Events/Bodhicitta Conference
13-15 May 2026 - Shechen Monastery in Kathmandu
8:30 AM Nepal Time each day, 13-15 May, 2026, 26-28th of the 3rd Tibetan Month.
A new edition of The Written Works of Śāntideva to be launched at the conference is available for free here.
༈ བྱང་ཆུབ་སེམས་ཀྱི་ཆོས་འཁོར་འདིར་ཕེབས་པར་དགའ་བསུ་ཞུ།
ཆོས་གླེང་གནང་ས།
ཆོས་གླེང་གནང་དུས།
ཆོས་གླེང་གོ་སྒྲིག་པ།
- མཁས་དབང་ཀརྨ་ཕུན་ཚོགས། ཆོས་འཁོར་འགོ་འདྲེན་པ། ཙཱ་འདྲ་ཚོགས་པ།
- གྭན་ཝིཊ་དོ་རིང། ཡིག་ཚང་འགན་འཛིན། ཙཱ་འདྲ་ཚོགས་པ།
- མཁན་པོ་འགྱུར་མེད་ཚུལ་ཁྲིམས། ཞེ་ཆེན་དགོན་པའི་སྤྱི་ཁྱབ་འགན་འཛིན།
- མཁན་པོ་བསོད་ནམས་ཡེ་ཤེས། ཞེ་ཆེན་བཤད་གྲྭའི་འགན་འཛིན།
- མཁན་པོ་ཀརྨ་འགྱུར་མེད། ཙཱ་འདྲ་ཚོགས་པ།
བྱང་ཆུབ་སེམས་ཀྱི་ཆོས་འཁོར།
བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ལ་ཐབས་ཤེས་ཟུང་འབྲེལ་གྱི་དགོངས་བཞེད་དང་ཉམས་བཞེས་སྐོར་བགྲོ་གླེང་།
༄༅། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི། སངས་རྒྱས་ཀྱི་དགོངས་པའི་མཐིལ། དམ་པའི་ཆོས་ཀྱི་སྙིང་པོ། དགེ་འདུན་པའི་ཉམས་བཞེས་གཙོ་བོ་དང་། མདོ་རྒྱུད་བསྟན་བཅོས་མང་པོའི་བརྗོད་དོན་ཡིན་པས། ཙཱ་འདྲ་ཚོགས་པས་ཐབས་ཤེས་ཟུང་འབྲེལ་གྱི་རང་བཞིན་བྱང་ཆུབ་སེམས་མཆོག་གི་སྐོར་རྒྱ་བོད་ཆོས་བརྒྱུད་དུ་བཞུགས་པའི་ཡིག་ཆ་གསུང་ཆོས་རྣམས་འདུས་པའི་དྲྭ་རྒྱའི་ཆོས་མཛོད་ཆེན་མོ་གསར་དུ་བཞེངས་ཡོད་ཅིང་། ལོ་ཤས་སྔོན་བདེ་གཤེགས་སྙིང་པོའི་སྐོར་དྲྭ་ཐོག་ཆོས་མཛོད་ཞིག་གསར་བསྐྲུན་བྱས་ཏེ། རིས་མེད་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་འཛོམས་ནས་བདེ་གཤེགས་སྙིང་པོའི་ཆོས་འཁོར་བགྲོ་གླེང་བཙུགས་པ་དོན་སྨིན་བྱུང་བས། (buddhanature.tsadra.org) ད་ལམ་བྱང་ཆུབ་སེམས་ཀྱི་དྲྭ་རྒྱའི་ཆོས་མཛོད་ (bodhicitta.tsadra.org) ཀྱི་ལྷན་ཐབས་སུ་དམིགས་ཏེ། མཁྱེན་རྒྱ་དང་ཉམས་མྱོང་ཕུལ་དུ་བྱུང་བའི་རིས་མེད་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་གདན་འདྲེན་ཞུས་ཏེ། ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་གཉིས་ཀྱི་ཐད། ལྟ་གྲུབ་དང་དགོངས་པ་བཞེད་ཕྱོགས། གཞུང་འགྲེལ་དང་གདམས་ངག་གི་དཔེ་རྒྱུན། བརྒྱུད་པའི་མན་ངག་དང་ཉམས་བཞེས། གནའ་དེང་གི་སྒོམ་སྒྲུབ་དང་ཐབས་ལམ་སོགས་ཀྱི་བརྗོད་དོན་ཐོག་གསུང་བཤད་དང་ཆོས་གླེང་གནང་རྒྱུ་དང་། རིས་མེད་ཆོས་འཁོར་འདི་ལ་བལ་ཡུལ་རྒྱལ་ས་དང་དེའི་ཉེ་འདབ་ལ་ཡོད་པའི་དགོན་སྡེའི་སྐུ་ཚབ་ཆོས་མཛད་བརྒྱ་ཕྲག་འགའ་ཞིག་ཚོགས་བཅར་ཞུ་རྒྱུ་ཡིན། ཚོགས་བཤད་བགྲོ་གླེང་དྲྭ་ལམ་ཐོག་ནས་ཐད་གཏོང་དང་། གློག་བརྙན་ཐོག་ཕབ་བཟུང་ཞུས་ཏེ། རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་དར་སྤེལ་བྱས་ཏེ། བྱང་ཆུབ་སེམས་ཀྱི་ཆོས་ཚུལ་འཛམ་གླིང་མཐའ་གྲུ་ཀུན་ཏུ་ཁྱབ་པའི་རེ་སྨོན་ལགས།།
| ཆོས་གླེང་ལས་རིམ། | Conference Program |
| ཆོས་གླེང་ཉིན་ ༡ ་པོ། སྤྱི་ཟླ་ ༥ ་པའི་ ཚེས་ ༡༣ ་ལ། | 13 May 2026 |
8:30
སྒོ་འབྱེད་ཞལ་འདོན་དང་བྱོན་པ་ལེགས་སོའི་གསལ་བཤད།
Opening Chants and Welcome Address
| |
9:00
མཁན་པོ་ཚེ་དབང་བསོད་ནམས། འབྲུག་ཐར་པ་གླིང་།
Khenpo Tshewang Sonam, Tharpaling Monastery ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ འབྲུག་བུམ་ཐང་ཨུ་རའི་ཡུལ་དུ་འཁྲུངས་ཤིང་། ཆུང་དུས་ཝང་ཐང་དགོན་པའི་སྒོམ་སྡེ་ལ་ཞུགས་ཏེ་བཀའ་རྙིང་གི་ཆོག་འཕྲིན་སྐོར་སྦྱང་། བླ་མ་རྒྱལ་དབང་ཉི་མ་ལས་བརྡ་སྤྲོད་དང་སློབ་དཔོན་ནོར་བུ་དབང་ཕྱུག་ལས་རྩིས་གཞུང་ཞུས། སྤྱི་ལོ་ ༡༩༩༦ ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བཤད་གྲྭ་མཐར་སོན་ཞིང་། སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། ཡ་ཆེན་མཁན་པོ་ཨ་ཁྱུག དཔལ་ཡུལ་མཆོག་སྤྲུལ་ཐུབ་བཟང་སོགས་ནས་རྫོགས་ཆེན་གྱི་ཉམས་ཁྲིད་ཞུས་ཤིང་། སྤྱི་ལོ་ ༡༩༨༨ ལ་ཚངས་ཁ་རྩིས་གཞུང་སློབ་གྲྭའི་དགེ་རྒན་གནང་ཞིང་། སྤྱི་ལོ་ ༡༩༩༧ ལ་ ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་བཞིན། བྷིར་དཔལ་ཡུལ་ཆོས་འཁོར་གླིང་། དེ་ནས་རིམ་པར་ཁམས་དཔལ་ཡུལ་བཤད་གྲྭ་དང་། རྣམ་གྲོལ་གླིང་སྔ་འགྱུར་མཐོ་སློབ་ཆེན་པོའི་བཤད་གྲྭའི་ཚོགས་གཙོ་མཁན་པོའི་ལས་འགན་བསྣམས་ཤིང་། དེ་རྗེས་འབྲུག་ཡུལ་དུ་ ཁྲོམ་ཚོགས་དང་བརྙན་འཕྲིན་ཐོག་ཆོས་བཤད་དང་། དེ་བཞིན་སྔོན་འགྲོ། འཁྲུལ་འཁོར། བདེ་ཆེན་ཞིང་སྒྲུབ། སྒྲུབ་མཆོད་སོགས་ཆོས་ཐུན་གྲངས་མང་བཙུགས་ཤིང་། ལོ་གསུམ་རི་ཁྲོད་ཉུལ་བའི་རྗེས་སུ་ད་ལྟ་ཀློང་ཆེན་པའི་གདན་ས་འབྲུག་ཐར་པ་གླིང་གི་བསྟན་བདག་བླ་མའི་མཚན་གནས་བཞེས་ཏེ་བཞུགས། རྩོམ་གཞུང་ལ་ “སེམས་ཉིད་ངལ་གསོའི་འགྲེལ་པ།” “ཤེར་ཕྱིན་འགྲེལ་པ།” “དབུ་མ་འཇུག་འགྲེལ།” “དུས་གསུམ་རྣམ་བཞག” “བློ་རིག་”དང་ “འོད་ཆོག་”སོགས་ཡོད།།
ཚད་མེད་བཞི་འབྲེལ་བ་བཞི་ལྡན་སྒོ་ནས་སེམས་བསྐྱེད་ཚུལ།
༈ ཨོཾ་སྭཱ་སྟི། རང་འདོད་དཔལ་དང་མི་མཛའ་ཞིང་། །གཞན་བདེ་དཔལ་ལ་སྤྲོར་མཛད་པའི། །སྐུ་བཞི་དཔག་བསམ་ལྗོན་པའི་དབང་། །འཁྲུངས་མཛད་སེམས་བསྐྱེད་མཆོག་ལ་འདུད། །འདིར་སྲོལ་གཉིས་ཀྱི་བྱང་སེམས་སྒོམ་ཚུལ་ཆུ་བོ་གཅིག་འདྲེས་སུ་ཀུན་མཁྱེན་ཀློང་ཆེན་པའི་དགོངས་པ་ལྟར་ཚད་མེད་བཞིའི་སྒོ་ནས་སྒོམ་པ་ལ། གཞུང་ལས་བྱམས་པ་ཚད་མེད་སྦྱོར་དུ་གསུངས་ཀྱང་འདིར་མན་ངག་གི་ལུགས་སུ། དང་པོ་བཏང་སྙོམས་ཚད་མེད་ནས་སྒོམ་པ་ལ། དམིགས་པ་ཆགས་སྡང་བར་མའི་སེམས་ཐམས་ཅད་ལ་དམིགས་ནས། རྣམ་པ་ཉེ་རིང་ཆགས་སྡང་དང་བྲལ་བར་འདོད་པའི་བློའོ། །དམིགས་པ་སེམས་ཅན་ཐམས་ཅད་ཀྱང་དགྲ་གཉེན་ངེས་པ་མེད་པའི་ཚུལ་ལ་བསམ་ནས་ཐམས་ཅད་མ་ཡིན་པར་ཤེས་དགོས་མ་གཏོགས་ཕན་མེད་གནོད་མེད་ཀྱི་བཏང་སྙོམས་ཙམ་གྱིས་མི་ཆོག །དེ་ནས་དེ་ལ་མར་ཤེས་དྲིན་དྲན་སོགས་བསྒོམ། ཐུན་དང་ཐུན་མཚམས་རྣམས་སུ་དེ་དག་གི་རྒྱུད་ཆགས་སྡང་གཉིས་པོ་དང་བྲལ་བར་གྱུར་ཅིག་སྙམ་པ་སྨོན་པ་དང་འབྲེལ་བ། །བྲལ་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། བྲལ་བ་ཞིག་ངས་བྱ་སྙམ་པ་དམ་བཅའ་དང་འབྲེལ་བ། དེ་དག་གི་ཆེད་དུ་དཀོན་མཆོག་ལ་གསོལ་བ་འདེབས་པ་སྟེ་འབྲེལ་བ་བཞི་ལྡན་ཚད་མེད་གཞན་ལའང་རིགས་འགྲེས། དེ་དག་ཆ་མེད་ཀྱི་རིགས་པས་དཔྱད་འཇོག་ཏུ་སྒོམ་པ་ལྷག་མཐོང་ངོ་། །ཚད་མེད་གཞན་དག་ལའང་དེ་བཞིན་སྦྱར་རོ། ། གཉིས་པ་བྱམས་པ་ལའང་དམིགས་ཡུལ་བདེ་བ་དང་མི་ལྡན་པའི་སེམས་ཅན་དང་། རྣམ་པ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པ་དང་། དམིགས་ཡུལ་དེ་མར་ཤེས་དྲིན་དྲན་སོགས་སྔར་དང་འདྲ། གསུམ་པ་སྙིང་རྗེ་ལའང་། དམིགས་པ་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ལ་དམིགས་ནས། རྣམ་པ་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་འདོད་པ་དང་། དེ་ཡང་ཇོ་བོ་དང་དཔལ་སྤྲུལ་ལུགས་ལ་རྩ་བའི་མ་ནས་འགོ་འཛུགས་པ་དང་། འཇིགས་གླིང་གིས་བཤད་ལུགས་ལྟ་བུ་ཞིག་ལ་རང་ངམ་རྩ་བའི་མའི་འདུ་ཤེས་བཞག་ནས་བསྒོམ་པར་གསུངས། དམིགས་ཡུལ་དེ་ལ་དམིགས་ནས་མར་ཤེས་དྲིན་དྲན་སོགས་ནས་དཔྱད་འཇིག་ལྷག་མཐོང་བར་འདྲ། བཞི་པ་དགའ་བ་ནི། དམིགས་པ་བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས། རྣམ་པ་དེ་དང་མི་འབྲལ་བར་འདོད་པ་དང་། དམིགས་ཡུལ་དེ་དག་ལ་མར་ཤེས་དྲིན་དྲན་སོགས་དང་། དེ་ལྟ་བུའི་བདེ་བ་དང་མི་འབྲལ་ཞིང་མངོན་མཐོ་ནས་ངེས་ལེགས་བར་གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་སྨོན་པ་འདུན་པ་དམ་བཅའ་གསོལ་འདེབས་བཅས་དང་། མཐར་མི་དམིགས་པའི་ངང་ལ་འཇོག་པས་ཕྲག་དོག་གི་གཉེན་པོར་ཡང་འགྲོ་བས་སེམས་ཅན་ལ་གནོད་སེམས་བྲལ་བར་གསུངས། གཉིས་པ་འབྲས་བུ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡང་། མན་ངག་གི་ལུགས་ལྟར་ན། དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་བློ་ཞིག་གོ །ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཟུར་གཉིས་པ་ཤེས་རབ་ཀྱིས་འབྲས་བུ་རྫོགས་བྱང་ལ་དམིགས་ནས་སངས་རྒྱས་ཐོབ་པར་འདོད་པའི་མཁྱེན་པ་ཞིག་ལ་འདོད་དོ། །དེ་ལའང་བློ་སྟོབས་ཀྱི་དབྱེ་བས་རྫི་བོ་ལྟ་བུའི་སེམས་བསྐྱེད། མཉན་པ་ལྟ་བུའི། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དེ་རིམ་པ་བཞིན་བློ་སྟོབས་དབང་གིས་འབྲས་བུ་རྫོགས་བྱང་ཐོབ་ཚུལ་ཡང་། རིམ་པ་བཞིན་བསྐལ་ཆེན་གྲངས་མེད་གསུམ་དང་། བདུན་དང་། སོ་གསུམ་ན་ཚང་རྒྱུ་བར་གསུངས་སོ། །རྣམ་མང་མཁས་པའི་མདུན་ས་རུ། །རྣམ་བཞི་བྱང་སེམས་སྒོམ་པའི་ཚུལ། །རྣམ་འགྱུར་སྤྱི་ལོ་ 2026 ཟླ་ 4 ཚེས་ 29 ཉིན། །རྣམ་རྨོངས་ཚེ་དབང་གིས་བྲིས་པར། །རྣམ་ཉེས་མཐོལ་བཤགས་རབ་དཀར་དགེས། །རྣམ་མང་འགྲོ་ཀུན་བྱང་ཆུབ་ཤོག །ཅེས་ཙྭ་འདྲ་ཚོགས་པའི་བྱང་སེམས་ཆོས་འཁོར་བགྲོ་གླེང་ཆེད་དུ་སྤེལ་བ་དགེ། | |
10:00
གསོལ་ཇའི་བར་གསེང་།
Tea break
| |
10:30
དགེ་བཤེས་སྐལ་བཟང་བསྟན་སྐྱོང་། སེ་ར་བྱེས།
རྩོམ་ཤོག PDF ཡིག་ཆ་ཕབ་ལེན་བྱོས། Geshe Kalsang Tenchung, Sera Je Monastery Read presentation paper here. ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ ཁམས་འབྲི་རུ་རྫོང་ལ་འཁྲུངས། ཤུག་ལྡིང་དགོན་དགེ་ལྡན་རྣམ་རྒྱལ་ལྷ་རྩེ་གླིང་ལ་གྲྭ་པ་མཛད་ཅིང་། ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་ལ་ཕེབས་ཤིང་སེ་ར་བྱེས་ལ་ཆོས་ཞུགས་མཛད། ཕྱི་ལོ་ ༢༠༢༠ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་གནང་། རྒྱུད་སྟོད་གྲྭ་ཚང་ལ་གསང་སྔགས་སློབ་སྦྱོང་སློབ་མཐར་ཕྱིན་ཏེ། བརྩམས་ཆོས་ལ། ལྷ་རམས་ཉམས་ཞིབ་པའི་ཆེད་རྩོམ། “ཚད་མ་གྲུབ་པའི་འགྲེལ་པ་ཐར་ལམ་འཇུག་ངོགས།” དང་ལྡི་ལི་བོད་ཁང་ནས་ཉམས་ཞིབ་ཀྱི་སློབ་ཡོན་ཐོབ་ནས་ལོ་ངོ་གཉིས་ཀྱི་རིང་ལ་ཉམས་ཞིབ་བྱས་པའི་ཆེད་རྩོམ། “རྩ་ཤེའི་འགྲེལ་པ་གྲགས་གསུམ་དགོངས་རྒྱན་སྟོད་ཆ་དང་སྨད་ཆ།” དེབ་གཉིས། བཀའ་གདམས་རྙིང་མ་བའི་ལོ་རྒྱུས་དང་ཆོས་སྐོར་ལ་དམིགས་བསལ་གྱིས་ཆེད་སྦྱོང་ཅུང་ཟད་མཛད་དེ། རྩྭ་འདྲ་ཚོགས་པའི་བགྲོ་གླེང་སྐབས་དང་པོ་ལ་བརྗོད་གཞི་བཀའ་གདམས་རྙིང་མ་བའི་བདེ་གཤེགས་སྙིང་པོའི་ཆོས་སྐོར་ལ་བགྲོ་གླེང་བྱས་པའི་ཆེད་རྩོམ། “བཀའ་གདམས་རྙིང་མ་བའི་བདེ་གཤེགས་སྙིང་པོའི་བཞེད་ཚུལ།” མཛད། ད་ལྟ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སློབ་སྟོན་འོག་ཏུ་ “དྲན་པ་ཉེར་བཞག་གི་སྒོམ་སྒྲུབ་” ཉམས་ཞིབ་མཛད་བཞིན་པ་ལགས།
ཇོ་བོ་བཀའ་གདམས་པའི་བྱང་སེམས་གཉིས་ཀྱི་བཞེད་ཚུལ།
༈ གཏམ་བཤད་ཀྱི་བརྗོད་དོན་ལ། ༡༽ བོད་རྒྱུད་ནང་བསྟན་གྱི་ཆུ་འགོ་བཀའ་གདམས་རྙིང་མ་པ་ལ་ཐུག་ཚུལ། བཀའ་གདམས་པའི་བསྟན་པ་ས་དགེ་གཉིས་ཀྱིས་བཤད་སྒྲུབ་པ་གཉིས་ལས་བཤད་པ་གཙོ་བོར་བཟུང་བས་ས་དགེ་གཉིས་ལ་མཁས་པ་མང་པོ་བྱུང་བ་དང་། བཀའ་རྙིང་གཉིས་ཀྱིས་སྒྲུབ་པ་གཙོ་བོར་བཟུང་ནས་བཀའ་རྙིང་གཉིས་ལ་ཚད་ལྡན་གྱི་གྲུབ་ཐོབ་མཐའ་ཡས་པ་བྱོན་པའི་རྒྱུ་མཚན་ཡང་དེ་ཡིན། བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའི་ཤིང་རྟའི་སྲོལ་འབྱེད་པ་རྣམས་བཀའ་གདམས་གསང་ཕུ་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་ནས་ཐོན་ཚུལ། ༢༽ ཇོ་བོ་བཀའ་གདམས་པའི་བློ་སྦྱོང་གི་མན་ངག་བྱུང་རིམ། ཇོ་བོ་རྗེའི་སྐབས་ནས་དབུ་བརྙེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེ། སྐུ་མཆེད་གསུམ་སོགས་ཀྱིས་དར་ཞིང་རྒྱས་པ་དང་བཀའ་གདམས་གཞུང་པ་གླང་ཤར་གཉིས་ཀྱིས་དེ་བས་ཀྱང་རྒྱས་པར་མཛད་ཅིང་། ཇོ་བོ་རྗེས་སྲོལ་གཏད་པའི་བཀའ་གདམས་པའི་བསྟན་པའི་སྙིང་དོན་ནི། རྒྱལ་བའི་གསུང་རབ་མ་ལུས་པ་སྐྱེས་བུ་གསུམ་གྱི་ཉམས་ལེན་དུ་བསྡུས་ནས་གང་ཟག་གཅིག་གིས་གདན་ཐོག་གཅིག་ལ་འཚང་རྒྱ་བའི་ལམ་ཉམས་སུ་ལེན་པའི་རིམ་པ་དང་། བྱང་ཆུབ་སེམས་སྦྱོང་གི་མན་ངག་གི་བརྒྱུད་པ་ཇོ་བོ་རྗེས་བླ་མ་གསུམ་ལས་གསན་པ་མཛད་ཚུལ་དང་། ཇོ་བོ་རྗེ་ལས་དགེ་བཤེས་སྟོན་པ་དང་། བཤེས་གཉེན་སྟོན་པ་ལས་བཀའ་བབ་ཀྱི་བསྟན་པ་འཛིན་མཁན་སྐུ་མཆེད་གསུམ་བྱོན། དེ་ནས་གླང་ཤར་གཉིས་ནས་རྒྱུད་མཆད་ཁ་བས་བློ་སྦྱོང་སྙན་རྒྱུད་ཆེན་མོའི་མན་ངག་ཡི་གེར་བཀོད་ཚུལ། ༣༽ བློ་སྦྱོང་དོན་བདུན་མའི་སྐབས་ནས་བསྟན་པའི་སེམས་བསྐྱེད་གཉིས། བློ་སྦྱོང་དོན་བདུན་མའམ་སྙན་རྒྱུད་ཆེན་མོའི་སྐབས་ནས་བསྟན་པའི་སེམས་བསྐྱེད་ནག་ཚོ་ཡབ་སྲས་ཀྱི་འགྲེལ་ཚུལ་བཤད་པ་ལས་ཀུན་རྫོབ་ཏུ་མཉམ་ཚུལ་དང་དོན་དམ་དུ་མཉམ་ཚུལ་གཉིས་བཤད་པ་དང་། ལྷག་པར་དུ་ཤ་པོ་བའི་ཞལ་ནས། ཇི་སྲིད་རང་ལ་དགྲར་མཐོང་ཚུལ་གྱི་མན་ངག་ཡི་གེར་བཀོད་ཚུལ། ཟུར་བཀོལ་མཐའ་དཔྱོད། ཇོ་བོ་རྗེ་བོད་ལ་ཇི་ཙམ་བཞུགས་པ་ལ་ལོ་ཚིགས་མི་མཐུན་པ་དཔྱད་པ་དང་། ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ལོ་རྒྱུས་ལ་དཔྱད་པ་བཅས་སོ།། | |
11:30
མཁན་པོ་གྲགས་པ་སེངྒེ། དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
རྩོམ་ཤོག PDF ཡིག་ཆ་ཕབ་ལེན་བྱོས། Khenpo Drakpa Senge, Central Institute of Higher Tibetan Studies Read presentation paper here. ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ སྤྱི་ལོ་ ༡༩༧༤ ལོར་འཁྲུངས་ཤིང་། ཆུང་དུས་ནས་དཔལ་ས་སྐྱའི་གདན་སར་ཆོས་སྒོར་ཞུགས་ཏེ་དགོན་པའི་འདོན་ཆོག་གི་རིམ་པ་སྦྱངས་ཟིན་པའི་ཐོག་མདོ་སྔགས་རྒྱུད་སྡེའི་དབང་ལུང་ཁྲིད་གསུམ་སོགས་ཕལ་ཆེར་གསན། ལྷག་པར་ཕྱི་ལོ་ ༡༩༩༠ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་བཞུགས་ཀྱིས་མདོ་སྔགས་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པ་མཛད་དེ་མཐོ་སློབ་དེ་ཉིད་དུ་ལོ་ཤས་རིང་དཔེ་ཁྲིད་དགེ་རྒན་གྱི་ཕྱག་འགན་བཞེས། སྤྱི་ལོ་༢༠༠༢ ལོར་ ༸སྐྱབས་མགོན་ ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཝཱ་ནཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ས་སྐྱ་རང་གཞུང་དགེ་རྒན་མཛད་དེ། ད་བར་ལོ་ ༢༥ ཙམ་དཔེ་འཁྲིད་གནང་དང་གནང་མུས་ལགས། གཞན་ཡང་ ༸སྐྱབས་མགོན་ ༸གོང་མ་ཡབ་སྲས་མཆོག་ནས་མཁན་པོའི་གོ་མིང་བསྩལ་བ་དང་། ད་ལྟ་ཝཱ་ནཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ནང་དོན་རིག་པ་དང་། གཏན་ཚིགས་རིག་པའི་རིག་སྡེ་འགན་འཛིན། (Dean) གྱི་ཕྱག་འགན་བཞེས་བཞིན་པ་དང་། དེ་བཞིན་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས་ཀྱི་མཁན་པོ་བཅས་ཀྱི་ཕྱག་འགན་འཁུར་བཞིན་པ། དེའི་རིང་གཞུང་ཆེན་ཁག་ལ་བགྲོ་གླེང་དང་ཚོགས་འདུར་གཏམ་བཤད་དང་རྩོམ་ཤོག་སྤེལ་བ། ཆོས་ཀྱི་འཁོར་ལོའི་སྐོར། “དཔལ་ས་སྐྱ་པའི་ལུགས་ཀྱི་སྒོམ་པའི་རྣམ་གཞག” “ཀུན་གཞིའི་རྣམ་གཞག་མདོར་བསྡུས་པ།” “སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་ལ་དབུ་སེམས་ཀྱི་བཞེད་ཚུལ།” “དབུ་མ་ཐལ་འགྱུར་བའི་བདེན་གཉིས་དང་སངས་རྒྱས་ཀྱིས་བདེན་གཉིས་མཁྱེན་ཚུལ།” “དཔལ་ས་སྐྱ་པའི་ལུགས་ཀྱི་དབུ་མའི་སྒོམ་དང་ལྟ་བའི་བཞེད་ཚུལ།” “སྡེ་གཉིས་ཀྱི་མངོན་པའི་སྐོར།” “ཚད་མའི་འབྱུང་རབས་མདོར་བསྡུས་པ།” “ཚད་གཞུང་ནས་བཤད་པའི་བློ་རིག་གི་རྣམ་གཞག་ལ་དཔྱད་པ།” “གྲུབ་མཐའ་བཞིའི་རྣམ་གཞག་གསལ་བར་འབྱེད་པ་ཐུབ་བསྟན་ཉིན་བྱེད།” “ཞེན་པ་བཞི་བྲལ་གྱི་འགྲེལ་བ་བློ་གསལ་འཇུག་བདེ།” “བྱང་ཆུབ་སེམས་ཀྱི་སྐོར་མདོར་ཙམ་བཤད་པ།” “རྟེན་འབྲེལ་བཅུ་གཉིས་རོམ་ཙམ་བཤད་པ།” “གྲུབ་མཐའ་བཞིའི་རྣམ་གཞག་སྟོན་པ་གཟུར་གནས་དགྱེས་པའི་མཆོད་སྤྲིན།” “རྡོར་གཅོད་ཀྱི་དོན་བསྡུས།” “ཤེར་ཕྱིན་བརྒྱ་ལྔ་བཅུ་པའི་དོན་བསྡུས་” སོགས་ཆོས་ཚན་ཉི་ཤུར་ཉེ་བའི་དཔྱད་རྩོམ་དེབ། གཞན་ཡང་རྒྱུད་སྡེ་སྤྱིའི་རྣམ་གཞག ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བསྡུས་དོན་སོགས་མི་ཉུང་བ་བཅས་ཡོད།།
ས་ཆེན་གོང་མ་ཁུ་དབོན་གྱིས་བཞེད་པའི་བྱང་ཆུབ་སེམས་ཀྱི་སྐོར།
ཇི་སྐད་དུ། ཕན་བདེ་འབྱུང་གནས་རྫོགས་པ་ཡི། །སངས་རྒྱས་རྒྱལ་བའི་སྲས་ལས་འཁྲུངས། །རྒྱལ་སྲས་སྟོང་ཉིད་སྙིང་རྗེ་ཡི། །བདག་ཉིད་བྱང་ཆུབ་སེམས་ལས་འཁྲུངས། །དེ་ཕྱིར་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། སྐབས་ཀྱི་བརྗོད་པར་བྱ་བ་ནི། ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད། ཐེག་པའི་ཁྱད་པར་སེམས་བསྐྱེད་ཀྱིས་འབྱེད་ཅེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ལམ་གྱི་འཇུག་སྒོ་དང་རྩ་བ་ནི། ཕྱོགས་མེད་དུ་ཁྱབ་པའི་བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ལ། བདག་ལེགས་སུ་འདོད་པ་དག་གིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ལ་སློབ་དགོས་པ་ཡིན་ཏེ། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང་། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱབས་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པརལྟོས། །ཅེས་གསུངས། དེས་ན་སྡུག་བསྔལ་གྱི་རྩ་བ་རང་གཅེས་པར་འཛིན་པ་འདི་ཉིད་ཡིན་པས་བདག་འཛིན་གྱི་ཡུལ་སུན་ཕྱུང་སྟེ་ཐོག་མར་བདག་མེད་པའི་ལྟ་བ་གཏན་ལ་དབབ་པའི་རིམ་པ་ནི། དཔེར་ན་ཡུལ་བདག་བཀག་ནས་བདག་འཛིན་འགོག་པ། དེ་ཡུལ་སུན་ཕྱུང་མེད་པར་ནི། །ཞེས་དང་། ཡུལ་ལ་བདག་མེད་གཉིས་མཐོང་བས། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། གང་ཟག་གི་དབང་དུ་བྱས་ན། སོ་སོ་སྐྱེ་བོའི་དུས་ན་སྟོང་པ་ཉིད་ཐོས་ནས། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཆོས་དབྱིངས་སྟོང་པ་ཉིད་རྟོགས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ཀྱང་ངོ་མཚར་ཞིང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། རྨོངས་པས་སྡུག་བསྔལ་ཅན་དོན་དུ། །ཆགས་དང་འཇིག་མཐའ་ལས་གྲོལ་བ། །འཁོར་བར་གནས་པ་གྲུབ་པ་ནི། །སྟོང་ཉིད་བསྒོམ་པའི་འབྲས་བུ་ཡིན། །ཞེས་གསུངས་པ་ལྟར་སྦྱང་ལུགས་དེ་ནི་བླ་མ་བྱམས་པའི་རྣལ་འབྱོར་པའི་ལུགས་ཐོག་མར་དོན་དམ་བྱང་ཆུབ་སེམས་བསྒོམ་སྟེ་ཀུན་རྫོབ་སྒྱུ་མ་ཙམ་དུ་སྒྲུབ་པ་གཙོ་ཆེར་དབང་པོ་རྣོན་པའི་དབང་དུ་བྱས་པ་ལགས་མོད། འོན་ཀྱང་ལས་དང་པོ་པ་ལ་དཀའ་བར་གསུངས་པས་འདིར་ནི་ཇོ་བོ་ལ་བླ་མ་གསེར་གླིང་པས་ཐུགས་དམ་གྱི་སྙིང་པོར་གནང་བ། ལྟ་བ་བདག་འཛིན་མི་སྤོང་བ་དེ་ཉིད་རྒྱུ་མཚན་དུ་བྱས་ནས་བློ་སྦྱོང་བ་མུ་སྟེགས་པ་དང་མཐུན་མོང་བ་ཞེས་བྱ་བ་དང། གཞན་ཡང་མེ་ཏོག་པདྨ་འདམ་རྫབ་ལས་སྐྱེའི་ས་གཞི་ལས་མི་སྐྱེ་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱང་སྲེད་པའི་རླན་གྱིས་སྐམ་ཐག་བཅད་པའི་ཉན་ཐོས་ཀྱི་རྒྱུད་ལ་མི་སྐྱེའི། སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པ་ལ་སྐྱེ་བས་བདག་འཛིན་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྦྱང་དུ་ཡོད་པས་ན་བདག་འཛིན་འདི་ཉིད་ནི་སངས་རྒྱས་ཀྱི་གདུང་ཡིན་ལ། དྲི་མེད་གྲགས་པས་ཞུས་པའི་མདོ་ལས་ཀྱང་། འཇིག་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ཡིན་ནོ་ཞེས་གསུངས། དེ་བས་ན་སྔོན་དུ་བདག་གཞན་མཉམ་བརྗེའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་གལ་ཆེ་བར་སྣང་། མཐར་མཐའ་དག་དཔྱིས་ཕྱིན་གྱི་གཉེན་པོ་ནི་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་དོན་དམ་བྱང་ཆུབ་ཀྱི་སེམས་མིན་པ་གང་གིས་ཀྱང་སྤོང་མི་ནུས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ལ་སློབ་དགོས་པ་ཡིན་པས་དེའི་ལུས་རྣམ་གཞག་ཕྱོགས་ཙམ་ནི། བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པའི་ཉེས་དམིགས། བྱང་ཆུབ་སེམས་བླངས་པའི་ཕན་ཡོན་ཚེ་འདི་ཉིད་ལ་འབྱུང་བ། སྐྱེ་བ་གཞན་ལ་འབྱུང་བ། སེམས་བསྐྱེད་པའི་སྒྲ་བཤད། ངོ་བོ། དབྱེ་སྒོ་དུ་ཡོད། ངོ་བོའི་སྒོ་ནས་སྨོན་འཇུག་དང་། ཀུན་རྫོབ་དང་དོན་དམ་སེམས་བསྐྱེད། སེམས་བསྐྱེད་གང་ལས་སྐྱེ་བའི་རྒྱུ། མཐར་ཐུག་གི་འབྲས་བུ། སེམས་བསྐྱེད་ཀྱི་ཆོ་ག་མི་འདྲ་བ། སེམས་བསྐྱེད་ལ་བསླབ་པའི་རིམ་པ་སྟེ། དོན་ཚན་བཅུའི་སྒོ་ནས་འཆད་དོ།། སྡོམ་ནི། སེམས་མ་བསྐྱེད་པའི་ཉེས་དམིགས་དང་། །བླངས་པའི་ཕན་ཡོན་རྣམ་གཉིས་དང་། །སྒྲ་བཤད་མཚན་ཉིད་དབྱེ་སྒོ་དང་། །ངོ་བོ་སྨོན་འཇུག་རྣམ་གཉིས་སོགས། །གང་ལས་སྐྱེ་རྒྱུ་དེ་འབྲས་དང་། །ལེན་པའི་ཆོ་ག་བཀའ་སྲོལ་གཉིས། །སེམས་ཙམ་ལུགས་དང་དབུ་མའི་ལུགས། །ཇི་ལྟར་བསླབ་པའི་རིམ་པ་སྟེ། །རྗེ་བཙུན་གོང་མས་བཞེད་པའི་གཞུང་། །རྣམ་པ་བཅུ་རུ་བསྡུས་ཏེ་བཤད། །ཅེས་པའོ།། | |
12:30
ཉིན་དགུང་གསོལ་ཚིགས།
Lunch
| |
14:00
སློབ་དཔོན་ཀརྨ་སྟོབས་རྒྱས། ཁྲ་འགུ་བཙུན་དགོན་ཐོས་བསམ་དར་རྒྱས་གླིང་།
རྩོམ་ཤོག PDF ཡིག་ཆ་ཕབ་ལེན་བྱོས། Lopon Karma Tobgye, Thrangu Nunnery Read presentation paper here. ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ དཔལ་ཁྲ་འགུ་བཀྲ་ཤིས་ཆོས་གླིང་དགོན་པར་སློབ་དཔོན་གྱི་མཚན་གནས་འཛིན་ནས་བཞུགས་ཡོད་ཅིང་། སྤྱི་ལོ་ ༢༠༠༥ ལོར་བལ་ཡུལ་ཁྲ་འགུ་དགོན་པར་རབ་ཏུ་བྱུང་ཞིང་ (Shree Mangal Dvip School) ཁྲ་འགུ་བཀྲ་ཤིས་གླིང་གཏན་ཉིན་སློབ་གྲྭར་བཞུགས། དེ་ནས་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་གཞུང་ཆེན་བཀའ་པོད་ལྔ་རང་གཞུང་རིག་གནས་དང་བཅས་པར་ཚུལ་བཞིན་སྦྱངས་པ་མཛད་ནས་ཕྱི་ལོ་ ༢༠༡༧ ལ་བཀའ་རབ་འབྱམས་པའི་གྲུབ་འབྲས་ལེགས་ཐོན་བྱུང་ནས་གནས་རིམ་དང་པོ་སོན་པའི་ཚད་འཛིན་ཕྱག་ཁྱེར་བཞེས། བཤད་གྲྭ་མཐར་སོན་པ་དང་ལྷན་ ༧སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་ནས་བཤད་གྲྭའི་དགེ་རྒན་གྱི་ལས་འགན་གནང་། ཁྲ་འགུ་བཤད་གྲྭར་ལོ་དྲུག་རིང་གཞུང་ཆེན་པོད་ལྔ་རིག་གནས་དང་བཅས་པ་ལ་དཔེ་ཁྲིད་བསྩལ་ཞིང་། དམིགས་བསལ་ཚད་མ་དང་བཀའ་བརྒྱུད་པའི་གཞན་སྟོང་ལྟ་བའི་ཐད་ལ་འགྲོ་གླེང་དང་དཔྱད་རྩོམ་སོགས་སྤེལ། དེ་བཞིན་བཤད་གྲྭའི་ཆོས་ཁྲིམས་པ་ལོ་གཅིག །ཡིག་རྒྱུགས་དོ་དམ་པ་ལོ་གཉིས། སྟག་མོ་ལུས་སྦྱིན་དུ་རང་བྱུང་ཁོར་ཡུག་ཚོགས་གཙོའི་ཕྱག་འགན་ལོ་གཉིས་ཀྱི་རིང་ལ་མི་དམངས་ཀྱི་སློབ་གྲྭ་དང་རི་འདབས་སོགས་ལ་རྩི་ཤིང་འདེབས་འཛུགས་དང་འགྱིག་ཤོག་རིགས་དབྱེ་ཕྱེད་སོགས་ཀྱི་ཁོར་ཡུག་ལས་རིམ་སྤེལ་བ་ལ་བརྟེན་ནས་བལ་ཡུལ་གཞུང་ནས་སྤྱི་ཚོགས་དང་བླངས་ཞབས་ཞུའི་ཕྱག་ཁྱེར་བསྩལ། ༢༠༢༣ ལོར་ཁྲ་འགུ་བཙུན་དགོན་ཐོས་བསམ་དར་རྒྱས་གླིང་བཤད་གྲྭར་དཔེ་ཁྲིད་དགེ་རྒན་དུ་བཀོད་ཅིང་། ཡིག་རྒྱུགས་དོ་དམ་ཚོགས་པའི་ཚོགས་གཙོ་མཛད། རྩོམ་རིག་ཕྱག་དཔེ་ཁག་གི་ལས་དོན་ནི། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་གི་དུས་དེབ་ “བློ་འཕེལ་ནོར་བུ་” ཐེངས་དྲུག་ཙམ། ཁྲ་འགུ་བཙུན་དགོན་བཤད་གྲྭའི་དུས་དེབ་ “ཤེས་རབ་མེ་ལོང་” ལུམྦི་ནི་བལ་ཡུལ་ནང་པའི་མཐོ་སློབ་ཆེན་མོའི་དུས་དེབ་ “ཤེས་རབ་དགའ་ཚལ་” ཐེངས་བཞི་པ་བཅས་ཀྱི་ཚོགས་གཙོ་དང་པར་སྐྲུན། ༧རྒྱལ་དབང་ཀརྨ་པ་མཆོག་གི་དབུ་ཁྲིད་འོག་བཀའ་བརྒྱུད་དགུན་ཆོས་ཡིག་ཆ་ཕྱོགས་སྒྲིག་ཚོགས་མིར་འཁོད་ནས་ “ཐུན་མོང་བསྡུས་པའི་རྣམ་བཤད་འཇམ་དབྱངས་བཞད་པའི་འཛུམ་ཟེར་བསྡུས་པ་ཆེ་བའི་འགྲེལ་པ་” ཕྱོགས་སྒྲིག་དང་། དྭགས་པོ་ཐར་རྒྱན་གྱི་བསྡུས་དོན་བརྩམས། རྟགས་རིགས་མཆན། ཚད་མ་ཀུན་བཏུས་ཀྱི་ས་བཅད་སྦྲགས་མ་དང་དེའི་འགྲེལ་པ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་མཛད་པ་ལེའུ་བཞི་པ་མན་ཆད་ལ་འགྲེལ་པ་ཁ་བསྐོང་བྱས་ནས་པར་དུ་བསྐྲུན། དེ་བཞིན་ “སྦྱོར་ལམ་མཉམ་བཞག་ཡེ་ཤེས་ལ་དཔྱད་པ།” “གཞན་དོན་སྒྲུབ་ངག་ལ་དཔྱད་པ།” “གཞན་སྟོང་དབུ་མར་དཔྱད་པ་” ལ་སོགས་ཡོད།།
སེམས་བསྐྱེད་ཀྱི་སྐོར་བཀའ་བརྒྱུད་པའི་འགྲེལ་པ་དང་དགོངས་བཞེད་སྐོར།
༈ མངོན་རྟོགས་རྒྱན་གྱི་རྩ་བ་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་འགྲེལ་པ་དོན་གསལ་ལས། སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །ཞེས་པའི་རྩ་བ་དང་འགྲེལ་པར་དཔྱད་གཞིའི་ཡིག་ཆ། བཀའ་བརྒྱུད་པའི་མཁས་དབང་། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ། རྗེ་ཀརྨ་ཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ། ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག །ཀུན་མཁྱེན་པད་དཀར་བཅས་ཀྱིས་རྩ་འགྲེལ་དེ་དག་ལ། དཔྱད་པ་ནི། རྩ་བར་ཇི་ལྟར་འགྲེལ་ཚུལ། འགྲེལ་ཆུང་ལ་ཇི་ལྟར་འགྲེལ་ཚུལ། མཚན་ཉིད། དབྱེ་བ། ས་མཚམས། རྩོད་སྤོང་ལ་སོགས་ལ་ཚིག་དོན་བཞེད་མཚམས་མཐུན་པ་དང་མི་མཐུན་སོགས་ཇི་ལྟར་ཡོད་མེད་དཔྱད་པའོ།།
| |
15:00
དགེ་བཤེས་ངག་དབང་སྟོབས་ལྡན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་།
Geshe Ngawang Tobden, Dalai Lama Institute for Higher Education ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ བོད་མདོ་ཁམས་སྒ་ཡུལ་དུ་ ༡༩༧༤ ལོར་འཁྲུངས། ༡༩༨༨ ལོར་ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཆོས་སྒོར་ཞུགས་ཏེ་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱོང་པ་གནང་། ༡༩༩༤ ལོར་འཕགས་ཡུལ་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དང་། སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་། ༡༩༩༨ ལོར་ ༧གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༢༠༠༢ དང་། ༢༠༠༦ ལོར་ཕར་ཕྱིན་དང་དབུ་མ་རབས་འབྱམས་པའི་ཕྱག་འཁྱེར་བཞེས། ༢༠༡༢ དང་ ༢༠༡༤ ནས་ ༢༠༡༦ ལོ་རིམ་བཞིན་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་གསུམ་གྱི་ཨང་རིམ་དང་པོའི་ཕྱག་འཁྱེར་བཞེས། ༢༠༡༧ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་ཀྱི་སློབ་གཉེར་གནང་ཏེ། སྔགས་ཀྱི་ཕྱག་འཁྱེར་ཨང་རིམ་དང་པོ་བཞེས། ༢༠༡༩ ལོར་བོན་གྱི་གདན་ས་སྨན་རི་གླིང་དུ་ཆོས་བརྒྱུད་ཆེན་མོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་མངོན་པ་མཛོད་དང་སྲིད་པའི་མཛོད་ཕུགས་ཀྱི་སྐོར་རིས་མེད་བགྲོ་གླེང་ཆེན་མོ་གཏམ་བཤད་གནང་། སེ་ར་ཐེག་ཆེན་གླིང་དུ་དབུ་མའི་ལྟ་བའི་སྐོར་དང་། གདན་ས་ཆེན་མོ་དགའ་ལྡན་དུ་ཚད་མའི་དེ་ཁོ་ན་ཉིད་སོགས་ལ་བགྲོ་གླེང་ཆེན་མོ་གོ་སྒྲིག་གནང་། ༢༠༢༠ ལོར་གངས་ལྗོངས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་རྣམས་ལ་གཞན་སྟོང་དབུ་མ་ཆེན་མོའི་སྐོར་གྱི་དྲི་བ་བཅུ་གཅིག་དྲིས་པ་དེར། བོད་ཕྱི་ནང་གི་དྲྭ་ལམ་ཁག་ནས་བགྲོ་གླེང་ཤུགས་ཆེར་བྱུང་བ་མ་ཟད། བོད་ནང་ནས་དྲིས་ལེན་འགའ་སྡོམ་པས་དེབ་ཚད་ལོང་པ་བྱུང་། ༢༠༢༣ དང་ ༢༠༢༤ ལོ་གཉིས་ལ་ལྡི་ལི་བོད་ཁང་གི་རྩོམ་ཡོན་མཐུན་འགྱུར་འོག་བོད་སྔ་ཕྱིའི་དབུ་མའི་ལྟ་དགོངས་གཅིག་ཏུ་བབ་ཚུལ་ལ་ཉམས་ཞིབ་ཀྱིས་ “བོད་ཀྱི་ཆོས་བརྒྱུད་རྣམས་དབུ་མའི་ལྟ་དགོངས་གཅིག་ཏུ་བབ་ཚུལ་ཀླུ་སྒྲུབ་ཡབ་སྲས་དགྱེས་པའི་མཆོད་སྤྲིན་” ཞེས་པའི་དཔེ་དེབ་བརྩམས། ༢༠༢༤ ནས་༢༠༢༦ བར་ལོ་གསུམ་རིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱིས་མཐུན་རྐྱེན་གནང་སྟེ། གཞུང་ཆེན་དབུ་མ་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་གྲུབ་ལ་ཉེ། ༢༠༢༣ ལོར་བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་རིས་མེད་ཀྱི་བདེ་གཤེགས་སྙིང་པོའི་དགོངས་བཞེད་ཉམས་ལེན་སྐོར་ལ་བགྲོ་གླེང་ཆེན་མོ་མཉམ་ཞུགས་གནང་། སྤྱི་ལོ་ ༢༠༠༤ ལོར་སིངྒ་ལ་དང་། ཐེ་ལེན་ཌི་ནང་ལེགས་སྦྱར་དང་པཱ་ལི་རྗེས་འཇུག་པའི་རྒྱལ་སྤྱིའི་དགེ་འདུན་པའི་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ནང་ཟླ་བ་གཉིས་ལྷག་མཉམ་ཞུགས་གནང་། ༢༠༢༤ ལོར་ཁམས་པ་སྒར་བཀྲ་ཤིས་ལྗོངས་བཤད་གྲྭ་རུ་ཆོས་བརྒྱུད་རིས་མེད་ཀྱི་ཚད་མའི་བགྲོ་གླེང་ཆེན་མོ་མཉམ་ཞུགས་མཛད། རྒྱུན་དུ་བོད་ཕྱི་ནང་གི་དྲྭ་ལམ་ཁག་དང་། དུས་དེབ། གསར་ཤོག རླུང་འཕྲིན་ཁང་རྣམས་སུ་ནང་པའི་ལྟ་གྲུབ་སྤྱི་དང་། བྱེ་བྲག་བོད་ཀྱི་ཆོས་རིག་སོགས་དང་འབྲེལ་བའི་དཔྱད་བརྗོད་རྩོམ་ཡིག་དང་། མི་མང་དང་སློབ་ཕྲུག་རྣམས་ལ་སློབ་ཁྲིད། གཏམ་བཤད་ཐེངས་མང་གནང་དང་གནང་བཞིན་པ་དང་། ད་ལྟ་བེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཨིན་ཡིག་ཆེད་སྦྱོང་གནང་བ་ལགས།།
ལམ་ཐབས་ཤེས་ཟུང་འབྲེལ་གྱི་དགོངས་བཞེད་དང་ཉམས་སུ་ལེན་ཚུལ་སྙིང་པོ་བསྡུས་པ།།
༈ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་བསྐལ་ཆེན་གྲངས་མེད་ཚོགས་གཉིས་རྫོགས། །མཐའ་མ་སྐུ་བཞིའི་གོ་འཕང་རྫོགས་སངས་རྒྱས། །བྱམས་བརྩེའི་སྟོན་པ་ཆེན་པོར་སྒོ་གསུམ་འདུད། །ཐོག་མར་བཏང་སྙོམས་ཆེན་པོའི་ས་གཞི་ལ། །བར་དུ་བློ་སྦྱོང་གཉིས་ཀྱི་ལྗོན་ཤིང་འཁྲུངས། །མཐའ་མ་བྱང་ཆུབ་སེམས་མཆོག་འབྲས་བུ་སྨིན། །སེམས་ཀྱི་དམ་པ་མཆོག་ལ་གུས་ཕྱག་འཚལ། །ཞེས་མཆོད་བརྗོད་སྔོན་དུ་བཏང་སྟེ། ༡༽ དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གལ་ཆེ་བའི་ཚུལ་ལ། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་སྤྱོད་པ་འཚེ་བ་མེད་པ་ནི་འཛམ་གླིང་ཞི་བདེ་སྐྲུན་པའི་སྤྱོད་པ་རླབས་ཆེན་ཞིག་དང་། ལྟ་བ་རྟེན་འབྱུང་གི་ལྟ་བ་ནི་དེང་རབས་ཚན་རིག་དང་འབྲེལ་ཆེ་བ་མ་ཟད། ནང་པའི་ལྟ་སྤྱོད་གཉིས་ནི་ནང་སེམས་ཀྱི་ཞི་བདེ་སྐྲུན་པའི་ཐབས་ལམ་ཡག་ཤོས་དེ་ཡིན། ནང་པའི་ལྟ་གྲུབ་ནི་ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཀུན་ཁྱབ་བྱམས་བརྩེ་དང་། སྙིང་རྗེ་སོགས་ཀྱི་གཞི་བྱས་པ་ཞིག་ཡིན་པས་འཛམ་གླིང་ནང་རིག་པའི་གཞུང་ལུགས་དང་། ལྟ་གྲུབ་གང་གི་ཆ་ནས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པ་དང་། ནང་པའི་སྤྱོད་པ་འཚེ་བ་མེད་པ་ནི་འཛམ་གླིང་གི་སྐྱེ་འགྲོ་སྲོག་ཆགས་ཀུན་ལ་ལུས་ངག་གཉིས་ཀྱིས་འཚེ་བ་སྤང་དགོས་པ་མ་ཟད། ཡིད་ཀྱིས་གནོད་སེམས་ཙམ་ཡང་མི་བྱེད་པའི་དམ་བཅའ་ཡང་དག་ཞིག་ཡོད་དགོས། སེམས་ཅན་ཀུན་ལ་དེ་ལྟ་བུར་འཚེ་བ་མེད་པའི་བློ་རྣལ་མ་ཞིག་སྐྱེས་ན་སྙིང་རྗེ་མི་སྐྱེ་པའི་རྒྱུ་མཚན་གང་ཡང་མོད་མེད། དེ་འདྲའི་སྙིང་རྗེ་སྐྱེ་བ་ལ་རྟེན་འབྱུང་གི་ལྟ་བ་ལ་ཡང་གོམ་འདྲིས་བྱེད་ན་ཕན་ཧ་ཅང་ཆེ་སྟེ། རྟེན་འབྱུང་གི་བློ་ལ་ཕྲ་རགས་མང་པོ་ཡོད་མོད། རྟེན་འབྱུང་ཕྲ་མོ་ལ་གོ་བ་ཡང་དག་ཞིག་སྐྱེ་བ་ལ། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་གཞན་གང་ལ་ཡང་ལྟོས་མེད་ཀྱི་ཚུགས་ཐུབ་རང་སྐྱ་བ་ཞིག་མེད་པ་བློ་ལ་གོམས་འདྲིས་ནར་མ་བསྟེན་དགོས། དེས་ན་རང་གི་དགྲ་ཡིན་ཡང་རང་ཉིད་ཕར་ལ་བརྟེན་པའམ་ལྟོས་པའི་ཆ་མང་པོ་ཡོད་པའི་རྒྱུ་མཚན་རྣམས་ལ་བསམ་ཚེ། དགྲ་ལ་ཡང་འཚེ་བ་མེད་པའི་བློས་དྲངས་པའི་བྱམས་པ་དང་། སྙིང་རྗེ་སྐྱེ་ཚུལ་དབང་མེད་དུ་ཡོང་བཞིན་པ་འདི་ནི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་ཉམས་ལེན་བྱེད་ཚུལ་ཞིག་ཡིན། དགྲ་གཉེན་བར་མ་ཀུན་ལ་སྙིང་རྗེ་སྐྱེ་དགོས་པ་ནི་སྐྱེ་འགྲོ་སེམས་ཅན་ཀུན་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་ཡང་དག་པའི་རིགས་པ་དང་སླུ་བ་མེད་པའི་ཚད་མ་ལ་བརྟེན་ནས་ངེས་པའི་ཕྱིར། དེ་ན་རང་གཞན་ཕན་ཚུན་ཀུན་ལ་ལྟོས་གྲུབ་རྒྱུ་མཚན་དུ་བྱས་ཏེ་ཀུན་ལ་ཉེ་རིང་མེད་པའི་བྱམས་པ་དང་། སྙིང་རྗེ་སྒོམ་ཚུལ་འདི་ནི་རྣམ་དཔྱོད་ཅན་གྱི་སྙིང་རྗེ་སྒོམ་ཚུལ་བླ་མེད་ཞིག་ཏུ་འདོད་དོ།། ༢༽བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་བློ་སྦྱོང་ཚུལ་ལ། སྔོན་བྱོན་འཕགས་བོད་པཎ་གྲུབ་རྣམས་ཀྱི་བཞེད་པ་གཙོ་བོ་ནི་གཉིས་ཏེ། མཉམ་མེད་ཇོ་བོ་རྗེ་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནས་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་གཉིས་སུ་འདུས་སོ།། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་དང་། ཞི་བ་ལྷས་སྤྱོད་འཇུག་ཆེན་མོ་དང་། རྗེ་བླ་མས་བྱང་ཆུབ་ལམ་རིམ་ཆེན་མོར་ཧ་ཅང་རྒྱས་པ་གསུངས་པ་མ་ཟད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བླ་མ་མཆོད་པ་སོགས་སུ་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་རྩལ་འདོན་མཛད་ཡོད། ཐོགས་མེད་སྐུ་མཆེད་དང་། དཔལ་ལྡན་ཟླ་བའི་བཞི་བརྒྱ་པའི་ཟླ་འགྲེལ། ཀ་མ་ལ་ཤི་ལའི་སྒོམ་རིམ་བར་པ། རྗེ་བླ་མའི་ལམ་རིམ་ཆེན་མོ། འཇུག་པའི་ཊིཀ་ཆེན་རྣམས་སུའང་རྒྱུ་འབྲས་མན་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་རྩལ་འདོན་གནང་ཡོད། བདག་གཞན་བརྗེ་བའི་ཉམས་ལེན་གྱི་ཚུལ་འདིར་རྒྱུ་འབྲས་མན་ངག་བདུན་གྱི་མ་ཤེས་དྲིན་དྲན་དྲིན་བཟོ་གསུམ་གྱི་ཉམས་ལེན་འདུས་ལ། བདག་གཞན་མཉམ་བརྗེའི་བོག་འདོན་གཏོང་ལེན་གཉིས་ལ་མན་ངག་བདུན་གྱི་བྱམས་པ་དང་སྙིང་རྗེ་ལྷག་བསམ་གསུམ་གྱི་ཉམས་ལེན་འདུས་སོ།། དེས་ན་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་འདི་ལ། རྒྱུ་འབྲས་མན་ངག་བདུན་གྱི་བློ་སྦྱོང་ཚུལ་ཚང་མོད། ཕྱི་མའི་བློ་སྦྱོང་ཚུལ་ལ་སྔ་མའི་བློ་སྦྱོང་ཚུལ་མི་ཚང་ངོ་སྙམ་མོ།། དེས་ན་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་ལས་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་འདི་སྦྱོང་དཀའ་བ་དང་དེ་ལྟར་མྱོང་བ་ཐོན་པའི་བློ་ཡང་སྔ་མ་ལས་ཅུང་སྐྱེ་དཀའ་བ་ཡིན་ནམ་སྙམ་ཡང་། གང་ཟག་གཅིག་གིས་ཀྱང་གྲགས་ཆེ་བའི་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གཉིས་བསྲེས་ནས་ཉམས་སུ་ལེན་དགོས་པ། མཁས་གྲུབ་ཆེན་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་ཉམས་མྱོང་དངོས་ཀྱི་ཐོག་ནས་གསུངས་པས་ལས་དང་པོ་རྣམས་ལ་མན་ངག་ཟབ་མོ་ལོས་ཡིན། བློ་སྦྱོང་བའི་གང་ཟག་སོ་སོར་ཁམས་མོས་དང་། བསམ་པའི་ཁྱེར་སོ་དབང་གིས་མཐའ་གཅིག་ཏུ་ངེས་པ་མེད་ལས་ཆེ། བྱང་ཆུང་ཀྱི་སེམས་སྦྱོང་ཚུལ་གྲགས་ཆེ་བ་གཉིས་གསུངས་པ་ཡང་གདུལ་བྱ་དབང་པོའི་རིམ་པ་ལ་ལྟོས་ནས་སམ་ཁམས་དང་མོས་པ་སོགས་ལས་ཡིན་ནམ་དཔྱོད། གཏོང་སྙོམས་ནི་བློ་སྦྱོང་ཚུལ་གཉིས་ཀའི་གཞི་ཡིན་པས་ཐོག་མར་ཡིད་ལེགས་པར་ཁུལ་ཁུལ་བར་སྦྱོང་པར་ཧ་ཅང་གལ་ཆེ། ལས་དང་པོ་རྣམས་ལ་ཐོག་མ་མ་ཤེས་ནས་སྙིང་རྗེ་ཆེན་པོའི་བར་རྒྱུའི་མན་ངག་དྲུག་དང་། འབྲས་བུ་མན་ངག་གཅིག་ཏེ་ཐེག་ཆེན་སེམས་བསྐྱེད་བར་རྒྱུ་འབྲས་མན་ངག་བདུན་གྱི་མ་ཤེས་ནས་བློ་སྦྱོང་ཚུལ་གཅིག་དང་། མ་ཤེས་ནས་སེམས་བསྐྱེད་བར་རྒྱུའི་མན་ངག་བདུན་དང་། སེམས་བསྐྱེད་ནས་མ་ཤེས་བ་འབྲས་བུ་མན་ངག་བདུན་ཏེ་རྒྱུ་འབྲས་མན་ཟུང་བདུན་དུ་རྩིས་ཏེ་བློ་སྦྱོང་ཚུལ་འདི་ཡང་རྗེ་བླ་མའི་ལམ་རིམ་ཆེན་མོའི་དགོངས་པའང་ཡིན། དེས་ན་མ་ཤེས་ནས་མན་ངག་བདུན་གྱིས་སྒོ་ནས་བློ་སྦྱོང་ཚུལ་འདི། སེམས་བསྐྱེད་ལ་གང་མགྱོགས་ཀྱིས་མྱོང་བ་ཐོན་ཐུབ་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་ཏེ། སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་རང་ལུས་བསྐྱེད་པའི་དྲིན་ཅན་གྱི་ཨ་མ་ལ་ལྟོས་འཇོག་གི་ཉོན་མོངས་མ་འདྲེས་པའི་བྱམས་བརྩེ་ཞིག་ཧ་ཅང་རྙེད་དཀའ་ཞིག་ཡིན་ཡང་བྱམས་བརྩེ་སྐྱེ་སླ་བ་ཡིན་པ་མྱོང་བས་གྲུབ་པའི་ཕྱིར། བྱམས་བརྩེ་དེ་ཡང་མཐར་གཏུགས་ན་དྲིན་ཅན་གྱི་ཨ་མ་དེ་ཉིད་རང་ལ་བཀའ་དྲིན་ཆེ་བའི་རྒྱུ་མཚན་བསམ་པ་ལས་བྱུང་བ་ཡིན་པ་སྨོས་ཅི་དགོས། དེས་ན་རང་ཉིད་ཐོག་མ་གང་ལས་བྱུང་བ་ཡིན་མིན་དང་། རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ངེས་པར་དགོས་པ་ཡིན་གྱི་གཟུགས་ཅན་ཞིག་གིས་རྣམ་ཤེས་ཀྱི་ཉེར་ལེན་བྱེད་པ་མེད་པ་དང་། རང་ཉིད་ཡང་ཡང་འཁོར་བ་འཁོར་ཚུལ་སོགས་ཀྱི་གནས་ལུགས་དག་ལ་བསམ་གཞིག་གཏིང་ཟབ་བྱེད་ན། སེམས་ཅན་ཐམས་ཅད་མ་མ་བྱས་པ་གཅིག་ཀྱང་མེད་པའི་ངེས་ཤེས་བཅོས་མ་མིན་པ་ཞིག་སྐྱེ་རྒྱུ་ཡོད་པ་ཐེ་ཚོམ་མེད། དེས་ན་ཚེ་འདིའི་ཨ་མ་དང་ཚེ་རབས་སྔ་མ་རྣམས་ཀྱི་ཨ་མས་དུས་ཡུན་རིང་ཐུང་དང་ཚེ་སྔ་ཕྱི་ཙམ་ལས་དྲིན་གྱིས་བསྐྱངས་པ་ལ་ཁྱད་པར་མེད་པས་ཚེ་འདིའི་ཨ་མ་ལ་བྱམས་བརྩེ་སྐྱེ་སླ་བ་ལྟར་ཚེ་རབས་སྔ་མའི་ཨ་མ་རྣམས་ལ་ཡང་དེ་ལྟར་མི་སྐྱེ་བའི་རྒྱུ་མཚན་ཅུང་ཟད་ཀྱང་མེད། དོན་གྱི་དབང་འདི་གཟིགས་ནས་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་དང་པོ་མ་ཤེས་ནས་བློ་སྦྱོང་ཚུལ་གསུངས་པ་འདི། ཞི་བ་མྱང་འདས་ལ་འཁྲིད་པའི་མན་ངག་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རིགས་ཚུལ་བླ་ན་མེད་པ་ཞིག་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་ཚེ་འདིའི་མ་ཤེས་པའི་མ་ཤེས་ཀྱི་བློ་ཞིག་སྐྱེ་རྒྱུ་མེད་ཀྱང་། ཚེ་རབས་གྲངས་མེད་ལ་ལྟོས་ན་མ་བྱས་པའི་མ་ཤེས་ཀྱི་བློ་བཅོས་མ་མིན་པར་ཞིག་སྐྱེ་རྒྱུ་ཡོད་པ་སྒོ་དུ་མ་ནས་བསམ་ན་ངེས་ཤེས་འདྲེན་ཐུབ། དེ་ལྟར་མ་ཤེས་ཀྱི་བློ་གདེང་ཁེལ་བ་ཞིག་བྱུང་ན་དྲིན་དྲན་པ་ཡང་འབད་རྩོལ་ཆེན་པོ་ལ་མ་ལྟོས་པ་མྱོང་བ་ངང་གི་སྐྱེ་ཐུབ་པ་མ་ཟད། རྒྱུ་སྔ་མ་སྔ་མ་རྣམས་ལ་མྱོང་བ་ཤུགས་ཆེར་ཐོན་ན་འབྲས་བུ་ཕྱི་མ་ཕྱི་མ་དག་དཀའ་ཚེག་ལ་ཆེར་མི་ལྟོས་པ་ཤུགས་དྲག་ལ་རྒྱུན་རིང་བ་ཞིག་སྐྱེ་ཐུབ་པ་ནི། རྒྱུ་འབྲས་ལ་མི་འཁྲུལ་བའི་མེད་ན་མི་འབྱུང་བའི་གཤིས་ལུགས་ཡིན། ༣༽ མཐའ་མ་འབྲས་བུ་བྱང་ཆུབ་སེམས་རིན་པོ་ཆེ་སྐྱེ་བའི་དུས་ནི། གོང་དུ་བཤད་པའི་མན་ངག་བླ་ན་མེད་པ་བློ་སྦྱོང་ཚུལ་གཉིས་སོགས་ལ་བརྟེན་ནས། འདུན་པ་གཉིས་ལྡན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེ་བ་དང་ཐེག་པ་ཆེན་པོ་ཚོགས་ལམ་ལ་ཞུགས་པ་ཡིན་ལ། དེའི་ཕྱིར་ལམ་ལོག་པ་ལས་ཁྱད་པར་འབྱེད་པའི་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་འབྱེད་པའི་སེམས་བསྐྱེད་གསུངས་པ་ལྟར་ཐེག་ཆེན་སེམས་བསྐྱེད་ནི་ཐེག་ཆེན་ལམ་གྱི་འཇུག་སྒོ་ཉིད་ཡིན་ནོ།། སྨྲས་པ། ལྟ་བ་རྟེན་འབྱུང་ཕན་ཚུན་ལྟོས་གྲུབ་ཚུལ། །སྤྱོད་པ་འཚེ་མེད་ཀུན་ཁྱབ་བྱམས་བརྩེའི་བློ། །ཐབས་ཤེས་ཟུང་འབྲེལ་ཕན་ཚུན་བོག་འབྱིན་ཏེ། །མྱུར་དུ་བཅོས་མིན་སྐྱེ་ལ་འབད་པར་འཚལ། །ནང་ཆོས་སྙིང་པོའི་ལྟ་སྤྱོད་ཉམས་ལེན་རྣམས། ཐོག་མ་བློ་ཡིས་གོམས་འདྲིས་བསྟེན་པའི་ཚུལ། །བློ་དམན་འཁྱེར་བདེ་ཅུང་ཟད་བྲིས་པའི་དགེས། །འགྲོ་རྣམས་ཐར་བའི་ལམ་མཆོག་བགྲོད་གྱུར་ཅིག། ད་ལན་བལ་ཡུལ་རྒྱལ་ས་མཆོད་རྟེན་ཆེན་མོའི་ཉེ་འགྲམ་ཞེ་ཆེན་དགོན་དུ། ཙཱ་འདྲ་ཚོགས་པ་དང་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གཉིས་ཀྱིས་གོ་སྒྲིག་ཞུས་པའི་༼བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ལ་ཐབས་ཤེས་ཟུང་འབྲེལ་གྱི་དགོངས་བཞེད་དང་ཉམས་བཞེས་སྐོར་༽གྱི་བགྲོ་གླེང་ཆེན་མོར་མགྲོན་འབོད་གནང་བ་ལྟར། འཕགས་ཡུལ་ལྷོ་ཕྱོགས་སྦེལ་ལོང་ཏཱ་ལའི་བླ་མ་མཐོ་རིམ་སློང་གཉེར་ཁང་ནས། སེར་བྱེས་དགེ་བཤེས་ལྷ་རམས་པ་ལྡན་མ་ངག་དབང་སྟོབས་ལྡན་གྱིས་ཕྱི་ལོ་༢༠༢༦/༤/༡༩ ཉིན་བྲིས་པ་དགེ་གྱུར་ཅིག་གུ།། | |
16:00
གསོལ་ཇའི་བར་གསེང་།
Tea break
| |
16:30
སློབ་དཔོན་ཕུན་ཚོགས་རྣམ་རྒྱལ། འབྲུག་སྒང་སྟེང་བཤད་གྲྭ།
རྩོམ་ཤོག PDF ཡིག་ཆ་ཕབ་ལེན་བྱོས། Lopon Phuntsho Namgyal, Gangteng Shedra Read presentation paper here. ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ དཔལ་གདོང་ཞེས་པ་འབྱུང་བ་གསུམ་ལྡན་ཆུ་བྱའི་ལོར་སྨན་ལྗོངས་ས་ཡི་ལྟེ་བ་མང་སྡེ་ལུང་པར་འཁྲུངས་ཤིང་ཆུང་དུས་ནས་དཀར་གཞོང་ཨོ་རྒྱན་ཐེག་མཆོག་ཆོས་གླིང་གཞི་རིམ་བཤད་གྲྭར་རབ་ཏུ་བྱུང་སྟེ། ཡི་གེ་བྲི་ཀློག་ནས་བཟུང་དཀྱིལ་ཆོག་གི་སྐོར་དང་། སུམ་རྟགས་དག་སུམ། བསྡུས་རྟགས་བློ་གསུམ་སོགས་གཞི་རིམ་གྱི་ཆ་རྐྱེན་རྣམས་གང་ལ་གང་འཚམས་ཞིག་སྦྱངས་པ་མཛད། སྤྱི་ལོ་༢༠༡༡ ནས་དཔལ་སྒང་སྟེང་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་དུ་སློབ་གཉེར་གནང་ཤིང་། གཞན་ཡང་སེ་ར་ཐེག་ཆེན་གླིང་དང་། ཝཱ་ཎ་དབུས་བོད་ཀྱི་ཆེ་མཐོའི་གཙུག་ལག་སློབ་ཁང་སོགས་སུ་དམིགས་བསལ་སློབ་གཉེར་མཛད། སླར་སྒང་སྟེང་མཐོ་སློབ་ཆེན་མོར་ཞིབ་འཇུག་ལྟེ་གནས་ཁང་དུ་རྙིང་རྒྱུད་ཞིབ་འཇུག་མཛད་པ་དང་། ད་ལོར་སྒང་སྟེང་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང་། སྒང་སྟེང་སྔ་འགྱུར་པད་གླིང་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་གྱི་ཕྱག་འགན་བཞེས་བཞིན་པ་ལགས།།
ཐབས་ཤེས་ཀྱི་མཆོག།
༈ དུས་རབས་བརྒྱད་པའི་ནང་ཕེབས་པའི་སྔ་འགྱུར་གྱི་མཁས་པ་འགའ་དང་། ཕྱིས་སྔ་འགྱུར་བསྟན་པའི་ཞབས་སྟེགས་སུ་ཕེབས་པའི་ཀུན་མཁྱེན་རྣམ་གསུམ་སོགས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ངོ་བོ་ཇི་ལྟར་གསུངས་ཡོད་པ་དང་། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཉམས་བཞེས་དང་མན་ངག་གི་བརྒྱུད་སྲོལ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཞེས་པ་བསམ་པ་བཟང་པོ་དང་གནས་ལུགས་ཇི་ལྟ་བ་བཞིན་དུ་འཛིན་པའི་བློ་གཉིས་ཚོགས་ལ་ངོས་འཛིན་པ། དེས་ན་དོན་དམ་སེམས་བསྐྱེད་ཀྱང་ཀུན་རྫོབ་སེམས་བསྐྱེད་ཀྱི་ནང་གསེས་ཞིག་ཡིན་པས་དེ་གཉིས་སུ་ཕྱེ་བའང་ཐབས་ཤེས་ཀྱི་ལྡོག་ཆ་ནས་བཞག་པ་ཙམ་ཡིན་ཚུལ་སྐོར་ཞུ་རྒྱུ་ལགས།།
| |
17:30
མཇུག་བསྡུའི་གསལ་བཤད་དང་སྨོན་ཚིག
Closing Chants and Remarks
| |
| ཆོས་གླེང་ཉིན་ ༢ ་པ། སྤྱི་ཟླ་ ༥ ་པའི་ ཚེས་ ༡༤ ་ལ། | 14 May 2026 |
8:30
ཞལ་འདོན་དང་དྲྭ་རྒྱའི་སྒོ་འབྱེད།
Opening Chants and Website Launch
| |
9:00
མཁན་པོ་ངག་དབང་ཐོགས་མེད། དབུས་བོད་ཀྱི་ཆེ་མཐོའི་གཙུག་ལག་སློབ་གཉེར་ཁང་།
Khenpo Ngawang Thokme, Central Institute of Higher Tibetan Studies ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ བོད་གཙང་རུ་ལག་གི་ཆ། ལ་སྟོད་ལྷོ་པ་དྲུག་རས་ཕུད་ཅེས་པའི་གྲོང་གསེབ་ཏུ་འཁྲུངས། དགུང་ལོ་ ༧ ནས་ལོ་ ༨ ཀྱི་རིང་བོད་དུ་སློབ་གྲྭར་ཕེབས། སྤྱི་ལོ་ ༢༠༠༥ ལ་ཤར་ཁུམ་བུར་མདོ་སྔགས་ཆོས་རྫོང་དགོན་དུ་ཆོས་སྒོར་ཞུགས། སྤྱི་ལོ་ ༢༠༠༧ ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་ཀྱིས་མི་ལོ་ ༡༠ ཡི་རིང་ལ་གཞུང་ལུགས་གྲགས་ཆེན་བཅོ་བརྒྱད་ཆ་ལག་བཅས་པས་གཙོས་རིག་གནས་ཁག་ལ་བརྩོན་པ་གང་ཐུབ་མཛད་དེ། སྤྱི་ལོ་ ༢༠༡༥ ལ་བཀའ་བཅུ་པ་དང་། ༢༠༡༧ ལ་སློབ་དཔོན་གྱི་མཚན་གནས་དང་། ༢༠༢༢ ལོར་མཁན་པོའི་གོ་གནས་བཞེས། ས་སྐྱ་མཐོ་སློབ་ཁང་དུ་ལོ་ ༢ ཀྱི་རིང་དགེ་རྒན་མཛད་དེ་འཛིན་གྲྭ་ཁྲིད། ༢༠༡༧ ནས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ཆེན་མོར་ས་སྐྱ་རང་གཞུང་གི་སློབ་ཁྲིད་དགེ་རྒན་གནང་མུས་ཡིན།།
གཡག་གཞོན་གཉིས་ཀྱི་སེམས་བསྐྱེད་ཀྱི་བཞེད་པ།
༈ གུས་པའི་དཔྱད་རྩོམ་སྒྲོག་སྦྱངས་ནི་དཔལ་ལྡན་ས་སྐྱ་པའི་མཁས་པ་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་ཡ་གྱལ་མདོ་ལ་མཁས་པ་གཡག་རོང་གཞོན་གསུམ་ལས། ཕྱིས་ཀྱི་མཚན་ཉིད་པ་ཐམས་ཅད་ཀྱི་འབྱུང་ཁུངས་གཡག་རོང་གཉིས་ཀྱི་སེམས་བསྐྱེད་ཀྱི་བཞེད་ཚུལ་མདོར་བསྡུས་ཏེ་ཞུ་རྒྱུ་ཡིན། དེ་ཡང་མཉམ་མེད་རེད་མདའ་བའི་བཞེད་པ། མཁན་ཆེན་གཡག་པའི་བཞེད་པ། སེམས་བསྐྱེད་ཐུན་གཅིག་མའི་ཉམས་ལེན་བཅས་གསུམ་གྱི་སྒོ་ནས་ཞུ་རྒྱུ་ཡིན། ༡༽ རྗེ་བཙུན་རེད་མདའ་བའི་བཞེད་པ། མཉམ་མེད་རེད་མདའ་བའི་ལུགས་ལ་ ༡ སེམས་བསྐྱེད་ཀྱི་མཚན་ཉིད་དང་མཚན་གཞི། ༢ “སྨོན་འཇུག་གཉིས་ལས་མ་གཏོགས་པའི་སེམས་བསྐྱེད་མཚན་ཉིད་པ་གཞུང་གང་ནས་ཀྱང་མ་བཤད་པའི་ཕྱིར་” སེམས་བསྐྱེད་ལ་སྨོན་འཇུག་གཉིས་སུ་ངེས་པ། “དེ་ཉིད་སྦྱིན་སོགས་གྲོགས་ཀྱིས་མ་ཟིན་པ་སྨོན་པ་དང་། སྒྲུབ་པའི་གྲོགས་ཀྱིས་ཟིན་པ་འཇུག་པ་སེམས་བསྐྱེད་དུ་” ཁས་ལེན་པའི་སྨོན་འཇུག་གི་ཁྱད་པར། ༣ “གཉིས་ཀ་ལྟར་ཡང་སེམས་བསྐྱེད་པའི་སྒྲ་དོན་འགལ་བ་མེད་པའི་ཕྱིར།” སེམས་བསྐྱེད་ལ་གཙོ་སེམས་ཀྱིས་མ་ཁྱབ་པ། ༤ “སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན་ཐོབ་བྱ་བྱང་ཆུབ་ཀྱི་རང་བཞིན་མི་ཤེས། དེ་མ་ཤེས་ན་བྱང་ཆུབ་ལ་ཡོད་མེད་གང་རུང་གི་མཚན་མར་འཛིན་པའི་ལོག་ལྟས་བསླད་པས་ཕྱི་རོལ་པའི་སེམས་བསྐྱེད་བཞིན་དུ་སེམས་བསྐྱེད་རྣལ་མར་མི་འགྲོ།” བའི་ཕྱིར་ན། སེམས་བསྐྱེད་རྣལ་མ་སྐྱེ་བ་ལ་སྟོང་ཉིད་རྟོགས་པའི་བློ་སྐྱེ་དགོས་པ། ༥ “བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དང་། བསླབ་བྱ་ལ་སློབ་པ་མེད་པས་” སངས་རྒྱས་ས་ན་སེམས་བསྐྱེད་མེད་པའི་སྐོར་རྣམས་གཙོ་བོར་གླེང་རྒྱུ་ཡིན། ༢༽ མཁན་ཆེན་གཡག་པའི་བཞེད་པ། མཁན་ཆེན་གཡག་པའི་བཞེད་པ་ལ། ༡ སེམས་བསྐྱེད་ཡིན་ན་གཙོ་སེམས་ཡིན་དགོས་པ་དང་། ༢ “བསམ་པས་སྨོན་པ་བྱེད། སྦྱོར་བས་འཇུག་པ་བྱེད་པའི་” སྨོན་འཇུག་གཉིས་ཀྱི་ཁྱད་པར་དང་ས་མཚམས། ༣ “དོན་དམ་སེམས་བསྐྱེད་དེ་ (སྨོན་འཇུག་) གང་ཡང་མིན་པའི་ཕྱིར་” སེམས་བསྐྱེད་ཡིན་ན་སྨོན་འཇུག་གི་སེམས་བསྐྱེད་གང་རུང་གིས་མ་ཁྱབ་པ། ༤ “སྔར་མ་བསྐྱེད་པ་སྐྱེད་པར་བྱེད་པ་མེད་ཀྱང་། སྐྱེས་ཟིན་མཐར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་ཡོད་པའི་ཕྱིར།” སངས་རྒྱས་ས་ན་སེམས་བསྐྱེད་ཡོད་པའི་སྐོར་བཅས་ཞུ་རྒྱུ་ཡིན།། | |
10:00
གསོལ་ཇའི་བར་གསེང་།
Tea break
| |
10:30
མཁན་པོ་དཀོན་མཆོག་བསམ་འགྲུབ། འབྲི་གུང་མཐོ་སློབ་ཆེན་པོ།
རྩོམ་ཤོག PDF ཡིག་ཆ་ཕབ་ལེན་བྱོས། Khenpo Koncho Samdrup, Drigung Institute of Higher Education Read presentation paper here. ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ ཕ་ཡུལ་ལ་དྭགས་སྟོད་བྱང་ཐང་ཆུ་ཤུལ་དུ་འཁྲུངས། ཆུང་དུས་ན་ཡི་གེ་འབྲི་ཀློག་དང་འདོན་ཆོས་སྤྱོད་ཚང་མ་མི་ལོ་བཅུ་ལྷག་གི་རིང་སྦྱངས་པ་མཛད། ཕྱི་ལོ་ ༢༠༠༨ ལོར་ནས་ ༢༠༡༩ དབར་གདན་སའི་བཀའ་བརྒྱུད་ནང་བསྟན་མཐོ་རིམ་སློབ་གྲྭ་ཆེན་མོར་ཐུན་མོང་སུམ་རྟགས་སྙན་གསུམ་སྤྱི་དང་ཁྱད་པར་མདོ་སྔགས་གཞུང་ལུགས་ལ་བསླབ་པ་མཐར་སོན་གནང་། དེ་བཞིན་སྤྱི་ལོ་ ༢༠༡༦ ལོ་ནས་གྲུབ་དབང་ནུབ་པ་རིན་པོ་ཆེ་བསྟེན་ཏེ་ལྔ་ལྡན་སྔོན་འགྲོའི་ཐུན་མོང་དང་ཐུན་མིན་ཆ་ཚང་སྐྱེལ་བར་མཛད། སྤྱི་ལོ་ ༢༠༢༡ ལོར་འབྲི་གུང་ ༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་མདོ་སྔགས་རབ་འབྱམས་པའི་མཁན་པོའི་མཚན་གསོལ་མཛད། ༢༠༡༩ ནས་བཟུང་སྟེ་མཐོ་སློབ་ཏུ་སུམ་རྟགས་སྙན་གསུམ་རིག་གནས་སྤྱི་དང་ཁྱད་པར་དྭགས་པོ་ཐར་རྒྱན། སྤྱོད་འཇུག དབུ་མ་འཇུག་པ་སོགས་དཔེ་ཁྲིད་མཛད་དང་མཛད་མུས་ཡིན་ཅིང་། ༢༠༢༤ ལོ་ནས་བཟུང་མཐོ་སློབ་འཛིན་སྐྱོང་ལྷན་ཚོགས་ནང་སློབ་སྤྱི་གཞོན་པའི་ཕྱག་འགན་ཡང་བཞེས་ནས་བཞུགས། གསུང་རྩོམ་སྙན་ངག་གི་དེབ་ཕྲེང་གཉིས་ཙམ་ཐོན་ཡོད་ཅིང་། ལྷག་ཏུ་དགོངས་གཅིག་གི་ཐོག་རིགས་གཅིག་རྐང་འཛིན་གནང་བཞིན་ཡོད།།
བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཐོག་ནས་སྙིང་དོན་གསལ་བཤད།
༈ དཔྱད་རྩོམ་བརྗོད་གཞི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཐོག་ནས་སྙིང་དོན་བཤད་པ་ལ། ༡༽ གཞི་རྩ་འཛིན་ས་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོ་དམ་ཆོས་དགོངས་པ་གཅིག་པ། ༢༽ བསླབ་པ་བྱང་སེམས་གནད་བསྡུས་ཀྱི་ཚོགས་ལས་རྡོ་རྗེ་གསུང་། “ཐེག་པ་ཆེན་པོ་ནི་སྙིང་རྗེས་ཁྱད་པར་དུ་བྱས་པས་སྙིང་རྗེ་ལ་བྱང་ཆུབ་སེམས་སུ་འདོད་པ་མང་མོད་ཀྱི། འདིར་ནི་སྙིང་རྗེ་དང་བྱང་ཆུབ་སེམས་ཐ་དད་པ་ཡིན་པར་བཞེད་དོ། །” ཞེས་གསུངས། ༣༽ དེར་མཁས་པ་སྤྱིས་བཞེད་ཀྱི་ཚུལ་དུ་གཞན་ལུགས་འགོད་པ། ཁྱད་པར་རང་ལུགས་ཀྱི་དགོངས་པ་འགྲེལ་བ། མཐའ་དོན་རང་ཉིད་ཀྱི་འདོད་པས་མཇུག་སྒྲིལ་བའོ།། | |
11:30
དགེ་བཤེས་འཇམ་དབྱངས་ཚུལ་ཁྲིམས། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་།
Geshe Jamyang Tshultrim, Sera Med Monastery ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ ཕྱི་ལོ་ ༡༩༩༤ ལོར་གདན་ས་ཆེན་པོ་སེ་ར་སྨད་ཐོས་བསམ་ནོར་བུ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་ཏེ། ༢༠༡༧ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་བརྒྱུད་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་གནང་ཞིང་། ༢༠༡༩ ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་སྔགས་རམས་པའི་ཕྱག་འཁྱེར་བཞེས། ཚོགས་ཆོས་འགྲིམ་ཞོར་དུ་ཐུན་མོང་གི་རིག་གནས་དང་། དཔེ་ཁྲིད་བྱེད་ཞོར་ ༢༠༠༥ ནས་ཚན་རིག་ལ་དོ་སྣང་ཆེན་པོས་ཨེ་མོ་རི་ཚན་རིག་ཟབ་སྦྱོང་གིས་མཚོན་ཚན་རིག་ཟབ་སྦྱོང་ཁག་འགར་ ༢༠༡༣ བར་མཉམ་ཞུགས་མཇུག་སྐྱོང་དང་། ༢༠༡༢ ནས་སེ་ར་སྨད་ཚན་རིག་སྡེ་ཚན་གྱི་འགན་འཛིན་ལོ་ལྔའི་རིང་གནང་། ༢༠༡༩ ལོ་ནས་བཟུང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་དང་། རིག་ནུས་ལས་གཞིའི་ (AI) སྒྲ་འཛིན་དང་ཀློག་འདོན་ཚན་པའི་འགན་འཛིན་སོགས་ཀྱི་ཕྱག་འགན་བཞེས།
དེང་སྐབས་སྨོན་ལམ་ཚིག་མཛོད་ཆེན་མོའི་འཛིན་སྐྱོང་འགན་འཛིན་གནང་བཞིན་པ་དང་། དཔེ་ཁྲིད་ཀྱི་ཞོར་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་མངོན་པ་མཛོད་ཀྱི་རིགས་གཅིག་རྐང་འཛིན་ཉམས་ཞིབ་པའི་ཕྱག་འགན་བཞེས་བཞིན་པ་ཡིན།།
བྱང་ཆུབ་གཞུང་ཤིང་ཀུན་འདུས་སྙེ་མ།
༈ གནད་བསྡུས་སྙིང་པོ། ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། འདིའི་སྐོར་ལ་ས་བཅད་བཞིའི་སྒོ་ནས་གཏམ་བཤད་ཞུ་རྒྱུ་ཡིན། ༡༽ སེམས་བསྐྱེད་སྤྱིའི་ངོ་སྤྲོད། སེམས་བསྐྱེད་ཀྱི་གོ་དོན་ཏེ། གཞན་དོན་དུ་སངས་རྒྱས་འཐོབ་པར་འདོད་པའི་འདུན་པ་གཉིས་དང་ལྡན་པའི་སེམས་ཀྱི་ངོ་བོ་དང་། དེ་ཉིད་ཐེག་ཆེན་གྱི་ལམ་དུ་འཇུག་པའི་སྒོ་གཅིག་པུ་ཡིན་པའི་གནད་དོན་གླེང་རྒྱུ་ཡིན། ༢༽ ས་བཅད་གཉིས་པ། ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་ཀྱི་བཞེད་ཚུལ། སྙིང་རྗེ་རྩ་བར་གྱུར་པའི་ཀུན་རྫོབ་སེམས་བསྐྱེད་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་དམ་སེམས་བསྐྱེད་གཉིས་ཀྱི་ཁྱད་པར་དང་། དེ་གཉིས་ཐབས་ཤེས་ཟུང་འབྲེལ་གྱི་ཚུལ་དུ་ཉམས་སུ་ལེན་དགོས་པའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ངོ་སྤྲོད་ཞུ་རྒྱུ་ཡིན། ༣༽ ས་བཅད་གསུམ་པ། སྨོན་འཇུག་སེམས་བསྐྱེད་ཀྱི་ཁྱད་པར། ཀུན་རྫོབ་སེམས་བསྐྱེད་ལ་ལག་ལེན་གྱི་གོ་རིམ་གཉིས་ཡོད་པ་སྟེ། འགྲོ་བར་འདོད་པའི་སྨོན་པ་དང་། དངོས་སུ་ལམ་ལ་འགྲོ་བའི་འཇུག་པ་སེམས་བསྐྱེད་གཉིས་ཀྱི་དཔེ་དོན་དང་ཁྱད་པར་གསལ་བཤད་བྱ་རྒྱུ་ཡིན། ༤༽ ས་བཅད་བཞི་པ། མན་ངག་དང་བརྒྱུད་པའི་ཉམས་བཞེས། རྒྱ་གར་གྱི་ཤིང་རྟ་ཆེན་པོ་རྣམས་ལས་བརྒྱུད་པའི་རྒྱུ་འབྲས་མན་ངག་གནད་བདུན་དང་བདག་གཞན་མཉམ་བརྗེ་ཡི་མན་ངག་རྣམས་བོད་དུ་ཇི་ལྟར་དར་ཚུལ་དང་། དེ་དག་དེང་རབས་ཀྱི་འཚོ་བའི་ཁྲོད་ཉམས་སུ་ལེན་པའི་ཐབས་ལམ་བཅས་ཀྱིས་མཇུག་བསྡུ་རྒྱུ་ཡིན། མཇུག་སྡོམ། གསུང་བཤད་འདིའི་དམིགས་ཡུལ་གཙོ་བོ་ནི། སེམས་བསྐྱེད་ཀྱི་ལྟ་གྲུབ་ཟབ་མོ་རྣམས་གཞུང་ལུགས་ཀྱི་ཚིག་ཙམ་མ་ཡིན་པར། མི་ཚེའི་ནང་གི་ལག་ལེན་གྱི་སྙིང་པོར་ཇི་ལྟར་སྒྱུར་དགོས་པའི་སྐོར་གོ་བརྡ་སྤྲོད་རྒྱུ་དེ་ཡིན།། | |
12:30
ཉིན་དགུང་གསོལ་ཚིགས།
Lunch
| |
14:00
མཁན་མོ་ཨོ་རྒྱན་སྒྲོལ་མ། ཤུག་གསེབ་བཙུན་དགོན།
Khenmo Ogyen Drolma, Shugseb Nunnery ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ བོད་ལྗོངས་ལོ་ཁའི་ཡུལ་དུ་འཁྲུངས་ཤིང་ཆུང་དུས་དམའ་རིམ་སློབ་འབྲིང་བར་སློབ་སྦྱོང་མཛད་རྗེས་བོད་ཤུག་གསེབ་དགོན་དུ་བཙུན་མར་ཞུགས་ནས་ཤུག་གསེབ་རིན་པོ་ཆེའི་སྐུ་མདུན་ནས་སྙིང་ཐིག་རྩ་པོད་སོགས་ཀྱི་དབང་ལུང་གསན། སྙིང་ཐིག་འདོན་ཆ་སོགས་བློ་འཛིན་གནང་། སྤྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར། རྡ་རམ་ས་ལ་སྔ་འགྱུར་ཤུག་གསེབ་བཙུན་དགོན་གསར་དུ་ཚུགས་པ་དང་མཁན་རིན་པོ་ཆེ་པདྨ་ཤེས་རབ་སོགས་དགེ་རྒན་རྣམས་ཀྱིས་བཤད་གྲྭའི་སློབ་ཚན་གཏན་འབེབས་གནང་བ་བཞིན་སློབ་གཉེར་མཛད། འཛིན་གྲྭ་ཐོན་པའི་རྗེས་དགོན་པའི་འགན་འཛིན་སོགས་ཀྱི་ལས་འགན་ལོ་མང་གནང་ཞིང་། དེ་བཞིན་རྒྱ་གར་བྱང་ཕྱོགས་ཨ་སམ་ཕྱོགས་ལ་ལོ་བཞི་དགེ་རྒན་དུ་ཕྱིན། ད་ལྟའི་ཆར་ཤུག་གསེབ་དགོན་དུ་མཁན་མོའི་མཚན་གནས་བཞེས་ནས་དགེ་རྒན་གནང་བཞིན་པ་ལགས།།
བྱང་ཆུབ་སེམས་ཀྱི་ཤིང་རྟར་བཞོན་པའི་སྔ་འགྱུར་དྲང་སོང་བརྒྱུད་པ་རྣམས་ཀྱིས་ཉམས་སུ་ལེན་ཚུལ་ཅུང་ཙམ་གླེང་བ།
༈ དེ་ལ་སྤྱིར་བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་བདེ་བ་འདོད་པ་རྣམས་ཀྱི་ཞེ་འདོད་འགྲུབ་པའི་གནད་གཅིག་པུ་དེ་ཡིན་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན། འོན་ཀྱང་ཡུལ་དང་དུས་གནས་སྐབས་མི་འདྲ་བར་མིང་འདོགས་མི་འདྲ་བ་དང་། མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་མི་འདྲ་བའི་ཁྱད་པར་གྱིས་སྒྲུབ་ཚུལ་ལ་ཁྱད་པར་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་ནི་གོར་མ་ཆག དེ་ལ་འདིར་བོད་རྒྱུད་ནང་བསྟན་གྱི་གཞིའམ་རྩ་བར་གྱུར་པ་སྔ་འགྱུར་བའི་མཁས་གྲུབ་རྣམས་ཀྱི་ཁྲོད་ནས་ཀློང་ཆེན་སྙིང་ཐིག་གྱི་བསྟན་པའི་བདག་པོ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་གཙོ་བོར་འགྱུར་བའི་རིག་པ་འཛིན་པ་རྣམས་ཀྱིས་ཉིན་རེའི་བྱང་ཆུབ་སེམས་བསྐྱེད་དང་འབྲེལ་བའི་ཉམས་ལེན་མཛད་ཚུལ་མདོར་ཙམ་ཞུ་རྒྱུ་ཡིན།།
| |
15:00
སློབ་དཔོན་བདེ་ཆེན་དབང་མོ། དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
Lopon Dechen Wangmo, Central Institute of Higher Tibetan Studies ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ རྒྱ་གར་ཤར་ཕྱོགས་བསྟན་འཛིན་སྒང་དུ་འཁྲུངས་ཤིང་། གཞི་རིམ་སློབ་གྲྭ་རིམ་ཐོན་གྱིས་ཕྱི་ལོ་ ༡༩༩༦ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ཤཱསྟྲི། (BA) དགེ་རྒན་འོས་སྦྱོང་། (BEd) ཨཱཙཱརྱ། (MA) དེ་བཞིན་ཨེམ་ཕིལ་ (M.Phil) སློབ་མཐར་ཕྱིན། གཞན་ཡང་ ༸སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེའི་དྲུང་ནས་དཔལ་ས་སྐྱའི་ཟབ་ཆོས་གསུང་ངག་ལམ་འབྲས་ཀྱིས་མཚོན་ཁྲིད་དང་དབང་ལུང་མན་ངག་སོགས་དུ་མ་གསན།
སྤྱི་ལོ་ ༢༠༠༩ ནས་ ༢༠༢༠ བར་རྒྱ་གར་དེ་ར་དཱུན་དུ་ལོ་ངོ་བཅུ་གཅིག་རིང་དཔལ་ས་སྐྱའི་བཙུན་མའི་མཐོ་སློབ་ཏུ་སློབ་སྤྱིར་བསྐོ་བཞག་གནང་བ་ལྟར་ལས་འཁུར་མཛད་ཅིང་། དེ་བཞིན་ལས་ཞོར་དུ་བཙུན་མ་རྣམས་ལ་སྙན་ངག་སོགས་བོད་ཀྱི་རིག་གནས་ཁག་ལོ་མང་རིང་སློབ་ཁྲིད་མཛད། ཕྱི་ལོ་༢༠༢༡ ནས་ལོ་གཉིས་ཙམ་རིང་ཝཱ་ཎ་མཐོ་སློབ་ཏུ་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་ཝཱ་ཎ་མཐོ་སློབ་ཟུང་འབྲེལ་ཐོག་པཱ་ལིའི་སྐད་དུ་བཞུགས་པའི་སངས་རྒྱས་ཀྱི་མདོ་བོད་སྐད་དུ་ཕབ་སྒྱུར་གྱི་ལས་གཞིའི་འབྲེལ་མཐུད་པའི་འགན་འཁུར་བཞེས་པ་དང་། གཞན་ཡང་སློབ་དཔོན་ཞི་གནས་ལྷས་མཛད་པའི་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བའི་པར་མ་བཞི་ཞིབ་བསྡུར་སོགས་མཛད། སྤྱི་ལོ་ ༢༠༢༣ ལོར་ཝཱ་ཎ་མཐོ་སློབ་དེ་ཉིད་དུ་ཉམས་ཞིབ་ཀྱི་སློབ་གཞིར་དངོས་སུ་ཞུགས་ཤིང་། ད་ལྟའི་ཆར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཉམས་ཞིབ་ཀྱི་ཞོར་དུ་དཔལ་ས་སྐྱའི་རང་གཞུང་དཔེ་ཁྲིད་སློབ་དཔོན་དང་། སྒྱུ་རྩལ་སྡེ་ཚན་གྱི་བསྟན་བཅོས་ལོ་རིམ་ལ་སྙན་ངག་སློབ་ཁྲིད་གནང་མུས་དང་། དེ་བཞིན་ཝཱ་ཎ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་འཁུར་བཞིན་ཡོད།།
ཀུན་མཁྱེན་རོང་སྟོན་པས་བཞེད་པའི་བྱང་ཆུབ་སེམས་ཀྱི་སྐོར།
༈ ས་བཅུའི་ཚུལ་བཟུང་མི་ཕམ་ཞལ་བསྟན་ཅིང་། །མི་ཕམ་ཉིད་བཞིན་ལྔ་རིག་མཚོ་ཆེན་གྱི། །ཐུགས་རྗེའི་ཕྱག་རིང་གངས་ཅན་ལྗོངས་སུ་བསྐྱངས། །རོང་སྟོན་སྨྲ་བའི་དབང་པོ་ཕྱག་གི་ཡུལ། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་ཤིང་གཤེགས་པར་འགྱུར་བའི་ཤུལ་ལམ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ། བྱང་ཆུབ་སེམས་རིན་པོ་ཆེ་འདི་ཉིད་འཆད་པ་སྐབས་སུ་བབ་པས། འདིའི་སྙིང་པོ་མདོར་བསྡུས་པ་ལ། དེ་ཡང་ཐོག་མར་གལ་ཆེ་བ་ལུས་ཀྱི་རྟེན་ནི། །འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་འདོད་པ་ཁམས་པ་དང་གཟུགས་ཁམས་ཀྱི་ལྷའི་རྟེན་ཅན་ལ་སྐྱེ་ལ། བསམ་པའི་རྟེན་ནི། སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་ལ་སྐྱེ་བར་གསུངས། དེ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་བྱེད་ཀྱི་རྒྱུ་ལ། རྐྱེན་གྱིས་ཡོངས་སུ་སད་པའི་རིགས་ཀྱི་ནུས་པ་སྟེ་ཉེར་ལེན་གྱི་རྒྱུ་དང་། རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་ལ་རབ་ཏུ་དང་བའི་དད་པ་དང་། སེམས་ཅན་གཞན་གྱི་དོན་ལ་དོན་དུ་གཉེར་བའི་སྙིང་རྗེ་གཉིས་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ།། དེ་ནས་འཐོབ་པར་བྱ་བ་སེམས་བསྐྱེད་ཀྱི་མཚན་ཉིད། དམིགས་ཡུལ། ངོ་བོ་སེམས་སེམས་བྱུང་གང་ཡིན་པ། སྨོན་འཇུག་གི་སྒོ་ནས་དབྱེ་བ་བྱ་ཚུལ། ང་བོའི་སྒོ་ནས་དབྱེ་བ་བྱ་ཚུལ། དོན་དང་དཔེ་དང་ཆོས་མཐུན་གྱི་སྒོ་ནས་དབྱེ་བ་བྱ་ཚུལ་རྣམས་འཆད་ལ། དེ་རྣམས་ཀྱི་ས་མཚམས། དེ་བཞིན་སེམས་བསྐྱེད་པའི་ཆོ་ག་མི་འདྲ་བ་གང་ཡོད། དེ་ནས་སེམས་བསྐྱེད་སྤྱི་དང་ཁྱད་པར་གྱི་བསླབ་བྱ་ལ་སློབ་པའི་ཚུལ། སེམས་བསྐྱེད་ཐོབ་པའི་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ་བཅས་ཀྱི་སྒོ་ནས་འཆད་དོ། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་འཛིན་ཅིང་། །མཐུ་ལྡན་དམ་ཅན་སྲུང་མའི་གྲོགས་དང་བཅས། །ལམ་གྱི་སྙིང་པོ་བྱང་ཆུབ་སེམས་མཆོག་ཆེར། །ཉིན་མཚན་ཀུན་ཏུ་འབད་པར་བྱིན་གྱིས་རློབས།། | |
16:00
གསོལ་ཇའི་བར་གསེང་།
Tea break
| |
16:30
སློབ་དཔོན་པདྨ་བསྟན་འཛིན། འབྲུག་ནཱལནྡཱ་བཤད་གྲྭ།
རྩོམ་ཤོག PDF ཡིག་ཆ་ཕབ་ལེན་བྱོས། Lopon Pema Tenzin, Druk Nalanda Shedra Read presentation paper here. ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ འབྲུག་སྤུངས་ཐང་ཁར་འཁྲུངས་ཤིང་། ཆུང་དུས་ནས་སྤུངས་ཐིམ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་བྲིས་ཀློག་ཡོན་ཏན་གཙོས་ཆོ་ག་ཕྱག་ལེན་གྱི་སྐོར་ལ་སྦྱང་བ་སྔོན་དུ་བཏང་ནས། གཞུང་གྲྭ་ཚང་གི་ལས་ཚོགས་སློབ་དཔོན་སྐུ་བགྲེས་ཡེ་ཤེས་རིན་ཆེན་ནམ་འཆི་མེད་དང་། ཚོགས་སློབ་སངས་རྒྱས་མཁའ་འགྲོའི་སྐུ་འདུན་ནས་དག་ཡིག་སུམ་རྟགས་སྙན་ངག་དབུ་མ་ཚད་མ་ཕར་ཕྱིན་སོགས་ལོ་བདུན་གྱི་རིང་ལ་སྦྱངས་པ་མཛད། དེ་ནས་སྤྱི་ལོ་ ༢༠༠༢ རྒྱ་གར་ལྷོ་ཕྱོགས་གདན་ས་སྟག་ཚང་རྭ་བ་སྟོད་པའི་གྲྭ་ཚང་དུ་འཛུལ་ཞུགས་གནང་སྟེ་བློ་རྟགས་བསྡུས་གསུམ་དང་། ཕར་ཕྱིན་ལོ་ལྔའི་རིང་སྦྱངས། དེ་ནས་ ༢༠༡༡ ནས་ ༢༠༡༦ གི་བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་བསླབ་པ་ཐར་སོན་ནས་ད་ལྟ་འབྲུག་སྤུངས་ཐང་ཁ་ནཱལནྡཱ་བཤད་གྲྭའི་དབུ་འཛིན་གྱི་ཕྱག་འགན་བཞེས་ནས་ཡོད།།
དོན་དམ་བྱང་ཆུབ་སེམས་ཀྱི་སྐོར་རང་ལུགས་འབྲུག་ཆེན་གོང་མ་རྣམས་ཀྱི་དགོངས་པ་རང་གི་ལྟ་ཚུལ་ལྟར་གླེང་བ།
༈ བྱང་ཆུབ་སེམས་ཀྱི་ཆོས་འཁོར་བགྲོ་གླེང་སྐབས་གུས་པས་གཏམ་བཤད་བྱ་རྒྱུའི་བརྗོད་གཞི་གཙོ་བོ། དོན་དམ་སེམས་བསྐྱེད་སེམས་བསྐྱེད་མཚན་ཉིད་པ་ཡིན་མིན་དང་། དོན་དམ་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སྨོན་འཇུག་གཉིས་ཡོད་པ་བཞེད་མི་བཞེད། དོན་དམ་སེམས་བསྐྱེད་ཆོ་གའི་སྒོ་ནས་བླང་པ་ཡོད་མེད་ཀྱི་སྐོར་ལ་འབྲུག་ཆེན་པདྨ་དཀར་པོའི་དགོངས་པ་གཙོ་བོ་བཟུང་། དེ་མདོ་རྒྱུད་དང་རྒྱ་གར་མཁས་པའི་གཞུང་གང་ལ་ཁུངས་གཏུགས་ནས་བཤད་ཡོད་པ་དང། དམིགས་བསལ་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་མཁས་པའི་བཞེད་ཕྱོགས་དང་མི་འདྲ་བ་གང་ཡོད་གསལ་སྟོན་བྱས་ནས་ཞུ་རྒྱུ་ཡིན།།
| |
17:30
མཇུག་བསྡུའི་གསལ་བཤད་དང་སྨོན་ཚིག
Closing Chants and Remarks
| |
| ཆོས་གླེང་ཉིན་ ༣ ་པ། སྤྱི་ཟླ་ ༥ ་པའི་ ཚེས་ ༡༥ ་ལ། | 15 May 2026 |
8:30
ཞལ་འདོན་དང་དཔེ་དེབ་གསར་སྟོན།
Opening Chants and Book Launch
| |
9:00
དགེ་བཤེས་སྤྲུལ་སྐུ་བསྟན་འཛིན་ཆོས་འཕགས། དགའ་ལྡན་བྱང་རྩེ་གྲྭ་ཚང་།
Geshe Trulku Tenzin Chophak ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ གོང་མ་དགེ་བཤེས་ཨ་ཕྲིང་རིན་པོ་ཆེའི་ཡང་སྲིད་དུ་ ༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པས་ངོ་འཛིན་གནང་ཞིང་། སྤྱི་ལོ་ ༢༠༠༢ ནས་རྒྱ་གར་ལྷོ་ཕྱོགས་གཏན་གཞིར་བྱས་པའི་རི་བོ་དགེ་ལུགས་པའི་མ་དགོན་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། དེ་ནས་གྲྭ་ཚང་གི་འཛིན་རིམ་དང་། རི་བོ་དགེ་ལུགས་པའི་རྒྱུགས་སྤྲོད་མཐར་སོན་ཏེ། ད་ཆར་བལ་ཡུལ་རྟ་མང་ལུང་རྟོགས་ཐེག་ཆེན་ཆོས་འཁོར་གླིང་དུ་དཔེ་ཁྲིད་གནང་བཞིན་བཞུགས།།
སེམས་བསྐྱེད་གཙོ་སེམས་དང་སེམས་བྱུང་གང་ཡིན་སྐོར།
༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་དོན་ལ་བོད་ཀྱི་མཁས་པ་དག་གིས་འགྲེལ་ཚུལ་དང་། བཞེད་ཚུལ་མི་འདྲ་གཉིས་སུ་བཞུགས་པ་ལས། འགས་གཞུང་ཉིད་ལས་འདོད་ཅེས་གསུངས་འདུག་པའི་ཕྱིར། ཞེས་རྒྱུ་མཚན་ཀྱིས་དྲངས་ནས་སེམས་བསྐྱེད་སེམས་འབྱུང་གི་ངོ་བོ་འདོད་ལ། ཡང་འགས་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དགོངས་ཏེ། སེམས་བསྐྱེད་ནི་འདོད་པ་མིན་པར་གཙོ་སེམས་ཀྱི་ངོ་བོ་ཡིན་ནོ་ཞེས་བཞེད་པ་གཉིས་སུ་བཞུགས་ལ། འགྲེལ་ཚུལ་དང་བཞེད་པ་དེ་དག་ལས། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་གང་འཐད་ཕྱོགས་སུ་བཞེད་མིན་དང་། དེ་དག་ཏུ་འཐད་པར་སྒྲུབ་པའི་སྒྲུབ་བྱེད་གང་ཡིན་མིན། དེའི་རྗེས་སུ་འཇུག་པའི་དགེ་ལྡན་པའི་མཁས་གྲུབ་རྣམས་ཀྱིས་ཇི་ལྟར་བཞེད་མིན་བཅས་ཀྱི་སྐོར་ལགས་སོ།།
| |
10:00
གསོལ་ཇའི་བར་གསེང་།
Tea break
| |
10:30
དགེ་བཤེས་ཟླ་བ་བཟང་པོ། ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།
Geshe Dawa Zangpo, Jonang Ngedon Takten Shedrup Chokhorling ཞིབ་ཕྲ་ལ་གནོན།
Expand for bio and abstract
དགེ་བཤེས་ཟླ་བ་བཟང་པོ། ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་།
བལ་ཡུལ་མུ་གུམ་ཀརྨ་རོང་གི་རྨང་ཞེས་པའི་གྲོང་སྡེའི་དུད་ཁྱིམ་དུ་སྤྱི་ལོ་ ༡༩༩༨ ལ་འཁྲུངས། སྤྱི་ལོ་ ༢༠༠༦ ལ་ཇོ་ནང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ལ་གཏུགས་ཏེ་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་དུ་འཛུལ་ཞུགས་མཛད། དེ་ནས་བཅའ་འབུད་རྡུང་གསུམ་དང་སུམ་རྟགས་དག་གསུམ་སོགས་ཐུན་མོང་གི་རིག་གནས་བཅས་ལ་སྦྱངས་བརྩོན་གནང་ཤིང་། སྤྱི་ལོ་ ༢༠༡༠ ནས་མཁན་རིན་པོ་ཆེ་ངག་དབང་རིན་ཆེན་རྒྱ་མཚོ། དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཟེར་སོགས་ཀྱི་སྐུ་དྲུང་ནས་བསྡུས་གྲྭ། རྟགས་རིགས་སོགས་ཚད་མའི་སྐོར་གྱི་གཞུང་རྣམས་ལ་སྦྱང་པ་མཛད། ཇོ་ནང་བསྟན་པའི་རྒྱལ་ཚབ་མཁན་སྤྲུལ་ཆོས་ཀྱི་སྣང་བའི་སྐུའི་མདུན་ནས་དགེ་ཚུལ་དང་མཆོག་སྤྲུལ་འཇམ་དབྱངས་སྦྱིན་པའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཁྱད་པར་དུ་ཕྱི་ལོ་ ༢༠༡༦ ནས་མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་ནས་སླར་ཡང་ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་སོགས་གཞུང་ཆེན་བཀའ་པོད་ལྔ་དང་སྤྱོད་འཇུག་སོགས་ལམ་རིམ་གྱི་གཞུང་དུ་མ་ཁྲིད་ལུང་ཞུས་ཏེ། སྤྱི་ལོ་ ༢༠༢༢ ལ་བལ་ཡུལ་ཇོ་ནང་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་ནས་སློབ་དཔོན་གྱི་གནས་རིམ་དང་པོའི་ཕྱག་ཁྱེར་དང་། སྤྱི་ལོ་ ༢༠༢༤ ལོར་དཀའ་བཅུ་དགེ་བཤེས་མཚན་གནས་བཞེས་ཏེ་ད་ལྟ་རང་དགོན་དུ་དཔེ་ཁྲིད་རྒན་གྱི་འགན་འཁུར་བཞིན་ཡོད་པ་ལགས།།
དཔལ་ཇོ་ནང་པའི་ཆོས་བརྒྱུད་ལ་བྱང་ཆུབ་སེམས་ཀྱི་སྐོར།
༈ རྒྱལ་བ་ཇོ་མོ་ནང་མའི་ཆོས་བརྒྱུད་ལ་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོས་ཚུལ་སྐོར་བཤད་རྒྱུ་ལ། ༡) རྒྱལ་བ་ཇོ་ནང་བའི་གཞུང་ལུགས་ལས་བྱང་ཆུབ་ཀྱི་སེམས་རྒྱས་པར་བསྟན་པའི་གཞུང་ལུགས་གང་དག་ཡིན་པ་དང་། དེ་དག་ཀྱང་གཙོ་བོ་རྒྱ་གཞུང་གང་དག་ལ་བརྟེན་ནས་བཀྲལ་བ་དང་། ༢) བྱང་ཆུབ་ཀྱི་སེམས་བསྐྱེད་གཉིས་ཀྱི་ངོ་བོ་ངོས་འཛིན་ཚུལ་དང་དེ་ལ་དཔྱད་པ་བཅས་བརྗོད་དོན་གཙོ་གཉིས་ཀྱི་སྒོ་ནས་ཞུ་རྒྱུ་ཡིན།།
| |
11:30
མཁན་པོ་བསོད་ནམས་རྒྱལ་མཚན། གསང་ཆེན་རྡོ་རྗེ་ལྷུན་གྲུབ་བཙུན་མའི་མཐོ་རིམ་བཤད་གྲྭ།
Khenpo Sonam Gyaltsen, Sangchen Dorje Lhundrup Shedra ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ འཁྲུངས་ཡུལ་འབྲུག་སྤ་གྲོར་ཡིན་ཞིང་ཆུང་དུས་ནས་འབྲུག་གཞུང་སྤུངས་ཐིམ་གྲྭ་ཚང་དུ་འཛུལ་ཞུགས་མཛད་ནས་གཞི་རིམ་གྱི་བསླབ་པ་རྣམས་རིམ་པས་སྦྱངས་ཏེ་རྒྱ་གར་ཧེ་མ་ཅལ་ ༧བྱམས་མགོན་ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེའི་བཤད་གྲྭ་དཔལ་སྤུངས་ཤེས་རབ་གླིང་ནས་ལོ་ངོ་བཅུའི་རིང་གཞུང་ཆེན་སོགས་ལ་བློས་གང་ལྕོགས་སྦྱངས་པ་མཛད་ནས་བཤད་གྲྭ་དེ་ནས་བསླབ་པ་མཐར་སོན་ཡོད་པ་དང་། དེ་ནས་འབྲུག་ཡུལ་དུ་ལོག་ནས་ དཔལ་ལྡན་འབྲུག་པའི་རྗེ་མཁན་ཁྲི་རབས་བདུན་བཅུ་པ་ ༧སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་གཙོས་པའི་བཤེས་གཉེན་དམ་པ་དུ་མ་ནས་འབྲུག་ལུགས་ཀྱི་དབང་ལུང་ཁྲིད་མི་ཉུང་བ་རྙེད་པའི་བསྐལ་བཟང་དང་ལྡན་ནས་དེའི་སྐོར་ཉམས་ལེན་ལ་བརྩོན་བཞིན་བཞུགས།།
བྱང་ཆུབ་སེམས་ཀྱི་རྒྱུ་ངོ་བོ་དང་མི་མཐུན་ཕྱོགས་སེལ་ཚུལ་སྐོར།
༈ བརྗོད་གཞི་བྱང་ཆུབ་ཀྱི་སེམས་དེ་དོན་ཚན་གསུམ་དུ་བསྡུས་ཏེ་བརྗོད་པར་འདོད་པ་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ། བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་བོའི་བསྐོར་འགྲེལ་བཤད། བྱང་ཆུབ་ཀྱི་སེམས་དེས་མི་མཐུན་ཕྱོགས་སེལ་ཚུལ་བཅས་གསུམ་པོ་དེ་ཡང་འགྲོ་མགོན་བཀའ་རྒྱུད་གོང་མ་རྣམས་ཀྱི་དགོངས་པ་ལ་གཞི་བཅོལ་བའི་དུས་རབས་གསར་པ་ལ་མཁོ་བའི་རྒྱན་ཞེས་བྱ་བའོ།།
| |
12:30
ཉིན་དགུང་གསོལ་ཚིགས།
Lunch
| |
14:00
(བཤད་གྲྭའི་ཚོགས་ཁང་ཆེན་མོར་) དགེ་བཤེས་མ་ཆོས་པ་བསྟན་འཛིན་ལྷ་སྒྲོན། འཇམ་དབྱངས་ཆོས་གླིང་བཤད་གྲྭ། (དྲྭ་ཐོག)
Geshema Chopa Tenzin Lhadron, Jamyang Choling Shedra (online) ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ རྒྱ་གར་ལ་དྭགས་ཟངས་དཀར་གྱི་ལུང་པར་ཡོད་པའི་ཨུ་བ་རེག་གྲོང་གསེབ་ཏུ་འཁྲུངས། ལོ་ ༡༣ པར་ ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དྲུང་ནས་ཆོས་ཞུས་པ་དང་བསྟུན་ནས་ནང་བསྟན་ལ་མི་ཚེ་ཧྲིལ་པོ་ངོ་སྤྲོད་ཞུས། ༡༩༨༩ ལོར་དགེ་ཚུལ་མའི་སྡོམ་པ་བཞེས་ནས་བཞུགས་སྒར་དུ་གཏན་གཞི་བྱས་པའི་འཇམ་དབྱངས་ཆོས་གླིང་བཤད་གྲྭར་ལོ་བཅུ་ཕྲག་མང་པོའི་རིང་སངས་རྒྱས་ཐུགས་རྗེ་ཅན་གྱི་གསུང་དང་འཕགས་བོད་མཁས་པའི་གཞུང་ལ་སློབ་སྦྱོང་ཚད་ལྡན་མཛད། ༢༠༡༦ ལོར་ལོ་རྒྱུས་རང་བཞིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་བཙུན་མ་དང་པོ་དག་གི་གྲས་སུ་དགེ་བཤེས་མའི་མཐོ་རིམ་སློབ་སྦྱོང་ཐོན་མཁན་ཞིག་ཏུ་གྱུར། (འདི་ནི་ནང་བསྟན་ལྟ་གྲུབ་ཐོག་འབུམ་རམས་པ་དང་མཚུངས།) ༧གོང་ས་སྐྱབས་མགོན་ཆེན་པོ་ཏཱ་ལའི་བླ་མ་མཆོག་གིས་དགེ་བཤེས་མའི་གོ་གནས་བསྩལ་ཏེ་ནང་བསྟན་འཛམ་གླིང་སྤྱི་དང་ཁྱད་པར་བུད་མེད་ཚོར་སྤྲོ་སྐུལ་ཤུགས་རྐྱེན་སྤྲོད་མཁན་ཞིག་མཛད་ནས་བཞུགས།།
གཏམ་བཤད་ཀྱི་སྙིང་བསྡུས་ཐེག་པ་ཆེན་པོར་བགྲོད་པའི་ཐེམ་སྐེས།
༈ འདིར་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས་ཀྱི་མཚན་ཉིད། དབྱེ་བ། ཕན་ཡོན་དང་ས་མཚམས། སེམས་བསྐྱེད་སྦྱོང་བའི་ཐབས་རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད་དང་ཉམས་ལེན་བྱིན་རླབས་རྒྱུད་གསུམ་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་བཞིན། རང་གཅེས་འཛིན་དང་བདག་འཛིན་མ་རིག་པ་རྩ་བ་ནས་རྒྱུན་གཅོད་པར་བྱ་ཞིང་། བདག་གཞན་འགྲོ་བ་མ་ལུས་པའི་ཕན་བདེ་མ་ལུས་པ་སྒྲུབ་པའི་དོན་དུ་གཞན་གཅེས་པའི་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་བར་ཉམས་སུ་ལེན་དགོས། བྱང་ཆུབ་སེམས་ལ་སྨོན་འཇུག་གཉིས་སུ་དབྱེ་ཞིང་། མཚན་ཉིད་ནི་སེམས་ཅན་ཐམས་ཅད་སྒྲིབ་གཉིས་ལས་གྲོལ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཕྱིར་བདག་ཉིད་དེ་མྱུར་བར་འཐོབ་འདོད་པའི་སེམས་ཁྱད་པར་ཅན་དེ་ཡིན། རྗེ་བཙུན་ཙོང་ཁ་པ་ཆེན་པོས་གསུངས་པ་ལྟར། བྱང་ཆུབ་སེམས་ཡོད་མེད་ཀྱིས་ཐེག་ཆེན་པར་གྱུར་མིན་ངེས་པས། སེམས་བསྐྱེད་ཀྱི་མཚན་ཉིད་ཚང་བ་ཞིག་བསྒྲུབ་པར་འབད་དགོས། མཐར་མི་ལུས་རིན་པོ་ཆེ་འདི་ཐོབ་པའི་སྐབས་འདིར་ལེ་ལོ་གསུམ་སྤངས་ཏེ། ས་བཅུ་ལམ་ལྔ་དང་ཕར་ཕྱིན་དྲུག་གམ་བཅུས་བགྲོད་པར་བརྩོན་འགྲུས་ཆེན་པོས་འབད་དགོས་པའོ།།
| |
14:40
མཁན་པོ་བཀྲ་ཤིས་རྡོ་རྗེ། རྣམ་གྲོལ་གླིང་མཐོ་སློབ་ཆེན་མོ། (དྲྭ་ཐོག)
Khenpo Tashi Dorje, Ngagyur Nyingma Institute, Namdrolling (online) ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ སྤྱི་ལོ་ ༡༩༧༢ ལོར་འཁྲུངས་ཞིང་། དགུང་ལོ་ ༡༧ སོན་སྐབས་རབ་ཏུ་བྱུང་ནས་གྲྭ་སར་ཞུགས། སྤྱི་ལོ་ ༡༩༩༦ ལོར་རྣམ་གྲོལ་གླིང་བཤད་གྲྭ་ལ་ཞུགས་ཏེ་ལོ་དགུར་ཐོས་བསམ་མཛད་དེ། ༢༠༠༥ ལོར་སློབ་དཔོན་གྱི་མཚན་གནས་གསོལ། ༢༠༡༡ ལོར་བཤད་གྲྭའི་སྒྲིག་གཞི་ལྟར་མཁན་ཐོག་དྲུག་པའི་མཁན་པོ་རྣམས་དང་ལྷན་དུ་མངའ་གསོལ་གྲུབ། སྐྱོར་དཔོན་ནས་བཟུང་སྟེ་མཐོ་སློབ་དེ་ལ་ལོ་ངོ་ཧྲིལ་པོ་བཅུ་ཡི་བར་བློ་རྟགས་བསྡུས་གསུམ་ཤེར་ཕྱིན་དབུ་མ་ཚད་མ་འཆད་ཁྲིད་གནང་ཞོར་དུ། རྒྱུན་ལས་ལྷན་འཛོམས་དང་མཉམ་དུ་འཛིན་སྐྱོང་། དཔེ་མཛོད་འགན་འཛིན། རིག་མཛོད་རྩོམ་སྒྲིག་པའི་ཚོགས་གཙོ་དང་། བགྲོ་གླེང་ཚོགས་པའི་ཚོགས་གཙོ་མཛད། སྤྱི་ལོ་ ༢༠༡༤ ལོར་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་དུ་ཞིབ་འཇུག་སློབ་མར་བདམས་ཐོན་བྱུང་བ་ལྟར། “ཐེག་ཆེན་ཚུལ་འཇུག་” ལ་ཞིབ་འཇུག་ཞིབ་བྱས་མཐར། སྤྱི་ལོ་ ༢༠༡༧ ལོར་ (PhD) འབུམ་རམས་པའི་རྒྱུགས་སྤྲོད་ཨང་དང་པོར་ལེགས་གྲུབ་བྱུང་། སྤྱི་ལོ་ ༢༠༢༢ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ལ་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༦ པར་མཉམ་ཞུགས་གནང་། ད་ལམ་ Academic Research Consortium for Ancient Scriptures ལས་གཞི་དང་། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་དུ་ནང་བསྟན་གསུངས་རབ་ཞིབ་འཇུག་གི་སློབ་སྟོན་པ་ཡིན།
བརྩམས་ཆོས། མཁན་སློབ་གཞན་དང་ལྷན་དུ་བརྩམས་པ་ལ། བཤད་གྲྭའི་སྔོན་འགྲོ་འཛིན་གྲྭའི་སློབ་ཚན། “བློ་རིགས་བློ་ཡི་སྒོ་འབྱེད་” “རྟགས་རིགས་ཆོས་ཀྱི་སྒོ་འབྱེད་” “བསྡུས་ཚན་རིགས་ལམ་སྒོ་འབྱེད་” ཞིབ་འཇུག་གི་ཆེད་རྩོམ། “སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ་” དང་། སྐུ་སྒེར་ནས་འབུམ་རམས་པའི་ཆེད་རྩོམ། “ཆོས་བཟང་རིག་པའི་རྣམ་དཔྱོད་” གཞན་ཡང་ “རྟོག་གྲོལ་བཞད་པའི་སྒྲ་དབྱངས་ལ་དཔྱད་པ་” སོགས་ཡོད།
བྱང་ཆུབ་སྒྲུབ་པའི་དམ་བཅའ་གླེང་བ།
༈ སྔོན་གྱི་ཚད་ཐུབ་དམ་པ་རྣམས་ཀྱིས་སེམས་བསྐྱེད་རྣམ་གཉིས་ཐུགས་རྒྱུད་ལ་འཁྲུངས་པའི་ཐབས་ལམ་འཚོལ་སྟངས། ཁོང་རྣམ་པས་གོ་མྱོང་རྟོགས་གསུམ་གྱིས་ཐུགས་ཉམས་སུ་བསྟར་བའི་སེམས་བསྐྱེད་རྣམ་གཉིས་གདུལ་བྱ་ལ་ཇི་ལྟར་འདོམས་ཚུལ། ད་ལྟ་རང་རེའི་རྒྱུད་ལ་དེ་ལྟར་སྐྱེ་བའི་ཐབས་ལམ་གླེང་བ། ༡༽ དཔེ་རྒྱུན་དང་འབྲེལ་བའི་གཏམ། མདོ་དང་འཕགས་ཡུལ་གྱི་བསྟན་བཅོས་དེ་བཞིན་སྔ་འགྱུར་བའི་མེས་པོ་གོང་མའི་གསུང་རབ་རྣམས་ནས་སེམས་བསྐྱེད་རྣམ་པ་གཉིས་རྒྱུད་ལ་སྐྱེ་བའི་ཐབས་འཚོལ་བའི་བརྒྱུད་རིམ་བཅས་དཔེ་རྒྱུན་ཇི་ཡོད་གླེང་བ། ༢༽ ལྟ་གྲུབ་དང་འབྲེལ་བའི་གཏམ། འཕགས་ཡུལ་དང་སྔ་འགྱུར་བའི་དམ་པ་ཚོས་སེམས་བསྐྱེད་ཀྱི་ངོ་བོར་བཞེད་པ་མི་འདྲ་བ་ཇི་བྱུང་དང་འཐད་ཕྱོགས་གང་ཡིན་གྱི་རྒྱུ་མཚན་གླེང་བ། རྙོག་འཛིང་ཆེ་བའི་སེམས་བསྐྱེད་དཀའ་གནད་འགའ་ཞིག་གི་མཐའ་དཔྱོད། ༢་༡ གོང་ཞུས་དམ་པ་དེ་དག་གིས་ཀུན་རྫོབ་སེམས་བསྐྱེད་ཀྱི་ས་མཚམས་ངོས་འཛིན་གནང་སྟངས་ལ་གཞིགས་ཏེ། སྔ་འགྱུར་བའི་གསུང་རབ་གཞིར་བཟུང་སྟེ་མཐའ་དཔྱོད་པའི་གྲུབ་དོན་གླེང་བ། ༢་༢ སེམས་བསྐྱེད་ལ་དབྱེ་སྒོ་མི་འདྲ་བ་དང་། དབྱེ་ཚུལ་སྣ་ཚོགས་ཤིག་གསུངས་པ་ལས་ངོ་བོའི་སྒོ་ནས་དབྱེ་བ་གཉིས་གང་ལ་ངོས་འཛིན་དགོས་པ་ཞོར་འཕྲོས་སུ་གླེང་བ། ༣༽ ལག་བསྟར་དངོས་དང་འབྲེལ་བའི་གཏམ། དམིགས་བསལ་དུ་རྒྱ་བོད་ཀྱི་གཞུང་ལུགས་འགའ་ཤས་ནས་སེམས་བསྐྱེད་ལག་ལེན་དངོས་ལ་འབྱོར་ཐབས་སྟོན་པའི་བརྗོད་གཞི་གལ་འགངས་ཆེ་བའི་རིགས་འབྱུང་བའི་ཐུན་མོང་མ་ཡིན་པའི་དཔེ་རྒྱུན་རེ་ཟུང་གི་ཁྱད་ཆོས་གླེང་བའི་སྒོ་ནས། སྔ་འགྱུར་བའི་དམ་པ་ཚོས་གལ་ཆེན་འགངས་ཆེན་དུ་གཙིགས་སུ་མཛད་པའི་སེམས་བསྐྱེད་རྒྱུད་ཐོག་ཏུ་སྨིན་པར་བྱེད་པའི་ཐུན་མོང་མ་ཡིན་པའི་དཔེ་རྒྱུན་དག་གི་ངོ་སྤྲོད། ༣་༡ ཉིན་རེའི་འཚོ་བ་དང་བྱང་ཆུབ་སེམས་ཀྱི་འབྲེལ་ལམ། ང་ཚོས་ད་བར་དུ་ནང་ཆོས་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་གཞུང་མང་དུ་ཐོས་ཤིང་། དགེ་བའི་བཤེས་གཉེན་མཇལ་བར་བརྟེན་ནས། གང་ཟག་སོ་སོའི་ཤེས་རྒྱུད་ལ་བྱང་ཆུབ་སེམས་བསྐྱེད་འབྱོར་བའི་ཐབས་ལམ་གླེང་བ། འདིར་གཏམ་བཤད་ཀྱི་ཆེད་དུ་བསྡུས་ཏེ་དོན་ཚན་གསུམ་དུ་བྱས། གནད་དོན་རྒྱས་པ་རྩོམ་ཤོག་ཏུ་ཁུངས་ལུང་དང་བཅས་བཀོད་ཡོད་པས་དེར་སྤྱན་རས་གཡོ་བར་མཛད་པ་ཞུ།། | |
15:20
མཁན་པོ་སྲིད་ཐར། རྣམ་གྲོལ་གླིང་དགོན་པ། (དྲྭ་ཐོག)
Khenpo Sithar, Namdrolling Monastery (online) ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ སྤྱི་ལོ་ ༡༩༨༦ ལོར་བལ་ཡུལ་ཡོལ་མོའི་ཕྱོགས་སུ་འཁྲུངས་ཤིང་། ༡༩༩༦ ལོར་རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆོས་སྒོར་ཞུགས་ཏེ་གཞི་རིམ་སློབ་གྲྭ་མཐར་སོན། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་དང་། མཁན་ཆེན་པདྨ་ཤེས་རབ་སྐུ་མདུན་ནས་བསྙེན་རྫོགས་བསྒྲུབས། ༢༠༠༦ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་འཛུལ་ཞུགས་ཀྱིས་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་མཛད། ༢༠༡༦ ནས་ ༢༠༢༡ བར་སྔ་འགྱུར་མཐོ་སློབ་ཆེན་མོར་དགེ་རྒན་གྱི་ཕྱག་འགན་བཞེས། ༢༠༢༣ ལོར་ ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེའི་དྲུང་ནས་མཁན་པོའི་ཕྱག་ཁྱེར་བཞེས། ༢༠༢༢ ལ་བལ་ཡུལ་གཞི་ཆེན་བཻ་རོ་གླིང་གི་བཤད་གྲྭ་དང་སློབ་གྲྭར་སློབ་ཁྲིད་གནང་ཡོད།།
བྱང་སེམས་སྐྱེ་བའི་ཐབས་ཚད་མེད་བཞིའི་སྐོར།
༈ དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བའི་ཐབས་རྒྱས་པ་ནི་ཚད་མེད་བཞིའི་སྒོ་ནས་བློ་སྦྱོང་བ་ལ་རག་ལས་པ་དང་། དེ་དག་རྒྱལ་བ་ཀློང་ཆེན་པའི་སེམས་ཉིད་ངལ་གསོའི་བདུན་པ་ཚད་མེད་བཞིའི་ལེའུ་དང་། རིག་འཛིན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་ལེའུ་བདུན་པ་ཚད་མེད་བཞིའི་ཚོམས་ལས་ཇི་ལྟར་བསྟན་ཡོད་པ་དང་། ཚད་མེད་བཞི་དང་ཚངས་པའི་གནས་པ་བཞིའི་ཁྱད་པར། ཚད་མེད་བཞིའི་སྐོར་རྒྱལ་བའི་གསུང་རབ་ལས་རྩལ་འདོན་ཇི་ལྟར་གནང་ཡོད་མེད་སྐོར་གཙོ་བོར་ཞུ་རྒྱུ་ཡིན།།
| |
16:00
གསོལ་ཇའི་བར་གསེང་།
Tea break
| |
16:30
དགེ་བཤེས་བློ་གྲོས་ཉི་མ། རྒྱུད་སྟོད་གྲྭ་ཚང་།
Geshe Lodoe Nyima, Gyuto Monastery ཞིབ་ཕྲ་ལ་གནོན།
Expand for bio and abstract
༈ སྨར་ཁམས་སྒང། དམར་ལུང་མདའ། ཁམ་བུ་ཚང་གི་ཁྱིམ་དུ་ཡབ་ཐུབ་བསྟན་ཕུན་ཚོགས་དང་། ཡུམ་དཀོན་མཆོག་མཚོ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༦ ལོར་འཁྲུངས་ཤིང། ༡༩༨༤ ལོར་ཕ་ཡུལ་ཀླུ་རྭ་དགོན་དུ་ཆོས་ཞུགས་མཛད། ལོ་བཅུ་བཞིའི་སྐབས་སུ་འོད་ཟེར་དགོན་དུ་དགེ་བཤེས་ངག་དབང་མཐར་ཕྱིན་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་རྒྱུད་སྟོད་གྲྭ་ཚང་དུ་འབྱོར། སྤྱི་ལོ་ ༡༩༩༨ ལོར་ ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཕྱི་ལོ་ ༢༠༠༠ ལོར་གྲྭ་ཚང་གི་སྔགས་ཆོག་འཛིན་རིམ་གྱི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༨ ལོར་མདོ་སྔགས་གཞུང་ཆེན་ཁག་གི་བསླབ་པ་མཐར་སོན་ནས་དགེ་བཤེས་སྔགས་རམས་པའི་མཚན་གནས་བཞེས། ད་ལྟའི་ཆར་དགེ་རྒན་དང་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་གནང་བཞིན་པ་བཅས་སོ།།
རང་ཉིད་གཅེས་འཛིན་འཇོམས་པའི་སྒྲོན་མེ།
༈ དང་པོ་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང་། གཉིས་པ་རྒྱལ་སྲས་ཞི་བ་ལྷའི་གཞུང་ནས་འབྱུང་བ་ལ་བརྟེན་ནས་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ། གསུམ་པ་བཀའ་གདམས་ཆུ་བོ་གཅིག་འདྲེས་ཀྱི་སྒོ་ནས་སེམས་བསྐྱེད་ཚུལ་ལོ།། དང་པོ། རྒྱུ་འབྲས་བདུན་ནི་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། སེམས་དེ་ལྷག་བསམ་ལས་དང༌། བསམ་པ་དེ་སྙིང་རྗེ་ལས་དང༌། སྙིང་རྗེ་བྱམས་པ་ལས་དང༌། བྱམས་པ་དྲིན་དུ་གཟོ་བ་ལས་དང༌། དྲིན་དུ་གཟོ་བ་དྲིན་དྲན་པ་ལས་དང༌། དྲིན་དྲན་པ་ནི་མར་མཐོང་བ་ལས་འབྱུང་བའོ།། དེ་ལ་ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལོ།། དེ་ཡང་མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ། ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ལོ།། གཉིས་པ་ནི། སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་དང་། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང༌། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་སོ།། གསུམ་པ་ནི། བཀའ་གདམས་ཆུ་བོ་གཅིག་འདྲེས་ཀྱི་སྒོ་ནས་སེམས་བསྐྱེད་ཚུལ་གྱི་དམིགས་སྐོར་བཅུ་གཅིག་པོ་འདི་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེའི་མན་ངག་གཉིས་ཀ་བསྒྲིལ་ནས་ཉམས་སུ་ལེན་ཚུལ་སོགས་ཀྱི་སྐོར་ལ་ཞུ་རྒྱུ་ཡིན།།
| |
17:30
མཇུག་བསྡུའི་གསལ་བཤད་དང་སྨོན་ཚིག
Closing Chants and Remarks
| |
| ཆོས་འཁོར་བགྲོ་གླེང་གི་ཕྱི་ཉིན། སྤྱི་ཟླ་ ༥ པའི་ཚེས་ ༡༦ སྔ་དྲོ་ཆུ་ཚོད་ ༩ པ་ནས་ཕེབས་འདོད་ཡོད་པ་རྣམས་བལ་ཡུལ་རྒྱལ་ས་དང་ཉེ་འཁོར་ལ་གནས་གཟིགས་ཕེབས་རྒྱུ། | |

