Kun rdzob byang sems kyi khrid jo bo'i lugs/Full text

From Bodhicitta
< Texts‎ | Kun rdzob byang sems kyi khrid jo bo'i lugsTexts/Kun rdzob byang sems kyi khrid jo bo'i lugs/Full text

ཀུན་རྫོབ་བྱང་སེམས་ཀྱི་ཁྲིད་ཇོ་བོའི་ལུགས།
FULL TEXT


Description

Referencekun rdzob byang sems kyi khrid jo bo'i lugs [ཀུན་རྫོབ་བྱང་སེམས་ཀྱི་ཁྲིད་ཇོ་བོའི་ལུགས།].
PeopleEighth Karmapa Mikyö Dorje



[edit]
Source BDRC MW8039
Date 2025-05-28
Kun rdzob byang sems kyi khrid jo bo'i lugs-W8039-v19 img335-376.pdf
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །ཀུན་རྫོབ་བྱང་སེམས་ཀྱི་ཁྲིད་ཇོ་བོའི་ལུགས་བཞུགས་སོ། །
མ་རྒན་རྣམས་ལ་བཅོས་མིན་སྙིང་རྗེ་ནི།།

སྐྱེས་ནས་དེ་དོན་ཇི་ལྟར་བྱེད་པའི་ཚུལ།། ལྷ་དང་བླ་མས་བཀའ་གནང་ཐོབ་པའི་ཕྱིར།།

སྙིང་ནས་ཐར་འདོད་རྣམས་ཀྱི་དོན་དུ་བཀོད།།
དེ་ལ་ཇི་ལྟར་བརྒྱུད་པའི་ཚུལ་དང༌། གདམས་ངག་དངོས་སོ། །དང་པོ་ནི།
ཕར་ཕྱིན་གྱི་ལམ་རིམ་བསྟན་བཅོས་ཐར་པ་རིན་པོ་ཆེའི་རྒྱན་གྱི་བླ་བརྒྱུད་དམ། ལྷག་པར་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྒོམ་རིམ་འདི་ནི། ཇོ་བོ་རྗེ་ཆེན་པོ། དགེ་བའི་བཤེས་གཉེན་ཤ་ར་བ་སྐུ་མཆེད། རྗེ་དུས་གསུམ་མཁྱེན་པ། དེ་ཕྱིན་ཀཾ་ཚང་གི་དོན་བརྒྱུད་བཞིན་ནོ། །ཡང་ན། ཇོ་བོ། འབྲོམ། པོ་ཏོ་བ། གླང་ཐང་པ། རྗེ་དུས་མཁྱེན།
གཉིས་པ་ལ།
བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་ཐོབ་ཅིང་རྒྱུད་ལ་གནས་པ་གཏོང་བྱེད་ཀྱིས་མ་གཏོང་ཞིང༌། ཉམས་བྱེད་ཀྱིས་མ་ཉམས་ཤིང་། ཉེས་བྱས་ཕྲ་མོ་ལའང་ཕྱིར་བཅོས་ཚུལ་བཞིན་བྱེད་པ་དག་ཤེས་རྒྱུད་ལ་འདྲེ་འདྲེར་སེམས་ཅན་གྱི་ཁུར་ཆེན་པོ་བློ་ལ་བཅོས་མིན་དུ་མ་སྐྱེས་ན། འཁོར་བ་སྤྱི་ལྡོག་ནས་བསྒོམ་པ་དང༌། སེམས་ཅན་བྱེ་བྲག་ལ་སྦྱར་ནས་བསྒོམ་པའོ།།

དེ་ལ་དང་པོ་ལ་གང་ཟག་སུ་མ་ཉེན་ཅིང་སུ་སྡུག་བསྔལ་ལོ་སྙམ་པའི་སྒོ་ནས་བསྒོམ་པ་ནི། ག་རེ་ན། སྤྱིར་ཤེས་བྱ་ལ་ཤེས་པ་རྒྱུད་ལྡན་གང༌། དེ་ལ་མ་ཉེན་ཅིང་སྡུག་བསྔལ་བ་དེ་སུ་ཞིག་ཅེས་བསམས་པ་ལས། ཤེས་པ་རྒྱུད་ལྡན་ནི། སངས་རྒྱས་དང་སེམས་ཅན་གཉིས་ཏེ། སངས་རྒྱས་ནི་ཡེ་ཤེས་སེམས་ཅན་ནི་རྣམ་ཤེས་རྒྱུད་ལ་ལྡན་པས། ཤེས་པ་རྒྱུད་ལྡན་ནི་དེ་གཉིས་སུ་འདུས་པས། དེ་ལ་སངས་རྒྱས་ནི་འཁྲུལ་པ་ཟད་པས་མ་ཉེན་རྒྱུ་ཅི་ལྟོ། མ་ཉེན་པའི་སྐལ་པ་དེ་སྡུག་གེ་སེམས་ཅན་ལ་བབས་འདུག་པ། འདི་ལ་མགོན་སྐྱབས་ཤིག་འདུག་གེ་གཞིགས་ན་སངས་རྒྱས་བྱང་སེམས་ཀུན་གྱིས་སྐྱབས་མཛད་མོད། དེ་ལྟར་ནའང་སེམས་ཅན་གྱི་འབྱམས་ཀླས་ལུགས། རང་རེ་སེམས་ཅན་གྱི་ཁྲོད་ན་ཡོད་ལུགས་ལ་སེམས་ཅན་སྤྱི་འདི་འཁོར་བ་ལས་མ་ཐར་ན་སེམས་ཅན་རེ་སྒོས་ཐར་གྱིས་འཁོར་བའི་རྒྱ་མཚོ་སྐེམ་པའི་དུས་སྐབས་མེད་ན། བློ་ཆུང་འགའ་ཞིག་ཉན་རང་གི་ཞི་བ་དོན་དུ་གཉེར་རོ། །དེ་ཀུན་ཀྱང་སེམས་ཅན་{སྤྱིར་ཉན་རང་ལ་ཡང་སྲིད་མེད་པས་སྐྱེ་བ་ཟད་དོ་ཞེས་འབྱུང་ཡང༌། ངན་སོང་ལ་སོགས་པར་ལས་ངན་གྱི་སྐྱེ་བ་མེད་ཀྱང༌། སླར་ཏིང་ངེ་འཛིན་སད་པ་ན་བྱང་ཆུབ་ཆེན་པོ་སྒྲུབ་པའི་ཆེད་དུ་སྐྱེ་བ་མི་ལེན་པ་མ་ཡིན་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། འཇམ་དཔལ་གྱིས་ག་སོལ་ལ། བཅོམ་ལྡན་འདས་བསྐལ་པ་རྣམ་ སྣང་བ་ཞེས་བགྱི་བ་ཞིག་བྱུང་སྟེ། དེ་ལ་བདག་གིས་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱང་ངན་ལས་འདས་སོ། །ཞེས་དང༌། གྲུབ་ཆེན་རིན་པོ་ཆེས། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡང་སྔོན་འདས་པའི་དུས་ན་ཉན་ཐོས་དང་རང་རྒྱལ་བའི་སྐྱེ་བ་བླངས་པའི་གྲངས་ཀྱང་བསམ་གྱིས་མི་ཁྱབ་ངོ༌། །ཞེས་གསུངས་སོ། །ཡང་ཁ་ཅིག་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་གི་ཚུལ་བཟུང་བའི་དབང་དུ་བྱས་སོ་ཞེ་ནའང༌། མཐའ་གཅིག་ཏུ་བརྗོད་པར་མི་ནུས་ཏེ། སེམས་ཅན་གྱི་ཁམས་ནི་སོ་སྐྱེའི་ཡུལ་མིན་པའི་ཕྱིར། མཆན།} དུ་གདའ་བས་སེམས་ཅན་ཡིན་ཕྱིན་ཆད་སྒྲིབ་གཉིས་ཟད་པར་མ་སྤངས་ཐར་རྒྱུ་ཅི་ཡོད་གནད་མ་ཤེས་པ་ཡིན། དེས་ན་སེམས་ཅན་སྤྱི་འདི་འཁོར་བ་ནས་ཐར་བའི་ཐབས་འདི་སེམས་ཅན་རེ་རེ་ནས་མ་བྱས་ན་མཐར་སེམས་ཅན་སུས་ཀྱང་བྱེད་མཁན་མི་རྙེད་པས། {སེམས་ཅན་ཐམས་ཅད་སངས་རྒྱས་པར་འགྱུར་བས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་མི་འཇོག་པའི་སེམས་ཅན་འགའ་ཡང་མེད་ཀྱང་རང་ཅག་འཁོར་བ་དང་ངན་སོང་ན་གནས་པ་དག་རང་གི་མ་རྒན་ལ་རང་གིས་ད་ལྟ་ཉིད་ནས་བྱང་ཆེན་གྱི་ཕན་མ་བཏགས་ན་དེ་སྔོན་ཀྱང་སྐྱིད་སྙོམས་ལ་ཤོར་བ་ལྟར་ད་དུང་ཡང་ཤོར་དོགས་ལས་བློ་བརྡེག་པའི་ཆེད་དུ་སེམས་ཅན་དག་གིས་སེམས་ཅན་གྱི་དོན་མི་བྱེད་པར་འགྱུར་བའི་སྲིད་མཐར་བཟུང་ནས་བསྒོམ་པ་ཡིན། མཆན།} སེམས་ཅན་སྤྱི་འདི་སྡུག་བསྔལ་གྱི་མནར་ཚབ་ཀྱིས་མ་ཉེན་པ་ཁོ་ནར་བསྐྱལ་ན་བདག་ཁོ་ནའི་མནར་ཚབ་ཅི་དགའ་བར་ཐོང་ཞིག་ན་རང་ལ་སྨོས་ཅི་དགོས། དེས་ན་སེམས་ཅན་སྤྱི་ཇུས་འདི་ཅིས་ཀྱང་གལ་ཆེའོ་ཞེས་བསམ་ཞིང༌། ངག་ཏུ་ཀླུ་སྒྲུབ་ཞབས་ཀྱི་སེམས་བསྐྱེད་ཆོ་གར། ས་དང་ཆུ་དང་མེ་དང་རླུང༌། །རྩི་དང་ནགས་ཀྱི་ཤིང་ལྟ་བུར། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱིས། །འདོད་དགུ་དཔག་མེད་སྤྱོད་པར་ཤོག །མཐོང་བ་དང་ནི་རེག་པ་དང༌། །ཐོས་པ་དང་ནི་དྲན་པས་ཀྱང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །ཅེས་འདོན་བསྒོམ་དྲག་ཏུ་བྱ་སྟེ། ད་ནི་སེམས་ཅན་གཅིག་གིས་གཅིག་ལ་ཕན་འདོགས་རེས་ཕྱར་བ་གྲུ་འཇོག་མ་བྱས་ན་སྤྱི་ཇུས་ཤོར་ན་སྒོས་ཇུས་{འདིའི་སྤྱི་ཇུས་སྒོས་ཇུས་ཞེས་པའང་རང་སངས་རྒྱས་པ་ལ་སེམས་ཅན་ཐམས་ཅད་འཚང་རྒྱ་དགོས་པའི་དོན་མིན་གྱི། སེམས་ཅན་ཐམས་ཅད་མི་དགོས་སེམས་ཅན་གཅིག་སངས་རྒྱས་ན་བདག་དེའི་མལ་དུ་འཚང་མ་རྒྱས་ཀྱང་བློ་ཚིམ་པ་ཞིག་དགོས་མོད། འོན་ཀྱང་རང་རེ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆེ་བས་རང་གི་གཉེན་འདུན་ལྟ་བུ་སངས་རྒྱས་ན་ཅི་མ་རུང། དགྲ་ལྟ་བུ་གང་དགར་ཐོང་སྙམ་པའི་བློ་འགོག་པའི་ཆེད་དུ་སྤྱི་ཇུས་ཤོར་ན་སྒོས་ཇུས་མི་འགྲུབ་པ་གཉེན་པོར་སྦྱོར་བའོ། །མཆན།} ཤོར་ཞིང་སྤྱི་ཇུས་གྲུབ་ན་སྒོས་ཇུས་གྲུབ་པའི་དུས་འདིར་སྤྱི་ཇུས་རྒྱ་མི་ཆུང་བའི་མི་བྱེད་རི་ཞེས་གནས་བོར་བའི་ཆེད་དུ་མལ་ཀམ་ཀམ་བརྒྱ་རེ་བསྡམས་པ་དང༌། སེན་གཅུས་སྙིང་གར་བདུན་རེ་བྱ་ཞིང་། ཡིད་ལ་དམ་བཅའི་ཁུར་ཆེན་པོ་གདབ་པར་བྱའོ།། སེམས་ཅན་ཐམས་ཅད་མ་དྲིན་ཅན་དུ་བལྟས་ཏེ་བསྒོམ་པ་ནི། མ་འདིས་དང་པོ་མོའི་ལུས་ལ་ཡོད་པའི་དུས་མོ་རང་གི་ལུས་ཀྱི་སྡུག་བསྔལ་ཁྱད་དུ་བསད་ནས་སྐྱོང་ཚུལ་བསམ་གྱིས་གར་ཁྱབ། དེ་ནས་སྐྱེས་པས་ཤ་རུལ་བའི་ནང་གི་འབུ་ལས་ཉམ་ཆུང་བ་ཞིག་ལ་ངའི་བུ་ངའི་བུ་ཞེས་སྔར་རང་གི་ལུས་ལས་ཆད་པར་མ་ཟད། གདོད་མོ་རང་གི་སྟེར་བྱ་དང་དབང་བྱར་ཡོད་ན་ལུས་དང་ལོངས་སྤྱོད་ཕོངས་མེད་དུ་རང་རེ་ལ་བྱིན་པ་ཡིན་ཏེ། ལུས་ཀྱི་དྲོད་ཀྱིས་བསྲོས། ནུ་ཞོ་བསྣུན། ཟས་བསྙོད། མི་གཙང་བ་ལག་པས་ཕྱིས། ནའམ་ཤི་ཡིས་དོགས་ནས་རིམ་གྲོ་སོགས་ནུས་ཚད་བྱས། མིག་གི་ལྟ་ལུགས། མིང་ནས་འབོད་ལུགས་ཙམ་ལའང་བརྩེ་གདུང་ཅི་འདྲ་ཞིག་ཡོད། རང་ཆེར་སྐྱེས་པ་ནའང་མོ་རང་གི་ཟས་གོས་སྤྱད་དུ་མ་བྲ་བའི་གནས་ལོངས་སྤྱོད་དང་བཅས་པ་དེ། {མདོར་ན་སྟེར་བྱར་ཡོད་ན་གླིང་བཞི་ལ་ཆེ་རྒྱུ་མེད་པ་དང༌། གོ་སར་འཇོག་རྒྱུ་ཡོད་ན་བརྒྱ་ཕྱིན་དང་ཚངས་པའི་གོ་ས་ཡང་ཆེ་རྒྱུ་མེད་སྙམ་སྟེ་ཕོངས་པ་མེད་པར་བྱིན་པ་ཡིན། མོ་རང་གི་སྲོག་ལྟོས་མེད་དུ་བྱས་ནས་རང་རེ་བསྐྱེད་པ་ཡིན། མཆན།} རང་རེ་ལ་ཙེན་གྱིས་སྟེར་བ་ཨ་ཅང་ཆེ་བར་མ་ཟད། མོ་རང་ལས་བརྒྱ་འགྱུར་འབུམ་འགྱུར་དུ་བུ་གཅེས་པར་བྱས་ཏེ། བུའི་སྔོན་དུ་མོ་རང་འཆི་བའི་སྨོན་ལམ་འདེབས་པ་ལ་སོགས་པའི་སྒོ་ནས་བསྐྱངས་ཚུལ་ལ་བལྟས་ན། ང་ལ་བརྩེ་བས་བསྲན་བཟོད་བརླག་པའི་མ། །ཤ་ཚ་སྲོག་དབུགས་གྲངས་མེད་ཆད་པའི་མ། བསམ་པས་དྲན་རྒྱུ་བུ་ལས་མེད་པའི་མ། །ང་དོན་མ་གཏོགས་བྱེད་པ་བྲལ་བའི་མ། །ཞེས་དྲག་བསྐུལ་དུ་བྱ་ཞིང་བསྒོམ་མོ།། བླུན་པོའི་རྣམ་རྟོག་ཚར་གཅོད་པའི་སྒོ་ནས་བསྒོམ་པ་ནི། ཁ་ཅིག་སེམས་ཅན་ཐམས་ཅད་མ་ཡིན་པར་བསྒོམ་པས་སྙིང་རྗེ་དེ་ཙམ་དུ་སྐྱེ་གར་འོས། དེ་ལྟ་ལུགས་གཅིག་ནས་ཡིན་ཀྱང༌། ལྟ་ལུགས་གཅིག་ཏུ་ན་སེམས་ཅན་ཐམས་ཅད་ཀྱིས་བདག་ལ་གནོད་པ་འབའ་ཞིག་བསྐྱལ་བའི་དགྲ་ཡིན་པས་དགྲ་ལ་ཞེ་སྡང་བསྐྱེད་པའི་ཡུལ་ཡིན་ལོ། དེ་རྩ་བ་ནས་མ་གོ་བ་ཡིན་ཏེ། མོས་ངེད་རང་ལ་དགྲ་བྱེད་པ་དེ་སུས་ལན་ལྟ་དགོས་པ་ཡིན། ངེད་རང་གི་མ་དྲིན་ཅན་དེ་ཙམ་དུ་ཡིན་པ་ལ། མ་ཡི་ལུས་ལ་བརྡེགས། ལོངས་སྤྱོད་འཕྲོགས། ཆུང་མ་ལ་ལོངས་སྤྱོད། མོ་རྣམས་ཀྱི་ཤ་ཁྲག་རུས་པ་ཚུན་བཙན་ཐབས་སུ་ཟོས་པས་ཉམས་ཆུང་མོ་དགྲར་མི་འགྱུར་ཀ་མེད་དུ་བཅོས་པའི་སྙིང་རྗེའི་གནས་ཞེ་སྡང་གིས་འདི་ལྟར་སྡུག་བསྔལ་དུ་འཇུག་ཅེས་རང་ལ་ཁྲེལ་ཆེར་གདབ་བོ།། ཡང་ཁ་ཅིག། ངེད་རང་ལ་མོ་རང་རྣམས་ཀྱིས་དེ་ལྟར་ཚུར་བྱས་པ་མིན། ཕར་བྱས་པ་མེད་སྙམ་ནས་ཚུར་བྱས་པ་དེ་ཕར་བྱས་པ་དེས་མ་འོས་དྲགས་པའི་ལས་ཀྱི་རྣམ་པར་སྨིན་པའི་ཆད་པ་གཞན་གྱིས་བཅད་མ་དགོས་པར་ས་ཐིག་དང་གནམ་ཐིག་འཕྲོད་པའི་རྒྱུ་འབྲས་མི་བསླུ་བས་བདེན་མོ་ལ་ཡོད་པ་ཡིན། འདི་ཡི་ཉེས་པའང་རང་ལ་ཐུག། མ་རྒན་ཉམ་ཆུང་སྡང་བའི་ཡུལ་དུ་བྱས། །བསད་བཅད་མནར་བའི་ལས་འབྲས་མི་བསླུ་བས། །བཟློག་མེད་རྣམ་སྨིན་རང་མགོར་ལྷུང་ན་ཡང༌། །ད་དུང་འགྱོད་པ་མེད་པའི་སྙིང་སྲན་ཅན། །ཞེས་འདོན་སྒོམ་རྒྱུད་ལ་ཅི་འདྲེས་བྱའོ།། མ་རྒན་བླུན་པ་ལ་བསམ་པའི་སྒོ་ནས་བསྒོམ་པ་ནི། མ་རྣམས་རང་རེ་བུ་རྣམས་ལ་ཕན་ནི་འདོགས་འདོད། འདོགས་པའི་ཐབས་ནི་མི་ཤེས། དཔེར་ན་དམིགས་རྣམ་འཆར་སླ་བས་རང་བྱེའུ་ཞིག་ལ་སྐྱེས་པའི་སྐབས་ཀྱི་བྱི་རྒན་ཞར་མ་རྐང་འཐེང་སྒྲོ་བྱི་མོས་འབུ་རང་རེ་ལ་བསྐྱལ་བའི་སྡིག་པ་དེ་གཅིག་པུས་བྱིའུ་ང་གཏན་ཐར་མེད་དུ་བྱས་པར་མ་ཟད། བྱེའུ་རྒན་མོ་མ་སྐྱེ་རེས་དེ་གཅིག་པུ་ནས་མངོན་མཐོ་ངེས་ལེགས་ཀྱི་གཏན་འདུན་རྩ་བ་ནས་འཆུགས་སོང་། དེས་ན་བྱེའུ་མ་བུ་ངེད་རང་གཉིས་གཅིག་པུས་མཚོན་ནས། མ་རྒན་རྣམས་ཀྱིས་རང་རེ་བུའི་དོན་དུ་སྡིག་པ་བསགས་ནས་ཁམས་གསུམ་གྱི་འཁོར་བར་འཁྱམས་པ་ཡིན་པས། སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་ན་འཁྱམས་པའི་གྱོད་ཀྱི་རྩ་བ་འུ་ཅག་ལ་ཐུག་འདུག་སྙམ་ནས། ངག་ཏུ། མ་རྒན་ཐམས་ཅད་འཁོར་བར་འཐེན་པ་ཡི། །སྲང་གི་གཏིང་རྡོ་ལྟ་བུའི་སྐྱེས་བུ་དེ། །འུ་བུ་ལགས་པས་མ་རྒན་ཇི་སྙེད་ལ། །དྲིན་ལན་གནོད་པས་བསྐྱལ་ལོ་ང་ཡི་མ། །མ་རྒན་འཁྲུལ་པ་བུ་ཡིས་མི་ཞེས་རྒྱུད་ལ་ཅི་འདྲེར་བསྒོམ། མ་རྒན་སྨྱོ་ཚུལ་ལ་བསམ་ཏེ་བསྒོམ་པ་ནི། ད་ལྟ་སེམས་ཅན་ཁ་ཅིག་གིས་རང་རེ་ལ་གནོད་པ་བསྐྱལ་འདུག། དེའང་མ་རྒན་རྣམས་ཀྱིས་བུ་ལ་བུར་ཤེས་པའི་དྲན་པ་ཉོན་མོངས་པ་གཏི་མུག་གིས་ཉམས་ཤིང་བསླད། རྗེད་ངས་ཀྱིས་བརྗེད་དེ་དགྲར་ལྟ་བ་ནི་ཤེས་པ་རང་བཞིན་དུ་གནས་པ་མ་ཡིན་པས། དེའི་ལན་དུ་མ་ཡི་འཁྲུལ་ཚུལ་ཇི་ལྟར་འདུག་ནའང་། སྙིང་རྗེའི་ཡུལ་མ་གཏོགས་དེ་ལ་སྡང་ཡུལ་དུ་བྱས་ཏེ་རྒོལ་ན། ཆེ་སྟེ་བསད་ན་མ་བསད་པའི་མཚམས་མེད། ཆུང་སྟེ་ནོར་འཕྲོག་ན་མའི་ལོངས་སྤྱོད་འཕྲོག་པ་ཡིན་ལ། རྒོལ་བ་ཙམ་གྱིས་མ་ལ་རྒོལ་བ་ཡིན་ཀྱང་རང་ཅག་ད་ལྟ་ཤི་ན་ཁོའི་བུར་སྐྱེ་བའང་སྲིད་ངེས་པས་རང་གིའང་ལོངས་སྤྱོད་ཉམས་པར་འགྱུར་ན། བསམ་པ་འདི་འདྲ་ཞིག་གི་ {མདོར་ན་གཞན་ག་ནའང་ཕུན་སུམ་ཚོགས་པ་ཞིག་འདུག་ན་རང་རེ་དགེ་བ་ལེགས་པར་སྤྱད་ན་གཞན་གྱིས་བསྒྲུབ་པའི་ལུས་ལོངས་སྤྱོད་ཕུན་ཚོགས་ཀྱང་ཐོབ་པས། གཞན་མ་རྒན་གྱིས་བསྒྲུབ་པའི་ཕུན་ཚོགས་ཐམས་ཅད་རང་རེ་བུའི་ལག་ཏུ་མི་འོང་ཀ་མེད་པ་ཡིན། འདིའང་མ་ལ་ཡོད་ན་བུ་ལ་འོང་བའི་འཇིག་རྟེན་གྱི་བདེ་འབྱོར་ལ་རེ་བ་ཡིན། མ་རྒན་ནམ་མཁའི་མཐའ་མཉམ་ལ་བདེ་ལེགས་ཀྱི་ཕུན་ཚོགས་བྱུང་ན། མཁའ་མཉམ་གྱི་བུ་ལའང་བདེ་ལེགས་ཀྱི་ཕུན་ཚོགས་འབྱུང་བས་དེ་ལ་དགའ་བ་བསྒོམ་རིགས་པའོ།། མཆན།} སྒོ་ནས་ཕུགས་ཀྱི་གནད་རིག་པའི་འདུ་ཤེས་རྒྱ་མ་ཆུང་བ་རེ་བསྐྱེད་དགོས་སོ། །མ་རྒན་འཁྲུལ་པ་བུ་ཡིས་མི་བཟོད་ན། །བུ་ལས་གཞན་པ་སུ་ཡིས་བརྩེ་བར་བྱེད། །མ་ཡིས་འབར་བཏགས་བུ་ཡིས་མི་ཐེགས་ན། །བུ་ཡི་བྱས་ཤེས་སུ་ལ་བཟོ་བར་བྱེད། ། {སྤྱིར་དགེ་སྡིག་བསགས་པའི་ཡུལ་ཕ་མ་ལས་གཉན་པ་མེད་པར་བཤད། དེའང་ཕ་མ་དྲིན་ཆེ་བས། མཁན་སློབ་སངས་རྒྱས་བྱང་སེམས་རྣམས་དང་ཁྱད་མེད་པར་རང་རེ་ལ་ཡུལ་གཉན་པར་མཉམ་པ་ཡིན། འོ་ན་དངོས་ཀྱི་ཕ་མ་དེ་གཅིག་པུར་མ་ཟད་སེམས་ཅན་ཐམས་ཅད་ཕ་མ་ཡིན། སེམས་ཅན་ཐམས་ཅད་རང་རེ་ལ་དྲིན་ཆེ་ཚུལ་ཡང་། རང་རེ་འཚང་རྒྱ་བ་སེམས་ཅན་ཐམས་ཅད་ལ་བརྟེན་ནས་འཚང་རྒྱ་བས་དྲིན་ཆེ། དེའང་ཇི་ལྟར་ན་རང་རེ་འཚང་རྒྱ་བ། སྔར་སངས་རྒྱས་པའི་སངས་རྒྱས་རྣམས་ཀྱིས་རང་རེ་འཚང་རྒྱ་བའི་ལམ་བསྟན་པས། རང་རེས་དེའི་རྗེས་སུ་ཞུགས་པས་འཚང་རྒྱ་བ་ཡིན། འོ་ན་སྔར་བྱོན་པའི་སངས་རྒྱས་དང་། དུས་གསུམ་དུ་བྱོན་པའི་སངས་རྒྱས་རྣམས་འཚང་རྒྱ་ཚུལ་ཇི་ལྟར་ཞེ་ན། སངས་རྒྱས་ནི་བྱང་ཆུབ་སེམས་ལས་འཁྲུངས། བྱང་ཆུབ་སེམས་ནི་ལྷག་པའི་བསམ་པ་ལས་འཁྲུངས། ལྷག་པའི་བསམ་པ་ནི་བདག་ལས་གཞན་གཅེས་འཛིན་གྱི་བློ་ལ་ཟེར། དེ་ནི་སེམས་ཅན་ཐམས་ཅད་ལ་རིས་མེད་པར་བྱམས་པ་དང་སྙིང་རྗེ་ལས་འཁྲུངས། དེ་ནི་བྱས་པ་ཤེས་ཤིང་དྲིན་བཟོ་བ་ལས་འཁྲུངས། དེ་ནི་འཁོར་བའི་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་རིས་མེད་པར་ཤེས་པ་ལས་འཁྲུངས། དེ་ནི་རྩ་བའི་མ་མཚན་ཉིད་པས་ཐོབ་ནས་འོང༌། རྗེས་མཐུན་པ་སོ་སྐྱེ་ལ་བརྩིར་བཏུབ། མཆན་གྱི་མཆན། དྲིན་ཆེ་བའི་རྟགས་ལས་འཁྲུངས་པས་རྒྱུ་འབྲས་རྟེན་འབྲེལ་བདུན་པ་འདི་ལ་བློ་ལེགས་པར་འབྱོངས་ན་བྱང་ཆེན་གྱི་ཡོན་ཏན་ཐམས་ཅད་འབད་མེད་དུ་འོང་ངེས་སོ།།} ཅེས་རྒྱུད་ལ་ཅི་འདྲེ་འདྲེར་བསྒོམ་མོ། །དེས་ན་རྒྱུད་ལ་ཅི་འདྲེར་མ་བསྒོམས་ན་ཡབ་ཡོབ་ཀྱིས་མི་འོང་། མའི་སྡུག་བསྔལ་བསམས་ནས་བསྒོམ་པ་ནི། མ་རྒན་རྣམས་ཀྱིས་ལུས་དམྱལ་བ་ན་དམྱལ་མེས་བཟོད་མེད་དུ་བསྲེག་གོ །དམྱལ་བའི་གྲང་རེག་གིས་མ་རྒན་རྣམས་ཀྱི་ལུས་རྡུལ་ཕྲ་རབ་ཏུ་བྱེད་དོ། །མ་རྒན་རྣམས་ཡི་དྭགས་སུ་སྐྱེས་ན་བསྐལ་མང་དུ་ཆུ་ཐིགས་ཀྱི་མིང་ཙམ་ཡང་མི་ཐོས། ལུས་ཀྱི་ནང་ཁྲོལ་ཐམས་ཅད་ནི་འབར། དུད་འགྲོར་སྐྱེས་ན་མི་དང་དུད་འགྲོ་འབྱེད་པའམ་སྟེ་སྣང་མུན་ཙམ་ཡང་མི་འབྱེད་པར་བླུན། དེ་མ་ཟད་རང་མ་གཏོགས་སེམས་ཅན་གང་མཐོང་ཕལ་ཆེ་བ་གཤེད་མ་ཁོང་ལག་གཏོང་བ་སོགས་ཀྱིས་གནོད་ཅིང་འཚེ་བས་སྡུག་བསྔལ་ལ་སྦྱོར་བའི་དགྲ་མཐའ་ཡས། སྔར་བྱས་ཀྱི་ལས་ཀྱི་འབྲས་བུ་ལས་བྱུང་བའི་སྡུག་བསྔལ་འདི་མི་ཐེག་དབང་མེད་དུ་བབས་པའི་ཁར་ད་དུང་ཚེ་རབས་ཕྱི་མ་ཕན་གྱི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་དར་དྲགས་པའི་རྒྱུན་ལ་སྤྱོད་པའི་སྡུག་བསྔལ་ལས་ཐར་བའི་སྐབས་མི་སྲིད། ཉོན་མོངས་ཀྱི་རྩ་བ་ཡང་ཡུལ་ལ་རྨོངས་ཏེ་ཆགས་པས་འཁྲིག་པའི་ཚོར་བ་དོན་དུ་གཉེར་ལ། དེའི་དབང་གིས་བུ་དང་བུ་མོ་བསྐྱེད་ནས་བུ་བུ་མོས་མ་རྒན་ལ་ཚེ་འདིར་ཕན་དུ་རེ་སྟེ། བུའི་དོན་དུ་མས་ལས་ཉོན་བསགས་པས་མ་ལ་ཕན་པ་ལྟ་ཞོག། མ་རྣམས་ཀྱི་ཚེ་འདི་ཕྱི་བར་གསུམ་གྱི་ཕན་བདེ་བཅོམ་ཞིང་གནོད་པ་འབའ་ཞིག་ཏུ་སོང་འདུག་གོ །{བུ་དང་བུ་མོ་བསྐྱེས་པའི་ཆེད་དུ་བྱས་པའི་ལས་ཉོན་ཐམས་ཅད་མ་རྒན་འཁོར་བར་འཁྱམས་པར་བྱེད་པའི་རྒྱུ་འབའ་ཞིག་གོ །མཆན།} གནོད་པ་བསྐྱལ་བར་མ་ཟད་གནོད་ཀྱང་ཐུབ་འདུག་པས་མ་འདི་རྣམས་བྱིའུ་ཕྲུག་གུ་བྱིས་པ་བསམ་མེད་ཀྱི་ལག་ཏུ་བརྒྱབ་པ་བཞིན་སོང་འདུག་པས་ཇི་ལྟར་བྱ། སྡུག་བསྔལ་དར་དྲག་མྱོང་བ་ང་ཡི་མ། །མགོན་མེད་གཅིག་པུར་ལུས་པ་ང་ཡི་མ། །བུ་མང་ཕན་འདོགས་མེད་པ་ང་ཡི་མ། །ཟད་མེད་མཁའ་དང་མཉམ་པ་ང་ཡི་མ། །ཞེས་རྒྱུད་ལ་ཅི་འདྲེར་བསྒོམ། མ་མང་ཞིང་མ་ཡི་སྤྱོད་པ་ལ་བཅོས་མེད་དུ་སོང་བར་བསྒོམ་པ་ནི། མ་བརྒྱ་སྟོང་ནི་མིན། དུང་ཕྱུར་ནི་མིན། ཡུལ་ཕྱོགས་གཅིག་ན་ནི་མིན། དུས་གཅིག་ན་ནི་མིན། ཞིང་རབ་འབྱམས་ན་མ་རབ་འབྱམས། མ་རབ་འབྱམས་ཤིང་སྡུག་བསྔལ་རབ་འབྱམས། སྡུག་བསྔལ་རབ་འབྱམས་ཤིང་བུ་ཡིས་བཟོད་གླགས་འདུག་གེ། འོ་ན་མ་འདི་རྣམས་རང་གཞན་ལ་གཏན་བདེ་སྒྲུབ་པའི་བསམ་པ་ཡོད་པ་རེ་ཡིན་ན་ཅི་འདྲ་བྱས་ཀྱང་ཆོག་སྟེ། མ་རིག་པའི་དབང་གིས་བསམ་མེད་ཤ་སྟག་ཏུ་སོང་བས། དུག་ཤེས་བཞིན་དུ་ཟ། མེ་འོབས་མཐོང་བཞིན་དུ་འབོགས། ཉེས་སྤྱོད་ཡིན་བཞིན་དུ་སྤྱོད། འདོར་ལེན་ཤེས་བཞིན་དུ་མི་འཛེམ། ལས་འབྲས་བསླུ་མེད་གོ་བཞིན་དུ། {འདིའི་གོ་བ་དང་ཤེས་ཟེར་བ་ཡང་ཡིད་ཆེས་མ་སྐྱེས་པའི་ཐོས་ལོའི་དབང་དུ་བྱས་པ་ཡིན་གྱི། ཡིད་ཆེས་སྐྱེས་པའི་གོ་བ་ཤེས་ན་འདོར་ལེན་མི་བྱེད་ག་ལ་སྲིད། མཆན།} ཁྱད་དུ་གསོད་པ་འདི་འདྲ་ལ་བལྟས་ན་ཡང་རང་རེའི་བསམ་བཟང་རེ་བྱས་ཀྱང་བཅོས་ཐབས་དཀའ་མོར་གདའ་ཞེས་བསམ་ཞིང་མཐེ་བོ་ཁར་བཅུག་ནས་གཞིག་འབྲེལ་མང་དུ་བྱས་ཏེ། ངག་ཏུ། འབྱམས་ཀླས་མ་ནི་ཤིན་ཏུ་བཅོས་པར་དཀའ། །བསླབ་བྱ་བསླབས་ཀྱང་དང་ལེན་ཇི་ལྟར་ཡོང༌། །དོ་གལ་བསྐྱེད་ཀྱང་རང་ལ་ནུས་པ་མེད། །མ་རྒན་དོན་དུ་མོས་ཀྱང་བསྒྲལ་བར་དཀའ། །ཞེས་བརྗོད། དེ་ལྟར་ནའང་མ་རྒན་ལ་བཅོས་མིན་{བཅོས་མིན་ནི་རང་གི་སྒོམ་པ་ལ་མ་ལྟོས་པར་ངམ་ངམ་ཤུགས་ཀྱིས་འབད་མེད་དུ་བློ་ལ་སྐྱེ་བའོ། །འོ་ན་སེམས་ཅན་ཐམས་ཅད་མ་རྒན་དུ་མཐོང་བའི་བཅོས་མིན་གྱི་སྙིང་རྗེ་སྐྱེས་པའི་ཚེ་མི་དགེ་བ་ལ་མི་འཇུག་པ་ནི། དེ་ལྟར་སྤྱོད་ན་རང་ངན་སོང་དུ་འགྲོ་བའི་རྒྱུར་རིག་སྟེ། སྡིག་ཆེ་ནས་སེམས་ཅན་ལ་གནོད་པའི་མི་དགེ་བ་ལ་མི་འཇུག་པ་མ་ཡིན། འོ་ན་སེམས་ཅན་ཐམས་ཅད་ཕ་མར་མཐོང་ནས་དེ་ལ་གནོད་པར་བྱེད་པའི་མི་དགེ་བ་ལ་འཇུག་པ་ཤས་མ་བཟོད་ནས་གནོད་པར་བྱེད་པ་ལ་མི་འཇུག་པ་ཡིན་ཏེ། བུས་མ་བསོད་དམ། བུས་མ་ལ་རྐུའམ། རྫུན་གྱིས་མགོ་བསྐོར་རམ། ཕྲ་མས་དཀྲུགས་ནས་འཐབ་ཏུ་འཇུག་གམ། དེ་ལྟ་བུ་བྱེད་རིགས་པའི་སྐབས་མེད་པས་དེ་ལ་མི་འཇུག་པ་ཡིན་ནོ། །ཡང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་དགེ་བ་དེ་རང་ལ་བདེ་སྐྱིད་ཀྱི་བསོད་ནམས་ཕུན་ཚོགས་འོང་བར་རིག་ནས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་མ་རྒན་དུ་མཐོང་ནས་ཕན་མི་འདོགས་པ་ཤས་མ་བཟོད་ནས་ཕན་འདོགས་པའི་དགེ་བ་ལ་འཇུག་པ་ཡིན་ཏེ། མ་དྲིན་ཅན་ལ་བུས་ཕན་མི་འདོགས་ན་སུས་འདོགས་པས། རང་ཁོ་ནས་འདོགས་པའི་ཕྱིར་དུ་དེ་ལ་འཇུག་པ་ཡིན་ནོ། །དེས་ན་སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་ཐབས་ལ་སེམས་ཅན་ཐམས་ཅད་བདེ་ན། ང་སྡུག་ནའང་སྡུག་སྙམ་པ་དེ་བླང་བྱ། རང་བདེ་ན་སེམས་ཅན་ཐམས་ཅད་སྡུག་ནའང་སྡུག་སྙམ་པ་དེ་སྤང་བྱའོ། །མཆན།} དུ་སྙིང་རྗེ་མི་སྐྱེ་ཀ་མེད་དུ་གདའ་འོ།། མ་རྒན་གྱི་འདུན་གྲོས་ལ་བསམས་ཏེ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་རེ་བསྒོམ་ཞིང་། འདི་ལྟར་བསམས་མནོ་དགུ་སྐོར་དུ་བཏང་ཡང༌། ངའི་ཕ་མ་ཁྱོ་ཤུག་ཚ་ཞང་བུ་དང་བུ་མོ་བཅས་པ་འདི་རྣམས་ཀྱི་འདུན་མ་གཏིང་ཉེས། གྲོས་ཕུགས་རྩད་རུལ་དུ་སོང་བས་ཅི་འདྲ་དྲག་ཅེས་འཕགས་པ་ལ་གསོལ་བ་འདེབས་ཏེ། སེམས་ཅན་དོན་ལ་འཕགས་མཆོག་མཚན་ནས་འབོད། །སྙིང་རྗེ་སྐྱེ་ཕྱིར་འཕགས་མཆོག་ཐུགས་རྗེར་བསྐུལ། །བྱེད་པ་ཐམས་ཅད་དེ་ཡི་ཆེད་དུ་བགྱི། །དགེ་བ་ཐམས་ཅད་དེ་ཡི་དོན་དུ་བསྔོ། །ཕ་མའི་འདུན་ཇུས་འདི་ལྟར་སོང་ན་ཡང༌། །བ་སྤུ་མི་གཡོའི་སྙིང་རིང་བདག་ཅག་ལ། །བྱམས་དང་སྙིང་རྗེ་བཅོས་མ་མ་ཡིན་པ། །རྒྱུད་ལ་སྐྱེད་པར་མཛོད་ཅིག་ཐུགས་རྗེ་ཅན། །ཅེས་འདོན་སྒོམ་དྲག་ཏུ་བྱའོ།། མ་དགྲ་ལག་ཏུ་ཤོར་བའི་ཚུལ་གྱིས་བསྒོམ་པ་ནི། ངའི་ཕ་མ་བུ་ཚ་ཁྱོ་ཤུག་དང་བཅས་པ་འདི་སེམས་ཅན་དུ་སྟོན་པ་དང་སྟོན་པ་མ་ཡིན་པའི་འབྱུང་བ་དང་འབྱུང་འགྱུར་ལས་བྱུང་བའི་གནོད་བྱེད་དགྲ་སྟོབས་པོ་ཆེའི་ལག་ཏུ་ཉི་མ་རེའམ་སྐད་ཅིག་རེ་ཐར་དུས་མེད་པར་ཐོག་མེད་ཀྱི་འཁོར་བའི་དུས་ནས་ཤོར་སོང་སྙམ་སྟེ་སྙིང་གས་པ་ཙམ་དུ་བསྒོམ། དེ་ལྟར་ནའང་ང་འདི་འདྲ་ལ་སྙིང་རྗེ་མི་བཟོད་པར་ཤ་ཚའི་བསམ་བློ་སྐད་ཅིག་ཀྱང་སྐྱེ་མི་སྲིད་པར་འཁྲིག་པ་དང་ཟས་གོས་ཙམ་ལ་སེམས་པ་ཞེས་བསམས་ནས། བྲང་ལ་ཁུ་ཚུར་དྲག་བསྣུན་སུམ་བརྒྱ་ལས་མི་ཉུང་བ་དང་སྤྱི་བོར་ཐལ་མོ་བརྒྱབས་ཏེ། ཕ་མ་གསོན་སྲེག་བྱེད་པ་མཐོང་བཞིན་དུ། །ཁུ་འཕྲིག་ཅུང་ཟད་ཙམ་ཡང་མི་སྐྱེ་བར། །བུ་གླེན་བོང་བུ་འདྲ་ཁྱོད་ཅི་འདྲ་བྱུང༌། །སྙིང་གིས་བཟོད་པར་ཕོད་དམ་དབྱངས་ཅན་བཟང༌། །ཞེས་འདོན་སྒོམ་བྱའོ།། མ་རྒན་དང་འགྲོགས་ཡུན་རིང་བའི་ཚུལ་གྱིས་བསྒོམ་པ་ནི། ད་ལྟ་ཁྱོ་ཤུག་ལོ་རེ་ལོ་གཉིས་སུ་སྦྲེལ་བ་ལ་བརྩེ་བྱམས་ཅི་ཙམ་འདུག དུད་འགྲོ་ལོ་གཉིས་གསུམ་རེ་འགྲོགས་ན་གཏན་གྱེས་སུ་མི་བཟོད་པར་གདའ་ན། དེ་ཡང་ཕན་ཚུན་བྱམས་པས་འགྲོགས་པའི་དྲན་ཤེས་མ་བརྗེད་པ་ཡིན། ཐོག་མེད་ཀྱི་མ་རྒན་འདི་རྣམས་དང་དེ་ཙམ་དུ་འགྲོགས་པ་ཁོ་ནར་མ་ཟད། འདི་རྣམས་ཀྱི་སྡུག་བསྔལ་མྱོང་བར་དམིགས་པ་ཡང་ཐུན་མོང་དུ་སྣང་དགོས་པ་དབང་པོའི་ཡུལ་དུ་ལྷམ་མེ་བར་གདའ་ན། འདི་རྣམས་ཕན་ཚུན་བྱམས་བརྩེ་སྐྱེ་བ་དང་མཛའ་བཤེས་ཀྱི་བློ་མི་སྐྱེ་བ་ནི་མ་རྒན་ཡིན་པ་དང་དེ་ལྟར་འགྲོགས་པའི་དྲན་ཤེས་བརྗེད་པ་ཡིན། དེ་ལྟར་བརྗེད་པའི་མ་རྒན་གྱི་སྡུག་བསྔལ་འདི་སེམས་ཐོག་ཏུ་རེ་ལྕི་ན། དེས་ན་འཁོར་བ་ཐོག་མེད་ནས་འགྲོགས་པའི་གྲོགས་པོ་མ་རྒན་མའི་སྡུག་བསྔལ་མཐོང་བས་རྐྱེན་བྱས་ཏེ། རྣོན་པོའི་མཚོན་གྱིས་འབིགས་པའི་ཚོར་བ་དང་། །དྲག་པོའི་མེ་ཡིས་བསྲེགས་པའི་གདུང་བ་དང་། །རྩུབ་པོས་ལུས་ཀྱི་ཤ་ཁྲག་དམྱལ་བ་དང་། །གྲང་བས་ཉེན་པས་ཤ་རུས་བྱེར་བ་དང་། །ན་ཚ་དྲག་པོས་ཤེས་པ་བརྒྱལ་བ་དང༌། །ཆོ་ངེ་འདེབས་ཀྱང་ཐོན་པར་མི་ནུས་ཤིང་། །བཞིན་རས་བསྡུད་པའི་རྣམ་འགྱུར་ཉམ་ཐག་པ། །ལུས་ལ་མི་གཙང་བ་ལས་ལོད་པ་ཡི། །ཕོངས་མེད་བཀོལ་སྤྱད་དྲག་པོའི་སྡུག་བསྔལ་ལ། །བརྩེ་བས་སྐྱོབས་ཤིག་ཐུགས་རྗེའི་ཕྱག་གིས་ཟུངས། །ཞེས་བརྗོད་ཅིང་འདོན་སྒོམ་དྲག་ཏུ་བྱའོ། །དེས་སྤྱི་ལྡོག་ནས་བསྒོམ་པའི་དམིགས་པ་དགུ་སོང༌།

གཉིས་པ་ལ། ངན་སོང་ལ་བསྒོམ་པ། མིའི་འགྲོ་བ་དང་འདོད་ལྷ་ལ་བསྒོམ་པ། ཁམས་གོང་མ་ལ་བསྒོམ་པ། ཉན་རང་ལ་བསྒོམ་པའོ། །དང་པོ་ནི།
ཚ་དམྱལ་བརྒྱད་གྲངས་དམྱལ་བརྒྱད་ཉི་ཚེ་ཉེ་འཁོར་བ་དང་བཅས་པའི་སྡུག་བསྔལ་བསམས་ནས་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེའི་དོན་དུ་དམྱལ་བའི་གནས་སོ་སོ་ནས་སེམས་ཅན་དེ་རྣམས་ཐར་པ་དང་བྱང་ཆུབ་ཆེན་པོ་ཐོབ་པའི་སྨོན་ལམ་གདབ་ཅིང་། ལྷག་པར་དམྱལ་བའི་སྡུག་བསྔལ་དེ་རྣམས་རེ་རེ་བཞིན་རྣམ་པ་གསལ་བ། ཡིད་ཆེས་ངེས་པ། བློ་ཤུགས་དྲག་པོ་དང་བཅས་ཏེ་དེའི་སྡུག་བསྔལ་གྱིས་སེམས་ནི་མི་བཟོད་པ་སོང་སོང་གི་བར་དུ་བསྒོམ་པར་བྱ། ལྷག་པར་རང་གི་དངོས་ཀྱི་ཕ་མ་མཆེད་གྲོགས་སྙིང་གང་ཉེ་བའི་ཚེ་འདས་ཉེས་པར་སྤྱོད་པ་ལ་གོམས་པ་ཤི་བ་རྣམས་ངེས་པར་དམྱལ་བ་ཆེན་པོ་རྣམས་སུ་སྐྱེས་ཡོད་སྙམ་དུ་དེའི་སྡུག་བསྔལ་མི་བཟོད་བཟོད་དུ་བསྒོམ། ད་ལྟའང་རང་གང་ཉེ་བའི་ཚེ་ལྡན་ལོག་པར་སྤྱོད་པས་གཡེངས་པ་རྣམས་ལ་འདི་རྣམས་ཀྱང་ངེས་པར་དམྱལ་བར་འགྲོ་ངེས་སྙམ་སྟེ་ཤ་ཚས་སྡོད་མི་བཟོད་པ་ཙམ་དུ་བསྒོམ། དེར་མ་ཟད་རང་གིས་གཞན་ལ་བསད་པ། བརྐུས་པ། མི་ཚངས་པ་སྤྱོད་པ། རྫུན་སྨྲས་པ་ལ་སོགས་པས་བདག་ཉིད་ཉམས་པས་མ་ཟད། སེམས་ཅན་གཞན་དེ་དག་ཀྱང་བདག་ལ་བརྟེན་ནས་སྡིག་པ་འཕེལ་བས་དེ་རྣམས་ཀྱང་ངན་སོང་ན་འགྲོ་བས་དེའང་ངས་ལན་སྙམ་དུ་དྲག་སྒོམ་བྱའོ།།

གཞན་ཡང་ང་དང་མ་འཆམ་པའི་དགྲ་བོས་རང་རེའི་ཕྱོགས་བསད་པ་དང༌། རང་རེའི་ཕྱོགས་ཀྱིས་གཞན་བསད་པ་སོགས་རང་རེ་ལ་བརྟེན་པའི་དགྲ་ཟླ་དང་བཅས་པ་ཐམས་ཅད་ཀྱང་དམྱལ་བར་སྐྱེ་ངེས་སྙམ་པའི་འགྱོད་པ་མི་བཟོད་པ་བྱ། དགྲ་དང་འཐབ་པ་ལ་བརྟེན་ནས་ཞར་ཞོར་དུ་རྐང་བཞི་དང་ཐ་ན་གྲོག་སྦུར་ཚུན་ཤི་ཚད་མ་རིག་པའི་དབང་གིས་མཚམས་སྦྱར་བས་དེ་དག་ཀྱང་དམྱལ་བར་སྐྱེས་ཡོད་སྙམ་པའི་སྙིང་རྗེ་བསྐྱེད། བདག་ལ་གྲང་བས་སྐྱོབ་བྱེད་མ་རྒན་རྣམས། །བསྐལ་མང་དམྱལ་མེས་གདུངས་འདི་ཇི་ལྟར་བཟོད། །བདག་ལ་དྲོད་ཀྱིས་སྐྱོབ་བྱེད་མ་རྒན་རྣམས། །གྲང་བའི་དམྱལ་བས་གདུངས་ཚུལ་བཟོད་གར་ནུས། ། གཉིས་པ་ཡི་དྭགས་ལ་བསྒོམ་པ་ནི། ཐུན་བཞིར་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་རྣམས་སྡུག་བསྔལ་རབ་ཏུ་བསྒོམ། ཁ་ཏོན་དུ་བྱང་བར་བྱས་ནས། རང་རེ་ཡོ་བྱད་ལ་ཆགས། ཕོངས་པ་རྣམས་སློང་དུ་འོངས་པ་ལ་མ་བྱིན་པས་དེ་དག་འོ་བརྒྱལ་ཏེ་མི་དགེ་བ་སྣ་ཚོགས་བྱས་ནས་ལོངས་སྤྱོད་བཙལ་བས་ད་འདི་རྣམས་ཡི་དྭགས་སུ་སྐྱེས་པའི་ལེ་ལན་ཀྱང་རང་རེ་ལ་ཐུག་འདུག་སྙམ་དུ་ཡང་ཡང་བསྒོམ། དེ་རྣམས་ཀྱི་དོན་དུ་གནས་སྐབས་དང་མཐར་ཐུག་ཏུ་ཕན་ཅི་འདྲ་དྲག་གཞིགས་ནས་བདེ་ལེགས་སུ་འགྱུར་བའི་སྨོན་ལམ་དྲག་འདེབས་བྱ་ཞིང་སུ་རུ་པ་བསྔོ་བ་དང་། འཕྲོག་མ་ལ་ཆངས་བུ་དང་ཆུ་སྦྱིན། ཡི་དྭགས་ཀྱི་རིགས་དང་བར་དོ་ལ་ཆུ་སྦྱིན་སོགས་རྣམ་པ་ཐམས་ཅད་དུ་མ་ཆགས་པ་གལ་ཆེ། ལྷག་པར་ཡི་དྭགས་དང་མི་མ་ཡིན་པའི་རིགས་འདི་ལྗོན་པ་དང༌། ཕ་ཝཾ་དང་ཆུ་མིག་ལྟ་བུ་ལ་གནས་དང་ལོངས་སྤྱོད་དུ་འཁྲུལ་པ་ཡིན་འདུག་པས་དེ་དག་ལ་གནོད་པར་འགྲོ་བ་ཡེ་མི་བྱེད། ཡི་དྭགས་རྫུ་འཕྲུལ་ཐོབ་པས་གཞན་ལ་འཚེ་བ་ན། དེ་ལ་གནོད་པའི་གསང་སྔགས་མི་བཟླ་བར། དེའི་ཞེ་སྡང་དང་སེར་སྣ་ཆགས་སེམས་འཇུར་གེགས་ཞི་བ་དང༌། གཞན་ལ་མི་གནོད་པའི་ཆ་ནས་དེ་ལ་ལོངས་བཟའ་བཏུང་སོགས་འབྱོར་བའི་སྨོན་ལམ་དང་བདེན་སྟོབས་བརྗོད། སངས་རྒྱས་ཀྱི་གཙུག་ལག་ཀློག་ཅིང་དཀོན་མཆོག་གསུམ་གྱི་ཆེ་བ་བརྗོད། {ཇི་སྐད་དུ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་དང་ནི། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དོན་རྣམས་གང་དག་བསམ་པ་གང་། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་པ་ལྟ་བུའོ། །}ལྷག་པར་རང་རེ་ལ་འཚེ་བ་བྱུང་ན་རང་གི་ཚེ་འདིའི་སྡུག་བསྔལ་དྲག་པོའི་ཕྱིར་མིན་པར། རང་གི་དབུགས་དང་མདངས་ཀྱི་འཚེ་བ་པོ་འཚོ་ན་བདག་གིས་སྦྱིན་གྱིས་ཞེས་བློས་བཏང་ནས། དེའི་དགེ་རྩ་སྤྱིཪ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་དང༌། སྒོས་གནོད་བྱེད་དེའི་དོན་དུ་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། བདག་གི་ལུས་རྣམས་ལ་རེ་བ་མེད་པར་ཁྱོད་ལ་བྱིན་པ་ཡིན་གྱི། བདག་གི་སྲོག་ཁྱོད་ཀྱིས་བཅད་པ་མིན་པས་ཁྱོད་ལ་བརྟེན་ནས་ངའི་སྦྱིན་པའི་ཕར་ཕྱིན་རྫོགས་ཤིང་དེའི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཁྱོད་ལ་འབྱུང་བར་གྱུར་ཅིག།{སོ་སོའི་སྐྱེ་བོའི་བྱང་སེམས་ལ་མི་མ་ཡིན་གྱིས་འཚེ་བ་ན་འདི་ལྟར་བློས་བཏང་ནས་བྱིན་པས་མི་མ་ཡིན་གྱི་གནོད་སེམས་ཞི་བ་དང༌། མ་ཞིའང་གླགས་མི་རྙེད་པ་དེ་ཅིའི་ནུས་པ་ཡིན་ཅེ་ན། དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ནུས་པ་ལས་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ལྟ་ཅི་སྨོས། བྱམས་སྙིང་རྗེ་བཟོད་མེད་ཅིག་རིས་མེད་ཀྱི་སེམས་ཅན་ལ་སྐྱེས་ནའང༌། སྔོན་ལས་ཀྱི་རྣམ་སྨིན་མ་གཏོགས་གནོད་པ་གང་གིས་ཀྱང་མི་ཚུགས་པར་གསུངས་པའི་ཕྱིར། གལ་ཏེ་གནོད་པ་ལྟར་གྱུར་ནའང་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར། གལ་ཏེ་དེས་འཚེ་བའི་རྐྱེན་གྱིས་བྱང་སེམས་དེའི་སྲོག་གི་བར་ཆད་ཀྱི་དབང་དུ་གྱུར་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་ནུས་པ་དང་འབྲེལ་པས་དེ་ངན་སོང་དུ་སྐྱེ་བའི་ལས་ཀྱི་ནུས་པ་དེ་སྦྱོང་བར་བྱེད་ནུས་ཏེ། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །ཞེས་འབྱུང་བའི་ཕྱིར། དུག་བདུད་རྩིར་བསྒྱུར་བ་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་ཅེས་འབྱུང་བའི་ཕྱིར་རོ། །དེང་སང་ཁ་ཅིག་བདག་གི་ལུས་ཁྱོད་ལ་སྟེར་རོ་བྱས་ནས་བདག་ལུས་ལ་ཕོངས་མེད་དུ་བྱས་པས་ལྷ་འདྲེས་ཟ་མ་ནུས་པ་ནི་བདག་གི་ལུས་གཅེས་འཛིན་གྱི་སྟོང་པའི་སྟོང་ཉིད་མངོན་ཏུ་བྱས་པ་ན། ལྷ་འདྲེས་ཀྱང་བདག་ལུས་སྟོང་པར་མཐོང་ནས་ཟ་རྒྱུ་མ་རྙེད་པས་གླགས་མ་ཐུབ་པ་ཡིན་པ་དང༌། མི་མ་ཡིན་ལ་བདག་སྐྲག་སེམས་སྐྱེ་ན་ཁོས་གནོད་ནུས་ཀྱང་ན་དགའ་ཤི་སྐྱེད་ཀྱི་སེམས་དཔའོ། །ཞེས་གྱོད་བསྐུར་ལྟ་བུའི་གཅོད་བྱས་པ་ན། ཁོ་མི་མིན་ཉམས་ཆུང་བས་ཞད་ནས་གནོད་པར་མི་ནུས་ཟེར། འདི་མ་གཅིག་གི་གཅོད་ཀྱི་དགོངས་པའང་ཡིན་ཟེར། དེ་ལྟར་གཅོད་ཀྱི་དགོངས་པ་དེ་ལེགས་པོ་ཞིག་ཡོད་པར་མ་གོ་སྟེ། སངས་རྒྱས་དང་མཐུན་པར་མ་སྤྲས་པའི་ཕྱིར། མཆན།} ཅེས་སྨོན་ལམ་དྲག་ཏུ་གདབ་བོ། །{བུ་སྟོན་རིན་པོ་ཆེས་སཾ་བུ་ཊའི་འགྲེལ་པར། བྱང་སེམས་དེས་རང་གི་ཤ་སོགས་སྟེར་བ་དེའི་ཚེ་སློང་བ་པོ་ལ་སེམས་ཅན་ལ་གནོད་པ་བྱས་པའི་ཉེས་པ་མེད་དེ། གཞན་དུ་ན་བྱང་སེམས་ཀྱི་སྤྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ཏེ། སློང་བ་པོ་ལ་སྡིག་པར་འགྱུར་དུ་དོགས་ནས་མི་སྦྱིན་པའི་ཕྱིར་རོ། །གནོད་སེམས་ཀྱི་སློང་བ་པོ་མ་གཏོགས་པའི་སློང་བ་པོ་ལ་སྡིག་པར་འགྱུར་བ་མེད་དོ། །མཆན།} གཞན་ཡང་ཡི་དྭགས་ནི་རྫུ་འཕྲུལ་ཐོབ་པ་ས་དང་བར་སྣང་ལ་ཐོགས་མེད་དུ་འགྲོ་བས། དེ་དག་གི་ལུས་སྡུག་བསྔལ་ཞིང་ཉམ་ཆུང་བའི་རང་བཞིན་ཡིན་པས་དེ་དག་ལ་རང་གིས་གནོད་པ་མ་བསྐྱལ་ཀྱང་ངང་ངམ་ཤུགས་ཀྱིས་གནོད་པར་འགྱུར་བ་ཞིག་ཁོའི་ལས་འབྲས་ཀྱི་སྟོབས་ཀྱིས་ཡོད་པར་འདུག་པས་དེས་མི་གནོད་པའི་ཕྱིར། དེ་བཞིན་གཤེགས་པའི་མཚན་བརྗོད་ཅིང་བྱམས་པའི་བློས་འགྲོ་ཞིང་སྡོད་པར་བྱའོ།། ལྷག་པར་མི་མ་ཡིན་རྒྱུ་བའི་གནས་རྣམས་སུ་སེམས་བྱམས་པ་དང་ལྡན་ཅིང་དེ་དག་ལ་མའི་འདུ་ཤེས་བཅོས་མིན་དྲག་ཏུ་བསྐྱེད་དོ། །

སྨྲས་པ།

བདག་ལ་འཁོར་ལོས་སྐྱུར་དང་བརྒྱ་བྱིན་སོགས།། ཕུན་ཚོགས་བགྲང་ཡས་སྦྱིན་པའི་མ་རྒན་རྣམས།། ཆུ་ཡི་ཟིལ་པ་ཙམ་ཡང་མི་མྱོང་བའི།།

དུས་འདིར་བུ་ཕྲུག་རྣམས་ཀྱིས་ཅི་བྱར་ཡོད།།
གསུམ་པ་ནི།
དུད་འགྲོ་བྱིངས་ན་གནས་པ་དང་ཁ་འཐོར་བའི་སྡུག་བསྔལ་ལ་དམིགས་ཏེ་སྙིང་རྗེ་ཆེན་པོ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བ་ནི། དེ་ཡང་མ་རྒན་རྣམས་ཡང་དག་པའི་བདེན་པ་མི་མཐོང་བ་ནི་འདོད་ཡོན་གྱི་ཕྱིར་འབྲངས་ཏེ་ཡང་དག་པའི་དོན་འཚོལ་བ་མི་ཁོམས་པར་སོང་བས་ལན་ཏེ། དེ་ཡང་འདོད་ཡོན་གྱི་རྣམ་གཡེང་གི་ཉེས་པའི་གཙོ་བོ་ནི། ཕྱི་ཡོ་བྱད་དང་ནང་སེམས་ཅན་ལ་ཆགས་པ་ཡིན་ལ། ཡོ་བྱད་ནི་ངེད་རང་ཚོས་ལས་ཀྱིས་རྣམ་སྨིན་ལས་བྱུང་བའི་ལོངས་སྤྱོད་འདི་རྣམས་ལ་ཆགས་པ་ཡིན། ནང་སེམས་ཅན་ནི་རང་རེ་ཀུན་ཕ་མ་བུ་ཚ་ཁྱོ་ཤུག་ཏུ་འབྲེལ་བས་སྲེད་པས་ཆགས་ཤིང་ཐོགས་ནས་སྣང་བ་འབྲིད་མཁས་སུ་བྱས་པས་ཐར་པའི་ཐབས་འཚོལ་བའི་ལོང་སྐབས་མ་བྱུང་བར་ཤེས་པ་རྨོངས་ཏེ་དེའི་འབྲས་བུས་དེང་སང་ཅི་ཡང་མི་ཤེས་པའི་དུད་འགྲོ་འདི་ལྟ་བུ་སྐྱེ་བའི་ལེ་ལན་ཀྱང་རང་ལ་འཁྲིས་གདའོ་སྙམ་ནས་དྲག་སྒོམ་དུ་བྱེད། དེས་ན་རྣམ་པ་ཐམས་ཅད་དུ་ཀླུ་ལ་ཀླུ་གཏོར་མ་ཆགས་པར་གཏོང་ཞིང་། སྲོག་ཆགས་དུད་འགྲོ་ཆེ་ཕྲ་རང་གིས་སྲོག་སྐྱོབ་ནུས་པ་འདུག་ན་དེའི་སྲོག་ཅི་ཐར་དུ་བྱེད། གཞན་ལ་འཚེ་བའི་ཅེ་སྤྱང་དང་བྱ་རི་དྭགས་གཏུམ་པོ་འཆི་བ་ལ་ཉེན་པ་མི་གསོ། གཞན་འཆི་བ་ལ་ཐུག་པའམ་དུད་འགྲོ་ནད་པ་རྣམས་རང་གི་ལུས་ལས་ཚེ་འདིར་ཆད་པའི་བུ་ལྟར་གསོ། དེ་རྣམས་ཀྱི་རྣ་བར་སངས་རྒྱས་བྱང་སེམས་སོགས་ཀྱི་མཚན་དང་གཟུངས་བསྒྲགས། རྟེན་བྱིན་རླབས་ཅན་ལ་སྐུ་ཁྲུས་གསོལ་བ་དང༌། སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་སྐུ་བལ་རིང་བསྲེལ་འདྲེས་པའི་ཁྲུས་དང་བཟའ་བ་དང་བདུག་པ་བྱེད་དུ་འཇུག། རབ་ཏུ་བྱུང་བས་ནི་མར་དང་འོ་མ་ཙམ་དང༌། སྨན་དུ་གླ་རྩི་གིའུ་ཝཾ། གོས་སུ་ལུག་བལ་ཙམ་མ་གཏོགས་སེམས་ཅན་ཆེ་ཕྲ་གང་གིའང་ཤ་རུས་པགས་པ་རྡུལ་ཕྲ་རབ་ཙམ་ཡང་ལོངས་སྤྱོད་དུ་བཅང་བར་མི་རུང་། འདུལ་བར་ཀོ་ལྤགས་ཀྱི་གཞི་ཞེས་ཀོ་ལྤགས་ལ་དམིགས་བསལ་མཛད་པ་ཐེག་དམན་གྱི་གདུལ་བྱ་ལ་དགོངས་པ་ཡིན། ཐེག་ཆེན་ལ་དེ་ལྟར་མི་བཏུབ། དེའི་ཕྱིར་སེམས་ཅན་ལ་བཞོན་པ་དང༌། བཀོལ་བ་དང༌། བཞོ་བ་དང་། རྨོ་བ་སོགས་ཀྱི་ལས་གང་ཡང་མི་བཅོལ། མིས་དུད་འགྲོ་བྱིན་བྱུང་ན་དུད་འགྲོ་དེའི་གཡོག་ཞེ་ཐག་པར་བྱས་ནས། ཚུལ་ལྡན་མང་ཐོས་སྒོམ་པས་རྒྱུད་དག་པ་ལ་ལོངས་སྤྱོད་ཀྱི་ཕྱིར་རམ། ཡང་ན་དགེ་འདུན་རྣམ་དག་ལ་དབུལ། {སྤྱིར་ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་འཚེ་བ་སྤང་དགོས་པས་རབ་ཏུ་བྱུང་བས་སྤྱིར་དུད་འགྲོ་མི་བསྲེལ། དགེ་འདུན་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་བསྲེལ་བར་གནང་ཡང་། དེང་སང་ཁྱིམ་པའི་དུད་འགྲོ་ལས་དགེ་འདུན་གྱི་དུད་འགྲོ་བཀོལ་སྤྱད་ཀྱི་ཉམས་མྱོང་ཆེ་ཚུལ་ལ་བལྟས་ན་དགེ་འདུན་པར་མིང་སྨོས་ཙམ་ལ་དུད་འགྲོ་འབུལ་མི་ཕོད་པར་གདའ། མཆན།} ཐ་ན་ཤིག་དང་ལྗི་བ་ཚུན་ཆོད་ཀྱིས་ཟ་རེམ་པའི་དུས་དགའ་ཚོར་དང་དེ་ལ་ཁྲག་སྦྱིན་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ།།

དཔེར་ན་དུད་འགྲོ་ཞིག་གི་སྡུག་བསྔལ་ཚབས་ཆེ་བ་མཐོང་བཞིན་དེ་དམིགས་རྐྱེན་དུ་བྱས་ནས་གདུང་ཤུགས་ཀྱིས་དེ་སྡུག་བསྔལ་ལས་སྐྱོབ་པའི་སྙིང་རྗེའི་གསོལ་འདེབས་བླ་མ་དཀོན་མཆོག་ལ་བློ་འཁུལ་ཅི་ཆེ་ཆེར་བྱས་ཏེ། ཤེས་པ་བརྒྱལ་ཐུག་པར་བྱེད། དུད་འགྲོ་འཆི་ཉེན་པའི་སྲོག་བཤུགས་ཀྱི་ཕྱིར་ཐག་ཅི་རིང་དུ་དཀའ་སྤྱད་ལ་མི་འཛེམ་པར་འགྲོ་བར་བྱ། འདི་རྣམས་ལག་ལེན་ལ་ཅི་ཐེབས་སུ་གལ་ཆེ།

འདིར་སྨྲས་པ།

སེམས་ཅན་ཀུན་ལ་མི་འཚེར་ཁས་བླངས་ནས།། ཁྱི་རྐུན་ཙམ་ཞིག་ནང་དུ་འོང་བ་ལ།། དེ་ཡི་འགྲམ་པ་གཞོམ་པའི་ཕོ་རྒོད་པོ།། ཉམ་ཆུང་མནར་འདི་སེམས་དཔའ་ཇི་ལྟར་ཡིན།། མཁའ་མཉམ་དོན་དུ་བྱང་ཆུབ་སེམས་བསྐྱེད་ལོ།། ལྗི་ཤིག་དྲག་ཉེད་བྱས་ན་ཚིམས་སོ་སྐད།། འདི་འདྲའི་སྐྱེས་བུ་བྱང་ཆུབ་སེམས་དཔའ་ཞེས།། རང་ལ་ཆོག་པར་རློམ་དེས་ཕུང་བ་སྙམ།། བདག་གཞན་མཉམ་པའི་བྱང་སེམས་བསྒོམ་སྐད་ནས།། དུད་འགྲོ་བསད་ནས་མགྲོན་ལ་སྟེར་བ་ཡི།།

བྱང་ཆུབ་སེམས་དཔའི་མིང་འདིས་བསླུས་ནས་གདའ།།
དེས་ན་འདི་ལྟར་བྱང་ཆུབ་སེམས་དཔའོ་ཞེས་མིང་དུ་བཏགས་ཀྱང་རྒྱུད་ལེགས་པར་བཅོས་མེད་དུ་སོང་བ་ཐམས་ཅད་ངེས་ལེགས་འབྱིན་བྱེད་ཀྱི་རྣམ་དཀར་མ་བསྒོམ་པས་ལན། མ་བསྒོམས་པའི་རྒྱུ་མཚན་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ངེས་པ་མ་སྐྱེས་པས་ལན། སེམས་ཅན་ཐམས་ཅད་ཕ་མར་ངེས་ཤེས་མ་སྐྱེས་པའི་བླ་མ་དང་དགེ་བཤེས་ཀྱི་མིང་ཅན་ཅི་འདྲ་ཞིག་ཡིན་ཀྱང་རང་ཐོག་ན་བབ་དུས་བྱང་ཆེན་གྱི་དམ་པའི་ཆོས་ལག་ཏུ་ལེན་ཚེ་དེ་པ་རྣམས་ཀྱི་ཤེས་རྒྱུད་དང་སངས་རྒྱས་ཀྱི་བསྟན་པའི་ཐེག་ཆེན་གྱི་ཉམས་ལེན་རྒྱབ་སྤྲོད་ལིང་ངེར་འགྲོ་འདུག་པས་དབྱངས་ཅན་དགའ་བ་ཁྱོད་གཟོབས་ཤིག།

གཉིས་པ་ལ། དང་པོ་མིའི་འགྲོ་བ་ལ་བསྒོམ་པ་ལ། རང་གང་ཉེ་བའི་མི་དེའི་གནས་སྐབས་ཀྱི་སྡུག་བསྔལ་ཆེ་ཆུང་ཅི་འདུག་པ་བསམ་ཞིང༌། སྡུག་བསྔལ་དེ་བདག་གིས་བསལ་བས་རང་གཞན་གྱི་དགེ་བ་ལ་མི་གནོད་ཅིང་བྱང་གྲོལ་གྱི་རྒྱུར་འགྱུར་ན་སྡུག་བསྔལ་དེ་སེལ་ཅི་ཐུབ་བྱེད། རང་གཞན་གྱི་དགེ་བ་ལ་གནོད་ན་བཏང་སྙོམས་སུ་བྱ། དེའི་གནས་སྐབས་ཀྱི་སྡུག་བསྔལ་ནི། ནོར་གྱིས་ཕོངས་པ། དོན་མ་གྲུབ་པ། ཕ་རོལ་པོའི་མཐུས་ནོན་པ་རྣམས་ཡིན་ནོ།། འོན་ཏེ་སྡིག་གྲོགས་སུ་འགྱུར་ན་ནི་ཕན་པའི་ལས་མིན་པས་དེ་ལྟར་མི་བྱའོ། །དེ་ལས་ཀྱང་ཁོ་དེ་ལ་གནོད་པ་ནི་སྡིག་པ་དང་ཉོན་མོངས་པ་སོགས་སྒྲིབ་པ་ཁོའི་རང་རྒྱུད་ལ་བསགས་པ་དེ་ཡིན་པས། དེ་ལ་དངོས་སམ་བརྒྱུད་པས་ཁོའི་ཉེས་དམིགས་དེ་ཐབས་གང་ས་ནས་བཤད་སྦྱོང་གིས་སྡུག་བསྔལ་སེལ་ཅི་ཐུབ་བྱེད་དགོས། དེས་ན་དེའི་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་སེལ་བའི་དོན་དང༌། ཆེད་དུ་གཞན་ལ་མི་གནོད་ན་དེའི་གཡོག་ཏུ་བང་ཆེན་ཡན་ཆད་དང་། རང་ལ་ཡོད་ཚད་ཀྱི་ནོར་བཏང་བ། གཉིད་གཅོག་པ་སོགས་ལུས་ཐེད་ལ་བོར་ནས་བྱེད། དེའི་རིགས་པས་རང་ལ་གནོད་པའི་དགྲ་དང་བར་མ་ཐམས་ཅད་ལ་བྱེད་པ་ཞིག་དགོས་ཏེ། དཔེར་ན་ཡུལ་ལྗོངས་ཆེན་པོའི་སྨན་པ་དེས་ཕན་ཐོགས་ན། རྒྱལ་པོ་དང༌། ཆང་འཚོང་དང༌། སྨད་འཚོང་དང༌། བློན་པོ་ལ་སོགས་ཆེ་འབྲིང་ཆུང་གསུམ་ཐམས་ཅད་འཆོས་པ་དང་འདྲ་བ་ཞིག་དགོས་ཏེ། ལྷག་པར་རང་རེའི་བདག་འཛིན་ལ་ཆགས་སྡང་ང་རྒྱལ་ཕྲག་དོག་གི་ཕོག་ཐུག་བྱུང་དུས་ཀྱི་བློའི་ཐོག་ནས་སེམས་ཅན་དགྲ་གཉེན་སུས་ཕན་བཏགས་སུས་གནོད་པ་བསྐྱལ་ཅི་འདྲ་ཞིག་བྱས་ཀྱང༌། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་ཡུལ་ཡིན་པས་དྲིན་ཆེ་བ་མ་ལྟ་བུའི་བློ་དང༌། བྱམས་པ་བསྐྱེད་པའི་གནས་ཡིན་པས་བུ་ལྟ་བུའི་བློས་རྒྱུད་ལ་བཟོད་པ་ཅི་ཆེ། གང་མ་འདྲ་བ་བྱ་སྙམ་པ་ཀུན་ལ་ཀྱེ་མ་ལས་ཉོན་གྱི་དབང་གིས་ཁོས་འདི་མི་བྱེད་ཀ་མེད་བྱུང་བ་ཡིན་པས། བདེན་པ་{ལས་ཉོན་གྱིས་འཁྲུལ་ནས་དགྲ་མ་ཡིན་ལ་དགྲར་འཛིན་གྱིས་གནོད་བསྐྱལ་བ་ལ་བདེན་རྒྱུ་ཅི་ཡོད་སྙམ་ན། དགྲ་མ་ཡིན་པ་ལ་དགྲར་འཛིན་གྱི་ཆ་ནས་གནོད་བསྐྱལ་བ་དེ་བདེན་པ་ཅི་ཡིན་ཀྱང༌། དེ་ལྟར་འཛིན་པ་དེ་ཁོའི་བློ་རང་དབང་གི་ཆ་ནས་མ་ཡིན་པར་ལས་ཉོན་གྱིས་གཞན་དབང་གི་ཆ་ནས་བྱེད་དགོས་བྱུང་བས་ཁོ་མ་ལན་པར་བདེན། དེའི་རྒྱུད་ཀྱི་ལས་ཉོན་ལན་པར་བདེན་པའི་གོ་བའོ། །མཆན།} བརྒྱ་ཡི་ནང་ནས་བདེན་པ་གཅིག་པོ་དེ་ཁོས་ཐོབ་སྙམ་དུ་བསྒོམ། དེས་ན་དམ་པའི་ཆོས་འདི་ལག་ལེན་དུ་དགོས་པ་ཡིན་པས། རང་རེའི་ལུས་ལོངས་སྤྱོད་གནས་གཞི་དང་བཅས་པ་འདི་དགྲ་གཉེན་བར་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཟུང་བ་ཡིན། དེ་མིན་འདིས་ཅི་བྱ་སྙམ་པ་ཡང་ནས་ཡང་དུ་དྲག་བསྒོམ་བྱ།

དེ་ཡང་རང་རེའི་ཆུང་མ་ལ་གཞན་གྱིས་ལོག་ཞུགས་སུ་སྤྱོད་ན། བློ་ཆུང་ངུ་ལྟར་ན་སྤྱད་བྱ་དང་སྤྱོད་བྱེད་གཉིས་ཀ་ལ་ལོག་ཞུགས་ཀྱི་སྡིག་པ་འབྱུང་བས་སྙིང་རྗེ་སྐྱེ་མོད། དེ་ལྟར་ནའང་ཁོ་བོའི་ཆུང་མ་ནི་སེམས་ཅན་ཐམས་ཅད་ཀྱི་ཆུང་མ་ཡིན་པས། རྣམ་པ་གཅིག་ཏུ་ན་དེ་ལྟར་སྤྱད་པ་དེས་དེ་ལ་ལོག་ཞུགས་ཀྱི་ཉེས་པའང་མི་འབྱུང་སྟེ། བདག་གིས་སེམས་ཅན་ཐམས་ཅད་ལ་བསྔོས་ཟིན་པའི་ཕྱིར་སྨོན་ལམ་འདི་ལྟ་གདབ་སྟེ། མ་འོངས་པ་ན་ལོག་གཡེམ་ལ་ཞུགས་པ་དེ་དག་ཆགས་བྲལ་གྱི་བཙུན་མོ་ལ་ལོངས་སྤྱོད་པར་གྱུར་ཅིག། ལོག་པར་ཞུགས་པའི་འགྲོ་བ་ཐམས་ཅད་ཐར་པ་ཡིད་དུ་འོང་བའི་དགའ་བདེ་དམ་པ་དང་འཕྲད་པར་གྱུར་ཅིག། ཅེས་སྨོན་ལམ་གདབ། དེ་བཞིན་དུ་གཞན་གྱིས་བདག་གི་ནོར་རྫས་ཁང་ཁྱིམ་ཞིང་ས། བུ་ཆུང་མ་དང་བཅས་པ་ཁྱེར་ན་རྣམ་པ་གཅིག་ཏུ་ན། ཀྱེ་མ་སེམས་ཅན་འདིས་མ་བྱིན་པར་བླངས་ཏེ་དམྱལ་བར་འགྲོ་བས་སྙིང་རྗེ་བཅོས་མིན་དུ་བསྐྱེད་ཅིང༌། ཡང་ན་རང་རེའི་ལོངས་སྤྱོད་བསགས་ཚད་སེམས་ཅན་གྱི་དོན་དུ་བསགས་ནས་སྦྱིན་པ་གཏོང་བའི་ཆེད་ཡིན་པས། ངེད་རང་གིས་སྦྱིན་ལོང་མེད་པར་ཁོའི་ལག་ཏུ་སོང་བས་ཁོ་ལ་མ་བྱིན་ལེན་གྱི་ཉེས་པ་ཡང་མི་འགྱུར་བས་ཞེ་ཁ་ཚིམ་སྙམ་ནས་དེ་ལ་བདག་གིས་ཁྱོད་ཀྱི་སྒྲིབ་པ་ཐམས་ཅད་ཕྱིར་དབྲོགས་ཏེ་ཁྱོད་ཀྱི་རྒྱུད་ལ་ཚོགས་གཉིས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་གྱུར་ཅིག། ཅེས་སྨོན་ལམ་གདབ། ངེད་རང་གི་གཉེན་ཕྱོགས་དང་སྡེ་རིས་གཅིག་པ་བླ་མ་གཅིག་པ་སོགས་ལ་དགྲས་གནོད་ཅིང་འཚེ་ན་དགྲས་དེ་ལྟར་མི་འཚེ་བ་དང༌། གཉེན་ཡང་འཁྲུགས་ལོང་མི་བྱེད་པའི་འཇགས་འདོན་རང་གི་སྟོབས་འབྱོར་གང་ཡོད་དེ་གཉིས་ལ་བགོས་ཏེ་སྦྱིན། བླ་ན་མེད་པ་བྱང་ཆེན་གྱི་ཆོས་ཐམས་ཅད་འདི་པ་དམིགས་ཡུལ་དུ་བྱས། མཁའ་མཉམ་སེམས་ཅན་གྱི་རྒྱུད་ལ་ཡང་དག་པར་བཟླུམས་པར་གྱུར་ཅིག། ཅེས་སྨོན་ལམ་གདབ་བོ།།

ལྷག་པར་བླ་མ་དང་དགེ་འདུན་ལ་འཚེ་ན་རང་ལ་འདོག་པ་གང་ཡོད་དེ་ལ་བྱིན་ནས་འཚེ་བ་ལས་བཟློག་པའི་གྲོས་གཞུག། སྟོབས་ཡོད་ན་མཐུས་གནོན། དེས་ཀྱང་བཟློག་མ་ཐུབ་ན་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བས་བླ་མ་དང་བསྟན་པའི་སྐུ་རིམ་སྒྲུབ། {ངེད་རང་གི་སྐུ་རིམ་ལ་དམིགས་པའི་དགེ་རྩ་ཞིག་གི་མཐུས་བླ་མ་དང་བསྟན་པའི་སྐུ་ཆགས་སེལ་བ་ག་ལ་ཡིན། བླ་མ་དང་བསྟན་པ་ལ་གནོད་པ་དང་གནོད་པར་མཐོང་བ་དེར་རང་རེ་གདུལ་བྱའི་རྒྱུད་ཀྱི་ཉེས་པ་ཡིན། དེ་ལ་དམིགས་ནས་རང་རེས་དགེ་རྩ་བྱས་པས་རང་རྒྱུད་ལ་ཚོགས་རྫོགས་པས་རང་རེའི་རྒྱུད་ཀྱི་བླ་མ་དང་བསྟན་པ་ལ་གནོད་ཅིང་འཚེ་བ་ཅན་དུ་མཐོང་བའི་སྒྲིབ་པ་དག་པ་ཡིན། མཆན།} བསྟན་དགྲ་ངན་སོང་དུ་མི་སྐྱེ་བའི་སྨོན་ལམ་གདབ། མདོར་ན་སེམས་ཅན་འདོད་ཆགས་སྐྱེ་བའི་ཡུལ་མཐོང་བ་ན། ཀྱེ་མ་འདི་མཐོང་ན་ཉོན་མོངས་པ་སྐྱེ་བའི་རྟེན་བྱེད་པས་ཕན་ཚུན་གཉིས་ཀ་བེའུ་སྦྲེལ་གཡང་བསྒྱུར་དུ་སོང་འདུག་སྙམ་ནས་བྱམས་པའི་མིག་གིས་བལྟ་ཞིང་། ངག་སྙན་པས་འཁོར་བ་ལ་བདེ་བ་མེད་པའི་རྒྱུས་ངེས་པར་འབྱུང་བའི་གཏམ་བརྗོད། སེམས་ཅན་འདི་པ་སོགས་འདོད་ཆགས་ཀྱིས་གཟིར་བ་ཐམས་ཅད་མཐོང་ན་གདུང་བ་ཐམས་ཅད་དང་བྲལ་བའི་བྱམས་པ་ཚད་མེད་པ་སྐྱེ་བར་གྱུར་ཅིག། ཅེས་སྨོན་ལམ་བཏབ། བྱམས་པ་ཤས་ཆེར་བསྒོམས་ཏེ། འདི་སྡུག་བསྔལ་ལོ་ཞེས་མི་བཟོད་ཙམ་དུ་བྱའོ།།

སེམས་ཅན་ཞེ་སྡང་ཅན་བདག་ཉིད་ལ་སྡང་འཛིན་བྱེད་པ་ན། དེ་ལ་ཕར་སྡང་སེམས་སྐྱེ་ཉེ་བ་ན་ཅི་འདི་ལ་ངས་སྡང་ཅི་ལ་ཐུག་གཞིག་པ་ན། འདིས་སེམས་ཅན་ཐམས་ཅད་ལ་གནོད་བསྐྱལ་བའང་མི་གདའ། བླ་མ་དང་དཀོན་མཆོག་ལ་གནོད་བསྐྱལ་བའང་མི་གདའ། དཀོན་མཆོག་དང་སེམས་ཅན་སྤྱི་ལ་གནོད་བསྐྱལ་ཡང་མི་ནུས། ནུས་ན་ནུས་པ་ཙམ་གྱིས་དེ་ངན་སོང་མཐའ་མེད་དུ་སྐྱེ་བས་བྱམས་དང་སྙིང་རྗེའི་ཡུལ་ལྷག་པར་ཡིན། འོན་ཏེ་ངེད་རང་གིས་འགའ་ཞིག་གཉེན་དུ་བཟུང༌། ཁོ་དགྲ་ཕྱོགས་སུ་བཅད་ནས་གནོད་རྐྱང་པ་བསྐྱལ་བས་དེ་རིང་ཁོས་གནོད་པ་བསྐྱལ་དོགས་ཏེ། འོ་སྐོལ་འཇིགས་པ་སྐྱེས་པའི་སྟོབས་ཀྱིས་སྡང་བའང་སྐྱེས་པར་གདའ། དེས་ན་དེ་ལ་སྡང་སེམས་བྱེད་པར་ག་ལ་རིགས། ལན་པ་རང་གིས་བྱས་གདའ་ན་དེ་རིང་ཕྱིན་ཁོ་དགའ་ཞིང་མགུ་བའི་ཐབས་ཅི་ཞིག་གིས་འགྲུབ་སྙམ་པས་སྙིང་རྗེའི་མིག་གིས་བལྟ། ངག་སྙན་པས། ཇོ་ཇོ་བཟོད་པར་མཛོད་ཅིག །ནོངས་པ་གསོལ་ལོ། །བདག་གིས་ཁྱོད་ཀྱི་འདོད་པ་གང་ཡིན་པ་དེ་དམ་པའི་ཆོས་ཀྱིས་བསྒྲུབ་ནུས་པར་གྱུར་ཅིག། གལ་ཏེ་ཁྱེད་དམ་པའི་ཆོས་ཀྱི་འདོད་བྱ་མེད་ན་བདག་ཁྱོད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་ནས་ཁྱོད་ཀྱི་འདོད་པའི་གཉེར་བྱ་དཀོན་མཆོག་གསུམ་ལས་མེད་པར་བདག་གིས་བསྒྲུབ་ནུས་པར་གྱུར་ཅིག། ཅེས་དེའི་འདི་ཕྱིའི་དོན་སེམས་ཕུགས་སུ་བཅུག་ནས། དེའི་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་རང་སྲོག་དང་བསྡོས་ནས་བསྒྲུབ་པར་བྱ་བ་ལ་བློ་སྦྱང་ཞིང་། དེའི་ཕྱིར་དམིགས་ཡུལ་འདིས་གཙོས་པའི་སེམས་ཅན་ཐམས་ཅད་ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་དགོས་དོན་ཐམས་ཅད་བདག་ཁོ་ནས་བསྒྲུབ་པར་གྱུར་ཅིག། ཅེས་སྨོན་ལམ་གདབ། འདིའི་ཉེས་པ་དང་སྡུག་བསྔལ་བདག་གིས་དབྲལ་མ་ཐུབ་ན་བདག་གསོན་པས་ཅི་ལྟོ་སྙམ་དུ་བསྒོམ།

ཡང་རང་རེ་ལ་མ་ཉེས་པའི་ཁ་ཡོགས་གཞེར་འདེབས། གཟན་ལན་ཅི་འདྲ་ཞིག་བྱུང་ཡང་ངས་ཚེ་འདིར་བདག་གིས་ཁོ་ལ་གནོད་པ་བྱས་པ་མེད་ཀྱང་ཁོས་སྡིག་བསགས་པ་འདི་ལ་སྙིང་རྗེ་ཇེ་ཆེར་སྐྱེ་རིགས་ཏེ། ཁོས་ནི་བདག་ལ་གནོད་པར་བྱེད་པ་ནི་བདག་གིས་སྔར་ཕར་ལ་གནོད་པ་བསྐྱལ་བའི་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་འདིར་སྨིན་པ་ཡིན་ལ། འོན་ཏང་བདག་ལ་ཚེ་འདིར་ཉེས་མེད་ལ་འཆི་བས་ཁོ་ཡང་ངན་སོང་ལ་སོགས་སུ་སྐྱེ་བས་དེ་སྡུག་བསྔལ་གྱི་ཡུལ་དུ་གྲུབ་པའི་ཕྱིར་སྙམ་དུ་བསྒོམ། གནོད་བྱེད་དེས་རང་རེ་མི་བདེན་པའི་ཤགས་ཅི་བགྲངས་ཀྱང་སྔོན་ལས་སུ་བསམ་པས་བདེན་ལན་བྱིན་ནས་རང་ལ་སྟོབས་འབྱོར་ཅི་ཡོད་ཀྱི་ཆ་ནས་ང་རྒྱལ་བཅགས་ཏེ། དམན་པ་ལ་གནས་ཏེ་ཞུ་བཤགས་བྱ། དེས་ཀྱང་མ་ཉན་པར་ནོར་རྫས་ལོངས་སྤྱོད་གང་ཡང་མི་དབང་བར་ད་ལྟ་སོངས་ཤིག་ཅེས་བསྐྲད་ནའང་འཚེར་བ་དང་འཕྲེང་བ་མེད་པར་རང་གཅེར་བུར་འགྲོ་བར་བྱ་སྟེ། བདག་གིས་ལུས་ཀྱང་བཏང་བར་རིགས་ན། ནོར་རྫས་གྱི་ན་བ་ཙམ་བཏང་ཐུབ་པ་འདིས་བདག་བློ་ཚིམ་པའི་སྐབས་ག་ལ་ཡོད་སྙམ་པ་དང༌། ཡང་ན་བདག་སེམས་ཅན་ཡ་རབས་ལ་སྙིང་རྗེ་སྐྱེ་མོད། མ་རབས་ཀྱི་སྤྱོད་པ་ལ་སྙིང་རྗེ་མི་སྐྱེ་བ་སྲིད་ཀྱང་འདིའི་རིགས་ཅན་གྱིས་རྐྱེན་བྱས་ནས་ངའི་སྙིང་རྗེ་ལ་བོགས་བཏོན་སོང་ཞེས་དགའ་བ་དྲག་ཏུ་བསྒོམ་ནས། བདག་ལ་ཉེས་པ་མེད་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བྱེད་ཀྱི་གནོད་བྱེད་བྱུང་བ་ལ་བརྟེན་ནས་བདག་རྒྱུད་ཀྱི་སྦྱིན་སོགས་ཀྱི་ཕར་ཕྱིན་རྫོགས་པའི་བདེན་སྟོབས་ཀྱིས་གནོད་བྱེད་ཀྱི་རྒྱུད་ལ་གནོད་པ་བསྐྱལ་བའི་ཉེས་པ་མི་འབྱུང་བར་བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་པའི་སྨོན་ལམ་གདབ་བོ།།

ད་ལྟ་ལས་དང་པོ་པ་ལ་མགོ་དང་ལུས་སློང་ཞིང་ཚེ་ལ་བར་ཆོད་དུ་དགྲ་གཉེན་སུས་རྒོལ་ཡང་གཏོང་བར་ནུས་པའི་བློ་ཐག་པ་ནས་མེད་ན་གཡོ་སྒྱུར་མ་སོང་བའི་ཐབས་མཁས་ཀྱིས་བཟློག་ཐབས་བྱ། གཞན་ལ་ཕན་ངེས་ན། ན་ཤིའི་སྐྱོན་དུ་མི་འགྱུར་ཙམ་གྱི་ཤ་ཁྲག་བཅད་ཕུག་གི་སྦྱིན་པར་གཏོང་ཞིང༌། ན་ཚ་སོགས་ཆེར་སྐྱེས་པ་ན་སེམས་ཅན་ཐམས་ཅད་ཀྱང་ན་ཚ་དང་ཟུག་གཟེར་འདི་ལྟ་བུས་འགྲན་དུ་མེད་པ་འབའ་ཞིག་ཏུ་ཡོད་ན་དེའི་དོན་དུ་མི་འབུང་ན་ཅི་འབུང་། སེམས་ཅན་གཅིག་ལ་རྐང་པའི་སེར་ཁ་ཙམ་ལ་ཕན་ནའང་ལུས་འདི་དུམ་བུ་སྟོང་ཚལ་པ་བརྒྱར་བཀས་ནའང་ཅི་མ་རུང་སྙམ་པའི་བློ་ཡང་ཡང་བསྒོམ། གཞན་ཡང་རང་གི་དངོས་པོ་གཞན་གྱིས་བསྐྱི་གཡར་བུན་གཏོང་བསྐྱེད་བཅུག་གང་ལའང་ཕ་རོལ་པོ་ཁོ་རང་གི་བློས་མཚམས་འཛིན་པ་མ་གཏོགས་ངེད་རང་གིས་བསྙག་འདེད་རྩད་གཅོད་མི་བྱེད། ཕ་རོལ་པོས་བསྐྱི་བ་དང་། གཡར་བ་དང་། སློང་དུ་བྱུང་ན་ཟོལ་མེད་དུ་བཏང༌། ལར་བྱང་སེམས་ལ་བརྟན་པ་ཐོབ་ན་མ་གཏོགས་ཁྱིམ་གྱི་ལོངས་སྤྱོད་རྣམ་གཡེང་གི་རྒྱུ་དང་ཉོན་མོངས་འཕེལ་བར་བྱེད་ཅིང་སྡུག་བསྔལ་གྱི་རྩ་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ལ་གེགས་བྱེད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས། རབ་ཏུ་བྱུང་ན་འདི་འདྲའི་འཁྲི་བ་སྙད་སྙོད་འོང་དོན་མེད། རབ་ཏུ་བྱུང་ནས་ཀྱང་གཞན་པ་ཆོས་སྤྱོད་བཅུའི་ལས་དང་ཐོས་བསམ་སྒོམ་པར་བརྩོན་པ་ལ་མཐུན་རྐྱེན་གྱི་གྲོགས་མ་འབྱོར་བར་འདུག་ན། དེ་ལ་དད་ཅིང་གུས་པའི་སྒོ་ནས་ཞབས་ཏོག་ལུས་ངག་གིས་ཐ་ན་དེའི་ཡི་གེ་འབྲི་བའི་ཕྱིར་སྣག་རྡོག་གཅིག་འདུལ་ལམ། དེ་སྒོམ་བྱེད་པའི་ཆེད་དུ་སྒོམ་ཤིང་ཁམ་གཅིག་གཞོག་གམ། དེའི་ཆོས་གོས་ཀྱི་ཚལ་བུ་ཙམ་ཞིག་བཙེམ་པ་ནའང་དགའ་བ་ཆེར་བསྒོམ་ནས་ངག་ཏུ། བདག་གི་དགེ་རྩ་འདིས་མཚོན་ནས་འཁོར་འདས་ཀྱི་དགེ་རྩ་ཇི་སྙེད་པ་དེས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་དམ་ཆོས་སྒྲུབ་པ་མཐའ་དག་གི་རྙེད་པ་དང་བཀུར་སྟི་ཐམས་ཅད་བདག་གིས་བསྒྲུབ་ནུས་ཤིང་དེ་དག་གིས་ལམ་གྱི་བྱ་བ་མྱུར་དུ་མཐར་ཕྱིན་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་པར་གྱུར་ཅིག །ཅེས་བསྔོ་བ་དང་སྨོན་ལམ་གདབ། གཞན་ཡང་ཕྱོགས་གར་སྡོད་ཀྱང་སྟོབས་ཅན་ལ་དཔོན་མི་འཆོལ། ཤེད་ཅན་ལ་དཔུང་མི་བསྡོམ། དེ་ལྟར་བྱས་ན་རང་རེ་ལ་ཕན་འདོགས་མཁན་དེ་དག་གི་དགྲས་གནོད་སྐྱེལ་དུ་འོང་བས་དེ་ལ་རང་རེ་ལས་དང་པོ་པ་བཟོད་པ་མ་ཐོབ་པས་གཞན་ཕྱོགས་པ་ལ་གནོད་ལན་གནོད་པས་གཞལ་ཉེན་ཆེ་བས་དེ་ལྟར་གྱུར་ན་བྱང་ཆུབ་ཀྱི་དགེ་བ་ཐམས་ཅད་རྨེགས་ནས་འཇོམས་པས་དེ་ལྟར་མ་སོང་བར་བྱ། མདོར་ན་ས་ཕྱོགས་གར་ཡང་ལོ་ཉེས། འཁྲུགས་པ་ལྡང་བ། ནད་ཡམས་དང་བཅས་པ་འདུག་ཟེར་བ་ཐོས་པ་ཙམ་གྱིས་དེ་དག་ཞི་བའི་ཕྱིར་སྨོན་ལམ་ཟོལ་མེད་དུ་གདབ། མདོར་ན་ཞིང་རྣང་མ་གཅིག་ལས་མི་རྨོ། རྒྱགས་ཡ་ཆུང་གཅིག་ལས་མི་འཐག་ཀྱང༌། དེའི་དོན་དུ་འབུ་སྲིན་ཇི་ཙམ་ཞིག་འཆི། དེ་ཙ་ན་སེམས་ཅན་ལ་གནོད་འཚེ་ཇི་ཙམ་དུ་འགྲོ་བར་བྱེད། འདི་འདྲ་རེ་ལ་བལྟས་ན་ཡང་རྐང་པ་གར་ཡིན་དུ་སྤོ་མི་ནུས་པ་ཙམ་ཡིན། དེས་ན་རང་དོན་ཡིན་ཕྱིན་ཆད་སེམས་ཅན་ལ་གནོད་པ་མེད་པའི་ལས་མེད་{འོ་ན་འཕགས་པ་ཉན་ཐོས་པ་རང་འཁོར་བ་ནས་ཐར་པའི་དོན་ཅན་གྱིས་སེམས་ཅན་ལ་ཕན་མ་ཐོགས་ཀྱང་ཇི་ལྟར་གནོད་ཅེ་ན། སེམས་ཅན་མ་རྒན་ཐམས་ཅད་འཁོར་བར་བསྐྱུར་ནས་བླ་མེད་ཀྱི་གཏན་བདེ་མ་སྟེར་བ་ལས་གནོད་པ་ཆེ་བ་ཅི་ཞིག་ཡོད། དེ་ཙམ་གནོད་པ་བསྐྱལ་ན་འཕགས་པ་ཉན་ཐོས་པ་སྡུག་བསྔལ་བ་ལ་སོགས་ཉེས་པ་ཆེན་པོ་མྱོང་རིགས་ཞེ་ན། བྱང་ཆེན་གྱི་གཏན་བདེ་དང་གཏན་ཐར་མ་ཐོབ་པ་ལས་སྡུག་བསྔལ་ཆེ་བ་ཅི་ཞིག་ཡོད། ཉན་རང་ཐེག་ཆེན་ལ་འཇུག་པའི་དབང་དུ་བྱས་ཀྱང༌། ཐེག་ཆེན་རང་ལམ་ནས་ཞུགས་པ་གཞན་ལས་སངས་རྒྱས་པ་ལ་ཆེར་འགོར་བ་མདོ་སྡེ་ནས་བཤད་པ་དང་། མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་ལྟར་ན། ངན་སོང་ལ་སོགས་མི་ཁོམ་པའི་རྟེན་ཅན་གྱིས་བྱང་ཆེན་ལ་གཏན་དུ་གེགས་བྱེད་མི་ནུས་པ་དང༌། ཉན་རང་གིས་གཏན་གེགས་བྱེད་ནུས་པར་བཤད་པས་དེ་ལས་ཉེས་པ་ཆེ་བ་མྱོང་རྒྱུ་ཡོད་པར་མ་གོ །མཆན།} པས་རང་དོན་ཡེ་མེད་པར་གཞན་དོན་འབའ་ཞིག་གལ་ཆེ། ད་ལྟ་བྱང་ཆུབ་སེམས་དཔར་ཁས་ལེན་པ་ཀུན་རང་རང་གི་ཚེ་འདིའི་ཆོས་བརྒྱད་སྒྲུབ་པའི་ཆེད་དུ་གཞན་ཐམས་ཅད་བཀོལ་ནས། གཞན་རྣམས་རང་གིས་ལོ་འཁོར་གྱི་རྒྱགས་གྲབས་ཙམ་ཡང་བྱེད་མི་འཇུག་པར་གཞན་ལ་གནོད་བསྐྱལ་བ་དེ་གཞན་དོན་ཡིན་པ་སྐད་དུ་སྟོན་པ་ནི། སྤྱིར་ཆོས་ཙམ་དུ་མ་ཟད་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ལོག་པར་སྟོན་པའི་བདུད་ཀྱིས་དཔོན་སློབ་ཐམས་ཅད་ཟིན་ནམ་སྙམ་དུ་སེམས། གཞན་ཡང་མ་གཅིག་ལས་སྐྱེས་པའི་སྤུན་གཉིས་ཡིན་ཡང་འདྲ། དགེ་བཤེས་གྲྭ་ས་གཅིག་ཏུ་སློབ་གཉེར་ལྷན་དུ་བྱས་པའི་ཐོགས་མཉམ་གཉིས་ཡིན་ཡང་འདྲ། རང་ལས་མི་མཐོང་ཆུང་བ་དང༌། ཡོན་ཏན་ཆུང་བ་དང༌། སྙན་པ་ཆུང་ཟེར་བ་ཞིག་བྱུང་ན་སླ་བ་ལས་གཅིག་ཤོས་པ་ཡོན་ཏན་ཆེ། སྙན་པ་ཆེ། མི་མཐོང་ཆེ་ཟེར་བ་ཞིག་མ་བྱུང་ན་སྙམ་པའི་སེམས་ཁྲལ་སྙིང་ཐོག་ཏུ་ལྕགས་གཟེར་བཏབ་པ་འདྲ་བ་ཞིག་དགོས། མདོར་ན་བླ་མ་གྲྭ་པ་བརྒྱ་ཙམ་ཞིག་དང་བཅས་པའི་ཆག་ཕྱིར་བསྡད་ན། དེ་སྙེད་ཀྱི་མ་ལེགས་སུ་དོགས་པའི་སྡུག་བསྔལ་གྱིས་ཉིན་མཚན་འདར་རྒུ་རེ་བ་ཞིག་མེད་ཕྱིན་ཆད་ཐེག་པ་ཆེན་པོའི་བློ་དེ་ག་ནས་འོང་། ཚེ་འདི་པ་ལ་བལྟོས་པའི་བསམ་པ་ལེགས་པ་རེ་ཡིན་ཀྱང་རེ་བ་མེད་དོ།། {ཐེག་པ་ཆེན་པོ་ལྟར་ན་དགྲ་མེད་པས་སེམས་ཅན་རིས་མེད་ལ་ཉེས་པ་བྱུང་དོགས་ལེགས་པ་མ་བྱུང་དོགས་དགོས་ཏེ། དེ་འདྲ་དཀོན། ཚེ་འདི་དབང་དུ་བྱེད་ཀྱང་བསམ་པ་ཆེ་ཤོས་རྣམས་དགྲ་ལ་ལེགས་ཉེས་གང་བྱུང་ཡང་བཏུབ། གཉེན་ཕྱོགས་ལ་ལེགས་ན་རང་ལ་ཕན་སྙམ་པའི་ལེགས་དགའ་ཉེས་སྡུག་བྱེད་པ་ཡོད་ཀྱང༌། དེང་སང་སྙིགས་མའི་བསམ་ཆུང་རྣམས་དགྲ་གཉེན་ཐམས་ཅད་ལ་སྐྱིད་པོ་མ་བྱུང་བར་བདག་ཁོ་ན་སྐྱིད་དུ་རེ་སྟེ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་རྟོགས་པར་འདུག། འདི་འདྲའི་བློ་སྐད་ཅིག་མ་རེས་ཚེ་འདིར་མཐོང་ཆོས་ལའང་རང་ལ་མི་འདོད་པ་ཁོ་ན་འོང་བར་འདུག་གོ །མཆན།} གཞན་ཡང་སྐྱེས་བུ་གཅིག་གིས་གཅིག་ལ་ཡོན་ཏན་བསྒྲག་ཅིང་དག་སྣང་སྦྱོང་བ་མཐོང་ན། སྙིགས་དུས་སུ་ཡོན་ཏན་ལ་ཡོན་ཏན་ཅན་དུ་མཐོང་བ་འདི་ལྟ་བུ་དག་དཀའ་ཞིང་དཀོན་པའི་ཕྱིར་འདི་ནི་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པར་གོར་མ་ཆག་པའོ་ཞེས་དད་པ་ཆེར་སྐྱེད་ཅིང་ཕྱག་ཞེས་སོགས་བསྟི་སྟང་ཇེ་ཆེར་བྱེད། གཅིག་གིས་གཅིག་གཤེ་སྐུར་གནོད་སྐྱེལ་སོགས་མདོར་ན་རྒྱུད་འཁྲུགས་པའི་བསམ་སྦྱོར་དང་། རབ་ཏུ་བྱུང་བ་དགེ་ཚུལ་སློང་འཕྱར་གཡེང་དང་ཕན་ཚུན་འཁྲིགས་པའི་གཏམ་དང༌། དེའི་བྱ་བ་ལ་སྦྱར་བ་དང༌། དམག་དང་རྒྱལ་ཁམས་ཀྱི་ཁྲིམས་དང༌། ཞལ་ལྕེ་སྦྱང་བདར་བྱེད་པ་སོགས་མཐོང་ན་དེ་ལྟ་བུ་བྱེད་པ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་འཛེམ་པ་མེད་པའི་སྣོད་དུ་དམིགས་ནས་སྙིང་རྗེ་ལྷག་པར་བསྐྱེད་ཅིང་སྨོན་ལམ་དྲག་གདབ་བྱའོ།།

རྩ་བར་སེམས་ཅན་ལ་དངོས་སུ་ཕན་ཐོགས་ན་རབ། མ་ཐོགས་ནའང་རྒྱུད་ནས་སེམས་ཅན་གྱི་དོན་ལ་དམིགས་པའི་སྒོ་ནས་སེམས་ཅན་ལ་མ་གནོད་པར་སོང་ཕྱིན་ཆོས་བཤད། ཆོས་བསམ། ཆོས་སྒོམ། གྲྭ་པ་བསྡུ། གཙུག་ལག་ཁང་བསྐྱང༌། མཆོད་རྟེན་དང་སྐུ་གཟུགས་བཞེངས་པ་སོགས་གང་ནུས་བྱས་ན་བསོད་ནམས་སྤེལ་བའི་བསམ་སྦྱོར་ཐམས་ཅད་བྱང་ཆེན་གྱི་རྒྱུར་འགྲོ་བ་ཡིན། སེམས་ཅན་གྱི་དོན་ལ་དམིགས་པའི་བསམ་པ་མེད་པའམ། ཡོད་ཀྱང་སྦྱོར་བས་གལ་སྲིད་སེམས་ཅན་ལ་གནོད་པར་འགྱུར་བའི་ཆོས་ཐོས་བསམ་སྒོམ་པ་དང༌། བསོད་ནམས་ཚོགས་གསོག་ལྟར་སྣང་བ་ཐམས་ཅད་ནི་རྫོགས་སངས་ཀྱི་རྒྱུར་མི་འགྲོ་བས་སྟབས་ལེགས་ཀྱིས་འཇོག་དགོས་པ་ཡིན་ནོ།།

མདོར་ན་རང་སངས་རྒྱས་ཐོབ་འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་པ་མ་བྱས་པར་རང་གཅིག་པུ་འབུ་ཤུབས་བུད་བྱེད་ཐབས་མེད། {སེམས་ཅན་ཐམས་ཅད་སངས་རྒྱས་པར་མ་བྱས་པར་བདག་ཁོ་ན་རྫོགས་སངས་ཐོབ་ཐབས་མེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་པར་སེམས་བསྐྱེད་ནས་བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་པར་མ་བྱས་པར་བདག་ཉིད་སངས་མི་རྒྱ་བས། སེམས་ཅན་ཐམས་ཅད་སངས་རྒྱ་བའི་བར་དུ་བདག་འཁོར་བར་བསྡད་ནས་སེམས་ཅན་གྱི་བསགས་སྦྱང་གི་གྲོགས་བྱེད་ལ། དེ་ཐམས་ཅད་སངས་རྒྱས་པ་དང་རང་གིས་དམ་བཅས་པའི་སྨོན་ལམ་ཡང་ཡོངས་སུ་རྫོགས་པས་ན་བདག་ཉིད་ཀྱང་དུས་དེར་འཚང་རྒྱ་བ་ཡིན། འོ་ན་གཞན་དོན་དུ་གཞན་ཐམས་ཅད་སངས་རྒྱས་བསྒྲུབ་པ་ལ་བདག་ཉིད་ཁོ་ན་སངས་རྒྱས་སུ་མི་འདོད་ཀྱང་བདག་གིས་སངས་རྒྱས་ཐོབ་པ་ནི་ཡིན་སྙམ་ན། བདག་གིས་སངས་རྒྱས་ཐོབ་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པ་ཡིན་ཏེ། བདག་གིས་སངས་རྒྱས་མ་ཐོབ་ན་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཐོབ་པར་མི་ནུས་པའི་ཕྱིར་། བདག་གིས་སངས་རྒྱས་ཐོབ་པ་དེས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པའི་འཕྲལ་དུ་རྒྱུ་དང༌། ཕུགས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་བྱེད་པའང་ཡིན་ནོ། །འོ་ན་བདག་སངས་རྒྱས་པ་ན་སེམས་ཅན་ཐམས་ཅད་སངས་རྒྱས་པས་བདག་སངས་རྒྱས་ནས་སེམས་ཅན་ཐམས་ཅད་མེད་པས་གདུལ་བྱའི་ཞིང་མེད་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། རང་སྣང་གིས་བསྡུས་པའི་སེམས་ཅན་ཐམས་ཅད་བདག་ཉིད་རྫོགས་པར་སངས་རྒྱས་པ་ན་དེ་དག་ཀྱང་སངས་རྒྱས་པ་ཡིན་མོད་ཀྱི། ད་དུང་སངས་རྒྱས་ནས་ཀྱང་གཞན་སྣང་གིས་བསྡུས་པའི་སེམས་ཅན་ཟད་པ་མེད་པས་སངས་རྒྱས་ཀྱི་གདུལ་བྱའི་ཞིང་དུ་གྱུར་པའི་འཁོར་བ་སྟོང་པར་ཡང་མི་འགྱུར་ལ། གཞན་སྣང་གི་འཁོར་བ་པ་ཐམས་ཅད་ཀྱང་རྫོགས་བྱང་ལ་འགོད་མི་ནུས་པའང་མ་ཡིན་ལ། འཁོར་བ་སྤྱི་མཐའ་ནས་ཟད་པའང་མི་འགྱུར་བ་ཡིན་ལ། གནད་འདི་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ལ་མི་འཛིན་པ་ནི། སངས་རྒྱས་ཀྱི་ཕྲིན་ལས་ཟབ་མོ་རང་ཅག་གི་བློ་ལ་འཆར་བ་དང་བསམ་དུ་མེད་པའི་སྐལ་བས་མ་གྲུབ་པ་ཡིན་གྱི། སངས་རྒྱས་ཀྱི་གདུལ་བྱ་འདུལ་ཚུལ་ལ་འགལ་བ་མི་འཁྲུལ་བའི་ཚད་མ་ཡོད་པ་དོགས་པར་མི་བྱའོ། །སངས་རྒྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་སེམས་ཅན་དང་འཁོར་བ་ཁོ་ནར་ཡོད་པས་འཁོར་བ་འབའ་ཞིག་ཏུ་བཞུགས་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་དམ་པའི་གནས་འོག་མིན་ལྟ་བུ་ཁོ་ན་ལ་མི་བཟུང༌། དེས་ན་རྒྱལ་བ་ཡང་དགོན་པས། བདག་འཁོར་བའི་གཏིང་རྡོ་བྱེད་པ་ལ། །དགྲ་བྱང་ཆུབ་ཀྱི་བར་ཆད་མི་གཏོང་འཚལ། །ཞེས་དང༌། ཕྱིས་ཀྱི་དཔྱོད་ལྡན་དག་སེམས་ཅན་ལ་འཁོར་བ་ཆུང་ངུ་བའམ། འཁོར་བར་རེས་འགའ་གནས་པ་དང༌། སངས་རྒྱས་ལ་འཁོར་བ་ཆེན་པོ་དང༌། འཁོར་བར་རྟག་བཞུགས་པར་ཟེར། མཆན།} སེམས་ཅན་ཐམས་ཅད་འཚང་རྒྱ་བར་བྱེད་པ་ལ་སེམས་ཅན་རྣམས་ལ་ཕན་འདོགས་ལས་ཆེ་བའི་ཐབས་གཞན་མེད། སེམས་ཅན་ཐམས་ཅད་སངས་རྒྱས་པའི་ཕན་འདོགས་བྱེད་པ་ལ་སེམས་ཅན་གྱི་རྒྱུད་ལ་བསགས་སྦྱངས་གཉིས་བསྒོམ་ཞིང་སྤེལ་བ་ལས་བྱེད་ཐབས་མེད། དེ་ལ་སེམས་ཅན་གྱི་རྒྱུད་ལ་སྡིག་པ་བཤགས། སྒྲིབ་པ་སྦྱོང་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཐབས་ལ་རང་གིས་འབད་ཚུལ་ནི། གྲོགས་དགེ་བཤེས་དང་ཡོངས་འཛིན་བླ་མ་གཉིས་ཀྱི་ཚུལ་གྱི་སྒོ་ནས་གཞན་དོན་ལ་འབད་པ་མ་གཏོགས་འབད་ཐབས་མེད་པས། དགྲ་གཉེན་བར་མ་ཐམས་ཅད་ལ་རྟོགས་པ་རང་ལས་མཐོ་བ་དང༌། མཉམ་པ་ལ་རང་གི་གྲོགས་དགེ་བཤེས་ཀྱི་ཚུལ་དང༌། རང་ལས་དམན་པ་ལ་ཡོངས་འཛིན་གྱི་ཚུལ་གྱིས་གཞན་དོན་ལ་བརྩོན་པར་བྱའོ། །དེས་ན་སེམས་ཅན་དགྲ་གཉེན་གཞན་ལ་ཕན་འདོགས་པའི་བསགས་སྦྱངས་རླབས་ཆེན་མ་བྱུང་ཡང༌། གཞན་སྡིག་གསོག་པའི་རྟེན་དུ་མ་སོང་ཞིང་བསོད་ནམས་བསགས་པའི་རྟེན་དུ་འགྲོ་བ་ཙམ་རེ་གལ་ཆེ། འདི་རྣམས་ལ་དམིགས་སྐོར་དུ་བྱེད་ན་མཐའ་ཡས་པས་རྟོགས་ལྡན་བླ་མས་འཁྲིད་པར་མཛོད་ཅིག། གཉིས་པ་ལྷ་མ་ཡིན་ཡང་ལྷའི་ཁོངས་སུ་བསྡུ་བས། ལྷ་མིན་གནས་གཞི་འདོད་ལྷ་རིགས་དྲུག་དང་བཅས་པ་འདི་རྣམས་ཀྱི་འཐབ་རྩོད་འཆི་འཕོའི་སྡུག་བསྔལ་སོགས་ཐུན་བཞིར་བསམས་ཏེ། ངག་ཏུ། ལྷ་དང་ལྷ་མིན་རྣམས་ཀྱི་རྩེ་དགའ་འདི། །སྐད་ཅིག་གཅིག་གི་བདེ་སྐྱིད་ལོངས་སྤྱོད་ལ། །སྐད་ཅིག་གཅིག་གིས་འགྱུར་བའི་འགྱུར་ཚབས་ལ། །གཞིག་ན་བསམ་གཏན་སེམས་བདེ་ཐོབ་ན་ཡང༌། །སེམས་ཚོ་མི་ཐུབ་མྱ་ངན་དྲག་ཏུ་སྐྱེས། །ལུས་ཀྱིས་ཤིན་སྤྱང་བདེ་བ་ཐོབ་ཀྱང་བརྒྱལ། ། ཞེས་ཡང་ཡང་བརྗོད་ཅིང་སྨོན་ལམ་གདབ་བོ། །འདི་རྣམས་བག་མེད་ལ་ཆགས་ནས་དམ་ཆོས་སྒྲུབ་པའི་སྐལ་བ་མེད་པར་འཁོར་བར་དོན་མེད་དུ་འཁྱམས་པ་ཡང་རང་རེ་ལ་ཐུག་སྟེ། སྔར་ཁོང་དགེ་བཅུ་སྤྱད་པའི་ཚེ་རང་རེ་ཁོང་ལ་ཆགས་སྡང་གི་དམིགས་རྐྱེན་བྱས་པས་དགེ་བཅུ་སྤྱོད་པ་གོང་འཕེལ་དུ་འགྲོ་བ་མཐར་མ་ཕྱིན། དེ་མ་ཕྱིན་པས་ལྷའི་གོ་འཕང་ཐོབ་ཀྱང་རྫོགས་བྱེད་སྡིག་པའི་འབྲས་བུས་རྫོགས་པས་ཐར་པའི་ཐབས་འཚོལ་མ་ཤེས་པར་འཁོར་བར་འཁྱམས་པ་ཡིན། ཨ་ཙ་མ། གསུམ་པ་ནི། གཟུགས་ཁམས་གནས་བཅུ་གཉིས། གཟུགས་མེད་སྐྱེ་མཆེད་མུ་བཞི་ཡང་རང་རང་གི་ཏིང་ངེ་འཛིན་གྱི་ཤུགས་ཟད་ནས་ཡང་སྔར་གྱི་ལས་ཉོན་གྱི་དབང་གིས་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་ཡང་ཐུན་བཞིར་བཅད། དེ་ཡི་དོན་གྱིས་སྡུག་བསྔལ་དྲག་བསམ་དང་སྙིང་རྗེ་ཆེར་བསྐྱེད་ནས་སྨོན་ལམ་གདབ་བོ། །འདི་རྣམས་ཀྱང་ཏིང་ངེ་འཛིན་གྱི་ལས་ཀྱི་འབྲས་བུ་ཟད་ནས་ངན་སོང་དུ་འགྲོ་བ་ཡང་རང་རེ་ལ་ཐུག་སྟེ། སེམས་ཅན་གྱི་ཁམས་ན་བདག་འཛིན་ཅན་རང་རེ་འདྲ་བ་རྐྱང་དུ་སོང་ནས། འདོད་པ་དང་གཟུགས་ཁམས་ཙམ་ལ་ཆགས་བྲལ་ཐུབ་ཀྱང་{འཁོར་བའི་ཏིང་ངེ་འཛིན་གྱི་བདེ་བ་འདི་བྱིས་པ་དག་གིས་སྡུག་བསྔལ་དུ་མི་རྟོགས་ཀྱང་འཕགས་པ་དག་གིས་སྤྲུལ་གདུག་པས་ཟིན་པའི་དུག་གི་ས་ལུས་ཐམས་ཅད་ཁྱབ་པ་ན་སྡུག་བསྔལ་དུ་མཐོང་བ་ལྟར་ཟག་བཅས་འདུ་བྱེད་དུ་ཁྱབ་པའི་སྡུག་བསྔལ་ལ་སྡུག་བསྔལ་བར་དངོས་སུ་གཟིགས་ནས་ཐུགས་དབྱུང་བ་ཡིན་ཏེ། མདོ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་གྱུར་ན། །མི་བདེ་བ་དང་གནོད་སྐྱེལ་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་དབྱུང་འགྱུར། །ཞེས་སོ། །མཆན།} བདག་མེད་རྟོགས་པའི་གང་ཟག་དང་མ་མཇལ་བས་བདག་འཛིན་ཅན་ང་འདྲ་ཞིག་དང་ཐུག་པས་འཁོར་བ་མཐའ་དག་ལ་ཆགས་བྲལ་བྱེད་མ་ནུས་པས་དེའི་ལེ་ལན་ཀྱང་རང་ལ་ཐུག་གདའོ། ། བཞི་པ་ནི། ཉན་རང་འཕགས་པ་དགྲ་བཅོམ་པ་དེ་དག་ཀྱང་སྒྲིབ་གསུམ་སྤངས། ཚོགས་གཉིས་རྫོགས། སྐུ་གསུམ་གྱི་བྱང་ཆུབ་མ་བརྙེས་པར་ཞི་བ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཉི་ཚེ་བ་ལ་གཉིད་ལོག་པ་བཞིན་སོང་སྟེ་མཐར་ཐུག་མི་གནས་པའི་མྱང་འདས་གོ་ཆོད་པོ་འཆི་མེད་ཀྱི་གནས་མ་ཐོབ་པས་ཟག་མེད་ཀྱི་ལས་ཀྱི་དབང་གིས་བསམ་གྱིས་མི་ཁྱབ་པའི་སྐྱེ་འཆིའི་འཆིང་བ་དང་བཅས་པའི་ཕྱིར། ཉོན་མོངས་ཅན་མིན་པའི་མ་རིག་པའི་ལས་ཀྱིས་འཕངས་པའི་ལུས་མ་སྤངས་པའི་ཕྱིར་གཏན་དུ་ཐར་པ་ཐོབ་པ་ཡོད་པ་མ་ཡིན་ནོ།།

དེ་མ་ཐོབ་པ་དེ་ཡང་རང་ཅག་རྣམས་ལ་ཐུག་སྟེ། འཕགས་པ་དེ་དག་དང་པོ་བྱང་ཆེན་དུ་ཐུགས་བསྐྱེད་པ་ན་རང་ཅག་མི་བསྲུན་པས་དེ་དག་གིས་ཐུགས་སུན་ཕྱུངས་བས་འཕགས་པ་དེ་དག་གིས་སེམས་ཅན་མི་བསྲུན་པ་རེ་རེའི་དོན་ཡང་མི་བཏུབ་ན། མཁའ་མཉམ་གྱི་དོན་ཅི་ལ་འོང་དགོངས་ནས་ཐེག་དམན་དུ་སེམས་བསྐྱེད་པ་དེར་གདའ། མདོར་ན་རང་རེ་སེམས་ཅན་སྤྱི་སྒོས་འདི་ལ་ཐོག་མེད་ནས་མ་བུར་འབྲེལ་བའི་ཉན་རང་དགྲ་བཅོམ་པ་དེ་དག་གིས་ཀྱང་དོར། དེ་སྐྱབས་གནས་སངས་རྒྱས་ཉག་གཅིག་མིན་པ་སུ་གདའ། སེམས་ཅན་འདི་རྣམས་རང་རང་གི་སྡུག་བསྔལ་རང་རང་གིས་ངོ་ཤེས་རེ་བྱུང་ན་དགའ་བ་ལ། ལྟོས་ས་སྐྱབས་གསུམ་ལ་སྐྱབས་གནས་ངོ་ཤེས་རེ་བྱུང་ན་སྐྱིད་པ་ལ། རང་སྡུག་རང་གིས་བྱས་པ་ལ་དམུས་སུན་གོམས་གསུམ་རེ་བྱུང་ན་འོས་པ་ལ། ཐོག་མེད་མཐའ་མེད་དུ་འཁོར་བར་འཁྱམས་ཚུལ་འདི་ལ་ཐག་ཆོད་ཀྱི་ཆོག་ཚོད་ཅིག་འཛིན་པར་ཐང་བ་ལ། དེས་ན་བརྒྱུད་པའི་སྒོམ་ཚུལ་གཞིར་བཞག། རང་གི་མྱོང་ཐོག་ནས་བཀར་ཏེ་བྲིས་པ་ཡིན་པས། ཕྱིན་ཆད་ཁྲིད་འདེབས་པོ་རྣམས་ཀྱིས་རྒྱུད་ལ་ཅི་འདྲེ་འདྲེར་བསྒོམ་པའི་སྲོལ་འཇུག་པ་དང༌། འདི་འདེབས་དུས་མཚམས་དྲག་བསྡམ་གལ་ཆེ། རྩ་བར་རྗེ་བཙུན་སྒམ་པོ་པའི་ཞལ་ནས། དགོན་པ་བདག་ཏུ་མ་བཟུང་། ཐབ་ཀ་དང་ལས་ཀ་མི་བྱ། འཁོར་གཡོག་ལ་མ་དགའ། ཕྱེ་གཏོར་མ་འགམ། མི་ཆེན་གྱི་ལད་མོ་མ་བྱེད། ཟང་ཟིང་གི་གཡེང་བ་མི་བྱ། གཞན་ངོ་མ་བསྲུང༌། བུད་མེད་དང་ཁྱུ་མ་བསྲེ། ཞིང་ཆུང་དང་བུན་བསྐྱེད་མི་བྱ། ཚོང་ཁེ་སྦོགས་མི་བྱ། བླ་མ་ཡི་དམ་མ་བསླུ། བློ་ཕུགས་སྤྲང་ལ་གཏོད། འདུག་ས་རི་ཁྲོད་དུ་གྱིས། སྨྲ་ན་རང་སྐྱོན་སྨྲོས། བསྟོད་ན་གཞན་བསྟོད། འདུལ་ན་རང་རྒྱུད་ཐུལ། བསགས་ན་འཕགས་ནོར་བདུན་སོག། སྤེལ་ན་ཉམས་མྱོང་དང་རྟོགས་པ་སྤེལ། སྐྱོང་ན་བླ་མའི་གདམས་ངག་སྐྱོངས། ལར་ཆོས་གཤའ་མ་བྱེད་ན་མི་གཞི་འགྱུར་མེད། རྟག་ཏུ་འཆི་གྲབས་བྱེད་པ། དད་པ་ལ་འཕེལ་འགྲིབ་མེད་པ། སེམས་ལ་གཡོ་སྒྱུ་བྲལ་བ། དམ་ཚིག་དང་སྡོམ་པ་ལྡན་པ། སེམས་ཅན་གཅིག་གི་བ་སྤུའི་བུ་ག་ལའང་གནོད་པ་མི་སྐྱེལ་བའི་ཁར་ནུས་ཚད་ཀྱིས་ཕན་འདོགས་པ། ངན་སྨྲས་སྐུར་འདེབས་སུ་ཟེར་ཡང་གདམས་ངག་ཏུ་གོ་བ། {གདམས་ངག་ཏུ་གོ་བའི་བརྡ་དོན་བསྟན་པས་སྟོང་ཉིད་རྟོགས་ཟེར་བ་ལྟ་བུ་ལ་མི་བྱ། རྐྱེན་ངེས་འབྱུང་དང་མོས་གུས་བྱང་སེམས་འཕེལ་བ་སོགས་ཆེར་འབྱུང་བའི་གྲོགས་སུ་འགྲོ་བ་ལ་བྱ། མཆན།} གནོད་པ་སུས་བསྐྱལ་ཀྱང་བཟོད་པ་ཨེ་ཐུབ་ལྟ་བའི་སློབ་དཔོན་དུ་འཛིན་པ། འཐབ་རྩོད་ཕར་བྱེད་པ་ལྟ་ཞོག། ཚུར་བྱས་ན་ལུས་ངག་ཡིད་གསུམ་གྱི་དགེ་རྩ་ཐམས་ཅད་དེ་རྫོགས་བྱང་ཐོབ་པའི་དོན་དུ་བསྔོ་བ། རང་གསོད་ཀྱང་བཟོད་པ་མི་གཏོང་ན། གཏམ་མི་སྙན་པ་དང་ནོར་དུམ་པ་རེ་དང་འགྲུལ་ཚན་རེ་བརྡུང་བཏགས་ལ་རྒྱུད་འཁྲུགས་ཐབས་ཅི་ཡོད། གོད་མར་བསྲིངས་སྐྲ་ཡར་བསྟུངས་ན་བྱ་རྒྱུ་དེ་རང་གི་ཚེ་འདི་ཡི་གཏམ་སྙན་བདེ་འབྱོར་སྒྲུབ་པ་དང་གཞན་ལ་གནོད་འཚེ་སྐྱེལ་བ་ཡིན་ནམ། གྲལ་དམས་སམ་བསྙེན་བཀུར་ཆུང་ངམ་མི་རྩིས་ཞང་རེ་ཆུང་ན་ང་སྟོན་སྒོམ་ལ་བརྙས་པ་བྱས་ཟེར་ནས་ཀོ་ལོང་བྱེད་གདའ། སྟོན་སྒོམ་ཚུལ་གནས་ཐོས་སྒོམ་གཞན་ཕན་ཡོན་ཏན་གྱི་ཡུས་ཁྱེར་ནས་ཚིག་གཅིག་གི་ཟུར་ལའང་རང་བསྟོད་དང་གཞན་ལ་འཕྱ་བ་གཉིས་གསུམ་རེ་ཐོལ་རྒྱག་ཏུ་ཡོང་བ་དེ་འདྲའི་རིགས་ཅན་དེ་ཚེ་ཕྱི་མ་ཕར་ཞོག། ཚེ་འདི་ལའང་དེ་ལ་མི་འདོད་པ་སྣ་དགུ་འོང༌། འོ་སྐོལ་ཆོས་པ་ཡིན་ཟེར། ཆོས་དཔེ་ལ་བཞག་པ་བོང་རྒྱབ་མང་པོ་ཁུར། རྒྱུད་ཐ་མལ་དུ་བཞག། སེམས་འདོད་ཆགས་ཀྱི་ནང་དུ་རུལ་བཅུག་ནས། ལག་ལེན་མི་ཆོས་ལ་བྱེད། བཟླས་བརྗོད་བོན་སྔགས་ལ་བྱེད། དགེ་སྦྱོར་རྐྱེན་ཟློག་ལ་བྱེད། མཆོད་པ་བུ་སྨད་དང་ཉེ་འབྲེལ་དང་རང་གི་གྲྭ་རིས་ཡོན་བདག་ལ་བྱེད། གཏོར་མ་གོད་འདྲེ་ལ་གཏོང་། སྒྲུབ་པ་ཆོས་བརྒྱད་ལ་བྱེད་ནས་ད་ལྟ་ཆོས་ནས་བཤད་པ་བཞིན་བྱེད་མཁན་ཡོད་པ་མིན། ཡོད་ཟེར་བའང་རྫུན་ཡིན། བདེན་མི་སྲིད། ཆོས་ནས་བཤད་པ་དེ་འདྲ་མི་ནུས་སོ།།

འོ་ན་སྡོམ་པ་བླངས་ནས་ཅི་བྱེད། ཆོས་ཉན་ནས་ཅི་བྱེད། དཔེ་བྲིས་ནས་ཅི་བྱེད། བློ་བཤར་བྱས་ནས་ཅི་བྱེད། ཐམས་ཅད་ཀ་ཚེ་འདི་སྒྲུབ་པའི་ཐབས་སུ་བྱས་པ་མ་གཏོགས་ཚེ་ཕྱི་མའི་ཆེད་དུ་བྱས་མི་འདུག་པས་བྱ་བ་ཐམས་ཅད་ནམ་ཕུགས་ཀྱི་འདུན་མའི་དོན་ལ་མ་སོང་འདུག་ན། ཞེས་གསུངས་པ་འདི་ཡང་དང་ཡང་དུ་ལན་གཅིག་མིན་པར་བསམ་ཞིང་། ཉི་མ་རེ་ལ་ཚར་བརྒྱ་རེ་སྒོམ་པ་གལ་ཆེ། ནམ་འདོད་ཆགས་ལ་སོགས་རྐྱེན་དྲག་པོས་གཙེས་པ་ན། རྗེ་སྒམ་པོ་པའི་གསུང་འདི་འདོན་ཞིང་གསོལ་བ་དྲག་ཏུ་གདབ། ཧཱུཾ་རིང་མང་པོ་བརྗོད། ལུས་ཀྱིས་བླ་མ་དང་དཀོན་མཆོག་ལ་ཕྱག་འཚལ་ཞིང་ས་ལ་བརྡེབ་བོ། །
འདིར་སྨྲས་པ།

ཕྱི་ན་ཆོས་གོས་ཙམ་ཞིག་བགོ་བ་ནས།། ནང་ན་ཕྲག་དོག་ཟུག་རྔུ་མ་བྲལ་ཞིང་། ། དུས་ཀྱི་བཟའ་བཏུང་བྲེལ་བས་སེམས་གཡེངས་ཏེ།། ཐོས་བསམ་སྒོམ་པ་རིམ་བཞིན་བྱེད་དོ་ལོ།། བྱང་ཆུབ་སེམས་ཀྱང་ད་སྡོད་བསྒོམ་མོ་སྐད།། བདག་གཞན་བརྗེ་བ་སླད་ནས་བགྲུབ་བོ་ཟེར།། དེ་འདྲ་སངས་རྒྱས་སྒྲུབ་པ་ཇི་ལྟར་མཆི།། བདག་གིས་འདིར་འབད་དགེ་བ་དེས།། དཔལ་ལྡན་དྭགས་པོའི་དགོངས་འགྲུབ་སྟེ།། བདག་གཞན་སྙིང་ནས་བརྗེ་གྱུར་ཅིག།

ཅེས་བྱ་བ་འདི་ནི་དཔལ་དབྱངས་ཅན་དགའ་བར་བྱེད་པས་སོ།། ཤུབྷཾ།། །།