ཡིན་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་དང་། གཟུགས་བརྙན་ལྟ་བུར་རྒྱུ་དང་རྐྱེན་སྣ་ཚོགས་སོ་སོར་ངེས་པ་ལ་ལྟོས་པ་ཐ་སྙད་བཏགས་པར་ཡོད་པ་ཉིད་དེ། དེའི་ཕྱིར་གསུང་རབ་དང་འཇིག་རྟེན་དུ་རྣམ་པར་གཞག་པ་མཐའ་དག་ མི་འགལ་བ་ཉིད་དོ་སྙམ་མོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཏུ་ཇི་ལྟར་མུ་སྟེགས་ཅན་རྣམས་ཀྱིས་འདི་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལ་སོགས་པའི་མཚན་ཉིད་དུ་ཡོངས་སུ་བརྟགས་པ་དེ་ལྟར་མེད་པས་མུ་སྟེགས་ཅན་གྱི་ལྟ་བ་མ་ལུས་པ་དགག་པའི་ཕྱིར་འདི་ལ་མཚན་ཉིད་རྣམ་པ་ལྔ་རྣམ་པར་ གཞག་སྟེ། རྒྱུ་དང་བཅས་པ་ལས་བྱུང་བའི་མཚན་ཉིད་དང་། མི་རྟག་པ་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་དང་། བདག་མེད་པར་འབྱུང་བའི་མཚན་ཉིད་དང་། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ། །དེ་ལ་རྒྱུ་དང་བཅས་ རྐྱེན་དང་བཅས་ཞེས་བྱ་བ་འདིས་ནི། མཚན་ཉིད་དང་པོ་བསྟན་ཏེ། འདིས་ནི་རྒྱུ་མེད་པར་ལྟ་བ་བསྩལ་ཏོ། །རྒྱུ་དང་བཅས་པར་གྱུར་ཀྱང་འབྲས་བུ་མེད་པའི་རྐྱེན་དུ་ཇི་ལྟར་འགྱུར་སྙམ་པ་ལ་མདོར་ཞེས་བྱ་བ་གསུངས་ཏེ། འདི་གང་གི་རྐྱེན་ཡིན་པ་དེའི་རྐྱེན་འདི་ཞེས་བྱ་བ་སྟེ། དེའི་དངོས་པོ་ནི་ རྐྱེན་འདི་ཉིད་དོ། །གང་གིས་གང་གི་འབྲས་བུ་དེ་ཉིད་ཁོང་དུ་ཆུད་པར་བྱེད་པ་དེ་ནི་རྐྱེན་དེའི་འབྲས་བུའོ། །དེ་ནི་འདི་སྐད་དུ་རྐྱེན་འདི་ཡོད་ན་འབྲས་བུ་འདི་འབྱུང་ངོ་ཞེས་བསྟན་པར་འགྱུར་ཏེ། དེ་ཙམ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲར་བརྗོད་པར་འདོད་དོ། །དེ་ལ་སྒྲ་བསྒྲུབ་པ་ནི་ཅི་ དགར་ཟད་དེ། དོན་དུ་འགལ་བ་མེད་དོ། །དེ་ཅིའི་ཕྱིར་འདི་རྒྱུ་དང་བཅས་པར་བཤད་སྙམ་པ་ལ་དེ་ལ་བྱུང་ཡང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཉིད་འདི་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དོ། །ཆོས་གནས་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་ 116-155a སུ་གཏོགས་པ་སྟེ། ཁ་ཅིག་གང་གིས་དོན་རྟོགས་པར་འགྱུར་བའི་སྐྱེ་བོ་ཉེ་བར་གནས་པ་མཐའ་དག་ལ་ཕན་གདགས་པའི་ཕྱིར་རྣམ་གྲངས་སུ་བརྗོད་དོ། །གནས་པ་ཁོ་ན་གནས་པ་ཉིད་དེ་གནས་པར་གནས་པ་ཞེས་བྱ་བར་ཟད་དོ། །ཆོས་ངེས་པར་གྱུར་པ་ཉིད་ཅེས་བྱ་ བ་ནི་མི་འགྱུར་བ་ཁོ་ན་སྟེ། སོ་སོ་ངེས་པའི་རྒྱུ་ལ་ལྟོས་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྟེན་ཅིང་འབྲེལ་བར་འབྱུང་བར་མཐུན་པ་ཞེས་བྱ་བ་ནི་ནམ་ཡང་རྒྱུ་དང་རྐྱེན་ལ་མ་བརྟེན་པར་འབྱུང་བ་གང་ཡང་མེད་དེ། རྟག་ཏུ་རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ བཞིན་ཉིད་ནི་དེ་ལྟ་བུ་ཁོ་ན་བསྒོམ་པའོ། །ཡང་ན་དེ་བཞིན་ཉིད་ཁོང་དུ་ཆུད་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ནི་ལོག་པ་ཉིད་དགག་པའི་ཕྱིར་རོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་གྱ་གྱུ་སྤང་བའི་ཕྱིར་ཏེ། གལ་ཏེ་དངོས་པོ་ལ་ལ་ཞིག་རྟེན་ ཅིང་འབྲེལ་པར་འབྱུང་བ་མ་ཡིན་པར་གྱུར་ན་དེའི་ཚེ་གྱ་གྱུར་འགྱུར་རོ། །དེ་ནི་མེད་དེ། དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ། །ཡང་དག་པ་ཉིད་ཅེས་བྱ་བ་ནི་ཚད་མ་དང་ལྡན་པ་སྟེ། མི་སླུ་བའི་ཕྱིར་རོ། །བདེན་པ་ཁོ་ན་ཞེས་བྱ་བ་ནི་འཕགས་པའི་ བདེན་པར་གཏོགས་པའི་ཕྱིར་རོ། །མ་ནོར་བ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་མ་བརྟགས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །ཡང་ན་ཚིག་སྔ་མ་སྔ་མ་དག་ཕྱི་མ་ཕྱི་མས་བཤད་པར་སྦྱར་རོ། །གཉིས་ཀྱི་ཕྱིར་ཞེས་བྱ་བ་ལ་ སོགས་པས་ནི་མཚན་ཉིད་གཉིས་པ་སྟོན་ཏོ། །འབྲེལ་པ་ནི་དེ་ལ་རག་ལུས་ནས་འབྱུང་བ་སྟེ། མི་རྟག་པ་དུ་མའི་རྒྱུ་བསྟན་པ་འདིས་ནི་རྟག་པ་གཅིག་པུ་ཞེས་བྱ་བ་མི་མཐུན་པའི་རྒྱུ་སེལ་ཏོ། །འདི་ལ་རྒྱུ་ནི་ལེན་པའི་རྒྱུ་སྟེ། ཐུན་མོང་མ་ཡིན་པའི་ཕྱིར་རོ། །རྐྱེན་རྣམས་ནི་ལྷན་ཅིག་བྱེད་ པའི་རྒྱུར་འདོད་དེ། ཐུན་མོང་པའི་ཕྱིར་རོ། །མཚན་ཉིད་གསུམ་པ་བསྟན་པའི་ཕྱིར། དེ་ཡང་ཕྱིའི་དང་ནང་གི་རྣམ་པ་གཉིས་སུ་བལྟའོ་ཞེས་བྱ་བ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་དང་འབྲེལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་བྱས་པ་རྣམས་ནང་གི་སྐྱེ་མཆེད་ 116-155b རྣམས་ལ་ནི་བདག་ཏུ་མངོན་པར་ཞེན། ཕྱིའི་སྐྱེ་མཆེད་རྣམས་ལ་ནི་བདག་གིར་མངོན་པར་ཞེན་ཏེ། གཉི་ག་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་གཉིས་སུ་བསྟན་ཏེ། བདག་མེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱི་ནང་མཚུངས་པའི་ ཕྱིར་རོ། །བདག་ཡོད་ན་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བར་མི་རུང་སྟེ། བདག་བྱིན་གྱིས་རློབ་པ་རྟག་ཏུ་ཉེ་བར་གནས་པ་དང་། དེའི་རང་བཞིན་དུ་གྱུར་པས་དེ་བཞིན་དུ་རྟག་ཏུ་ཡོད་པར་འགྱུར་རོ། །འདི་ལྟ་སྟེ། ས་བོན་ལས་མྱུ་གུ་ཞེས་བྱ་བ་ལ་སོགས་པས་ནི་ཕྱི་རོལ་ གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་བཞི་པ་སྟོན་ཏེ། ས་བོན་ལ་སོགས་པ་སོ་སོར་ངེས་པའི་རྒྱུར་བརྗོད་པའི་ཕྱིར་རོ། །རྒྱུ་འདི་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཀྱིས་ནུས་པར་བསྟན་པའི་ཕྱིར་རོ། །དེའི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་མི་འགྱུར་ཏེ། ནུས་པ་སོ་སོར་ ངེས་པའི་ཕྱིར་རོ་ཞེས་དགོངས་པའོ། །རྟག་པ་ལ་ནི་རྗེས་སུ་འགྲོ་བ་དང་། ལྡོག་པ་མེད་པས་དེའི་ཕྱིར་གང་དག་རྟག་པ་ནུས་པ་མེད་པ་ལས་འབྲས་བུ་འབྱུང་བར་བརྗོད་པ་དེ་དག་བསྩལ་ཏོ། །དེ་ལ་ས་བོན་ནི་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་ལྔ་པ་སྟོན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དངོས་པོ་རྣམས་ཀྱི་རྒྱུ་ཡོད་ཀྱི་བྱེད་པ་མེད་པར་བསྟན་པར་འགྱུར་རོ། །བྱེད་པ་རྒྱུ་ཡིན་ན་དངོས་པོ་དེ་འབྲེལ་པ་མེད་པར་འགྱུར་ཏེ། ཕན་པ་མེད་པའི་ཕྱིར་རོ། །ཕན་ན་ཡང་གལ་ཏེ་དེ་བདག་ཡོད་པ་ཙམ་གྱིས་བྱེད་པ་ལ་ཕན་ པར་བྱེད་ན་ནི་འབྲས་བུ་ལ་ཡང་ཅིའི་ཕྱིར་དེ་བཞིན་དུ་ཕན་པར་མི་བྱེད། ཅི་སྟེ་བྱེད་པ་གཞན་གྱིས་བསྐྱེད་ན་ནི་དེའི་ཚེ་དེ་ཡང་དེ་དང་འབྲེལ་བ་མེད་པར་འགྱུར་རོ། །གལ་ཏེ་བྱེད་པ་ཡང་ནུས་པ་སོ་སོར་ངེས་པས་བདག་ཡོད་པ་ཙམ་གྱིས་འབྲས་བུ་བསྐྱེད་ན་ནི་དངོས་པོས་ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་བསྐྱེད། ཇི་སྟེ་བྱེད་པ་གཞན་གྱིས་ཞེ་ན། འོ་ན་ནི་བྱེད་པ་ལ་ཐུག་པ་མེད་པར་འགྱུར་རོ། །དེ་བས་ན་ཆོས་ཐམས་ཅད་བྱེད་པ་མེད་དོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་བཀའ་དེ་རིགས་སོ། །དེས་ནི་གང་དག་བྱེད་པ་དང་བཅས་པའི་རྒྱུར་འདོད་པ་དེ་དག་བསྩལ་ཏོ། །དེ་ལ་སའི་ཁམས་ནི་ས་བོན་ 116-156a བརྟེན་པའི་བྱ་བ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་ས་ལ་སོགས་པའི་སྦྱོར་བ་བསྟན་པས་ནུས་པ་བརྗོད་པའི་ཕྱིར་མཚན་ཉིད་བཞི་པ་སྟོན་ཏོ། །འདི་ལ་ས་ཉིད་སའི་ཁམས་ཏེ། ཁ་དོག་དང་དབྱིབས་ཀྱི་རང་བཞིན་དུ་བལྟའོ། །ཆུའི་ཁམས་ནི་གཤེར་བའི་རང་བཞིན། མེའི་ཁམས་ནི་ཚ་བའི་ རང་བཞིན། རླུང་གི་ཁམས་ནི་གཡོ་བའི་རང་བཞིན་ཏེ། དེ་ནི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ། །ནམ་མཁའི་ཁམས་ནི་ནང་དུ་སྦུ་གུ་སྟེང་རེག་བྱ་མེད་པ་སྟེ། དེ་ཡང་སྣང་བ་དང་མུན་པའི་རང་བཞིན་དུ་བལྟའོ། །དུས་ཀྱང་ས་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་གིས་རབ་ཏུ་ཕྱེ་བ་ཉིད་དུས་ཀྱི་བྱེ་བྲག་ཏུ་དགོངས་པའོ། །སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་ལྔ་པ་སྟོན་ཏེ། དེ་ལྟར་མཚན་ཉིད་རྣམ་པ་ལྔ་བསྟན་པས་རྗེས་སུ་འགྲོ་བའི་སྒོ་ནས་མུ་སྟེགས་ཅན་གྱི་བལྟ་བ་བསྩལ་ནས་ལྡོག་པའི་སྒོ་ནས་བསྩལ་བའི་ཕྱིར།མྱུ་གུ་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གིས་མ་བྱས་ཞེས་བྱ་བ་ནི་གང་དག་ངོ་བོ་ཉིད་ཁོ་ན་རྒྱུར་སྨྲ་བ་དེའི་འདོད་པ་སེལ་ཏོ། །ངོ་བོ་ཉིད་ནི་ཡོད་པ་དང་། མེད་པ་ལས་བདག་ཉིད་རྒྱུར་མི་འཐད་དེ། དོན་མེད་པ་དང་མི་ནུས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་ཞེས་བྱ་བ་ནི་བྱེད་པ་ཅན་གཞན་གང་གིས་ཀྱང་བློ་སྔོན་དུ་བཏང་ནས་མི་བྱེད་པའི་ཕྱིར་ཏེ། ཇི་སྐད་བསྟན་པའི་རིགས་པས་ཆོས་ཐམས་ཅད་ནི་བྱེད་པ་མེད་པའི་ཕྱིར་རོ། །གཉིས་ཀས་མ་བྱས་སོ་ཞེས་བྱ་བ་ནི་བདག་དང་གཞན་གྱིས་མ་བྱས་པའོ། །དབང་ཕྱུག་གིས་མ་བྱས་ཞེས་བྱ་བ་ནི། དབང་ཕྱུག་ཏུ་སྨྲ་བའི་འདོད་པ་སེལ་བ་སྟེ། དངོས་པོ་རྣམས་ཀྱི་རྒྱུ་དབང་ཕྱུག་ལ་སོགས་པ་རྟག་པ་ནི་རེས་འགའ་འབྱུང་བས་ན་མི་འཐད་དེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །རྟག་པ་ནི་གཞན་ལ་སྡོད་པ་མེད་དེ། གཞན་གྱིས་དེ་ལ་བསྡད་མི་དགོས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་དེ་དག་གི་རྒྱུ་ཡང་དབང་ཕྱུག་ལ་སོགས་པ་ཡིན་ ན་ནི་མ་ཚང་བར་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་རེས་འགའ་འབྱུང་བས་དབང་ཕྱུག་གིས་བྱས་པ་མ་ཡིན་པར་དགོངས་པའོ། །དུས་ཀྱིས་ཀྱང་མ་བྱས་སོ། །གྲངས་ཅན་གྱིས་བརྟགས་པའི་རང་བཞིན་ལས་མ་བྱུང་ངོ་། །འདི་དག་ཐམས་ཅད་ཀྱིས་ནི་མི་མཐུན་པའི་རྒྱུ་བསལ་ཏོ། །ཚིག་ཐམས་ཅད་ནི་རྒྱུ་ 116-156b མེད་པ་སེལ་ཏེ། རྒྱུ་མེད་ན་ནི་ལྟོས་པ་མེད་པའི་ཕྱིར་རེས་འགའ་འབྱུང་བ་ཡང་མི་འཐད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་རྣམ་པ་ལྔ་པོ་འདིས་ནི་རྟག་པར་ལྟ་བ་ལ་སོགས་པ་བསལ་ཏོ་ཞེས་བསྟན་པའི་ཕྱིར་རྣམ་པ་ལྔར་བལྟ་སྟེ་ཞེས་བྱ་བ་གསུངས་ཏེ། རྣམ་པ་ལྔ་ཞེས་བྱ་བའི་ ཐ་ཚིག་གོ། །རྒྱུ་དང་འབྲས་བུ་ཤིན་ཏུ་ཐ་དད་པས་རྣམ་པ་གཅིག་པུའི་རང་བཞིན་མ་ཡིན་ནོ། །གཞན་དུ་ན་འདི་ནི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱེ་བྲག་རྣམ་པར་གཞག་པ་ཡང་མེད་པར་འགྱུར་རོ། །འདས་པ་དང་དུས་མཉམ་པའི་རྒྱུ་ལས་ཀྱང་འབྲས་བུ་མི་འབྱུང་སྟེ་ད་ལྟར་ལས་སོ། ། སྐད་ཅིག་པའི་ཕྱིར་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མི་གནས་པ་དུས་མཉམ་པ་ལས་མི་འབྱུང་སྟེ། ཐལ་བར་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་པས་ཆད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་མི་འདྲ་བས་འཕོ་བར་མ་ཡིན་ནོ། །འདིས་ནི་གང་དག་གི་རྒྱུའི་རང་བཞིན་འཕོས་ ནས་འབྲས་བུ་འབྱུང་བར་འདོད་པ་དེ་དག་བསྩལ་ཏོ། །ཤིང་ནྱ་གྲོ་དྷའི་ས་བོན་ལ་སོགས་པ་ཆུང་ངུ་ལས་སྡོང་པོ་དང་ཡལ་ག་དང་ལོ་མ་ལ་སོགས་པ་ཆེ་ཞིང་མང་དུ་སྣང་བའི་ཕྱིར་དེས་ས་བོན་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་སྐྱེས་བུ་བྱེད་པ་དོན་མེད་པ་མ་ཡིན་པར་དགོངས་ པའོ། །ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་ཅེས་བྱ་བ་ནི་འདི་ལྟ་སྟེ། འབྲས་སཱ་ལུའི་ས་བོན་ལས་འབྲས་སཱ་ལུའི་འབྲས་བུ་ཉིད་འབྱུང་བར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །འདིས་ཀྱང་འབྲས་བུ་དང་། ས་བོན་མ་ལོག་པས་ན་སྐྱེས་བུའི་བྱེད་པ་དོན་ཡོད་པར་བསྟན་ ཏོ། །རྒྱུ་གཉིས་ཀྱིས་ན་སྐྱེས་བུའི་བྱེད་པ་དོན་ཡོད་པ་མ་ཡིན་ཏེ། མཉམ་པའམ་འབྲས་བུ་ཆུང་ངུ་མངོན་པར་འགྲུབ་པ་དང་། འབྲས་བུ་ལོག་པར་འགྲུབ་པའོ། །དེའི་ཕྱིར་འབྲས་བུ་ཆེན་པོ་དང་། འབྲས་བུ་འདྲ་བར་འགྲུབ་པས་སྐྱེས་བུ་བྱེད་པ་དོན་མ་ཡིན་པར་བསྟན་པ་ཡིན་ནོ། །ནང་གི་རྟེན་ ཅིང་འབྲེལ་བར་འབྱུང་བ་ཡང་གཉིས་ཀྱི་ཕྱིར་ཞེས་བྱ་བ་འདིས་ནི་མི་རྟག་པ་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། །གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པས་ནི་ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། །དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ 116-157a འདུ་བྱེད་རྣམས་མངོན་པར་གྲུབ་བོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་བསྟན་ཏོ། །རྐྱེན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདུས་ནས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྲེལ་བའི་ཕྱིར་རོ། །འཐུངས་པ་ནི་ ངོམས་པའོ། །ཟོས་པ་ནི་བཟའ་བའོ། །འཆོས་པ་ནི་བཅའ་བའོ། །འདིར་ཡང་ས་ལ་སོགས་པའི་བྱེད་པའི་མཚན་ཉིད་བསྟན་ཏོ། །རྣམ་པར་ཤེས་པའི་ཁམས་ནི་བསྡུས་པས་ཀྱང་ངོ་། །འདིར་ཡང་ནང་གི་སྦུ་གུ་དང་། སྣང་བ་དང་། མུན་པའི་རང་བཞིན་ནི་ནམ་མཁའི་ཁམས་སུ་དགོངས་སོ། །མིང་ དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་ལྔར་བསྡུས་པའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཟག་པ་དང་བཅས་པའི་རྣམ་པར་ཤེས་པའི་མདུང་ཁྱིམ་ལྟར་གཅིག་ཏུ་བསྡུས་ལ་རྣམ་པར་ ཤེས་པའི་ཁམས་ཞེས་སྦྱར་ཏེ། སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་ཟག་པ་དང་བཅས་པ་སྟེ། འཁྲུལ་པ་མེད་པའི་ཕྱིར་དེ་ལྟར་བྱེ་བྲག་ཏུ་མ་བྱས་སོ། །ཅིའི་ཕྱིར་ས་ལ་སོགས་པ་འདི་སྙམ་དུ་བདག་ཅག་ལུས་ཀྱི་སྲ་བ་ལ་སོགས་པ་སྔོན་མ་གྲུབ་ པར་མི་སེམས་སྙམ་པ་ལ། དེ་ལ་སའི་ཁམས་ནི་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ལ་སོགས་པ་ཐམས་ཅད་ནི་རྣམ་གྲངས་ཏེ། གྲུབ་པའི་མཐའ་ཐ་དད་པས་བརྟགས་པ་དག་གོ། །ང་དང་ངའི་ཞེས་རློམ་སེམས་པ་ནི་བདག་གོ། །དེ་ཉིད་འགྲོ་བ་དེ་དང་དེར་ འབྱུང་བས་ན་སེམས་ཅན་ནོ། །ཚེའི་མཐའི་བར་དུ་འཚོ་བས་ན་སྲོག་གོ། །འབྱུང་བས་ན་སྐྱེ་བ་པོའོ། །ཤེད་ལས་བྱུང་བས་ན་ཤེད་ལས་སྐྱེས་སོ། །ཤེད་ཀྱི་བུ་ཡིན་པས་ན་ཤེད་བུའོ། །དེ་ལ་སའི་ཁམས་ནི་ངའི་ང་རྒྱལ་དང་བྲལ་བས་ན་བདག་མ་ཡིན་ནོ། །འགྲོ་བ་ལ་སོགས་པའི་ བྱེད་པ་དང་བྲལ་བའི་ཕྱིར་སེམས་ཅན་མ་ཡིན་ནོ། །སྐད་ཅིག་པའི་ཕྱིར་སྲོག་མ་ཡིན་ནོ། །བསྐྱེད་པར་བྱ་བའི་སྐྱེ་བའི་བྱེད་པ་དང་བྲལ་བའི་ཕྱིར་སྐྱེ་བ་པོ་མ་ཡིན་ནོ། །ལས་ལས་སྐྱེས་པའི་ཕྱིར་ཤེད་ལས་སྐྱེས་པ་མ་ཡིན་ནོ། །སྐྱེད་པའི་ཤེད་མེད་པས་ཤེད་བུ་མ་ཡིན་ནོ། །བུད་མེད་དང་ 116-157b སྐྱེས་པ་དང་མ་ནིང་བདག་ཉིད་ཀྱི་བདག་གཞན་མེད་པས་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན་ཏེ། བུད་མེད་ལ་སོགས་པ་ནི་ས་ལ་སོགས་པ་གནས་པའི་བྱེ་བྲག་ཙམ་ལ་བརྟགས་པའི་ཕྱིར་རོ། །ང་མ་ཡིན་བདག་མ་ཡིན་ཞེས་བྱ་བ་ནི་བདག་དང་བདག་གིས་ བརྟགས་པ་དང་བྲལ་བའི་ཕྱིར་རོ། །གཞན་སུའི་ཡང་མ་ཡིན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་བདག་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ལ་བདག་དང་བདག་གི་མེད་པས་བྱེད་པར་ཇི་ལྟར་འགྱུར་ཞེས་དགོངས་པའོ། །སྔར་ཡོངས་སུ་ཤེས་པར་བྱ་བའི་དངོས་པོའི་རང་ བཞིན་ནི་བསྟན་ན་དེའི་མཚན་ཉིད་མ་ཤེས་པས་དེའི་ཕྱིར་དེ་ལ་མ་རིག་པ་གང་ཞེ་ན་ཞེས་དྲིས་སོ། །འདིར་ཡང་མཚན་ཉིད་རྣམ་པ་ལྔར་གསུངས་ཏེ། རང་གི་མཚན་ཉིད་དང་། ངེས་པའི་ཚིག་གི་མཚན་ཉིད་དང་། ཡན་ལག་གི་མཚམས་སྦྱོར་བའི་མཚན་ཉིད་དང་། མཐའ་གཉིས་ དང་བྲལ་བའི་མཚན་ཉིད་དང་། རྒྱུ་བསྡུ་བའི་མཚན་ཉིད་དོ། །གང་ཁམས་དྲུག་པོ་ཐ་དད་པ་ལ་ཐ་དད་པ་མ་ཡིན་པར་འདུ་ཤེས་པ་དེ་ནི་གཅིག་པུར་འདུ་ཤེས་པའོ། །རྡུལ་ཐ་དད་པའི་ལུས་ལ་གང་གཅིག་ཏུ་འཛིན་པ་དེ་ནི་རིལ་པོར་འདུ་ཤེས་པའོ། །སྐད་ཅིག་སོ་སོ་གཞན་དུ་གྱུར་ ཀྱང་གང་དུས་གཞན་ན་ཡང་འཇུག་པར་མི་འཛིན་པ་དེ་ནི་རྟག་པར་འདུ་ཤེས་པའོ། །མ་བྱུང་བ་ལས་འབྱུང་བ་ལ་གང་ཡོད་པ་དེ་ཉིད་ལས་སྐྱེ་བར་འཛིན་པ་དེ་ནི་བརྟེན་པར་འདུ་ཤེས་པའོ། །བྱུང་ནས་མེད་པར་གྱུར་པ་ལས་ཡང་འདས་པའི་དུས་སུ་འཕོས་པས་འཛིན་པ་གང་ཡིན་པ་དེ་ནི་ཐེར་ ཟུག་ཏུ་འདུ་ཤེས་པའོ། །སྡུག་བསྔལ་གསུམ་དང་ལྡན་ཡང་གང་གཅིག་ཏུ་སྡུག་པའི་ངོ་བོར་འཛིན་པ་དེ་ནི་བདེ་བར་འདུ་ཤེས་པའོ། །འདུ་ཤེས་དེ་དག་ནི་བདག་ལ་སོགས་པར་འདུ་ཤེས་པའི་རྒྱུ་ཡིན་པས་དེའི་ཕྱིར་སྔར་བསྟན་ཏོ། །འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་ཞེས་བྱ་བ་དེས་ ནི་བདག་ཏུ་ལྟ་བ་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱང་ཕྱིན་ཅི་ལོག་གི་རྣམ་པ་ལས་བྱུང་བའི་ཕྱིར་མ་རིག་པའི་རང་བཞིན་ཏེ། དེའི་ཕྱོགས་གཅིག་ཏུ་གྱུར་པ་ནི་འདོད་ཆགས་ལ་སོགས་པའོ་ཞེས་དེ་སྟོན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྐྱེད་པའི་ 116-158a ཕྱིར་ལུས་དང་། ངག་དང་། ཡིད་ཀྱི་ལས་འདི་ཉིད་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་གསུངས་ཏེ། བཏགས་པའི་ཕྱིར་རོ། །མངོན་པར་ཆགས་པ་དང་བཅས་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ་འདོད་པའོ། །འདི་ལྟ་བུ་ལ་སོགས་པ་ ཞེས་བྱ་བ་ནི་གང་དག་ལུས་དང་སེམས་འཁྲུགས་པར་གྱུར་པ་རྒྱལ་པོའི་ཞ་འབྲིང་བྱེད་པ་དང་། ཚོང་བྱེད་པ་ལ་སོགས་པའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ་ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་ཚིག་གི་མཚན་ཉིད་སྟོན་ཏོ། །དེ་ཁོ་ན་མེད་པ་བཞིན་དུ་ བྱེད་པས་ན་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །རྣམ་པར་རིག་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པར་བྱེད་པའི་ཕྱིར་རོ། །བརྟེན་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པའི་དབང་གིས་འདི་ལ་རྣམ་པར་ཤེས་པ་གཤོལ་བ་དང་། གཟུགས་ སུ་རུང་བས་ན་གོ་རིམས་བཞིན་དུ་མིང་དང་གཟུགས་སོ། །དེའི་ཕྱིར་མདོ་སྡེ་ལས་ཀྱང་། རྣམ་པར་ཤེས་པ་གནས་པ་བཞི་གསུངས་ཏེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང་། ཚོར་བ་ལ་ཉེ་བར་སོང་བ་དང་། འདུ་ཤེས་ལ་ཉེ་བར་སོང་བ་དང་། འདུ་བྱེད་ལ་ཉེ་བར་ སོང་བ་སྟེ། རྣམ་པར་ཤེས་པ་ནི་སྐད་ཅིག་ཀྱང་མི་བརྟེན་པར་གནས་པ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་ཞིང་འཕེལ་བར་བྱེད་པས་སྐྱེ་མཆེད་དེ། སྐྱེ་མཆེད་དྲུག་འདུས་པས་སྐྱེ་མཆེད་དྲུག་གོ། །རེག་པའི་ཕྱིར་ཞེས་བྱ་བ་ནི་དེའི་ སྟོབས་ཀྱིས་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་འདུས་ཤིང་རེག་པ་དང་མཚུངས་པའི་ཕྱིར་རོ། །མྱོང་བའི་ཕྱིར་ཞེས་བྱ་བ་ནི་འདིས་སྔོན་གྱི་ལས་ཀྱི་འབྲས་བུ་ཚོར་ཞིང་མྱོང་བར་བྱེད་པས་ན་ཚོར་བའོ། །སྐོམ་པའི་ཕྱིར་ཞེས་བྱ་བ་ནི་དེ་ཡང་སྲིད་པ་ལ་སོགས་པ་འདོད་ཅིང་ སྐོམ་པས་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པ་འཛིན་ཅིང་ལེན་པ་སྟེ། འདོད་པ་དང་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་ནི་ལེན་པའོ། །ཡང་སྲིད་པ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་འབྱུང་བས་ན་ 116-158b སྲིད་པའོ། །ལྷག་མ་རྣམས་ནི་བརྡ་ཕྲད་པར་སླ་བས་མ་བཤད་དོ། །གང་ཟག་ལ་བདག་མེད་པ་ལོག་པར་ཁོང་དུ་ཆུད་པའི་ཕྱིར་མ་རིག་པ་ལ་སོགས་པའི་མཚན་ཉིད་དང་པོ་བསྟན་ཏོ། །ད་ནི་བདག་མེད་པ་གཉི་ག་ལོག་པར་ཁོང་དུ་ཆུད་པ་ལ་ཡན་ལག་གི་མཚམས་སྦྱོར་བའི་མཚན་ ཉིད་གཞན་ཡང་ཞེས་བྱ་བ་གསུངས་ཏེ། གང་ཟག་གང་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དེ་ཁོ་ན་མི་རྟོགས་པ་དེ་ནི་མ་རིག་པའོ། །དེ་ཡང་ཤེས་པ་མེད་པ་ཉིད་ནི་མ་ཡིན་མོད་ཀྱི། ཕྱིན་ཅི་ལོག་གི་ཚུལ་གྱིས་ཤེས་པས་ན་མི་ཤེས་པ་ཞེས་བརྗོད་པར་འདོད་དེ། ལོག་པར་ཤེས་པའོ་ཞེས་རྣམ་ གྲངས་ཀྱིས་བསྟན་ཏོ། །དེས་གཟུགས་ལ་སོགས་པའི་ཆོས་ལ་མངོན་པར་ཞེན་པ་ཡང་ལོག་པར་ཤེས་པའི་རང་བཞིན་ཡིན་པས་ན་མ་རིག་པ་ཞེས་གསུངས་པ་ཡིན་ནོ། །སྐབས་གཞན་ནས་ཀྱང་མི་ཤེས་པའི་སྒྲས་དེ་ཉིད་བརྗོད་དོ། །ཤེས་པ་མེད་པ་ཉིད་མ་ཡིན་པས་དེའི་ཕྱིར་དོན་འདི་ རྣམ་གྲངས་གཞན་དུ་སྟོན་ཏོ། །ཡན་ལག་གི་མཚམས་སྦྱོར་བསྟན་པའི་ཕྱིར་མ་རིག་པ་ཡོད་ན་ཞེས་བྱ་བ་གསུངས་ཏེ། བྱིས་པ་དག་བདག་ལ་སོགས་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཚེ་འདི་ལ་བདེ་བའི་ཕྱིར་བསོད་ནམས་མ་ཡིན་པའི་ལས་མང་དུ་བྱེད་ཕྱིས་བདེ་བའི་ཕྱིར་བསོད་ ནམས་ཀྱི་ལས་ཀྱང་བྱེད། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའི་ཕྱིར་མི་གཡོ་བའི་ལས་ཀྱང་བྱེད་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །བསོད་ནམས་མ་ཡིན་པ་ནི་གཏི་མུག་ལས་བྱུང་བས་ནི་མ་རིག་པའི་རྐྱེན་ལས་བྱུང་བ་ཞེས་བྱ་བར་རིགས་ན་བསོད་ནམས་དང་ མི་གཡོ་བའི་འདུ་བྱེད་དག་ནི་རྟག་ཏུ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་ལས་བྱུང་བས་མ་རིག་པའི་རྐྱེན་ལས་བྱུང་བར་ཇི་ལྟར་རིགས་ཤེ་ན། དེ་ཉེས་པ་མེད་དོ། །མ་རིག་པ་ནི་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མཚན་ཉིད་དང་། དེ་ཁོ་ན་ལ་རྨོངས་པའི་མཚན་ ཉིད་དོ། །དེ་ལ་རྒྱུ་དང་འབྲས་བུ་ལ་རྨོངས་པའི་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་ནི་བསོད་ནམས་མ་ཡིན་པ་ཉིད་དུ་འདོད་དེ། བསོད་ནམས་དང་མི་གཡོ་བ་ནི་མ་ཡིན་ནོ། །དེ་དག་ནི་དེ་ཁོ་ནའི་དོན་ལ་རྨོངས་པའི་རྒྱུ་ལས་བྱུང་བར་འདོད་དེ། བདག་བདེ་བར་གྱུར་ལ་སྡུག་བསྔལ་བར་མ་ 116-159a གྱུར་ཅིག་ཅེས་མངོན་པར་ཞེན་ནས་དེ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་བས་ན་རྒྱུ་དང་འབྲས་བུ་རྨོངས་པ་མ་ཡིན་པའི་རྒྱུ་ལས་བྱུང་ཡང་དེ་ཁོ་ནའི་དོན་ལ་རྨོངས་པའི་མཚན་ཉིད་ཀྱིས་མ་རིག་པའི་རྐྱེན་ལས་བྱུང་བས་དེ་འགལ་བ་མེད་དོ། །དེ་ཁོ་ནའི་དོན་ལ་རྨོངས་པའི་ རྒྱུ་ལས་བྱུང་བ་ཡང་ཡོད་ལ། རྒྱུ་དང་འབྲས་བུ་ལ་རྨོངས་པ་མ་ཡིན་པའི་མཚན་ཉིད་ལས་དགེ་བའི་རྩ་བ་འབྱུང་བ་ཡང་ཡོད་པས་མི་འགལ་ཏེ། དེ་ཉེས་པ་མེད་དོ། །དེ་བས་ན་དེ་ཁོ་ན་ལ་ལོག་པར་ཤེས་པ་ནི་མ་རིག་པ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ལས་རྒྱུའི་དངོས་པོ་འདོད་པའི་ ཁམས་སུ་བསོད་ནམས་ཀྱིས་འགྲོ་བར་ཉེ་བར་འགྲོ་བ་གང་ཡིན་པ་དེ་དག་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་སོ། །བསོད་ནམས་དང་མི་མཐུན་པས་ན་བསོད་ནམས་མ་ཡིན་པ་སྟེ། དེ་ལ་གང་ངན་སོང་དུ་འགྲོ་བའི་འདུ་བྱེད་གང་ཡིན་པ་དེ་དག་ནི་བསོད་ནམས་མ་ཡིན་པར་ ཉེ་བར་འགྲོ་བ་རྣམས་སོ། །མི་གཡོ་བ་ནི་གཟུགས་དང་། གཟུགས་མེད་པའི་ཁམས་དེ་དག་གི་རྒྱུར་གྱུར་པའི་འདུ་བྱེད་རྣམས་ཏེ། མི་གཡོ་བར་ཉེར་བར་འགྲོ་བ་རྣམས་སོ། །ཡང་ན་བསོད་ནམས་ཉིད་དུ་གྱུར་ཅིང་རེད་པའི་འདུ་བྱེད་གང་ཡིན་པ་དེ་དག་ནི་བསོད་ནམས་སུ་ཉེ་བར་འགྲོ་བ་སྟེ། བསོད་ནམས་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ཚིག་གི་ལྷག་མ་སྟེ། དེ་བརྗོད་པར་བྱ་བའོ། །བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་ རྣམ་པར་ཤེས་པ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པའི་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་ འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ནི་འདི་སྐད་དུ་གང་གི་ཕྱིར་བསོད་ནམས་ལ་སོགས་པ་འདུ་བྱེད་རྣམ་པ་གསུམ་གྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་བསོད་ནམས་ལ་སོགས་པའི་འགྲོ་བ་གསུམ་དུ་རྒྱུའི་དངོས་པོར་རམ། རྣམ་པར་སྨིན་པའི་འབྲས་ 116-159b བུར་འགྲོ་བ་དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བསྟན་པར་འགྱུར་རོ། །འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་དུས་མཉམ་དུ་མིང་དང་གཟུགས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་སྟེ། དེས་ཡོངས་སུ་གཟུང་བས་འཕེལ་བར་འགྱུར་བ་དེའི་ཕྱིར་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བའི་ཕྱིར་དེའི་སྟོབས་ཀྱིས་འཕེལ་བར་འགྱུར་བས་དེ་དང་དུས་མཉམ་དུ་འགྲུབ་པ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །སྐྱེ་ མཆེད་དྲུག་གི་སྒོ་ནས་ཞེས་བྱ་བ་ནི་མིག་ལ་སོགས་པས་མཐོང་བ་ལ་སོགས་པའི་བྱ་བ་བྱེད་པའི་དགོས་པ་གྲུབ་པའོ། །རེག་པའི་ཚོགས་དྲུག་ཅེས་བྱ་བ་ནི་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་སྟེ། དེ་ཡང་གསུམ་འདུས་ནས་སྐྱེའོ། །ལ་ལ་ནི་སྡུག་ བསྔལ་ལ་སོགས་པ་ཚོར་བ་སྐྱེ་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་ཞིག་ཅེས་ཟེར་ཏེ། གསུམ་འདུས་པ་ཉིད་ལས་དེ་དོན་གཞན་མ་ཡིན་ནོ། །ཇི་ལྟ་བུར་ཞེས་བྱ་བ་ནི་ཇི་ལྟར་ཚོར་བའི་རྣམ་པ་སྐྱེ་བར་ནུས་པའི་རྒྱུའི་རང་བཞིན་དུ་ངེས་པའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་ཞེས་བྱ་བ་ནི་སྲེད་པ་ཆུང་ངུ་དང་། འབྲིང་དང་། རབ་དང་། རབ་ཀྱི་མཆོག་རབ་ཏུ་དབྱེ་བ་སྟེ། བཞི་པོ་དེ་དག་ནི་རྣམ་གྲངས་སུ་གཏོགས་པའོ། །ཡང་ན་གང་བདེ་བའི་ཚོར་བ་མྱོང་བའི་དུས་ ན་མྱོང་བ་ཞེས་བྱའོ། །སྡུག་བསྔལ་མྱོང་བའི་དུས་ན་དེ་ཉིད་ལ་ཡིད་ཀྱིས་སྨོན་པ་ནི་མངོན་པར་དགའ་བའོ། །སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་མ་འོངས་པ་ན་ལྷག་པར་ཞེན་པའོ། །ད་ལྟར་དེ་དང་འབྲལ་བར་མི་འདོད་པ་ནི་ལྷག་པར་ཞེན་ནས་འདུག་པའོ། ། སྡུག་པ་ཉིད་སྡུག་པའི་ངོ་བོ་བདེ་བའི་ངོ་བོ་ཡང་དེ་བཞིན་ནོ། །སྡུག་པ་ནི་འདོད་པའོ། །བདེ་བ་ནི་མཐུན་པའོ། །མ་འོངས་པ་ནི་སྡུག་པའི་དངོས་པོ་ལ་སྨོན་པའི་རྣམ་པ་ནི་ལེན་པའོ། །ཡང་སྲིད་པ་བསྐྱེད་པའི་ལས་ཀུན་ནས་སློང་བ་ཞེས་བྱ་བ་ནི་སད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འཕེལ་ 116-160a བ་ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་འཕེལ་བ་ཡོད་པས་གང་ཕྱིས་ཡོངས་སུ་སྨིན་པ་ནི་དགའ་བའི་མཚན་ཉིད་དོ། །དེ་ལས་འཇིག་པར་འགྱུར་བ་ནི་འཆི་བའི་མཚན་ཉིད་དོ། །དེ་ལྟར་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། མཐའ་གཉིས་དང་བྲལ་བའི་མཚན་ཉིད་སྟོན་ཏོ། ། རྒྱུ་གཞན་དང་གཞན་ལས་འབྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་རྣམ་པ་དང་མི་མཐུན་པའི་རྣམ་པ་ཐ་དད་པ་མང་པོའི་ཕྱིར་རོ། །དེས་ནི་རྟག་པའམ། གཅིག་པུའམ། དབང་ཕྱུག་ལ་སོགས་པ་རྒྱུར་སྒྲོ་བཏགས་པའི་མཐའ་བསྩལ་ཏོ། །རྟག་པ་མ་ ཡིན་ཞེས་བྱ་བ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་ཏེ། དེས་ནི་བདག་རྟག་པ་ལ་སོགས་པ་ལས་གྱུར་པའི་རང་བཞིན་མ་ཡིན་པས། གང་དག་དེ་ཐེར་ཟུག་ཏུ་གནས་པའི་རྟག་པར་སྒྲོ་འདོགས་པ་དེ་དག་བསྩལ་ཏོ། །མི་རྟག་པ་མ་ཡིན་ཞེས་བྱ་བ་ནི་རྒྱུན་གྱི་རྟག་པ་ཉིད་ཀྱི་ ཕྱིར་རྟག་པ་སྟེ། དེས་ནི་བདག་རྟག་པ་ལ་སོགས་པ་ལས་གྱུར་པ་མ་ཡིན་ཡང་འདི་རྟག་པ་དང་འགལ་བ་ཡང་མ་ཡིན་ནོ་ཞེས་དགོངས་པའོ། །འདུས་བྱས་མ་ཡིན་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་སྟེ། དེ་སུས་ཀྱང་མ་བྱས་པའི་ཕྱིར་རོ། །འདུས་མ་བྱས་མ་ཡིན་ཞེས་བྱ་བ་ནི་སྒྱུ་མ་ ལྟར་སོ་སོར་ངེས་པའི་རྒྱུ་དང་རྐྱེན་དག་ཚོགས་པས་བྱས་པའི་ཕྱིར་རོ། །རྒྱུ་མེད་པ་མ་ཡིན་རྐྱེན་མེད་པ་མ་ཡིན་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལ་ལྟོས་པའི་ཕྱིར་རོ། །མྱོང་བ་པོ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཟད་པའི་ཆོས་མ་ཡིན་ཞེས་བྱ་བ་ནི་རང་གི་རྒྱུ་དང་མཐུན་ པའི་འབྲས་བུ་འབྱུང་བ་དང་། བདག་གིས་འབྲི་བ་མེད་པའི་ཕྱིར་རོ། །འཇིག་པའི་ཆོས་མ་ཡིན་ཞེས་བྱ་བ་ནི། ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ་འབྱུང་བའི་ཕྱིར་རོ། །འགོག་པའི་ཆོས་མ་ཡིན་ཞེས་བྱ་བ་ནི། མི་མཐུན་པའི་རྐྱེན་མེད་པར་རང་གིས་འགོག་པ་མ་ཡིན་པའི་ཕྱིར་རོ། །ཐོག་ མ་མེད་པའི་དུས་ནས་ཞུགས་པ་ཞེས་བྱ་བ་ནི། ཐོག་མ་གང་ཡང་མེད་པའི་ཕྱིར་རོ། །འཁོར་བ་ལ་ཐོག་མ་ཡོད་པར་རྟོག་ན་ནི་དེ་བཞིན་དུ་ཐམས་ཅད་ཀྱང་རྒྱུ་མེད་པ་ཅན་དུ་འགྱུར་བ་ཉིད་དོ། །རྒྱུན་མ་ཆད་ཅེས་བྱ་བ་ནི་རྒྱུན་མི་འཆད་པ་སྟེ། རྒྱུ་འཇིག་པ་དང་དུས་ནས་མཉམ་ 116-160b དུ་འབྲས་བུ་འབྱུང་སྟེ། བར་ཆད་མེད་པར་འབྱུང་བའི་ཕྱིར་རོ། །རླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་རྒྱ་མཚོའི་མཐའ་ཡིན་པའི་ཕྱིར་རོ། །ཚིག་དེ་དག་གིས་ནི་སྒྲོ་བཏགས་པ་སྐུར་བ་དང་རྟག་པ་དང་ཆད་པའི་མཐའ་སེལ་ཏེ། ཅི་ རིགས་སུ་སྦྱར་རོ། །གལ་ཏེ་རྒྱུན་མི་འཆད་པར་འཇུག་པ་ཡིན་ན། དེའི་ཚེ་རྒྱུ་གང་སྤངས་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་གང་འདོགས་པ་དེ་ལ་རྒྱུ་གང་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་རྒྱུ་བསྡུ་བའི་མཚན་ཉིད་སྟོན་མོད་ཀྱི་འོན་ཀྱང་ཞེས་བྱ་བ་ལ་སོགས་ པའོ། །བསྡུ་བར་བྱ་བ་གང་གིས་རང་གི་འབྲས་བུ་མངོན་དུ་འགྲུབ་པར་བྱེད་པ་དེ་ནི་བསྡུ་བར་བྱའོ། །དེ་ལ་ཡན་ལག་དང་པོ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་གཉི་ག་ཡང་ཆགས་པའི་མཚན་ཉིད་ཡིན་པས་གཅིག་ཏུ་བསྡུས་ཏེ་སྲེད་པ་ཞེས་བཤད་དོ། །འདུ་བྱེད་དང་སྲིད་པ་ནི་ལས་ སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཉིད་དོ། །རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱིས་མངོན་པར་འདུས་བྱས་པ་དེ་ཉིད་ཡང་སྲིད་པའི་མྱུ་གུ་སོ་སོར་ཉེ་བར་ལེན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་ དོ་ཞེས་བྱ་བ་ནི། དེས་ས་བོན་རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ་ཞེས་བྱ་བ་ནི་ལས་ཀྱི་ས་བོན་རྣམ་པར་ཤེས་པ་ལ་མངོན་པར་འདུས་བྱས་ཀྱང་ཉོན་མོངས་པ་མེད་ན་དགྲ་བཅོམ་པ་ལ་ས་བོན་རྣམ་པར་ཤེས་པ་ མི་འབྱུང་བའི་ཕྱིར་རོ། །ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་དོ་ཞེས་བྱ་བ་ནི་དེ་དག་མེད་ན་ཡང་སྲིད་པའི་མྱུ་གུ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལས་ལ་སོགས་པའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་ནུས་པ་སྟོན་ཏོ། །ཞིང་གི་བྱ་བ་བྱེད་ ཅེས་བྱ་བ་ནི་དེས་བསྐྱེད་པའི་བག་ཆགས་ལ་གནས་པའི་ས་བོན་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་བ་དང་བདེ་བ་འདོར་ཞིང་ཐོབ་ 116-161a པར་འདོད་པས་ལོག་པའི་བློ་ཅན་དང་ངན་པའི་གནས་ཡོངས་སུ་འཛིན་པའི་ཕྱིར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་ལས་ལ་སོགས་པ་བྱེད་པ་མེད་པར་སྟོན་ ཏོ། །ས་བོན་རྣམ་པར་ཤེས་པ་སྐྱེ་བ་ནི་ཞེས་བྱ་བ་ནི་འདེབས་པ་ན་བར་མ་དེའི་སྲིད་པའི་རྒྱུན་གྱིས་མར་མེ་བཞིན་དུ་མའི་མངལ་དུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ། །བདག་པོ་མེད་པ་ཞེས་ བྱ་བ་ནི་དབང་ཕྱུག་ལ་སོགས་པ་བདག་པོ་གང་ཡང་མེད་པའི་ཕྱིར་རོ། །བདག་གི་མེད་པ་ཞེས་བྱ་བ་ནི་བདག་མེད་པའི་བདག་ཉིད་པས་བདག་གི་བ་མེད་དོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་གང་གིས་ཀྱང་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་དག་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ། །ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ནི། རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དེ་ལྟར་ན་འདི་རྟེན་ཅིང་འབྲེལ་བར་འབྱུང་བར་ཇི་ལྟར་རིགས་སྙམ་པ་ལ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་ཞེས་བྱ་བ་གསུངས་ཏེ། དཔེར་ན་སྒྱུ་མ་ཡང་དོན་དམ་པར་རང་བཞིན་མེད་མོད་ཀྱི་རྒྱུ་དང་རྐྱེན་མ་ཚང་བ་ མེད་པའི་ཕྱིར་སྐྱེ་བ་ཡོད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་འགལ་བ་མེད་དོ། །དེས་ནི་ཆོས་ཐམས་ཅད་ལ་བདག་མེད་པའི་མཚན་ཉིད་དེ་བསྟན་ཏོ། །གལ་ཏེ་ས་བོན་རྣམ་པར་ཤེས་པ་ཉོན་མོངས་པ་དང་། ལས་ཀྱིས་མངོན་པར་འདུས་བྱས་པ་བདག་པོ་མེད་པ་བདག་མེད་པ་བྱེད་པ་མེད་པས་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་ཏུ་ཟིན་ན་ནི་དེའི་ཚེ་ཐམས་ཅད་དུ་གནས་པས་ཚེ་དུ་མ་ཡང་ཅིག་ཅར་མངོན་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་ལས་ཐ་དད་པ་ཐོབ་པར་མི་འགྱུར་དུ་དོགས་པའི་ཕྱིར་བྱེད་པ་མེད་ཅིང་བདག་མེད་ཀྱང་། ལས་དང་འབྲས་བུ་ཐ་དད་པ་རྣམ་པ་བཞི་དང་མཐུན་པའི་དཔེ་རྣམ་པ་བཞི་སྟོན་ཏེ། དེ་ལ་མིག་གི་རྣམ་པར་ཤེས་པའི་དཔེས་ནི་ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་སྟོན་ཏོ། །གཟུགས་བརྙན་གྱི་དཔེས་ནི་སྐྱེས་ནས་མྱོང་བར་འགྱུར་ཏེ། དེ་དང་ཉེ་བའི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་གྱི་དཔེས་ནི་ལན་གྲངས་གཞན་ 116-161b ན་མྱོང་བར་འགྱུར་བ་སྟེ། རིང་པོས་བསྐལ་ཀྱང་རྒྱུའི་དངོས་པོ་ཉེ་བར་སྣང་བའི་ཕྱིར་རོ། །མེའི་དཔེས་ནི་མྱོང་བར་འགྱུར་བར་མ་ངེས་པའི་ལས་སྟོན་ཏོ། །རྐྱེན་དེ་ཡོད་ན་འབར་གྱི་གཞན་དུ་ནི་མ་ཡིན་ཏེ། དུས་ངེས་པ་མེད་པར་བསྟན་པའོ། །དེ་དག་ཐམས་ཅད་ཀྱིས་ནི་འདི་སྐད་དུ་ས་བོན་ རྣམ་པར་ཤེས་པ་ལས་དུ་མས་མངོན་པར་འདུས་བྱས་པ་བྱེད་པ་མེད་པ་བདག་མེད་པ་རྟག་ཏུ་གནས་མོད་ཀྱི། ལས་གང་དང་གང་གི་བག་ཆགས་སད་པར་བྱེད་པ་ལྷན་ཅིག་བྱེད་པའི་རྒྱུ་གནས་པར་གྱུར་པ་དེ་ནི་དེའི་བག་ཆགས་སད་པར་བྱེད་པ་ལས་དེ་དང་དེའི་རྣམ་པར་སྨིན་པ་མངོན་པར་འགྲུབ་ བོ། །དེའི་ཕྱིར་བདག་པོ་ལ་སོགས་པ་མེད་དུ་ཟིན་ཀྱང་། རིང་བ་དང་ཉེ་བ་ལ་སོགས་པའི་ལས་ཐ་དད་པར་རུང་སྟེ་དེ་ཉེས་པ་མེད་དོ་ཞེས་བསྟན་པར་འགྱུར་རོ། །རྣམ་པ་ལྔར་བལྟ་ཞེས་བྱ་བ་ལ་སོགས་པས་ནི་འདིར་ལྡོག་པའི་སྒོ་ནས་རྟག་པ་ལ་སོགས་པར་ལྟ་བ་སེལ་ཏོ། །སྐྱེ་བ་དང་འཆི་བའི་ སྲིད་པ་ནི་རབ་ཏུ་ཐ་དད་པས་མི་རྟག་པ་ཉིད་དོ། །སྒྱུ་མ་སྐྱེ་བ་ལྟར་ཀུན་རྫོབ་ཏུ་འཆི་བའི་སྲིད་པ་འགགས་པ་དང་། དུས་མཉམ་དུ་བར་མ་ཆོད་པར་སྐྱེ་བའི་སྲིད་པ་མངོན་པར་འགྲུབ་སྟེ་ཆད་པ་མ་ཡིན་ནོ། །དེ་ཡང་སྲང་མདའི་དཔེ་སྟོན་ཏེ། སྲང་མདའི་ཐོག་མ་གཅིག་དམའ་བའི་དུས་ན་གཅིག་མཐོ་ བར་འགྱུར་བ་དེ་བཞིན་དུ་རྒྱུ་འཇིག་པའི་དུས་ཉིད་ན། འབྲས་བུ་འབྱུང་བས་ཆད་པར་མི་འགྱུར་རོ། །སྲང་མདའི་དཔེ་འདི་ཡང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཆད་པར་ལྟ་བ་ཡོངས་སུ་སྤངས་པའི་ཕྱིར་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ཕྱི་རོལ་གྱི་ དོན་གྱི་གཟུགས་སྲང་མདའ་མི་འགྲུབ་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ལ་སྣང་བའི་གཟུགས་བདེན་པ་མ་ཡིན་པ་དང་། རྣམ་པར་ཤེས་པ་ལུས་མེད་པའི་ཕྱིར་མཐོ་དམན་མི་འགྲུབ་པའི་ཕྱིར་རོ། །དོན་དམ་པར་བསམ་པ་ལ་ནི། ཀུན་རྫོབ་ཀྱི་དངོས་པོའི་དཔེས་བསྟན་དུ་མི་འདྲ་སྟེ་དེ་མི་འགྲུབ་ པའི་ཕྱིར་རོ། །དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཇི་ལྟར་སྣང་བ་བཞིན་ནོ། །མི་འདྲ་བས་ན་ཞེས་བྱ་བ་ནི་མི་ལ་སོགས་པའི་རིས་མཐུན་པ་ནས་ལྷ་ལ་སོགས་པའི་རིས་མཐུན་པར་སྐྱེ་བའོ། །ལས་ཆུང་ངུ་བྱས་པ་ལས་ཞེས་བྱ་བ་ནི་ཉོན་མོངས་པ་དང་དད་པ་དྲག་པོས་སྐད་ཅིག་བྱས་ཀྱང་མི་དགེ་བ་ 116-162a ལ་སོགས་པའི་ལས་ཀྱིས་མནར་མེད་པ་ལ་སོགས་པར་དུས་རིང་པོར་མི་འདོད་པ་དང་། འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་སྟེ། ལས་ཅི་འདྲ་བ་ཉིད་ ཀྱི་འབྲས་བུ་འབྱུང་བར་སྟོན་ཏེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་ལྡན་ཡང་ཚངས་པར་སྤྱོད་པ་ལ་སོགས་པ་ལ་དགེ་བའི་ལས་ལས་འདོད་པའི་རྣམ་པར་སྨིན་པ་འགྲུབ་ལ། བདེ་བ་དང་ཡིད་བདེ་བ་དང་ལྡན་ཡང་ཚངས་པར་མི་སྤྱོད་པ་ལ་སོགས་པ་མི་དགེ་བའི་ལས་ལས་མི་ འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །དེ་བས་ན་ནུས་པ་ངེས་པའི་ཕྱིར་ཇི་ལྟར་མྱོང་བའི་ལས་ཉིད་ཀྱིས་དེ་ལྟར་འབྲས་བུ་མྱོང་བར་འགྱུར་ཏེ། འགལ་བ་མེད་དོ། །དེ་ལས་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་གང་དག་འདི་སྐད་ཅེས་སྐྱེས་བུ་ གང་ཟག་འདི་ཇི་ལྟ་བུ་ལས་བྱེད་ཅིང་སྩོགས་པ་དེ་ལྟ་དེ་ལྟ་བུར་རྣམ་པར་སྨིན་པ་སོ་སོར་མྱོང་ན་ནི་དེ་ལྟ་ན་ནི་ཚངས་པར་སྤྱོད་པའི་གནས་མེད་པར་འགྱུར་ཏེ་ཡང་དག་པར་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱ་བའི་སྐབས་མི་སྣང་ངོ་། །གང་དག་འདི་སྐད་ཅེས་སྐྱེས་བུ་གང་ཟག་འདི་ཇི་ལྟར་ མྱོང་བར་འགྱུར་བའི་ལས་བྱེད་ཅིང་སྩོགས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་འདིས་མྱོང་བར་འགྱུར་རོ་ཞེས་ཟེར་ན་དེ་ལྟ་ན་ནི་ཚངས་པར་སྤྱད་པའི་གནས་ཀྱང་ཡོད་ལ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བའི་སྐབས་ཀྱང་སྣང་ངོ་ཞེས་གསུངས་ཏེ། དེ་ཡང་ལས་དང་ འབྲས་བུ་ལ་སྐུར་ཏེ། ལོག་པར་ལྟ་བ་བསལ་བར་བྱ་བའི་ཕྱིར་གསུངས་སོ། །
༈ བདུན་པ། མདོ་སྡེའི་དགོས་པ་བསྟན་པ།
གང་ལ་ལ་ཞིག་གིས་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེའི་དགོངས་པ་སྟོན་ཏོ། །རྟག་པར་རྒྱུན་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དང་རྒྱུན་མི་འཆད་པར་མཐོང་བའོ། །སྲོག་མེད་པ་ལ་སོགས་པས་ནི་སྔར་བཤད་པ་བཞིན་ནོ། །མེད་པ་ཞེས་བྱ་བ་ནི་རྨི་ལམ་བཞིན་དུ་བརྫུན་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་ཉམ་ཆུང་བ་སྟེ། སྒྱུ་མ་ལྟར་བརྟག་པའི་ཁུར་མི་བཟོད་པའི་ཕྱིར་རོ། །གསོབ་ཅེས་བྱ་བ་ནི་སྨིག་རྒྱུ་བཞིན་དུ་སྲིད་པའི་ཡུལ་དངོས་པོ་མེད་པའི་ཕྱིར་རོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་ཆུ་སྐྱེས་ཀྱི་སྡོང་པོ་ 116-162b ལྟར་ཁོང་ན་སྙིང་པོར་གྱུར་པའི་རྫས་མེད་པའི་ཕྱིར་རོ། །ནད་ཅེས་བྱ་བ་ནི་ཅུང་ཟད་ཙམ་དུ་བདེ་བ་མྱོང་བར་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའི་ཕྱིར་རོ། །འབྲས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་འབྲས་ལྟར་གནོད་པའི་ཕྱིར་རོ། །ཟུག་རྔུ་ཞེས་བྱ་བ་ནི་དུས་ ཐམས་ཅད་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་ལྡན་པས་འཕགས་པ་རྣམས་ཀྱིས་མི་འདོད་པའི་ཕྱིར་རོ། །སྡིག་པ་ཞེས་བྱ་བ་ནི་སྡིག་པར་གྱུར་པས་སྤང་བར་བྱ་བའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱིར་ རོ། །སྟོང་པ་ཞེས་བྱ་བ་ནི་བདག་གིས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །བདག་མེད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བདག་མ་ཡིན་པའི་ཕྱིར་རོ། །ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་མ་བྱུང་བ་ཞིག་ཅེས་བྱ་བ་ནི་བདག་ཡོད་པར་རྨོངས་པ་མ་ཡིན་པ་སྟེ། བདག་ལ་ སོགས་པར་འགྱུར་བ་གང་ཡང་མེད་པ་དང་། སྔོན་ཡང་རྐྱེན་འདི་དང་མཐུན་པར་ཟད་པའི་ཕྱིར་རོ། །ཅིར་གྱུར་པ་ཅིག་ཅེས་ཞེས་བྱ་བ་ནི་ལྷ་དང་མིར་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། མིང་ཅི་ཞེས་བྱ་བ་དང་། རུས་ཅིར་གྱུར་པ་དང་། ཁ་དོག་ཇི་ལྟ་བུ་དང་། གང་དུ་གནས་པར་གྱུར་པ་ལ་སོགས་པ་བདག་གི་གནས་ཀྱི་བྱེ་བྲག་ལ་རྨོངས་པ་མེད་པ་སྟེ། དེ་བཞིན་དུ་ཕྱི་མའི་མཐའ་དང་ཡང་སྦྱར་རོ། །རྒྱུ་མ་ཚང་བ་མེད་པ་ལས་དེ་ལྟར་འབྲས་བུའི་རྣམ་པ་སྐྱེ་བ་དང་མི་འགལ་བས་དབུས་ཀྱི་མཐའ་བསྟན་ ཏོ། །འདི་ཅི་ཞེས་བྱ་བ་ནི་བདག་གམ་བདག་གི་མ་ཡིན་པར་རོ། །འདི་ཇི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདག་དེ་ཅི་གཟུགས་ཅན་ནམ་གཟུགས་མེད་པ་ཅིག་སྙམ་པའོ། །ཅི་ཞིག་ཡོད་ཅེས་བྱ་བ་ནི་ལེགས་པར་བྱེད་པའི་ལས་བྱེད་པའམ། འོན་ཏེ་ཉེས་པར་བྱེད་པའི་ལས་བྱེད་པར་འགྱུར་ ཞེས་བྱ་བ་ལ་སོགས་པའོ། །ཅིར་འགྱུར་ཞེས་བྱ་བ་ནི་ཚེ་འདི་ནས་བདག་ཚེ་ཕྱི་མ་ལ་ཅིར་འགྱུར། ཅི་ལེགས་པར་བྱེད་པའི་ལས་བྱེད་པར་འགྱུར་རམ། ཉེས་པར་བྱེད་པའི་ལས་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པར་དུས་གསུམ་དུ་ཡང་བདག་གི་ཡུལ་དང་། གཞན་གྱི་ཡུལ་ལ་རྨོངས་ 116-163a པར་མི་འགྱུར་བའོ། །ཐམས་ཅད་ཀྱང་བདག་མེད་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པར་བསྟན་པའི་ཕྱིར། སེམས་ཅན་འདི་དག་གང་ནས་འོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བརྡ་ཕྲད་པར་སླ་བས་མ་བཤད་དོ། །དགེ་སྦྱོང་ཐམས་ ཅད་ནི་རབ་ཏུ་བྱུང་བའོ། །བྲམ་ཟེ་ནི་ཁྱིམ་པ་སྟེ། རིགས་ཀྱི་བྱེ་བྲག་ཏུ་འཇིག་རྟེན་ན་གྲགས་པའོ། །ལྟ་བར་སོང་བ་ཞེས་བྱ་བ་ནི་ལྟ་བའི་རྣམ་པའོ། །ཐ་དད་པ་ཞེས་བྱ་བ་ནི་སོ་སོ་བའོ། །བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ནི་བདག་ཕུང་པོ་ལས་གཞན་ནམ། གཞན་མ་ཡིན་ཞེས་ བྱ་བ་ལ་སོགས་པའི་རྟོག་པ་དང་ལྡན་པ་དག་སྟེ། བདག་ནི་ངར་ཤེས་པའི་ཡུལ་ཡིན་པས་དེའི་དབང་གིས་དགེ་སློང་དང་བྲམ་ཟེ་དག་ཕན་ཚུན་འགྱེད་དོ། །འཚོ་བས་ནི་སྲོག་གོ། །ཡང་དང་ཡང་འགྲོ་བ་རྣམས་སུ་ལེན་པས་ན་གང་ཟག་གོ། །དགེ་མཚན་དང་ལྡན་ཞེས་བྱ་བ་ནི་དེ་ལྟ་བུ་དང་། གཏམ་རྒྱུད་དང་། སྔོན་བྱུང་བ་དང་། གླུ་བྲོ་ལ་སོགས་པས་བདག་དགའ་བར་འགྱུར་བར་གྲག་ཅེས་མངོན་པར་ཞེན་པའི་ཕྱིར་རོ། །བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་ནི་རྩྭ་དཱུར་བ་དང་། གི་ཝང་ལ་སོགས་པ་བསྟེན་པ་དང་། ཞོ་དང་། མེ་ཏོག་དང་། བུམ་པ་གང་བ་དང་། ཉ་དང་བྲམ་ཟེ་ དང་། ཁྱུ་མཆོག་ལ་སོགས་པ་མཐོང་བ་དང་། སྐར་མ་དང་། ཡུད་ཙམ་དང་། ཚེས་གྲངས་དང་། སྦྱོར་བ་པའི་བྱེ་བྲག་གིས་བདག་རྣམ་པར་དག་པར་འགྱུར་རོ་ཞེས་ང་རྒྱལ་བྱེད་པ་སྟེ། དེ་དག་ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པའི་ཕྱིར། ཚུལ་ཁྲིམས་ དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། བདག་ཏུ་འཛིན་པ་ནི་རྩ་བའོ། །ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་ཞེས་བྱ་བ་ནི། སེམས་རྒྱས་པ་དང་ཞུམ་པར་གྱུར་པ་སྟེ། དེ་དག་ནི་ལྟ་བར་སོང་བའི་བྱེ་བྲག་གོ། །སྤངས་པར་གྱུར་ཅེས་བྱ་བ་ནི་ཀུན་དུ་མི་འབྱུང་བའི་ཕྱིར་རོ། ། ཡོངས་སུ་ཤེས་ནས་ཞེས་བྱ་བ་ནི་བདག་ལ་སོགས་པར་ནོར་པའི་ཡུལ་བདེན་པ་མ་ཡིན་པར་ཤེས་པའོ། །རྩ་བ་ནས་བཅད་དེ་ཞེས་བྱ་བ་ནི་འཕགས་པའི་ཤེས་རབ་ཀྱིས་བག་ཆགས་དེ་གཏན་ནས་བསལ་བའི་ཕྱིར་རོ། །མི་སྣང་བར་གྱུར་ཅེས་བྱ་བ་ནི་རེས་འགའ་ཡང་སེམས་ལ་སྣང་ 116-163b བར་མི་འགྱུར་བའི་ཕྱིར་རོ། །ཕྱིས་ཞེས་བྱ་བ་ནི་ཚེ་རབས་གཞན་པའོ། །མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི། རྩ་བ་ནི་རྩ་བ་ནས་བཅད་པའི་ཕྱིར་ཏེ་སྐྱེ་བ་མེད་ན་འགག་པ་མི་སྲིད་པའི་ཕྱིར་རོ། །དེ་དག་གིས་བདག་ཏུ་ལྟ་བ་སྤངས་པའི་ཕྱིར་དེའི་རྩ་བ་ཉོན་མོངས་པ་ཐམས་ ཅད་བསལ་ནས་སྒྲིབ་པ་སྤངས་པ་དེའི་འབྲས་བུ་ཉེ་བར་བསྟན་ཏོ། །མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དེ་ཡང་དེའི་འབྲས་བུ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཅེས་བྱ་བས་སྟོན་ཏེ། ལམ་དེ་ལ་གནས་པ་ཉིད་ལ་ལུང་སྟོན་པའི་ཕྱིར་རོ། །དེ་སྐད་ ཅེས་སྨྲས་ནས་ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པས་ཚིག་དེ་འདས་པས་ཡིད་བརྟན་དུ་རུང་བའི་ལུང་ཉིད་དུ་སྟོན་ཏོ། །འཕགས་པ་ཤཱ་རིའི་བུ་ལ་སོགས་པ་རྗེས་སུ་ཡི་རང་བས་ནི་འཇིག་རྟེན་མ་ལུས་པས་འདི་ཡོངས་སུ་གཟུང་བར་བསྟན་ཏོ། །བདག་གིས་མདོ་སྡེ་འདི་ཡི་དོན། །ཅི་ནུས་ཅི་འདྲ་རྒྱས་བཤད་པ། །བསོད་ནམས་ཀྱིས་ནི་སྐྱེ་བོ་ཀུན། །ཆོས་དོན་ཟབ་མོ་རྟོགས་འཇུག་ཤོག །འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེ་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ། །