རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག།
Guide to the Heart of Dependent Origination
FULL TEXT


Description

There is no mention of this particular mind training instruction in Shönu Gyalchok's Compendium of WeII-Uttered Insights. However, Lechen Künga Gyaltsen's Lamp Illuminating the History of the Kadam Tradition (p. 8) identifies Dromtönpa as the origin of this instruction and asserts that Ngülchu Thokmé Sangpo wrote a guide on this instruction. The Treasury of Gems (p. 195), on the other hand, recognizes the instruction as being initially developed by the Kadam master Phuchungwa (1031-1106). Phuchungwa, whose actual name was Shönu Gyaltsen, was one of the three famous Kadam brothers and later became the source of the so-called Kadam lineage of pith instructions. It is intriguing to note, however, that in the brief presentation of the lineage of this instruction found at the end of this short work, the author of this text fails to include Phuchungwa on the list, which seems to support Lechen's statement that the instruction originated from Drontönpa rather than Phuchungwa. It is also difficult to speculate who the actual author of this work is. (Thupten Jinpa, Mind Training: The Great Collection, 637n811)

Citationrten 'brel snying po'i khrid yig [རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག།]. [Guide to the Heart of Dependent Origination].
Author[[]]



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཇོ་བོ་རྗེ་ལྷ་གཅིག་གི་བློ་སྦྱོང་ལ། དྷརྨ་ར་ཀྲི་ཏ། བྱམས་པའི་རྣལ་འབྱོར་པ། བླ་མ་གསེར་གླིང་པའི་ལུགས་དང་གསུམ་ཡིན་གསུངས། འདི་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་མོ།། དང་པོ་སྦྱོར་བ་ནི། མདུན་གྱི་ནམ་མཁར་བླ་མ་བརྒྱུད་པ་དང་བཅས་པ་དང་། ཐུགས་རྗེ་ཆེན་ པོ་བསྒོམས་ལ། ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་དང༌། འབྱོར་ན་མཎྜལ་དབུལ། གསོལ་བ་ གདབ་པ་ནི། ཚེ་འདིའི་འདུན་མ་ཐམས་ཅད་ཆོས་སུ་འགྲུབ་པར་བྱིན་གྱིས་རློབས། བྱམས་སྙིང་རྗེ་བྱང་ ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་མིན་གྱི་བསམ་པ་སྐད་ཅིག་་ཙམ་ཙམ་ཡང་ རྒྱུད་ལ་མི་སྐྱེ་བར་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་དང་ཏིང་འཛིན་རྒྱུད་ལ་ སྐྱེ་བར། སེམས་ཅན་ཐམས་ཅད་མ་རུ་གོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ།། དངོས་གཞི་ལ་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ནི། བྱམས་ པ་བསྒོམ་པ་ནི། སྙིང་རྗེའི་ཆུ་བོ་བྱམས་པ་སྟེ། དེ་སྡུག་བསྔལ་ལ་ཡང་དག་སྐྱེ། །ཞེས་གསུངས་པའི་ དོན། ཐོག་མར་ཚེ་འདིའི་མ་ལ་བྱམས་པ་བསྒོམས་པ་སྟེ། བྱས་པར་ཤེས་ཤིང་དྲིན་དུ་བཟོ་བ་ལ་བྱམས་ པ་སྐྱེ་པས་སོ། །དེ་ཡང་དང་པོ་མངལ་ན་ཡོད་པའི་དུས་སུ། ཁ་ཟས་མི་མཐུན་པ་སྤོང་བ་ལ་སོགས་པ། ཆུད་ཟོས་དོགས་ཀྱིས་དོགས་ནས་བསྐྱངས་པས་དྲིན་ཤིན་ཏུ་ཆེ། དེ་ནས་སྐྱེས་པ་དང་འབུ་རིད་ལྟ་བུ་དེ། སོར་མོ་བཅུའི་ཁ་ལ་བླངས། ཟས་ལྕེས་བསྙིལ།? མི་གཙང་བ་ལག་པས་ཕྱིས། ཤ་ལ་གཅེར་ནས། ནུ་ ཞོ་བསྣུན་པ་ལ་སོགས་པའི་སྒོ་ནས་ཀྱང་བསྐྱངས་པས་དྲིན་ཆེ། ཆེར་སྐྱེས་པ་དང་། ཟས་གོས་ནོར་ལ་ སོགས་པ་ཐམས་ཅད་བུ་ལ་བྱིན་ཏེ། མདོར་ན་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཐམས་ཅད་མའི་བུ་ལ་ ཡོད་ན་ཆེས་པ་མེད་སྙམ་པའི་སྒོ་ནས་བདག་སྐྱབས་པས། དེ་ལྟ་བུའི་བརྩེ་བས་བསྐྱངས་པའི་མ་འདི་ བདེ་བའི་རྒྱུ་ལ་དགོད་པར་བྱའོ་སྙམ་དུ། རྐང་གི་ཁོང་། རུས་པའི་གཏིང་ནས་བསྒོམ་པར་བྱའོ། །བྱམས་ པ་ལ་འགོད་པར་བྱའོ་སྙམ་པ་གོ་ཆ་དང་འབྲེལ་བའི་བྱམས་པ། གྱུ ར་ཅིག་སྙམ་པ་སྨོན་ལམ་དང་ འབྲེལ་བའི་བྱམས་པ། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་དགའ་སྙམ་པ་རྗེས་སུ་ཡི་རང་འབྲེལ་བའི་ བྱམས་པའོ། །གསུངས། དེ་ནས་ཅུང་ཞིག་ངལ་བསོ་ལ་ལྷོད་ཀློད་དེ། མ་བཅོས་པའི་ངང་ལ་བཞག་གོ །དེ་ ལྟར་གསོལ་བ་གདབ་པ། བྱམས་པ་བསྒོམ་པ། ལྷོད་ཀློད་པ་གསུམ་ལ་ཟས་བཟའ་ཡུན་རེ་ཙམ་བྱ་ གསུང་ངོ༌། །དེ་ནི་ཐོག་མར་མ་ལ་དམིགས་པའི་བྱམས་པ་བསྒོམ་པའོ།། དེ་ལ་སྙིང་རྗེ་སྐྱེས་མ་སྐྱེས་ཀྱང་རུང་སྟེ། གཉིས་པ་བྱམས་པ་གཉེན་ལ་བསྲེ་བ་ནི། འདི་མན་ ཆད་ཐམས་ཅད་ལ་སྔོན་འགྲོ་རྗེས་ནི་གོང་དང་འདྲའོ། །དངོས་གཞི་ནི་ཕ་དང་ཉེ་དུ་དང་ཐམས་ཅད་འདི་ རྣམས་ཀྱི་མ་མ་བྱས་པ་མེད། བདག་འཁོར་བ་ཐོག་མེད་ནས་སྐྱེ་ཤིའི་འདོར་ལེན་འབའ་ཞིག་བྱས། མ་ བྱས་རེས་ཀྱིས་ཕན་བཏགས་གནོད་པ་ལས་སྐྱབས་པས་དྲིན་ཅན་གྱི་མ་རྒན་འདི་རྣམས་བདེ་བ་ དང་བདེ་བའི་རྒྱུ་དང་ལྡན་པ་ལ་བདག་གིས་དགོད་པར་བྱའོ་སྙམ་དུ་སྙིང་ཐག་པ་ནས་བདག་གི་ བསྒོམ་མོ། །མིའི་འགྲོ་བ་རྣམས་ལ་བསྒོམ་པ་ནི། ཡུལ་མི་ཁྱིམ་མཚེས་ལུང་པ་གཅིག་གི་མི་གཉིས་ གསུམ་བཞི་འཛམ་བུའི་གླིང༌། གླིང་གསུམ་རེ་རེ་ནས་བསྒོམ་མོ། །དེ་ནས་དམྱལ་བ་ལ་བྱམས་པ་ བསྒོམས་པ། དེ་ནས་ཡི་དྭགས་ལ། བྱོལ་སོང་ལ། དེ་ནས་ལྷ་ལ་བསྒོམ་པ་ལ་ཡང་བྱེད་མིའི་དེ་སྔོན་ལ་ བསྒོམ། ལྷ་ལ་འཆི་འཕོ་ལྟུང་བྱེད། རིམས་ནད་རབ་ཏུ་ཚ་བས་ཉོག་ཉོག་པོར་འགྲོ་བ་ལ་སོགས་པ་ལྷ་ མ་ཡིན་ལ་འཐབ་རྩོད་ཀྱི་དུ༔ཁ་ལ་སོགས་པ་དཔག་ཏུ་མེད་པ་བསྒོམ་མོ། །ལྷ་མ་ཡིན་ལ་དམིགས་ པ་བཙུགས་ནས་སྒོམ་ས་མེད། བྱོལ་སོང་ལ་རིགས་བྱེ་བ་སྟོང་ཕྲག་བརྒྱད་ཅུ་ཡོད། ཕྱིའི་རྒྱ་མཚོ་ཆེན་པོའི་ནང་འདོམ་བཅུ་ གཉིས་མན་ཆད་ན་ཆང་བསྲིངས་པའི་སྤང་མ་ཙམ་ཡོད་དེ། ཉ་ཆེན་པོ་ཉ་མིད་དེ། འདི་ཆུ་སྲིན་རྣམས་ ཀྱི་ཆུ་ཐིག་རེ་འཐུངས་པའི་ཉ་ཆེ་ཆུང་དཔག་ཏུ་མེད་པ་ཁོང་པའི་ནང་དུ་སོང་ནས་འཆི། ཡང་ཆུང་བ་མང་ པོས་ཆེན་པོ་རེའི་གཞོགས་ལ་བུག་པ་བྲག་ཕུག་ཙམ་དོད་ནས་ཟས་དེ། དགྲ་ཟིན་མེད་པས་བློ་གཞིབས་ ནས་གཅིག་གི་གཅིག་ཟ་བའི་དུ ཁ་དཔག་ཏུ་མེད་པ་དང་། ཡང་དུད་འགྲོ་ཁ་འཐོར་བ་གཅན་གཟན་རི་ དྭགས་བྱ་བྱིའུ་འབུ་སྲིན་ལ་སོགས་པས་ཀྱང་གཅིག་ལ་གཅིག་གི་ཟ་བའི་དུ ༔ ཁ་དཔག་ཏུ་མེད་པར་ བསམ་ལ་བསྒོམ། མི་ལ་འཁོར་བ་རྣམས་ཀྱང་རྒས་རྒས་ཤི་ཤི་བར་ལ་ཁལ་བཀལ། སྤུ་གཏོགས། ཞོ་ བཞོས། བཤས་ནས་ཟ་བ་ལ་སོགས་པ་དུ་ཁ་དཔག་ཏུ་མེད་པར་ཡོད་པ་བསྒོམ་མོ། །ཡི་དྭགས་ལ་ རིགས་སུམ་ཅུ་སོ་དྲུག་ཡོད། དེ་ཡང་ལྔར་འདུས་པས་དེ་རྣམས་ཀྱི་དུ ཁ་དྲན་པར་བྱས་ལ་བསྒོམ། དམྱལ་བ་ལ་བྱམས་པ་བསྒོམ་པ་ནི། དམྱལ་ཁམས་བཅོ་བརྒྱད་ཀྱི་དུ་ཁ་དྲན་པར་བྱས་ལ་བསྒོམ། བྱམས་པ་དང་༑ སྙིང་རྗེ་མ་སྐྱེས་ན། གཉིས་པ་སྙིང་རྗེ་བསྒོམ་པ་ནི། གཞན་སྦྱོར་བ་དང་ རྗེས་གོང་བཞིན་བྱ། དངོས་གཞི་ལ་རྩ་བའི་མ་ལ་སྙིང་རྗེ་བསྒོམ་པ་ནི། གོང་བཞིན་དྲིན་དྲན་པར་བྱས་ ཏེ༑ དྲིན་ཅན་གྱི་མ་རྒན་འདི་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ན་དགའ་བ་ལ། འཁོར་བ་སྡུག་ བསྔལ་གྱི་རྒྱ་མཚོ་ན་འཁྱམས་ཀྱིན་འདུག་པ་སྙིང་རེ་རྗེ་སྙམ་དུ་བསྒོམ། འདི་མན་ཆད་དངོས་གཞིའི་ འདུན་པ་བསྒྱུར་ལ་དམིགས་པ་ཐམས་ཅད་ཚང་བར་བྱམས་པའི་སྐབས་སུ་བཀར་བཞིན་བསྒོམ་པར་ བྱའོ། །ཡང་གོང་བཞིན་བྱམས་པ་གཉིས་གང་རུང་ལ་སྙིང་རྗེ་སྐྱེས་ནས། སྙིང་རྗེ་ཆེན་པོ་བསྐྱེད་པ་ནི་ ལུས་ཀྱི་ལུས་བཅུན་ཏེ་ཙོག་པུ་ལ་སོགས་བྱ། སོ་བར་དུ་མཛུབ་མོ་གཅིག་བཅུག་ལ་འགྲམ་པ་བསྟེན་ལུས་ ཀྱི་ངག་བཅུན་པ་ནི་ཁོང་པའི་ནང་ན་ཡར་ལ་ཨ་མ་ཞེས་དྲངས། ངག་གིས་ཡིད་བཅུན་པ་ནི། སེམས་ ཅན་དམྱལ་བ་ལ་སོགས་རིགས་དྲུག་ལ་སྙིང་རྗེ་བསྒོམས་ཤིང་། འདི་རྣམས་ཀྱི་མ་མ་བྱས་པ་མེད་པས། མ་འདི་རྣམས་སྙིང་རྗེ་ཨ་ཞེས་སྙིང་ཐག་པ་ནས་བསྒོམ། མ་མིན་པ་ལ་མར་བསྒོམ་པ་མིན་ཏེ། བསྟན་ བཅོས་མྱ་ངན་བསལ་བ་ལས། མའི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡི་ལང་ མི་འགྱུར།“ །ཞེས་གསུངས། གཉིས་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སྙིང་རྗེ་རང་བྱས་པས་མི་ཕན་སྟོང་ལེན་བསྒོམ་ དགོས་ཏེ། དམྱལ་བ་ལ་སོགས་ཀྱི་མ་དེ་རྣམས་ཀྱི་དུ་ཁ་བདག་ལ་ཚུར་བསྡུ། བདག་གི་བདེ་བ་དེ་རྣམས་ ལ་བྱིན་པས། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་ཐོབ་པར་བསྒོམ། དེ་ཡང་དུ༔ཁས་ དངོས་སུ་གནོད། ཀུན་འབྱུང་གིས་ཐར་དུ་མི་སྟེར་བས། སེམས་ཅན་ཐམས་ཅད་ཀྱི་དུ་ཁ་དང་། ཀུན་འབྱུང་ གཉིས་སྤུ་གྲིས་བཞར་བ་ལྟར་བླངས་ལ་རང་ལ་ཚུར་བསྡུ། རང་གིས་བདེ་བ་ཐམས་ཅད་སེམས་ཅན་ གཞན་ལ་བྱིན་པས། གནས་སྐབས་སུ་ཆོས་ཀྱི་མཐུན་རྐྱེན་མ་ཚང་བ་མེད་པ་བྱུང་ཞིང་། མཐར་ཐུག་ སངས་རྒྱས་ཡེར་ཐོབ་པར་བསམ། རྨི་ལམ་དུ་ཡང་བསྒོམས་ཏེ། ཆུས་ཁྱེར་བ་ཁང་པ་གཞིག་པ། མཚོན་ རྡེག་པ་ལ་སོགས་པ་གང་བྱུང་ཡང་བསྒོམ། ཡང་སྙིང་རྗེ་ཏིང་ངེ་འཛིན་གཉིས་ལས། གང་ལ་བསྒོམ་པ་ དེ་ལ་སྙིང་རྗེ་ལྷང་སྐྱེས་པ་དེ་སྙིང་རྗེ་དངོས་ཡིན་ལ། དེའི་ངང་ལ་གཏོང་ལེན་བསྒོམས་ནས་ཡིད་གཞན་ དུ་མ་ཡེངས་པར་ལྷོད་ཀློད་ནས་བཞག་པ་ནི་སྙིང་རྗེའི་ཏིང་ངེ་འཛིན་ཡིན་གསུངས། ཡང་ཞི་གནས་ཀྱི་ ཏིང་ངེ་འཛིན་བསྒོམ་དུ་སྐྱེས་ན་དོན་རྒྱུད་ལྟ་བུ་དང་བསྲེས་ནས་སྒོམ་གསུངས། ཡང་འདིའི་དམིགས་པ་ ཐོག་མ་ནས་སྙིང་རྗེ་སྐྱེས་ནས་སྙིང་རྗེ་ཚད་མེད་པ་དང་གཏོང་ལེན་བྱ། དེ་ལུང་ཐོབ་པར་བྱ་བའི་ཕྱིར་ དམིགས་པ་ཐམས་ཅད་བྱ། སྤྱིར་འདི་ལ་བཞི། ནད་ཐོག་ཏུ་དབབ་པ། གདོན་ཐོག་ཏུ་དབབ་པ། བར་ཆད་ཀྱི་ཐོག་ཏུ་ དབབ་པ། ལས་དང་ཉོན་མོངས་པའི་ཐོག་ཏུ་དབབ་པའོ། །དང་པོ་ནི། རང་ལ་གང་བྱུང་ཡང་སེམས་ ཅན་ཐམས་ཅད་ཀྱི་ནད་བདག་ལ་བསྟིམ་ལ། སེམས་ཅན་ཐམས་ཅད་ནད་དང་བྲལ་བདག་གི་ནད་ཇེ་ ཆེ་ལ་སོང་བར་བསམ་ཞིང་། དྲག་ཏུ་རེའི་བསམ་པ་མི་བྱ། ཡང་དང་ཡང་དུ་བསྟིམ་ཞིང་བསྒོམ། གཉིས་ པ་གདོན་ཐོག་ཏུ་དབབ་པ་ནི། དོན་རྒྱུད་ལྟར་ཕོ་གདོན་ས་བདག་མོ་གདོན་གང་བྱུང་ཡང་སེམས་ཅན་ ཐམས་ཅད་ཀྱི་གདོན་བདག་ལ་བསྟིམ་པ་དང་། གདོན་ཡང་མར་བསྒོམ། བདག་གི་བདེ་བ་མ་རྣམས་ ལ་བྱིན་པར་བསམ་ལ་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ལྟར་གདོན་མར་བསྒོམ། བདག་བུར་ མཐོང་སྟེ་མ་དགའ་བུ་སྐྱིད་འོང་། གཅོད་བཞིན་དུ་འཇིགས་སྐྲག་ལ་སོགས་བློས་མི་འོང་གསུང་། གསུམ་ པ་བར་ཆད་ཀྱི་ཐོག་ཏུ་དབབ་པ་ནི། བདག་ལ་བར་ཆད་གང་བྱུང་ཡང་། སེམས་ཅན་ཐམས་ཅད་དང་ སྒྲུབ་པ་པོ་ཐམས་ཅད་ཀྱི་བར་ཆད་བདག་ལ་བསྡུ་ཞིང་། བདག་གི་བདེ་བ་དེ་རྣམས་ལ་བྱིན་པས་བར་ ཆད་དང་བྲལ་བར་བསམ་པ་ཡང་ཡང་ཡང་དུ་བྱའོ།། བཞི་པ་ལས་དང་ཉོན་མོངས་པའི་ཐོག་ཏུ་དབབ་པ་ལ་གཉིས། རྒྱུ་ཉོན་མོངས་པའི་ཐོག་ཏུ་ དབབ་པ་དང་། འབྲས་བུ་ལས་ཀྱིས་ཐོག་ཏུ་དབབ་པའོ། །དང་པོ་ནི། ཉོན་མོངས་པ་གང་རགས་པ་ དེ་ཐོག་མར་སློངས་ལ། ཕལ་ཆེར་ཞེ་སྡང་སློངས་སླ། དེ་ཡང་ཞེ་སྡང་རགས་པ་ནི། མི་གྲི་བརྡེག་འདོད་ པ་ལ་སོགས་པ་འོང་ལ། ཕྲ་བ་ལ་ཚིག་པ་ཟ་བ་གོ་ལག་ཡང་འདི་སྐྱུར་ན་སྙམ་པ་འོང་། གཏི་མུག་སློང་ དཀའ་སྟེ། བསྒོམ་པ་ན་ཕྱིས་ནས་སློངས་གསུངས། ཉོན་མོངས་པ་གཞན་ཡང་སློངས་ཅི་རིགས་ལ་ཡོང་། དེ་ ཡང་གང་གིས་སློངས་བྱུང་ཡང་། བྱུང་མ་ཐག་མི་བསྒོམ་ཏེ། སྟོབས་རྫོགས་པ་དང་བསྒོམ། དཔེར་ན་ ཞིང་འགའ་ཞིག་ལ་ལོ་བཏབ་ན། ཐོག་མར་ཟླུམ་སྐྱེས་ཀྱང་སྐྱེས་མ་ཐོག་ནས་མི་འབལ་ཏེ། ཟླུམ་རྩ་བ་ ནས་མི་ཐོན་ཕྱིས་ཟླུམ་གྱི་སྟོབས་རྫོགས་པ་དང་བྲལ་ན་རྩ་བ་འཐོན་ཤིང་ལེགས་པ་དང་འདྲའོ། །དེས་ ན་ཉོན་མོངས་པ་གང་སྐྱེས་ཀྱང་སྟོབས་རྫོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞེ་ སྡང་སོགས་བདག་ལ་བསྟིམ། བདག་གི་བདེ་བ་སེམས་ཅན་ཐམས་ཅད་ལ་བྱིན་པས་ཉོན་མོངས་པ་ ཐམས་ཅད་དང་བྲལ་བར་བསྒོམ། གཉིས་པ་འབྲས་བུ་ལས་ཀྱིས་ཐོག་ཏུ་དབབ་པ་ནི། རང་གི་ཉམས་ལ་དམྱལ་བ་ལ་ སོགས་ངན་སོང་གསུམ་གྱི་སྣང་བ་གང་བྱུང་ཡང་ངན་སོང་གསུམ་གྱི་དུ ཁ་ཐམས་ཅད་བདག་ལ་ བསྟིམ་པ་ཡང་ཡང་བྱ། ཡང་ཉམ་ང་བའི་རྣམ་པ་བྱུང་ཡང༌། སེམས་ཅན་ཐམས་ཅད་ཀྱི་ཉམ་ང་བ་ བདག་ལ་བསྡུ་ཞིང་གཏོང་ལེན་བསྒོམ་མོ། །སྤྱིར་འདི་ལ་ཉམས་ཐོག་ནས་བསྒོམ་འཚོལ་བ་དང༌། སྒོམ་ཐོག་ནས་ཉམས་འཚོལ་བ་གཉིས་ཡིན་གསུངས། དེ་ལ་དང་པོ་ནི། གོང་གི་བྱམས་པ་སྙིང་རྗེ་ བྱང་ཆུབ་ཀྱི་སེམས་གསུམ་གྱིས་དམིགས་པ་བསྒོམ་པ་ལ་ཉམས་གང་སྐྱེས་སྐྱེད་ཞིང་བསྒོམ་པའོ། ། བསྒོམ་ཐོག་ནས་ཉམས་འཚོལ་བ་ནི། དཔེ་གཅོད་བཞིན་དུ་ནད་གདོན་ལ་སོགས་གང་བྱུང་ཡང་ གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། ཉམས་སྐྱོང་བ་ཁོ་ན་ཡིན་ནོ། །ཡང་བསྒོམ་སྙིང་མི་ འདོད་པ་བྱུང་ན་འཇིག་རྟེན་གྱི་ཁམས་ན་སྒོམ་མི་བྱེད་པ་ལ་ཟད་པ་མེད་སྙམ་དུ་བསམ་ལ་རེས་ ཀློད་ལ་བཞག ཡང་ཇི་ལྟར་བསྒོམ་བྱ་གསུངས། སྤྱིར་འདིར་ཁྲིད་ཀྱི་དམིགས་པ་སྤོ་ཞིང་བསྒོམ་ པ་ནི། དཔེ ར་ན་ཕ་བོང་ཆེན་པོ་འདོན་པ་ལ་ཕྱོགས་མཐའ་དག་ནས་གླགས་གར་ཆེ་ལྟ་ཞིང༌། བཟུ ང་བ་དང་འདྲ་གསུ ངས། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ་དེའི་རྩ་ བའམ་སྙིང་པོ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་པས་ན་རྟེན་འབྲེལ་སྙིང་པོ་ ཞེས་བྱའོ། །འདི་བླ་མ་གསེར་གླིང་པའི་གཏོང་ལེན་བྱང་ཆུབ་ཀྱི་སེམས་བསྒོམ་པའོ།། འདིའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། བྱམས་པ། གསེར་གླིང་པ། ཇོ་བོ་རྗེ། སློབ་དཔོན་ སྟོན་པ། པོ་ཏོ་བ། རྒྱ་ལྕགས་རི་བ། རྣལ་འབྱོར་པ་ཆོས་གཡུང་དྲུང༌། སྐྱེར་སྒོམ་ཞིག་པོ། རྒྱ་སྒོམ་རི་པ། བོ་དོང་བ། བླ་མ་དབང་པ། ཉན་པོ་པ། དེ་རྣམས་ལ་བརྒྱུད་པ་ལགས་སོ། །རང་གི་རྗེད་བྱང་སྤང་བའི་ ཕྱིར། །སྒྲོ་སྐུར་མེད་པ་རྡོ་རྗེའི་ཚིག །བླ་མའི་གསུང་འདི་ཡི་གེར་བཀོད། །དགེ་བས་མ་རྣམས་སངས་

རྒྱས་ཤོག། །། སརྦ་མངྒལཾ།