Full text

From Bodhicitta

སྤྱོད་འཇུག་ཆེན་མོ་གླེང་བ།
Oral Teachings on the Great Entering into the Conduct [of the Bodhisattva]
FULL TEXT


Description
This commentary contains (1) a history of the spread of the Dharma in south and north India, (2) a thorough analysis of various essential points concerning the Bodhicaryāvatāra, and (3) a simple word-for-word commentary on the verses of the Bodhicaryāvatāra. The commentary is neither too elaborate nor too brief. It is written using fairly simple language. Thus, it is suitable for students wishing to study the BCA. Type of Commentary: word commentary
Length: 352
Tradition: ?
CitationChab tshang 'jam dpal (ཆབ་ཚང་འཇམ་དཔལ་). spyod 'jug chen mo gleng ba [སྤྱོད་འཇུག་ཆེན་མོ་གླེང་བ།]. [Oral Teachings on the Great Entering into the Conduct [of the Bodhisattva]].
AuthorChaptsang Jampal



[edit]
Source སྤྱོད་འཇུག་ཆེན་མོ་གླེང་བ།

ཆབ་ཚང་འཇམ་དཔལ་གྱིས་བརྩམས། བོད་ཀྱི་དཔེ་མཛོད་ཁང་། Library of Tibetan Works & Archives, 2012. Series title: nang chos deb phreng Vol. 10 Volume title: spyod 'jug chen mo gleng ba Author: chab tshang 'jam dpal ISBN: 978-93-80359-73-1

Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
གཅིག། ནང་བསྟན་ཆོས་ལུགས་བྱུང་འཕེལ་གྱི་གཞི་རྩའི་ལོ་རྒྱུས།

(༡) རྒྱ་གར་དུ་ནང་བསྟན་ཆོས་ལུགས་བྱུང་འཕེལ། དེ་ཡང་བསྐལ་པ་འདིའི་ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་སྟོང་གི་ཐོག་མ་འཁོར་བ་འཇིག སུམ་ཁྲི་ལ་གསེར་ཐུབ། ཉི་ཁྲི་ལ་འོད་སྲུང་། བརྒྱ་པ་ལ་ཤཱཀྱ་ཐུབ་པ། བརྒྱད་ཁྲིའི་དུས་སུ་བྱམས་པ་འབྱོན་པ་སོགས་སངས་རྒྱས་རེ་རེའི་ཡུལ་དང་། རིགས་དང་། འོད་དང་། ཡབ་ཡུམ་སྲས་དང་། རིམ་འགྲོ་བ་དང་། ཤེས་རབ་ཅན་དང་། རྫུ་འཕྲུལ་ཅན་གྱི་མཆོག་དང་། འཁོར་དང་། སྐུ་ཚེ་དང་། བསྟན་པའི་གནས་ཚད་དང་། སྐུ་གདུང་སྟེ་དོན་བཅུ་གསུམ་བཅས་མདོ་སྡེ་བསྐལ་བཟང་ལས་ཞིབ་པར་བསྟན་ཅིང་། སངས་རྒྱས་དེ་དག་གི་སྐུ་ཚེ་འཕྲིན་ལས་གཅིག་ཏུ་བསྡུས་པ་དེ་བཞིན་གཤེགས་པ་སྣང་མཛད་ཅེས་བྱ་བ་འབྱོན་པར་གསུངས་པ་ལས། དེ་དག་གི་དབུས་ན་སངས་རྒྱས་ཀུན་གྱིས་སྤངས་པའི་རྩོད་དུས་ཀྱི་གདུལ་བྱ་བཟུང་བའི་སྙིང་སྟོབས་ལ་སུས་ཀྱང་འགྲན་ཟླ་མེད་སྟབས། ཨེ་མ་བྱང་ཆུབ་སེམས་དཔའ་འདི་ནི་པདྨ་དཀར་པོ་ལྟ་བུའོ་ཞེས་རྒྱལ་བ་སྲས་དང་བཅས་པས་བསྔགས་ཤིང་ཆེད་དུ་བརྗོད་པ་ནི་རྣམ་འདྲེན་བཞི་པ་འདི་ཉིད་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་གྱིས་འདུལ་བ་ལུང་དང་མདོ་སྡེ་བསྐལ་བཟང་མཛོད་སོགས་ལས་གསུངས་སྟངས་ལྟར་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ཏེ། ཝཱ་ར་ཎཱ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་དང་། བྱ་རྒོད་ཕུང་པོའི་རི། ཡངས་པ་ཅན། དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་སོགས་སུ་གདུལ་བྱ་གྲངས་ལས་འདས་པའི་མོས་བློ་དང་འཚམ་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ། སྐབས་དེའི་ཡས་མས་སུ་རྒྱ་གར་གྱི་མཐའ་དབུས་ཀུན་ཏུ་རྟག་སྨྲའི་བཞི། རྒྱུ་མེད་དུ་སྨྲ་བའི་གཉིས། མཐའ་དང་ལྡན་མི་ལྡན་དུ་སྨྲ་བའི་བཞི་སོགས་ལྟ་ངན་དྲུག་ཅུ་རྩ་གཉིས་ཀྱིས་མཚོན་ཡང་དག་པ་མ་ཡིན་པའི་ལྟ་ངན་དང་། ལྟ་ངན་སྨྲ་བའི་གྲུབ་མཐའ་གྲངས་ལས་འདས་པ་བྱུང་ཞིང་། དེ་དག་ཚུར་བསྡུ་ན། གྲངས་ཅན་པ་དང་། བྱེ་བྲག་པ། གཅེར་པུ་བ། དཔྱོད་པ་བ། རྒྱང་འཕེན་པ་བཅས་རྟོག་གེའི་སྡེ་ལྔའི་ནང་དུ་འདུ། དེ་ཡང་བསྡུ་ན། རྟག་ཆད་ཀྱི་མཐའ་གཉིས་ཀྱི་ནང་དུ་འདུ་ཞིང་། གཞན་ལོ་ངོ་སྟོང་ཕྲག་བཞིའི་གོང་རོལ་ཙམ་ནས་དར་བའི་འཇིའུ་དང་། ཡེ་ཤུ་དང་། ཁ་ཆེ། ཧུན་དྷི། བོན་པོ། པར་སིག་གི་ཆོས་ལུགས་ཛོལ་ཛོ་དིམ་སོགས་ཀྱིས་མཚོན་གླིང་འདིར་ཆོས་ལུགས་མི་འདྲ་བ་ཧ་ཅང་མང་པོ་བྱུང་བ་མ་ཟད། གྲངས་ཅན་ལྷ་མེད་པ་དང་། གཅེར་པུ་བ། དཔྱོད་པ་བ། རྒྱང་འཕེན་པ། བོན་པོ། ནང་པའི་ཆོས་ལུགས་སོགས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་མ་གཏོགས། གྲངས་ཅན་ལྷར་བཅས་པ་དང་། ཚངས་པ་བ། བརྡ་སྤྲོད་པ། རིག་བྱེད་མཐའ་བ། གསེང་བ་པ། དབང་ཕྱུག་པ། བྱེ་བྲག་པ་སོགས་ཀྱིས་མཚོན་འཇིག་རྟེན་འདིར་དར་བའི་ཆོས་ལུགས་ཕལ་མོ་ཆེས་འཇིག་རྟེན་བཀོད་པ་པོ་དང་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་པ་ཡིན། ནང་པའི་ཆོས་ལུགས་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་རོལ་ནས་དར་བའི་ཆོས་ལུགས་ཤིག་ཡིན་ཞིང་། ཆོས་ལུགས་འདི་འཛམ་གླིང་འདིའི་ལྷོ་བྱང་དང་ཤར་གླིང་གི་ཕྱོགས་མཚམས་སོ་སོར་དར་བའི་ཆོས་ལུགས་གཞན་གང་དང་ཡང་མི་མཚུངས་པའི་རླབས་ཆེ་བའི་ཆོས་ལུགས་ཤིག་ཡིན་ལ། དེ་ཡང་གཙོ་བོ་ཆོས་ལུགས་འདིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཞིག་བཤད་ཀྱི་ཡོད་པས་ཡིན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཟེར་དུས་གཞི་བདེ ན་པ་གཉིས་དང་། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ལ་ཟེར། དེ་ཡང་གསལ་བོར་བཤད་ན། གཞི་དངོས་པོའི་གནས་ཚོད་ཇི་འདྲ་ཞིག་ཡོད་པ་རྨང་གཞིའི་གཙོ་གནད་དུ་བཟུང་ནས་ལམ་ཐབས་ཤེས་གཉིས་ཡ་མ་བྲལ་བའི་བྱེད་ཐབས་བརྒྱུད་ཉོན་ཤེས་ཀྱི་སྒྲི བ་པ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྤངས་པའི་འབྲས་བུ་བླ་ན་མེད་པའི་མྱང་འདས་མངོན་དུ་བྱེད་སྟངས་ཀྱི་རྣམ་གཞག་ཅིག་ལ་ཟེར། དེ་ནི་ཆོས་ལུགས་གཞན་གྱི་སློབ་དཔོན་སུས་ཀྱང་བློ་ངོར་འཆར་མ་མྱོང་བའི་གསུངས་སྟངས་ཆེས་དམིགས་བསལ་བ་ཞིག་རེད། ཆོས་ལུགས་འདིར་གསུངས་ཚད་གོ་རིགས་འབའ་ཞིག་གིས་གཏན་ལ་ཕབ་ནས་གྲུབ་དོན་བཞག་པ་མ་གཏོགས། ཆོས་ལུགས་དེ་གསུང་བ་བོ་བདག་ཅག་གི་བླ་ན་མེད་པའི་སྟོན་པ་ཡིན་སྟབས། ཆོས་དེ་ཡང་དག་པ་ཡིན་ཞེས་དུས་ནམ་ཡང་བཤད་ཀྱི་མེད། དེར་བརྟེན་དེང་རབས་ཚན་རིག་དང་དཔུང་ཟུར་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པའི་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉག་ཅིག་ཡིན། ནུབ་ཕྱོགས་པའི་ཆོས་ལུགས་མང་ཆེ་བ་ཞིག་ཤར་ཕྱོགས་པའི་ཆོས་ལུགས་ཁག་དང་བསྡུར་སྐབས་ཕྱོགས་ཡོངས་ནས་བསྡུར་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དེའི་རྒྱུ་མཚན་ནི་ནུབ་ཕྱོགས་པ་ཕལ་མོ་ཆེས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སོ་སོའི་འཁོར་ཡུག་འཛུགས་སྐྲུན་དང་། དཔལ་འབྱོར་འདུ་འགོད་སོགས་ཀྱི་ཆེད་ཧམ་སེམས་དྲག་པོས་ནུས་ཤུགས་ཡོད་རྒུ་འདོན་རྒྱུར་གཙོར་འདོད་ལས། སོ་སོའི་ཆོས་ལུགས་ཁྱབ་སྤེལ་དང་། སྲུང་སྐྱོབ། སློབ་སྦྱོང་སོགས་ཀྱིས་མཚོན་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་འགངས་ཆེའི་རིགས་མང་ཆེ་བ་ཞིག་དུས་དང་གོ་སྐབས་ངེས་ཅན་ཞིག་གི་རིང་སྣང་མེད་བསྐྱར་འཇོག་བྱས་པའི་རྐྱེན་གྱིས་རེད། རྒྱ་གར་འཕགས་པའི་ཡུལ་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ལུགས་འདི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། དཔེར་ན། བདག་ཅག་གི་སྟོན་པ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཆོས་ལུགས་འདི་དར་སའི་ཁྱབ་ཁོངས་ཆེ་ཆུང་དང་། དར་ཡུན་རིང་ཐུང་། དགེ་འདུན་གྱི་སྡེ་མང་ཉུང་སོགས་ལ་མ་ལྟོས་པར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་དར་ཡོད། སྟོན་པ་མྱ་ངན་ལས་འདས་རྗེས། ཉན་ཐོས་འོད་སྲུང་དང་། ཉེ་བར་འཁོར། ཀུན་དགའ་བོ་སོགས་དགྲ་བཅོམ་པ་བདུན་གྱིས་སངས་རྒྱས་ཀྱི་གསུང་རྣམས་བཀའ་བསྡུ་རིམ་པ་གསུམ་བྱས་པ་དང་། ལྷག་པར་དུ་སངས་རྒྱས་མྱ་ངན་འདས་ནས་དུས་རབས་དང་པོའི་དུས་མཇུག་བར་ཀུན་དགའ་བོ་དང་། ཤ་ནའི་གོས་ཅན། ཉེར་སྦས་སོགས་བསྟན་པའི་གཏད་རབས་བདུན་དང་། ཡན་ལག་འབྱུང་དང་། མ་ཕམ་པ། ནགས་ན་གནས་སོགས་འཕགས་པའི་གནས་བརྟན་བཅུ་དྲུག་གིས་གཙོས་ནང་ཆོས་ཀྱི་རྒྱུད་འཛིན་པ་ཕལ་མོ་ཆེ་ཉན་ཐོས་སྡེ་པའི་དགེ་འདུན་གྱི་སྡེ་ཤ་སྟག་ཡིན་སྟབས། རྒྱ་གར་གྱི་དབུས་མཐའ་ཀུན་ཏུ་ཕལ་ཆེན་སྡེ་པ་ལྔ་དང་། གཞི་ཐམས་ཅད་ཡོད་སྨྲ་བདུན། གནས་བརྟན་སྡེ་པ་གསུམ། མང་བཀུར་བ་གསུམ་སོགས་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱིས་མཚོན་ཉན་ཐོས་ཀྱི་སྡེ་ཁག་(མདོ་སྡེ་པའི་གྲུབ་མཐའ་རང་སྐྱ་ཐུབ་པ་སྟོན་པའི་གཞུང་དང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལུགས་སྲོལ་ཞིག་ཟུར་དུ་རང་རེའི་བོད་ཁམས་སུ་བྱུང་མྱོང་མེད་ཀྱང་། མདོ་སྡེ་པའི་འདོད་ཚུལ་ཕལ་མོ་ཆེ་ཞིག་མཛོད་རང་འགྲེལ་དང་། མངོན་པ་ཀུན་བཏུས་རྩ་འགྲེལ་དང་། ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པ་རྣམས་ལས་མང་དུ་འབྱུང་ཞིང་། ལེགས་ལྡན་འབྱེད་དང་ཞི་འཚོ་ཡབ་སྲས་ཀྱི་གཞུང་དག་ཏུའང་ཐོར་བུའི་རིགས་མང་དུ་འབྱུང་བཞིན་ཡོད།) མི་འདྲ་བའི་བསྟན་པ་ཤུགས་ཆེས་དར་བ་དང་། ཐེག་ཆེན་གྱི་མདོ་སྡེ་ཕལ་མོ་ཆེ་ལྷ་དང་ཀླུའི་རིགས་ཀྱིས་རང་རང་གི་མཆོད་གནས་སུ་གདན་དྲངས་པ། ལྷག་ལུས་ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་ཉན་ཐོས་སྡེ་པའི་མདོ་སྡེ་ཁག་དང་གཞི་གཅིག་ཏུ་བསྲེས་ནས་བཀའ་བསྡུ་བྱས་སྟབས། ཐེག་ཆེན་གྱི་བསྟན་པ་སྤྱི་དང་། ཡང་དགོས་གསང་སྔགས་ཀྱི་བསྟན་པ་ཡོངས་ཁྱབ་རང་བཞིན་དུ་དར་རྒྱས་བྱུང་མ་ཐུབ། དུས་རབས་དང་པོའི་རྗེས་རོལ་ཙམ་ནས་ཐེག་ཆེན་གྱི་བསྟན་པ་སྐྱོང་བའི་གནས་བརྟན་དགྲ་བཅོམ་པ་དགའ་བོ་བྱོན་ཅིང་། ཁོང་དང་དུས་མཉམ་དུ་བཙུན་པ་ཨ་བི་ཏརྐ། བི་ག་ཏ་ར་ག་དྷཱ་ཛ། དི་བྱ་ག་ར། རཱ་ཧུ་ལ་མི་ཏྲ། ཛྙཱ་ན་ཏ་ལ། སངྒ་ཏ་ལ་སོགས་ཀྱིས་བྱམས་པ་དང་། འཇམ་དཔལ། སྤྱན་རས་གཟིགས། གསང་བའི་བདག་པོ་སོགས་ཀྱི་མདུན་དྲུང་ནས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་སོགས་ཐེག་ཆེན་གྱི་ཆོས་སྐོར་མང་དུ་གསན་པ་མ་ཟད། སྐབས་དེའི་གཡས་གཡོན་དུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་ཙམ་བྱུང་བ་དང་། དེ་དག་ལས་ཀྱང་ཐེག་ཆེན་པ་དུ་མ་འཕེལ། དེ་དང་དུས་མཚུངས་སུ་འཕགས་པ་དཀོན་མཆོག་བརྩེགས་པ་འབུམ་པ། འཕགས་པ་ཕལ་མོ་ཆེ་འབུམ་པ། ལང་དཀར་གཤེགས་པ་ཉིས་ཁྲི་ལྔ་སྟོང་པ། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས་པ། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་པ་སོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་མོ་ཆེ་ཡང་ལྷ་དང་། ཀླུ་དང་། དྲི་ཟ་དང་། སྲིན་པོའི་ཡུལ་སོགས་ཡུལ་ཐ་དད་པ་རྣམས་ནས་མི་ཡུལ་དུ་གདན་དྲངས། ཁྱད་པར་ཀླུའི་ཡུལ་ནས་བྱུང་བ་དེ་བས་ཀྱང་མང་། དེའི་ཚེ་ཐེག་པ་ཆེན་པོའི་སྙན་གྲགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་སྟབས། སྐབས་དེ་ནས་བཟུང་དགེ་སློང་བདེ་བྱེད་སོགས་ཉན་ཐོས་སྡེ་པའི་དགེ་སློང་དག་གིས་ཐེག་པ་ཆེན་པོའི་བསྟན་པ་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ནན་གྱིས་བསྒྲགས་སྟབས། ཐེག་ཆེན་གྱི་བསྟན་པ་ཕྱོགས་ཡོངས་ནས་དར་རྒྱས་འབྱུང་རྒྱུར་གནོད་པ་ཚབས་ཆེན་ཐེབས། དེ་ལྟ་ན་ཡང་སྐབས་དེར་ཞལ་བཞུགས་པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱས་རྟེན་འབྲེལ་གྱི་གནད་དུ་མར་དགོངས་ཏེ་འཕགས་པ་ཤཱ་རིའི་བུའི་འཁྲུངས་གནས་ནཱ་ལནྡྲ་སྟེ་བོད་སྐད་དུ་རྒྱུན་སྟེར་དུ་གྲགས་པའི་གནས་དེར་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་པ་མ་ཟད། བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་སྐུ་མཆེད་སོགས་བསྟན་པའི་སྦྱིན་བདག་དུ་མས་གཙུག་ལག་ཁང་བརྒྱད་ཙམ་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་འབུམ་ཕྲག་བརྒྱ་ཙམ་ཉར་ཚགས་བྱས་པ་དང་། ཕྱིས་བཙུན་པ་དགའ་བོ་དང་ཡང་དག་བདེན་སོགས་ཀྱིས་རྣམ་རིག་པའི་ལྟ་བ་སྟོན་པའི་བསྟན་བཅོས་མང་དུ་བརྩམས་སྟབས། ཐེག་ཆེན་གྱི་བསྟན་པ་སྔར་ལྷག་འཕེལ་རྒྱས་ཆེན་པོ་བྱུང་། སྐབས་དེའི་ཡས་མས་སུ་ཞལ་བཞུགས་པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་རྗེས་འབྲང་དང་བཅས་པ་རྣམ་རིག་སྨྲ་བ་དང་རྣམ་རིག་སྨྲ་བའི་རྗེས་འཛིན་པ་ཤ་སྟག་ཡིན་མོད། འོན་ཀྱང་སྐབས་དེ་དག་ཏུ་རྣམ་རིག་པའི་ལྟ་གྲུབ་དེ། ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་དང་རང་ཚུགས་ཐུབ་པའི་ལྟ་གྲུབ་ཅིག་ཏུ་ཆགས་ཐུབ་མེད་པ་ལོ་རྒྱུས་ཀྱི་གསང་རིམ་ནས་རྟོགས་ཐུབ། ཕྱིས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན་ནས་ཐེག་ཆེན་གྱི་སློབ་དཔོན་བརྒྱ་ཕྲག་འགའི་མདུན་སར་མདོ་རྒྱུད་ཀྱི་ཆོས་མང་པོ་ཁོང་དུ་ཆུབ་པར་བྱས་ཐོག ནཱ་ལནྡཱར་བྱོན་ཏེ་ཐེག་པ་ཆེན་པོའི་དབུ་མའི་ཚུལ་ལུགས་དང་མཐུན་པའི་ཆོས་མང་དུ་གསུངས། དེ་དང་དུས་མཚུངས་སུ་བཙུན་པ་ཀ་མ་ལ་གརྦྷ་སོགས་དབུ་མའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་བརྒྱད་ཙམ་བྱུང་བ་མ་ཟད། བཙུན་པ་བྲ་ཀཱ་ཤ་དྷརྨ་མ་ཎིས་འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལེའུ་སྟོང་ཡོད་པའི་མདོ་སྡེ་འདི་ཉིད་ཀླུ་ཡུལ་ནས་སྤྱན་དྲངས། དེ་རྗེས་མགོན་པོ་ཀླུ་སྒྲུབ་བྱོན་ནས་རྒྱ་གར་ཡུལ་དབུས་དང་། ཡུལ་དེའི་ལྷོ་ཕྱོགས་ཁུལ། དཔལ་གྱི་རི་སོགས་སུ་ཆེད་ཕེབས་ཀྱིས་ཐེག་ཆེན་གྱི་ཆོས་མང་དུ་གསུངས་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་ལྷག་ཙམ་བཞེངས། ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་སྦྱན་དྲངས་ནས་གཏམ་གྱི་ཚོགས་དང་། རིགས་པའི་ཚོགས། བསྟོད་པའི་ཚོགས་སོགས་མཛད་ནས་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་ཆེས་ཤིན་ཏུ་གསལ་བར་བཀྲལ་བའི་དབུ་མ་པ་སྤྱིའི་ཤིང་རྟའི་སྲོལ་རྒྱ་ཁྱབ་ཏུ་ཕྱེས་པ་མ་ཟད། རྣམ་འགྲེལ་ལས་བཤད་པ་ལྟར་གྱི་མདོ་སྡེ་པ་དང་། གནས་མ་བུ་བའི་སྡེ་པ་འགའ་ཤས་ཕུད་ཤུལ་ཐེག་ཆེན་གྱི་ཆོས་ཤེར་ཕྱིན་འབུམ་པ་སོགས་སངས་རྒྱས་ཀྱི་བཀའ་རུ་མི་བརྩི་བའི་ཉན་ཐོས་དངོས་སྨྲ་བ་རྣམས་རིགས་པའི་རྩལ་ཤུགས་དྲག་པོས་ཅི་ཡང་སྨྲ་མི་ནུས་པའི་གནས་སུ་བཀོད་(རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་ཞིབ་མོ་རྣམ་འཐག ཨརྱ་དེ་བས་མཛད་པའི་དབུ་མ་བཞི་བརྒྱ་པ། ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་གེའི་འབར་བ། ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ། སྤྱོད་འཇུག་ཆེན་མོ་སོགས་ཀྱི་ནང་དུ་ཕྱི་རོལ་མུ་སྟེགས་པས་འདོད་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་དང་། ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་འདོད་པའི་ཉན་ཐོས་དངོས་སྨྲ་བ་རྣམས་ཞིབ་མོའི་ལུགས་སུ་བྱས་ནས་བཀག་གནང་མཛད་ཡོད། ) སློབ་མའི་ཚོགས་ཀྱང་ཨརྱ་དེ་བ་དང་། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ཀླུའི་བྱང་ཆུབ། ཀླུའི་བཤེས་གཉེན་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན་ཅིང་། དངོས་སློབ་སངས་རྒྱས་བསྐྱངས་ཀྱིས་བམ་པོ་གཅིག་དང་ཤོ་ལོ་ཀ་ཆིག་བརྒྱ་བཞི་བཅུ་ཡོད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་བུདྷ་པ་ལི་ཏ་མཛད་དེ་རྩ་ཤེས་སུ་གསལ་བའི་རིགས་པ་རྣམས་ཐལ་འགྱུར་བའི་ལུགས་སུ་བཀྲལ་ཞིང་། རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པ་དང་། དེ་རྗེས་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མེར་བུདྷ་པཱ་ལི་ཏ་རྩ་ཤེས་ཀྱི་འགྲེལ་པ་ཚད་ལྡན་ཞིག་མིན་པའི་རྩོད་གླེ ང་བྱས་ཏེ་རང་རྒྱུད་ཀྱི་གཏན་ཚིགས་ངེས་པར་དུ་འགོད་དགོས་པའི་རྒྱུ་མཚན་བགྲངས་ཐོག་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས། དེའི་འོག་ཏུ་སློབ་དཔོན་ཟླ་གྲགས་ཀྱིས་འགྲེལ་པ་ཚིག་གསལ་དུ། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་འཕངས་པའི་སྐྱོན་དེ་དག་སློབ་དཔོན་སངས་རྒྱས་བསྐྱངས་ལ་མི་འཇུག་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པར་གནོད་བྱེད་དང་། ཁས་ལེན་མི་རིགས་པའི་སྒྲུབ་བྱེད་བརྒྱ་ཕྲག་མང་པོ་བཀོད་ནས་འཕགས་པའི་དགོངས་པ་ཐལ་འགྱུར་བའི་ལུགས་སུ་བཀྲལ་སྟབས། དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་དར། དེ་རྗེས་ཞི་འཚོ་ཡབ་སྲས་ཀྱི་མཛད་འཕྲིན་ལ་བརྟེན་ནས་རང་རྒྱུད་པ་ལའང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སོགས་གྱེས། སློབ་དཔོན་དེ་དག་གིས་ཀྱང་སློབ་མ་མང་དུ་བསྐྱངས་ཤིང་། སློབ་མ་དེ་དག་ལའང་ཡང་སློབ་མང་དུ་བྱུང་། ལྷག་པར་དུ་རྡོ་འཇོག་དང་། དཔལ་ནཱ་ལནྡཱ། བི་ཀ་རམ་ཤི་ལའི་གཙུག་ལག་ཁང་སོགས་ཀྱིས་མཚོན་ཐོས་བསམ་སློབ་གཉེར་བྱེད་སའི་ཆོས་གཞི་མི་འདྲ་བ་དྲུག་སྟོང་ལྷག་ཙམ་རྒྱ་གར་གྱི་ཡུལ་དབུས་གང་སར་གསར་བཞེངས་བྱས་སྟབས། ཐེག་ཆེན་གྱི་བསྟན་པའི་གཞི་རྐང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཚུགས་ཐུབ་པ་བྱུང་། ཕྱིས་འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་དུ་རྗེ་བཙུན་བྱམས་མགོན་གྱི་མདུན་ནས་མངོན་རྟོགས་རྒྱན་དང་། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད་སོགས་བྱམས་ཆོས་སྡེ་ལྔས་མཚོན་མདོ་རྒྱུད་ཀྱི་དགོངས་དོན་བཀྲལ་བའི་བསྟན་བཅོས་མང་དུ་གསན་བསམ་གྲུབ་ནས་མི་ཡུལ་དུ་ཕེབས་ཏེ་སའི་དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། སྒོ་བསྡུ་བ་སྟེ་ས་སྡེ་ལྔ་དང་། ཐེག་པ་ཐུན་མོང་བ་དང་ཐེག་ཆེན་ཐུན་མོང་བའི་སྡོམ་མངོན་པ་ཀུན་བཏུས་དང་ཐེག་བསྡུས་སོགས་མཛད་དེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་པ་མ་ཟད། ཁོང་གི་མཛད་འཕྲིན་ཉག་ཅིག་ལ་བརྟེན་ནས་སློབ་དཔོན་དབྱིག་གཉེན་གྱིས་གཙོས་ཐེག་ཆེན་གྱི་བསྟན་པ་འཛིན་པའི་དགེ་སློང་ཁྲི་ཕྲག་གཉིས་ཙམ་བྱུང་སྟབས། ནང་པའི་རྗེས་འཇུག་པ་ཚོས་ཁོང་ལ་ཤིང་རྟ་ཆེན་པོ་གཉིས་པ་ཞེས་པའི་མཚན་གྱིས་གཟེངས་བསྟོད། མདོར་བསྡུས་ནས་བཤད་ན། ཡུམ་ཤེར་ཕྱིན་གྱི་དགོངས་དོན་འགྲེལ་ལུགས་ལ་རྩ་བའི་ཆ་ནས་ཁག་མི་འདྲ་བ་གཉིས་ཙམ་བྱུང་བར་མངོན་ལ། དེ་ཡང་གཙོ་བོ་རྗེ་བཙུན་འཇམ་དབྱངས་ནས་མགོན་པོ་ཀླུ་སྒྲུབ་སོགས་བརྒྱུད་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འགྲེལ་ལུགས་གཅིག་དང་། རྗེ་བཙུན་བྱམས་མགོན་ནས་འཕགས་པ་ཐོགས་མེད་སོགས་བརྒྱུད་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འགྲེལ་ལུགས་གཅིག་བཅས་འགྲེལ་ལུགས་མི་འདྲ་བ་གཉིས་ཡོད། གསང་སྔགས་ཀྱི་བསྟན་པར་མཚོན་ན། བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་བདག་ཅག་གི་སྟོན་པས་འཇིག་རྟེན་འདིར་ཡོངས་ཁྱབ་ལྟ་བུར་བསྟན་པ་ལས། རྒྱུད་སྡེ་ལྷག་མ་རྣལ་འབྱོར་རྒྱུད་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་ལྷ་དང་གནོད་སྦྱིན་གྱི་རིགས་འགའ་རེ ར་མ་གཏོགས་མིའི་འཇིག་རྟེན་འདིར་ཡོངས་གྲགས་བྱས་ནས་བསྟན་མེད་པ་ལོ་རྒྱུས་ཀྱི་བྱུང་རིམ་ནས་རྟོགས་ཐུབ། བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་གསང་སྔགས་ཀྱི་བསྟན་པ་འཛིན་པའི་སློབ་དཔོན་འགས་རྒྱ་གར་ནུབ་ཕྱོགས་ཨོ་ཊི་ཡཱན་སྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་གྲགས་པའི་ཡུལ་ནས་གསང་སྔགས་ཀྱིརྒྱུད་སྡེ་ཡོངས་སུ་རྫོགས་པའི་གླེགས་བམ་མང་པོ་མི་ཡུལ་འདིར་གདན་དྲངས་ན་ཡང་། སྐབས་དེའི་ཡས་མས་སུ་བྱོན་པའི་གསང་སྔགས་ཀྱི་སློབ་དཔོན་མང་པོས་གསང་སྔགས་ཀྱི་ཆོས་ཚུལ་དག་གསང་ཞིང་སྦས་པའི་བརྟུལ་ཞུགས་ཀྱིས་ཉམས་ལེན་དང་། ལྷག་དོན་དུ་ཡོངས་གྲགས་ཐོག་ཁྱབ་སྤེལ་མཛད་རྒྱུར་དམིགས་བསལ་བཀག་སྡོམ་ཤུགས་ཆེར་བྱས་སྟབས། དུས་རབས་བདུན་པའི་འགོ་སྟོད་བར་ཡུལ་དེར་གསང་སྔགས་ཀྱི་ཆོས་དག་དེ་ཙམ་འཕེལ་རྒྱས་ཆེན་པོ་བྱུང་ཐུབ་མེད། དུས་རབས་བདུན་པའི་འགོ་སྟོད་ནས་གསང་སྔགས་ཀྱི་ཆོས་ཚུལ་ཆ་ཚང་བ་རྒྱ་གར་དུ་ཡོངས་ཁྱབ་རང་བཞིན་དུ་དར་འགོ་བརྩམས་སྟབས། དེ་ནས་བཟུང་དུས་རབས་བཅུ་གསུམ་པའི་འགོ་སྟོད་བར་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དང་། ལྷག་པར་དུ་གསང་བ་སྔགས་ཀྱི་བསྟན་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་། གཞན་ཡང་། བསྟན་པའི་གཏད་རབས་བདུན་དང་། བསྟན་པའི་གཏད་རབས་བདུན་གྱི་ཐ་མ་ལེགས་མཐོང་གི་སློབ་མ་ཕྱིར་མི་འོང་གློས་མི་འབེབས་དང་། དེའི་སློབ་མ་ཁ་ཆེ་འདུས་བཟང་སོགས་ཀྱི་དུས་སུ་འདུལ་བསྟན་དར་རྒྱས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་ཁ་ཆེ་འདུས་བཟང་གི་སློབ་མ་སློབ་དཔོན་དབྱིག་གཉེན་དང་། དེའི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞིའི་བརྗོད་དོན་རྣམས་ཁོག་བསྒྲགས་ནས་གནད་ཚང་བྱས་ཏེ་བརྩམས་པའི་བམ་པོདགུ་དང་ཤོ་ལོ་ཀ་ཉིས་སྟོང་བདུན་བརྒྱ་ཡོད་པའི་འདུལ་བ་མདོ་རྩ་དང་། འདུལ་བ་མདོ་རྩའི་རྣམ་བཤད། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་སོགས་མཛད། དེའི་སློབ་མ་ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ། སུམ་བརྒྱ་པའི་རང་འགྲེལ་འོད་ལྡན་བཅས་པ་མཛད་པ་མ་ཟད། སློབ་དཔོན་ཡོན་ཏན་འོད་ལ་སློབ་མ་ཤཱཀྱ་འོད་ཀྱིས་གཙོས་འདུལ་བ་འཛིན་པའི་སློབ་མ་དགེ་སློང་གནས་བརྟན་འདུལ་བ་འཛིན་པ་ལྔ་སྟོང་ཙམ་བྱུང་བ་སོགས་ཀྱིས་འདུལ་བའི་བསྟན་པ་ཤུགས་ཆེ་དར་བར་བྱས། གཞན་སྔོན་དུས་སུ་འཕགས་པ་ཉེར་སྦས་ཀྱི་དངོས་སློབ་ཟླ་བ་ནོར་བུས་གཙོས་ཉན་ཐོས་དགྲ་བཅོམ་པའི་དགེ་འདུན་པ་ལྔ་བརྒྱས་བྱང་ཕྱོགས་ཀྱི་རི་བོ་འབིགས་བྱེད་ཀྱི་གར་མཁན་གྱི་གཙུག་ལག་ཁང་དུ་ཐུན་མོང་དུ་བྱས་པའི་བསྟན་བཅོས་མངོན་པ་སྡེ་བདུན་གྱི་དགོངས་འགྲེལ་དུ་གྲགས་པ་ཤོ་ལོ་ཀ་ཆིག་འབུམ་ཡོད་པའི་བྱེ་བྲག་བཤད་མཚོ་ཆེན་མོ་དང་། དེའི་བཤད་རྒྱུན་བར་མ་ཆད་པ་སློབ་དཔོན་དབྱིག་གཉེན་གྱིས་གསན་ཏེ་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཚོ་ཆེན་མོ་གཉིས་ཀྱི་བརྗོད་སྙིང་རྣམས་གཅིག་ཏུ་བསྡུསས་པའི་བསྟན་བཅོས་གྲགས་ཅན་ཆོས་མངོན་པ་མཛོད་དང་། དེའི་རང་འགྲེལ་མཛོད་རང་འགྲེལ་སོགས་བརྩམས་སྟབས། ཆོས་མངོན་པ་མཛོད་ཀྱི་བཤད་རྒྱུན་འཛིན་པའི་སློབ་མ་གྲངས་ཀྱིས་མི་ལོངས་པ་བྱུང་། རིག་པ་ཅན་པས་བཀུར་བའི་སྟོན་པ་རྐང་མིག་པས་རྟོག་གེའི་མདོ་ཞེས་པའི་བསྟན་བཅོས་བརྩམས་ནས་བཟུང་ཕྱི་ལུགས་ཀྱི་གཏན་ཚིགས་རིག་པའི་རྣམ་གཞག་ཕྱོགས་ཡོངས་ནས་ཆ་ཚང་མིན་དང་ཡང་དག་མིན་ལ་མ་ལྟོས་པར་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། རྟོག་གེ འི་བསྟན་བཅོས་འདི་ཕྱི་ནང་ཐུན་མོང་གི་ཚད་མ་རིག་པ་འཕེལ་རྒྱས་ཀྱི་ཐོག་མའི་རྨང་གཞིར་གྱུར། དེ་རྗེས་བདག་ཅག་གི་སྟོན་པས་ས་བཅུ་པ་དང་། རྒྱན་སྟུག་པོ་བཀོད་པའི་མདོ་སོགས་ནས་ཚད་མ་གསུམ་གྱི་རྣམ་གཞག་དང་། ཚད་མ་རིག་པར་བསླབ་ļརིན་1པའི་དགོས་པ་སོགས་མང་དུ་གསུངས། ཕྱིས་སློབ་དཔོན་ཆོས་སྐྱོབ་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒོ་མཛད། དེ་ནི་རང་ཅག་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་བསྟན་བཅོས་ཀྱི་ཆེས་ཐོག་མ་ཡིན། དེ་རྗེས་སློབ་དཔོན་དབྱིག་གཉེན་གྱིས་རྩོད་པ་སྒྲུབ་པ་དང་། དེའི་སློབ་མ་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་དང་། དེ་དག་གི་སྙིང་དོན་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཚད་མ་མདོ། དཔལ་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན། དེའི་སློབ་མ་ལྷ་ཤཀ་གཉིས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་རྟགས་ཅན་གྱི་འགྲེལ་པ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་འཐད་ལྡན་ཆེན་མོ་དང་། འཐད་ལྡན་ཆུང་བ། རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ་སོགས་མང་དུ་མཛད་པས། ནང་བསྟན་ཚད་མ་རིག་པ་དར་རྒྱས་ཆེན་པོ་བྱུང་བ་བཅས་ནང་པའི་བསྟན་པ་སྤྱི་བྱེ་ཡན་ལག་དང་བཅས་པ་རྒྱ་གར་འཕགས་པའི་ཡུལ་དུ་ཚུལ་ཇི་ལྟར་དར་ཞིང་རྒྱས་པའི་ཚུལ་ཆེས་རགས་བསྡུས་ཤིག་བཤད་ཟིན། །


(༢) ཨེ་ཤ་ཡའི་ཡུལ་གྲུ་གཞན་དག་ཏུ་ནང་བསྟན་དར་ཚུལ། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་རྒྱ་གར་ཙམ་མིན་པར་ཤར་གླིང་ཨེ་ཤུ་ཡའི་རྒྱལ་ཁབ་དང་མི་རིགས་གཞན་དག་ཏུ་དར་རྒྱས་ཆེན་པོ་བྱུང་། དེ་ཡང་བདག་ཅག་གི་སྟོན་པས་བཀའ་འཁོར་ལོ་གསུམ་གྱིས་བསྡུས་པའི་ཆོས་ཚུལ་ཇི་སྙེད་ཅིག་བཀའ་བསྩལ་པ་རྣམས་གཙོ་བོ་པཱ་ལིའི་སྐད་དང་ལེགས་སྦྱར་གྱི་སྐད་དེ་ཡུལ་དེའི་ཁྱབ་རྒྱ་ཆེ་ཤོས་ཀྱི་སྐད་ཡིག་མི་འདྲ་བ་གཉིས་ཀྱི་ནང་དུ་གསུངས་སྟབས། ཡུལ་གྲུ་གཞན་དུ་དར་བའི་སྐབས་ལ་ཡང་གོང་གསལ་གྱི་སྐད་ཡིག་གཉིས་བརྒྱུད་ནས་དར། གསལ་བོར་བཤད་ན་ཤྲཱི་ལངྐ་དང་། ཐའི་ལེནྜ། འབར་མ། ཀམཔོཌིཡ་སོགས་སུ་དར་བའི་ནང་བསྟན་ནི། པྲཱ་ལིའི་སྐད་དུ་བཞུགས་པའི་ནང་བསྟན་ཡིན་ལ། རྒྱ་ནག་དང་། བོད། རྒྱ་ནག་ནས་ཉི་ཧོང་དང་། སངྒ་པུར། མ་ལེ་ཤཱི་ཡ། ཀོརིཡཱ། ཝིཏནམ་དང་། བོད་ནས་ཕྱི་སོག་དང་། ནང་སོག ཀལ་མུག ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་བལ་འབྲས། འབྲུག་ཡུལ། ལ་དྭགས་སོགས་སུ་དར་བའི་ནང་བསྟན་ནི། ལེགས་སྦྱར་སྐད་དུ་བཞུགས་པའི་ནང་བསྟན་ཡིན། སྤྱིར་སྐད་ཡིག་དེ་གཉི་གར་བདག་ཅག་གི་སྟོན་པས་མདོ་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་ཡོད་ལས་ཆེ་ཡང་། གཙོ་བོ་ཐེག་དམན་གྱི་ཆོས་སྐོར་མང་ཆེ་བ་ཞིག་པཱ་ལིའི་སྐད་དང་། ཐེག་ཆེན་གྱི་ཆོས་སྐོར་མང་ཆེ་བ་ཞིག་ལེགས་སྦྱར་གྱི་སྐད་ཐོག་གསུངས་སྟབས། ཤྲི་ལངྐ་དང་། ཐའི་ལེནྜ། འབར་མ་སོགས་སུ་དར་བའི་ནང་པའི་ཆོས་ལུགས་ནི། ཐེག་དམན་གྱི་ཆོས་སྐོར་དང་། རྒྱ་ནག་དང་། རྒྱ་ནག་ནས་ཉི་ཧོང་། སངྒ་པུར། མ་ལེ་ཤཱི་ཡ། ཀོ་རི་ཡ། ཝིཏནམ་དང་། བོད་དང་། བོད་ནས་ཕྱི་སོག ནང་སོག ཀལ་མུག ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་བལ་བོ། འབྲུག འབྲས་ལྗོངས། ལ་དྭགས་སོགས་སུ་དར་བའི་ནང་བསྟན་ནི། ཐེག་ཆེན་གྱི་ཆོས་སྐོར་ཡིན། འོན་ཀྱང་རྒྱ་ནག་དང་། ཉི་ཧོང་། སངྒ་པུར། མ་ལེ་ཤཱི་ཡ། ཀོརུཡཱ་སོགས་སུ་གསང་སྔགས་ཀྱི་རྒྱུད་སྡེ་སྔ་མ་གསུམ་འབའ་ཞིག་ལས། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དར་རྒྱས་བྱུང་མེད་སྟབས། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དར་ཡུལ་ནི་བོད་དང་། ཕྱི་སོག ནང་སོག ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་བལ་བོ་དང་། འབྲས་ལྗོངས། འབྲུག་ཡུལ། ལ་དྭགས་སོགས་ཡིན་ཡང་། ཕྱི་སོག་གིས་མཚོན་བོད་བརྒྱུད་ནང་བསྟན་དར་བའི་ཡུལ་གྲུ་ཕལ་མོ་ཆེའི་ལོ་རྒྱུས་དར་རྒུད་དབང་གིས་ཡུལ་དེ་དག་ཏུ་དར་བའི་ནང་པའི་ཆོས་ལུགས་དེ་ད་ཆ་རྩ་མེད་རང་བཞིན་ལྟ་བུའི་ཉམས་རྒུད་དུ་ཕྱིན་སྟབས། དེང་འཇིག་རྟེན་འདིར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཚང་ལ་མ་ནོར་བ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་དར་བའི་ཡུལ་ནི་རང་རེའི་བོད་འདི་གཅིག་པུ་ཡིན། དུས་རབས་ཉི་ཤུ་པའི་དཀྱིལ་སྨད་ནས་བོད་བརྒྱུད་ནང་བསྟན་དེ། ནུབ་ཕྱོགས་པའི་ཡུལ་གྲུ་དུ་མར་དར་འགོ་ཚུགས་པ་མ་ཟད། ནུབ་ཕྱོགས་པའི་ཚན་རིག་མཁས་ཅན་བརྒྱ་ཕྲག་མང་པོས་སྔ་ཕྱི་བར་གསུམ་དུ་བོད་བརྒྱུད་ནང་བསྟན་ལ་དོན་སྣང་དང་ཞིབ་འཇུག་སོགས་བྱས་དང་བྱེད་བཞིན་པ་དང་། ལྷག་པར་དུ་དེང་གི་ཆར་རང་གི་ཡབ་མེས་ཀྱི་ཆོས་ལུགས་ལ་ཞེན་ཁོག་ཤུགས་ཆེ་ཡོད་ཡོད་པའི་ཡོ་རོབ་དང་ནུབ་གླིང་པ་ཚོས་ཀྱང་རང་རང་གི་ཆོས་ལུགས་ཀྱི་གཟི་ཉམས་དེ་ནང་བསྟན་དང་གཅིག་མཚུངས་ལྟ་བུར་སྟོན་ཆེད་བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་ལྟ་སྟངས་ཁག་བེད་སྤྱོད་ཀྱིས་རང་རང་གི་ཡབ་མེས་ཀྱི་ཆོས་ལུགས་ཁག་འགྲེལ་བརྗོད་བྱེད་ཀྱི་ཡོད། (༣) བོད་དུ་ནང་བསྟན་དར་ཚུལ། དེ་ཡང་རང་རེའི་བོད་དུ་བོད་བཙན་པོ་གཉའ་ཁྲི་ནས་བརྩིས་པའི་གདུང་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡུམ་བུ་བླ་མཁར་དུ་བཞུགས་པའི་སྐབས་ཤིག་པཎ་གྲུབ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐི་སེ་གཉིས་ཀྱིས་སྤང་སྐོང་ཕྱག་བརྒྱ་པ་དང་། མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན་བཅས་བསྣམས་ནས་རྒྱལ་པོའི་བཞུགས་གནས་ཕོ་བྲང་དུ་ཕེབས་སྟབས། དེ་ནས་བཟུང་དམ་པ་ཆོས་ཀྱི་དབུ་ཐོག་མར་བརྙེས་ཤིང་། ཕྱིས་བཙན་པོའི་གདུང་རབས་སོ་གཉིས་པ་མི་རྗེ་སྲོང་བཙན་སྒམ་པོས་འཕྲུལ་སྣང་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པར་བཅས་པའི་གཙུག་ལག་ཁང་མང་དུ་བཞེངས་པ་དང་། རྒྱ་དཀར་ནག་དང་ལི་བལ་སོགས་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། སློབ་དཔོན་ཤཱི་ལ་མཛུ། ཧཱཤང་མ་ཧ་ཡཱ་ན་སོགས་སྤྱན་དྲངས་ཏེ་ལོ་ཙཱ་བ་ཐོན་མི་བཅས་པས་མདོ་རྒྱུད་ཉེར་གཅིག་སོགས་མདོ་དང་རྒྱུད་ཀྱི་ཆ་ལག་དུ་མ་ཕབ་བསྒྱུར་བྱས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། དེ་རྗེས་མངའ་བདག་ཁྲི་ལྡེས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་སོགས་སྤྱན་དྲངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་སྐྲུན་བྱས་པ་མ་ཟད། རྒྱ་གར་ནས་གཞི་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས། པ་གོར་བཻ་རོ་ཙ་ན་དང་འཁོན་ཀླུའི་དབང་པོ་སོགས་སད་མི་མི་བདུན་དང་། བློ་གསལ་བའི་གཞོན་ནུ་སུམ་བརྒྱ་ལྷག་རབ་ཏུ་བྱུང་བ་དང་། དགེ་འདུན་རེ་རེར་འཚོ་རྟེན་འབངས་ཁྱིམ་གསུམ་རེ་སྦྱིན་བདག་བྱེད་དུ་མངགས་སྟབས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགེ་འདུན་གྱི་སྡེ་མང་དུ་བྱུང་། ལྷག་པར་དུ་བསམ་ཡས་སྒྲ་བསྒྱུར་གླིང་དུ་ལོ་ཙཱ་བའི་དཔུང་ཁག་གསོ་སྐྱོང་དང་། ལོ་ཙཱ་བ་རེ་རེ ར་བཙན་པོའི་སྐུ་སྲུང་དམག་མི་སུམ་ཅུའི་ཕོགས་ཐོབ་ཀྱི་སྡོམ་འབོར་དང་འདྲ་མཚུངས་ཀྱི་ཕོགས་ཐོབ་གནང་བ་མ་ཟད། ཡིག་སྒྱུར་ཇི་ལྟར་བྱེད་སྟངས་ཀྱི་རིག་པའི་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་དང་། བྱེ་བྲག་རྟོགས་བྱེད་སོགས་གཏན་འབེབས་ཀྱིས་ལོ་ཙཱ་བ་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་སོགས་ལོ་པཎ་བརྒྱ་ཕྲག་མང་པོས་ཡིག་སྒྱུར་གྱི་བྱ་བ་འགོ་འཛུགས་ཐོག་དུས་ཡུན་ཆེས་ཐུང་ངུའི་ནང་ཆོས་ཚན་མི་འདྲ་བ་བརྒྱད་བརྒྱ་དྲུག་ཅུ་རེ་བདུན་ཡོད་པའི་བཀའ་འགྱུར་པོད་བརྒྱ་ཅན་དང་། ཆོས་ཚན་མི་འདྲ་བ་ཉིས་སྟོང་སུམ་བརྒྱ་སོ་བདུན་ཡོད་པའི་བསྟན་འགྱུར་པོད་ཉིས་བརྒྱ་བཅུ་གསུམ་ཅན་གཉིས་གཙོ་བོ་སྒྲ་སྒྱུར་དང་། དོན་སྒྱུར། ཐད་སྒྱུར་གསུམ་གྱི་བྱེད་ཐབས་སྤྱད་དེ་བོད་སྐད་དུ་སྒྱུར་ཞུས་བྱས་པས་བོད་བརྒྱུད་ནང་བསྟན་སློབ་གཉེར་པ་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ངེས་ཅན་ཞིག་བསྐྲུན། འོན་ཀྱང་གསང་སྔགས་ཀྱི་རྒྱུད་རྣམས་རྒྱ་གར་དང་གཅིག་མཚུངས་ཧ་ཅང་གསང་བ་བྱེད་ཀྱི་ཡོད་སྟབས། རང་མོས་ཀྱིས་ཉམས་ལེན་དང་བསྟན་བཤད་མི་ཆོག་པ་དང་། ལྷག་པར་དུ་གསང་སྔགས་མ་རྒྱུད་ཀྱི་ཆོས་སྐོར་དག་གཏན་ནས་སྒྱུར་ཞུས་མི་ཆོག་པར་བཟོས་སྟབས། བསྟན་པ་སྔ་དར་གྱི་སྐབས་སུ་གསང་སྔགས་ཀྱི་རྒྱུད་མ་ལག་དང་བཅས་པ་ཆ་ཚང་བོད་སྐད་ཐོན་མ་ཐུབ། དེ་ལྟ་ན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དངོས་སློབ་མང་པོར་རྒྱུད་སྡེ་བཞི་དང་། ལྷག་པར་དུ་སྔགས་བླ་མེད་ཀྱི་ཆོས་སྐོར་ཁག་ལྐོག་ཏུ་གསུངས་སྟབས། གནུབས་ཆེན་ནམ་མཁའི་སྙིང་པོ་(རབ་བྱུང་)དང་། སྒྲགས་པ་སངས་རྒྱས་ཡེ་ཤེས། ངན་ལམ་རྒྱལ་བ་མཆོག་དབྱངས་(རབ་བྱུང་)སོགས་རྗེ་འབངས་ཉེར་ལྔས་མཚོན་གྲུབ་པའི་གོ་འཕང་མཐོན་པོར་བརྙེགས་པའི་སློབ་མ་གྲངས་ལས་འདས་པ་བྱོན། གདུང་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེས་ཀྱང་རང་གི་དབུ་རལ་དགེ་འདུན་པའི་བཞུགས་གདན་དུ་བཏིང་བ་དང་། དགེ་འདུན་རེ་རེར་འཚོ་རྟེན་ཆེད་འབངས་ཁྱིམ་བདུན་རེའི་བདག་དབང་སྤྲད་པ། ལྷག་པར་དུ་སྔར་ཡབ་མེས་ཀྱི་དུས་སུ་བསྒྱུར་མ་ཟིན་པའི་མདོ་སྔགས་ཀྱི་ཆོས་མང་པོ་ཕབ་སྒྱུར་དང་། བསྒྱུར་ཟིན་པའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་དང་དཀར་ཆག་བཏབ། གཞན་ལྷ་ཁང་ཉམས་གསོ་དང་། འུ་ཤང་རྡོ་དཔེ་མེད་བཀྲ་•ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་སོགས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་གསར་བཞེངས་བཅས་བྱས་སྟབས། སྔར་ལས་ཀྱང་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཀྱི་གཞི་རྒྱ་ཇེ་ཆེ་དང་ཇེ་བརྟན་དུ་གྱུར། དེ་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་མཐའ་མ་སྲས་དར་མས་བོན་འབག་གྱོན་པའི་བློན་པོ་སྦས་སྟག་སོགས་དང་ངན་འབྲེལ་གྱིས་འདུལ་སྡེའི་མ་ལག་གིས་མཚོན་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྒྲོམ་གཞི་དེ་དམིགས་ཡུལ་དང་འཆར་གཞི་ངེས་ཅན་གྱི་ཐོག་ནས་ཧ་ལམ་རྩ་མེད་རང་བཞིན་ལྟ་བུའི་གཏོར་བཤིག་ཚབས་ཆེན་བཏང་། ཡ་མཚན་པ་ཞིག་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་སྒྱུ་འཕྲུལ་གྱིས་སྲས་དར་མ་སྐྲག་པར་བྱས་སྟབས། གསང་སྔགས་ཀྱི་བསྟན་པར་ཉམས་ཉེས་མ་བྱུང་བ་མ་ཟད། སྔར་ཆོས་རྒྱལ་ཚོའི་སྐབས་སུ་བསྒྱར་ཞུས་དང་འཆད་ཁྲིད་བྱེད་མ་ཆོག་པའི་གསང་སྔགས་མ་རྒྱུད་ཀྱི་རིགས་ཀྱང་སྐབས་ཐོག་སོ་སོར་བསྒྱུར་ཞུས་དང་འཆད་ཁྲིད་ཡང་ཡང་བྱས་པ་དང་། འདུལ་བའི་སྡོམ་རྒྱུན་ཉམས་ཆག་ཏུ་ཕྱིན་པ་སོགས་ཀྱིས་བོད་སིལ་བུའི་སྔ་རྗེས་སུ་གསང་སྔགས་ཀྱི་བསྟན་པ་འཕེལ་རྒྱས་བླ་ལྷག་ཏུ་ཕྱིན། ཡིན་ཡང་རིམ་པས་སྦྱོར་དང་སྒྲོལ་ལྟ་བུའི་སྔགས་ལོག་སྤྱོད་པ་མང་དུ་བྱུང་སྟབས། ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱིས་སྔགས་ལོག་སིན་འབྱིན་པའི་བཀའ་ཤོག་བཀྲམ་པ་དང་། ལོ་ཆེན་རིན་བཟང་དང་། ཁོང་གི་སློབ་མ་ཞི་བ་འོད། ལྷས་བཙས་སོགས་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་བྱེད་ཀྱི་བསྟན་བཅོས་མང་དུ་བརྩམས། ལྷག་པར་དུ་ལྷ་བླ་མ་བྱང་ཆུབ་འོད་དང་ནག་ཚོ་ལོ་ཆེན་ཟུང་གིས་ཇོ་བོ་རྗེ་བོད་དུ་གདན་དྲངས་པ་དང་། ཇོ་བོ་རྗེས་བསྟན་པར་དག་ཐེར་གྱིས་མདོ་སྔགས་གཉིས་ཀའི་གནད་སྙིང་བསྡུས་ནས་བསྟན་པའི་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་དང་། ཐུགས་སྲས་འབྲོམ་སྟོན་པས་རྭ་སྒྲེང་དགོན་པ་ཕྱག་བཏབ་ནས་བཟུང་བཀའ་གདམས་དང་། རིམ་པས་ས་སྐྱ། བཀའ་བརྒྱུད། ཇོ་ནང་སོགས་ཆོས་བརྒྱུད་མི་འདྲ་བ་མང་དུ་བྱུང་། མ་ཟད་ལོ་ཆེན་རིན་བཟང་དང་ཀླ་མེས་ཚུལ་ཤེར་གཉིས་ཀྱིས་མངའ་རིས་སྟོད་དང་མཚོ་སྔོན་སོགས་བརྒྱུད་ནས་མངའ་རིས་དང་དབུས་སུ་འདུལ་བའི་སྡོམ་རྒྱུན་བསྐྱར་སྤེལ་བྱས་པ་དང་། མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་ལྷ་བཙུན་ཆེན་པོ་ཁུ་དབོན་དང་། ལོ་ཆེན་ལོ་ཆུང་རྣམ་གཉིས། མཉམ་མེད་ཇོ་འབྲོམ་ཡབ་སྲས། ས་ཆེན་གོང་མ་རྣམ་ལྔ། རྭ་སྐྱོ་ཞང་གསུམ། གྲུབ་ཐོབ་མར་མི་དྭགས་གསུམ། ཤོང་དཔང་བུ་གསུམ་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་རིམ་པར་བྱོན་སྟབས། སླར་ཡང་བོད་འདིར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པ་དར་རྒྱས་ཆེན་པོ་བྱུང་། འོན་ཀྱང་བར་སྐབས་ཤིག་ནས་ཁ་ཅིག་སྔགས་ལ་མོས་ནས་མདོ་ཅ་འབྱིད་པ་དང་། འགའ་ཞིག་མདོ་ལ་མོས་ནས་སྔགས་ཅ་འབྱིད་པ་སོགས་བསྟན་པ་ཐམས་ཅད་འགལ་མེད་གྲོགས་སུ་འཁྱེར་བའི་ལུགས་སྲོལ་གཏན་ནས་མེད་པར་གྱུར་སྟབས། བསྟན་པ་རིན་པོ་ཆེ་རྨང་ནས་ཉམས་ཏེ་མིང་གི་ལྷག་མ་ཙམ་དུ་གྱུར་པར་ཉེ་བ་ན་རྗེ་བདག་ཉིད་ཆེན་པོ་མདོ་སྨད་སའི་ཐིག་ལེར་སྐུ་འཁྲུངས་ཤིང་། དབུས་འགྱུར་དུ་བྱོན་ནས་རིས་མེད་ཀྱི་བཤེས་གཉེན་དུ་མའི་མདུན་སར་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་དཔྱིས་ཕྱིན་པ་གནང་བ་མ་ཟད། དགའ་ལྡན་རྣམ་པར་རྒྱལ་བའི་གླི ང་ཕྱག་འདེབས་མཛད་སྟབས། དེ་ནས་བཟུང་རི་བོ་དགའ་ལྡན་ནམ་ཡོངས་གྲགས་སུ་རི་བོ་དགེ་ལུགས་ཞེས་གྲགས་པ་འདི་བྱུང་། ཁོང་གིས་ཉ་དབོན་དང་། རེད་མདའ་བ་གཞོན་ནུ་བློ་གྲོས། མཁན་ཆེན་དགའ་བཞི་པ་བློ་གསལ་སོགས་ཀྱི་མདུན་ནས་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་བཀའ་པོད་ལྔ་གའི་བཤད་རྒྱུད་བར་མ་ཆད་པ་རྣམས་གསན་ནས་དགོན་དེར་བཀའ་པོད་ལྔ་གའི་འཆད་ཉན་གྱི་རྒྱུན་གསར་འཛུགས། མངོན་རྟོགས་རྒྱན་གྱི་རྒྱ་ཆེར་འགྲེལ་ལེགས་པར་བཤད་པ་གསེར་གྱི་ཕྲེང་བ་དང་། དབུ་མ་དགོངས་པ་རབ་གསལ་སོགས་ཆོས་ཚན་མི་འདྲ་བ་ཆིག་བརྒྱ་བརྒྱད་ཅུ་གྱ་ལྔ་ཡོད་པའི་གསུང་འབུམ་པོད་ཏི་བཅོ་བརྒྱད་ལྷག་ལྗགས་རྩོམ། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་གསུང་འབུམ་འབོར་ཆེན་བཞུགས་པའི་དངོས་སློབ་གྲགས་ཅན་བརྒྱ་དང་ཞེ་བདུན་བསྐྱངས་པ་དང་། དེ་དག་སོ་སོས་ཀྱང་ཡབ་རྗེ་བླ་མའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་ཕྱི་འདུལ་བའི་ཉམས་ལེན་ཆ་ཚང་ཡོད་པའི་སྟེང་དུ་ནང་བྱང་སེམས་ཀྱི་ཉམས་ལེན་ཆ་ཚང་ཡོད་པ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ལ་མཚོན་ནའང་ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སོགས་གསང་སྔགས་རྒྱུད་སྡེ་དྲུག་ཀ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་བསྟན་པ་རིན་པོ་ཆེ་བོད་མདོ་དབུས་སྟོད་སྨད་བར་གསུམ་གྱི་ཕྱོགས་མཚམས་ཀུན་ཏུ་སླར་ཡང་དར་སྤེལ་བྱས་པ་བཅས་ནང་བསྟན་ཆོས་ལུགས་ཡུལ་གྲུ་སོ་སོར་དར་ཚུལ་མདོར་བསྡུས་ཤིག་བཤད་ཟིན་ནོ། ། གཉིས་པ། སྤྱོད་འཇུག་ཆེན་མོ་གླེང་བ། དང་པོ། སྤྱོད་འཇུག་ཆེན་མོ་མཛད་པ་པོའི་རྣམ་ཐར། དེ་ཡང་རྒྱལ་སྲིད་རབ་སྤངས་གྲུབ་པ་བརྙེས། །གཙུག་ལག་གཉིས་ཀྱི་ཕྱོགས་ལས་རྒྱལ། །རབ་བྱུང་བདེན་གཟིགས་རྫུ་འཕྲུལ་བསྟན། །ངོ་མཚར་བདུན་ལྡན་དེ་ལ་འདུད། །ཅེས་ཇི་སྐད་སྨྲས་པ་ལྟར་བདག་ཉིད་ཆེན་པོ་ཞི་བ་ལྷ་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་སཽ་རཱ་ཥ་ཊའི་མངའ་བདག་རྒྱལ་པོ་དགེ་བའི་གོ་ཆ་(པཎྜི་ཏ་རཱམ་ཤངྐརཏྲིཔཋིས་ཁོང་གི་ཡབ་ཀྱི་མཚན་དུ་འཇམ་པའི་གོ་ཆ་ཞེས་བྲིས་འདུག)དང་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་སྲིད་འབྱོར་མངའ་ཐང་རྒྱས་པ་ཞིག་ཡོད་པ་གཉིས་ཀྱི་སྲས་སུ་དུས་རབས་བདུན་པའི་དཀྱིལ་སྨད་ཙམ་ལ་གཟུགས་སྐུ་མངོན་པར་བལྟམས་ཤིང་། མཚན་ལ་ཞི་བའི་གོ་ཆ་(འཇམ་དབྱངས་རྣམ་སྤྲུལ་ཞི་བ་ལྷས། སློབ་དཔོན་ཛེ་ཏཱ་རེས་ཞི་བའི་ལྷ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་དང་། འཕགས་པ་ཞི་བ་ལྷ་ཉིད་ཀྱིས། །ཞེས་ཤེར་འབྱུང་བློ་གྲོས་ཀྱིས་འཕགས་པའི་གང་ཟག་དང་། རྒྱལ་པའི་ལྷ་ལ་བདག་ཉིད་ཆེ ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་བི་བྷུ་ཏི་ཙནྡྲས་མཛད་པ་ཕུན་སུམ་ཚོགས་པ་ཅན་སོགས་སུ་གསུངས་སྟབས། རྒྱ་གར་མཁས་པའི་ཁྲོད་དུ་སློབ་དཔོན་ཁོང་སོ་སྐྱེ་དང་འཕགས་པ་གང་ཡིན་ཐད་བཞེད་པ་མི་མཐུན། ༸གོང་ས་མཆོག་ནས་འཛམ་གླིང་ཡོངས་གྲགས་ལ་བྱང་ཆུབ་སེམས་དཔའ་འཁྲུལ་མེད་དུ་ངོས་འཛིན་པ་ནི་རྒྱལ་སྲས་ཞི་བ་ལྷ་ཡིན་ཞེས་བཀའ་གནང་འདུག)ཞེས་གསོལ་གནང་མཛད། སྔོན་གྱི་རྒྱལ་བ་རྣམས་ལ་མཆོད་པ་དང་། ཐར་པ་ཆ་མཐུན་གྱི་དགེ་རྩ་ཐོ བ་པ་དང་། ཐེག་པ་ཆེན་པོའི་རིགས་ལ་ཡང་དག་པར་གནས་པ་སོགས་ཚེ་རབས་འདི་དང་ཚེ་རབས་སྔོན་མའི་ལས་བསོད་ཀྱི་མཐུས་བྱིས་དུས་ནས་ཡུལ་དེའི་བྲམ་ཟེ་དང་རྒན་རབས་ལ་གུས་ཤིང་། ལྷག་པར་དུ་དབུལ་ཕོངས་དང་། ནད་དང་གདོན་རིགས་ཀྱིས་མནར་བའི་སྐྱེ་འགྲོ་ཀུན་རྒྱུན་དུ་སྙིང་རྗེས་སྐྱོང་བ་སོགས་ཁྱད་དུ་འཕགས་པའི་མཛད་པ་དུ་མས། ཡུལ་དེའི་རྒྱལ་བློན་འབངས་འཁོར་སོགས་ཀྱི་སེམས་ནང་བརྗེད་དཀའ་བའི་བག་ཆགས་གཏིང་ཟབ་བཞག དགུང་ལོ་དྲུག་ཏུ་སོན་སྐབས་སྦས་པའི་བརྟུལ་ཞུགས་འཆང་བའི་གྲུབ་ཐོབ་ཅིག་དང་མངོན་ཆུང་གིས་མཇལ་ཏེ་འཇམ་དཔལ་རྣོན་པོའི་དབང་དང་སྒྲུབ་ཐབས་སོགས་ཞུས་ཏེ་སྒོམ་བཟླས་ལ་འབད་པས་གཞོལ་སྟབས། རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་ཏེ་ཆོས་ཀྱི་གསུང་གླེང་ཡང་དང་བསྐྱར་དུ་མཛད། དགུང་ལོ་བཅུར་སོན་དུས་ཡབ་རྒྱལ་པོ་དགེ་བའི་གོ་ཆ་སྐུ་ཚེ་མ་ཟིན་སྟབས། བློན་འབངས་སྤྱི་མོས་ཀྱིས་སྲས་ཞི་བའི་གོ་ཆ་རྒྱལ་སྲིད་དུ་དབང་བསྐུར་བའི་ཆོ་ག་བརྩམས། དེའི་མཚན་མོར་སྲས་ཁོང་གི་རྨི་ལམ་དུ་རྒྱལ་ཁྲིར་རྗེ་བཙུན་འཇམ་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱེད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཁྱེད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་དང་། རྗེ་བཙུན་སྒྲོལ་མས་ཀྱང་། བུ་སྙིགས་དུས་འདིར་རྒྱལ་སྲིད་ཀྱི་བྱ་བར་ཞུགས་ན་ཉོན་མོངས་པའི་དབང་གིས་མི་དགེ་བའི་ལས་འདྲ་མིན་སྣ་ཚོགས་སྤྱད་དེ། ཚེ་རབས་ཕྱི་མ་རྣམས་སུ་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་དག་བཟོད་མི་ཐུབ་པ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བས་རྒྱལ་སྲིད་སྤངས་ནས་ཤར་ཕྱོགས་བྷང་གའི་ཡུལ་དུ་སོང་ཞིགདེར་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པར་བྱེད་དོ། །གསུངས་པ་རྨིས་སྟབས། ནངས་པར་ཉེས་པའི་རྒུད་ཚོགས་ལྟ་བུའི་རྒྱལ་སྲིད་ཀྱི་བྱ་བར་གཏན་ནས་ཞུགས་མི་རུང་བ་ངེས་ཤེས་གཏིང་ཆོད་ཀྱིས་ཤར་ཕྱོགས་བྷང་གའི་ཡུལ་དུ་བཞིན་གྱི་དཀྱིལ་འཁོར་ཡུན་གྱིས་མངོན་པར་གཏད། ལམ་བར་དུ་ཞག་ཉེར་གཅིག་གི་རིང་ཟས་དང་སྐོམ་ཆུ་གང་ཡང་མ་རྙེད་སྟབས། ཤར་ཕྱོགས་བྷང་གའི་ནགས་ཀྱི་མཐའ་དང་ཉེ་སར་བསླེབས་མ་ཐག་སྐོམ་གདུང་གིས་དུག་ཆུ་འཐུང་བར་བརྩམས་པ་ན། གློ་བུར་དུ་འོང་བའི་སྤྲུལ་པའི་བུ་མོ་ཞིག་གིས་བསིལ་བཅུད་ཆེ་བའི་བདུད་རྩིའི་ཆུས་ཐུགས་ཡིད་རབ་ཏུ་ཚིམ་པར་བྱས། རྗེ་བཙུན་སྒྲོལ་མའི་སྤྲུལ་པར་གྲགས་པའི་བུ་མོ་དེས་ཁོང་གི་ཐུགས་འདུན་ལྟར་ནགས་ཚལ་དེའི་ཕུགས་ན་བཞུགས་པའི་རྗེ་བཙུན་འཇམ་དབྱངས་གྲུབ་ཐོབ་ཀྱི་རྣམ་པར་བརྫུས་པའི་རྣལ་འབྱོར་པ་ཞིག་ཡོད་པ་དེའི་དྲུང་དུ་ཁྲིད་ཕེབས་གནང་། གྲུབ་ཐོབ་དེར་མཇལ་མ་ཐག་རྒྱལ་སྲས་ཀྱི་ཐུགས་ཡིད་རབ་ཏུ་ཕྲོགས་ནས་རང་ཉིད་ཀྱི་རྟ་མཆོག་དང་ལུས་རྒྱན་ཡོད་ཚད་ཕུལ་ནས་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱི་གདམས་པས་རྗེས་སུ་འཛིན་པར་ཞུས་པ་བཞིན། དེས་ཀྱང་སྐལ་པ་དང་འཚམ་པའི་འགངས་ཆེའི་གདམས་ངག་མང་དུ་གནང་ཞིང་། ལོ་བཅུ་གཉིས་ཀྱི་ཡུན་ལ་རྣལ་འབྱོར་པ་དེའི་དྲུང་ནས་ཏིང་ངེ་འཛིན་ཟབ་མོ་རྩེ་གཅིག་ཏུ་བསྒྲུབས་སྟབས། མཐར་རྗེ་བཙུན་འཇམ་དབྱངས་དང་དངོས་སུ་མཇལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དགུང་གྲངས་ཉེར་གཉིས་སུ་སོན་པ་ན་བླ་མས་རྗེས་སུ་གནང་བ་ལྟར་ནཱ་ལནྡྲའི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་ཙནྡྲ་གོ་མིའི་ཕྱི་མ་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་། མཚན་ལ་ཞི་བའི་ལྷ་ཞེས་བཏགས། བོད་ཀྱི་མཁས་པ་ཁག་ཅིག་གིས། མཚན་འདི་ནཱ་ལནྡཱནྡྲའི་པཎ་གྲུབ་ལྔ་བརྒྱས་ཆེད་བསྟོད་ཀྱི་ཚུལ་དུ་གནང་བར་བཤད། ཁོང་གིས་མཁན་པོ་རྒྱལ་བའི་ལྷ་ལས་འདུལ་བའི་སྡེ་སྣོད་དང་མངོན་པའི་སྡེ་སྣོད་མདོ་སྡེའི་སྡེ་སྣོད་སོགས་ལ་དཔྱིས་ཕྱིན་པ་སྦྱངས་སྟབས། ཁོང་ནང་བསྟན་ཆོས་ལུགས་པའི་ཁྲོད་ནས་གྲགས་ཅན་བསམ་བློ་བ་དང་མཚན་ཉིད་རིག་པ་བའི་གཙུག་རྒྱན་ལྟ་བུར་གྱུར། མ་ཟད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་གསལ་བར་བསྟན་པའི་བསྟན་བཅོས་མདོ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་བཅས་བརྩམས་པ་སོགས་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱིས་འཛིན་པར་དུས་འདའ་བར་བྱས་ཀྱང་། ཐུན་མོང་སྣང་ངོར་ཐོས་བསམ་སྒོམ་སྒྲུབ་ཀྱི་རིགས་ཅི་ཡང་མི་བྱེད་པ་མ་ཟད། ཉིན་རེའི་ཟས་ཀྱི་དུས་ཐོག་རེ་རེར་འབྲས་བྲེ་བོ་ཆེ་ལྔ་རེ་ཆགས་མེད་དུ་བཞེས་པ་དང་། རྒྱུན་དུ་ཉལ་གཉིད་འབའ་ཞིག་གིས་དུས་ཀྱི་བང་སྣང་མེད་ལྟ་བུས་ཟད་པར་བྱས་སྟབས། འདུ་ཤེས་གསུམ་པ་བ་ཞེས་ནཱ་ལནྡཱའི་འདུས་མང་ཁྲོད་གྲགས་པ་འབར། སྐབས་ཤིག་གཞན་ལ་བྱུས་གཏོགས་བྱེད་རྒྱུར་གོམས་པའི་ཡུལ་དེའི་རྗེ་དཔོན་དང་གྲྭ་རྒན་ཚོས་ཁོང་ལ་རྒྱུན་དུ་མཐོང་ཆུང་དང་ཁྱད་གསོད་ལྟ་བུས་སྤྱིར་གྲྭ་པ་ཞིག་ཡིན་ཕྱིན་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་འཁོར་ལོ་སོགས་ལ་རྩེ་གཅིག་ཏུ་འབད་པས་གཞོལ་རྒྱུ་དེ་ཡིན་ཡང་། འདིས་དགེ་འདུན་པའི་ལས་སུ་བྱ་བ་གང་ལའང་མི་བརྩོན་བཞིན་དུ་དད་རྫས་ལ་བག་མེད་དུ་གང་འདོད་འདོད་ལྟར་ལོངས་སུ་སྤྱད་ན་མི་རུང་སྟབས། ཐབས་ཀྱིས་གནས་ནས་བསྐྲད་དགོས་པས་ཇི་ལྟར་བྱ་བའི་གྲོས་མོལ། ཉིན་ཞིག་འཆར་ཅན་ལྟར་བདག་ཅག་གི་སྟོན་པས་ཆོ་འཕྲུལ་བསྟན་ནས་མུ་སྟེགས་བཏུལ་བའི་ཟླ་བར་ལུགས་སྲོལ་ལྟར་མདོ་འདོན་པའི་རེ་མོས་ཡོད་པའི་ནང་དུ་ཁོ་བ་མདོ་འདོན་པར་བསྐོས་ན་རང་འགུལ་གྱིས་བྲོས་འགྲོ་དགོངས་ཏེ་མདོ་འདོན་པར་ནན་གྱིས་སྐུལ་མཐར། ནཱ་ལནྡཱའི་གཙུག་ལག་ཁང་གི་བྱང་ཤར་ཕྱོགས་ཀྱི་ཀུན་དགའ་ར་བའི་ཁྲི་སྟན་མཐོན་པོར་བཞུགས་ནས། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ། །ཞེས་སོགས་ཀྱིས་དབུ་བསྐུལ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་གཞུང་འདི་ཉིད་རྫོགས་པར་གསུངས་སྟབས། ཁོང་གི་ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་དེ་ལག་ལེན་གྱི་འཕེལ་རིམ་ཐད་སུས་ཀྱང་ཚོད་དཔག་བྱེད་དཀའ་བར་གྱུར། དེ་ནས་ནཱ་ལནྡཱ་ནས་ཡུལ་དེའི་ལྷོ་ཕྱོགས་ཀྱི་རྒྱུད་སོ་བ་ནཱ་ཐ་ཞེས་པའི་རྟེན་དང་ཉེ་བར་བྱོན་ཏེ། ནགས་ཚལ་གྱི་གཙུག་ལག་ཁང་དུ་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡུན་རིང་བཞུགས་རྗེས་དད་ལྡན་ཚོའི་བསྙེན་བཀུར་ལ་གཡོལ་ཆེད་ཕྱིའི་རབ་བྱུང་གི་རྟགས་བརྗེ་བསྒྱུར་གྱིས་ཡུལ་དེའི་ལྷོ་ཕྱོགས་སུ་ཕེབས། དེར་ཡོད་ནང་པ་ཚོས་མུ་སྟེགས་པའི་སྟོན་པ་ཤང་ཀ་ར་དེ་ཝ་སོགས་དང་ནུས་པ་འགྲན་དགོས་ཞུས་པ་བཞིན་ཞལ་བཞེས་མཛད། དངོས་གཞིའི་སྐབས་དངོས་གཞིར་མུ་སྟེགས་པ་ཚོས་ནམ་མཁར་དཀྱིལ་འཁོར་བྲིས་པར། ཁོང་གིས་ཟད་པ་རླུང་གི་ཏིང་ངེ་འཛིན་ལ་བརྟེན་ནས་བཤིག། མ་ཟད་མུ་སྟེགས་པ་རྣམས་མཚོ་ཆེན་མོའི་ཕ་རོལ་ཏུ་བསྐྲད་དེ། ཡུལ་དེར་ནང་བསྟན་དར་བར་བྱས་སྟབས། རྒྱ་གར་པ་ཚོས་ཡུལ་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་འབོད་སྲོལ་ཆགས། དུས་ཀྱིས་བསྐལ་བས་ཡུལ་དེ་དེང་སང་གང་དུ་ཡོད་ཤེས་དཀའ་བ་ཏཱ་ར་ནཱ་ཐས་བཤད། བོད་ཀྱི་ལོ་རྒྱུས་རྣམས་སུ། ཁོང་གིས་ཡུལ་དེ་ནས་འཚོ་བ་ཆད་པའི་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་དང་། མུ་ཏོ་བ་སྟོང་ཙམ་ལ་སྤྲུལ་པའི་བཟའ་བཏུང་གིས་གསོས་ཏེ་དེ་དག་ཡོངས་རྫོགས་ནང་བསྟན་ལ་བཀོད་པའི་ཚུལ་གསུངས་ཀྱང་། སྤྲུལ་པས་བཟའ་བཏུང་བླངས་ཏེ་བྱིན་ཚུལ་བཤད་པ་དེ་ཕལ་ཆེར་ཆོས་ལུགས་པ་ཚོས་རྟོག་བཟོས་བསླངས་པ་ཞིག་ཡིན་སྟབས། ལོ་རྒྱུས་སྨྲ་པ་ཞི ག་གི ས་བལྟ ས་ཚེ་གཞིའཛིན་ས་ཆེ ར་མི་སྣང་། འཇུག་པའི་རྣམ་བཤད་ལས། ཀླུ་སྒྲུབ་འཕགས་པ་ལྷ་ཡི་གྲུབ་པའི་མཐའ། །ཤིང་རྟ་ཆེན་པོ་གསུམ་གྱིས་བཀྲལ་བ་ཉིད། །ཐུན་མོང་མ་ཡིན་གནད་དོན་ཡོངས་རྫོགས་པར། །དྲི་མེད་བློ་གྲོས་མིག་གིས་ལེགས་མཐོང་ཞིང་། །ཞེས་དང་། ཡོངས་རྫོགས་འགྲེལ་མཛད་དཔལ་ལྡན་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་དང་ཞི་བ་ལྷ་ཡི་ལུགས། །གྲུབ་པའི་དབང་ཕྱུག་གསུམ་གྱི་བཞེད་པའི་སྒོ། །གཅིག་ཏུ་དྲིལ་ནས། ཞེས་སོགས་གསུངས་པ་ལྟར། ཁོང་དང་། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ་གསུམ་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་རྩ་བའི་ཆ་ནས་གཅིག་ཏུ་མཐུན་ཞིང་། ཟླ་བའི་ཞབས་དང་ཞི་བའི་ལྷ་གཉིས་འཕགས་པའི་དགོངས་པ་འགྲེལ་སྟངས་ཐད་མི་མཐུན་སའི་གནད་ཕྲ་མོ་ཙམ་ཡང་མེད་སྟབས། འདི་གཉིས་འཕགས་པའི་ལུགས་ཀྱི་ཤིང་རྟའི་སྲོལ་འཛིན་ཆེན་མོ་གཉིས་ཡིན་པ་རྒྱ་གར་ན་ཡོངས་གྲགས་ལྟ་བུར་གྱུར། མདོར་བསྡུས་ནས་བཤད་ན། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསུངས་པ་ལྟར་སློབ་དཔོན་འདི་ཉིད་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་རྫོགས་པར་རྟོགས་ཤིང་། བདག་པས་གཞན་གཅེས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རང་ཉིད་འབའ་ཞིག་གི་བདེ་བ་ལ་ལྟོས་པ་མེད་པར་མགོན་དང་དཔུང་གཉེན་བྲལ་བའི་ཉམ་ཐག་པའི་སེམས་ཅན་ཧྲིལ་པོའི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པའི་སྒོ་ནས། ཐེག་པ་ཆེན་པོའི་ལམ་རྫོགས་པར་མཛད་མཁན་ཞིག་ཡིན་པ་བཅས་རྣམ་པར་ཐར་པ་ཆེས་མདོར་བསྡུས་པའོ། ། གཉིས་པ། སྤྱོད་འཇུག་ཆེན་མོ་མཛད་པའི་དུས། དེ་ཡང་བློ་གྲོས་མི་ཟད་པའམ་ཡོངས་གྲགས་རྒྱལ་སྲས་ཞི་བ་ལྷ་འབོད་པའི་མཁས་པ་དང་གྲུབ་པ་ཐོབ་པའི་དམ་པ་འདི་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་རྒྱས་པར་བསྟན་པ་བསླབ་པ་ཀུན་ལས་བཏུས་པ་དང་། དེ་ལས་ཅུང་ཟད་བསྡུས་ཏེ་བསྟན་པ་མདོ་ཀུན་ལས་བཏུས་པ། དོན་རྒྱས་ལ་ཚིག་ཤིན་ཏུ་བསྡུས་པས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་གཞུང་གྲགས་ཆེ་བ་གསུམ་འགྲོ་བ་མིའི་རིགས་ཀྱི་སྤྱི་ནོར་དུ་འཇོག་གནང་མཛད། སྤྱིར་རྒྱ་གར་ན་བསྟན་བཅོས་རྩོམ་པ་ལ་སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་བཙུན་པ་ཟླ་གྲགས་སོགས་དང་། ཕན་འདོག་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པ་སློབ་དཔོན་དྷ་ཀ་ལ་སོགས་ལུགས་མི་འདྲ་བ་གཉིས་གྲགས་ཤིང་། རྒྱལ་སྲས་ཞི་བ་ལྷ་རྩོམ་ཐབས་ཕྱི་མ་གཙོ་གནད་གནང་མཁན་ཞིག་ཡིན་སྟབས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དབུར། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །ཞེས་ཁེངས་སྐྱུངས་པའི་རྣམ་འགྱུར་སྟོན་ཐབས་བྱས། ཡིན་ན་ཡང་། གཞུང་འདིའི་རྩོམ་གཤིས་ཉམས་འགྱུར་དང་། རྩོམ་གྱི་སྒྲིག་གཞིའི་སྒྱུ་རྩལ་བྱ་ཐབས་སོགས་ཀྱི་ཐད་ཁྱད་དུ་འཕགས་པའི་ལེགས་ཆ་མང་དུ་སྣང་། ཁོང་གིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་ད་ལྟའི་བར་དུ་ལེགས་སྦྱར་སྐད་ཐོག་མ་ཉམས་པར་བཞུགས་པ་དང་། མདོ་ཀུན་ལས་བཏུས་པ་ལེགས་སྦྱར་སྐད་དང་འཛམ་གླིང་གི་སྐད་ཡིག་གང་གི་ཐོག་ཏུའང་ད་ཆར་མཇལ་དུ་མེད་སྟབས། བུ་སྟོན་རིན་ཆེན་གྲུབ་སོགས་མཁས་པ་མང་པོས་མདོ་བཏུས་དང་བསླབ་བཏུས་གཉིས་གཞུང་གཅིག་ཏུ་ཐག་བཅད། བུ་སྟོན་སོགས་ཀྱིས་མདོ་བཏུས་དང་བསླབ་བཏུས་གཉིས་གཞུང་གཅིག་ཏུ་གཟིགས་པར་བརྟག་ན། དུས་རབས་བཅུ་གཉིས་པའི་གོང་རོལ་ཙམ་ཞིག་ནས་བོད་དང་ལེགས་སྦྱར་གྱི་སྐད་ཐོག་ནས་མདོ་བཏུས་ཀྱི་གཞུང་འདི་ཡོངས་སུ་རྩ་མེད་དུ་ཕྱིན་ཚར་མེད་དམ་སྙམ། སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པའི་མཇུག་ཏུ། དེ་ལས་རྒྱ་ཆེར་རབ་སྟོན་པའི། །བསླབ་པ་ཀུན་ལས་བཏུས་པར་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །ཞེས་དང་། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲས་མཛད་པ་མ་ཟད། ཁོང་གིས་རུ་ལག་གཙང་སྟོད་འབྲི་མཚམས་ཀྱི་སའི་ཆ་དཔའ་རྟགས་ཀྱི་གཙུག་ལག་ཁང་དུ་རང་འགྱུར་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་པའི་གཞུང་འདིའི་དབུར་”མདོ་སྡེ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ་དང་། བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ཡོད་དོ། །དེ་ལ་སྤྱོད་པ་ལ་འཇུག་པ་གདོན་པར་འོས་བསམས་ནས་གསུངས་ཏེ།” ཞེས་གསལ་བ་དང་། ད་དུང་རྒྱལ་སྲས་ཞི་བ་ལྷ་སྐུ་ཚེའི་སྨད་དུ་ཏྲེ་ལིངྒའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྐར་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་བཞིན་པའི་སྐབས་ནཱ་ལནྡཱ་ནས་གཟུངས ཐོབ་པའི་པཎ་གྲུབ་གཉིས་ཆེད་མངགས་མདུན་བཅར་ཞུས་ཏེ། སྤྱོད་འཇུག་ཏུ་གསལ་བའི་བསྟན་བཅོས་གཉིས་མ་རྙེད་སྟབས་གང་དུ་ཡོད་ཅེས་ཞུས་སྐབས། ལན་དུ་བསྟན་བཅོས་གཉིས་ངའི་སྤོ ོང་ཁང་ན་ཡོད་པས་ལྟོས་ཤིག་གསུངས་པའི་ཚིག་འདི་རྒྱ་བོད་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་བཅུ་ཕྲག་འགར་གཅིག་མཐུན་དུ་གསལ། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་ཟླ་བའི་འོད་ཟེར་ཞེས་པར་ ”ནུབབ་ཀྱི་སྒོ་ལེགས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་འགྲེལ་པ་ཆེན་པོ་དང་། བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་འགྲེལ་པ་དང་། དགེ་བ་ལྷ་དང་། བིབྷཱིཏི་ཙནྡྲས་མཛད་པའི་འགྲེལ་པ་དང་། ནག་པ་བའི་དཀའ་འགྲེལ་དང་། ཤེར་ལེའི་འགྲེལ་པ་རྔོག་ལོས་བསྒྱུར་པ་དང་། སྤྱོད་འཇུག་གི་ལེའུ་དགུ་མའི་འགྲེལ་པའི་སྨད་དང་། བསླབ་བཏུས་རྩ་འགྲེལ་དང་། མདོ་ཀུན་ལས་བཏུས་པ་རྩ་འགྲེལ་ལ་སོགས་པ་ཐེག་པ་ཆེན་པོའི་སྤྱོད་ཕྱོགས་ཀྱིབསྟན་བཅོས་རྣམས་ཀྱི་ལེགས་བཤད་བསྡུས་ཤིང་།” ཞེས་དང་། གཞན་ཡང་། དཔའ་བོ་གཙུག་ཕྲེང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་སྙིང་པོར་ “འོན་ཀྱང་མདོ་བཏུས་དང་བསླབ་བཏུས་གཉིས་སྔོན་ནས་བརྩམས་ཟིན་པའི་བསྟན་བཅོས་ཡིན་ལ།” ཞེས་སོགས་མང་དུ་གསལ་སྟབས། གང་ལ་བསམས་ཀྱང་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་གཉིས་གཞུང་གཅིག་མིན་པ་ཧ་ཅང་བདེ་བླག་ངང་རྟོགས་ཐུབ། གཞན་ཡང་། མདོ་བཏུས་འདི་ཉིད་དགེ་བཤེས་ཤ་ར་བས་ར་སྒྲེང་ནས་རྒྱ་དཔེ་བླངས་ནས་པ་ཚབ་ཉི་མ་གྲགས་ཀྱིས་བོད་སྐད་ཐོག་བསྒྱུར་ཚུལ་བཀའ་གདམས་ཆོས་འབྱུང་དུ་བཤད་པ་ཐུབ་བསྟན་ཆོས་གྲགས་ཀྱིས་སྤྱོད་འཇུག་འགྲེལ་པར་དྲངས་ཡོད་ཀྱང་ད་ཆར་མཇལ་དུ་མེད། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མདོ་བཏུས་བོད་སྐད་ཐོག་བསྒྱུར་ནས་ཡོད་ཚུལ་༸གོང་ས་མཆོག་ལ་གསུངས་མྱོང་བ་དེ་བཀའ་གདམས་ཆོས་འབྱུང་ལ་གཞི་བཅོལ་བ་ཞིག་ཡིན་ཤས་ཆེ་སྙམ། དེར་བརྟེན་ཁོང་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་ལུས་ལྟ་བུའི་བསྟན་བཅོས་གསུམ་མཛད་པའི་ནང་ནས་རླབས་ཆེ་ཞིང་འཕྲིན་ལས་ཤིན་ཏུ་འཕེལ་བའི་བསྟན་བཅོས་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཡིན་ཞིང་། འདིའི་ཤོ་ལོ་ཀ་རེ་རེ་ལའང་མདོའི་ཁུངས་རེ་ཡོད་པ་བསླབ་བཏུས་དང་སྤྱོད་པ་ལ་འཇུག་པ་འདི་གཉིས་དཔྱད་བསྡུར་གྱིས་གཟིགས་ན་ངེས་པ་གཏིང་ཟབ་ཅིག་རྙེད་ཐུབ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ཉིད་རྒྱ་བོད་ཀྱི་བློ་སྦྱོང་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་ཡོད་སྟབས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་དབུས་བོད་ཕྱི་རབས་པའི་མཁས་པ་མང་དག་ཅིག་གིས་དུས་རྒྱུན་དུ་ནས་ཉིན་ལྟར་ཆག་མེད་དུ་ཞལ་འདོན་གནང་བཞིན་ཡོད་འདུག མ་ཟད་བོད་སྔ་རབས་པའི་མཁས་པ་ཕལ་མོ་ཆེས་ཀྱང་སྤྱོད་འཇུག་ཆེན་མོའི་གཞུང་ཡོངས་རྫོགས་སམ། མ་མཐའ་ཡང་བག་ཡོད་ཡན་གྱི་ལེའུ་བཞི་དང་། བསྔོ་བའི་ལེའུ་བཅས་ལེའུ་ལྔ་ཉིན་ལྟར་ཆག་མེད་དུ་ཞལ་འདོན་གནང་བའི་ཕྱག་སྲོལ་ཡོངས་ཁྱབ་ལྟ་བུར་གྱུར་འདུག སྤྱིར་བསྟན་བཅོས་འདིའི་མཚན་ལ་ལེགས་སྦྱར་སྐད་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་གསལ་ཡང་། ལོ་ཙཱ་བས་བོད་སྐད་དུ་ཐོག་མར་བསྒྱུར་སྐབས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བསྒྱུར་འདུག སྤྱིར་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་རེ་རེར་མིང་དུ་བཏགས་པའི་དགོས་པ་ནི། ཇི་སྐད་དུ། མདོ་སྡེ་ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་ཞིབ་ཏུ་གསུངས་པ་ལྟར་ཡིན་ལ། ལྷག་པར་དུ་བསྟན་བཅོས་ལ་མཚན་གསོལ་བའི་དགོས་པ་ནི། ‘‘དབང་པོ་རབ་ཀྱིས་སྨན་པས་ལག་རྩར་བལྟས་པས་ལུས་མགོ་མཇུག་གི་ནད་ཐམས་ཅད་ཤེས་པ་ལྟར་མཚན་དོན་ལ་བརྟེན་ནས་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་དགོས་པ་ཡོད། འབྲིང་གིས་དམག་མིའི་མདའ་བྱང་ལྟར་ཕྱོགས་གར་གཏོགས་ཤེས་པའི་དགོས་པ་ཡོད། ཐ་མས་སྨན་གྱི་ཁ་བྱང་ལྟར་མིང་དོན་གྱི་འབྲེལ་བ་གོ་སྟེ་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་” པ་ཡིན། མཚན་འདོགས་ལུགས་ལ་ཡང་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚད། བྱེད་ལས། གནས། དུས། དཔེ། འཁོར། ཞུ་བ་པོ། རྩོམ་པ་པོའི་མཚན་ཟུར། འབྱུང་ཁུངས་ཀྱི་སྒོ་ནས། དཔེ་མཚོན་གྱི་སྟེང་ནས། རྩོམ་ཡིག་གི་ཕྱི་དབྱིབས་དང་ཁ་དོག་གི་སྒོ་ནས་བཏགས་པ་སོགས་མང་དུ་སྣང་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་མིང་འདི་བརྗོད་བྱའི་སྒོ་ནས་བཏགས་ཤིང་། དེ་ཡང་གཙོ་བོ་ཕ་རོལ་པོས་བསྟན་བཅོས་ཀྱི་མཚན་ཐོ ས་པ་ཙམ་གྱིས་ཀྱང་བསྟན་བཅོས་ཀྱི་དོན་རགས་པ་ཙམ་གོ་བའམ་དབང་པོའི་ཁྱད་པར་གྱིས་བརྗོད་དོན་ཅི་རིགས་རྟོགས་ནུས་པར་དམིགས་པ་ཞིག་ཡིན་པ་གཞུང་འདིའི་སྤྱི་ཁོག་ནས་གསལ། དེ་འདྲའི་བསྟན་བཅོས་དེ་གནས་གང་དང་དུས་གང་ཞིག་ཏུ་བརྩམས་མིན་ཐད་གཅིག་མཐུན་མིན་པའི་བཤད་སྒྲོས་མི་འདྲ་བ་ཧ་ཅང་མང་། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་པར་ “མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ཡོད་དོ། །དེ་ལ་སྤྱོད་པ་ལ་འཇུག་པ་གདོན་པར་འོས་བསམས་ནས་གསུངས་ཏེ་” ཞེས་སོགས་གསལ་བར་དཔྱད་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་རྒྱལ་སྲས་ཞི་བ་ལྷས་སྔོན་དུས་ནས་ཡིག་ཐོག་ཏུ་བརྩམས་ཟིན་པ་ཞིག་ཕྱིས་སུ་དཔལ་ནཱ་ལནྡཱའི་གཙུག་ལག་ཁང་གི་བྱང་ཤར་ཕྱོགས་ཀྱི་ཀུན་དགའ་ར་བར་ཐུགས་ཐོག་ནས་གསུངས་པ་ཞིག་ཡིན་པར་འདོད་མཁན་གྱི་མཁས་པ་མང་ཙམ་ཡོད་པ་ཤེས་ཐུབ། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་ཟླ་བའི་འོད་ཟེར་ཞེས་པར“བརྩམས་ཞེས་འདས་པའི་རྐྱེན་བསྟན་པ་ནི། ནང་དུ་ཐུགས་དགོངས་ལ་རྫོགས་པར་བརྩམས་པའི་དབང་དུ་བྱས་པའོ་” ཞེས་གསལ། ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ་ཞེས་པར་ “བརྩམས་ཞེས་བཤད་ཀྱང་། རང་གི་ཐུགས་ཡུལ་དུ་བརྩམས་ཟིན་པའོ་” ཞེས་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཞེས་པར་ཡང་ ‘‘འདི་ཞེས་ཉེ་ཚིག་སྨོས་པ་ནི། སློབ་དཔོན་གྱི་ཐུགས་ལ་རྫོགས་པ་ལ་དགོངས་པའམ་ཡང་ན་འདི་བརྩམས་པ་ཡིན་གྱི་རྫོགས་པ་ནི་མ་ཡིན་ནོ། །ཞེས་པའི་ཐ་ཚིག་གོ།” ཞེས་སོགས་གསུངས་པས། ས་བཟང་མ་ཏི་པཎ་ཆེན་དང་། རྒྱལ་ཚབ་རིན་པོ་ཆེ་གཉི་གའི་གཞུང་དུ་གོང་གསལ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་སྒྲོས་དང་གཅིག་མཚུངས་ལྟ་བུར་གསལ་སྟབས། མཁས་པ་འདི་གསུམ་གྱིས་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཡོངས་གྲགས་སུ་མ་གསུངས་པའི་སྔོན་དུ་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་མེད་པ་བཞེད་ཀྱི་ཡོད་པ་ཐག་བཅད་ཆོག དཔའ་བོ་གཙུག་ཕྲེང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་སྙིང་པོ་ཞེས་པར་ “འོན་ཀྱང་ལོ་རྒྱུས་སྔ་མ་དེ་དག་ན་དེའི་སྔུན་ན་བརྩམས་ཟིན་པ་ཤ་སྟག་བྲིས་སྣང་” ཞེས་གསལ་བས། དཔའ་བོ་གཙུག་ལག་ཕྲེང་བའི་གོང་དུ་བྱོན་པའི་བོད་སྔ་ཕྱིའི་མཁས་པ་ཕལ་མོ་ཆེས་སྤྱོད་འཇུག་འདི་ཉིད་རྒྱལ་སྲས་ཞི་བ་ལྷས་ཡོངས་གྲགས་བྱས་ནས་མ་གསུངས་པའི་སྔོན་དུས་ནས་ཡིག་ཐོག་རང་དུ་བརྩམས་པ་ཞིག་ཡིན་པ་འཐད་ཕྱོགས་སུ་འཛིན་བཞིན་ཡོད་པ་མཁྱེན་རྟོགས་ཐུབ། དཔའ་བོ་གཙུག་ཕྲེང་གི་གོང་གསལ་གྱི་གཞུང་དུ་ “འོན་ཀྱང་མདོ་བཏུས་དང་བསླབ་བཏུས་གཉིས་སྔོན་དུས་ནས་བརྩམས་པའི་བསྟན་བཅོས་ཤིག་ཡིན་ལ། སྤྱོད་པ་ལ་འཇུག་པ་ནི་སེང་གེའི་ཁྲི་ལ་སྤྱན་དྲངས་ནས་སྔར་མ་གྲགས་པ་འདོན་པར་ཞུས་པའི་མོད་ལ་ཤར་གྱིས་གསུངས་པ་གདོན་མི་ཟ་སྟེ། བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །ཞེས་གསུངས་པས་ཀྱང་ངེས་སོ། །” ཞེས་གསལ་སྟབས། དཔའ་བོ་གཙུག་ཕྲེང་གིས་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཡོངས་གྲགས་སུ་མ་གསུངས་གོང་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་མེད་པར་འདོད་པ་མ་ཟད། དེའི་གོང་དུ་བསྟན་བཅོས་འདིའི་གཞི་རྩའི་སྒྲོམ་གཞིའི་སྤྱི་ཁོག་ཙམ་ཡང་ཇི་བཞིན་ཞིག་རྒྱལ་སྲས་ཁོང་གི་ཐུགས་ཐོག་ཏུ་འཁྲུངས་མེད་པར། གསུང་ཆོས་ར་བ་རང་ནས་ཐུགས་ལ་ཤར་ཚོད་ཀྱིས་གསུངས་པ་ཞིག་ཡིན་པར་བཞེད། མདོར་བསྡུས་ནས་བཤད་ན། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུཏིཙནྡྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཡང་མདོ་བཏུས་དང་བསླབ་བཏུས་བཞིན་སྔོན་དུས་ནས་ཡིག་ཐོག་གླེགས་བམ་གྱི་རྣམ་པར་བརྩམས་ཟིན་པར་འདོད་པ་དང་། བུ་སྟོན་རིན་ཆེན་གྲུབ་དང་། ས་བཟང་མ་ཏི་པཎ་ཆེན། རྒྱལ་ཚབ་དར་མ་རིན་ཆེན། དཔའ་བོ་གཙུག་ཕྲེང་སོགས་ཀྱིས་སྤྱོད་འཇུག་ཡོངས་གྲགས་སུ་མ་གསུངས་སྔོན་དུ་ཡིག་ཐོག་གླེགས་བམ་གྱི་རྣམ་པར་བརྩམས་ཟིན་མེད་པ་བཞེད་སྟབས། གནས་སྐབས་ཕྱི་མའི་ལུགས་འཐད་ཕྱོགས་སུ་བཟུང་ན་ལོ་རྒྱུས་ཀྱི་འགྲོས་དང་མཐུན་ཤས་ཆེ་སྙམ་མོ། ། གསུམ་པ། སྤྱོད་འཇུག་ཆེན་མོའི་ཤོ་ལོ་ཀ་དང་ལེའུའི་གྲངས་ཚད། རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་བདག་ཅག་གི་སྟོན་པས་ཆོ་འཕྲུལ་བསྟན་ནས་མུ་སྟེགས་པའི་སྟོན་པ་དྲུག་བཏུལ་བའི་ཉིན་མོ་དང་སྒོ་བསྟུན་ནས་གསུངས་ཤིང་། དེ་ཡང་དགོས་པ་སུ་ཞིག་གི་ཆེད་དུ་གསུངས་པ་ཡིན་ཞེ་ན། སྤྱིར་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཐམས་ཅད་དང་། སྒོས་སུ་ནཱ་ལནྡྲའི་པཎ་གྲུབ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་ལམ་ཚང་ལ་མ་ནོར་བར་ཉམས་སུ་ལེན་ཤེས་པའི་ཆེད་དུ་བརྩམས་པ་ཞིག་ཡིན་པ་ཡུལ་དེར་གྲགས་པ་ཤིན་ཏུ་ཆེ་བར་བལྟས་ན། སྐབས་དེའི་ནཱ་ལནྡཱའི་མཁས་པ་ཚོ་གཞུང་གི་གོ་སྟོབས་ལ་བྱང་ཚད་ངེས་ཅན་ལྡན་པ་མ་གཏོགས། གཞུང་དོན་ཉམས་ལེན་གྱི་འགྲོས་ལ་དེ་ཙམ་གསལ་ཆ་མེད་པ་ལྟ་བུའི་མཐོང་སྣང་སྐྱེ། ཁོང་གིས་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཞེས་སོགས་ནས་ལེའུ་དགུ་པ་ཤེས་རབ་ལེའུའི་དབུར་གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པའི་བར་གསུངས་གྲུབ་མཚམས་རྫུ་འཕྲུལ་གྱིས་ནམ་མཁར་གཤེགས་ཏེ་གཟུགས་སྐུ་མི་སྣང་བའི་ཟོལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་གི་མཇུག་རྫོགས་པར་གསུངས་གྲུབ་རྗེས། དེ་མ་ཐག་ཡུལ་དེའི་ལྷོ་ཕྱོགས་ཀྱི་རྒྱུད་སོ་བ་ནཱ་ཐ་ཞེས་པའི་རྟེན་ཡོད་པ་དང་ཉེ་བར་བྱོན་སྟབས། ཤུལ་བཞུགས་ནཱ་ལནྡཱའི་སྐབས་དེའི་གསུང་ཆོས་ར་བའི་ཆོས་གྲྭར་བཞུགས་པའི་རྣ་བའི་མངོན་ཤེས་ཅན་དང་། མི་བརྗེད་པའི་གཟུངས་ཐོབ་པའི་པཎ་གྲུབ་རྣམས་ཀྱིས་སོ་སོའི་ཐུགས་ཐོག་ཏུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་རིས་དག་ཡོངས་སུ་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་འབྲི་བཞེངས་བྱེད་སྐབས། ཁ་ཆེ་པ་རྣམས་ལ་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་དང་། མཆོད་བརྗོད་རང་གི་བློས་སྦྱར། ཡུལ་ཤར་ཕྱོགས་པ་རྣམས་ལ་ལེའུ་བརྒྱད་དང་། ཤོ་ལོ་ཀ་བདུན་བརྒྱ། མཆོད་བརྗོད་དབུ་མ་རྩ་བའི་ཚིག་དེ་བཅུག དབུས་པ་རྣམས་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་དང་། རྗེས་བསྔགས་ཀྱི་དབང་དུ་བརྩིས་པའི་ལེའུ་བཅུ་དང་། ཤོ་ལོ་ཀ་སྟོང་ཏག་ཏག་ཡོད་པ་ཞིག་བྱུང་བས་གཅིག་ཏུ་མཐུན་པ་མ་བྱུང་སྟབས། ནཱ་ལནྡཱའི་དགེ་འདུན་འདུས་པའི་དབུས་ནས་མི་བརྗེད་པའི་གཟུངས་ཐོབ་པའི་པཎ་གྲུབ་གཉིས་ཁོང་གི་བཞུགས་གནས་སོ་བ་ནཱ་ཐར་ཕྱིན་ནས་གནས་ཚུལ་ཞུས་སྐབས གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན་ཞེས་བཀའ་གནང་བའི་ལོ་རྒྱུས་ཡོད་ཀྱང་། ཁ་ཆེ་པ་དང་ཡུལ་ཤར་པ་དབུས་པ་སོ་སོས་རང་རང་གིས་བསྡུས་པའི་ལུགས་ལྟར་བཙན་གྱིས་བཟུང་སྟབས། རྩ་བའི་ཤོ་ལོ་ཀ་དང་ལེའུའི་གྲངས་ཚད་གཅིག་མཐུན་མིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་མི་འདྲ་བ་གསུམ་དུ་གྱུར། རིམ་པས་ཡུལ་ཤར་པ་རྣམས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ལེའུ་གཉིས་པ་སྡིག་པ་བཤགས་པའི་ལེའུ་དང་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་གཉིས་ཀྱི་ཟུར་ཙམ་ཡང་མི་གསལ་སྟབས། རིམ་པས་རྩ་མེད་རང་བཞིན་ལྟ་བུའི་ཉམས་ཆག་ཏུ་གྱུར། ཁ་ཆེ་བ་རྣམས་ཀྱིས་བསྡུས་པའི་ལེའུ་དགུ་དང་ཤོ་ལོ་ཀ་སྟོང་ལྷག་ཡོད་པའི་སྤྱོད་འཇུག་དེ་ཡང་ཡུལ་དབུས་པ་རྣམས་ཀྱིས་རང་གི་ལུགས་ལྟར་བཙན་གྱིས་བཅོས་སྟབས། ད་ལྟའི་ཆར་ལེགས་སྦྱར་སྐད་དུ་བཞུགས་པའི་སྤྱོད་འཇུག་གི་རྩ་བ་དེ་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པའི་ལེའུ་བཅུ་དང་། ཤོ་ལོ་ཀ་སྟོང་ཏག་ཏག་ཡོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ཉིད་ཡིན་ཚུལ་གྲགས་ཆེ། དེ་ལྟར་ན་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་བོད་སྐད་དུ་ཐོག་མར་བསྒྱུར་བའི་སྐབས་སུ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱདེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཟུང་གིས་ཁ་ཆེའི་དཔེ་ལས་ཞུས་ཏེ་བོད་སྐད་དུ་ཕབ་བསྒྱུར་མཚམས་སྦྱོར་བྱས་སྟབས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་མ་བྱོན་བར་གྱི་ལོ་ངོ་བརྒྱ་སྐོར་ཞིག་གི་རིང་སྤྱོད་འཇུག་གི་རྩ་བ་དེ། ཁ་ཆེའི་དཔེ་དེ་རང་གཞི་རྩར་བཟུང་སྟེ་རང་རེ་བོད་ཀྱི་མཁས་པ་ཚོས་སློབ་སྦྱོང་དང་ཉམས་ལེན་བྱས་ཤིང་། མ་ཟད་བར་སྐབས་ཤིག་ལ་སྐ་བ་དཔལ་བརྩེགས་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཤོ་ལོ་ཀ་དྲུག་བརྒྱ། ཚིག་རྐང་ཉིས་སྟོང་བཞི་བརྒྱ། ཡིག་འབྲུ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་ཡོད་པའི་སྤྱོད་འཇུག་གི་རྩ་བ་ཞིག་བསྒྱུར་གནང་མཛད་འདུག དེ་ཕལ་ཆེར་ཡུལ་ཤར་ཕྱོགས་པ་རྣམས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་དེ་མིན་ནམ་སྙམ། ཕྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ཤཱཀྱ་བློ་གྲོས་སོགས་ཀྱིས་བོད་སྐད་དུ་བཞུགས་པའི་ཁ་ཆེ་པས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་དགུའི་བདག་ཉིད་ཅན་འདི་ཉིད་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་པ་དང་། སླར་ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀིརྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་གཉིས་ཀྱིས་དག་པར་བཅོས། འདི་ནི་ཤོ་ལོ་ཀ་སྟོང་དང་། ལེའུ་བཅུ་ཡོད་པའི་ཡུལ་དབུས་པའི་ལུགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་ཡིན་ཞིང་། བོད་ཀྱི་ལོ་ཙཱ་བ་ཚོས་གཞུང་འདི་བམ་པོ་གཉིས་ཀྱི་ནང་དུ་བསྡུས། རྒྱ་གར་དུ་གསུང་རབ་རྣམས་ཤོ་ལོ་ཀ་དང་ལེའུས་བསྡུས་པ་མ་གཏོགས་བམ་གྲངས་ཀྱིས་བསྡུས་པ་ཞིག་འདས་དང་ད་ལྟའི་ཆར་བྱུང་མེད་སྟབས། གསུང་རབ་རྣམས་བམ་གྲངས་ཀྱིས་བསྡུ་སྟངས་དེ་རང་རེའི་བོད་ཀྱི་ལོ་ཙཱ་བ་ཚོས་གསར་དུ་བཏོད་པ་ཞིག་ཕལ་ཆེར་རེད་སྙམ། བམ་པོ་ཞེས་པ་ནི། གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་སྡོམ་པའི་མིང་ཡིན་ཞིང་། བམ་གྲངས་སྨོས་པའི་དགོས་པ་གཙོ་བོ་ནི། གཞུང་གི་ཚད་གཞི་ལ་སྒྲོ་སྐུར་མི་ཡོང་བའི་ཆེད་དུ་ཡིན། རང་རེའི་བོད་ཀྱི་གསུང་རབ་མང་ཆེ་བའི་ནང་དུ་བམ་པོ་ནི། ཁ་ཐུར་བལྟ་ཞེས་པ་སྟེ། དང་པོ་ནས་བརྩི་བ་དང་། ལེའུ་ནི་ཁ་གྱེན་བལྟ་སྟེ། གྲངས་སོང་ཟིན་པ་བརྩི་བ་ཡིན་ཞེས་གསལ། སྤྱིར་བམ་པོ་དང་ཤོ་ལོ་ཀ་ལེའུའི་གྲངས་ཚད་སོགས་ལ་མི་མཐུན་པ་དུ་མ་ཞིག་ཡོད། དཔེར་ན། ཤོ་ལོ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། སློབ་དཔོན་སེངྒེ་བཟང་པོས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་མཛད་པར་གྲགས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་འགྲེལ་ཆུང་དོན་གསལ་དང་། ཤོ་ལོ་ཀ་ཉེར་ལྔ་ལ་བམ་པོ་རེ་བྱས་པ་མདོ་ཤེས་རབ་སྙིང་པོ་དང་། དེ་བཞིན་ཚེག་བར་བརྒྱད་རེ་ལ་ཤོ་ལོ་ཀ་རེ་དང་། དེ་འདྲའི་ཤོ་ལོ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེའི་ཚད་དུ་བྱས་པའི་དཀར་ཆག་འཕང་ཐང་མ་ལྟ་བུ་ཡིན། སྐབས་རེ་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུ་དང་། བཞི་བརྒྱ་ཙམ་ལ་བམ་པོ་རེར་བརྩིས་པ་ཡང་ཡོད་སྟབས། བམ་གྲངས་བརྩི་སྟངས་དེ་གསུང་རབ་ཀྱི་སྦམ་ཆེ་ཆུང་ལ་འབྲེལ་བ་ཏོག་ཙམ་མེད་དམ་སྙམ། ལེའུ་དང་ཤོ་ལོ་ཀའི་གྲངས་ཚད་ལྟ་བུར་མཚོན་ན་རྒྱ་གར་དང་རང་རེའི་བོད་ཀྱི་མཁས་པ་རྣམས་བརྩི་སྟངས་མི་འདྲ་བ་ཙམ་མ་ཟད། ཡུལ་སོ་སོའི་མཁས་པ་རྣམས་ཀྱང་ནང་ཁུལ་བརྩི་སྟངས་མི་འདྲ་བ་ཆགས་ཡོད། དེ་ལྟར་ན་ཡང་སྤྱི་ཡོངས་ནས་བལྟས་ན། རྒྱ་གར་དང་རང་རེའི་བོད་ཀྱི་མཁས་པ་ཚོས་ཚིག་རྐང་བཞི་རེ ར་ཤོ་ལོ་ཀའི་མིང་གིས་བཏགས་པ་ཕལ་མོ་ཆེ་མཚུངས་ཀྱང་། ཚིག་ལྷུག་ཐད་ནས་རྒྱ་གར་པ་ཚོས་ཚེག་བར་གཅིག་རེ་ཡི་གེ་འབྲུ་རེར་བརྩིས་པའི་ཡིག་འབྲུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག་ཏུ་བརྩི་བ་དང་། བོད་པ་ཚོས་ཚེག་བར་ཉེར་བརྒྱད་རེ་ལ་ཤོ་ལོ་ཀ་གཅིག་ཏུ་བརྩི། དེ་མིན་ལེའུའི་གྲངས་ཚད་ལའང་སྤྱི་ཡོངས་ཀྱི་ཆ་ནས་ཆ་སྙོམས་བྱས་ན་ལེའུ་རེར་ཤོ་ལོ་ཀ་བརྒྱ་དང་ལྔ་བཅུའི་ཡན་ཞིག་དགོས་པ་རྒྱ་གར་དང་བོད་ཀྱི་མཁས་པ་ཚོས་ཧ་ལམ་གཅིག་མཚུངས་སུ་བཞེད། གོང་ཞུས་བཞིན་བཙན་པོ་ཁྲི་སྲོང་སྐབས་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱདེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཟུང་གིས་ཁ་ཆེ་བའི་ལུགས་ལྟར་བསྒྱུར་བའི་སྤྱོད་འཇུག་ཆེན་མོ་དེར་གོང་གསལ་ལྟར་ལེའུ་དགུ་དང་། ཤོ་ལོ་ཀ་སྟོང་ལྷག་དང་། ཚིག་རྐང་བཞི་སྟོང་ལྷག་ཡོད། ཕྱིས་ལོ་ཙཱ་བ་ཕྱི་མ་ཚོས་གཞུང་དེ་ཡུལ་དབུས་པའི་ལུགས་དང་མཚུངས་པར་བཅོས་སྟབས། སྔར་གྱི་ལེའུ་དགུ་དང་། ཤོ་ལོ་ཀ་སྟོང་ལྷག ཚིག་རྐང་བཞི་སྟོང་ལྷག་ཡོད་པའི་སྤྱོད་འཇུག་དེ། ལེའུ་བཅུ་དང་། ཤོ་ལོ་ཀ་སྟོང་། ཚིག་རྐང་བཞི་སྟོང་ཡོད་པའི་སྤྱོད་འཇུག་ཅིག་ཏུ་གྱུར་འདུག། ལོ་རབས་བཅུ་གསུམ་པའི་ནང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་མཆན་གྱི་རྩ་བའི་ལེའུ་དང་པོར་ཤོ་ལོ་ཀ་སོ་དྲུག་དང་རྐང་པ་གཅིགལེའུ་གཉིས་པར་ཤོ་ལོ་ཀ་རེ་ལྔ། ལེའུ་གསུམ་པར་ཤོ་ལོ་ཀ་སོ་གསུམ་དང་རྐང་པ་གསུམ། ལེའུ་བཞི་པར་ཤོ་ལོ་ཀ་ཞེ་བརྒྱད། ལེའུ་ལྔ་པར་ཤོ་ལོ་ཀ་བརྒྱ་དང་དགུ། ལེའུ་དྲུག་པར་ཤོ་ལོ་ཀ་བརྒྱ་དང་སོ་བཞི། ལེའུ་བདུན་པར་ཤོ་ལོ་ཀ་དོན་བཞི། ལེའུ་བརྒྱད་པར་ཤོ་ལོ་ཀ་བདུན་བརྒྱ་སོ་དྲུག ལེའུ་དགུ་པར་ཤོ་ལོ་ཀ་རེ་དྲུག ལེའུ་བཅུ་པར་ཤོ་ལོ་ཀ་ང་བདུན་ཡོད་པ་ཞིག་འདུག་སྟབས། དེ་གཞིར་བཟུང་བྱས་ན། ཁོང་གིས་སྲུབས་མཆན་བཏབ་པའི་སྤྱོད་འཇུག་རྩ་བ་དེར་ཤོ་ལོ་ཀ་དགུ་བརྒྱ་དང་ཕྱེད་གསུམ། ཚིག་རྐང་སུམ་སྟོང་དྲུག་བརྒྱ་བཅུ་མ་གཏོགས་མེད། དེ་རྗེས་ཀྱི་སྤྱོད་འཇུག་གི་འགྲེལ་པ་གྲགས་ཆེན་དུ་བརྩི་བ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས་དང་། དཔའ་བོ་གཙུག་ཕྲེང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེ ག་ཆེ ན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་སྙིང་པོ་སོགས་ཀྱི་རྩ་བའི་ཤོ་ལོ་ཀའི་གྲངས་ཚད་ཐད་གཅིག་མཐུན་མིན་པའི་འཕར་ཆག་ཅི་རིགས་ཤིག་བྱུང་ཡོད། ལྷག་པར་དུ་ཉེ་ཆར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་ཕྱི་གནང་སོན་བྱུང་བ་གཞིར་བཟུང་ལྟར་པར་བཏབ་ནས་ཝར་ཎའི་༸གོང་ས་མཆོག་གི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་ར་བར་བཀྲམ་པའི་སྤྱོད་འཇུག་ཆེན་མོའི་རྩ་བར་ཤོ་ལོ་ཀ་བརྒྱད་བརྒྱ་རེ་གཅིག་དང་། ཚིག་རྐང་སུམ་སྟོང་བཞི་བརྒྱ་ཞེ་བཞི་མ་གཏོགས་མེད་སྟབས། ད་ལྟའི་བར་དུ་ཡུལ་དབུས་པའི་ལུགས་ལྟར་བྱུང་བའི་སྤྱོད་འཇུག་ཆེན་མོའི་ཤོ་ལོ་ཀའི་གྲངས་ཚད་ཆེས་ཉུང་ཤོས་དེ་ཆགས་ཡོད། མདོར་བསྡུས་ནས་བཤད་ན། བཙན་པོའི་དུས་རབས་སྐབས་སུ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱདེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་བོད་སྐད་དུ་གཏན་ལ་ཕབ་པའི་སྤྱོད་འཇུག་ཆེན་མོ་དེར་ལེའུ་དགུ་དང་། ཤོ་ལོ་ཀ་སྟོང་ལྷག་ཡོད་པ་དང་། དེ་རྗེས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ཤཱཀྱ་བློ་གྲོས་སོགས་དང་། སླར་ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀིརྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་སོགས་ཀྱིས་རིམ་པར་ཡུལ་དབུས་པའི་ལུགས་ལྟར་བཅོས་སྟབས། སྔར་བོད་སྐད་ཐོག་བཞུགས་པའི་ཁ་ཆེ་པའི་ལུགས་ལྟར་བསྡུས་པའི་སྤྱོད་འཇུག་ཆེན་མོ་དེ་ལེའུ་བཅུ་དང་། ཤོ་ལོ་ཀ་སྟོང། ཚིག་རྐང་བཞི་སྟོང་ཅན་དུ་གྱུར་པ་དང་། ཕྱིས་རྒྱལ་སྲས་ཐོགས་མེད་བཟང་པོ་རྗེས་འབྲང་དང་བཅས་པ་མང་ཆེ་བས་འགྲེལ་མཆན་བཏབ་པའི་སྤྱོད་འཇུག་གི་རྩ་བར་ཤོ་ལོ་ཀ་དགུ་བརྒྱ་དང་ཕྱེད་གསུམ། ཚིག་རྐང་སུམ་སྟོང་དྲུག་བརྒྱ་བཅུ་ཅན་ཞིག་ཤ་སྟག་བྱུང་ཡོད། ལོ་རབས་བཅོ་བརྒྱད་པའི་དུས་མཇུག་ཅིག་ནས་ཤོ་ལོ་ཀ་བརྒྱད་བརྒྱ་རེ་གཅིག་དང་། ཚིག་རྐང་སུམ་སྟོང་བཞི་བརྒྱ་རེ་བཞི་ཅན་གྱི་སྤྱོད་འཇུག་རྩ་བ་ཞིག་བྱུང་ཞིང་། འདི་ནི་གོང་བཤད་ལྟར་དུས་ད་ལྟའི་བར་དུ་ཡུལ་དབུས་པའི་ལུགས་ལྟར་བྱུང་བའི་སྤྱོད་འཇུག་གི་རྩ་བའི་ཤོ་ལོ་ཀའི་གྲངས་ཚད་ཆེས་ཉུང་ཤོས་དེ་ཆགས་ཡོད། བུ་སྟོན་རིན་ཆེན་གྲུབ་ཀྱིས། “གཞུང་འདི་(སྤྱོད་འཇུག)གཙང་ནག་པས། འགྱུར་སྔ་ཕྱི་ཐམས་ཅད་བསྡུས་ནས། ཁོང་གི་ཐུགས་ལ་གང་བདེ་བསྒྲིགས་པ་ཡིན་ནམ་ཞེས་གྲགས་ལ། རྒྱ་དཔེ་དང་འགྲེལ་པ་དང་མི་མཐུན་པ་མང་པོ་སྣང་ཡང་། རྔོག་འགྱུར་བཟང་མ་ཞིག་འབད་དེ་བཙལ་ཡང་མ་རྙེད་པས། དོན་ལ་འགལ་བ་ཆེན་པོ་མེད་པ་རྣམས་གྲགས་པ་བཞིན་དུ་བཤད། མི་བཅོས་སུ་མི་རུང་བ་རྣམས་རྒྱ་དཔེ་དང་འགྲེལ་པ་དང་བསྟུན་ནས་ལོགས་སུ་གཏན་ལ་ཕབ། བཤད་པ་ཁ་ཅིག་འཕྲལ་ལ་བདེ་བདེ་འདྲ་བ་མེད་ཀྱང་། རྒྱ་དཔེ་དང་འགྲེལ་པ་དང་མཐུན་པ་ཡོད་པས་ཕུགས་ཡིད་བརྟན་ཐུབ་པ་ཡོད་” ཅེས་གསུངས་སྟངས་འདིས། སྤྱོད་འཇུག་གི་རྩ་བར་མཁས་པ་འགས་སོ་སོའི་འདོད་ཕྱོགས་དང་མཐུན་པར་རང་ཤེད་ལྟ་བུས་བཅོས་སྒྲིགས་ཡང་ཡང་བྱེད་ཀྱི་ཡོད་པ་རྟོགས་ཐུབ། བཞི་པ། སྤྱོད་འཇུག་ཆེན་མོའི་བཤད་ལུང་གི་བརྒྱུད་པ་འཕེལ་རིམ། བྱམས་པ་དང་སྙིང་རྗེ་གཉིས་ནི་ནང་པ་སྤྱི་དང་། ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་རྩ་བ་ནས་མེད་དུ་མི་རུང་བའི་ཆོས་གཉིས་ཡིན་ལ། གལ་སྲིད་བྱམས་པ་དང་སྙིང་རྗེ་གཉིས་རང་རྒྱུད་ལ་མ་སྐྱེས་པའི་གང་ཟག་ཅིག་ཡིན་ན། དུས་ནམ་ཡང་ཐེག་པ་ཆེན་པོའི་ཆོས་རྣལ་མ་ཞིག་རང་རྒྱུད་ལ་གཏན་ནས་སྐྱེ་མི་ཐུབ་ལ། དེ་བས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེ་ག་ལ་ཐུབ། གང་ཡིན་ཟེར་ན། བྱང་ཆུབ་ཀྱི་སེམས་ནི་བྱམས་པ་དང་སྙིང་རྗེ་གཉིས་ལ་གཞི་རྟེན་བྱས་ཡོད་པས་ཡིན། སྤྱིར་ན་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ལ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་གཅིག་དང་། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་གཅིག་སྟེ་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དགོས་མི་དགོས་དེ་ཡིན། དེ་ཡང་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དགོས་མི་དགོས་ཟེར་དུས་དེ་ཁས་ལེན་དང་མི་ལེན་གྱི་དོན་མིན་པར། རྣམ་གཞག་དེ་རང་རྒྱུད་ལ་ངེས་པ་སྔོན་དུ་འགྲོ་དགོས་མི་དགོས་ཀྱི་ཁྱད་པར་ཡིན། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་པར་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ངེས་པ་སྔོན་དུ་འགྲོ་མི་དགོས་ཀྱང་། གཞན་དོན་དུ་བློས་གཏོང་ཆེ་ཞིང་ཆོད་སེམས་ཧ་ཅང་བརྟན་པོ་ཞིག་ངེས་པར་དུ་དགོས། ལོ་རྒྱུས་གཞིར་བཞག་ནས་བལྟས་ཚེ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ནས་རྗེ་བཙུན་འཇམ་པའི་དབྱངས་དང་། རྗེ་བཙུན་འཇམ་པའི་དབྱངས་ནས་རྒྱལ་སྲས་ཞི་བ་ལྷར་ཉེ་བརྒྱུད་ཀྱི་ཚུལ་དུ་བྱུང་བ་ཚོད་དཔག་བྱེད་སླ་ཞིང་། རྒྱལ་སྲས་ཞི་བ་ལྷ་ཕྲན་གྱིས་དངོས་སུ་མཇལ་མྱོང་མེད་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ། ཚོད་དཔག་དང་ལོ་རྒྱུས་ཀྱི་དོན་དངོས་གཉིས་གཞི་གཅིག་ཏུ་བཟུང་ནས་བལྟས་ཚེ། ཁོང་ནི་བཀྲག་མདངས་ཤོར་བའི་ངུར་སྨྲིག་གི་ན་བཟའ་གྱོན་ཞིང་། སྐུ་ཤ་ཅུང་ཟད་རྒྱས་ཤིང་སྔོ་མདངས་ཅན། ཕྱི་ཚུལ་ནས་རང་ཉིད་སྤྱང་གྲུང་འཛོམས་མདོག་གི་རྣམ་འགྱུར་མི་སྟོན་མཁན། རྒྱུན་དུ་བཞིན་དཀྱིལ་འཛུམ་གྱིས་གང་བའི་དགེ་སློང་བརྗིད་ཉམས་ཅན་ཞིག་མིན་ནམ་སྙམ། ཁོང་གིས་སྐུ་ཚེ་ཧྲིལ་པོར་གཅིག་ཏུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཉམས་ལེན་གྱི་མཐིལ་དུ་བཟུང་བ་མ་ཟད། གང་ཉམས་སུ་བླངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཚུལ་ཇི་ལྟར་ཉམས་སུ་ལེན་སྟངས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་རྗེས་འཇུག་གི་གདུལ་བྱ་ཚོའི་གཅེས་ནོར་དུ་བཞག། དེ་དུས་ཀྱི་འཁོར་མི་བརྗེད་པའི་གཟུངས་ཐོབ་པའི་དགེ་འདུན་པ་ཚོ་དང་། ལྷག་པར་དུ་ཕྱིས་སུ་ནཱ་ལནྡཱར་བཞུགས་པའི་གཟུངས་ཐོབ་པའི་སློབ་དཔོན་གཉིས་ལ་ཆེད་མངགས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཀྱི་ལུང་ཁྲིད་ཐུགས་ཐོག་ནས་ཤར་མར་གནང་བ་དང་། བསླབ་པ་ཀུན་ལས་བཏུས་པ་དང་། མདོ་རྣམས་ཀུན་ལས་བཏུས་པ། བྱང་ཆུབ་སེམས་དེ་དག་རིམ་པར་བརྒྱུད་དེ་ཛེ་ཏ་རི་དང་། སློབ་དཔོན་ཟླ་གྲགས་ཆུང་བ། བྱང་ཆུབ་ལམ་སྒྲོན་མཛད་པ་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། གུ་ཎ་ཤྲཱིའམ་ཀུ་ན་ཡ་ཤྲཱི། བལ་བོ་ཀ་ན་ཀ་ཤྲཱི། སུ་མ་ཏི་ཀིརྟི། ཕར་ཕྱིན་དང་ཚད་མ་རིག་པ་སོགས་རྒྱ་གཞུང་རིགས་མི་འདྲ་བ་སྟོང་ཕྲག་གཅིག་ལ་ཉེ་བ་ལྷག་བོད་སྐད་དུ་བསྒྱུར་གནང་མཛད་པ་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དངོས་སློབ་དབུ་ཚད་ལ་ཤིན་ཏུ་མཁས་པར་གྲགས་པའི་ཁྱུང་རིན་ཆེན་གྲགས། སྟོད་ལུང་དགེ་བཤེས་རྒྱ་དམར། སྟོད་ལུང་དགེ་བཤེས་རྒྱ་དམར་བའི་དངོས་སློབ་གསང་ཕུ་དགོན་པའི་མཁན་ཐོག་དྲུག་པ་ཕྱྭ་བ་ཆོས་ཀྱི་སེངྒེ་། ཕྱྭ་བ་ཆོས་ཀྱི་སེངྒེས་རྔོག་ལོའི་དངོས་སློབ་བསྟན་རིམ་ཆེན་མོ་མཛད་པ་པོ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་མདུན་ནས་སྤྱོད་འཇུག་ཆེན་མོའི་ལུང་ཁྲིད་མན་ངག་དང་བཅས་པ་ཞིབ་ཏུ་གསན་འདུག། ཁྲོ་ཕུ་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་ཡོངས་གྲགས་སུ་བྱམས་པའི་དཔལ་ཞུ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་། བུདྷ་ཤྲཱི་ཛྙཱ་ན། བལ་བོའི་སློབ་དཔོན་དེ་བ་ཤྲཱི་སོགས་ལས་ལེགས་པར་གསན་འདུག་པ་དང་། གསན་རྒྱུན་དེ་ཁོང་གི་མདུན་ནས་བླ་མ་བསོད་ནམས་རྒྱལ་མཚན་དང་། མཁན་པོ་གཞོན་ནུ་དཔལ་གཉིས་ཀྱིས་མནོས། རིམ་པས་རྗེ་བཙུན་པ། བུ་སྟོན་རིན་ཆེན་གྲུབ། ཁོང་གི་ཐུགས་སྲས་གསུམ་གྱི་ཡ་གྱལ་ཐུགས་སྲས་ལོ་ཙཱ་བ། ས་སྐྱའི་མཁས་ཆེན་བརྩོན་འགྲུས་དཔལ་གྱི་དངོས་སློབ་གཡག་ཕྲུག་སངས་རྒྱས་དཔལ། རོང་སྟོན་སངས་རྒྱས་འཕེལ། འཕྲིན་ལས་རྡོ་རྗེ། དཀོན་མཆོག་འབྱུང་གནས། ཀརྨ་ཆགས་མེད་ཞབས། གྲུབ་དབང་པདྨ་རིག་འཛིན་རྗེ། ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། བཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། འཇིགས་མེད་ངོ་མཚར་དཔལ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་བར་ལུང་ཁྲིད་ཀྱི་བརྒྱུད་བར་མ་ཆད་པར་བྱུང་བ་མ་ཟད། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཡོངས་གྲགས་སུ་རྫ་དཔལ་སྤྲུལ་ཞུ་བས་རྡོ་བླ་འཇིགས་མེད་སྐལ་བཟང་དང་། འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་མདུན་ནས་སྤྱོད་འཇུག་ཆེན་མོའི་ལུང་ཁྲིད་ཀྱི་མན་ངག་རྣམས་ཞིབ་ཏུ་གསན་པ་མ་ཟད། གསེར་ཐང་དང་། རྡོ་སྟོད་སྨད་ཀྱི་འདུས་སྡེ། རྫོགས་ཆེན་ཤྲཱི་ཆོས་སེང་ཆོས་གྲྭ། པད་མའི་ཐང་སོགས་སུ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཡང་ཡང་གནང་། ལྷག་པར་དུ་ཁོང་གིས་རྫོགས་ཆེན་ཤྲཱི་ཆོས་སེང་ཆོས་གྲྭར་ལོ་རེ་རེར་ཆགས་མེད་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟབ་རྒྱས་གནང་སྲོལ་བྱུང་བ་དང་། ཆོས་གྲྭ་དེར་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གནང་ཐེངས་རེ་རེར་ཆོས་གྲྭའི་ཉེ་འགྲམ་དུ་མེ་ཏོག་སེར་ཆེན་འདབ་མ་སུམ་ཅུ་ཅན་དང་ལྔ་བཅུ་ཅན་མང་དུ་སྐྱེས་སྟབས། སྤྱོད་འཇུག་མེ་ཏོག་ཅན་གྲགས་པ་འདི་བྱུང་། ཕྱིས་སེར་ཤུལ་དགོན་དང་། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་ཀྱིས་མཚོན་རང་ཅག་རི་བོ་དགེ་ལྡན་པའི་དགོན་ཆེན་དག་ཏུའང་སྔ་ཕྱིར་ཕེབས་ནས་སྤྱོད་འཇུག་ཆེན་མོ་བཤད་ཁྲིད་རྒྱ་ཆེར་གནང་སྟབས། རིམ་པས་སྤྱོད་འཇུག་མེ་ཏོག་མའི་ལུང་ཁྲིད་ཀྱི་རྒྱུན་དེ། རི་བོ་དགེ་ལྡན་པའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་། དེ་ནས་རིམ་པར་བླ་མ་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན། མཁན་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་བླ་མ་ཨོ་རྒྱན་བསྟན་འཛིན་གྱི་མདུན་ནས་རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པ་ལེགས་བཤད་རྒྱ་མཚོ་ཆ་ཚང་དང་། མཁན་པོ་ཀུན་དཔལ་གྱི་མདུན་ནས་ཁོང་གིས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཆ་ཚང་། གཞན་ཕན་སྣང་བའི་མདུན་ནས་ཁོང་གིས་མཛད་པའི་སྤྱོད་འཇུག་ཆེན་མོའི་མཆན་འགྲེལ་ཆ་ཚང་། བཀྲས་ལྷུན་དཀའ་ཆེན་སངས་རྒྱས་དཔལ་བཟང་གི་མདུན་ནས་ཤེས་རབ་ལེའུ་རྐྱང་པ་དར་ཊིཀ་སྟེང་ནས་ཞུས་འདུག། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་མདུན་ནས་༸གོང་ས་མཆོག་དང་མཁན་ཆེན་བློ་བཟང་དོན་གྲུབ་གཉིས་ཀྱིས་ཕྱི་ལོ་༡༩༦༩ ལོར་གནས་མཆོག་རྡོ་རྗེ་གདན་དུ་གསན་གནང་མཛད་འདུག་པ་མ་ཟད། ༸གོང་ས་མཆོག་ནས་འཛམ་གླིང་གི་ཡུལ་གྲུ་དུ་མར་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་ཐེངས་བཅུ་དྲུག་ལྷག་ལ་གནང་བ་དང་། བཀའ་ཁྲིད་གནང་ཐེངས་རེ་རེར་ཆོས་ཞུ་བ་ཁྲི་འབུམ་མང་པོ་བྱུང་འདུག་པར་བལྟས་ན། དུས་རབས་འདི་སྤྱོད་འཇུག་ཆེན་མོའི་འཕྲིན་ལས་རྒྱས་ཤོས་ཀྱི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་ཆོག་སྙམ། ལྔ་པ། སྤྱོད་འཇུག་ཆེན་མོའི་ལེའུ་སོ་སོའི་བརྗོད་དོན་ངོས་འཛིན་ཐད་དབྱེ་ཞིབ། དེ་ཡང་རྒྱ་གར་དུ་ནང་པ་སངས་རྒྱས་པའི་རྗེས་འཇུག་གི་གདུལ་བྱ་སྤྱི་དང་། ལྷག་པར་དུ་ཐེག་ཆེན་གྱི་བསྟན་པའི་རྗེས་འཇུག་པ་ཚོས་མདོ་རྒྱུད་ཀྱི་གསུང་རབ་དང་། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་འཆད་ཚུལ་ཐད་ཐུན་མིན་གྱི་ཁྱད་ཡོན་མི་འདྲ་བ་སྤྱིའི་ཆ་ནས་གཉིས་ཙམ་བྱུང། ནཱ་ལནྡྲར་བཞུགས་པའི་མཁས་པ་རྣམས་ཀྱིས་མདོ་རྒྱུད་ཀྱིས་བསྡུས་པའི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། དེ་དག་གི་དགོངས་འགྲེལ་བསྟན་བཅོས་རྣམས་རྩིས་འགོ་ཡན་ལག་ལྔས་འཆད་པ་དང་། བི་ཀརམ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་པའི་མཁས་པ་རྣམས་ཀྱིས་ཉན་པ་པོ་སྣོད་རུང་བྱ་བ་དང་། བསྟན་པའི་རྣམ་གཞག་ལེགས་པར་ངེས་པ་གཉིས་ཀྱིས་འཆད། མགོན་པོ་ཀླུ་སྒྲུབ་ནཱ་ལནྡྲར་མ་ཕེབས་གོང་ནཱ་ལནྡཱའི་མཁས་པའི་ཁྲོད་དུ་རྒྱལ་བའི་བཀའ་དང་དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་མཁས་པ་རང་རང་གིས་རང་ཉིད་མོས་ཕྱོགས་ཀྱི་རྩལ་ལ་བརྟེན་ནས་འཆད་པ་ལས་ཁ་ཕྱོགས་གཅིག་ཏུ་ངེས་པ་མེད། ཕྱིས་མགོན་པོ་ཀླུ་སྒྲུབ་ནཱ་ལནྡཱར་བྱོན་རྗེས་གོང་གསལ་གྱི་འཆད་སྲོལ་དེ་གཏན་ཆགས་སུ་གནས་འདུག འཆད་ཚུལ་འདིས་དབང་པོ་རྣོ་འབྲིང་རྟུལ་གསུམ་སུ་ཞིག་གིས་ཀྱང་གཞུང་དོན་བདེ་བླག་ཏུ་རྟོགས་པར་གཞོགས་འདེགས་ངེས་ཅན་བྱེད་ཐུབ། རང་རེའི་བོད་ཀྱི་མཁས་པའི་ཁྲོད་དུ་ཡང་རྒྱ་གར་ནས་ཕེབས་པའི་རང་རང་གི་དངོས་བརྒྱུད་ཀྱི་སློབ་དཔོན་མི་འདྲ་བའི་ཆ་ནས་ལུགས་སྲོལ་དེ་གཉིས་ཀ་བྱུང་། སྔ་འགྱུར་སྙིང་མ་རྣམས་ཀྱིས་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་ཀྱི་ཕྱག་སྲོལ་ལྟར། མདོ་རྒྱུད་ཀྱིས་བསྡུས་པའི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་མཛད་པ་པོ་སུས་མཛད་དང་། ལུང་གང་ནས་བཏུས། ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་པ་སོགས་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་ཀྱིན་ཡོད་སྟབས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ཡང་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་ཚུལ་ལས་མ་འདས། འཆད་སྲོལ་དེ་གཉིས་གང་བྱས་ཀྱང་གཞུང་དོན་ས་བཅད་དང་སྦྲགས་ནས་འཆད་པའི་ལུགས་དང་། ཡང་དེ་ལྟར་མི་འཆད་པའི་ལུགས་གཙོར་བཟུང་གནང་མཁན་གྱི་མཁས་པ་སྣ་ཚོགས་ཡོད། ཕྱིས་ཕྱི་འགྱུར་གསར་མའི་མཁས་པའི་ཁྲོད་དུ་སྤྱོད་འཇུག་ཆེན་མོ་འཆད་ཚུལ་དེ་གཉིས་ཀའི་ལུགས་བྱས་པ་ལྟར་སྣང་མོད། རྗེ་བདག་ཉིད་ཆེན་མོ་དང་ཁོང་གི་རྗེས་འཛིན་པ་ཕལ་མོ་ཆེས་བི་ཀརམ་ཤཱི་ལའི་མཁས་པའི་ལུགས་ལྟར་འཆད་པར་བྱེད། དེ་མིན་ཆོས་བརྒྱུད་མང་ཆེ་བའི་མཁས་པ་ཚོས་ནཱ་ལནྡཱའི་མཁས་པའི་ལུགས་ལྟར་འཆད་པ་བྱུང་ཡོད། འཆད་ཚུལ་དེ་གཉིས་གང་ཡིན་རུང་གཙོ་བོ་ཉན་པ་པོས་གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཐབས་ལ་དམིགས་པ་ཞིག་ཡིན། གཞན་ཡང་། སྤྱོད་འཇུག་ཆེན་མོའི་དབུར་གསལ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ཞེས་པའི་ཚིག་འདི་བོད་ཀྱི་ལོ་ཙཱ་བ་ཚོས་གསར་དུ་བཅུག་པ་ཞིག་ཡིན་སྟབས། སྤྱོད་འཇུག་གི་རྩ་བ་རང་ན་མི་གསལ། འདི་འདྲའི་རིགས་ལ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་རྣམས་སུ་སྡེ་སྣོད་ངོས་འཛིན་གྱི་ཕྱག་གམ་ཆོས་རྒྱལ་བཀས་བཅད་ཀྱི་ཕྱག་ཟེར། སྔོན་དུས་སུ་བོད་རྗེ་བཙན་པོ་སོ་སོའི་བཀའ་དགོངས་བཞིན་ལོ་ཙཱ་བ་རང་རང་གིས་གང་བསྒྱུར་བྱའི་གཞུང་དེ་འདུལ་བའི་སྡེ་སྣོད་དུ་གཏོགས་པ་ཞིག་ཡིན་ན། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་དང་། མདོ་སྡེའི་སྡེ་སྣོད་དུ་གཏོགས་པ་ཞིག་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་དང་། མངོན་པའི་སྡེ་སྣོད་དུ་གཏོགས་པ་ཞིག་ཡིན་ན། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་གཞུང་སོ་སོའི་དབུར་འགྱུར་ཕྱག་མཛད་པའི་ལུགས་སྲོལ་མི་འདྲ་བ་ཁག་རྒྱ་ཁྱབ་ཏུ་དར་ཡོད་ཀྱང་། ཕྱིས་གཉའ་ཁྲིའི་རྒྱལ་རྒྱུད་ཀྱི་སྲིད་དབང་རྩ་འཐོར་དུ་སོང་རྗེས་ལོ་ཙཱ་བ་མང་ཆེ་བས་གང་བསྒྱུར་བྱའི་གཞུང་དེའི་བརྗོད་སྙིང་དང་ཐད་འབྲེལ་གྱི་ལྷ་དང་། ལོ་ཙཱ་བ་རང་ཉིད་གང་ལ་དད་འདུན་ཆེ་བའི་ལྷག་པའི་ལྷ་འདྲ་མིན་ལ་འགྱུར་ཕྱག་མཛད་པ་སོགས་བྱུང་འདུག་སྟབས་གཅིག་ཏུ་ངེས་པ་མེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་གི་ཟབ་ཚད་འདུས་པའི་སྡོམ་ཆེན་པོ་ཞིག་ཡིན་ཡང་། གཙོ་བོར་ཐེག་ཆེན་གྱི་ལམ་དང་འབྲས་བུ་རྫོགས་པར་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཞིབ་ཏུ་འཆད་ཅིང་། མདོ་སྡེའི་སྡེ་སྣོད་དུ་གཏོགས་སྟབས། བསྟན་བཅོས་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་མདོ་སྡེའི་སྡེ་སྣོད་དང་འབྲེལ་བའི་འགྱུར་ཕྱག་མཛད། གཞུང་འདིའི་ནང་དུ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་སྟངས་ཀྱི་རྣམ་གཞག་སྐོར་ཟུར་ཙམ་ཡང་གསུངས་མེད་སྟབས། མཁས་པ་མང་པོས་སྤྱོད་འཇུག་ཆེན་མོ་འདི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་ལེགས་པར་སྐྱེས་ཟིན་པའི་གང་ཟག་ཅིག་ལ་དགོངས་ནས་གསུངས་པ་ཞིག་ཡིན་སྟབས། རྒྱུ་འབྲས་མན་ངག་བདུན་སྔོན་དུ་སོང་ཟིན་པ་ཞིག་གི་དབང་དུ་བྱས་ནས་གཞུང་འདིར་མ་བསྟན་པར་འདོད། ཡང་འགའ་ཤས་ཀྱིས། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བར་རྒྱུ་འབྲས་མན་ངག་བདུན་སྔོན་དུ་འགྲོ་མི་དགོས་པར་བཞེད། ཕྱོགས་གཞན་ཞིག་ནས་བསམ་ན་‘བཟོད་པའི་ལེའུའི་སྐབས་རང་གི་དགྲ་ཟླ་དེ་རང་ཉིད་ལ་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད་ཅེས་གསུངས་སྟངས་དེ་ཚོར་ངེས་པ་བརྟན་པོ་རྙེད་ན། སེམས་ཅན་ཐམས་ཅད་རང་གི་མར་མ་མཐོང་ཡང་རང་གི་དགྲ་ཟླར་མཐའ་གཅིག་ཏུ་རང་ལས་ཀྱང་གཅེས་འཛིན་གྱི་བློ་སྐྱེ། དེའི་དབང་གིས་དགྲ་དེར་དམིགས་ནས་དེ་སྡུག་བསྔལ་མཐའ་དག་དང་བྲལ་ན་སྙམ་པའི་བློ་སྐྱེ་ཡོང་། གནས་སྟངས་དེ་བདག་གཞན་མཉམ་བརྗེའི་སྒོ་ནས་བསྒྲུབ་ཐུབ་པ་ཞིག་ཡིན་སྟབས། ཕལ་ཆེར་འགྲིག་གི་རེད་སྙམ་པ་ཞིག་འདུག”མོད། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་སྟབས་དཔྱད་དགོས། སྐབས་དོན་དངོས་བཤད་ན། གཞུང་འདིའི་ལེའུ་སོ་སོས་བསྟན་དོན་ངོས་འཛིན་བྱེད་སྟངས་ཐད་ནང་བསྟན་རྗེས་འཛིན་པའི་ཁྲོད་མི་མཐུན་ས་མང་ཙམ་ཡོད། སློབ་དཔོན་ནག་པོ་པས། ལེའུ་དང་པོའི་དབུར་གསལ་ཚིགས་སུ་བཅད་པ་དང་པོ་གསུམ་གྱིས་བསྟན་བཅོས་འབྱུང་བའི་རྒྱུ་དང་། ལེའུ་དང་པོ་གསུམ་དང་བཅུ་པ་བསྔོ་བའི་ལེའུས་སྦྱིན་པ། ལེའུ་བཞི་པ་དང་ལྔ་པས་ཚུལ་ཁྲིམས། ལེའུ་དྲུག་པ་དང་། བདུན་པ། བརྒྱད་པ། དགུ་པ་བཞིས་བཟོད་པ། བརྩོན་འགྲུས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན། ལྷག་མཐོང་གི་ངོ་བོ་ཤེས་རབ་སོགས་བཞི་རིམ་པར་བསྟན་པར་འདོད་པ་ཁོང་གི་གཞུང་རང་ན་གསལ་བ་མ་ཟད། ལུགས་དེ་བུ་སྟོན་རིན་ཆེན་གྲུབ་དང་ཐུབ་བསྟན་ཆོས་ཀྱི་གྲགས་པ་གཉིས་ཀྱི་སྤྱོད་འཇུག་གི་འགྲེལ་པའི་ནང་དུ་ཞིབ་པར་བཀོད་འདུག འོན་ཀྱང་། བུ་སྟོན་རིན་ཆེན་གྲུབ་དང་། བོ་དུང་པཎ་ཆེན་འཇིགས་མེད་གྲགས་པ། ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་ཀྱིས་ལེའུ་དང་པོ་གསུམ་གྱི་བརྗོད་བྱའི་གཙོ་བོར་སེམས་བསྐྱེད་བསྟན་པ་ལས་སྦྱིན་པའི་ཕར་ཕྱིན་བསྟན་པའི་འདོད་ཚུལ་དེ་མི་འཐད་པར་གཅིག་མཚུངས་སུ་བཞེད། སློབ་དཔོན་དགེ་བའི་ལྷས་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཞེས་སོགས་མཆོད་བརྗོད་ཀྱི་གཞུང་ཐོག་མར་དགེ་བ་དང་། བདེ་གཤེགས་སྲས་བཅས་སྡོམ་ལ་འཇུག་པ་ནི། །ཞེས་པ་ནས་མཇུག་གི་བསྔོ་བའི་བར་བར་དུ་དགེ་བ། བསྔོ་བ་ཐ་མར་དགེ་བ་སྟེ་དགེ་བ་གསུམ་གྱིས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་བསྡུས་པར་འདོད། སྔ་རབས་པའི་མཁས་པ་འགས་དལ་འབྱོར་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་དལ་འབྱོར་ཆུད་མི་ཟ་བར་སྙིང་པོ་ལེན་དགོས་པ་བསྟན་པར་འདོད་པ་དང་། བི་བྷུ་ཏི་དང་། བོད་ཀྱི་མཁས་པ་ཕལ་མོ་ཆེས་ཚིགས་བཅད་དང་པོས། ལུས་ཀྱི་རྟེན་དལ་འབྱོར་རྙེད་དཀའ་བ་དང་། ཚིགས་བཅད་གཉིས་པས། བསམ་པའི་རྟེན་དགེ་བློ་འབྱུང་དཀའ་བ་བསྟན་པ་དང་། དེ་གཉིས་གཞུང་ཧ་ཅང་ཉུང་རྐྱེན་གཞུང་གཞན་ལྟར་ལེའུ་ལོགས་སུ་མེད་པར་འདོད། བི་ཀརམ་ཤཱི་ལའི་མཁས་པ་ཆེན་པོ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དང་། སློབ་དཔོན་རྣམ་སྣང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཊཱིཀ་རིན་པོ་ཆེའི་འཕྲེང་བ་སོགས་ཀྱི་ནང་དུ། གང་ཟག་སུ་ཞིག་གིས་ཀྱང་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར། དེའི་སྔོན་དུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་ངེས་པ་གཏིང་ནས་རྙེད་པ་ཞིག་དགོས་སྟབས། དལ་འབྱོར་ཞེས་སོགས་ནས་ལེའུ་དང་པོའི་མཇུག་བར་གྱི་ཚིག་རྐང་བརྒྱ་དང་ཞེ་དྲུག་གིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་། ཤེར་འབྱུང་དང་དགེ་བ་ལྷས་ཇི་ལྟར་མཚན་མོ་ཞེས་སོགས་མན་ཆོད་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་། བོད་སྔ་རབས་པའི་མཁས་པ་འགས་དེ་ལྟས་དགེ་བ་ཞེས་སོགས་ནས་ལེའུ་དང་པོའི་མཇུག་བར་གྱིས་གོང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པར་འདོད། ཡང་བི་བྷུ་ཏི་དང་། བོད་སྔ་རབས་པའི་མཁས་པ་ཕལ་མོ་ཆེ་དང་། རྒྱལ་ཚབ་དར་མ་རིན་ཆེན། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། ཕ་བོང་ཁ་བ་བྱམས་པ་བསྟན་འཛིན་འཕྲིན་ལས་སོགས་ཀྱིས་ཀྱང་སེམས་བསྐྱེད་པ་ལ་འགལ་རྐྱེན་སྡིག་པ་བཤགས་པ་དང་། མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་བསགས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཟུང་དགོས་སྟབས། དེ་གཉིས་རིམ་པར་ལེའུ་གཉིས་པ་དང་གསུམ་པ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པར་བག་ཡོད་བསྟན་དགོས་པས་ལེའུ་བཞི་པ། དྲན་ཤེས་བསྲུང་བའི་སྒོ་ནས་ཚུལ་ཁྲིམས་ལ་སློབ་ཚུལ་རྒྱས་པ་ལེའུ་ལྔ་པ། དེ་ནས་ལེའུ་བཞིས་བཟོད་པ་དང་། བརྩོན་འགྲུས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན། ལྷག་མཐོང་གི་ངོ་བོ་ཤེས་རབ་བཞི་རིམ་པར་བསྟན་པར་འདོད། བག་ཡོད་དང་ཤེས་བཞིན་གྱི་ལེའུ་གཉིས་ཀ་ཚུལ་ཁྲིམས་ལ་སྦྱར་བའི་མཁས་པ་སློབ་དཔོན་ནག་པོ་པ་སོགས་འགའ་ཤས་ཡོད་མོད། ཤེས་བཞིན་གྱི་ལེའུ་ལས་བག་ཡོད་ཀྱི་ལེའུ་ཚུལ་ཁྲིམས་ལ་སྦྱར་བ་གཞུང་གི་དགོངས་པ་དང་མི་མཐུན་སྟབས། རྒྱ་འགྲེལ་དང་བོད་འགྲེལ་མང་ཆེ་བས་དེ་ལྟར་དུ་མི་འདོད། རྒྱ་འགྲེལ་དུ་དགོས་དབང་གིས་ལེའུ་དང་པོ་བཞི་སྦྱིན་པ་ལ་སྦྱར་བ་མ་གཏོགས། ལེའུ་བཅུ་པ་བསྔོ་བའི་ལེའུས་སྦྱིན་པ་ལ་སློབ་ཚུལ་རྒྱས་པར་བསྟན་པའི་ཐད་མི་མཐུན་སའི་གཞི་རྩ་གང་ཡང་མེད། མི་ཉག་ཀུན་བཟང་བསོད་ནམས་ཀྱི་སྤྱོད་འཇུག་འགྲེལ་པར། རྫ་དཔལ་སྤྲུལ་གྱི་གསུང་རྒྱུན་ལྟར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པའི་གཞུང་འདིས་བསྟན་རིམ་ལྟར། སེམས་མ་སྐྱེས་པ་བསྐྱེད་པའི་ཐབས་ལ་ལེའུ་དང་པོ་གསུམ་བསྟན། སྐྱེས་པ་ཉམས་པ་མེད་པར་ཡང་། །ཞེས་པའི་དོན་ལྟར། སེམས་རྒྱུན་དུ་ནས་མི་ཉམས་པར་གཟུང་བའི་ཐབས་ལ། བག་ཡོད་དང་། ཤེས་བཞིན། བཟོད་པའི་ལེའུ་གསུམ་བསྟན། གོང་ནས་གོང་དུ་འཕེལ་བར་ཤོག ། ཅེས་པའི་དོན་ལྟར། སེམས་བསྐྱེད་ཀྱི་ངོ་བོ་གོང་འཕེལ་དུ་འགྲོ་བའི་ཆེད་དུ། བརྩོན་འགྲུས་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན། ལྷག་མཐོང་གི་ངོ་བོ་ཤེས་རབ་ཀྱི་ལེའུ་གསུམ་བསྟན། ཆེད་དུ་བྱ་བ་སེམས་ཅན་གྱི་དོན་ལ་བསྔོ་བའི་ཕྱིར། བསྔོ་བའི་ལེའུ་བསྟན་ཚུལ་བཀོད་འདུག། གཞན་ཡང་། བོད་ཀྱི་མཁས་པ་འགས། ལེའུ་དང་པོ་གསུམ་དང་བསྔོ་བའི་ལེའུས་སྦྱིན་པ། ལེའུ་བཞི་པ་དང་། ལྔ་པས་ཚུལ་ཁྲིམས། དྲུག་པ་སོགས་ཀྱིས་ཕར་ཕྱིན་གཞན་བཞི་བསྟན་ཏེ། དེས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་བསྡུས་ཤིང་། གཞན་རྣམས་ཀླད་དང་མཇུག་གི་དོན་ཡིན་པར་འདོད། བོ་དུང་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱིས། ལེའུ་དང་པོ་གསུམ་གྱིས་སེམས་བསྐྱེད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་སྟབས། སྦྱིན་པ་ཞར་ལ་བསྟན་པར་འདོད་པ་མ་ཟད། བསྔོ་བའི་ལེའུ་གཞུང་བརྩམས་པའི་རྗེས་ཀྱི་བྱ་བ་ཡིན་སྟབས། གཞུང་དངོས་གཞིའི་གྲས་སུ་མི་ཚུད་པར་འདོད། གཞན་མཁས་པ་འགས། སྤྱོད་འཇུག་རྩ་བར། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་གསུངས་པའི་དོན། ལེའུ་སྔ་མ་རྣམས་སུ་བཤད་པའི་བྱང་ཆུབ་ཀྱི་སེམས་དང་། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞི་གནས་ཀྱིས་བསྡུས་པའི་བསམ་གཏན་སོགས་ཕར་ཕྱིན་སྔ་མ་རྣམས་ཐུབ་པས་ཤེས་རབ་བསྐྱེད་པའི་ཐབས་སུ་གསུངས་ཚུལ་བཤད་པ་མ་ཟད། དེ་དག་ལ་ཡན་ལག་ཅེས་བརྗོད་པའི་རྒྱུ་མཚན་ཡང་། སྤྱིར་ཡན་ལག་ཅེས་པ་རྒྱུ་འཁོར་གཉིས་ཀར་འཇུག་པ་ཡོད་སྟབས། སྟོང་ཉིད་རྟོགས་དང་མི་རྟོགས་སྟོང་ཉིད་རྟོགས་པའི་རྒྱུ་ཕར་ཕྱིན་སྔ་མ་རྣམས་ལ་རག་ལས་ཤིང་། འཁོར་ལ་བྱེད་ནའང་། ཉོན་མོངས་འཇོམས་བྱེད་ཀྱི་གཉེན་པོའི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་དང་། སྦྱིན་སོགས་དེའི་འཁོར་རམ་གྲོགས་སུ་མེད་དུ་མི་རུང་སྟབས། རྒྱུ་འཁོར་གང་ལ་བཤད་ཀྱང་ཆོག་པར་འདོད། རྒྱལ་ཚབ་རྗེས་སྤྱོད་འཇུག་འགྲེལ་པར། ཡན་ལག་འདི་དག་ཅེས་པ་ལེའུ་བརྒྱད་པ་ནས་བཤད་པའི་ཞི་གནས་ཙམ་ལ་འཆད་པ་དང་། སྦྱིན་སོགས་ཕར་ཕྱིན་ལྷག་མ་ཐམས་ཅད་ལ་འཆད་པའི་ལུགས་གཉིས་ལས། ལེའུ་སྔ་ཕྱི་གཉིས་ཙམ་གྱི་འབྲེལ་ལ་སྦྱར་ན་སྔ་མ་ཡང་རུང་མོད་ཀྱང་། འདིར་ཕྱི་མ་ལྟར་བཤད་ན་ལེགས་གསུངས། ཡང་མཁས་པ་འགས། ཡན་ལག་འདི་དག་ཅེས་པ་བསམ་གཏན་གྱི་ལེའུ་འབའ་ཞིག་ལ་སྦྱར་བ་འཇམ་དབྱངས་རྣམ་རྒྱལ་བས་ལེགས་པར་བཀག་འདུག། སྦྱིན་སོགས་ཤེས་རབ་ཀྱི་དོན་དུ་རྒྱུ་མཚན་ཇི་ལྟ་བུ་ཞིག་ལ་དགོངས་ནས་གསུངས་སྟངས་ཐད་མཁས་པའི་བཞེད་ལུགས་འདྲ་མིན་མཆིས་མོད། རྒྱལ་ཚབ་དར་མ་རིན་ཆེན་དང་ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་ཀྱིས། སྦྱིན་སོགས་ཤེས་རབ་ཀྱི་དོན་དུ་གསུངས་པའི་དགོས་པ་ནི། སྤྱོད་འཇུག་ཆེན་མོའི་གཞུང་འདི་དང་། སྟོང་ཉིད་དངོས་སུ་སྟོན་པའི་གསུང་རབ་ཡོངས་རྫོགས་བརྒྱུད་ནས་དེ་ཁོ་ན་ཉིད་ལ་གཞོལ་བར་གཅིག་ཏུ་མཐུན་སྟབས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུ་ཞིག་རང་རྒྱུད་ལ་མེད་ན། དུས་ནམ་ཡང་སྒྲིབ་གཉིས་ཀྱི་ས་བོན་ཟད་པར་བྱེད་མི་ནུས་ཤིང་། ཉོན་སྒྲིབ་ཙམ་གྱི་ས་བོན་ཟད་པ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་ཟིན་མི་དགོས་ཀྱང་། ཤེས་སྒྲིབ་ཀྱི་ས་བོན་ཟད་པ་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཟིན་པར་བྱས་ཏེ། དུས་ཡུན་རིང་དུ་གོམས་པར་བྱེད་དགོས་སྟབས། སྐབས་འདིར་སྦྱིན་སོགས་ཐབས་ཀྱི་ཡན་ལག་དེ་དག་རང་རྒྱུད་ལྡན་གྱི་ཐེག་པ་ཆེན་པོའི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད། ཤེས་སྒྲིབ་སྤོང་ནུས་ཀྱི་གཉེན་པོ་མཐུ་ཅན་དུ་འགྱུར་བའི་དོན་དུ་གསུངས་པ་ཡིན་ཚུལ་བཤད་པ་འདི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཡིན། ད་དུང་སྐད་ཡིག་མི་འདྲ་བའི་ནང་དུ་བསྒྱུར་བ་དང་། ས་བཅད་དབྱེ་བགོས་བྱེད་སྟངས་གཅིག་མཚུངས་མིན་པ། ཁྲིད་རྒྱུན་དང་ཆོས་བརྒྱུད་མི་འདྲ་བ་སོགས་ཀྱི་དབང་གིས་གཞུང་དོན་འགྲེལ་ལུགས་མི་འདྲ་བ་ཆགས་པའི་རིགས་མང་དུ་སྣང་བས་ཞིབ་ཏུ་དཔྱད་དགོས་པར་སེམས། དྲུག་པ། སྤྱོད་འཇུག་ཆེན་མོར་རྒྱ་བོད་མཁས་པས་མཛད་པའི་འགྲེལ་པ་ཅི་བྱུང་། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཆེན་མོ་འདི་ཉིད་ནཱ་ལནྡཱའི་ཆོས་གྲྭར་ཡོངས་གྲགས་སུ་གསུངས་རྗེས་ནཱ་ལནྡཱ་དང་། བི་ཀརམ་ཤཱི་ལའི་སློབ་གཉེར་ཁང་སོ་སོའི་སློབ་གཉེར་པ་རྣམས་ཀྱིས་གཞུང་དེར་འཆད་ཉན་ཤུགས་ཆེ་བྱེད་པའི་ལམ་སྲོལ་གཏན་འཇགས་སུ་དར་བ་མ་ཟད། གོང་གསལ་གྱི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་སོ་སོའི་གྲགས་ཅན་སློབ་དཔོན་ཤེར་འབྱུང་བློ་གྲོས་དང་། བཻ་རོ་ཙ་ན་རཀྵི་ཏ། དགེ་བ་ལྷ། རྣམ་སྣང་མཚོ། བི་བྷུ་ཏི་ཙནྡྲ། ནག་པོ་བ། གསེར་གླིང་པ། ཇོ་བོ་རྗེ་སོགས་ཀྱིས་གཙོས་ཚད་ལྡན་གྱི་སློབ་དཔོན་བརྒྱ་སྐོར་ཞིག་གིས་གཞུང་དེར་འགྲེལ་པ་རྒྱས་བསྡུས་ཅི་རིགས་ཤིག་མཛད། ཕ་བོང་ཁ་བས། རྒྱ་གར་ན་སྤྱོད་འཇུག་ཆེན་མོར་འགྲེལ་པ་མི་འདྲ་བ་བརྒྱ་དང་བརྒྱད་ཏག་ཏག་ཡོད་པ་ཐུགས་ཐག་ཆོད་པོའི་སྒོ་ནས་གསུངས་སྟངས་ལ་བལྟས་ན། ཁོང་ལ་དེའི་ཐད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་འདྲ་ཡང་གསལ་འཕྲོས་བྱས་པ་མ་མཐོང་། ཡང་ཁོང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་མཆན་ཐོར་བུར། རྒྱ་གར་ན་འགྲེལ་པ་གསར་པ་རེ་བྱེད་པ་ལ་གོ་བ་མི་འདྲ་བ་རེ་གསར་དུ་རྒྱག་དགོས། འགྲེལ་ཟིན་སླར་ཡང་འགྲེལ་པ་རང་རེའི་བོད་ཀྱི་མཚང་ཡིན་ཞེས་གསུངས་སྟངས་འདིས། ཁོང་དང་སྐུ་ཐོག་མཉམ་པའམ་དེའི་གོང་དུ་བྱོན་ཟིན་པའི་བོད་ཀྱི་མཁས་པ་ཚོས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་སོ་སོའི་དབར་ལད་ཟློས་ལྟ་བུའི་འདྲ་མཚུངས་ཀྱི་རྣམ་པ་ཤུགས་ཆེ་ཙམ་ཡོད་པ་རྟོགས་ཐུབ། དུས་རབས་བཅུ་གཅིག་པའི་དུས་མཇུག་ཙམ་ནས་མུ་སྟེགས་པ་དང་ཁ་ཆེ་བ་ཚོས་རང་རང་གི་ཆོས་ལུགས་ཁྱབ་སྤེལ་གྱི་ཆེད་ནང་པ་དང་། གཅེར་བུ་པ། ཧིན་དྷིའི་ཆོས་ལུགས་སོགས་ཀྱི་གཙུག་ལག་ཁང་དང་། ལྷག་པར་དུ་ནཱ་ལནྡཱའི་སྣ་མི་གཅིག་པའི་གསུང་པོད་ཁྲི་དགུ་བརྒྱ་ལྷག་བཞུགས་པའི་གཙུག་ལག་ཁང་ཆེན་མོ་གསུམ། མཆོད་གནས་ལྷ་ཁང་སོགས་མིག་གིས་མཐོང་ཚད་གཏོར་བཤིག་ཚབས་ཆེན་བཏང་བའི་ཉེར་ལེན་གྱིས། སྐབས་དེར་བཞུགས་པའི་ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་བརྒྱ་ཆ་དགུ་བཅུ་ལྷག་རྩ་མེད་དུ་གྱུར་པ་དང་། ཡུལ་དེའི་ནང་པའི་མཁས་གྲུབ་ཕལ་མོ་ཆེ་ཉེ་འབྲེལ་གྱི་ཡུལ་ལུང་གཞན་དང་གཞན་དུ་རང་མགོ་གང་ཐོན་གྱིས་བྲོས་སྟབས། དུས་ཡུན་ཐུང་ངུའི་རིང་ཡུལ་དེའི་ནང་བསྟན་ཆོས་ལུགས་དེ་ཆོས་ལུགས་གཞན་ལས་ཀྱང་རྩ་མེད་རང་བཞིན་ལྟ་བུའི་ཉམས་ཆག་ཤུགས་ཆེ་བྱུང་། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་དུས་ད་ལྟའི་བར་ལེགས་སྦྱར་སྐད་དུ་བཞུགས་པའི་དེ་སྔའི་ནང་པའི་གསུང་རབ་འབོར་ཆེན་ཞིག་དང་། ལྷག་པར་དུ་སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་ཚད་ལྡན་ཞིག་ད་ལྟའི་ཆར་ལེགས་སྦྱར་སྐད་ཐོག་ཧ་ལམ་མཇལ་དུ་མེད་པ་ལྟ་བུར་ཆགས་ཡོད། འོན་ཀྱང་ཤྲཱི་ལིངྒ་དང་། ཐེའི་ལཱོན། འབར་མ། ཀམབོཌི་ཡའི་ས་ཁུལ་ཁག་ཏུ་ཐེག་ཆེན་གྱི་བསྟན་པ་དར་སྲོལ་མ་བྱུང་སྟབས། སྐད་ཡིག་དེ་དག་ཐོག་སྤྱོད་འཇུག་ཆེན་མོའི་རྩ་བ་དང་དེའི་འགྲེལ་པའི་རིགས་གང་ཡང་བཞུགས་མེད་པ་མ་གཏོགས། ཐེག་ཆེན་གྱི་བསྟན་པ་ལེགས་སྦྱར་སྐད་ནས་ཐད་ཀར་རམ་སྐད་ཡིག་གཉིས་པ་ཞིག་བརྒྱུད་ནས་དར་སྲོལ་བྱུང་བའི་ལུང་པ་ཕལ་མོ་ཆེའི་སྐད་ཡིག་ཐོག་སྤྱོད་འཇུག་གི་རྩ་བ་དང་དེའི་འགྲེལ་པ་མང་པོ་ཞིག་སྐབས་དེ་དང་དེའི་དུས་ཀྱི་ལོ་ཙཱ་བ་ཚོས་ཕབ་བསྒྱུར་བྱས་ཡོད་སྟབས། ལེགས་སྦྱར་སྐད་ཐོག་བརྩམས་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་མང་པོ་ཞིག་ད་ལྟའི་ཆར་སྐད་ཡིག་གཞན་གྱི་ཐོག་ནས་མཇལ་ཐུབ་པ་བྱུང་བ་རེད། དེ་ཡང་རྒྱ་ནག་སྐད་དུ་པཎ་གྲུབ་དེ་ཝ་ཤཱནྟས་འགྱུར་ཅེས་གྲགས་པའི་བམ་བཞིས་བསྡུས་པའི་སྤྱོད་འཇུག་ཆེན་མོ་ཞིག་ཡོད། དེ་བཞིན་རང་རེའི་བོད་ལ་མཚོན་ན་ཡང་རྗེ་བོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་རྒྱ་གར་གྱི་ལོ་ཙཱ་བ་སརྦ་ཛྙ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་བར་སྔ་ཕྱིར་འགྱུར་བཅོས་ཐེངས་གཉིས་བྱས་པ་དེ་དང་། དེའི་འགྲེལ་པ་ལ་རྒྱ་གར་གྱི་པཎ་གྲུབ་མང་པོས་མཛད་པའི་ནང་ནས་ཁག་བཅུ་ཙམ་ཞིག་བོད་སྐད་ཐོག་བཞུགས་ཡོད་ཚུལ་དུང་དཀར་རིན་པོ་ཆེས་བཤད་པ་ཞིག་མཐོང་ཡང་། བུ་སྟོན་དང་ཕ་བོང་ཁ་སོགས་ཀྱིས། བོད་སྐད་ཐོག་ཤེར་འབྱུང་བློ་གྲོས་དང་། བཻ་རོ་ཙ་ན་རཀྵི་ཏ། དགེ་བ་ལྷ། བི་བྷུ་ཏི་ཙནྡྲ། ནག་པོ་བ། ལེའུ་དགུའི་དཀའ་འགྲེལ་མཛད་བྱང་མེད་པ། གསེར་གླིང་པ། ཇོ་བོ་རྗེ་སོགས་ཀྱིས་མཛད་པའི་འགྲེལ་པ་ཁག་བརྒྱད་ཙམ་ལས་མེད་ཚུལ་གསུངས་པ་དེ་དོན་ལ་གནས། དུང་དཀར་རིན་པོ་ཆེས་བོད་སྐད་ཐོག་སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་ཁག་མི་འདྲ་བ་བཅུ་ཙམ་བཞུགས་ཡོད་ཚུལ་གསུངས་པ་དེ་ལོ་ཙཱ་བ་མི་མཉམ་ཁོལ་བོ་དང་། རྔོག་ལོའི་འགྱུར་ཤེས་རབ་ལེའུ་རྐྱང་པའི་འགྲེལ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང་། བསྔོ་བའི་ལེའུའི་དཀའ་འགྲེལ་མཛད་བྱང་དང་འགྱུར་བྱང་མེད་པ་ཞིག་ཡོད་པ་དེའི་རིགས་ཀྱང་སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཆ་ཚང་ཞིག་ཏུ་ངོས་འཛིན་བྱས་ནོར་ཤོར་བ་མིན་ནམ་སྙམ། ཐུབ་བསྟན་ཆོས་ཀྱི་གྲགས་པས། ད་ལྟ་ཤེར་ཊཱིཀ་རེ་དང་དོན་བསྡུས་རེ་ཡན་ཆད་བགྲང་ན་བཅུ་གཅིག་ཙམ་ཡོད་སྙམ་ཞེས་གསུངས་ཀྱང་བསྟན་འགྱུར་ནང་དུ་མི་བཞུགས་པས་ཆ་འཇོག་བྱེད་དཀའ། དེ་མིན་ལེགས་སྦྱར་སྐད་ཐོག་བཞུགས་པའི་སྤྱོད་འཇུག་ཆེན་མོའི་རྩ་བ་དེ་དབྱིན་ཡིག་ཐོག་ཕབ་བསྒྱུར་དང་། མ་ཟད་བོད་སྐད་ཐོག་བཞུགས་པའི་སྤྱོད་འཇུག་ཆེན་མོའི་རྩ་བ་དེ་ཡང་སོག་སྐད་དང་། མན་ཇུའི་སྐད། དབྱིན་སྐད། ཧིན་སྐད། རྒྱ་ནག་སྐད། ཀོ་རི་ཡཱའི་སྐད་སོགས་སུ་ཕབ་བསྒྱུར་བྱས་ཡོད། གོང་གསལ་ལྟར་རྒྱ་གར་དུ་སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་དང་། དེའི་ཡང་འགྲེལ། མཆན་འགྲེལ། དོགས་གཅོད་སོགས་ཀྱི་རིགས་ཡོངས་གྲགས་ཀྱིས་བཤད་སྲོལ་བྱས་ན་བརྒྱ་རྩ་བརྒྱད་ལྷག་ཡོད་པ་དང་། རང་རེའི་བོད་སྐད་དུ་ཡང་དུས་རབས་བརྒྱད་པ་ནས་འགོ་འཛུགས་ཀྱིས་སྤྱོད་འཇུག་ཆེན་མོའི་རྩ་བ་དང་དེའི་འགྲེལ་པའི་རིགས་ཁག་མི་འདྲ་བ་བརྒྱད་ཙམ་ཕབ་བསྒྱུར་བྱས་ཡོད་པ་མ་ཟད། ས་སྐྱ་བསོད་ནམས་རྩེ་མོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་དང་། བུ་སྟོན་རིན་ཆེན་གྲུབ་ཀྱི་སྤྱོད་འཇུག་གི་བསྡུས་དོན། སྤྱོད་འཇུག་གི་འགྲེལ་པ་ཟླ་བའི་འོད་ཟེར། ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་སྤྱོད་འཇུག་གི་རྣམ་བཤད་དགོངས་པ་ངེས་གསལ། སྤྱོད་འཇུག་གི་བསྡུས་དོན། རྒྱལ་ཚབ་རྗེའི་ཤེས་རབ་ལེའུའི་ཟིན་བྲིས། སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་རྒྱན། དཔའ་བོ་གཙུག་ལག་འཕྲེང་བའི་སྤྱོད་འཇུག་རྣམ་བཤད། འབྲུག་པ་པདྨ་དཀར་པོའི་སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ། དྲུང་ཆེན་ཤེས་རབ་རྒྱ་མཚོའི་སྤྱོད་འཇུག་གི་ཟིན་ཐོ། རྫ་དཔལ་སྤྲུལ་གྱི་སྤྱོད་འཇུག་སྒོམ་རིམ་རབ་གསལ་ཉི་མ། འཇུ་མི་ཕམ་པའི་ཤེས་རབ་ལེའུའི་ཚིག་དོན་གོ་སླ་བ་ནོར་བུ་ཀེ་ཏ་ཀ ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོའི་སྤྱོད་འཇུག་གི་འགྲེལ་པ། ཕ་བོང་ཁ་བའི་སྤྱོད་འཇུག་གི་བཀའ་མཆན་ཐོར་བུ་སོགས་ཀྱིས་མཚོན་བོད་རང་གི་ས་དགེ་བཀའ་རྙིང་གི་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་བརྒྱ་ལྷག་བྱུང་ཡོད། རྗེ་བདག་ཉིད་ཆེན་མོར་རྒྱལ་ཚབ་རྗེས་མཛད་པའི་ཤེས་རབ་ལེའུའི་ཟིན་བྲིས་མ་གཏོགས། དམིགས་བསལ་སྤྱོད་འཇུག་གི་འགྲེལ་པ་དེ་འདྲ་མེད་ནའང་། ཁོང་གིས་ལམ་རིམ་ཆེན་མོའི་སྦྱིན་དྲུག་གི་སྐབས་སུ་སྦྱིན་པ་དང་བརྩོན་འགྲུས་ཀྱི་ཕར་ཕྱིན་དག་སྤྱོད་འཇུག་གཞིར་བཞག་བྱས་ནས་གསུངས་པ་དང་། ཞི་གནས་ཀྱི་སྐབས་སྤྱོད་འཇུག་གི་དྲན་པ་དང་ཤེས་བཞིན་སྐྱོང་ལུགས་དང་། ལྷག་དོན་ཤེས་རབ་ལེའུའི་དཀའ་གནས་རྣམས་དབུ་མ་དགོངས་པ་རབ་གསལ་གྱི་དབུར་དྲངས་ནས་དཔལ་ལྡན་ཟླ་བའི་ལེགས་བཤད་དང་གུང་བསྒྲིགས་ཏེ། ཤེར་འབྱུང་བློ་གྲོས་ཀྱིས་ཀྱང་མ་ཐོན་པའི་ཐུན་མོང་མ་ཡིན་པའི་བཤད་པ་མང་དུ་མཛད་ཡོད་པ་༸གོང་ས་མཆོག་ནས་ཞིབ་ཏུ་གསུངས་འདུག། ཕངས་པ་ཞིག་ལ་ལ་དྭགས་རྒྱལ་པོ་རྣམ་རྒྱལ་དབང་ཆེན་གྱི་དུས་སུ་མངའ་རིས་ཁུལ་གྱི་དགེ་ལུགས་པའི་དགོན་པ་རྣམས་ལ་དམག་དྲངས་ཏེ་ཆོས་ལུགས་བསྒྱུར་བ་དང་། དེ་བཞིན་ས་འབྲུ་བར་དང་། ས་ཕག་བར། རིན་སྤུངས་དང་དགེ་ལུགས་བར། གཙང་བ་སྡེ་སྲིད་དང་དགེ་ལུགས་བར། རྙིང་མ་དང་དགེ་ལུགས་བར། གཙང་འབྲུག་བར་སོགས་སུ་ལོ་མང་རིང་མི་ཤི་རྟ་འགྱེལ་གྱི་དམག་འཁྲུག་གྲངས་མེད་བྱུང་སྐབས་མངའ་རིས་དང་དབུས་ཁུལ་གྱི་དགོན་པ་དང་། ཡིག་མཛོད་ཁང་མང་པོ་མེར་བསྲེགས་པ་དང་། ཆོས་ལུགས་དང་ཆོས་བརྒྱུད་མི་འདྲ་བའི་མཁས་པ་མང་པོའི་གསུང་འབུམ་ས་འོག་ཏུ་སྦས་པ་སོགས་ཀྱིས་ད་ལྟའི་ཆར་ཕྱ་བ་ཆོས་ཀྱི་སེངྒེས་མཛད་པའི་སྤྱོད་འཇུག་བསྡུས་དོན་གྱི་མཇུག་དང་། བསླབ་བཏུས་ཀྱི་འགྲེལ་པ། རྒྱུད་བླའི་བསྡུས་དོན། རོང་ཟོམ་ཆོས་བཟང་གི་གསུང་འབུམ་པོ་ཏི་བཅུ་གསུམ་ལྷག ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་པོ་ཏི་གསུམ་ཙམ། རིག་འཛིན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་གསུང་འབུམ་ཕལ་མོ་ཆེ་བརླགས་པ་སོགས་ཀྱིས་མཚོན་རྒྱ་བོད་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པའི་རིགས་ཐེ་བའི་བཀའ་འབུམ་འབོར་ཆེན་ཞིག་རེ་རེ་བཞིན་ཆ་ཚང་བ་ཞིག་མཇལ་དུ་མེད་པར་ཆགས། བདུན་པ། མཇུག་བསྡུ་བ། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་གཞུང་འདིས་མུ་སྟེགས་བྱེ་བྲག་པ་དང་། གྲངས་ཅན་པ་དང་། ཐེག་ཆེན་གྱི་མདོ་སྡེ་བཀར་ཁས་མི་ལེན་པའི་ཉན་ཐོས་སྡེ་པ་རྣམས་རིགས་པས་སུན་འབྱིན་གཏིང་ཟབ་བྱས་ཡོད་སྟབས། གཞུང་འདི་ཐེག་ཆེན་བཀར་སྒྲུབ་ཀྱི་གཞུང་དང་། མདོ་སྡེ་པ་སོགས་དངོས་སྨྲ་བ་སྤྱི་དང་སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་ཡོད་སྟབས། ནང་པ་སངས་རྒྱས་པའི་ལྟ་བའི་ཟབ་ཤོས་སྟོན པའི་གཞུང་ཞིག་དང་། ལྷག་པར་དུ་བྱང་ཆུབ་སེམས་དཔའི་ཉམས་ལེན་སྟོན་པའི་གཞུང་བློ་སྦྱོང་གི་ཁུངས་གཏུགས་ས་གཙོ་བོའི་གྲས་ཤིག་ཀྱང་ཡིན། གཞུང་འདི་ཐོག་མར་གསུངས་སྐབས་མདོ་སྡེ་ཕལ་པོ་ཆེ་གཞིར་བཟུང་བྱས་ནས་གསུངས་པ་ཡིན་སྟབས། རྩ་བར་ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །གསུངས་པ་རེད། སྤྱིར་བཏང་བྱས་ན། ནང་པའི་བཀའ་བསྟན་ཡོངས་རྫོགས་བློ་སྦྱོང་གི་རིགས་སུ་གཏོགས་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་རང་ཉིད་གཅེས་འཛིན་གྱི་བློ་སྦྱངས་ཏེ། གཞན་གཅེས་འཛིན་གྱི་བློ་མཐའ་མེད་དུ་སྒྲུབ་ཚུལ་བརྗོད་བྱའི་གཙོ་བོར་བྱས་པའི་གཞུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཡིན་སྟབས། ཕྲན་གྱིས་ལོ་འགའི་སྔོན་ནས་བཟུང་གཞུང་འདི་ཤེས་རྟོགས་ཀྱི་ཆེད་དུ་རང་ནུས་ཡོད་རྒུས་དེའི་སྐོར་འབད་པ་ཆེན་པོས་སློབ་སྦྱོང་བྱས་པ་མ་ཟད། གཞུང་འདི་ཆ་ཚང་བ་ཉམས་ལེན་གཏིང་ཆོད་པ་བྱེད་མཁན་ཞིག་གི་དགོངས་པའི་འཕེལ་རིམ་གྱི་རྣམ་གཞག་ལ་དོ་སྣང་ཤུགས་ཆེ་བྱེད་རྒྱུ་བྱུང་། མ་ཟད་ཤེར་འབྱུང་བློ་གྲོས་དང་རྒྱལ་ཚབ་དར་མ་རིན་ཆེན་གཉིས་ཀྱིས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པས་མཚོན་རྒྱ་བོད་མཁས་པས་མཛད་པའི་གཞུང་འདིའི་འགྲེལ་པ་གྲགས་ཅན་གང་མང་ཞིག་འཚོལ་ཞིབ་ནན་ཏན་གྱིས་བགྱིས་ཐོག མཁས་པ་ནང་ཕན་ཚུན་བཞེད་ཕྱོགས་མི་མཐུན་པའི་དོན་གནད་སོགས་ཀྱི་སྐོར་དབྱེ་ཞིབ་རགས་བསྡུས་ཤིག་བྱས་ཏེ། སྤྱོད་འཇུག་ཆེན་མོ་གླེང་བ་ཞེས་པའི་ཟིན་ཐོ་འདི་བྲིས་པ་ཞིག་ཡིན། ཡིད་ཕངས་པ་ཞིག་ལ་གུས་པར་ནང་ཆོས་ཀྱི་ཤེས་རྟོགས་དང་ལག་ལེན་གྱི་ཆུ་ཚད་ཧ་ཅང་དམན་སྟབས། རྩོམ་ཐུང་འདི་ལ་ཕྱོགས་ཡོངས་ནས་ནོར་འཕྱུགས་མང་དུ་ཡོད་ངེས་སྟབས། དཔྱོད་ལྡན་པ་ཚོས་དོན་དངོས་གསལ་རྟོགས་ཀྱི་ཆེད་དུ་མཛུབ་སྟོན་གནང་ཚེ་གུས་བརྩི་ཞུ་རྒྱུ་ཡིན།

གསུམ་པ། སྤྱོད་འཇུག་ཆེན་མོའི་འབྲུ་འགྲེལ་གནད་བསྡུས། 60༄༅། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཞེས་མཚན་དཔེའི་གཟི་ཉམས་སྟོན་མཛད་པའི། ། སྒྲིབ་བྲལ་ཡེ་ཤེས་ལང་ཚོའི་དཔལ་མངའ་ལུང་རྟོགས་བསྟན་པའི་མཛེས་བརྗིད་ཅན། ། འཇིག་རྟེན་རྒུད་པའི་གཡང་ནས་འདྲེན་མཁས་ཆོས་ཀུན་གཟིགས་པའི་སྤྱན་མངའ་བ། ། སྲིད་པ་གསུམ་གྱི་གཏན་གྱི་སྐྱབས་སུ་བརྩེ་བ་ཆེན་པོས་བཞེངས་དེར་འདུད། ། རྨོངས་པའི་དྲ་བ་མཐའ་དག་ཉེར་གཅོད་པའི། ། རྒྱལ་ཀུན་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་སྐུ། ། བཅུ་དྲུག་ལང་ཚོས་འགྱིང་བའི་གཟི་བྱིན་ཅན། ། ལྷག་པའི་ལྷ་མཆོག་འཇམ་དབྱངས་གཞོན་ནུས་སྐྱོངས། ། སྔོན་གྱི་ཐུགས་བསྐྱེད་བཙན་པོས་བཞེངས་ཏེ་རྒྱལ་བསྟན་ས་ཆེན་དགུང་དུ་བཏེགས། ། སྦས་པའི་ཟོལ་གྱིས་དཀའ་སྤྱད་བསྐྱངས་ཏེ་ཚོགས་གཉིས་ཕ་མཐར་སོན་ན་ཡང་། ། བརྩེ་ཆེན་སྙིང་རྗེས་སྲིད་པ་བཟུང་སྟེ་སྔོན་མེད་ལེགས་བཤད་འབྱིན་མཁས་པ། ། ཤཱཀྱའི་སྲས་པོའི་གདུང་འཚོབ་ཆེན་པོ་ཞི་བ་ལྷ་ཡི་ཞབས་རྡུལ་མཆོད། ། ལུགས་ཟུང་འཁོར་ལོས་ས་ཆེན་བསྒྱུར་ནས་བསྟན་པའི་རྩ་ལག་བརྟན་དུ་བཏང་། ། སྙིགས་ལྔའི་རྒུད་ཚོགས་ཧུབ་ཀྱིས་བཏུང་སྟེ་ཕན་བདེའི་སྣང་བ་ཕྱོགས་བརྒྱར་བསྲིངས། ། དགྱེས་འཛུམ་ཐལ་མོའི་རྩེ་ལ་དྲངས་ཏེ་ཕས་རྒོལ་དཔུང་ཆེན་གྲོགས་སུ་བཀུག ། སྟོང་དང་རྟེན་འབྱུང་གཅིག་ཏུ་གཟིགས་པའི་བསྟན་འཛིན་རྒྱ་མཚོར་སྙིང་ནས་གུས། ། སྲིད་ཞིའི་ལེགས་ཚོགས་མ་ལུས་འབྱུང་བའི་རྒྱུ། ། གཅིག་པུར་གྱུར་པ་རིན་ཆེན་བྱང་ཆུབ་སེམས། ། གཙོར་སྟོན་རྒྱལ་སྲས་སྤྱོད་ལ་འཇུག་པའི་གཞུང་། ། ཚིག་ཉུང་གོ་སླའི་མཆན་གྱིས་གསལ་བྱར་ཉོན། ། དེ་ལ་འདིར་རྒྱལ་བ་སྲས་དང་བཅས་པ་ཀུན་བགྲོད་པ་གཅིག་པུའི་ལམ་རྒྱལ་སྲས་ཀྱི སྤྱོད་པ་ལ་འཇུག་པའི་ཚུལ། ཕྱོགས་ཐམས་ཅད་ནས་ཚང་ལ་མ་ནོར་བ་ཞིག་བདག་ཅག་གི་སྟོན་པ་ནས་རྗེ་བཙུན་འཇམ་དབྱངས་དང་། རྗེ་བཙུན་འཇམ་དབྱངས་ནས་རྒྱལ་སྲས་ཞི་བ་ལྷར་ཉེ་བརྒྱུད་ཀྱིས་བྱུང་བ། ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་བཅུད་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ཚིག་ཉུང་ལ་དོན་གྱི་གནད་ཚང་བའི་མཆན་གྱིས་གསལ་བར་བྱེ ད་པའི་བསྟན་བཅོས་འདི་ཉིད་ཇི་ལྟར་འཆད་པའི་ཚུལ་ལ་གསུམ། ཐོག་མར་དགེ་བ་བསྟན་བཅོས་ལ་འཇུག་པའི་བྱ་བ། བར་དུ་དགེ་བ་བསྟན་བཅོས་དངོས། མཐའ་མར་དགེ་བ་བསྟན་བཅོས་ཀྱི་མཇུག་གི་དོན་དང་གསུམ་ལས། དང་པོ། ཐོག་མར་དགེ་བ་བསྟན་བཅོས་ལ་འཇུག་པའི་བྱ་བ་འཆད་པ་ལ། དེ་ཡང་སྔོན་དུས་སུ་རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ཚན་ལེགས་སྦྱར་གྱི་སྐད་དུ། བསྟན་བཅོས་འདིའི་མཚན་ལ། བྷོ་དྷི་སཏྭ་ཙརྱ་ཨ་བ་ཏཱ་ར་ཟེར། དེ་བོད་སྐད་དུ་བསྒྱུར་ན། བྷོ་ངྷི་ནི་བྱང་ཆུབ། སཏྭ་ནི་སེམས་དཔའ། ཙརྱ་ནི་སྤྱོད་པ། ཨ་བ་ཏཱ་ར་ནི་འཇུག་པའོ། ། དེའི་དོན་ནི། སྤངས་རྟོགས་མཐར་ཕྱིན་པའི་འབྲས་བུ་བླ་ན་མེད་པ་མྱུར་དུ་ཡང་དག་པར་ཐོབ་པའི་ཐབས་ལ་སློབ་པ་ལ། དུས་ནས་དུས་སུ་སྙིང་སྟོབས་གཞན་ལས་ཁྱད་པར་དུ་འཕགས་པ་ཡོད་པའི་དམ་པ་གོང་མ་རྣམས་ཀྱི་སྤྱོད་ཕྱོགས་ཀྱི་གནད་ཡོངས་རྫོགས་ཕར་ཕྱིན་དྲུག་གིས་བསྡུས་པའི་ལམ་ཉམས་སུ་ལེན་པ་ལ་འཇུག་པའི་ཚུལ་ཞེས་སྤྱོད་འཇུག་གི་འགྲེལ་པ་ཡོན་ཏན་བུམ་བཟང་དུ་བཤད་པ་ལྟར་ཡིན། བསྟན་བཅོས་འདིའི་མཚན་ལ་ལེགས་སྦྱར་སྐད་རང་སོར་བཞག་པའི་དགོས་པ་ནི། ཆོས་ཁུངས་བཙུན་པ་ཤེས་པ་དང་། 61 ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་ཅིང་། གཞུང་འདིའི་མིང་ལ་རྒྱ་སྐད་དུ་འདི་སྐད་ཅེས་ཟེར་ཞེས་བརྡ་ཤེས་པར་འགྱུར་བའི་ཆེད་དུ་ཡིན། བོད་སྐད་སྨོས་པའི་དགོས་པ་ནི། གཞུང་འདི་བོད་སྐད་དུ་བརྡ་སྦྱར་བས་བརྡ་དུས་སུ་མིང་དོན་གྱི་འབྲེལ་བ་ཤེས་ཤིང་། ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་པར་འགྱུར་བའི་ཆེད་དུ་ཡིན། དེ་གཉིས་ཀ་ཐོག་མར་སྨོས་པའི་དགོས་པ་ནི། སྤྱིར་མཚན་ཐོག་མར་སྨོས་པས་གླེགས་བམ་བཙལ་སླ་ཞིང་། སྐད་གཉིས་ཀྱིས་དོན་གཅིག་བརྗོད་པ་མཐོང་དུས་སྐད་གཉིས་རྣམ་གྲངས་སུ་ཤེས་ལ། མི་གོ་བའི་རྒྱ་གར་སྐད་རང་གིས་གོ་བའི་བོད་སྐད་དུ་བསྒྱུར་བས། སྒྱུར་བྱེད་ལོ་ཙཱ་བ་ལ་བྱས་ཤེས་དྲིན་གཟོའི་བློ་སྐྱེ་བར་འགྱུར་བའི་ཆེད་དུ་ཡིན་པ་སོགས་ཀུན་མཁྱེན་འཇིགས་མེད་དབང་པོས་སྐྱེས་རབས་སོ་བཞི་པའི་འགྲེལ་པའི་ནང་དུ་གསུངས་པ་ལྟར་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཉོན་ཤེས་ཀྱི་སྒྲིབ་པ་མ་ལུས་པ་སངས་ཤིང་ཡོན་ཏན་གྱི་ཆ་ཡོངས་སུ་རྫོགས་པའམ་རྒྱས་པའི་སངས་རྒྱས་དང་། སློབ་པ་ལམ་ཞུགས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། འདི་ལ་ཁ་ཅིག ཐམས་ཅད་མཁྱེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་རྣམས་ལ་ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་མཚོན་ནོ་ཞེས་ཀྱང་གསུངས་མོད། སྔོན་དེ་ལྟར་བཀས་བཅད་པ་སྲིད་ཀྱང་། ད་ཆར་ངེས་པ་མེད་དེ། སྒྱུར་བ་པོ་རང་ཉིད་དད་པའི་ལྷ་དང་། རྒྱུད་དང་སྒྲུབ་ཐབས་ཕལ་ཆེ་བར་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བའི་ཕྱིར་རོ་ཞེས་ས་བཟང་མ་ཏི་པཎ་ཆེན་གྱིས་གསུངས་པ་ལྟར། ཕྱིས་སུ་བྱོན་པའི་ལོ་ཙཱ་བ་ཚོས་ 62 རང་རང་དང་དམིགས་བསལ་འབྲེལ་བ་ཡོད་པའི་ལྷག་པའི་ལྷ་དག་ལ་འགྱུར་ཕྱག་བྱས་པ་ལས། རྒྱལ་བོའི་བཀས་བཅད་དང་མཐུན་པའི་འགྱུར་ཕྱག་བྱས་པ་ཧ་ཅང་ཉུང་ཉུང་ཡིན། རྩ་བར། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་རྣམས་ལའང་གུས་པས་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་བཅས་སྡོམ་ལ་འཇུག་པ་ན། །ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། ། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཟད་པར་སྤངས་པས་བདེ་བར་གཤེགས་པའམ་ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པའི་སངས་རྒྱས་དང་། སྤངས་པ་ཁྱད་པར་གསུམ་ལྡན་དང་རྟོགས་པ་ཁྱད་པར་གསུམ་ལྡན་གྱིས་བསྡུས་པའི་ཆོས་ཀྱི་སྐུ་སྟེ་ཆོས་དཀོན་མཆོག་དང་། དེ་དག་གང་ལ་མངའ་བ་ནི་བདེ་བར་གཤེགས་པའི་སྲས་འཕགས་པའི་དགེ་འདུན་དང་བཅས་པའི་དཀོན་མཆོག་གསུམ་དང་། ཕྱག་བྱ་བའི་འོས་སུ་གྱུར་པའི་དངོས་དང་བརྒྱུད་པའི་མཁན་པོ་དང་སློབ་དཔོན་རྣམས་ལའང་ཆེས་ཆེར་རབ་ཏུ་གུས་པས་ཕྱག་འཚལ་ཏེ། བདེ་བར་གཤེགས་པའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པས་སྔོན་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་མ་རྒྱས་ཀྱི་བར་གྱི་སྤྱོད་པའི་ཕྱོགས་མཐའ་དག་འདུས་པའི་སྡོམ་ཆེན་པོ་འདི་ཉིད་ལ་འཇུག་པ་ཉིད་ཀྱི་ཕྱིར་ན། རྒྱལ་བའི་བཀའ་མདོ་སྡེ་ཕལ་པོ་ཆེ་སོགས་ཀྱི་ལུང་ཇི་ལྟ་བ་བཞིན་ཚིག་དོན་གཉིས་ཆ་མདོར་བསྡུས་ཀྱི་སྒོ་ནས་ནི་ཞིབ་མོའི་ལུགས་སུ་བརྗོད་པར་བྱ། རྩ་བར། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་ཁ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། ། 63 སྔོན་ཆད་སངས་རྒྱས་ཀྱི་བཀའ་དང་དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་གང་དུའང་མ་བྱུང་བའི་ནང་དོན་གསལ་བ་ཞིག་ཅུང་ཟད་ཙམ་ཡང་བསྟན་བཅོས་འདིར་བརྗོད་དུ་མེད་ལ། དོན་གྱི་ཆ་ལ་ཐུན་མིན་གྱི་ཁྱད་པར་མེད་ཀྱང་ཚིག་གི་སྡེབ་སྦྱོར་ལྕི་ཡང་སོགས་ཀྱིས་ཁྱད་པར་བྱས་ཡོད་དམ་ཟེར་ན། དེ་འདྲའི་མཁས་པའང་བདག་ལ་གཏན་ནས་ཡོད་པ་མིན་ཏེ། དེའི་ཕྱིར་མཐའ་ཡས་པའི་འགྲོ་བ་གཞན་དང་གཞན་དག་གི་ཚེ་འདི་དང་ཕྱི་མའི་དོན་དུ་བསམ་པའང་བདག་ལ་ཡེ་ནས་མེད་སྟབས། དེ་དག་གི་ཆེད་དུ་བརྩམས་པ་མ་ཡིན། འོ་ན། ཅིའི་ཕྱིར་གཞུང་འདི་འདྲ་ཞིག་བརྩམས་ཟེ ར་ན། རང་གི་སྔར་གང་ཤེས་པའི་དོན་རྣམས་རང་ཉིད་ཀྱི་ཡིད་ལ་ཡང་ཡང་བསྒོམ་བདེ་བའི་ཕྱིར་ཞི་བ་ལྷ་ངས་བསྟན་བཅོས་འདི་འདྲ་ཞིག་བརྩམས་ཤིང་། འོ་ན། རང་གི་དོན་དུ་བསྟན་བཅོས་རྩོམ་པ་ལ་ཐོག་མར་བསྟན་བཅོས་དེའི་བརྗོད་བྱ་ཁོང་དུ་ཆུབ་དགོས་ལ། ཁོང་དུ་ཆུད་ནས་ཡོད་ན་དེ་ཉམས་སུ་བླངས་པས་ཆོག་མོད། བསྟན་བཅོས་རྩོམ་པའི་ཅི་ཞིག་བྱ་སྙམ་ན། སྤྱིར་བཏང་བྱས་ན་དེ་ལྟར་བདེན་མོད། སྐབས་འདིར་འགལ་བ་མེད་དེ། དགེ་བ་རྒྱ་ཆེན་པོ་རྒྱུན་མ་ཆད་པར་བསྒོམ་པའི་ཕྱིར་དང་། མ་ཟད་བདག་གི་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་དད་པའི་ཤུགས་འདི་དག བསྟན་བཅོས་འདིར་བཀོད་པ་དེ་དག་གིས་ཀྱང་། རེ་ཞིག་གམ་ཐོག་མར་རང་རྒྱུད་ལ་དགེ་བ་མཐའ་མེད་དུ་འཕེལ་བར་འགྱུར་ལ། བདག་ཉིད་དང་སྐལ་བ་མཉམ་པའི་འཕགས་པའི་དགེ་འདུན་གཞན་གྱིས་ཀྱང་། ཅི་སྟེའམ་གལ་ཏེ་བསྟན་བཅོས་འདི་དང་དེ་བཞིན་བསླབ་བཏུས་དང་མདོ་བཏུས་ཀྱི་རིགས་འདི་དག་མཐོང་ན། དོན་ཡོད་པར་མི་འགྱུར་བའི་ངེས་པ་གང་ཡང་མེད་དོ། ། གཉིས་པ། བར་དུ་དགེ་བ་བསྟན་བཅོས་དངོས་འཆད་པ་ལ། ༡༽ ལེའུ་དང་པོ། 64 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པར་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡི་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག ། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ནི་རྙེད་པར་ཆེས་ཤིན་ཏུ་དཀའ། རྙེད་དཀའ་ཚུལ་དེ་ཡང་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་ཤེས་དགོས། དེ་ཡང་རྟེན་བཟང་འདི་ལ་སྐྱེས་བུའི་འདོད་དོན་སྒྲུབ་པར་བྱེད་པའི་མངོན་མཐོ་ལྷ་མིའི་གོ་འཕང་དང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་པར་གྱུར་པ་གང་ཞིག་ལ། གལ་ཏེ་ལུས་རྟེན་འདི་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་གང་རུང་ཞིག་ཐོབ་པའི་ཐབས་ལ་ཕན་པར་ཅུང་ཟད་ཙམ་ཡང་མ་བསྒྲུབས་པ་དེ་ལྟ་བས་ན། ཕྱིས་འདི་འདྲའི་མི་ལུས་ཡང་དག་པ་ཞིག་འབྱོར་བ་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེ་ཡང་ཐོག་མར་དཔེའི་སྒོ་ནས་བཤད་ན། ཇི་ལྟར་མཚན་མོའི་དཀྱིལ་དུ་མུན་ནག་ཤུགས་ཆེར་འཐུམས་པའི་སྤྲིན་གྱི་བང་རུམ་ནས། གློག་འགྱུ་བའི་དབང་གིས་དུས་སྐད་ཅིག་ཡུད་ 65 ཙམ་ལ་རབ་ཏུ་གསལ་བའི་གཟུགས་ཀྱི་སྣང་བ་མིག་མདུན་དུ་སྟོན་པ་ལྟར། དེ་བཞིན་སངས་རྒྱས་གྲངས་མེད་བྱོན་པའི་བྱིན་རླབས་ཀྱི་ནུས་མཐུ་ཡིས་ཐེངས་རེའམ་རྒྱ་ལམ་ན། འཇིག་རྟེན་པ་རྣམས་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསག་སྙམ་པའི་བློ་གྲོས་ཐེངས་འགའ་འབྱུང་གི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ། །རྒྱུ་མཚན་དེ་ལྟ་བས་ན། དགེ་བ་ཉམ་ཆུང་བ་ཉིད་ལ་དུས་རྟག་ཏུ་གནས་སོ། ། རྩ་བར། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདི་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། ། ཡང་སོས་དང་། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་སོགས་ཚ་དམྱལ་བརྒྱད་དང་། ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་ཐམ་པ། ཀྱེ་ཧུད་ཟེར་བ། ཨ་ཆུ་ཟེར་བ། ཨུཏ྄པལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ་སོགས་གྲང་དམྱལ་བརྒྱད། ཉི་ཚེ་བ་དང་། ཉེ་འཁོར་བའི་དམྱལ་བ་སོགས་སུ་སྐྱེ་བའི་རྒྱུ་སྡིག་པ་སྟོབས་ཆེན་པོ་ཤིན་ཏུ་མི་བཟད་པའམ་ཆེས་ཤིན་ཏུ་ནས་བཟོད་དཀའ་བ་དེ་འདྲ་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པ་མིན་པས། དགེ་བ་གཞན་གང་ཞིག་གིས་ཀྱང་དུས་ནམ་ཡང་ཟིལ་གྱིས་གནོན་ནུས་པར་མི་འགྱུར་རོ། །བསྐལ་པ་བརྒྱ་སྟོང་ཁྲི་འབུམ་དུ་མར་སེམས་ཅན་གྱི་དོན་བྱེད་པའི་ཐབས་འབའ་ཞིག་ལ་རབ་ཏུ་དགོངས་པར་མཛད་པ་ཡི་ཐུབ་དབང་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་འབའ་ཞིག་ལས་ཐབས་ཀྱི་ཆ་གཞན་གང་གིས་ཀྱང་ཕན་པར་མ་གཟིགས་སྟབས། དེ་འདྲའི་རླབས་ཆེ་བའི་ཐབས་དམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་ཚད་མེད་པའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དང་། ཉན་ཐོས་དང་། རང་རྒྱལ་ 66 རྣམས་ཀྱིས་ཀྱང་། བདེ་བའི་མཆོག་གམ་བདེ་བ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུའམ་ཚེགས་ཆེར་མེད་པར་ཐོབ་པར་བྱེད་པའི་ས་བོན་ལྟ་བུ་ཞིག་ཡིན། ཚིག་རྐང་འདིའི་དབུའི་སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་པ་ནས། བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད། །ཅེས་པའི་བར་གྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་ཞིབ་ཏུ་བཤད། རྩ་བར། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཀྱང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། ། ཆེས་བཟོད་གླགས་དཀའ་བའི་སྲིད་པ་འཁོར་བ་པའི་སྡུག་བསྔལ་གྱི་རྣམ་གྲངས་བརྒྱ་ཕྲག་དུ་མ་དྲུངས་ནས་སམ་རྩད་ནས་གཞོམ་པའམ་ཡོངས་སུ་འདོར་བར་འདོད་ཅིང་། སེམས་ཅན་རེ་རེ་ནས་བཟུང་སྲོག་ཆགས་འབུ་སྲིན་ཚུན་ཆད་ཀྱི་མི་བདེ་བ་མཐའ་དག་རིམ་གྱིས་བསལ་བར་འདོད་པ་དང་། རང་ཉིད་མངོན་མཐོ་ལྷ་དང་། མི་དང་། ངེས་ལེགས་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བདེ་མང་བརྒྱ་ཕྲག་དག་ལ། རང་རང་གི་མོས་ཁམས་དང་མཐུན་པར་ཅི་འདོད་འདོད་དུ་ལོངས་སུ་སྤྱོད་པར་འདོད་པ་དག་གིས་ཀྱང་། བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་རྟག་ཏུ་དངོས་སུ་བཏང་བའམ་གཏོང་སེམས་ཀྱི་བློ་ཙམ་ཡང་གཉིད་འོག་ཚུད་ཆད་དུ་མི་སྐྱེ་བར་དུས་ནམ་དུའང་བརྩོན་པར་བྱ་དགོས་སོ། ། རྩ་བར། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འོས། ། རྒྱུ་སྨོན་པ་སེམས་བསྐྱེད་དང་། ལམ་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་རང་རྒྱུད་ལ་སྐྱེས་པར་གྱུར་ན། སྐད་ཅིག་དེ་ཉིད་ 67 ལ་སེམས་བསྐྱེད་དེའི་དབང་གིས། བསྐལ་པ་མང་པོའི་ཡུན་ལ་འཁོར་བའི་བཙོན་རར་བསྡམས་པའི་ཆེས་ཉམ་ཐག་པའི་སེམས་ཅན་ཞིག་ཡིན་ནའང་། དེ་རྣམས་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྲས་འཕགས་པའི་དགེ་འདུན་ཞེས་ཕྱོགས་དུས་གནས་སྐབས་ཀུན་ཏུ་བརྗོད་པར་བྱ་ཞིང་། མ་ཟད་འཇིག་རྟེན་ཁམས་སུ་གནས་མལ་བྱས་པའི་ལྷ་དང་མིར་བཅས་པའི་འགྲོ་བ་ཡོངས་ཀྱི་ཕྱག་བྱར་འོས་པའི་གནས་སུ་འགྱུར་རོ། ། རྩ་བར། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། ། གསེར་འགྱུར་རྩི་ཡིས་ལྕགས་ཀྱི་རིགས་སྣ་ཚོགས་གསེར་དུ་བསྒྱུར་བའི་རྣམ་པ་ཆེས་མཆོག་ཏུ་གྱུར་པ་ཇི་ལྟ་བུར། རྒྱུ་དང་ངོ་བོའི་སྒོ་ནས་ཆེས་ཆེར་རབ་ཏུ་མི་གཙང་བའི་ལུས་འདི་ཉེ་བར་བླངས་ནས་རྟེན་དེ་ལ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་སྟོབས་ཀྱིས་རྒྱལ་བའི་སྐུ་རིན་ཆེན་ལྟ་བུ་འདི་འདྲ་བ་ཡང་རེ་ཞིག་གི་ཚེ་རིན་ཐང་ཆེར་མེད་པར་ལྟ་བུར་བསྒྱུར་བས་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་བྱ་བ་འདི་ཉིད་དུས་ནམ་ཡང་རང་རྒྱུད་ནས་མི་ཉམས་པར་རབ་ཏུ་བརྟན་པོར་ཟུངས་ཤིག། རྩ་བར། འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བས། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པོར་ཟུངས། །མུ་མཐའ་བྲལ་བའི་འགྲོ་བའི་དེད་དཔོན་གཅིག་པུར་གྱུར་པ་རྣམ་འདྲེན་བཞི་པའི་ཚད་མེད་པའམ་གཞལ་བར་མི་ནུས་པའི་བློས་ཕྱོགས་ཡོངས་ནས་ལེགས་པར་ཆེས་ཆེར་ཡོངས་སུ་བརྟགས་ནའང་། ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་འདི་ཉིད་རིན་ཐང་ཧ་ཅང་ཆེ་བས། མ་གྱུར་འགྲོ་བའི་འཚོ་གནས་སྲིད་པ་འཁོར་བའི་གནས་དང་མྱུར་དུ་བྲལ་བར་འདོད་ 68 པ་རྣམས་ཀྱིས། རིན་ཆེན་ཕ་ལམ་དང་མཚུངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་སླར་གཡོ་བ་མེད་པར་ལེགས་པར་ཡིད་ལ་རབ་ཏུ་བརྟན་པོར་ཟུངས་ཤིག། རྩ་བར། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། ། དགེ་བ་གཞན་ཀུན་ཞེས་པའི་དགེ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྩིས་མ་ཟིན་པའི་དགེ་བ། དཔེར་ན། རང་ཉིད་གཅིག་པུའི་ཆེད་དུ་ཚེ་འདིར་སྣང་གི་བསམ་པས་ཀུན་ནས་བསླངས་ནས་བསགས་པའི་དགེ་བ་དང་། ཐར་པ་ཆ་མཐུན་གྱི་དགེ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་མ་ཟིན་པའི་དགེ་བ་ཡིན། གཞན་ཡང་། ཚེ་ཕྱི་མར་རང་ཉིད་མངོན་མཐོ་ལྷ་དང་མིའི་གོ་འཕང་ཙམ་ཐོབ་ཆེད་དུ་ཚེ་འདིར་འབད་པས་ཡང་ཡང་བསགས་པའི་དགེ་བ་དང་། འདོད་ཁམས་དང་། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་སོགས་ལ་སྐྱོན་དུ་བལྟས་ནས་ཉན་རང་གི་ཐེག་པ་ཙམ་ཐོབ་ཆེད་དུ་བསགས་པའི་དགེ་བ་དང། ད་དུང་འདིར་མ་ཚུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་མ་ཟིན་པའི་དགེ་བ་གཞན་ཀུན་ཡོངས་སུ་རྫོགས་པ། དཔེའི་སྒོ་ནས་བཤད་ན། ཆུ་ཀླུང་གི་འགྲམ་བྱེ་མའི་ཐང་དུ་སྐྱེས་པའི་ཤིང་འོམ་བུའམ་འོམ་ནག་ཡོངས་གྲགས་སུ་སྙིང་བོས་དབེན་པའི་ཆུ་ཤིང་ཞེས་འཇིག་རྟེན་ཀུན་ན་གྲགས་པ་བཞིན་དུ་ནི། འབྲས་བུ་ཐེངས་གཅིག་ཁོ་ན་བསྐྱེད་ནས་རྗེས་སུ་སླར་ཡང་དུས་ངེས་མེད་ཅིག་ལ་རང་གི་འབྲས་བུ་བསྐྱེད་པའི་ནུས་པ་ཡོངས་སུ་ཟད་པར་འགྱུར་བ་ཉིད་དང་ཀུན་ནས་མཚུངས། བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་དགེ་བ་རྣམས་འདོད་པ་འཇོ་བའི་དཔག་བསམ་གྱི་ལྗོན་ཤིང་བཞིན་དུ། དུས་རྟག་པར་རམ་ནམ་དུ་ཡང་འབྲས་བུ་འབྱིན་པར་བྱེད་པས། དུས་དང་བསྐལ་པ་ཅི་ཙམ་བར་ལོངས་སུ་སྤྱད་ཀྱང་ད་དུང་མི་ཟད་པར་ཆེས་ཆེར་འཕེལ་བར་འགྱུར་རོ། ། 69 རྩ་བར། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། ། ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སོགས་སྡིག་པ་ཆེས་ཤིན་ཏུ་མི་བཟད་པའམ་འཇིགས་སུ་རུང་བ་ལན་གྲངས་དུ་མར་བྱས་ན་ཡང་། ཧ་ཅང་ཉམ་ཆུང་བའི་མི་ཞི ག་དཔའ་བོའི་རྩལ་སྟོབས་རྫོགས་པའི་གང་ཟག་ཅིག་ལ་བརྟེན་ནས་ཁོ་རང་ཚུར་རྒོ ལ་བའི་དགྲ་བོའི་འཇིགས་པ་ཆེན་པོ་ལས་ལེགས་པར་ཐར་ཐུབ་པ་ལྟར། བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་ཡེ་ཤེས་ཀྱི་ཚོགས་གང་ལ་བརྟེན་ནས་ཡུད་ཀྱིས་རྔམས་ཤིང་འཇིགས་པའི་བྱས་ངན་གྱི་ལས་དེ་དག་ལས་སྒྲོལ་བར་འགྱུར་བས། དེ་ལྟའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིད་ལ་བག་ཅན་ནམ་བློ་གྲོས་ཀྱི་རྩལ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཅིས་མི་བརྟེན་ནམ། རྩ་བར། དེ་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐྱེས་བུའི་སྐད་ཅིག་གཅིག་གིས་སྲེག་པར་བྱེད། །དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག ། བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད། ། ༸གོང་ས་མཆོག་ནས་ཆོས་གང་བྱས་ཀྱང་ལྷ་བདུད་དུ་བབ་པ་ནང་བཞིན་མི་ཡོང་ཆེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་རྒྱུ་ཧ་ཅང་གལ་འགངས་ཆེ་ཞེས་ཡང་ནས་ཡང་དུ་གསུངས་པ་ནང་བཞིན། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་དེས་ནི་བསྐལ་པ་འཇིག་ཁ་མའི་དུས་མཐའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་བཅུད་ཐམས་ཅད་སྲེག་པ་བཞིན་དུ། མྱོང་ངེས་ཀྱི་སྡིག་པ་ཚབས་ཆེན་པོ་རྣམས། སྐྱེས་བུའི་སེ་གོལ་གཅིག་གི་ཡུན་ཚད་ལ་ཐལ་འགྱུར་བའི་ལུགས་གཞིར་བཞག་བྱས་ན་ཆ་སུམ་བརྒྱ་རེ་ལྔར་ཕྱེས་པའི་ཆ་སྐད་ཅིག་མ་གཅིག་གིས་ངེས་པར་སྲེག་པར་བྱེད་སྟབས། བྱང་ཆུབ་ཀྱི་སེམས་དེ་ཡི་ 70 ཕན་ཡོན་ལ་ཚད་འདི་འདྲ་ཞིག་ཡོད་པ་སུས་ཀྱང་ཤེས་མི་ཐུབ་པའམ་དཔག་ཏུ་མེད་པ་དག བྱམས་མགོན་བློ་གྲོས་མཆོག་དང་ལྡན་པ་བྱང་ཆུབ་སེམས་དཔའ་གང་གིས་རིགས་ཀྱི་བུ་གཞོན་ནུ་ནོར་བཟང་ལ་བཤད་པ་སྡོང་པོ་བཀོད་པའི་མདོ་ན་ཞིབ་ཏུ་གསལ། རྩ་བར། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། ། སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུའི་ཡོན་ཏན་སོགས་མཐོང་བའི་བྱིན་མཐུས་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་དང་། སེམས་ཅན་རྣམས་སངས་རྒྱས་ཀྱི་སར་འགོད་པར་ཡི་དམ་བཅས་པའི་སེམས་བསྐྱེད་སོགས་སེམས་བསྐྱེད་ཕལ་བའི་རིགས་མ་ཡིན་པར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་གཞུང་དོན་དང་མཐུན་པའི་མཚན་ཉིད་ཡོངས་སུ་ཚང་བའི་སེམས་བསྐྱེད་དམ་འདུན་པ་གཉིས་ལྡན་གྱི་བྱང་ཆུབ་ཀྱི་སེམས་དེ། དེ་ལ་རྒྱས་པར་དབྱེ་ན་སེམས་བསྐྱེད་ཉེར་གཉིས་དང་། ཚུར་མདོར་བསྡུས་ནས་བཤད་ན། རྣམ་པ་མི་འདྲ་བ་གཉིས་སུ་ངེས་པ་ནི་ཤེས་པར་བྱ་བ་སྟེ་གོ་བར་བྱ། དེ་གང་ཞེ་ན། བྱང་ཆུབ་ལ་དམིགས་པའི་སྨོན་པའི་སེམས་བསྐྱེད་དང་ནི། བྱང་ཆུབ་ལ་དམིགས་པའི་འཇུག་པའི་སེམས་བསྐྱེད་ཉིད་ཡིན་ནོ། ། རྩ་བར། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ། དེ་གཉིས་ཀྱི་ཁྱད་པར་བཤད་པ་ནི། དཔེར་ན། མི་ཞིག་ལྷ་སར་འགྲོ་བར་འདོད་པའི་ཤུགས་ཀྱིས་ངེས་པར་དུ་ལྷ་སར་འགྲོ་དགོས་སྙམ་པའི་བློ་དང་། རྐང་པ་འདེགས་འཇོག་གི་བྱ་བས་དངོས་སུ་ལྷ་སར་འགྲོ་བ་ཡི་བྱ་བ་བྱེད་བཞིན་པའི་སྐབས་ཀྱི་ངེས་པར་འགྲོ་དགོས་སྙམ་པའི་བློ་གཉིས་ཀ་ཡུལ་ལྷ་སར་འགྲོ་འདོད་པ་མཚུངས་ཀྱང་། བྱེ་བྲག་གམ་ཁྱད་པར་ནི། ཡུལ་ལ་འགྲོ་བའི་བྱ་བས་དངོས་སུ་མ་ཟིན་པ་དང་། ཟིན་པའི་སྒོ་ནས་ཁྱད་པར་ཇི་ལྟར་ཡིན་ཤེས་པ་ལྟར། དཔེ་དེ་བཞིན་དུ་རིག་པའི་གནས་སྤྱི་དང་བྱེ་བྲག་དག་ལ་མཁས་པ་ 71 དག་གིས་ཀྱང་སྨོན་སེམས་དང་འཇུག་སེམས་འདི་གཉིས་ཀྱི་བྱེ་བྲག་གམ་ཁྱད་པར་ནི། གོང་བཀོད་ལྟར་རིམ་པ་བཞིན་ཤེས་པར་བྱའོ། ། རྩ་བར། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། ། གོང་དུ་བསྟན་ཟིན་པ་ལྟར། ཐེག་ཆེན་སེམས་བསྐྱེད་ལ་ངོ་བོའི་སྒོ་ནས་དབྱེ་ན་སྨོན་སེམས་དང་འཇུག་སེམས་གཉིས་ལས་སྔ་མ་བྱང་ཆུབ་སྨོན་པའི་སེམས་ཏེ་སྨོན་སེམས་ལས་ནི། འཁོར་བར་འཁོར་བའི་ཚེའམ་གནས་སྐབས་ཙམ་ཞིག་ལ་འབྲས་བུ་ལན་གཅིག་ཙམ་ཆེར་འབྱུང་ཡང་། ཇི་ལྟར་འཇུག་པའི་སེམས་སམ་འཇུག་སེམས་བཞིན་དུ། བསོད་ནམས་དཔག་ཏུ་མེད་པ་རྒྱུན་ཆགས་སམ་རྒྱུན་མ་ཆད་པར་ཐ་ན་གཉིད་ཉལ་བའི་གནས་སྐབས་ཚུན་ཆད་སོགས་སུ་འབྱུང་བ་མིན་ཞེས་སྨོན་སེམས་ཀྱི་ཕན་ཡོན་གྱི་ཚད་ཙམ་བསྟན་ནོ། ། རྩ་བར། གང་ནས་བཟུང་སྟེ་སེམས་ཅན་རྣམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། ། སྨོན་སེམས་ཀྱིས་རྐྱེན་བྱས་ཏེ་རྩ་ལྟུང་བཅོ་བརྒྱད་དང་། ཉེས་བྱས་ཞེ་དྲུག་སོགས་སྡོམ་པ་ལ་འཇུག་པའི་འཇུག་སྡོམ་ལེགས་པར་ཐོབ་པ་གང་ནས་བརྩམས་ཏེའམ་གང་ནས་བཟུང་སྟེ་མཐའ་དང་མུ་མེད་པའི་སེམས་ཅན་རྣམས་ལ། མཐའ་ཡས་པ་དང་མཐུན་པའི་ཆོས་གསུངས་པའི་སྒོ་ནས་དེ་དག་འཁོར་བ་ལས་རབ་ཏུ་དགྲོལ་བའི་ཕྱིར་དུ། འཁོར་བ་ཇི་སྲིད་བར་སེམས་ཅན་དོན་བྱེད་ལས་ཕྱིར་མི་ལྡོག་པ་ཡི་སེམས་ཀྱིས་སུ། འཇུག་སེམས་དེ་རྟེན་ཁྱད་པར་ཅན་གྱི་དྲུང་ནས་ཡང་དག་པར་བླངས་པར་གྱུར་པ། དུས་དེ་ནས་བཟུང་སྟེ་མཚན་མོ་གཉིད་ལོག་གམ། ཡང་ན་ར་རོ་བ་ལ་སོགས་པའི་བག་མེད་དམ་དོགས་ཟོན་ཡེ་ནས་མེད་པར་གྱུར་ཀྱང་རུང་བསོད་ནམས་ཀྱི་ཤུགས། ནམ་ཡང་ 72 རྒྱུན་མི་ཆད་པར་སྐད་ཅིག་རེ་རེར་རྣམ་པ་མི་འདྲ་བའི་བསོད་ནམས་ཀྱི་ཤུགས་དུ་མ་ཞིགནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་ངོ་། ། རྩ་བར། འདི་ནི་འཐད་པ་དང་བཅས་པར། །ལག་བཟང་གིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། ། ཚིགས་བཅད་སྔ་མ་གཉིས་ཀྱི་ནང་དུ་བསྟན་ཟིན་པའི་འཇུག་སེམས་ཀྱི་ཕན་ཡོན་འདི་དག་ནི་འཐད་པ་རིགས་པའི་རྣམ་གྲངས་དུ་མ་དང་བཅས་པར། བྱང་ཆུབ་སེམས་དཔའ་ལག་བཟང་གིས་ནི་བཅོམ་ལྡན་འདས་ལ་ཞུས་པའི་མདོ་ལས། ཐེག་པ་དམན་པར་རྩེ་གཅིག་ཏུ་མོས་པའི་ཉམ་ཐག་པའི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དུ། རྣམ་འདྲེན་བཞི་པར་ཕེབས་པའི་དེ་བཞིན་གཤེགས་པ་ཉིད་ཀྱིས་ལེགས་པར་གསུངས་སོ། ། རྩ་བར། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་སུ་བསམ་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་གྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཀྱང་། །རེ་རེ་འང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། ། དེད་དཔོན་འཛའ་བོའི་བུ་མོ་ལྟར་སེམས་ཅན་གྲངས་མེད་པ་རྣམས་ཀྱི་ཀླད་པའི་ནད་ཙམ་ཞིག་ལེགས་པར་བསལ་ལོ་སྙམ་དུ་སྐད་ཅིག་ཙམ་ལ་བསམ་ན་ཡང་། གཞན་ལ་ཕན་འདོགས་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པ་ལོས་ཡིན་ཏེ། དེ་ལྟ་བུ་ལའང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ན། སྡུག་བསྔལ་གསུམ་གྱིས་ཉིན་མཚན་ལྟོས་མེད་དུ་མནར་བའི་སེམས་ཅན་འབུ་སྲིན་ཚུན་ཆད་རེ་རེའི་མི་བདེ་བ་དཔག་ཏུ་མེད་པ་དག་ལེགས་པར་བསལ་བར་འདོད་ཅིང་། སེམས་ཅན་རེ་རེ་ལའང་རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་དཔག་མེད་དུ་འབད་པས་བསྒྲུབ་པར་འདོད་པ་རྣམས་ལ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་འབྱུང་བ་སྨོས་ཅི་དགོས། 73 རྩ་བར། ཕའམ་ཡང་ན་མ་ཡང་རུང་། །སུ་ལ་འདི་འདྲའི་ཕན་སེམས་ཡོད། །ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། །ཚངས་པ་ལ་ཡང་འདི་ཡོད་དམ། ། འཇིག་རྟེན་ན་ཕན་སེམས་ཆེ་ཞེས་ཡོངས་སུ་གྲགས་པའི་ཕའམ་ཡང་ན་མ་དམ་པ་ཡིན་ཡང་རུང་། སེམས་ཅན་སུ་འདྲ་ཞིག་ལའང་གཞན་གྱི་སྡུག་བསྔལ་དཔག་ཏུ་མེད པ་བསལ་བར་འདོད་པ་འདི་འདྲ་བའི་གཞན་གཅེས་འཛིན་གྱི་ཕན་སེམས་ཤིག་ག་ལ་ཡོད། དེ་བཞིན་འཇིག་རྟེན་པའི་ལྷ་མཐུ་བོ་ཆེར་གྲགས་པ་བརྒྱ་བྱིན་དང་། ལུས་ངག་ཡིད་གསུམ་ལ་གཡོ་སྒྱུ་མེད་པར་དྲང་བོའི་ཕྱོགས་སུ་སྲོང་བའི་དྲང་སྲོང་རྐང་མིག་དང་། ཁྱབ་འཇུགའཇིག་རྟེན་མིག་རྣམས་ཀྱང་རུང་། ཚངས་པ་ལ་ཡང་ཕན་སེམས་འདི་འདྲ་བ་ཡོད་དམ་ཡོད་མི་སྲིད་དོ། ། རྩ་བར། སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། ། རྒྱུ་མཚན་གང་ཡིན་ཟེར་ན། ཕའམ་མ། འཇིག་རྟེན་པའི་ལྷ་དང་། དྲང་སྲོང་སོགས་སེམས་ཅན་དེ་དག་ཉིད་ལ་སྔོན་ནས་ད་བར་དུ། རང་གི་དོན་དུ་འདི་འདྲ་བའི་ཕན་སེམས་ཤིག རྨི་ལམ་གྱི་གནས་སྐབས་ཚུན་ཆད་དུ་ཡང་མ་རྨིས་ན། མཐའ་ཡས་པའི་སེམས་ཅན་གཞན་གྱི་དོན་དུ་ཕན་སེམས་དེ་འདྲ་ག་ལ་སྐྱེ་སྟེ་སྐྱེས་མྱོང་མེད་དོ། ། རྩ་བར། གཞན་དག་རང་གི་དོན་དུ་ཡང་། །མི་འབྱུང་སེམས་ཅན་དོན་སེམས་གང་། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། ། སེམས་ཅན་གཞན་དག་རྣམས་རང་གི་དོན་དུ་ཡང་ཕན་པའི་བསམ་པ་འདི་འདྲ་མི་འབྱུང་ཞིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་སངས་རྒྱས་ཐོབ་འདོད་ཀྱི་སེམས་གང་སེམས་ཀྱི་རིན་ཆེན་ཁྱད་པར་ཅན་འདི་འདྲ་བ་ནི། སྔོན་མེད་པའམ་སྔ་ན་མེད་པའི་རྨད་ཅིག་ཡིན་སྟབས། དེ་འདྲ་དེ་གུས་པ་ཞི་བ་ལྷར་འཁྲུངས་ཐུབ་པ་བྱུང་ཞེས་རང་གིས་རང་ལ་ངོ་མཚར་བའི་ཚུལ་བརྗོད་པ་ཞིག་ཡིན་ནོ། ། 74 རྩ་བར། འགྲོ་བ་ཀུན་གྱི་དགའ་བའི་རྒྱུ། །སེམས་ཅན་སྡུག་བསྔལ་རྩིར་གྱུར་པ། །རིན་ཆེན་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། ། མཚན་ཉིད་ཡོངས་སུ་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་འགྲོ་བ་ཀུན་གྱི་མངོན་མཐོ་ལྷ་དང་། མི། ངེས་ལེགས་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ཐོབ་པར་བྱེད་པས་དགའ་བའི་རྒྱུ་ཡིན་པ་མ་ཟད་། ཉམ་ཐག་པའི་སེམས་ཅན་དེ་དག་གི་སྡུག་བསྔལ་མཐའ་དག་འཇོམས་པར་བྱེད་པའི་སྨན་གྱི་རྩིར་གྱུར་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གྲངས་མེད་དཔག་ཏུ་མེད་པ་གང་དེ་ལ་ཚད་ཇི་ལྟར་གནས་པ་སུས་ཀྱང་གཞལ་གྱིས་ལང་སྟེ་གཞལ་མི་ཐུབ་བོ། ། རྩ་བར། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། ། སྲིད་པ་འཁོར་བའི་གནས་ལ་ཅི་དགར་འཁྱམས་པའི་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་སྐྱོབ་པའི་ཆེད་དུ་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་ཕན་པར་འདོད་པའི་བསམ་པ་ལན་གཅིག་སྒོམ་པ་ཙམ་གྱིས་ཀྱང་། གྲངས་མེད་པའི་སངས་རྒྱས་རྣམས་ལ་དུས་ཇི་སྲིད་པར་མཆོད་པའི་རྣམ་གྲངས་མཐའ་ཡས་པ་བྱས་དང་བྱེད་བཞིན་པ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པས་ན། སྨོན་སེམས་ཙམ་མིན་པར། དངོས་སུ་སེམས་ཅན་གཅིག་ཙམ་ཡང་མ་ལུས་པ་ཐམས་ཅད་ཀྱི་མཐར་ཐུག་གི་བདེ་དོན་གྱི་ཆེད་སྤྱོད་པ་ཉམས་ལེན་གྱི་བྱ་བར་འབད་པས་བརྩོན་པ་ནི། བསོད་ནམས་ཆེས་ཆེ་བ་ཞིག་ཡིན་པ་སྨོས་ཀྱང་ཅི་དགོས། རྩ་བར། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག ། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། ། གཞན་དོན་དུ་སེམས་དེ་ལྟ་བུ་བསྐྱེད་དགོས་པའི་རྒྱུ་མཚན་གང་ཡོད་དམ་སྙམ་ན། དེའི་ཚུལ་ནི། སེམས་ཅན་སུ་འདྲ་ཞིག་ཡིན་རུང་རྨི་ལམ་གྱི་གནས་སྐབས་ཚུད་ཆད་ལའང་རང་ཉིད་ཀྱི་སྡུག་བསྔལ་ཆེ་ཆུང་ལ་མ་ལྟོས་པར་མྱུར་དུ་འདོར་འདོད་ཀྱི་སེམས་ལོས་ 75 ཡོད་ཀྱང་། ཕྱེ་མ་ལེབ་མར་མེའི་རྩེ་མོ་ལ་མཆོང་བ་བཞིན་དུ། ཉོན་མོངས་པའི་དབང་གིས་སྡུག་བསྔལ་ཉིད་དམ་འབའ་ཞིག་གི་ཕྱོགས་ལ་དུས་རྟག་ཏུ་མངོན་པར་རྒྱུག་པ་དང་། བདེ་བ་འདོད་ཀྱང་དེ་སྒྲུབ་བྱེད་ཀྱི་ཐབས་ཚང་ལ་མ་ནོར་བ་གཏི་མུག་པའི་དབང་གིས་མི་ཤེས་པས། རང་གི་སྐལ་པའི་བདེ་བ་ཉུང་ཟད་དེ་ཡང་རང་ཉིད་ཀྱི་སྲོག་ལ་ཚུར་རྒོལ་བའི་དགྲ་བོ་ལྟར་ལྷག་མེད་ད་འཇོམས་པར་བྱེད་དོ། ། རྩ་བར། གང་ཞིག་བདེ་བས་ཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། ། མཐའ་དང་མུ་མེད་པའི་སེམས་ཅན་གང་ཞིག དུས་དང་གནས་སྐབས་ཐམས་ཅད་་བདེ་བ་ཕྲ་མོ་ཙམ་གྱིས་ཀྱང་ཆེས་ཕོངས་པ་དང་། སྡུག་བསྔལ་གྱི་རྣམ་གྲངས་མང་པོ་དང་ལྡན་པའི་སེམས་ཅན་དེ་དག་རེ་རེ་ལའང་། གནས་སྐབས་མངོན་མཐོའི་བདེ་བ་དང་། མཐར་ཐུག་ངེས་ལེགས་ཀྱི་བདེ་བ་སོགས་བདེ་བ་ཀུན་གྱིས་རྣམ་པ་ཐམས་ཅད་དུ་ཚིམ་པར་བྱེད་པ་དང་། སྡུག་བསྔལ་ཕྲ་རགས་ཐམས་ཅད་ཀྱི་རྩ་བའི་རྒྱུ་ལྷག་མེད་དུ་གཅོད་པར་བྱེད་ཅིང་། བླང་དང་དོར་བྱའི་གནས་ལ་ཆེས་ཆེར་རྨོངས་པའི་གཏི་མུག་སོགས་ཀྱང་ནི་རིམ་གྱིས་སེལ་བར་བྱེད་པས། བྱང་ཆུབ་ཀྱི་སེམས་དེ་དང་དགེ་བའི་ནུས་སྟོབས་ཕྱོགས་ཙམ་མཚུངས་པའི་ཆོས་ཤིག་བཙལ་དུ་ག་ལ་ཡོད། དེ་འདྲའི་གཞན་དོན་འབའ་ཞིག་བྱེད་པའི་དགེ་བའི་བཤེས་གཉེན་དང་གྲོགས་པོ་སོགས་ཀྱང་ག་ལ་ཡོད་དེ་གཏན་ནས་མེད། མ་ཟད་བསོད་ནམས་ཀྱི་མཐུ་བསམ་ཡུལ་ལས་འདས་པ་དེ་འདྲའང་ག་ལ་ཡོད་དེ་མེད་དོ། ། རྩ་བར། ཕན་བཏགས་ལན་ལྡོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། ། འཇིག་རྟེན་གྱི་ཁམས་དག་ཏུ་ཕར་བཅོལ་ནས་ཕན་བཏགས་པ་ལ་ཚུར་ལན་ལྡོན་པའམ་ལན་གྱིས་ 76 འཇལ་བ་གང་ཡིན་པ་དེ་ཡང་རེ་ཞིག་ཆེས་ཆེར་རབ་ཏུ་བསྔགས་པར་འོས་པ་དེས་ན། ཕར་ཕྱོགས་དེར་རང་ཉིད་གཅིག་པུའི་ཆེད་དུ་ཕན་ཐོགས་པའི་ལས་གང་ཡང་སྔར་དངོས་ཤུགས་བརྒྱུད་གསུམ་ནས་མ་བཅོལ་མོད། དེ་ལྟ་ན་ཡང་དེ་སྙིང་རྗེའི་གཞན་དབང་གིས་བདག་དང་བདག་འདྲ་བའི་སེམས་ཅན་དཔག་ཏུ་མེད་པའི་དོན་ཆུང་ཚག་ཟས་གོས་གནས་མལ་ནས་བཟུང་སྟེ་གང་འདོད་པ་ཐམས་ཅད་ལེགས་པར་སྒྲུབ་པར་བྱེད་པ་ཡི་བྱང་ཆུབ་སེམས་དཔའ་དག་ལ་ནི། ཤིན་ཏུ་ནས་བསྔགས་པར་འོས་པ་སྨོས་ཀྱང་ཅི་དགོས་སོ། ། རྩ་བར། འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་ཡུན་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། ། དབུལ་ཞིང་འཕོངས་པའི་འགྲོ་བ་ཉུང་ཟད་དམ་ཉུང་ངུ་ཞིག་ལ། ནར་མའི་ཟས་ཏེ་རྒྱུན་ལྡན་དུ་ལོངས་སུ་སྤྱོད་བཞིན་པའི་ཟས་ཀྱི་མཐུན་རྐྱེན་ཡུན་རིང་དུ་སྦྱོར་བ་དང་། ཡང་ན་དུས་སྐད་ཅིག་མ་གཅིག་ལ་ཟས་ཀྱི་རྣམ་གྲངས་འགའ་ཙམ་ལེགས་པར་སྦྱིན་པར་བྱེད་པ་དང་། གཞན་གྱིས་བཙན་དབང་བྱས་ནས་སྟེར་དུ་བཅུག་པ་དང་། རང་ཉིད་ཀྱིས་གཞན་དག་ལ་བརྙས་དམོད་སྣ་ཚོགས་དང་བཅས་ཏེ་ཉིན་ཕྱེད་རིང་ལ་ལྟོ་འགྲངས་པར་བྱེད་པ་ཚུན་ལ་ཡང་། དགེ་བ་དཔག་ཏུ་མེད་པ་བསགས་པའི་ལས་བྱེད་པ་ཡིན་ནོ་ཞེས་སྐྱེ་བོ་ཀུན་གྱིས་བཀུར་ཞིང་རབ་ཏུ་བསྔགས་པར་འོས་ན། སེམས་ཅན་གྱི་གྲངས་མཐའ་ཡས་མུ་མེད་པ་དག་ལ། དུས་ཇི་སྲིད་ནམ་གནས་ལྟ་བུའི་ཡུན་རིང་པོའི་བར་དུ། ལམ་བདེ་བ་བྱང་ཆུབ་ཀྱི་ལམ་ལ་བརྟེན་ནས་མཐར་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལེགས་པར་སྤངས་པའི་སངས་རྒྱས་ཀྱི་སའི་བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད་པའམ་བླ་ན་མ་མཆིས་པ། གཞན་ལ་ཕན་འདོགས་པའི་ཐབས་ཡིད་ལ་གང་བསམ་པ་མཐའ་དག་ 77 ཀུན་ནས་ཡོངས་སུ་རྫོགས་པར་བྱེད་པ། ཉིན་ཟླ་དང་ལོ་རེ་གཉིས་ཙམ་མིན་པར་དུས་རྟག་ཏུ་འཛུམ་པའི་མདངས་དང་བཅས་སྦྱིན་པ་ནི་ཆེས་ཆེར་རབ་ཏུ་བསྔགས་པར་འོས་པ་ལྟ་ཞིག་སྨོས་ཀྱང་ཅི་དགོས་སོ། ། རྩ་བར། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་སྟེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། ། སྐྱེ་བོ་ངན་པའི་རིགས་སོགས་གང་ཞིག་གིས་ཀྱང་ཕན་བདེའི་གཏེར་འཛད་མེད་དུ་སྦྱིན་པར་བྱེད་པའི་དེ་འདྲ་བའི་རྒྱལ་སྲས་སྦྱིན་བདག་དག་ལ། གལ་ཏེ་ལུས་ངག་ཡིད་གསུམ་གྱིས་གནོད་པའི་ལས་བྱེད་པར་འདོད་པའི་ངན་སེམས་གཅིག་གམ་བརྒྱ་སྟོང་ཁྲི་འབུམ་སོགས་ཇི་ལྟར་སྐྱེད་པར་བྱེད་པ་སྟེ། ངན་སེམས་ཇི་ལྟར་བསྐྱེད་པའི་གྲངས་མ་ལྷག་མ་ཆད་པར་ཇི་ལྟ་བ་བཞིན་དུ་བསྐལ་པ་དུ་མའི་བར་དུ་ནི། ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད། ཉི་ཚེ། ཉེ་འཁོར་སོགས་ཀྱི་དམྱལ་བར་ངེས་པར་དུ་གནས་པར་འགྱུར་ཞེས་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས་རབ་ཏུ་ཞི་བ་རྣམ་པར་ངེས་པའི་མདོ་དང་། ཕྱག་བརྒྱའི་མདོ་སོགས་ལས་གསལ་བར་གསུངས་སྟབས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རིགས་ལ་ངན་སེམས་བསྐྱེད་ན་དེའི་གྲངས་བཞིན་ཉེས་པ་ཆེན་པོ་འབྱུང་བར་ངེས་སོ། ། རྩ་བར། འོན་ཏེ་གང་ཞིག་ཡིད་རབ་དད་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། ། འོན་ཏེ་སྐྱེ་བོ་སུ་གང་ཞིག་གིས་ཀྱང་དུས་དང་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་ཡིད་རབ་ཏུ་དང་བས་དད་པ་རྩེ་གཅིག་ཏུ་བྱེད་ན་སྔར་དད་པ་རྩེ་གཅིག་ཏུ་བྱས་པ་དེ་ཡི་འབྲས་བུ་དད་པ་ཇི་སྙེད་ཅིག་བྱས་པ་དེ་བས་བསོད་ནམས་ཀྱི་ཚོགས་འབུམ་འགྱུར་ལས་ཆེས་ལྷག་པར་འཕེལ་བ་ངེས་པ་དང་མ་ངེས་པའི་ 78 ཕྱག་བརྒྱའི་མདོ་ལས་གསུངས་སྟབས། ཐེ་ཚོམ་བྱེད་ག་ལ་དགོས། དེའི་ཕྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་སྲིད་རང་ཉིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་དེ་སྲིད་དུ་དོ་གལ་ཆེན་པོས་ཀྱང་། དུས་རྒྱུན་དུ་སྡིག་པ་ཕྲ་མོ་ཙམ་ཡང་མི་འབྱུང་ཞིང་། དགེ་བའི་ཚོགས་ངང་གིས་འཕེལ་བའི་ཐབས་ལ་དཀའ་བས་འབད་པར་རིགས་ཞེས་པའོ། ། རྩ་བར། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། ། གང་ཟག་སུ་འདྲ་ཞིག་ལའང་སེམས་ཀྱི་དམ་པ་རིན་ཆེན་དེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ། དུས་ནམ་གྱི་ཚེ་སྐྱེས་པ་དེ་ནས་བཟུང་བྱང་ཆུབ་སེམས་དཔའ་དེ་ཡི་སྐུ་ལ་ཞི་བ་ལྷ་བདག་དང་བཅས་པའི་བྱང་ཆུབ་སེམས་དཔའ་དང་། སེམས་ཅན་གྲངས་མེད་པ་མང་པོས་ཕྱག་འཚལ་ཞིང་། དེ་ལྟའི་བྱང་ཆུབ་སེམས་དཔའ་གང་ལ་དམུ་རྒོད་ཀྱི་སེམས་ཅན་དུ་མས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པའི་ལས་སྦྱོར་ཇི་ལྟར་རྩོམ་པར་བྱས་ཀྱང་གནོད་ལན་གནོད་པས་མི་འཇལ་བར་བདེ་བ་དང་འབྲེལ་བའི་ལས་འབའ་ཞིག་བསྐྱེད་པས། བདེ་བའི་འབྱུང་གནས་སུ་གྱུར་པ་དེ་ལ་གང་གི་ཡོན་ཏན་གྱི་ཚོགས་དུ་མར་ཤེས་ནས་དད་པ་ཐོབ་པའི་སྒོ་ནས་སྐྱབས་སུ་མཆིའོ། ། ལེའུ་དང་པོའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའི་འབྲུ་འགྲེལ། ༢༽ ལེའུ་གཉིས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་སྡིག་པ་བཤགས་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། ། དེ་ཡང་ཐོག་མར་ལེའུ་དང་པོའི་སྐབས་སུ་བསྟན་ཟིན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སེམས་བསྐྱེད་ཀྱི་ཕན་ཡོན་རྣམས་ཡིད་ལ་དྲན་པར་བྱས་ཏེ། དེ་འདྲའི་ཕན་ཡོན་གྱི་ཁྱད་པར་དུ་མ་དང་ལྡན་པའི་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་དུས་ཇི་སྲིད་པར་བརྟན་པོའི་སྒོ་ནས་གཟུང་བར་བྱ་བའི་ཕྱིར་དུ། དེ་བཞིན་གཤེགས་པའི་ཚོགས་དཔག་ཏུ་མེད་པ་རྣམས་དང་། དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དང་། སངས་རྒྱས་ཀྱི་སྲས་འཕགས་པའི་དགེ་འདུན་ལ་སོགས་པའི་མཐའ་དང་མུ་མེད་པའི་ཡོན་ཏན་གྱི་ཚོགས་རྒྱ་མཚོ་ལྟར་མངའ་བ་རྣམས་ལ། དུས་དང་གནས་སྐབས་ཐམས་ཅད་དུ་ལེགས་པར་མཆོད་དོ། ། རྩ་བར། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ཁ་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། ། 80 བདག་པོས་ཡོངས་སུ་མ་བཟུང་བའི་གུར་ཀུམ་དང་། པདྨ། སེར་ཆེན། སེ་ལེན་ལྗང་པ་སོགས་མེ་ཏོག་དང་། ཀུ་ཤུ་དང་། སེ་འབྲུམ། ངང་ལག་སོགས་འབྲས་བུ་ས་ཕྱོགས་གང་ན་རྣམ་གྲངས་ཇི་སྙེད་ཡོད་པ་རྣམས་དང་། སྤང་སྤོས་དང་། འཁན་པ། ཨ་ཀ་རུ་སོགས་སྨན་གྱི་རྣམ་པ་ཅན་གང་དག་ཡོད་པ་དང་། གཟི་དང་། གཡུ། འབྲུག་རུས་སོགས་འཇིག་རྟེན་ཁམས་ཀྱི་རིན་ཆེན་རིན་ཐང་གཞལ་དཀའ་བ་ཇི་སྙེད་ཡོད་པ་རྣམས་དང་། རྟ་མཆོག་ཁ་འབབས་དང་། རྨ་བྱ་ཁ་བབས། སེངྒེ་ཁ་འབབས། གླང་ཆེ ན་ཁ་འབབས་སོགས་ཀྱིས་མཚོན་གླི ང་བཞི་གླི ང་ཕྲན་བརྒྱད་ཀྱི་ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་ཐམས་ཅད་དང་། གསེར་དངུལ་ཟངས་ལྕགས་དང་། ས་དཀར། རྫ་ས་སོགས་རང་བྱུང་ཁམས་ཀྱི་གཏེར་མཛོད་དུ་མས་ཕྱུག་པའི་རིན་ཆེན་རི་བོ་དང་ནི། དེ་བཞིན་དུ་མཛོ་ཤིང་དང་། ཤུག་པ། སྟག་པ། སེང་ལྡེང་སོགས་ཤིང་གི་རྣམ་གྲངས་བརྒྱ་ཕྲག་དུ་མས་ཁེངས་པའི་ནགས་ཚལ་ས་ཕྱོགས་འདུ་འཛིས་དབེན་ཞིང་། དབྱིབས་དང་བཀོད་པ་ལེགས་ལ་ཉམས་དགའ་བ་དག་དང་། ལྗོན་ཤིང་དཀར་དམར་སེར་གསུམ་འཛོམས་པའི་མེ་ཏོག་གི་རྒྱན་དུ་མས་རབ་ཏུ་སྤྲས་ཤིང་བཀོད་པ་མཛེས་པས་ལེགས་པར་སྤུད་པ་དང་། ཁམ་བུ་དང་། སྟར་ཁ། ཚ་ལུ་མ་སོགས་འབྲས་བུ་ཅན་གྱི་ཤིང་གང་འབྲས་བཟང་ཆེས་ཆེར་སྨིན་པས་ཡལ་ཁ་མཛེས་ཉམས་ཀྱིས་དུད་པ་དང་། ལྷ་ཀླུ་གཉན་གསུམ་སོགས་ཀྱི་འཇིག་རྟེན་དག་ན་ཡང་ངད་ཆེ་བའི་དྲི་བཟང་དང་ནི། བདུག་སྤོས་དང་། དཔག་བསམ་གྱི་ཤིང་དང་། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཤིང་། མ་རྨོས་པར་འཁྲུངས་པའི་ལོ་ཏོག་སོགས་རྣམ་པ་འདྲ་མིན་དང་། གཞན་ཡང་མཆོད་པར་འོས་པའི་རྒྱན་གྱི་བྱེ་བྲག་རྣམས་ནི། གནམ་མཚོ་ཕྱུག་མོ་དང་། ཁྲི་ཤོར་རྒྱལ་མོ་སོགས་མཚོ་དང་ཁྲུས་ཀྱི་རྫིང་བུ་དུ་མའི་ཁོ་ར་ཁོར་ཡུག་ཀུན་ཏུ་པདྨས་ལེགས་པར་བརྒྱན་པ་དག་ན། ངང་པ་སོགས་བྱ་ཡི་ཚོགས་དུ་མས་ཆེས་ཤིན་ཏུ་སྐད་སྙན་པར་ལེའུ་གཉིས་པ། 81 སྒྲོག་པས་ཡིད་དུ་འོང་བ་དང་ལྡན་པ་སོགས་མཆོད་པའི་བྱེ་བྲག་དུ་མས་དཀོན་མཆོག་གསུམ་ལ་དུས་རྟག་ཏུ་དབུལ་བར་བགྱིའོ། ། རྩ་བར། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ཏེ་ཐུབ་པ་སྐྱེས་ཀྱི་མཆོག ། སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། ། དེ་ཡང་རྣམ་གྲངས་རེ་ཟུང་ཉུང་ཤས་ཙམ་མ་ཡིན་པར་ནམ་མཁའ་རབ་འབྱམས་ཏེ་རྒྱ་ཁྱོན་ཧ་ཅང་ཆེ་བའི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་སྟེ་ཟད་མཐར་གཏུགས་པའི་དབུས་དང་ཕྱོགས་མཐའ་ཀུན་ཏུ། སུས་ཀྱང་བདག་གིར་ཡོངས་སུ་བཟུང་བ་མེད་པའི་མཆོད་པའི་བྱེ་བྲག་དེ་དག་ཀུན། གྲགས་འདོད་དང་སེར་སྣ་སོགས་ཀྱི་དྲི་མས་མ་སྦགས་པའི་བློ་ཡིས་བླངས་ཏེ། ཐུབ་པ་སྐྱེས་བུ་དམ་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། དེའི་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པའི་ཚོགས་རྣམས་ལ་ལེགས་པར་འབུལ་ན་བདག་གིས་མ་ནོར་བ་དང་མ་འཆུག་པས། ཡོན་གནས་དམ་པ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྡུག་བསྔལ་བའི་རང་བཞིན་ཅན་གྱི་ཉམ་ཆུང་ནུས་མེད་བདག་ལ་བརྩེ་བས་དགོངས་ཏེ། བདག་གི་དངོས་པོ་ཉུང་ཟད་འདི་དག་དགྱེས་བཞིན་བཞེས་པར་མཛོད་ཅིག། རྩ་བར། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱིས་འཐུས་བཞེས་ཤིག ། བདག་ནི་ཚེ་རབས་སྔོན་མ་རྣམས་སུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དང་མི་ལྡན་སྟབས། ཚེ་འདིར་བཀྲེན་ཆེན་ཏེ། མོས་པ་ཙམ་གྱི་མཆོད་པའི་ནོར་སྔར་ཕུལ་ཟིན་པ་དེ་ 82 ཙམ་ལས། བདག་ཏུ་བཟུང་བའི་ནོར་གཞན་པའི་རིགས་བདག་ལ་ཅང་མ་མཆིས་ཏེ་གཏན་ནས་མ་མཆིས། རྒྱུ་མཚན་དེས་ན། ལན་ལ་མི་རེ་བ་གཞན་དོན་ཁོ་ན་ལ་དགོངས་པའི་སྐྱབས་མགོན་གྱིས་མཆོད་པའི་ནོར་འདི་དག་ཉམ་ཆུང་བདག་གི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རྫོགས་པའི་དོན་གྱི་སླད་དུ་འདི་ཉིད་ཀྱིས་འཐུས་ཞེས་བཞེས་ཤིག། རྩ་བར། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག ། གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླད་ཆད་མི་བགྱིད་དོ། ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེ་སྲས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་གུས་པ་བདག་གིས་ནི། བདག་གི་ལུས་སྲོག་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ཇི་སྙེད་ཅིག་མཆིས་པ་ཀུན་དུས་གཏན་དུ་དབུལ་བར་བགྱི་བ་ལགས་ན། བྱང་ཆུབ་ཉམ་ཆུང་བདག་ལྟ་བུ་འདི་འདྲ་བ་ནི་ཀ་ཀོལ་མེད་པར་ཡོངས་སུ་བཞེས་ཤིག ཁྱོད་ཀྱིས་སེམས་དཔའ་མཆོག་དང་། དེ་དག་གི་སྲས་འཕགས་པའི་ཚོགས་དང་བཅས་པ་རྣམས་ཀྱིས། ཅིའི་ཕྱིར་ལུས་ལོངས་སྤྱོད་དང་བཅས་པ་ཕུལ་སྙམ་ན། གུས་པས་ཁྱེད་ཀྱི་འབངས་གལ་སྲིད་དེ་བཞིན་ཁས་བླང་ན། དུས་དེ་ནས་བཟུང་གུས་པ་བདག་ནི་ཁྱེད་ཅག་རྣམས་ཀྱིས་བརྩེ་བ་ཐུགས་རྗེ་ཆེན་པོས་ཡོངས་སུ་བཟུང་བས་ན། སྲིད་མཚོའི་གནས་ངན་གང་སུ་མཆི་བར་ཏེ་ཁྱེད་ཀྱི་འབངས་སུ་ཚུད་པར་ཁས་བླང་བར་བགྱི་བའི་ཆེད་དུ་ཡིན་ལ། ནའང་མི་འཇིགས་པ་དང་། རིས་སུ་མ་ཆད་པའི་སེམས་ཅན་མཐའ་ཡས་པ་རྣམས་ལ། དུས་དང་གནས་ངེས་མེད་དུ་ཕན་པར་བགྱི། མ་ཟད་བདག་གིས་སྔོན་གྱི་སྡིག་པའི་ལས་སྣ་ཚོགས་པ་དག་གཉེན་པོ་སྟོབས་བཞིའི་བྱེད་ཐབས་ལ་བརྟེན་ནས་ཡང་དག་པར་འདའ་ 83 བར་བགྱིད་ཅིང་། སྡིག་པ་གཞན་དེ་སྡིག་པའི་ལས་གསར་དུ་ནམ་ཡང་སླད་ཆད་མི་བགྱིད་དོ། ། རྩ་བར། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། ། ཨ་ཀ་རུ་ནག་པོ་སོགས་དྲི་ཡི་བྱེ་བྲག་སྣ་ཚོགས་ཀྱིས་བྱུགས་པས་ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པོ་དང་ལྡན་པ། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་མུ་མཐའ་བྲལ་བའི་ཤེལ་གྱི་ས་གཞི་ཆེས་ཆེར་གསལ་ཞིང་དྭངས་ལ་འོད་འཚེར་བ་ལྟར། རྡོ་རྗེ་ཕ་ལམ་ལྟ་བུའི་རིན་ཆེན་འོད་ཟེ ར་སྟོང་ཕྲག་འབར་བའི་དབྱིབས་གཟུགས་སྣ་ཚོགས་ལས་གྲུབ་པའི་ཀ་བ་ཤིན་ཏུ་ཡིད་འོང་དང་ལྡན་པ། སྟེང་ཕྱོགས་ཀུན་ཏུ་རིན་ཐང་བྲལ་བའི་མུ་ཏིག་གི་འོད་རླབས་ཆགས་པའི་བླ་རེ་བྲེས་པའི་གནས་དེར་རོ། ། རྩ་བར། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དང་། དེ་ཡི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ། བཀོད་དབྱིབས་མི་འདྲ་བའི་རྣམ་གྲངས་འདྲ་མིན་ལས་གྲུབ་པའི་རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ་ཡིད་དུ་འོང་བས་ལེགས་པར་བཀང་བ། སྐུ་གསུང་ཐུགས་གསུམ་ལ་བསྟོད་པའི་གླུ་དང་ནི། པི་ཝང་དང་སིལ་སྙན་སོགས་རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་ལེགས་པར་གསོལ་ལོ། ། རྩ་བར། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། ། རྒྱལ་བ་སྲས་དང་བཅས་པ་དེ་དག་གི་སྐུ་ལ་རིན་ཐང་སྲིད་ན་མཚུངས་པ་ཡེ་ནས་མེད་པའི་གོས་བཟང་། ཆེས་ཆེར་གཙང་ལ་ཡིད་དུ་འོང་བ། སྤོས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་དྲི་ཞིམ་པོས་རབ་ཏུ་བསྒོས་པས་སྐུ་ལེགས་པར་ཕྱིའོ། ། 84 རྩ་བར། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། ། བྱི་དོར་བྱས་ཟིན་པའི་རྗེས་དེ་ནས་ཐུབ་པ་སྲས་དང་བཅས་པ་དེ་རྣམས་ལ། སྔོན་པོ་དང་། བཙག་དང་། ངུར་སྨྲིག་གསུམ་གྱིས་ཁ་དོག་ཆེས་ཤིན་ཏུ་ལེགས་པར་བསྒྱུར་བའི་ཆོས་གོས་གསུམ་གྱིས་མཚོན་ན་བཟའ་དག བདུག་སྤོས་སྣ་ཚོགས་ཀྱིས་ཤིན་ཏུ་བསྒོས་པའི་དྲི་ཞིམ་དམ་པ་དག སེར་སྣ་སོགས་ཀྱི་དྲི་མས་མ་སྦགས་པའི་ངང་ནས་ལེགས་པར་འབུལ། མ་ཟད་མདོག་ཏུ་རུང་བའི་ལྷ་ཡི་གོས་བཟང་སྲབ་ལ་རྩུབ་རེག་དང་བྲལ་བའི་འཇམ་པ་རྣམ་གྲངས་འདྲ་མིན་སྣ་ཚོགས་དང་ཞེས་སོ། ། རྩ་བར། རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། ། ཆོས་གོས་གསུམ་གྱིས་མཚོན་པའི་ན་བཟའ་ཙམ་མ་ཟད། རྣ་རྒྱན་དང་། དབུ་རྒྱན་སོགས་རྒྱན་མཆོག་མི་འདྲ་བའི་རིགས་བརྒྱ་ཕྲག་དེ་དང་དེ་དག་གིས། འཕགས་པ་ཀུན་ཏུ་བཟང་པོ་དང་། རྗེ་བཙུན་འཇམ་པའི་དབྱངས་དང་། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སོགས་ལའང་དད་གདུང་ཤུགས་དྲག་གིས་བརྒྱན་པར་བགྱིའོ། ། རྩ་བར། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀུན་ཏུ་དྲི་ངད་ལྡང་བ་ཡི་མཚུངས་ཟླས་དབེན་པའི་དྲི་མཆོག་རྣམས་ཀྱིས། སྟོན་པ་ཐུབ་པའི་དབང་པོ་སོགས་བླ་ན་མེད་པའི་མཆོད་གནས་དམ་པ་ཀུན་གྱི་སྐུ། དཔེར་ན། གསེར་ཤིན་ཏུ་སྦྱངས་པར་བྱས་པའི་བཙོ་མ་བྱི་དོར་རམ་གཙང་མ་བྱས་པ་ལྟར། བྱིན་རླབས་ཀྱི་འོད་ཆགས་རབ་ཏུ་འབར་ 85 བ་དེ་དག་ལ། ཇི་སྲིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དེ་སྲིད་དུ་བྱུག་པར་བགྱིའོ། །རྩ་བར། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏཔལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །འཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །མུ་སྟེགས་པའི་སྟོན་པ་དག་གིས་མཚོན་ཆོས་ལུགས་གཞན་དང་གཞན་དག་གི་སྟོན་པ་སུས་ཀྱང་འགྲན་པའི་ཟླ་ཐབས་ཅད་དང་བྲལ་བའི་རྣམ་འདྲེན་བཞི་པ་སྟོན་པ་ཐུབ་པའི་དབང་པོ་མཆོད་གནས་ཀྱི་དམ་པ་མཆོག་ལ། ཡིད་དུ་འོང་བའི་ལྷ་ཡི་མེ་ཏོག་མནྡ་ར་དང་། པདྨ་དཀར་པོ་དང་། ཨུཏཔལ་ལ་སོགས་པ་མཛེས་ཉམས་དོད་པའི་མེ་ཏོག་དྲི་ཞིམ་གྱི རིགས་ཐམས་ཅད་དང་། དེ་དག་གཅིག་ནས་གཅིག་ཏུ་བརྒྱུས་པའི་འཕྲེང་བ་ལྟར་སྤེལ་ལེགས་པས་ཡིད་དུ་འོང་བ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཆོད་དོ། ། རྩ་བར། སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། ། སྤོས་ཀྱི་མཆོག་ཨ་ཀ་རུ་ལ་སོགས་པ་ཡིད་རབ་ཏུ་འཕྲོག་པའི་དྲི་ངད་ཕྱོགས་དང་མཐའ་ཀུན་ཏུ་ཁྱབ་པ་ཡི་བདུག་པའི་སྤྲིན་ཚོགས་རྣམས་ཀྱང་། སངས་རྒྱས་སྲས་དང་བཅས་པ་དེ་ཚོ་ལ་སེམས་གཏིང་ནས་འབུལ་བར་བགྱིའོ། ། རྩ་བར། ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། ། ཞལ་ཟས་ཀྱི་བྱེ་བྲག་བཟའ་བ་ལྔ་དང་། བཏུང་བ་ལྔ། དྲི་རོ་སྣ་ཚོགས་དང་བཅས་པ་ཡི་ལྷ་ཡི་ཞལ་ཟས་ལྷ་བཤོས་རྣམས་ཀྱང་། སངས་རྒྱས་སྲས་དང་བཅས་པ་དེ་དག་ལ་དབུལ་བར་བགྱིའོ། ། རྩ་བར། གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་ལ་བར་བགྱི། ། 86 རྒྱུ་གསེར་གྱི་རང་བཞིན་ལས་བྱས་པའི་སྣོད་པདྨ་ཚར་དུ་དངར་བ་ལྟར་བསྒྲིགས་པ་ཡི་ནང་དུ་ཡོད་པའི་མུན་པ་སེལ་བའི་རིན་ཆེན་སྒྲོན་མེ་རྣམས་ཀྱང་། སངས་རྒྱས་སྲས་དང་བཅས་པར་སེལ་སྣེའི་དྲི་མ་དང་བྲལ་བའི་སྒོ་ནས་དབུལ་བར་བགྱིའོ། ། རྩ་བར། ས་གཞི་བསྟར་བ་སྤོས་ཀྱིས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། ། ས་གཞི་བསྟར་པ་སྟེ་འབར་འབུར་གཤང་གཤོང་ལྟ་བུའི་ངོས་མི་མཉམ་པ་མ་ཡིན་པའི་འཁོར་ཡུག་ཀུན་ཏུ། ཙནྡན་དང་གུར་ཀུམ་སོགས་སྤོས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་བྱུགས་པ་དེར། དབྱིབས་དང་ཁ་དོག་སྣ་ཚོགས་པའི་མཛེས་ཉམས་དོད་པའི་མེ་ཏོག་ཡིད་དུ་འོང་བའི་སིལ་མ་སྟེ་ཚོམ་བུ་བརྒྱ་སྟོང་མང་པོ་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་དགྲམ་པར་བགྱི་བ་དང་། དེ་དག་གི་དབུས་ཀྱི་གཞལ་མེད་ཀྱི་ཕོ་བྲང་ནང་དག་ཏུ་སྟངས་སྟབས་ལ་མཁས་པའི་ལྷ་ཡི་བུ་མོ་གཞོན་ནུ་མ་རྣམས་ཀྱིས་བསྟོད་པའི་དབྱངས་ཡིད་དུ་འོང་བ་དང་ལྡན་པ་དུ་མས་བསྟོད་ཅིང་། ཕོ་བྲང་དེའི་སྟེང་ཕྱོགས་ཀུན་ཏུ་མུ་ཏིག་གིས་མཚོན་རིན་ཆེན་གྱི་བྱེ་བྲག་དུ་མའི་རྒྱན་འཕྱང་སྟེ་ཐུར་དུ་ལེགས་པར་གཞོལ་ཞིང་མཛེས་པའི་དཔལ་ཆེས་ཆེར་འབར་བ། དཔག་ཡས་ནམ་མཁའ་ཡངས་པའི་རྒྱན་དུ་གྱུར་པ་དེ་དག་ཀྱང་། ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། ། རྩ་བར། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་བརྒྱན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། ། རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོ་ར་ཁོར་ཡུག་ཀུན་ཏུ་རྡོ་རྗེ་ཕ་ལམ་སོགས་རིན་ཆེན་རྒྱན་གྱི་རྣམ་པ་དུ་མས་ཡིད་དུ་འོང་བར་བརྒྱན་པར་ 87 བྱས་ཀྱང་། དབྱིབས་ཀྱི་བཀོད་པ་ལེགས་ཤིང་ལྟ་ན་སྡུག་པ་མང་པོ་བསྒྲེང་བ་ཡང་། དུས་རྟག་ཏུ་ཐུབ་དབང་སྲས་དང་བཅས་པ་རྣམས་ལ་དད་སེམས་ཀྱིས་དབུལ་བར་བགྱིའོ། ། རྩ་བར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག། ། སྔར་ཕུལ་ཟིན་པའི་མཆོད་པའི་རྫས་དེ་དག་ལས་གཞན་ཡང་མཆོད་པའི་ཚོགས་ལྷ་ཡི་རྫ་རྔ་སོགས་རོལ་མོའི་རྣམ་གྲངས་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པ་དུ་མ། སེམས་ཅན་འབུ་སྲིན་ཚུན་ཆད་ཀྱི་སྡུག་བསྔལ་གྱི་རྣམ་པ་སིམ་ནས་དུས་རྟག་ཏུ་ཡིད་སྤྲོ་སང་སང་བྱེད་པའི་མཆོད་པའི་སྤྲིན་ཚོགས་རྣམས་ཀྱང་། སོ་སོར་རྒྱུན་ཆགས་སུ་གནས་པར་གྱུར་ཅིག། རྩ་བར། དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག། ། གླེགས་བམ་གྱི་རྣམ་པར་བཞེངས་པའི་གསུང་རབ་དམ་པ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་ཆོས་དཀོན་མཆོག་ཐམས་ཅད་དང་། དེ་བཞིན་གཤེགས་པའི་རང་བསྲེལ་གྱིས་སྙིང་པོ་བྱས་པའི་ཐུགས་ཀྱི་རྟེན་མཆོད་རྟེན་རྣམས་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གཟུགས་བྲིས་འབུར་གྱི་ཚུལ་དུ་བཞེངས་པ་རྣམས་ལ། རིན་ཆེན་གྱི་རྣམ་གྲངས་དུ་མ་ལས་གྲུབ་པའི་མེ་ཏོག་ལ་སོགས་པའི་ཆར། ཇི་སྲིད་འཁོར་བ་མ་སྟོང་བར་དེ་སྲིད་དུ་རྒྱུན་མི་ཆད་པར་འབབ་པར་ཤོག་ཅིག། རྩ་བར། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། ། ཇི་ལྟར་རྗེ་བཙུན་འཇམ་པའི་དབྱངས་དང་། ཀུན་ཏུ་བཟང་པོ་ལ་སོགས་པས་མཆོད་པའི་རྫས་སྣ་ཚོགས་ནམ་མཁའི་ཁམས་ཡོངས་སུ་གང་བར་སྤྲུལ་ནས། མཆོག་གི་སྤྲུལ་སྐུའི་ 88 རྣམ་པ་ཅན་གྱི་རྒྱལ་བ་སངས་རྒྱས་རྣམས་ལ་དུས་རྟག་ཏུ་མཆོད་པར་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དེ་སྲིད་དུ། དེ་བཞིན་གཤེགས་པ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ་མགོན་པོ་སྲས་དང་བཅས་པ་རྣམས་ལ། སེར་སྣ་སོགས་ཀྱི་དྲི་མས་མ་སྦག་པའི་སྒོ་ནས་ལེགས་པར་མཆོད་དོ། ། རྩ་བར། ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟར་མངའ་བའི་སངས་རྒྱས་སྔོན་བྱོན་ཟིན་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ། བདག་ཉིད་ཀྱིས་བསྟོད་དབྱངས་འགྱུར་ཁུག་གི་བྱེ་བྲག་སྣ་ཚོགས་སམ་ཡན་ལག་རྒྱ་མཚོས་དུས་དང་རྣམ་པ་ཀུན་ཏུ་བསྟོད་པར་བྱེད། གལ་སྲིད་རྐྱེན་དབང་གིས་མུ་མཐུད་ནས་བསྟོད་སྔགས་བྱེད་མ་ཐུབ་ཀྱང་། དུས་དང་རྣམ་པ་ཀུན་ཏུ་བསྟོད་དབྱངས་སྙན་པའི་སྤྲིན་མཐའ་ཡས་པ་དག་རྒྱལ་བ་སྲས་དང་བཅས་པའི་ཚོགས་དེ་དག་ལ། ངེས་པར་དུ་ཡུལ་དང་དུས་ལ་ཁྱད་པར་མེད་པར་ཀུན་ཏུ་འབྱུང་བར་གྱུར་ཅིག། རྩ་བར། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། ། འདས་པ་དང་། མ་འོངས་པ་དང་། ད་ལྟ་བྱུང་བའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀུན་དང་། དེ་དག་གི་ཐུགས་རྒྱུད་ན་མངའ་བའི་ལུང་རྟོགས་ཀྱི་ཆོས་དང་། ཚོགས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་རྣམས་ལ། ཞིང་ཁམས་རབ་འབྱམས་ཀྱི་རྡུལ་ཀུན་གྱི་གྲངས་སྙེད་ཀྱི་ལུས། རང་གི་བློ་ཡིས་ལེགས་པར་སྤྲུལ་ནས་ལུས་ངག་ཡིད་གསུམ་གྱིས་གུས་པས་བཏུད་པས་ནི་དུས་དང་རྣམ་པ་ཀུན་ཏུ་བདག་ཕྱག་འཚལ་ལོ། ། 89 རྩ་བར། བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་རྣམས་ལའང་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་བདག་ཕྱག་འཚལ། ། བྱང་ཆུབ་ཀྱི་སེམས་ཀྱི་གཞིའམ་རྩ་བར་གྱུར་པ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་དང་། མཆོད་པའི་རྟེན་སངས་རྒྱས་ཀྱི་སྐུ་གཟུགས་རྣམས་ལའང་བདག་ཕྱག་འཚལ། མ་ཟད་འདུལ་བ་ནས་བཤད་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་སྦྱིན་པའི་མཁན་པོ་གཉིས་དང་། དེ་བཞིན་བླང་བྱ་དང་དོར་བྱའི་གནས་མ་ནོར་བར་སྟོན་པའི་སློབ་དཔོན་རྣམ་པ་ལྔ་དང་། ཐེག་པ་གསུམ་གྱི་ལམ་ལ་སློབ་པའི་བརྟུལ་ཞུགས་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པའི་འཕགས་པའི་དགེ་འདུན་རྣམས་ལའང་བདག་གིས་དུས་ནས་དུས་སུ་ལྷ་ཕྱག་གྲངས་མེད་འཚལ། རྩ་བར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་བཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ། དུས་ཀྱི་ཁྱད་པར་གུས་པ་བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར། དུས་གསུམ་གྱི་སངས་རྒྱས་རྣམས་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་སུ་མཆི། མ་ཟད་དེ་དག་གི་རྒྱུད་ཀྱིས་བསྡུས་པའི་ལུང་རྟོགས་ཀྱི་ཆོས་དང་། དེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་རྒྱུད་ལ་མངའ་བའི་སེམས་དཔའ་ཡི་ཚོགས་རྣམས་ལའང་དེ་བཞིན་དུ་བདག་གིས་སྐྱབས་སུ་མཆིའོ། ། རྩ་བར། ཕྱོགས་མཚམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་དེ་གསོལ་བ་ནི། ། ཕྱོགས་དང་མཚམས་སྟེང་འོག་གི་གནས་ཀུན་ན་བཞུགས་པ་ཡི་འདས་དང་ད་ལྟའི་རྫོགས་པའི་སངས་རྒྱས་ 90 རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐུགས་སྙིང་རྗེ་ཆེན་པོ་མངའ་བ་རྣམས་ལ། ལག་ཐལ་མོ་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ནི། རྩ་བར། ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་བསྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་བས་བདག་ནོན་ཏེ། རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། ། དུས་རིང་ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ནས་བཟུང་སྟེ་ད་ལྟའི་ཚེ་རབས་འདིའམ་ཚེ་རབས་གཞན་དང་གཞན་དག་ཏུ། བདག་གིས་མ་འཚལ་བ་སྟེ་བདག་གིས་ཉེས་པ་ལ་ཉེས་པ་ཡིན་པ་ངོས་མ་ཟིན་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་སྡིག་པ་མི་དགེ་བ་གང་ཇི་སྙེད་ཅིག་བགྱིས་པའམ། གཞན་དག་ལ་ཆེད་དུ་མངགས་ནས་བགྱིད་དུ་བསྩལ་བ་ཉིད་དང་ནི། བླང་བྱ་དང་དོར་བྱའི་གནས་ཀུན་ལ་ཆེས་ཆེར་རབ་ཏུ་རྨོངས་པའི་གཏི་མུག་འཁྲུལ་བའི་དབང་གིས་བདག་ནོན་ཏེ། སེམས་ཅན་གཞན་དང་གཞན་དག་གིས་སྡིག་པ་མི་དགེ་བའི་ལས་ཚོད་མེད་བྱས་པ་རྣམས་ལ་དགའ་བས་རྗེས་སུ་ཡི་རང་བ་གང་བགྱིས་པ་སོགས་ལ་བདག་ཆེས་ཆེར་ནོངས་པ་སྟེ་ཉེས་པ་དེ་ནི་ཉེས་པ་ཡིན་པར་མཐོང་བར་བགྱིས་ནས། སེམས་བསམ་པ་ཐག་པས་འདྲེན་པ་རྣམས་ཀྱི་མགོན་ལ་བཤགས་ནས། ཕྱིས་སུ་དུས་ནམ་ཡང་དེ་ལྟར་མི་བགྱིའོ། ། རྩ་བར། བདག་གིས་དཀོན་མཆོག་གསུམ་དང་ནི། །ཕའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོད་བགྱིས་གང་ལགས་པ། ། བདག་གིས་ཡུལ་ཁྱད་པར་ཅན་སངས་རྒྱས། ཆོས། དགེ་འདུན་དཀོན་མཆོག་གསུམ་དང་ནི། ཚེ་འདིས་ཁྱད་པར་དུ་བྱས་པའི་ཕའམ་བླ་མ་དང་། རང་ལ་འབྲེལ་ཐོག་པའི་སེམས་ཅན་གཞན་དག་ལའང་། ཉོན་མོངས་པའི་གཞན་དབང་ད་སོང་བའི་སྒོ་ནས་ 91 སྣང་མེད་ལྟ་བུས་ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་གནོད་པའི་ལས་བགྱིས་པ་གང་ལགས་པ་མཐའ་དག་གོ། རྩ་བར། ཉེས་པ་དུ་མའི་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། ། འདོད་ཆགས། ཞེ་སྡང་། ང་རྒྱལ། གཏི་མུག་ལ་སོགས་པའི་ཉེས་པའི་རྣམ་གྲངས་དུ་མའི་སྐྱོན་ཆགས་པ་སྟེ་སྐྱོན་དང་ལྡན་པའི་སྡིག་ཅན་བདག་གིས་ཚེ་རབས་འདི་དང་། ཚེ་རབས་གཞན་དང་གཞན་དག་ཏུ་བྱས་བསགས་ཀྱི་སྡིག་པ་གང་དང་གང་ཆེས་ཤིན་ཏུ་མི་བཟད་པ་བགྱིས་པ་དེ་དག་ཐམས་ཅད་སྙིང་ཐག་པ་ནས་འདྲེན་པ་རྣམས་ཀྱི་མདུན་ལ་མྱུར་དུ་བཤགས། རྩ་བར། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། ། མིའི་ཚེ་ཚད་ཆེས་ཤིན་ཏུ་ཐུང་བས་བདག་གིས་ནི་དུས་ད་ལྟའི་བར་དུ་བྱས་བསགས་ཀྱི་སྡིག་པ་རྣམས་ལེགས་པར་མ་བྱང་བར་དེ་མུར་བསྡད་ན། སྡིག་པ་དེ་དག་བཤགས་པའི་ལས་ལ་མ་ཞུགས་པའི་སྔོན་དུ་གློ་བུར་དུ་འགུམ་པར་འགྱུར་ཉེན་དུ་མཆི་ཞིང་། རྒྱུ་མཚན་དེའི་ཕྱིར། ཇི་ལྟར་སྡིག་པ་འདི་དག་ལས་ངེས་པར་ཐར་བར་འགྱུར་བའི་ཕྱིར། ཧ་ཅང་མྱུར་བའི་ཚུལ་གྱིས་ལེགས་པར་བསྐྱབ་ཏུ་གསོལ། མ་ཟད་ལས་འཕྲོ་འཐུང་འཕྲོ་ཟ་འཕྲོ་ཀུན་ཛ་རེར། །དབང་མེད་དུ་བཞག་ནས་འགྲོ་དགོས་ཤིག་འོང་ངོ་། །ཞེས་ཕ་བོང་ཁ་པས་མི་རྟག་དྲན་སྐུལ་ནང་གསུངས་པ་ལྟར། དུས་དང་རྣམ་པ་ཐམས་ཅད་དུ་ཡིད་བརྟན་མི་རུང་བའི་འཆི་བདག་གི་རིགས་འདི་དག་གིས། སྡིག་པའི་ལས་བཤགས་སྡོམ་ 92 བྱས་དང་མ་བྱས་མི་སྡོད་པས་ཏེ་མི་ལྟ་བར། རྒན་དང་། གཞོན་དང་། བར་མ་དང་། ན་དང་། མི་ན་ཀུན་གྱིས་ཀྱང་། གློ་བུར་བའི་ཚེ་འདི་ལ་ནམ་ཡང་ཡིད་མི་བརྟན་ཏེ་ཡིད་བརྟན་བྱ་མི་རུང་། རྩ་བར། ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་པས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །དེ་ལྟར་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་ལ་ཆེས་ཤིན་ཏུ་འཇིགས་པ་སྐྱེ་བས། ད་ཇི་ལྟར་བྱས་ན་དགའ་སྙམ་ན། ཚེ་འདིས་ཁྱད་པར་དུ་བྱས་པའི་གཉེན་ཉེ་དུ་དང་། ལུས་ལོངས་སྤྱོད། ཐ་ན་ཐོག་མར་རང་ཉིད་དང་ལྷན་ཅིག་ཏུ་འགྲོགས་འགྲོགས་ནས་ཡོད་པའི་ཤ་ཁྲག་རུས་གསུམ་སོགས་ལས་གྲུབ་པའི་ལུས་རྟེན་བཅས་ཡོད་ཚད་ཐམས་ཅད་བོར་ཏེ་ཆ་སོ་སོར་དགོས་པར། བདག་རྨོངས་པའི་དབང་གིས་དེ་ལྟར་དུ་ཇི་བཞིན་མ་ཤེས་པས། རང་ཉིད་ཀྱི་མཛའ་བ་གཞན་དང་གཞན་དག་གི་ཆེད་དུ་དེ་དག་ལ་རྣམ་པ་ཐམས་ཅད་དུ་མི་མཛའ་བ་རྣམས་གཞོམ་པར་འདོད་པའི་དོན་གྱི་ཕྱིར། ཚད་ལས་བརྒལ་བའི་སྡིག་པའི་ལས་རྣམ་པ་སྣ་ཚོགས་པ་ཇི་སྙེད་ཅིག་བྱས་པས་ད་སེམས་གཏིང་ནས་འགྱོད་དོ། ། རྩ་བར། མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་པ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། ། གུང་ཐང་ཚང་གིས། གཉེན་ཉེ་དུ་གཡོག་འཁོར་འདུས་པ་ཡང་། །རླུང་ཆེན་པོས་ཤིང་ལོ་སྤུངས་པ་འདྲ། །དར་གཅིག་ནས་རི་ཀླུང་ཀུན་ཏུ་འཐོར། །སླར་མི་འཛོམས་འདུས་པའི་མཐའ་མ་ཡིན། །ཞེས་ཇི་སྐད་གསུངས་པ་ལྟར། བདག་དང་བདག་གི་གཉེན་ཉེ་དུ་སོགས་ཀྱི་མི་མཛའ་བ་རྣམས་ཀྱང་ནམ་ཞིག་གི་ཚེ་མེད་པར་འགྱུར་ཞིང་། མཛའ་བ་རྣམས་ཀྱང་དུས་ཀྱི་རིམ་པས་མེད་པར་འགྱུར་བ་མ་ཟད། བདག་ཉིད་ཀྱང་ནམ་ཞིག་མེད་པར་འགྱུར་བ་སྟེ། དེ་བཞིན་བདག་དང་བདག་གི་གཉེན་ཉེ་དུ་སོགས་ཀྱིས་རང་ལའུ་གཉས་པ། 93 རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་འབད་འབུངས་བྱས་པའི་ནོར་ལོངས་སྤྱོད་ཐམས་ཅད་ཀྱང་ནམ་ཞིག་མེད་པར་འགྱུར་རོ། ། རྩ་བར། རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། ། དཔེར་ན། རྨི་ལམ་གྱི་གནས་སྐབས་སུ་ཚོར་བདེ་རགས་པ་འགའ་ཙམ་ཉམས་སུ་མྱོང་བ་དེ་དག་གཉིད་སད་པའི་ཚེ་ན་གང་ཡང་མེད་པ་བཞིན་དུ། གསོན་པའི་གནས་སྐབས་ཀུན་ཏུ་དངོས་པོ་གང་དང་གང་ཞིག་ལ་བག་མེད་དུ་ལོངས་སྤྱད་པ་དེ་དག འཆི་སེམས་མངོན་དུ་འགྱུར་བཞིན་པའི་སྐབས་དངོས་པོ་དེ་དང་དེ་དག་དྲན་པའི་ཡུལ་ཙམ་དུ་འགྱུར་བས། འདས་པའི་བྱ་བྱེད་ཐམས་ཅད་མཐོང་བར་མི་འགྱུར་རོ། ། རྩ་བར། རེ་ཞིག་གསོན་ཚེ་འདི་ཉིད་ལའང་། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག ། མི་བཟད་གང་ཡིན་མདུན་ན་གནས། ། རེ་ཞིག་གམ་གནས་སྐབས་གསོན་པའི་ཚེ་འདི་ཉིད་ལའང་། ཉིན་དང་དུས་སྔ་ཕྱི་ཚུན་ཆད་ཀྱི་བར་རྒྱུ་རྐྱེན་ཕྲ་མོ་ཙམ་གྱིས་ཀྱང་སྐབས་རེ་མཛའ་བའི་གྲོགས་དང་མི་མཛའ་བའི་དགྲ་སོགས་དུ་མ་འདས་པ་སྟེ་འགྱུར་འགྲོ་བས། འདི་ངའི་མཛའ་བཤེས་དང་དེ་ངའི་དགྲ་བོ་ཡིན་ཞེས་འདི་དང་དེ་དག་གི་དོན་དུ་ལས་ངན་སྣ་ཚོགས་བྱས་པའི་སྡིག་པ་ཆེས་ཤིན་ཏུ་མི་བཟད་པ་གང་ཡིན་པ་དག་སོ་སོ་རང་ཉིད་ཀྱི་མདུན་ན་ནུས་པའི་ཚུལ་དུ་གསོས་ཆོག་ཆོག་ཏུ་གནས་པ་མ་གཏོགས། རང་ཉིད་དང་རྒྱུད་ཐ་དད་པའི་གང་ཟག་གཞན་གྱིས་མྱོང་བ་དེ་འདྲ་གཏན་ནས་མེད་དོ། ། རྩ་བར། དེ་ལྟར་བདག་ནི་གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། །གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམ་པ་དུ་མ་བྱས། ། སྤྲིན་གསེབ་ཀྱི་གློག་དམར་བཞིན་དེ་ལྟར་བདག་གི་མི་ཚེ་འདི་ནི་གློ་བུར་བ་ཞེས་བདག་གིས་དུས་རིང་མོ་ཞིག་ 94 ནས་རྟོགས་པར་མ་གྱུར་པས། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་སོགས་ཀྱི་གཞན་དབང་གིས། རང་ཉིད་ཀྱི་གཉེན་ཉེ་དུ་ལ་ཆགས་པ་དང་དགྲ་ལ་སྡང་བ་སོགས་ཀྱི་སྡིག་པའི་ལས་རྣམ་པ་མི་འདྲ་བ་དུ་མ་བྱས་སོ། ། རྩ་བར། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བ་ཅིས་མི་འགྱུར། ། སྔར་བསགས་པའི་སྡིག་པའི་ལས་རྣམས་ཤིན་ཏུ་མྱུར་བའི་ཚུལ་གྱིས་མ་བཤགས་ན། མི་ཚེ་འདི་ལྟ་བུ་ཉིན་མཚན་དང་ཆུ་ཚོད་སྐར་ཆ་རེ་རེ་ཙམ་ལ་ཡང་ངེས་གཏན་གྱི་སྒོ་ནས་སྡོད་པ་ནམ་ཡང་ཡོང་བ་མེད་པར། ཚེ་འདི་རྟག་ཏུ་གོད་པར་འགྱུར་བ་སྟེ་ཉིན་རེ་བཞིན་ཤི་བར་ཚེ་ཐག་ཉེ་རུ་ཉེ་རུ་འགྲོ་ཞིང་། ཚེ་ལྷག་སྣོན་པ་ལྟ་བུ་ཞིག་གུད་ནས་ཏེ་ལོགས་ཁད་ཅིག་ནས་འོང་རྒྱུ་མེད་པས་ན། དུས་ནམ་ཞིག་གི་ཚེ་བདག་ལྟ་བུའི་མི་འདི་འཆི་བ་ཅིས་མི་འགྱུར་ཏེ་ངེས་པར་འཆིའོ། ། རྩ་བར། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་ཆད་པ་ཡི་ཚོར་བ་དག ། བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། ། འོ་ན། འཆི་བ་མགོ་ཐོག་ཏུ་བབ་པའི་གནས་སྐབས་དེ་ཚུལ་ཇི་འདྲ་ཞིག་རེད་དམ་སྙམ་ན། དེ་ཡང་བདག་ཉིད་ནི་འཆི་བའི་ཚེ་མལ་སྟན་སྟེང་ན་འདུག་བཞིན་དུ། ཉིད་ཀྱི་ཆེད་དུ་སྲོག་ཀྱང་གཏོང་བར་ཕོད་པའི་གཉེན་ཉེ་དུ་དང་། ཐག་རིང་ཐུང་ཀུན་ན་གནས་པའི་མཛའ་བཤེས་ཀུན་གྱིས་ངུ་འབོད་བྱེད་བཞིན་མཐའ་ནས་བསྐོར་ཀྱང་། སྲོག་ཆད་པ་ཡི་ཚོར་བ་སྡུག་བསྔལ་གྱི་རྣམ་གྲངས་དག བདག་ཉིད་གཅིག་པུས་མྱོང་བར་འགྱུར། མ་ཟད་འཆི་བདག་ཏུ་གྲགས་པའི་གཤིན་རྗེའི་ཕོ་ཉས་ཟིན་པ་ལ། རང་གི་གཉེན་འབྲེལ་ 95 གྱིས་ཅི་ཕན། ད་དུང་མཛའ་བཤེས་སོགས་ཀྱིས་ཀྱང་ཅི་ཕན་ཏེ་ཕན་ཐོགས་གང་ཡང་མེད། དེ་བས་གསོན་པའི་ཚེ་ན་བསོད་ནམས་ཀྱི་ཚོགས་ཚུལ་ཁྲིམས་སྣ་གཅིག་སྲུང་ཡོད་ན་དེ་དག་ད་ལྟའི་སྐྱབས་གཅིག་པུ་དེ་ཡིན་ན་ཡང་། དེ་ཡང་བདག་གིས་འབད་པས་མ་བསྟེན་ཏོ། ། རྩ་བར། མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། ། རང་གི་སྐྱབས་གནས་དམ་པ་ལ་མགོན་པོ་ཞེས་འབོད་པའི་ཚུལ་གྱིས་བག་མེད་པའི་དབང་དུ་སོང་བ་བདག་གིས་ནི། འཆི་བའི་འོག་ཏུ་དམྱལ་བ་ལ་སོགས་པའི་འཇིགས་པ་འདི་འདྲ་ཡོད་པར་མ་འཚལ་ནས། དུས་སྐད་ཅིག་ཙམ་གྱི་ཚེ་ན་ཡང་མི་རྟག་པའི་ཚེ་འདིའི་བདེ་བ་ཁོ་ནའི་ཆེད་དག་ཏུ། སྡིག་པའི་ལས་རྣམ་གྲངས་བརྒྱ་ཕྲག་མང་པོ་ཉེ་བར་བསྒྲུབས། རྩ་བར། སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་འགྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། ། དཔེར་ན། ཁ་ཆེའི་སྡིག་སྤྱོད་པ་ལྟ་བུའི་བཤན་པ་འགས། སྐྱེ་བོ་གང་ཞིག་རང་ཉིད་ཀྱི་ཡན་ལག་སོགས་གཅོད་པའི་སར། དེ་རིང་ཁྲིད་པ་དེ་ཙམ་ལའང་ཆེས་ཤིན་ཏུ་བྲེད་པར་འགྱུར་ཏེ། ཁ་སྐམ་མིག་རྩ་དམར་ཞིང་ངན་པ་ལ་སོགས་པ་དང་། ངུ་ངག་འདོན་པ་སོགས་སྔ་ལས་ཏེ་རྒྱུན་ལྡན་གྱི་རྣམ་འགྱུར་ལས་རྦད་དེ་གཞན་དུ་འགྱུར་བ་སྣང་ན། གཤིན་རྗེའི་ཕོ་ཉ་དང་ཕོ་ཉ་མོ་འཇིགས་འཇིགས་ལྟ་བུའི་སྲིན་པོའི་ཤ་ཚུགས་ཅན་གྱིས་དྲག་ཤུལ་གྱིས་བཟུང་བར་གྱུར་ཅིང་། འཇིགས་པ་ཆེན་པོའི་ནད་ཀྱིས་ཐེབས་པར་གྱུར་པ། ཆེས་ཆེར་རབ་ཏུ་ཉམ་ཐག་པ་ཚོ་སྨོས་ཀྱང་ཅི་དགོས། 96 རྩ་བར། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། ། དེ་ལྟའི་འཇིགས་ཤིང་སྐྲག་པའི་སྒོ་ནས་སྐྱེས་བུ་དམ་པ་སུ་ཞིག་གིས་ཉམ་ཐག་པའི་འཇིགས་པ་ཆེན་པོ་འདི་ལས་བདག་མྱུར་བའི་ཚུལ་གྱིས་ལེགས་པར་སྐྱོབ་པར་བྱེད་པར་འགྱུར་ཞེས་བྲེད་ཤ་སྟེ་འཇིགས་ཤིང་སྐྲག་པའི་རྣམ་འགྱུར་ཐོན་པའི་མིག་ཆེས་ཆེར་བགྲད་ནས། ཕྱོགས་བཞིར་མིག་གིས་རིག་རིག་བལྟས་ནས་སྐྱབས་སུ་ཞིག་མཆིས་ཞེས་སྐྱབས་དག་འཚོལ་བར་བྱེད་ལ། དེ་ལྟར་ཕྱོགས་བཞིར་ཇི་ལྟར་འབད་པས་བཙལ་ཀྱང་གནས་སྐབས་སྐྱབས་ཡང་དག་པ་ཞིག་གཏན་ནས་མེད་པ་མཐོང་ནས་ནི། དེ་ནས་སྔར་ལས་ཀྱང་རྣམ་པ་ཀུན་ཏུ་ཡི་མུག་པར་འགྱུར། དེས་ན་དམྱལ་བའི་གནས་དེར་སྐྱབས་ཡོད་པ་མ་ཡིན་པ་ཐག་གིས་ཆོད་སོང་བས་ན། དེ་ཚེ་བདག་གིས་བྱེད་ཐབས་ཇི་ལྟར་བྱ་སྟེ་བྱེད་ཐབས་མེད་དོ། ། རྩ་བར། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། ། བཤད་མ་ཐག་པ་ལྟར་ངན་འགྲོར་སྐྱེས་པའི་ཚེ་རང་ཉིད་ལ་བྱེད་ཐབས་ཅི་ཡང་མེད་པ་དེ་ལྟ་བས་ན། ཕུང་པོའི་བདུད་སོགས་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྒྱལ་བ་འགྲོ་བའི་མགོན་དམ་པ་འདྲིས་མ་འདྲིས་དང་ཕན་བཏགས་མ་བཏགས་ལ་མི་བལྟ་བར། སྔོན་འགྲོ་བ་གྲངས་མེད་པ་སྐྱོབ་པའི་དོན་ལ་བརྩོན་པ་མཐར་ཕྱིན་པ། རང་ཉིད་སྔོན་དུས་ནས་སྟོབས་ཆེན་པོའི་འཇིགས་པ་ཀུན་ལས་ལེགས་པར་ཐར་པ་མ་ཟད། གཞན་སེམས་ཅན་རྣམས་ཀྱང་འཇིགས་ 97 ཆེན་ཀུན་ལས་སེལ་བར་བྱེད་པའི་ནུས་པ་དང་ལྡན་པ་གང་ལ། ཉམ་ཆུང་ངས་དུས་དེ་རིང་ཉིད་ནས་བཟུང་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་བློ་སེམས་རྩེ་གཅིག་གིས་སྐྱབས་སུ་མཆི སྐྱབས་གནས་དམ་པ་དེ་ཡི་ཐུགས་སུ་ལེགས་པར་ཆུད་པའི་ཆོས་རང་རྒྱུད་ལ་རྣམ་པ་ཀུན་ཏུ་ལེགས་པར་བསྟེན་ན། འཁོར་བའི་འཇིགས་པ་བཟོད་དཀའ་བ་མཐའ་དག་སེལ་བར་བྱེད་པའི་ཆོས་དཀོན་མཆོག་དང་། དེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བྱང་ཆུབ་སེམས་དཔའི་ཚོགས་དགེ་འདུན་དཀོན་མཆོག་ལ་ཡང་། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དེ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྐྱབས་སུ་མཆིའོ། ། རྩ་བར། བདག་ནི་འཇིགས་པས་རྣམ་བསྐྲགས་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེས་སྤྱོད་པ་མ་འཁྲུལ་པ། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། ། ཉམ་ཐག་པའི་སེམས་ཅན་བདག་ནི་དུས་རྟག་ཏུ་ངན་འགྲོའི་འཇིགས་པས་རྣམ་པ་ཀུན་ཏུ་བསྐྲགས་ནས། འཕགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་བདག་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འབུལ་བར་འདོད། རྗེ་བཙུན་འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས་བདག་གི་ལུས་འདི་ཐེ་ཚོམ་དང་བྲལ་བའི་སྒོ་ནས་དབུལ་བར་བགྱི། ད་དུང་གཞན་དོན་བྱེད་པ་ལ་ཐུགས་རྗེའི་སྤྱོད་པ་དུས་ནམ་ཡང་མ་འཁྲུལ་པའི་འཕགས་པ་སྤྱན་རས་གཟིགས་མགོན་དེ་ལ་ཡང་། བདག་ཉིད་དབུལ་བས། ཉམ་ཐག་པའི་སེམས་ཅན་བདག་དང་བདག་འདྲ་བ་རྣམས་སྐྱབས་ཡུལ་དུ་གཟུང་དུ་གསོལ་ཞེས་སྡུག་བསྔལ་བའི་ང་རོས་འོ་དོད་འབོད་དོ། ། རྩ་བར། སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །བསྐྲགས་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། ། དེ་ལྟར་སྐད་གསང་མཐོན་པོས་འོ་དོད་འབོད་པ་ལགས་ན། སྡིག་པ་ཚབས་ཆེན་པོ་ཅན་བདག་ལའམ་བདག་ཉིད་བསྐྱབ་ཏུ་གསོལ། འཕགས་པ་ནམ་མཁའི་སྙིང་པོ་དང་། ས་ཡི་སྙིང་པོ་དག་དང་ནི། ཐུགས་སྙིང་རྗེ་ཆེ་བའི་མགོན་འཕགས་པའི་ཚོགས་ཐམས་ཅད་ལ་སྐྱབས་སུ་འཚོལ་ཞིང་། སྙིང་ཐག་པ་ནས་འོ་དོད་འབོད། གང་ཞིག་མཐོང་ན་གཤིན་རྗེ་ཡི་ཕོ་ཉ་གནོད་སྦྱིན་དང་། སྲིན་པོའི་ཚོགས་ལ་སོགས་པ་སྡང་བ་རྣམས། ཆེས་ཆེར་རབ་ཏུ་བསྐྲགས་ནས་ཕྱོགས་བཞིར་འབྱེར་ཞིང་བྲོས་པར་བྱེད་པ་ཕྱག་ན་རྡོ་རྗེ་ཅན་ལའང་དེ་བཞིན་སྐྱབས་སུ་མཆིའོ། ། རྩ་བར། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་ཏུ་གསོལ། ། སྔོན་ཆད་ནས་ད་ལྟའི་བར་སྐྱེས་པ་གྲངས་མེད་པའི་རིང་སྐྱབས་གནས་དམ་པ་ཁྱེད་ཀྱི་བཀའ་ལས་འདས་ནས་གནོད་ཀྱང་འཚེ་བའི་སྡིག་པའི་ལས་འབའ་ཞིག་བྱས་སྟབས། ད་ནི་མཐའ་དང་མུ་མེད་པའི་འཁོར་བའི་འཇིགས་པ་ཆེར་མཐོང་ནས། ཁྱེད་ཉག་ཅིག་ལ་སྐྱབས་སུ་མཆི་ལགས་ཀྱི། ཉམ་ཆུང་ང་དང་ང་འདྲ་བས་མྱོང་བཞིན་པའི་འཁོར་བའི་འཇིགས་པ་མཐའ་དག་མྱུར་དུ་ལེགས་པར་བསལ་ཏུ་གསོལ། རྩ་བར། ཐ་མལ་ནད་ཀྱིས་འཇིགས་ན་ཡང་། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། ། རླུང་མཁྲིས་བད་ཀན་སོགས་ཆེས་ཚབས་ཆེ་བའི་ཐ་མལ་པའི་ནད་ཀྱིས་རབ་ཏུ་འཇིགས་ན་ཡང་། དེ་དག་བཅོས་ཐབས་སུ་ངེས་པར་དུ་སྨན་པའི་ངག་བཀོད་བཞིན་བྱ་དགོས་ན། འཁོར་བ་ཐོག་མ་མེད་པ་ནས་ཡོད་པའི་འདོད་ཆགས་དང་ཞེ་སྡང་ལ་སོགས་ 99 པའི་ཉེས་པ་བརྒྱ་ཕྲག་དུ་མ་ཡི་ནད་ཀྱིས་དུས་རྟག་ཏུ་བཏབ་པའི་ཚེ་ན། དེ་དག་སེལ་ཐབས་སུ་སངས་རྒྱས་ཀྱི་ལུང་བཞིན་དུ་གཉེན་པོ་བསྟེན་དགོས་པ་སྨོས་ཀྱང་ཅི་དགོས། རྩ་བར། དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་བརླག་བྱེད་ན། །དེ་དག་སེལ་བའི་སྨན་གཞན་ནི། །ཕྱོགས་གཞན་ཀུན་ནས་མི་རྙེད་ན། ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་ཁོང་ཁྲོ་དེ་ལྟ་བུ་གཅིག་གིས་ཀྱང་འཛམ་གླི ང་ག་ས་གང་ན་གནས་པའི་མིའི་འགྲོ་བ་ཀུན། སྐད་ཅིག་དེ་ཉིད་ལ་བརླག་པར་བྱེད་པས་ན། དེ་ལྟའི་ནད་ཆེན་པོ་དག་ལེགས་པར་སེལ་བའི་སྨན་བཟང་པོ་གཞན་རྣམས་ནི། སངས་རྒྱས་ཀྱི་གསུང་རབ་ནང་ལ་ཡོད་པ་མ་གཏོགས། དེ་མ་ཡིན་པའི་ས་ཕྱོགས་གཞན་ཀུན་ནས་ནམ་ཡང་མི་རྙེད་ན་སྟེ་རྙེད་པའི་སྐབས་མེད་དོ། ། རྩ་བར། དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། ། ནད་དེ་ལེགས་པར་གསོ་བ་ལ་སྤྱིར་བཏང་གི་སྨན་པ་ཙམ་མ་ཡིན་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སྨན་པ་ཐམས་ཅད་མཁྱེན་པ། འདོད་ཆགས་དང་། ཞེ་སྡང་སོགས་ལུས་སེམས་ལས་བྱུང་བའི་ཟུག་རྔུ་ཐམས་ཅད་ལེགས་པར་འབྱིན་པར་བྱེད་པ་དེ་ཡིས་བཀའ་ཇི་ལྟར་གནང་བ་ལྟར་མི་བྱེད་སེམས་པ་ནི། ཆེས་ཤིན་ཏུ་གཏི་མུག་ཅན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྨད་པའི་གནས་སོ། ། རྩ་བར། གཡང་ས་ཐ་མལ་ཆུང་ངུ་ལའང་། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། ། རི་བྲག་ལ་སོགས་པའི་གཡང་ས་ཐ་མལ་བ་ཆུང་ངུ་ལའང་ལྷུང་དོགས་ཀྱིས་རྟག་ཏུ་བག་ཡོད་དམ་འཛེམས་ཟོན་གྱིས་གནས་པར་བྱ་དགོས་པས་ན། དཔག་ཚད་སྟོང་ཕྲག་ཡོད་པའི་གཏིང་རིང་དུ་ལྷུང་བ་ཡི་དུས་ཡུན་བསྐལ་པ་འབུམ་ཕྲག་མང་པོའི་ཡུན་རིང་ལ་ 100 སྡུག་བལྔལ་གྱིས་མནར་བའི་གཡང་སར་ལྷུང་དོགས་ཀྱིས་བག་ཡོད་དམ་འཛེམས་ཟོན་བྱ་དགོས་པ་སྨོས་ཀྱང་ཅི་དགོས། ། རྩ་བར། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་གྱུར་པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། ། དགེ་བའི་ལས་གནས་སྐབས་བསྒྲུབ་མི་ཐུབ་པའི་དབང་དུ་བཏང་ཡང་རྗེས་སུ་ངེས་པར་བསྒྲུབ་ཆོག་སྙམ་ན། དེ་རིང་ཁོ་ན་བདག་གཏན་ནས་མི་འཆི་ཞེས་སྔར་བསགས་པའི་ལས་ངན་པ་དག་བཤགས་སྡོམ་མི་བྱེད་པར། ཟ་ཉལ་ལངས་གསུམ་ལ་ཙམ་ལ་མགོ་བོ་འཁོར་ནས་བདེ་བར་འདུག་པ་ནམ་ཡང་རིགས་པ་མ་ཡིན། གང་ཡིན་ཟེར་ན། བདག་གཞན་སེམས་ཅན་འདི་དག་ནི་རིམ་བཞིན་མེད་པར་གྱུར་པའི་དུས་ཤིག དེ་ནི་གདོན་མི་ཟ་བར་ཏེ་ཐེ་ཚོམ་མེད་པར་འབྱུང་བར་འགྱུར་རོ། ། རྩ་བར། བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འདུག ། བདག་དང་བདག་འདྲ་བའི་སེམས་ཅན་རྣམས་ལ་གཏན་ནས་འཆི་བར་མི་འགྱུར་ཞེས་མི་འཇིགས་པའི་སྐྱབས་དམ་པ་སུ་ཡིས་བྱིན། ཆུ་ཚོད་དང་སྐར་ཆ་རེ་རེར་སེམས་ཅན་གྲངས་མེད་པ་འཆི་བཞིན་པ་དངོས་སུ་མཐོང་སྟབས། འཆི་བ་འདི་ལས་སེམས་ཅན་སུ་ཞིག་ཇི་ལྟར་ངེས་པར་ཐར་བར་འགྱུར། བདག་སོགས་གདོན་མི་ཟ་བར་མེད་པར་འགྱུར་བའི་དུས་ཤིག་འོང་བ་ངེས་པས་ན། ཇི་ལྟར་བདག་གི་ཡིད་བདེ་བར་འདུག་པར་རིགས་ཏེ་ནམ་ཡང་མི་རིགས་སོ། ། རྩ་བར། སྔོན་ཆད་མྱོང་སྟེ་ཞིག་པ་ལས། །བདག་ལ་ལྷག་པ་ཅི་ཡོད་ན། །བདག་ནི་དེ་ལ་མངོན་ཞེན་ནས། །བླ་མའི་བཀའ་དང་འགལ་བར་བྱས། ། སྔོན་ཆད་ནས་འཁོར་བའི་ཕུན་ཚོགས་ལན་གྲངས་དུ་མར་མྱོང་སྟེ་ཞིག་པ་ལས། ད་ལྟའི་དུས་སུ་བདག་ལ་སུ་གང་དང་མི་འདྲ་བའི་ལྷག་པ་ཅི་ཞིག་ཡོད། བདག་ནི་ད་དུང་ 101 འཁོར་བའི་ལུས་ལོངས་སྤྱོད་དེ་དག་ལ་མངོན་པར་ཆེས་ཆེར་ཞེན་ནས། བླ་མ་རྒྱལ་བ་སྲས་དང་བཅས་པའི་བཀའ་དང་ཡང་ཡང་འགལ་བར་བྱས་པ་འདི་ནི། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤིན་ཏུ་ནས་སྨད་པའི་གནས་སོ། ། རྩ་བར། གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམས་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། ། གསོན་པའི་ཚེ་འདིའི་ལུས་དང་། དེ་བཞིན་དུ་གཉེན་ཉེ་དུ་དང་། བཤེས་པའི་གྲོགས་རྣམས་ཀྱང་རིམ་པ་བཞིན་དུ་སྤངས་ནས། བདག་ཉིད་གཅིག་པུར་ག་ཤེད་དེ་གནས་ངེས་མེད་དུ་འགྲོ་དགོས་འབྱུང་ངེས་ན། མཛའ་བའི་གྲོགས་དང་། མི་མཛའ་བའི་དགྲ་བོ་ཀུན་ལ་ཞེན་ཆགས་དང་། སྡང་བ་སོགས་ཅི་ཡང་མི་རུང་ངོ་། ། རྩ་བར། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་ངེས་སྟབས། མི་དགེ་བའི་ལས་ངན་པ་དེ་དག་ལས་ཇི་ལྟར་ཐབས་གང་འདྲ་ཞིག་གིས་ངེས་པར་ཐར་པར་འགྱུར་ཞེས་ཉིན་མཚན་དང་དུས་རྟག་ཏུ་བདག་གིས་ནི། སྡིག་པའི་ལས་ངན་པ་དེ་དག་བཤགས་པའི་ཐབས་འདི་ཉིད་ཀྱི་སྐོར་འབའ་ཞིག་ལ་བསམ་པའི་རིགས་སོ། ། རྩ་བར། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་འམ། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། ། བདག་ནི་ལས་རྒྱུ་འབྲས་ལ་རྨོངས་པའི་མི་ཤེས་པ་གཏི་མུག་པས། རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་བཅུ་ལྟ་བུའམ། ཕྱི་དྲོའི་ཁ་ཟས་ཟ་བ་སོགས་བཅས་པའི་ཁ་ན་མ་ཐོ་ 102 བ་ལ་སོགས་པའི་སྡིག་པ་གང་ཡིན་པ་དེ་དག་ལས། མི་དགེ་བའི་ལས་གང་ཡང་རུང་བ་འགའ་ཞིག་བགྱིས་པ་རྣམས་འགྲོ་བ་ཡོངས་ཀྱི་མགོན་པོའི་སྤྱན་སྔར་མངོན་སུམ་དུ་ལག་གཉིས་ཐལ་མོ་སྦྱར་ནས་སྡུག་བསྔལ་ལ་རབ་ཏུ་འཇིགས་སེམས་ཀྱིས། ཡང་དང་ཡང་དུ་སྡིག་པའི་ལས་ཚབས་ཆེ་དེ་དག་འདག་ཐབས་སུ་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་ཏེ། སྡིག་པའི་ལས་དེ་དག་ཐམས་ཅད་ཡོངས་སུ་བཤགས་པར་བགྱིའོ། ། རྩ་བར། འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླད་ཆད་བདག་ནི་ཡོངས་མི་བགྱིད། ། འདྲེན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གིས་སྔར་བསགས་པའི་སྡིག་པ་དག ནོངས་པ་སྟེ་ཉེས་པ་ཡིན་པར་ལགས་པར་བཟུང་དུ་གསོལ། སྡིག་པ་འདི་འདྲའི་རིགས་ནི་སྡུག་བསྔལ་དཔག་ཏུ་མེད་པར་འབྱུང་བའི་རྒྱུ་ཉག་ཅིག་ཏུ་ངེས་སྟབས། བཟང་པོ་ཞིག་མ་ལགས་པས། སླད་ཆད་བདག་གིས་ནི་སྡིག་པ་འདི་འདྲ་ནམ་ཡང་ཡོངས་སུ་མི་བགྱིད་དོ། ། ལེའུ་གཉིས་པའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྡིག་པ་བཤགས་པའི་ལེའུ་ཞེས་བྱ་བ་སྟེ་གཉིས་པའི་འབྲུ་འགྲེལ། 103 ༣༽ ལེའུ་གསུམ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུའི་འབྲུ་འགྲེལ། རྩ་བར། སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་གསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། ། མཐའ་ཡས་པའི་སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པ་ལས་ངལ་གསོ་བའི་ཕྱིར། མངོན་མཐོ་ལྷ་མིའི་བདེ་བ་ཐོབ་བྱེད་ཀྱི་རྒྱུ་དགེ་བ་བཅུ་སོགས་ཡོངས་སུ་བསྒྲུབས་པ་དང་། དེའི་མཐུས་སྡུག་བསྔལ་ཅན་གྱི་འགྲོ་བ་དེ་དག་ལྷ་དང་མིའི་གནས་སུ་བདེ་བར་གནས་པ་ལ། སེམས་བསམ་པའི་གཏིང་ནས་རབ་ཏུ་དགའ་བས་དུས་རྟག་ཏུ་རྗེས་སུ་ཡི་རང་ངོ་། ། རྩ་བར། བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་སོགས་ཀྱི་རྒྱུར་གྱུར་པ་སྟེ་དེ་དང་རྗེས་སུ་མཐུན་པའི་ཚོགས་སྦྱོར་གྱི་ལམ་ལ་བརྟེན་ནས་དགེ་བ་གང་ཞིག་བསགས་པ། དེ་ལ་ཡང་དུས་རྟག་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། མ་ཟད་གང་བསགས་པའི་དགེ་མཐུས་ལུས་ཅན་སུ་འདྲ་ཞིག་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ངེས་པར་ཐར་བའི་ཉན་རང་དགྲ་བཅོམ་པ་རྣམས་ལ་ཡང་རྗེས་སུ་ཡི་རང་ངོ་། ། རྩ་བར། སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལའང་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ 104 ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། ། མཐར་ཐུག་གི་འབྲས་བུ་སྐྱོབ་པ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་ས་བཅུ་པ་བ་རྣམས་ལའང་རྗེས་སུ་ཡི་རང་ངོ་། །དེ་དག་ཐོབ་བྱེ ད་ཀྱི་རྒྱུ་མཐའ་དང་མུ་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་མཛད་པའི་ཕྱིར། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་ལྟ་བུ་དང་། སྦྱོར་བ་བཞིའི་སྒོ་ནས་སེམས་ཅན་ཡོངས་ལ་དུས་དང་གནས་སྐབས་ཀུན་ཏུ་ཕན་པར་མཛད་པ་ལ་ཆེས་ཆེར་དགའ་བས། དུས་དང་རྣམ་པ་ཀུན་ཏུ་རྗེས་སུ་ཡི་རང་ངོའོ། ། རྩ་བར། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་སོགས་ཀྱིས་མཚོན་ཕྱོགས་རྣམས་ཀུ སངས་རྒྱས་རྣམས་ལ། བདག་གིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཡང་ནས་ཡང་དུ་གསོལ་བ་ནི། ཉམ་ཐག་པའི་སེམས་ཅན་སྡུག་བསྔལ་བའི་རང་བཞིན་ཅན། ལེགས་ཉེས་ཀྱི་བླང་དོར་འབྱེད་མི་ཤེས་པས་མུན་པར་འཐོམས་ནས་ཡོད་པ་རྣམས་ལ། དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆོས་ཀྱི་སྒྲོན་མེ་གཟི་འོད་རབ་ཏུ་འབར་བ་དག་ལེགས་པར་སྤར་དུ་གསོལ། རྩ་བར། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པར་གྲངས་མེད་བཞུགས་པར་མཛོད། ། བདུད་བཞི་ལས་རྣམ་པར་རྒྱལ་བའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་གང་ཞིག་དུས་མི་རིང་བར་མྱ་ངན་ལས་འདའ་བར་ཐུགས་བཞེད་ཡོད་པ་ལ། ཉམ་ཆུང་ང་དང་ང་འདྲ་བའི་སྐྱེ་བོ་ཁྲི་ཕྲག་དུ་མས་ལག་གཉིས་ཐལ་མོ་སྦྱར་ཏེ་སེམས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ནི། མཐའ་ཡས་པའི་འགྲོ་བ་འདི་དག་ལྡོངས་པར་ཏེ་རྨོངས་པའི་གནས་སུ་མི་འགོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་འབའ་ཞིག་གི་ 105 ཕྱིར་དུ་བསྐལ་པར་གྲངས་མེད་བརྒྱ་སྟོང་དུ་མར་མྱ་ངན་ལས་མི་འདའ་བར་བཞུགས་པར་མཛོད། རྩ་བར། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག ། དེ་ལྟར་མཆོད་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པ་ཡན་ལག་བདུན་པོ་འདི་དག་ཀུན་རྒྱུན་སྲོལ་དང་མཐུན་པའི་སྒོ་ནས་ལེགས་པར་བྱས་ཏེ། དགེ་བ་འདི་དག་བདག་གིས་བསགས་པ་གང་། དེས་ནི་མཐའ་དང་མུ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཕྲ་མོ་ཙམ་ཡང་མ་ལུས་པར་ཐམས་ཅད་ལེགས་པར་བསལ་བར་ཤོག་ཅིག། རྩ་བར། འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག ། འགྲོ་བ་མཛེ་ནད་སོགས་འཇིགས་སྐྲག་སྐྱེ་གཞིའི་ནད་ཀྱི་རིགས་ཕོག་པ་རྣམས། དུས་ཇི་སྲིད་འཚོ་བའི་བར་དུ་རང་རང་གི་ནད་ཀྱི་རིགས་གང་དག་གཏིང་ནས་ལེགས་པར་སོས་པར་མ་གྱུར་གྱི་བར་དུ་ནི། གུས་པ་བདག་ཆེས་ཆེར་དཀོན་པའི་སྨན་དང་སྨན་པ་མཁས་པ་ཉིད་དག་དང་། ནད་པ་དེ་དང་དེ་ཡི་ནད་གཡོག་བྱེད་མི་སོགས་ཀྱི་སྐྱེ་བ་ལེན་པར་ཤོག་ཅིག། རྩ་བར། ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག ། སྣ་མང་ཕུན་སུམ་ཚོགས་པའི་ཁ་ཟས་དང་། ལྟོ་བ་ལ་མི་གནོད་པའི་སྐོམ་སྟེ་བཏུང་བའི་རིགས་འདྲ་མིན་གྱི་ཆར་རྒྱུན་མི་ཆད་དུ་ཕབ་སྟེ། ཟས་དང་བཏུང་བ་མ་རེག་པའི་ 106 བཀྲེས་དང་སྐོམ་པའི་གནོད་པ་ལེགས་པར་བསལ་བ་དང་། ད་ལྟ་ཙམ་མ་ཟད་མ་འོངས་པའི་དུས་མུ་གེའི་བསྐལ་པ་བར་མའི་ཚེ་ནའང་། སླར་ཡང་བདག་ནི་སེམས་ཅན་དེ་དག་གི་ཟས་དང་སྐོམ་དུ་གྱུར་ཅིག མ་ཟད་སེམས་ཅན་ཡོ་བྱད་སྣ་གཅིག་གིས་ཕོངས་ཤིང་རབ་ཏུ་དབུལ་བ་རྣམས་ལའང་། དེ་མ་ཐག་ཏུ་བདག་ནི་རྡོ་རྗེ་ཕ་ལམ་དང་། གསེར་དངུལ་སོགས་མི་ཟད་པའི་གཏེར་དུ་གྱུར་ཏེ། གང་ལ་ཅི་འདོད་པའི་ཡོ་བྱད་ཀྱི་རྣམ་གྲངས་མཁོ་དགུ་སྣ་ཚོགས་སུ། རང་རང་སོ་སོའི་མདུན་ན་ཉེ་བར་གནས་པར་གྱུར་ཅིག། རྩ་བར། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །གཞན་ཡང་། བདག་གི་ལུས་དང་། དེ་བཞིན་ལོངས་སྤྱོད་འདྲ་མིན་གྱི་རིགས་དང་། དུས་གསུམ་དུ་བསགས་པའི་དགེ་བའི་ཚོགས་ཅི་མཆིས་པ་ཐམས་ཅད་ཀྱང་། སེམས་ཅན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་བདེ་བླག་ཏུ་བསྒྲུབ་ཐུབ་ཕྱིར། སེར་སྣས་ཕངས་པ་མེད་པར་ཡིད་ཚིམ་ཚིམ་བར་དུ་གཏང་བར་བྱའོ། ། རྩ་བར། ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་གཏོང་བ་ཆབས་གཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག ། ལུས་སྲོག་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཐམས་ཅད་གཞན་དོན་འབའ་ཞིག་གི་ཆེད་དུ་གཏང་རིགས་ཏེ། དེ་དག་ཐམས་ཅད་ལེགས་པར་བཏང་བས་སེམས་ཅན་དེ་དག་མི་རིང་བར་མྱ་ངན་ལས་འདའ་བར་ནུས་ལ། མ་ཟད་བདག་གི་བློ་འདི་ཡང་མྱ་ངན་ལས་འདས་པར་བསྒྲུབ་པར་འདོད། གནས་སྐབས་ཙམ་མ་གཏོགས་ལུས་ལོངས་སྤྱོད་དགེ་ཚོགས་ཐམས་ཅད་བདག་འཆི་བ་དང་གཏོང་བ་ཆབས་གཅིག་ལ། དེའི་ཕྱིར་ད་ལྟ་རང་ཉིད་འཚོ་སྡོད་ཀྱི་གནས་དུས་དེ་ག་རང་ལ་སེམས་ཅན་རྣམས་ལ་སེར་སྣས་མ་སྦགས་པའི་ཐོག་ནས་བཏང་བ་འདི་ཉིད་བཏང་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་མཐོང་ངོ་། ། 107 རྩ་བར། བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པའམ། །བརྡེག་སོགས་ཅི་དགར་བྱེད་ལ་རག ། དུས་དེ་རིང་ནས་བཟུང་སྟེ་བདག་གིས་ལུས་ཅན་ཏེ་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་ལ་ལུས་འདི་ཉིད་དེ་དག་སོ་སོས་ཅི་བདེར་ལོངས་སྤྱོད་པའི་ཕྱིར་བྱིན་ཟིན་གྱིས། གནས་སྐབས་ཙམ་མིན་པར་དུས་རྟག་ཏུ་གསོད་གཏུབ་དང་། མཚིང་ནས་སྨོད་པའམ། རྡུང་བརྡེག་སོགས་ཅི་དགར་བྱེད་མིན་ཁྱེད་ཅག་ལ་རག་ལས་སྟབས། ངར་ཅི་ཡང་བཤད་དུ་མེད་དོ། ། རྩ་བར། བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། ། སེམས་ཅན་སུ་ཞིག་གིས་ཀྱང་བདག་གི་ལུས་འདི་ལ་བརྟེན་ནས་ཐབས་ཇི་འདྲ་ཞིག་བཀོལ་ནས་རྩེ་བར་བྱེད་དམ། ཅོ་འདྲི་བ་སྟེ་གནོད་པ་བྱེད་པ་དང་། བཞད་གད་དམ་ག་ཞའི་རྒྱུ་བྱེད་ཀྱང་མི་རུང་བ་གཏན་ནས་མེད། གང་ཡིན་ཟེར་ན། བདག་གི་ལུས་འདི་ཁྱེད་ཅག་ལ་སྔོན་ནས་སེམས་ཐག་གཙང་བཅད་ཀྱིས་བྱིན་ཟིན་གྱིས། ལུས་འདི་ནན་གྱིས་སྲུང་དགོས་ཞེས་འདི་ཡི་ཁ་ཏས་ཏེ་ཁ་ཏུ་འདི་འདྲ་བྱས་པས་ཅི་ཞིག་བྱ། རྩ་བར། དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པའང་བྱེད་དུ་ཆིག། བདག་ལ་དམིགས་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག ། སེམས་ཅན་དེ་དག་ལ་འཕྲལ་ཕུགས་གང་ལའང་གནོད་པར་མི་འགྱུར་བའི་ལས་དཀའ་སླ་གང་ཞིག་ཡིན་པའང་རྟག་པར་བྱེད་དུ་ཆིག མ་ཟད་བདག་ལ་དམིགས་ནས་ཏེ་བདག་གི་ཆེད་དུ་དམིགས་ནས་དུས་ནམ་དུ་ཡང་། སེམས་ཅན་འགའ་ཡང་སྟེ་སེམས་ཅན་སུ་གཅིག་གིས་ཀྱང་རང་གི་ཚེ་འདི་ཕྱིར་གནོད་པའི་ལས་དོན་མེད་པ་ཕྲ་མོ་ཙམ་ཡང་བྱེད་པར་མ་གྱུར་ཅིག། 108 རྩ་བར། བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག ། གཞན་ཡང་། བདག་ལ་དམིགས་ནས་སྐྱེ་བོ་སེམས་ཅན་གང་དག་གིས། ཆེས་སེམས་དེ་དག་ཉིད་ལ་བརྟེན་ནས་རྟག་ཏུ་དེ་དག་གི་དམིགས་དོན་ཀུན་བདེ་བླག་ངང་འགྲུབ་ཆེར་མི་བཟོད་པའི་ཁོང་ཁྲོ་བའམ། དད་པའི་སེམས་སོགས་གང་འདྲ་ཞིག་བྱུང་ནའང་། པའི་རྩ་བའི་རྒྱུར་གྱུར་ཅིག། རྩ་བར། གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པ་འམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། ། ད་དུང་སེམས་ཅན་གཞན་གང་དག་གིས་བདག་ལ་སྦྱོར་བའི་སྒོ་ནས་དུས་རྟག་ཏུ་ཁཟེར་རམ་ཅོ་འདྲིའི་ཚིག་རྩུབ་སྨྲ་བར་བྱེད་པའམ། མཚོན་དང་ལྕགས་དབྱུག་སོགས་གཞན་མང་དག་ཅིག་གིས་མཐོང་ཆུང་གི་རྣམ་པས་བརྡེག་པ་སོགས་ཀྱི་གནོད་པ་བྱེད་པ་འམ། དེ་བཞིན་དུ་ཕྱར་ཀ་སྟེ་ལྐོག་བཤད་འདྲ་མིན་གཏོང་ཡང་རུང་། མདོར་ན་གང་ཞིག་བྱས་མིན་ལ་མ་ལྟོས་པར་སེམས་ཅན་དེ་དག་ཐམས་ཅད་མཐར་ཐུག་བྱང་ཆུབ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། རྩ་བར། བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང་། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག ། བདག་ནི་དུས་རྟག་ཏུ་སྐྱབས་དང་མགོན་མེད་པ་རྣམས་ཀྱི་མགོན་དང་། གཅན་གཟན་དང་ཁྱི་སྤྱང་གི་འཇིགས་པ་ཡོད་པའི་ལམ་ཞུགས་པ་རྣམས་ཀྱི་ལམ་མ་ནོར་བར་སྟོན་པའི་དེད་དཔོན་དང་། མཐའ་ཡས་རྒྱ་མཚོ་ཆེན་པོ་སོགས་ཀྱི་ཕ་རོལ་ཏུ་བརྒལ་ 109 བར་འདོད་པ་རྣམས་ཀྱི་གྲུ་དང་ནི། རྡོ་གཟིངས་དང་། རྐྱལ་གཟིངས་སོགས་གཟིངས་དང་། ཟམ་པ་སོགས་རང་རང་ལ་གང་མཁོའི་དངོས་པོ་དེ་ཉིད་དུ་གནས་པར་གྱུར་ཅིག མ་ཟད་མཐའ་ཡས་རྒྱ་མཚོར་ཡུན་རིང་བགྲོད་པས་ངལ་དུབ་ཀྱིས་གླིང་སྟེ་སྡོད་གནས་དོན་དུ་གཉེར་པ་རྣམས་ལ་གླིང་དང་ནི། མུན་པའི་ཁུང་བུར་ཞུགས་པའི་ཚེ་མར་མེ་འདོད་པ་རྣམས་ལ་མར་མེ་དང་། གནས་མལ་འདོད་པ་རྣམས་ལ་གནས་མལ་དང་། ད་དུང་བདག་ནི་ལུས་ཅན་ཏེ་སེམས་ཅན་རང་ཉིད་ལ་བྲན་ཡོད་ན་སྙམ་པར་འདོད་པ་ཀུན་གྱི་བྲན་དུ་དུས་དང་གནས་སྐབས་ཐམས་ཅད་དུ་འགྱུར་བར་ཤོག་ཅིག། རྩ་བར། ཡིད་བཞིན་ནོར་དང་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། ། རང་རང་གི་གང་འདོད་པ་ཇི་བཞིན་སྟེར་བར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པར་བྱེད་པའི་རིག་སྔགས་གྲུབ་པ་དང་། སུས་ཀྱང་བཅོས་མི་ཐུབ་པའི་རྒས་པོ་གཞོན་ནུར་སྒྱུར་བར་བྱེད་པའི་སྨན་ཆེན་པོ་དང་། བྱ་བ་ལས་དཀའ་སླ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱེད་པའི དཔག་བསམ་གྱི་ཤིང་དག་དང་། མདོར་བསྡུས་ནས་བཤད་ན། ལུས་ཅན་རྣམས་ཀྱི་འདོད་པ་ཐམས་ཅད་འགྲུབ་པའི་འདོད་འཇོར་གྱུར་ཅིག། རྩ་བར། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག ། ས་ཆུ་མེ་རླུང་བཞི་ལ་སོགས་པའི་འབྱུང་བ་མི་འདྲ་བ་ཆེན་པོ་རྣམས་དང་། ཐོགས་རེག་བྲལ་བའི་ནམ་མཁའ་བཞིན་དུ་བདག་ཉིད་ཀྱང་དུས་རྟག་པར་ཡང་། རིས་སུ་མ་ཆད་པའི་སེམས་ཅན་དཔག་ཏུ་མེད་པ་ཡི་ཆེད་དུ། རྣམ་པ་མང་པོའི་སྒོ་ནས་དེ་དག་ཉེ་བར་འཚོ་བའི་གཞིར་ཡང་འགྱུར་བར་ཤོག་ཅིག། 110 རྩ་བར། དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག ། དེ་བཞིན་ནམ་མཁའི་མཐས་གཏུགས་པ་སྟེ་ནམ་མཁའི་ཟད་མཐར་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་མོས་པ་གྲངས་མེད་པ་རྣམས་ལ་རྣམ་པ་ཀུན་ཏུ། དེ་དག་གཅིག་ཀྱང་མ་ལུས་པ་ཐམས་ཅད་མི་གནས་པའི་མྱ་ངན་ལས་མ་འདས་ཀྱི་བར་དེ་སྲིད་དུ། བདག་ཉིད་ནི་དེ་དག་ཉེ་བར་འཚོ་བའི་རྒྱུར་ཡང་འགྱུར་བར་ཤོག་ཅིག། རྩ་བར། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། ། ཇི་ལྟར་སྔོན་གྱི་སྟེ་འདས་པའི་སངས་རྒྱས་བདེ་བར་གཤེགས་པ་རྣམས་ཀྱིས། སེམས་ཅན་གྲངས་མེད་པ་རྣམས་འཁོར་བའི་གནས་ལས་རྫོགས་པའི་བྱང་ཆུབ་ཀྱི་ས་ལ་འགོད་ཕྱི ར་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་གིས་རིམ་པ་བཞིན་དུ་བསླབས་ཤིང་གནས་པ་ལྟར། དེ་ཇི་ལྟ་བ་བཞིན་དུ་བདག་གིས་ཀྱང་འགྲོ་བ་གྲངས་མེད་པ་ལ་དུས་དང་གནས་སྐབས་ཀུན་ཏུ་ཕན་པའི་དོན་དུ། དང་པོར་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པར་བགྱི་ཞིང་། དེ་བཞིན་དུ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཕར་ཕྱིན་དྲུག་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལའང་རིམ་པ་ཇི་ལྟ་བ་བཞིན་དུ་རང་རང་གི་གནས་ཚད་དང་མཐུན་པའི་ཐོག་ནས་བརྩོན་པ་ཆེན་པོས་བསླབ་པར་བགྱིའོ། ། རྩ་བར། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །འཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། ། 111 དེ་ལྟར་བློ་གྲོས་དང་ལྡན་པ་བདག་ཅག་ལྟ་བུ་ཡིས། རབ་དང་ཕུལ་དུ་བྱུང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་ལེགས་པར་དམ་དུ་བཟུང་ནས། དུས་རྟག་ཏུ་ལག་ལེན་ལ་འཇུག་ཀྱང་ངོ་བོ་གོང་འཕེལ་དུ་རྒྱས་པར་བྱ་བའི་ཕྱིར། རང་ཉིད་ཀྱི་སེམས་ནི་འདི་ལྟར་གཟེངས་བསྟོད་པར་བྱ་བ་ཉིད་དོ། ། རྩ་བར། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། ། སེམས་གཟེངས་ཇི་ལྟར་བསྟོད་སྙམ་ན། སྐྱེ་བ་ལན་གྲངས་དུ་མའི་རིང་འདི་འདྲའི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཞིག་རང་རྒྱུད་ལ་ཐོབ་པར་མ་གྱུར་སྟབས། དེང་གི་དུས་འདིར་བདག་གསོན་པའི་ཚེ་འདི་ལ་འབྲས་བུ་ཡོད་པ་དང་། འགྲོ་བ་མི་ཡི་སྲིད་པ་སྟེ་མིའི་ལུས་རྟེན་འདི་ཡང་ལེགས་པར་ཐོབ་ཐུབ་པ་བྱུང་། ལྷག་དོན་དུས་དེ་རིང་ནས་བཟུང་སྟེ་བདག་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཏེ། སངས་རྒྱས་རྣམས་ཀྱི་སྲས་སུ་ད་གྱུར་ཏོ་ཞེས་ཁྱད་དུ་འཕགས་པའི་ང་རྒྱལ་བསྒོམས་པ་འདིས། སེམས་དམན་པའི་རིགས་ཡོངས་སུ་འདོར་ཐུབ་པའོ། ། རྩ་བར། ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། ། འདས་ཟིན་པའི་མི་ཚེ་སྐྱེལ་སྟངས་དང་མི་འདྲ་བར་ད་ནི་བདག་གིས་ཅི་ནས་ཀྱང་སྟེ་ངེས་པར་དུ། འདས་པའི་སངས་རྒྱས་རྣམས་ཀྱི་མཛད་སྤྱོད་ཀྱི་རིགས་དང་ཡོངས་སུ་མཐུན་པའི་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་ཀྱིས་མཚོན་ཡང་དག་པའི་ལས་སྣ་ཚོགས་ཤིག་བརྩམས་ཏེ། རང་གཞན་སེམས་ཅན་ཀུན་ལ་ཕན་པས་སྐྱོན་མེད་ཅིང་བཙུན་པའི་རིགས་ཅན་འདི་དག་ལ། ཉེས་ལྟུང་ཕྲ་མོ་ཚུན་ཆད་ཀྱིས་ཀྱང་རྙོག་པར་མི་འགྱུར་བར་དེ་ལྟར་དུ་བསྒྲུབ་པར་བྱའོ། ། 112 རྩ་བར། ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་འདི་བདག་ལ་སྐྱེས། ། དཔེར་ན། ལོང་བས་ལམ་གྱི་བཞི་མདོ་ཞིག་ནས་ཕྱག་དར་གྱི་ཕུང་པོ་དག་ལས། ཇི་ལྟར་རིན་ཆེན་རིན་ཐང་གཞལ་དུ་མེད་པ་ཞིག་སྟས་དབང་གིས་རྙེད་པ་ལྟར། དེ་བཞིན་དུ་ཅི་ཞིག་ལྟར་སྟེས་ནས་ཏེ་སྟེས་དབང་གིས། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཐོབ། བླ་མ་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་འདྲ་བ་བདག་ལ་སྐྱེས་ཞེས་ཆེས་ཤིན་ཏུ་དགའ་བ་སྒོམ་པའོ། ། རྩ་བར། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། ། འཇིག་རྟེན་པའི་སྨན་ཕལ་བའི་རིགས་ཀྱིས་ནམ་ཡང་འཇོམས་མི་ནུས་པའི་འགྲོ་བའི་འཆི་བདག་གི་གནོད་པ་འཇོམས་པར་བྱེད་པའི་བདུད་རྩི་རྣམས་ཀྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིན་ནོ། །འགྲོ་བའི་དབུལ་བ་ཡོངས་སུ་སེལ་བ་ཡི་ཇི་ལྟར་སྤྱད་ཀྱང་མི་ཟད་པའི་གཏེར་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིན་ནོ། ། རྩ་བར། འགྲོ་བའི་ནད་རབ་སེལ་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བའི་ངལ་གསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། ། རླུང་མཁྲིས་བད་ཀན་ལ་སོགས་པའི་འགྲོ་བའི་ནད་རབ་གཏིང་ནས་སེལ་བར་བྱེད་པའི་སྨན་གྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིན་ནོ། །དུས་ད་བར་སྲིད་པ་གསུམ་གྱི་ལམ་ངན་ཚད་ཀུན་ཏུ་འཁྱམས་ཤིང་ཆེས་ཆེར་རབ་ཏུ་དུབ་པ་ཡི་འགྲོ་བའི་ངལ་གསོ་སའི་གནས་གྲིབ་བསིལ་དང་ལྡན་པའི་ལྗོན་ཤིང་ལྟ་བུ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིན། ལས་ཀྱི་དབང་གིས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་སུ་སྐྱེས་པའི་འགྲོ་བ་ཐམས་ཅད་ངན་འགྲོའི་འཇིགས་པ་དེ་དག་ལས་མྱར་ད་སྒྲོལ་བར་བྱེད་ 113 པའི་སྤྱི་སྟེགས་ཏེ་ཐུན་མོང་གི་སྟེགས་བུ་ལྟ་བུ་དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིན་ནོ། ། རྩ་བར། འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག ། དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། ། མར་གྱུར་འགྲོ་བའི་ཉོན་མོངས་པའི་གདུང་བ་ལེགས་པར་སེལ་བར་བྱེད་པའི་སེམས་ཀྱི་ཟླ་བ་རྟག་ཏུ་ཤར་བ་ཡང་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་རྣམ་པ་ཀུན་ཏུ་རག་ལས་པ་ཡིན། མར་གྱུར་འགྲོ་བའི་མི་ཤེས་པ་སྟེ་གནས་ལུགས་ཀྱི་དོན་མ་རིག་པའི་རབ་རིབ་དག་དཔྱིས་ནས་ཏེ་གཏིང་ནས་འབྱིན་པར་བྱེད་པའི་ཉི་མ་ཆེན་པོ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཡིན། དེ་ཡང་རྣམ་འདྲེན་བཞི་པས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་འོ་མ་ཤེས་རབ་གསུམ་གྱིས་ཡང་ཡང་བསྲུབས་པ་ལས་མར་གྱི་ཉིང་ཁུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཕྱུང་བ་ཡིན་ནོ། ། རྩ་བར། འགྲོ་བའི་འགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། ། འགྲོ་བ་བོའི་འགྲོན་པོ་བར་སྲིད་ལ་སོགས་པའི་སྲིད་པའི་ལམ་ངན་ཚད་ཀུན་ཏུ་རྒྱུ་ཞིང་། མངོན་མཐོ་ལྷ་མིའི་བདེ་བ་ལ་སོགས་པའི་ལོངས་སྤྱོད་ཚིམ་མེད་དུ་སྤྱད་པར་འདོད་པ་རྣམས་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་བདེ་བའི་རྒྱུ་གྲངས་མེད་པའི་ནང་ནས་ཆེས་མཆོག་ཏུ་ཉེ་བར་གནས་ཏེ། སེམས་ཅན་གྱི་མགྲོན་ཆེན་པོ་རྣམས་ཀྱི་ཡིད་གཏིང་ནས་ཚིམ་པར་བྱེད་པ་ཡིན་ནོ། ། རྩ་བར། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་ 114 དགའ་བར་གྱིས། ། བདག་གིས་དེ་རིང་ངན་འགྲོའི་འཇིགས་པ་ལས་སྐྱོབ་པར་བྱེད་པའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་འགྲོ་བ་མཐའ་དག་བླ་མེད་བདེ་བར་གཤེགས་པའི་གོ་འཕང་ཉིད་དང་ནི། དེ་ཇི་སྲིད་མ་ཐོབ་ཀྱི་བར་དུ་མངོན་མཐོའི་བདེ་བ་ལ་མགྲོན་དུ་བོས་ཟིན་གྱིས། ལྷ་དང་མི་དང་ལྷ་མིན་ལ་སོགས་པ་སེམས་གཏིང་ནས་དགའ་བར་གྱིས་ཤིག། ལེའུ་གསུམ་པའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའི་འབྲུ་འགྲེལ། ༤༽ ལེའུ་བཞི་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བག་ཡོད་ཀྱི་ལེའུའི་འབྲུ་འགྲེལ། རྩ་བར། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བར་མེད་པར་རྟག་ཏུ་ཡང་། །བསླབ་ལས་མི་འདའ་འབད་པར་བྱ། ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེའུ་སྔོན་མའི་ནང་དུ་བཤད་པ་དེ་ལྟ་བུར། འདུན་པ་གཉིས་ལྡན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རབ་ཏུ་བརྟན་པོར་བཟུང་ནས། དེ་ལས་དུས་ནམ་ཡང་གཡེལ་བར་མེད་པར་ཏེ་གཡོ་བ་མེད་པར་རྟག་ཏུ་ཡང་། སྦྱིན་སོགས་ཕར་ཕྱིན་དྲུག་ལ་བསླབ་པ་ལས་མི་འདའ་བར་འབད་པར་བྱའོ། ། རྩ་བར། བབ་ཅོལ་བརྩམས་པ་གང་ཡིན་པའམ། །གང་ཞིག་ལེགས་པར་མ་བརྟགས་པ། །དེ་ནི་དམ་བཅས་བྱས་གྱུར་ཀྱང་། །བྱ་འམ་བཏང་ཞེས་བརྟག་པའི་རིགས། ། དང་པོ་ཉིད་ནས་བྱ་བ་གང་ཞིག་ལ་སྐྱོན་དང་ཡོན་ཏན་གང་ཡོད་མེད་ལེགས་པར་མ་བརྟགས་པར་བབ་ཅོལ་དུ་བརྩམས་པ་གང་ཡིན་པའམ། གང་ཞིག་ཅུང་ཟད་བརྟགས་ཀྱང་ཞིབ་ཚགས་ཀྱིས་ལེགས་པར་མ་བརྟགས་པ་དེ་རིགས་ནི་སེམས་གཏིང་ནས་དམ་བཅས་བྱས་པར་གྱུར་ཀྱང་། དེ་འདྲ་དེ་མུ་མཐུད་དུ་བྱའམ་ཡང་ན་མི་བྱ་བར་བཏང་ཞེས་རྣམ་པ་ཀུན་ཏུ་བརྟག་པའི་རིགས་པ་ལས། སྔར་དམ་བཅས་པ་རྒྱུ་མཚན་དུ་བྱས་ནས་རྒྱུན་བསྐྱངས་ཏེ བྱེད་དགོས་དོན་གང་ཡང་མེད་དོ། ། རྩ་བར། སངས་རྒྱས་རྣམས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོས་གང་བརྟགས་ཤིང་། །བདག་ཉིད་ཀྱིས་ཀྱང་བརྟགས་བརྟགས་པ། །དེ་ལ་བཤོལ་དུ་ཅི་ཞིག་ཡོད། ། དེ་ལྟར་ན། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེ་ཡི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དག་གིས་ཤེས་རབ་ཀྱི་རྩལ་ཤུགས་ཆེན་པོས་གང་ 116 ལ་ལེགས་པར་བརྟགས་ཤིང་། བདག་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་རྩལ་ཅི་ཡོད་ཀྱིས་ཡང་ནས་ཡང་དུ་བརྟགས་བརྟགས་ནས་ངེས་ཤེས་གཏིང་ཟབ་རྙེད་པ་མ་ཟད། ངེས་ཤེས་རྙེད་ནས་དེ་ལྟར་བྱེད་པ་དམ་བཅས་པའི་བྱ་བའི་རིགས་ཤིག་ཡིན་ན། དེ་ལས་ནི་དུས་ནམ་ཡང་བཤོལ་དུའམ་གཡོལ་དུ་ཅི་ཞིག་ཡོད་དེ་མེད་དོ། ། རྩ་བར། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། ། གལ་ཏེ་དེ་ལྟར་སེམས་ཅན་འཚང་མ་རྒྱས་པ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས་ནས། ལས་ཀྱི་རྣམ་གྲངས་སྣ་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བསྒྲུབ་པར་མ་བྱས་པ་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉམ་ཐག་པའི་སེམས་ཅན་དེ་དག་ཀུན་བསླུས་པས་ཏེ་དེ་དག་ཀུན་ལ་དབུ་སྐོར་བཏང་བ་ཡིན་སྟབས། བདག་གི་འགྲོ་བ་ཅི་འདྲ་བར་འགྱུར་ཏེ་ངན་འགྲོའི་གཏིང་རྡོར་འགྲོ་བ་ལས་འོས་མེད་དོ། ། རྩ་བར། དངོས་པོ་ཕལ་བ་ཅུང་ཟད་ལའང་། །ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་འགྱུར་གསུངས་ན། ། དངོས་པོ་ཕལ་བ་ཁབ་སྐུད་ཙམ་དང་གནས་སྐབས་ལྟོ་ཚིམ་ཙམ་གྱི་ཟས་ཅུང་ཟད་ཙམ་ལའང་། ཡིད་ཀྱིས་འདི་སེམས་གཏིང་ནས་སྤྱིན་པར་བྱའོ་ཞེས་བསམ་པར་བྱས་ནས། མི་གང་ཞིག་ལ་ལེགས་པར་སྦྱིན་པར་མི་བྱེད་པ་དེ་ཡང་ལན་གྲངས་དུ་མར་ཡི་དྭགས་སུ་འགྱུར་བ་མདོ་སྡེ་དུ་མ་ནས་གསུངས་ནའོ། ། རྩ་བར། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། ། བླ་ན་མེད་པའི་ངེས་ལེགས་མཐར་ཐུག་གི་བདེ་བ་ལ། སེམས་བསམ་པ་ཐག་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མགྲོན་དུ་གཉེར་ནས། 117 བྱ་བ་དེ་ལས་བཤོལ་ཏེ་འགྲོ་བ་ཐམས་ཅད་བསླུས་པར་བྱས་ན། བདག་བདེ་འགྲོར་ཇི་ག་འགྲོ་བར་འགྱུར་རམ་སྟེ་ནམ་ཡང་འགྲོ་བར་མི་འགྱུར་རོ། ། རྩ་བར། མི་གང་བྱང་ཆུབ་སེམས་བཏང་ཡང་། །དེ་དག་ཐར་བར་མཛད་པ་ནི། །ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། ། ལུང་གཞན་དང་འགལ་བའི་རྩོད་སྤོང་ལ། དེ་ཡང་སྔོན་འཕགས་པ་ཤཱ་རིའི་བུས་བདུད་ཀྱི་བྱེད་ལས་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བཏང་ཡང་། ད་དུང་ཁོང་དགྲ་བཅོམ་པ་ཇི་ལྟར་འགྲེལ་སྙམ་ན། འཕགས་པ་ཤཱ་རིའི་བུ་སོགས་མི་གང་ཞིག་སྟེ་མི་བྱེ་བྲག་པ་འགའ་རེས་བྱང་ཆུབ་ཀྱི་སེམས་བཏང་ཡང་། རང་རང་གི་དངོས་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་གྲངས་མེད་པ་དེ་དག་ངན་འགྲོ་སོགས་ཀྱི་གནས་ལས་ཐར་བར་མཛད་པ་ནི་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན། མཛད་པ་འཕྲིན་ལས་ཀྱི་ཚུལ་དེ་དག་བསམ་གྱིས་མི་ཁྱབ་སྟེ། དེ་དག་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་པའི་ཡུལ་ཡིན་སྟབས། སུས་ཀྱང་ཁ་ཚོན་གཅོད་དཀའ་འོ། ། རྩ་བར། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། ། སྔར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ད་ལྟ་ཡོངས་སུ་བཏང་བ་དེ་ནི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་མཚོན་ན། རྩ་བའི་ལྟུང་བའི་ནང་ནས་ཆེས་ཆེར་རབ་ཏུ་ལྕི་བ་སྟེ། ད་དུང་འདི་ལྟར་ལྟུང་བ་དེའི་རིགས་ནི་ཡང་ཡང་བྱུང་བར་གྱུར་ན། སེམས་ཅན་ཀུན་གྱི་དོན་བྱེད་པ་ལ་ཧ་ཅང་དམན་པར་འགྱུར་རོ། ། རྩ་བར། གང་གཞན་སྐད་ཅིག་ཙམ་ཡང་འདིའི། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལ་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། ། སེམས་བསྐྱེད་བཏང་ན་ཉེས་པ་ཆེན་པོ་ཡོད་པ་མ་ཟད། གང་ཟག་གཞན་སུ་ཞིག་གིས་ 118 ཀྱང་དུས་སྐད་ཅིག་ཙམ་གྱི་ཚེ་ན་ཡང་བྱང་ཆུབ་སེམས་དཔའ་འདིའི་བསོད་ནམས་ཀྱི་རྒྱུན་ལ་བར་ཆད་ལྟ་བུའི་གེགས་བྱེད་པ་བྱུང་ན། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་གྱི་དོན་བྱེད་པ་ལ་སྟོབས་དམན་པར་གྱུར་པས་གེགས་བྱེད་སེམས་ཅན་དེ་ཡི་ངན་འགྲོ་ལ་མུ་མཐའ་མེད་དོ། ། གོང་དུ་བཀོད་མ་ཐག་པའི་གསུང་འདི་རྣམས་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་འདིར་བཏུས། རྩ་བར། སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིག་ན་བདག་ཉིད་ཉམས་འགྱུར་ན། །ནམ་མཁའ་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨོས་ཅི་དགོས། ། གསོད་བརྡུང་དང་ཁྱད་དུ་གསོད་པ་སོགས་ལ་བརྟེན་ནས་སེམས་ཅན་གཅིག་གི་བདེ་བ་ཡང་། ཡང་ནས་ཡང་དུ་བཤིག་ན། ནམ་ཞིག་གི་ཚེ་བདག་ཉིད་ཀྱི་བདེ་བ་ཀུན་ཡོངས་སུ་ཉམས་པར་འགྱུར་ན། ནམ་མཁའ་མ་ལུས་མཐའ་ཀླས་པའི་ལུས་ཅན་གྲངས་མེད་པའིབདེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་བཤིག་པ་སྟེ་ཉམས་པར་བྱས་ན། རང་ཉིད་ཀྱི་བདེ་བ་ཡོངས་སུ་ཉམས་པ་སྨོས་ཀྱང་ཅི་དགོས། རྩ་བར། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག། འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། ། དེ་ལྟར་བྱང་ཆུབ་ཀྱི་སེམས་བཏང་བའི་རྩ་བའི་ལྟུང་བ་སྟོབས་དང་ལྡན་པ་དང་། དེའི་གཉེན་པོ་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་དག འཁོར་བར་རེས་མོས་ཀྱིས་འདྲེ་བར་བྱེད་ན། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རིམ་གྱིས་ཐོབ་པ་ལ་ཡུན་རིང་ཐོགས་པ་སྟེ་ཡུན་ཤིན་ཏུ་རིང་བར་འགྱུར་རོ། ། རྩ་བར། དེ་ལྟས་ཇི་ལྟར་དམ་བཅས་བཞིན། །བདག་གིས་གུས་པར་བསྒྲུབ་པར་བྱ། །དེང་ནས་བརྩོན་པར་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། ། 119 དེ་ལྟ་བས་ན། ཇི་ལྟར་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་པ་དམ་བཅས་པ་བཞིན་དུ། བདག་གིས་དུས་རྟག་ཏུ་ལག་ལེན་གྱིས་གུས་པར་བསྒྲུབ་པར་བྱ་རྒྱུ་ལས། ཇི་ལྟར་དམ་བཅས་པར་དེང་ནས་ལྷག་བསམ་རྣམ་པར་དག་གིས་བརྩོན་པར་མ་བྱས་ན། ངན་སོང་གི་གནས་འོག་ནས་འོག་ཏུ་སྟེ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཉི་ཚེ་ཉེ་འཁོར་སོགས་སུ་རིམ་པར་འགྲོ་བར་འགྱུར་རོ། ། རྩ་བར། སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། ། དོན་གྱི་དེ་ལྟར་ཡིན་མོད་ཀྱང་ལས་སྨོན་གྱི་འབྲེལ་བ་ཟབ་པའི་སངས་རྒྱས་ཀྱིས་སྐྱོབ་པར་ངེས་སོ་ཞེ་ན། སྔོན་ནས་ད་བར་མཐའ་ཡས་པའི་སེམས་ཅན་འབུ་སྲིན་དང་བཅས་པ་ཐམས་ཅད་ལ་ཕྱོགས་ཀུན་ནས་ཕན་པར་མཛད་པའི་སངས་རྒྱས་གྲངས་མེད་པ་ཞིག་དུས་ད་ལྟའི་བར་དུ་འདས་པར་གྱུར་ཀྱང་། བདག་ཉིད་ནི་རང་གི་ཉེས་པའི་དབང་གིས་སྔར་བྱོན་ཟིན་པའི་སངས་རྒྱས་དེ་དང་དེའི་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་ཏོ། ། རྩ་བར། ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུའང་དེ་བཞིན་ཏེ། །ངན་འགྲོ་ནད་དང་འཆིང་བ་དང་། །བཅད་དང་གཤེག་སོགས་མྱོང་བར་འགྱུར། ། ད་དུང་སྔར་བཞིན་ཡིད་གཟབ་བྱེད་རྒྱུ་མ་བྱུང་བར་དེ་བཞིན་དུ་བདག་གིས་སྒྲུབ་པར་བྱེད་ན། དུས་ཇི་སྲིད་པར་ཡང་དང་ཡང་དུའང་དེ་བཞིན་ཏེ། ངན་འགྲོའི་གནས་འབའ་ཞིག་ཏུ་འགྲོ་བ་དང་། སྟས་དབང་གིས་སྐབས་རེར་མཐོ་རིས་ཀྱི་ལུས་རྟེན་ཐོབ་དབང་དུ་བཏང་ཡང་བད་ཀན་དང་མཆིན་པའི་གཉན་ཚན་ལ་སོགས་པའི་ནད་རིགས་སྣ་ཚོགས་ཀྱིས་འཛིན་པ་དང་། རྒྱལ་པོས་ཁྲིམས་འོག་ཏུ་ཚེ་གང་འཆིང་བ་དང་། རྐང་ལག་དང་ཁ་རྣ་བཅད་གཏུབ་དང་། ལྟོ་གཤེག་པ་སོགས་བྱས་ཏེ་སྡུག་བསྔལ་གྱི་རྣམ་གྲངས་དཔག་ཏུ་མེད་པ་དུས་རྒྱུན་དུ་ནས་མྱོང་བར་འགྱུར་རོ། ། 120 རྩ་བར། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། ། མ་ཟད་དེ་བཞིན་གཤེགས་པ་འཇིག་རྟེན་དུ་ཡང་ནས་ཡང་དུ་འབྱུང་བ་དང་། སངས་རྒྱས་སྟོང་སོགས་རིམ་བྱོན་གྱི་བསྟན་པ་དག་ལ་ཆེས་ཆེར་དད་པ་དང་། མི་ལུས་ཅི་ཙམ་ཐོབ་པ་དང་། དབང་པོ་ཚང་བ་དང་། ལས་མཐའ་མ་ལོག་པ་ལ་སོགས་པས་དགེ་བ་གོམས་རུང་བ་དེ་ལྟ་བུར་གྱུར་པ་ནི། ཆེས་ཤིན་ཏུ་དཀོན་ན། ནམ་ཞིག་དེ་ལྟ་བུ་ཞིག་ཡང་ཡང་ཐོབ་པར་ག་ལ་འགྱུར། རྩ་བར། ནད་མེད་ཉི་མ་འདི་ལྟ་བུ། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་འདི་སྐད་ཅིག་བསླུ་བ་སྟེ། །ལུས་འདི་ཐང་ཅིག་བརྙན་པོ་བཞིན། ། ད་ལྟའི་ཆར་ལུས་ལ་ནད་མེད་པའི་ཉི་མ་དང་ཞག་འདི་ལྟ་བུ་ཞིག་ལ། ཟས་གོས་གནས་མལ་ཕུན་སུམ་ཚོགས་པ་དང་བཅས་པ་དང་། ཆོམ་རྐུན་སོགས་ཀྱིས་འཚེ་བ་མེད་ཀྱང་ནི། ཚེ་འདི་དུས་སྐད་ཅིག་གཉིས་པར་མི་སྡོད་པར་བསླུ་བ་སྟེ། ལུས་འདི་བདག་ཉིད་ཀྱི་དབང་དུ་མེད་སྟབས། ཐང་ཅིག་སྟེ་ཡུན་རིང་མི་སྡོད་པའི་བརྙན་པོ་སྟེ་གཟུགས་བརྙན་བཞིན་གློ་བུར་ལྟ་བུས་འཇིག་པར་འགྱུར་རོ། ། རྩ་བར། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། ། བདག་གི་ད་ལྟའི་སྒོ་གསུམ་གྱི་སྤྱོད་པ་འདི་འདྲ་བས་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལྟ་ཅི། མི་ཡི་ལུས་རྟེན་བཟང་པོ་ཞིག་ཀྱང་ནམ་ཡང་ཐོབ་པར་མི་འགྱུར་ལ། གལ་སྲིད་མི་ལུས་ཙམ་ཡང་ཐོབ་པར་མ་གྱུར་ན། དུད་འགྲོའི་རྟེན་ལ་ལས་བྱས་ཚད་སྡིག་པའི་ལས་འབའ་ཞིག་ལས། དགེ་བའི་ལས་བསྒྲུབ་ནུས་ཤིག་ནམ་ཡང་མེད་དོ། ། 121 རྩ་བར། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། ། གང་ཚེ་སྟེ་དུས་ནམ་ཞིག་གི་ཚེ་བདག་ཉིད་དགེ་བར་སྤྱད་པའི་སྐལ་པ་བཟང་ཙམ་ལྡན་དབང་དུ་བཏང་ཡང་། སྐབས་དེ་དུས་དགེ་བ་བདག་གིས་ཆེད་གཉེར་གྱིས་མ་བྱས་པར་བསྡད་ན། ནམ་ཞིག་རྟག་ཏུ་ངན་སོང་གི་སྡུག་བསྔལ་གྱིས་ཡང་ཡང་མནར་ཅིང་། བླང་དང་དོར་བྱའི་གནས་ཀུན་ལ་ཆེས་ཆེར་རྨོངས་པ་དེ་ཡི་ཚེ་ན། བདག་གིས་དགེ་བའི་ལས་གསར་དུ་གསོག་པའི་དུས་ཤིག་ཅི་བྱར་ཡོད། རྩ་བར། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། ། མངོན་མཐོ་དང་ངེས་ལེགས་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་དགེ་བ་དག་ཀྱང་བདག་གིས་མ་བྱས་ལ། མུ་མཐའ་མེད་པའི་ངན་སོང་གི་གནས་འགྲིམ་པར་བྱེད་པའི་རྒྱུའི་གཙོ་བོ་སྡིག་པ་དག་ཀྱང་ཉེ་བར་བསགས་པས་ན། ངན་སོང་གི་གནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བསྐལ་པ་བྱེ་བ་གཅིག་བརྩི་གཞིར་བྱས་པའི་བསྐལ་པ་བྱེ་བ་བརྒྱར་ཡང་ནི། བདེ་འགྲོ་ལྷ་དང་མིའི་གོ་འཕང་མི་ཐོབ་པ་སྨོས་ཅི། བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་རོ། ། རྩ་བར། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལན་གཅིག་ཐོབ་པ་དེས་ཀྱང་དགེ་བའི་ལས་ཅུང་ཟད་ཙམ་ཡང་མ་བྱས་ན། བདེ་འགྲོ་དངོས་སུ་མྱོང་བ་ལྟ་ཅི། བདེ་འགྲོའི་སྒྲ་ཙམ་ཡང་གཏན་དུ་ཐོས་པར་མི་འགྱུར་བ་དེ་ཉིད་ཀྱི་ཕྱིར་ན། བདག་ཅག་གི་སྟོན་པ་བཅོམ་ལྡན་གྱིས། མཐའ་ཡས་པའི་རྒྱ་མཚོའི་སྟེང་རླབས་ཕྲེང་ཆེས་ཆེར་གཡོ་བའི་ཁར་གནས་གཅིག་ཏུ་མི་བརྟན་པར་གཡེངས་པའི་གཉའ་ཤིང་གི་ཆེས་ཆུང་བའི་བུ་གར་རུས་སྦལ་ལོང་བ་གཅིག་ 112 གིས་རྒྱ་མཚོའི་གཏིང་ནས་ལོ་གྲངས་བརྒྱ་རེའི་མཚམས་སུ་མགྲིན་པ་ལན་གཅིག་ཕྱིར་འདོན་པའི་སྐབས་དེར་མགྲིན་པ་ཆུད་པ་ཤིན་ཏུ་དཀའ་བ་ལྟར། མི་ཉིད་ཀྱི་ལུས་རྟེན་འདི་འདྲ་བ་ཡང་ཤིན་ཏུ་ཐོབ་དཀའ་ཞེས་མདོ་སྡེ་དུ་མར་ལན་གཅིག་མིན་པར་གསུངས། རྩ་བར། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། ། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཚོར་དུས་སྐད་ཅིག་གཅིག་ཙམ་ལ་ཁོང་ཁྲོ་བྱས་པའི་སྡིག་པས་ཀྱང་། དུས་བསྐལ་པ་ཇི་སྲིད་ཀྱི་བར་མནར་མེད་པར་གནས་པར་འགྱུར་ན། དུས་རིང་ཐོག་མ་མེད་པ་ནས་འཁོར་བར་བསགས་པའི་སྡིག་པ་དག་གིས། བདེ་འགྲོའི་སར་མི་འགྲོ་བ་སྨོས་ཀྱང་ཅི་དགོས། རྩ་བར། དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། ། སྔར་གང་བསགས་པའི་སྡིག་པའི་འབྲས་བུ་དེ་ཙམ་ཁོ་ན་མྱོང་བར་གྱུར་པའི་རྗེས་ནས། དེ་མ་ཐག་དེ་ནི་ངན་འགྲོའི་གནས་དེ་དག་ལས་རྣམ་པར་ཐར་བར་མི་འགྱུར་ཏེ། སྔར་བསགས་པའི་སྡིག་པའི་འབྲས་བུ་འདི་ལྟར་དེ་ནི་མྱོང་བཞིན་མྱོང་བཞིན་དུ། སླར་ཡང་རང་འབྲས་སྡུག་བསྔལ་མྱོང་བྱེད་ཀྱི་སྡིག་པའི་ལས་གཞན་དང་གཞན་དག་མུ་མཐུད་ནས་རབ་ཏུ་སྐྱེ་བར་འགྱུར་རོ། ། རྩ་བར། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། ། འདི་འདྲའི་རྙེད་དཀའ་བའི་དལ་བ་རང་ལག་ཏུ་རྙེད་པར་གྱུར་ནས། བདག་གིས་དུས་ནམ་དུ་ཡང་སེམས་དགེ་བའི་ཕྱོགས་ལ་ཉིན་བཞིན་གོམས་པར་མ་བས་ན། འདི་ལས་ 123 སོ་སོ་རང་ཉིད་བསླུས་པ་གཞན་ཞིག་ཡེ་་ནས་མེད་དེ། དགེ་བའི་ཆོས་རང་ལག་ལ་ཡོད་པ་འདི་ལྟར་ཕངས་མེད་ཀྱིས་འདོར་བའི་ཕྱིར། མ་ཟད་འདི་ལས་རྨོངས་པའང་གཞན་སུ་ཞིག་ལ་མེད་དོ། ། རྩ་བར། གལ་ཏེ་བདག་གིས་དེ་རྟོགས་ནས། །རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན། །འཆི་བར་འགྱུར་བའི་དུས་ཀྱི་ཚེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། ། གལ་ཏེ་བདག་གིས་སྔོན་ནས་སེམས་དགེ་ཕྱོགས་སུ་གཅིག་ཏུ་འབད་དགོས་པའི་གནས་ལུགས་དེ་ཇི་བཞིན་ཞིབ་ཏུ་རྟོགས་ནས་ཀྱང་། ད་དུང་རྨོངས་པས་ཕྱིས་ཀྱང་ལག་ལེན་ལ་མི་བརྩོན་པར་སྒྱུད་ལུག་གིས་བསྡད་ན། ནམ་ཞིག་རང་ཉིད་འཆི་བར་འགྱུར་བའི་དུས་ཀྱི་ཚེ། སྔར་ལས་ངན་བྱས་ཚད་ལ་གཏིང་ནས་འགྱོད་ཀྱང་མྱ་ངན་ཆེན་པོ་རབ་ཏུ་ལྡང་བར་འགྱུར་རོ། ། རྩ་བར། དམྱལ་མེ་བཟོད་དཀས་ཡུན་རིང་དུ། །བདག་གི་ལུས་ལ་བསྲེག་གྱུར་ན། །འགྱོད་པ་མི་བཟད་མེ་འབར་བས། །སེམས་གདུང་འགྱུར་བ་གདོན་མི་ཟ། ། སྔོན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ནས་ལན་གཅིག་ཉམས་སྟབས། དམྱལ་བའི་གནས་རྣམས་སུ་རིམ་པར་སྐྱེས་ལ། དམྱལ་མེ་ཤིན་ཏུ་བཟོད་དཀའ་བས་དུས་ཡུན་རིང་དུ་བདག་གི་ལུས་ལ་བསྲེག་པར་གྱུར་པས་ན། བདག་གིས་སྔོན་ལས་ངན་འདི་འདྲ་ཅིའི་ཕྱིར་བྱས་སྙམ་དུ་སྔར་བྱས་ལ་འགྱོད་པ་མི་བཟད་པའི་མེ་འབར་བས། སེམས་ཆེས་ཆེར་རབ་ཏུ་གདུང་བར་འགྱུར་བ་གདོན་མི་ཟའོ། ། རྩ་བར། ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཇི་ཞིག་ལྟར་སྟེས་རྙེད་གྱུར་ནས། །བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་ཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅིས་རྨོངས་བདག་ཀྱང་མ་ཤེས་ཏེ། །བདག་གི་ཁོང་ན་ཅི་ཞིག་ཡོད། ། 124 གཞན་ཡང་། ཕྱོགས་གཞན་ཞིག་ནས་འདི་ལྟར་བརྟག་པར་བྱ་སྟེ། ཆེས་ཤིན་ཏུ་རྙེད་དཀའ་ཞིང་། འདི་ཕྱིའི་ཕན་བདེ་མ་ལུས་པ་གཅིག་ཏུ་འབྱུང་བའི་ཕན་པའི་ས། འགྲོ་བ་མིའི་ལུས་རྟེན་འདི་འདྲ་ཞིག་ཇི་ཞིག་ལྟར་སྟེས་དབང་གིས་རྙེད་པར་གྱུར་ནས། བདག་ཉིད་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་རྩལ་ཡང་དག་པ་དང་ལྡན་བཞིན་དུ། ད་དུང་ཕྱིར་ཡང་སྟེ་སླར་ཡང་སྔོན་ལན་གྲངས་དུ་མར་བརྒྱུད་མྱོང་བའི་དམྱལ་བའི་གནས་དེར་ཁྲིད་ན། རང་ཉིད་མཐུ་སྔགས་སོགས་ཀྱིས་སེམས་རབ་ཏུ་རྨོངས་པར་བྱས་པ་བཞིན་དུ། བདག་ལ་ཚེ་འདིར་སེམས་ཅན་གཞན་ཕར་ཞོག་རང་ཉིད་ཀྱང་སྐྱོབ་པའི་སེམས་མེད་པ་ཉིད་དུ་ཟད་སྟབས། བདག་གློ་བུར་དུ་རྒྱུ་མཚན་ཅི་ཡིས་རྨོངས་པ་བདག་རང་ཉིད་ཀྱིས་ཀྱང་གསལ་བོ་ཞིག་མ་ཤེས་ཏེ། བདག་གི་ཁོང་ན་རྨོངས་པའི་རྒྱུ་ཅི་ཞིག་ཡོད་ཅེས་རྒྱུན་དུ་བརྟག་པར་བྱའོ། ། རྩ་བར། ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། ། སེམས་ཉོན་མོངས་པར་བྱེད་པའི་དགྲ་བོ་རྣམས་མིག་མདུན་དུ་ཡོད་དོ་སྙམ་ན། དེ་ཡང་བརྟག་པར་བྱ་སྟེ། ཞེ་སྡང་དང་ཡུལ་ཡིད་དུ་འོང་བ་ལ་སྲེད་པ་སོགས་ཀྱི་དགྲ་བོ་རྣམས་ལ་ནི། མི་དང་དུད་འགྲོ་ནང་བཞིན་རྐང་ལག་དང་། མིག་སྣ། ཁ་ལྕེ་ལ་སོགས་པ་ཡོད་པ་མིན་ལ། གཞན་ལ་གནོད་པའི་བསམ་པ་དང་ལྡན་པའི་དཔའ་བོ་དང་། བློ་གྲོས་ཤིན་ཏུ་ཕྲ་བའི་མཛངས་པ་སོགས་མིན་ཡང་། རྒྱུ་མཚན་ཅི་ཞིག་ལྟར་ཞེ་སྡང་དང་སྲེད་པ་སོགས་ཉོན་མོངས་དེ་དག་གིས་བདག་ལ་རང་དབང་ཕྲན་བུ་ཙམ་ཡང་མི་སྟེར་བར་དུས་རྒྱུན་དུ་བྲན་གཡོག་བཞིན་བྱས་སོ། ། རྩ་བར། བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ། །དེ་ལའང་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། ། 125 ཉོན་མོངས་པའི་དགྲ་བོ་དེ་དག་བདག་གི་སེམས་ལ་དུས་རྟག་ཏུ་གནས་བཅའ་བཞིན་དུཿ། ད་དུང་དེར་དགའ་མགུར་ཏེ་ཚིམ་དུས་མེད་པར་འཇམ་གཤིས་ཀྱིས། བདག་ལ་ཆེས་ཤིན་ཏུ་གནོད་པའི་རིགས་འདྲ་མིན་བྱས་དང་བྱེད་བཞིན་པ་དེ་ལའང་སེམས་གཏིང་ནས་ཁོང་མི་ཁྲོ་བར་བཟོད་པ་སྒོམ་པ་ནི། བཟོད་པ་སྒོམ་པའི་གནས་མིན་སྟབས། དེ་འདྲའི་བཟོད་པ་སྒོམ་སྟངས་དེ་ཧ་ཅང་སྨད་པའི་གནས་སོ། ། རྩ་བར། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཀྱང་འཇིགས་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་འཕྲད་ན་རི་རབ་ཀྱང་། །ཐལ་བ་ཡང་ནི་མ་ལུས་པ། །དེས་བདག་སྐད་ཅིག་གཅིག་ལ་འདོར། ། དེ་ཅིའི་ཕྱིར་སྙམ་ན། གལ་ཏེ་ནམ་ཞིག་ལྷ་དང་ལྷ་མིན་གྱི་དཔུང་གི་ཚོགས་རྣམས་ཐམས་ཅད་བདག་ལ་དགྲའི་དྭངས་མར་ལངས་ཀྱང་། དེ་དག་གིས་ཀྱང་བདག་གི་ཚེ་འདིའི་ལུས་རྟེན་ཙམ་ལ་རྒོལ་བ་མ་གཏོགས། མནར་མེད་པའི་མེ་ནང་ཁྲིད་ཀྱང་། ཆེས་ཆེར་རབ་ཏུ་འཇིགས་པར་བྱེད་མི་ནུས་མོད། འོན་ཀྱང་ཉོན་མོངས་སྟོབས་ཆེན་གྱི་དགྲ་བོ་འདི་འདྲ་བས་ནི། མནར་མེད་དུ་འཁྲིད་ནས་དམྱལ་མེ་གང་དང་འཕྲད་པར་བྱེད་བཅུག་ན་རིའི་རྒྱལ་བོ་རི་རབ་ཡིན་ཀྱང་། ཐལ་བ་ཙམ་ཡང་ནི་མ་ལུས་པར་བྱེད་ནུས་ན། དེས་བདག་འདྲ་བ་ནི་སྐད་ཅིག་མ་གཅིག་ལ་ལྷག་མེད་དུ་འདོར་བར་བྱེད་ནུས་སྟབས། ཉོན་མོངས་པའི་དགྲ་བོ་འདི་རང་གཞན་ཀུན་ཕུང་ལ་སྦྱོར་མཁན་གྱི་དགྲ་བོ་ངོ་མ་དེ་ཡིན་ནོ། ། རྩ་བར། བདག་གི་ཉོན་མོངས་དགྲ་བོ་གང་། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། ། བདག་གི་བཙན་ཤུགས་ཆེ་ཤོས་ཀྱི་ཉོན་མོངས་ཀྱི་དགྲ་བོ་གང་དག་གིས་དུས་རིང་སྟེ་སྐྱེ་བ་ཐོག་མ་དང་མཐའ་མ་མེད་པའི་བར་དུ་བདག་ལ་གནོད་པའི་ལས་ཚབས་ཆེན་ 126 པོ་ཡང་ཡང་བྱས་པ་ལྟར། ལྷ་ཀླུ་མི་གསུམ་ལ་སོགས་པའི་ཕྱིའི་དགྲ་བོ་གཞན་ཀུན་སུས་ཀྱང་དེ་ལྟ་བུར་ཡུན་རིང་དུ་གནོད་པ་བྱེད་ཐུབ་པའི་ཐབས་དང་ནུས་པ་གང་ཡང་ཡོད་པ་མ་ཡིན་ནོ། ། རྩ་བར། མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན། །ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། ། འཇིག་རྟེན་པའི་དགྲ་གཞན་དེ་དང་དེར་སོ་སོའི་འདོད་པ་དང་མཐུན་པར་ཟས་གོས་གནས་མལ་སོགས་ཀྱིས་རིམ་གྲོ་ལེགས་པར་བྱས་ཏེ་གྲོགས་པོའི་འདུ་ཤེས་ཀྱིས་བསྟེན་པར་བྱས་ན། དགྲ་བོ་དེ་དག་ཐམས་ཅད་ཀྱིས་ཀྱང་ཚུར་བདག་ལ་ཕན་པ་དང་བདེ་བའི་ལས་བྱེད་པར་ངེས་པས་ན་སྐྱོན་ཆེར་མེད་མོད་ཀྱང་། ནང་གི་ཉོན་མོངས་པའི་དགྲ་བོ་རྣམས་ནི་གོང་བཞིན་བསྟེན་པར་བྱས་ན། ཕྱིར་ཞིང་སྟེ་སླར་ཡང་ཉོན་མོངས་པའི་སྟོབས་འཕེལ་ནས་སྔར་བཞིན་སྡུག་བསྔལ་གྱི་རྣམ་གྲངས་དུ་མས་ཀུན་ནས་གནོད་པར་བྱེད་དོ། ། རྩ་བར། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། ། དེ་ལྟར་ཡུན་རིང་བོའི་སྔོན་ནས་ད་བར་རྒྱུན་ཆགས་ཏེ་རྒྱུན་མ་ཆད་པར་དགྲའི་གཙོ་བོར་གྱུར་པ། སེམས་ཅན་དཔག་ཏུ་མེད་པར་སྡུག་བསྔལ་གསུམ་ལ་སོགས་པའི་གནོད་པའི་ལས་ཀྱི་ཚོགས་ཆེས་ཆེར་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུར་གྱུར་པ་ཉོན་མོངས་པའི་དགྲ་བོ་དེ་ཉིད། སྐྱབས་མེད་མགོན་མེད་པ་བདག་གི་སྙིང་གི་གཏིང་ལ་བག་ཚ་བ་མེད་པར་ངེས་པར་གནས་འཆའ་བ་སྟེ་གནས་མལ་བྱེད་བཞིན་ཡོད་པས་ན། ཉམ་ཆུང་བའི་སེམས་ཅན་བདག་འདྲ་བ་རྣམས་འཁོར་བར་འཇིགས་པ་མེད་པར་དགའ་བར་ག་ལ་འགྱུར་ཏེ་འགྱུར་རོ། ། 127 རྩ་བར། འཁོར་བའི་བཙོན་རའི་སྲུང་མ་དམྱལ་སོགས་སུ། །གསོད་བྱེད་གཤེད་མར་གྱུར་པ་འདི་དག་ནི། །གལ་ཏེ་བློ་གནས་ཆགས་པའི་དྲ་བ་ན། །གནས་ན་བདག་ལ་བདེ་བ་ག་ལ་ཡོད། ། ནམ་ཡང་ཕྱིར་མི་གཏོང་བའི་འཁོར་བའི་བཙོན་རའི་སྲུང་མ་དང་། དམྱལ་བ་ལ་སོགས་པའི་གནས་རྣམས་སུ། བདེ་སྐྱིད་ཀྱི་རྩ་བ་གསོད་བྱེད་དམ་བཅོམ་བྱེད་ཀྱི་གཤེད་མར་གྱུར་པའི་ཉོན་མོངས་པའི་ཚོགས་འདི་དག་ནི། གལ་ཏེ་བདག་གི་བློ་ལ་གནས་པའི་ཆགས་པའི་དྲ་བ་སྟེ་གཟེབ་ན་གནས་པའི་ཚེ་ན། བདག་ལ་བདེ་བ་མྱོང་བའི་གོ་སྐབས་ག་ལ་ཡོད། རྩ་བར། དེ་ལྟར་ཇི་སྲིད་བདག་གིས་དགྲ་འདི་མངོན་སུམ་དུ། །ངེས་པར་མ་བཅོམ་དེ་སྲིད་བདག་འདིར་བརྩོན་མི་འདོར། །རེ་ཞིག་གནོད་བྱེད་ཆུང་ངུ་ལ་ཡང་ཁྲོས་གྱུར་པ། །ང་རྒྱལ་བདོ་རྣམས་དེ་མ་བཅོམ་པར་གཉིད་མི་འོང་། ། དེ་ལྟར་ཉོན་མོངས་པ་འདིའི་རིགས་ཉེས་སྤྱོད་ཐམས་ཅད་ཀྱི་གཞི་རྩ་ཡིན་སྟབས། ཇི་སྲིད་བདག་གིས་དགྲ་བོ་འདི་རྣམས་མངོན་སུམ་དུ་ངེས་པར་རྩ་བ་ནས་མ་བཅོམ་བར་དེ་སྲིད་དུ། བདག་གིས་འདིར་ལེ་ལོའི་དབང་གིས་བརྩོན་པ་ནམ་ཡང་མི་འདོར་ཏེ། རེ་ཞིག་གམ་སྐབས་རེར་ཕྱིའི་གནོད་བྱེད་ཆུང་ངུ་ལ་ཡང་མི་བཟོད་པར་སེམས་གཏིང་ནས་ཁྲོས་པར་གྱུར་པའི་ང་རྒྱལ་བདོ་བ་སྟེ་ང་རྒྱལ་ཅན་རྣམས་ཀྱིས་དེ་མ་བཅོམ་པར་མཚན་མོར་གཉིད་ཀྱང་མི་འོང་ན། གནོད་བྱེད་གཞན་ལ་ལྟ་ཅི་སྨོས། རྩ་བར། རང་བཞིན་འཆི་བའི་སྡུག་བསྔལ་གྱུར་པའི་ཉོན་མོངས་དག ། གཡུལ་ངོར་དངར་ཚེ་ནན་གྱིས་གཞོམ་པར་འདོད་པ་ཡང་། །མདའ་མདུང་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས། །དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱེར་བར་མི་བྱེད་ན། །རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། །རང་བཞིན་དགྲར་ངེས་གཞོམ་འདོད་བརྩོན་ 128 པའི་སྐབས། །སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས་ཀྱང་། །ཡིད་ཆད་སྒྱིད་ལུག་མི་འགྱུར་སྨོས་ཅི་དགོས། ། ཁྲིམས་ཐོག་ནས་དམར་གསོད་བཏང་བ་དང་། མེ་མདའི་འོག་ཏུ་ཤི་བ་སོགས་འཆི་རྐྱེན་དམིགས་བསལ་གྱི་རིགས་ལ་མ་ལྟོས་པར་རང་བཞིན་ནམ་རང་གི་ངོ་བོ་ཉིད་ཀྱིས་འཆི་བས་སྡུག་བསྔལ་བར་གྱུར་པའི་སེམས་ཀུན་ནས་ཉོན་མོངས་པའི་འགྲོ་བ་འདི་དགགཡུལ་ངོར་ཏེ་གཡུལ་སར་དགྲ་ཕྱོགས་དང་དངར་ཚེ་ནན་གྱིས་ལྷག་མེད་དུ་གཞོམ་པར་འདོད་པ་ཡང་། མདའ་མདུང་དང་མེ་སྒྱོགས་སོགས་མཚོན་གྱིས་ཕོག་པ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས། རང་ཉིད་ཀྱི་དམིགས་དོན་ཇི་བཞིན་མ་གྲུབ་པར་ཕྱིར་ཕྱོགས་ནས་འབྱེར་བར་ཏེ་བྲོས་པར་མི་བྱེད་ན། དུས་རྟག་ཏུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། རྐྱེན་གཞན་སྟོབས་ཀྱིས་དགྲར་གྱུར་པ་མ་ཡིན་པར་རང་བཞིན་ཆོས་ཉིད་ཀྱིས་དགྲར་ངེས་པའི་ཉོན་མོངས་འདི་དག་གཞོམ་འདོད་ལ་བརྩོན་པའི་སྐབས་འདིར། ཚ་གྲང་སོགས་གློ་བུར་བའི་སྡུག་བསྔལ་བརྒྱ་ཕྲག་གི་རྒྱུར་གྱུར་བ་གང་གིས་ཀྱང་བརྩོན་པ་འདོར་འདོད་ཀྱི་ཡི་ཆད་སྒྱིད་ལུག་གིདབང་དུ་མི་འགྱུར་བ་སྨོས་ཀྱང་ཅི་དགོས། རྩ་བར། དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང་། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། ། ཚེ་འདི་ཕྱི་གཉི་གར་མི་ཕན་པའི་དོན་མེད་པའི་དགྲ་ཡིས་རྨ་སྲོལ་ལམ་རྨ་ཤུལ་བཏོད་པ་ཡང་། སྔོན་ངས་དཔའ་རྟགས་སྟོན་སྐབས་སུ་རྨས་པ་རེད་ཅེས་རང་ལུས་ལ་རིན་ཌོ་པོ་ཆེའི་རྒྱན་ཆ་དང་འདྲ་བར་གཞན་ལ་སྲེལ་བ་སྟེ་ངོམ་པར་བྱེད་ན། གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཕྱིར་ཀུན་ནས་ཡང་དག་པར་བརྩོན་ 129 པར་གྱུར་པ་ལ། བདག་ལ་གནས་སྐབས་ཀྱི་བརྩོན་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་རིགས། རྒྱུ་མཚན་ཅིའི་ཕྱིར་གནོད་བྱེད་དུ་འགྲོ་བ་ཡིན་ནམ། རྩ་བར། ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད། ། ཉ་པ་དང་། རིགས་ངན་གདོལ་པ། ཞིང་པ་ལ་སོགས་པས་རང་རང་གི་འཚོ་བ་ཙམ་ཞིག་བསྒྲུབ་པར་སེམས་པ་དག་ལ་ཡང་། གྲང་བ་དང་རབ་ཏུ་ཚ་བ་ལ་སོགས་པའི་གནོད་པ་མཐའ་དག་ལེགས་པར་བཟོད་ན། མཐའ་ཡས་པའི་འགྲོ་བ་ཀུན་ལ་བདེ་བ་བསྐྲུན་ཕྱིར་བདག་གིས་གནོད་པ་ཆུང་ཆུང་དེ་ལྟ་བུ་ཞིག་ཅིས་མི་བཟོད། རྩ་བར། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །འགྲོ་བ་ཉོན་མོངས་ལས་བསྒྲལ་བར། །དམ་བཅས་གང་ཚེ་བདག་ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་བར། །བདག་གི་ཚད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། ། ཕྱོགས་བཞི། མཚམས་བཞི། སྟེང་འོག་གཉིས་ལ་སོགས་པའི་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་མཐའ་དབུས་ཀུན་ན་འཚོ་ཞིང་གནས་པའི་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་འགྲོ་བ་རྣམས། ཉོན་མོངས་པ་དེ་དག་ལས་མྱུར་དུ་བསྒྲལ་བར་དམ་བཅས་པ་གང་གི་ཚེ། བདག་ཉིད་ཀྱང་ངེས་པར་དུ་འདོད་སྲེད་ལ་སོགས་པའི་ཉོན་མོངས་པའི་ཚོགས་རྣམས་ལས་ལེགས་པར་མ་གྲོལ་བར། བདག་གི་སེམས་ཅན་གཞན་བསྒྲལ་འདོད་ཀྱི་ནུས་པ་ག་ཚད་ཅིག་ལ་སླེབས་ཡོད་མེད་ཀྱི་ཚད་ཀྱང་མི་ཤེས་པར། གང་བྱུང་དུ་སེམས་ཅན་གཞན་དག་ཉོན་མོངས་ལས་སྒྲོལ་འདོད་སྨྲ་བ་ནི་ཇི་ལྟར་སྨྱོན་པ་ཞིག་དང་མཚུངས་པ་མིན་ནམ། རྩ་བར། དེ་ལྟས་ཉོན་མོངས་གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །འདི་ལ་བདག་གིས་ཞེན་བྱ་ཞིང་། །འཁོན་དུ་བཟུང་ནས་གཡུལ་སྤྲད་དེ། །རྣམ་པ་དེ་འདྲའི་ 130 ཉོན་མོངས་པ། །ཉོན་མོངས་འཇོམས་བྱེད་མ་གཏོགས་སོ། ། གོང་དུ་བཀོད་པའི་རྒྱུ་མཚན་དེ་ལྟ་བས་ན། དུས་ཡུན་ཐུང་ངུའི་ནང་ཉོན་མོངས་པའི་དགྲ་བོ་རྣམས་རྩ་བ་ནས་གཞོམ་པར་འདོད་པ་ལ། དུས་རྟག་ཏུ་ཕྱིར་མི་ལྡོག་པར་འབད་པས་བརྩོན་པར་བྱ། ཉོན་མོངས་གཞོམ་པ་འདི་ལ་བདག་གིས་གཏིང་ནས་ཞེན་པར་བྱ་ཞིང་། དེ་དག་འཁོན་དུ་བཟུང་ནས་གཡུལ་ལེགས་པར་སྤྲད་དེ་རྩ་ནས་གཞོམ་པར་བྱ། སྔར་བཤད་པའི་ཞེན་ཆགས་དང་འཁོན་འཛིན་ལ་སོགས་པའི་རྣམ་པ་དེ་འདྲ་བའི་ཉོན་མོངས་པ་དག ཉོན་མོངས་མཚན་ཉིད་པ་ལེགས་པར་འཇོམས་བྱེད་དུ་ངེས་པ་མ་གཏོགས་པས་སོ། ། རྩ་བར། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། ། བདག་ནི་ཆེས་ཆེར་འཇིགས་པའི་མེ་དོང་དུ་གསོན་པོར་བསྲེགས་ཏེ་བསད་གྱུར་ཏམ། བདག་གི་མགོ་བོ་བཅད་གཏུབ་ཇི་ལྟར་བྱས་ཀྱང་བླའི། དུས་དང་རྣམ་པ་ཀུན་ཏུ་རྩ་ཉོན་དང་ཉེ་བའི་ཉོན་མོངས་པའི་དགྲ་བོ་རྣམས་ལ་མགོ་བོས་ནམ་ཡང་འདུད་པར་མི་བྱའོ། ། རྩ་བར། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །ནུས་པ་བརྟས་ནས་དེ་ནས་ཕྱིར་ལྡོག་གི །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། ། ཉོན་མོངས་པའི་དགྲ་བོ་འདི་དག་གནས་སྐབས་སྤངས་ཀྱང་། སླར་ཡང་སྔར་བཞིན་གནས་པར་མི་བྱའམ་ཟེར་ན། ཐ་མལ་བའི་དགྲ་བོ་སྟེ་ཕྱིའི་དགྲ་བོ་ཕལ་བ་དག་ལན་འགར་རང་ཡུལ་ནས་ཕྱུང་བའམ་ཡུལ་གཞན་དུ་བསྐྲད་ཀྱང་དེ་མ་ཐག་སླར་ཡང་ནི། ཡུལ་གཞན་དག་ཏུ་བཙན་གྱིས་གནས་ཤིང་ཡོངས་སུ་བཟུང་ནས། ནམ་ཞིག་མཐུ་དང་ནུས་པ་ཅུང་ཟད་བརྟས་པ་སྟེ་རྒྱས་ནས་དེ་ནས་རང་ཡུལ་དུ་ཕྱིར་ལྡོག་གིས་གཡུལ་འཐབ་བྱེད་ངེས་ཀྱང་། སེམས་གཏིང་དུ་གནས་པའི་ཉོན་མོངས་པའི་དགྲ་ཚུལ་རྣམས་འཇིག་རྟེན་ཕལ་བའི་དགྲ་བོ་ 131 དེ་དག་དང་གཏན་ནས་འདྲ་བ་མ་ཡིན་ཏེ། གཉེན་པོ་སྒོམ་སྟོབས་ཀྱིས་སྤངས་པའི་བྲལ་བ་ཐོབ་རྗེས་སླར་ཡང་ཕྱིར་སློག་ནས་གནོད་པ་བྱེད་པའི་སྐབས་ནམ་ཡང་མེད་དོ། ། རྩ་བར། ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། ། ཉོན་མོངས་པའི་རིགས་དག་ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་བྱུང་སྟབས། དེ་འདྲའི་ཉོན་མོངས་དག་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་མིག་གིས་ལེགས་པར་དཔྱད་ནས་སྤང་བར་བྱ་སྟེ། བདག་ཡིད་ལས་བསལ་ཏེ་གནས་གང་དུ་འགྲོ་བར་འགྱུར་ཏམ། གང་དུ་གནས་ནས་སླར་ཡང་བདག་ལ་གནོད་པ་བྱ་ཕྱིར་འོང་སྟེ་འོང་བ་མི་སྲིད་མོད། འོན་ཀྱང་བདག་གི་བློ་རིག་ཧ་ཅང་ཞན་སྟབས། བདག་ལ་དེ་གནས་ནས་སྐྲོད་པའི་བརྩོན་པ་མེད་པར་ཉིད་དུ་ཟད་དོ། ། རྩ་བར། ཉོན་མོངས་རྣམས་ནི་ཡུལ་ལ་མི་གནས་དབང་ཚོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོང་ཤེས་ཕྱིར་བརྩོན་པ་བསྟེན། །དོན་མེད་ཉིད་དུ་བདག་དམྱལ་ལ་སོགས་རྣམས་སུ་ཅི་སྟེ་གནོད་པ་བྱེད། ། ཤེས་རབ་ཀྱི་མིག་གིས་ཉོན་མོངས་པ་དེ་རིགས་ལ་ལེགས་པར་དཔྱད་སྟངས་ཅི་ཡིན་སྙམ་ན། ཉོན་མོངས་པའི་ཚོགས་རྣམས་ནི་ཡུལ་གཟུགས་ལ་སོགས་པའི་སྟེང་ན་མི་གནས་ཤིང་། མིག་ལ་སོགས་པའི་དབང་ཚོགས་ལ་མིན། དེ་གཉིས་ཀྱི་བར་ནའང་གནས་པ་མིན། དེ་དག་ལས་གཞན་ནའང་མི་གནས་པ་མ་ཟད། དེ་དག་དང་འབྲེལ་མེད་ཀྱིས་གནས་པའང་མིན་ན། འདི་དག་ལ་བརྟགས་ཀྱང་དཔྱད་པའི་ཚེ་གར་འགྲོའི་གནས་སུ་འགྲོ་བ་ཀུན་ལ་གནོད་པའི་ལས་ཇི་ལྟར་འདོད་འདོད་ལྟར་བྱེད། ཉོན་མོངས་པའི་དགྲ་བོ་འདི་ནི་སྒྱུ་མའི་ 132 རྟ་གླང་སྣང་བ་དང་འདྲ་བ་དེའི་ཕྱིར། སེམས་གཏིང་ནས་སྤོང་མི་ནུས་སྙམ་དུ་སྙིང་ལ་འཇིགས་པ་སྤོང་ལ། དེའི་རང་བཞིན་ཇི་ལྟ་བ་བཞིན་ཤེས་ཕྱིར་དུས་རྒྱུན་དུ་ནས་བརྩོན་པ་བསྟེན་རིགས་པ་ལས། རང་སྟོབས་ཀྱིས་བརྩོན་པ་བསྟེན་ནུས་བཞིན་དུ་དོན་མེད་པ་ཉིད་དུ་གཡེངས་ནས་བདག་ལ་དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་རྣམས་སུ་སྡུག་བསྔལ་གྱི་རྣམ་གྲངས་དུ་མས་ཅི་སྟེ་གནོད་པ་བྱེད་དུ་འཇུག་གོ ། རྩ་བར། དེ་ལྟར་རྣམ་བསམས་ཇི་སྐད་བཤད་པ་ཡི། །བསླབ་པ་བསྒྲུབ་པའི་ཆེད་དུ་འབད་པར་བྱ། །སྨན་པའི་ངག་མ་མཉན་ན་སྨན་དག་གིས། །བཅོས་དགོས་ནད་པ་སོས་པ་ག་ལ་ཡོད། ། དེ་ལྟར་བག་ཡོད་ཀྱི་ལེའུ་འདིར་བསྟན་པའི་དོན་གྱི་རྣམ་པར་ལེགས་པར་བསམས་པའི་སྒོ་ནས་སྔར་སྟོན་པས་ཇི་སྐད་བཤད་པ་ཡི་དགག་སྒྲུབ་ཀྱི་བསླབ་པ་དག་མ་ཆད་མ་ལྷག་པར་བསྒྲུབ་པའི་ཆེད་དུའམ་ཉམས་སུ་ལེན་པའི་ཆེད་དུ་དུས་ཇི་སྲིད་བར་འབད་པར་བྱ་དགོས་ཏེ། དཔེར་ན། སྨན་པའི་ངག་བཀོད་གཟབ་ནན་གྱིས་མ་མཉན་པའམ་ལག་ལེན་དུ་མ་བསྟར་ན། གང་བྱུང་གི་སྨན་དག་གིས་ནད་བཅོས་དགོས་དགོངས་ན། ནད་པ་དེ་ནད་ཀྱི་རིགས་འདྲ་མིན་གང་ལས་ཀྱང་སོས་པ་སྟེ་ཐར་ཐུབ་པ་ག་ལ་ཡོད། ལེའུ་བཞི་པའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བག་ཡོད་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའི་འབྲུ་འགྲེལ། ༥༽ ལེའུ་ལྔ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཤེས་བཞིན་བསྲུང་བ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བ་ཡང་མི་ནུས། ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བསླབ་པའི་རིམ་པ་དག་ཕྲ་མོ་ཙམ་ཡང་མི་ཉམས་པར་བསྲུང་བར་འདོད་པ་ཡིས། དམིགས་པ་གཅིག་གི་ཐོག་ལ་སེམས་རབ་ཏུ་བསྒྲིམས་ནས་སེམས་ཡུལ་གཞན་ལ་ཞེན་ཞིང་ཆགས་པ་ལས་ཡོངས་སུ་བསྲུང་བར་བྱ་སྟེ་སེམས་འདི་ཡུལ་འདྲ་མིན་ལ་གཡེངས་པ་ལས་བསྲུང་བར་མ་བྱས་ན། སྔར་ཁས་བླངས་པའི་བསླབ་པའི་རིམ་པ་རྣམས་དུས་ཐོག་ལྟར་ཚུལ་བཞིན་བསྲུང་བ་ཡང་མི་ནུས་སོ། ། རྩ་བར། སེམས་ཀྱི་གླང་པོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་ཐུལ་མྱོས་པ་ཡིས། །འདི་ན་དེ་འདྲའི་གནོད་མི་བྱེད། ། དེ་འདྲའི་སེམས་དེ་གླང་པོའི་གཟུགས་སུ་བཀོད་ནས་སེམས་ཀྱི་གླང་པོ་དེ་ཅི་འདོད་འདོད་ལྟར་རྒྱ་ཡན་དུ་བཏང་བས། མནར་མེད་ལ་སོགས་པའི་དམྱལ་བའི་སྡུག་བསྔལ་དག་ཆེས་ཆེར་མྱོང་དགོས་ཀྱི་གནོད་པ་བྱེད་པ་ལྟར། སྤྱིར་བཏང་གི་གླང་ཆེན་དྲག་སྤྱོད་ཀྱི་ལས་འདྲ་མིན་གྱིས་མ་ཐུལ་བར་རབ་ཏུ་མྱོས་པ་ཡིས། འདི་ན་ངན་འགྲོའི་གནས་ལ་འཕེན་པ་དེ་འདྲ་བའི་གནོད་པ་མི་བྱེད་དོ། ། རྩ་བར། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། ། དུས་དང་རྣམ་པ་ཀུན་ཏུ་ནས་བླང་བྱ་དང་དོར་བྱའི་གནས་གང་ཡིན་གཏན་ནས་མི་བརྗེད་པར་རྟག་ 134 ཏུ་དྲན་པའི་ཐག་པ་ཡིས། སེམས་ཀྱི་གླང་པོ་དེ་དགེ་བ་འབའ་ཞིག་གི་ཕྱོགས་སུ་ཆེས་ཆེར་དམ་འབོར་བཏགས་ན། འཇིགས་པའི་གནས་ཐམས་ཅད་གཅིག་ཀྱང་མེད་པར་འགྱུར་ཞིང་། མི་རིང་བར་མངོན་མཐོ་དང་ངེས་ལེགས་སོགས་ཐོབ་བྱེད་ཀྱི་དགེ་བའི་གཞི་རྩ་ཐམས་ཅད་རང་ལག་ཏུ་འོང་བར་འགྱུར་རོ། ། རྩ་བར། སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་། །སེམས་ཅན་དམྱལ་བའི་སྲུང་མ་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་འདི་གཅིག་པུ་བཏུལ་བ་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། ། སྡེར་མོ་ཅན་གྱི་རིགས་དམར་ཡག་སྟག་དང་། གངས་དཀྱིལ་དུ་གནས་པའི་སེངྒེ་། ལུས་བོང་ཆེ་བའི་གླང་ཆེན། མི་ལྟར་ལངས་ནས་འགྲོ་ཤེས་པའི་དྲེད། ང་རྒྱལ་ཤིན་ཏུ་ཆེ་བའི་སྦྲུལ་དང་། དེ་མིན་དགྲ་ཡི་རིགས་རྣམས་ཐམས་ཅད་དང་། གཞན་ཡང་། སེམས་ཅན་དམྱལ་བའི་སྲུང་མ་མི་སྡིག་པའི་བཟོ་ལྟ་ཅན་དང་། སྔགས་ཀྱིས་གནོད་པའི་བྱད་མ་དང་། དེ་བཞིན་སྲིན་པོ་མི་ཡི་གཟུགས་ཅན་རྣམས་དང་། ཚེ་འདི་ཕྱིའི་དགྲ་ཐམས་ཅད་རང་གི་སེམས་འདི་གཅིག་པུ་དགེ་བའི་དམིགས་པ་ལ་གཟབ་གནན་གྱིས་བཏགས་པ་ཡིས། གནོད་བྱེད་དེ་དག་ཐམས་ཅད་བཏགས་པར་འགྱུར་ཞིང་། རང་སེམས་འདི་གཅིག་པུ་རང་བཞིན་མེད་པར་བསྒོམས་པས་བཏུལ་བ་ན། གནོད་བྱེད་ཀྱི་རིགས་དེ་དག་ཐམས་ཅད་ཀྱང་རང་བཞིན་གྱིས་ཐུལ་བར་འགྱུར་རོ། ། རྩ་བར། འདི་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། ། འདི་ལྟར་གོང་གསལ་འཇིགས་པའི་གནས་ཐམས་ཅད་དང་། གོང་དུ་མ་བསྟན་པའི་སྡུག་བསྔལ་ཕྲ་རགས་དཔག་ཏུ་མེད་པ་ཡང་། སེམས་མ་རུང་བས་གཞི་རྩ་བྱས་པ་ལས་ 135 བྱུང་བ་ཡིན་ནོ་ཞེས་ཡང་དག་པའི་ཆོས་གསུང་བ་པོ་སྟོན་པ་བཀའ་དྲིན་ཅན་ཉིད་ཀྱིས་མདོ་དྲན་པ་ཉེར་བཞག་སོགས་ལས་ལེགས་པར་བསྟན་ནོ། ། རྩ་བར། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་ད་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །དེ་ལྟར་འཇིག་རྟེན་གསུམ་པོ་ན། །སེམས་ལས་འཇིགས་པ་གཞན་འགའ་མེད། ། གོང་བཀོད་ཀྱི་སྡུག་བསྔལ་དེ་དག་སེམས་མ་རུང་བས་བྱས་པ་མིན་ན། སེམས་ཅན་དམྱལ་བར་གནས་པའི་ཚེ་དམྱལ་བའི་སྲུང་མ་རྣམས་ཀྱི་ལག་ཏུ་ཐོགས་པའི་མཚོན ཆ་རྣམས་སེམས་ཅན་སུ་ཞིག་གིས་ནི་སུ་དང་སུས་ཆེད་དུ་བྱས། ཡུལ་དེར་ཡོད་པའི་ལྕགས་སྲེག་གི་ས་གཞི་དེ་རིགས་ཀྱང་སུ་ཡིས་ག་དུས་བྱས་ལེགས་པར་བསྟན་དུ་མེད་ལ། ད་དུང་ཤལ་མ་ལའི་སྡོང་སྟེང་དུ་ལྷགས་པའི་མོ་ཚོགས་དེ་བུད་མེད་དེ་དག་རྒྱུ་དང་རྐྱེན་ཅི་ལས་བྱུང་། དེ་འདྲ་བ་དེ་དག་གཅིག་ཀྱང་མ་ལུས་པར་ཐམས་ཅད་ཀྱང་། སྡིག་སེམས་ཉིད་ལས་བྱུང་བ་ཡིན་པར་རྣམ་འདྲེན་བཞི་པ་ཐུབ་པའི་དབང་པོས་མདོ་སྡེ་དྲན་པ་ཉེར་བཞགལས་གསལ་བར་གསུངས། དེ་ཡང་མི་དགེ་བའི་ལས་ཐམས་ཅད་རྩ་བ་སེམས་མ་རུང་བ་ལས་བྱུང་བ་གོང་དུ་བཤད་པ་དེ་ལྟར་ན། ས་འོག་ས་བླ་ས་སྟེང་སོགས་འཇིག་རྟེན་གསུམ་པོ་དག་ན། སེམས་ལས་འཇིགས་པ་གཞན་འགའ་ཞིག་གང་དུ་ཡང་མེད་དོ ། ། རྩ་བར། གལ་ཏེ་འགྲོ་བ་དཔུལ་བོར་ནས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། ། གལ་ཏེ་སྔོན་ཆད་འགྲོ་བ་རྣམས་སྤྱིན་པས་ཚིམ་པར་བྱས་ཏེ་དབུལ་བོར་ཏེ་དབུལ་ཕོངས་ཀྱི་གནས་ལས་ཐར་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་སྤྱིན་པ་ཡོངས་སུ་རྫོགས་པ་ཡིན་ན། ད་དུང་ཡང་ཕྱོགས་གཞན་དུ་འགྲོ་བ་ཆེས་ཆེར་བཀྲེན་པ་མང་དུ་ཡོད་ན། སྔོན་སྐྱོབ་པ་གྲགས་པ་རྣམས་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། ། 136 རྩ་བར། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། ། བདོག་པ་སྟེ་རིན་ཐང་ཆེ་ཆུང་ལ་མ་ལྟོས་པར་རང་གི་དངོས་པོ་ཐམས་ཅད་སེར་སྣས་མ་སྦགས་པའི་སྒོ་ནས་སྦྱིན་པའི་འབྲས་བུ་དང་བཅས་ཏེ། ཉེ་རིང་མེད་པར་སྐྱེ་བོ་ཀུན་ལ་གཏོང་སེམས་ཀྱི་གོམས་པ་མཐར་ཕྱིན་པ་བྱས་པ་ཉིད་ཀྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ཚུལ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་སོགས་ལས་གསུངས་ཏེ། རྒྱུ་མཚན་དེ་ལྟ་བས་ན། སྦྱིན་པ་ཟེར་བ་དེ་ནི་གཙོ་བོ་སེམས་ལ་རག་ལས་པ་ཉིད་དོ། ། རྩ་བར། ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བ་སྤྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཙམ་མ་ཟད། ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པ་ལ་མཚོན་ནའང་ཆུ་ལ་གནས་པའི་ཉ་རིགས་དང་། རུས་སྦལ་ལ་སོགས་པའི་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་མིས་གསོད་མི་ཐུབ་པའི་ས་ཕྱོགས་གང་ཞིག་ཏུ། དེ་དག་ནམ་ཡང་གསོད་པར་མི་འགྱུར་བར་སྤྲད་མི་ནུས། རྒྱུ་མཚན་དེས་ན། རང་རང་གི་སྲོག་གཅོད་ཀྱི་ལས་སྤོང་བའི་སེམས་ནི་དུས་ནམ་གྱི་ཚེ་ཐོབ་པ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་མདོ་སྡེ་དུ་མ་ནས་བཤད་དོ། ། རྩ་བར། སེམས་ཅན་མི་སྲིན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དེ་དག་ཐམས་ཅད་བཅོམ་དང་འདྲ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སོ་སོའི་སེམས་དང་ཐ་དད་པའི་ལོག་ཁད་ཅིག་མ་ཡིན་ཏེ། སྙིགས་དུས་ཀྱི་སེམས་ཅན་མི་སྲིན་པ་རྣམས་ནི་ནམ་མཁའ་བཞིན་དུ་མུ་མཐའ་མེད་སྟབས། དེ་དག་ཐམས་ཅད་ནམ་ཡང་གཞོམ་གྱིས་ཡོང་མི་ལང་ལ། རྒྱ་མཚན་དེ་ལྟ་བས་ན། རང་རང་གི་ཁྲོ་བའི་སེམས་འདི་གཅིག་པུ་ལེགས་པར་བཅོམ་ཐུབ་ན། ཕྱི་ནང་གི་དགྲ་བོ་དེ་དག་ཐམས་ཅད་དུས་གཅིག་ཏུ་བཅོམ་པ་དང་ཀུན་ནས་འདྲའོ། ། 137 རྩ་བར། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། ། དཔེར་ན། ཚེར་མ་སོགས་ཀྱི་གནོད་པ་སེལ་ཕྱིར་མཐའ་ཡས་པའི་ས་སྟེང་འདི་དག་ཀོ་བས་ལེགས་པར་གཡོག་ཏུ་འདོད་ཀྱང་། དེ་སྙེད་ཅིག་ཀོ་བས་གཡོགས་ག་ལ་ལང་། དེ་བས་རང་གི་ལྷམ་མཐིལ་ཀོ་བས་གཡོགས་པ་དེ་ཙམ་གྱི་ཀོ་བས་ནི། ས་སྟེང་གི་མཐའ་དབུས་ཐམས་ཅད་ཀོ་བས་གཡོགས་པ་དང་ཅིས་མི་འདྲ། རྩ་བར། དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གི། །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། ། གོང་གི་དཔེ་དེ་བཞིན་ཆགས་སྡང་གི་ཡུལ་དུ་གྱུར་པའི་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་པ་དག་ནམ་ཡང་བདག་གིས་ལེགས་པར་ཕྱིར་ཟློག་པར་མི་ལང་གི། དེ་བས་བདག་གི་སེམས་ཀྱི་ཁྲོ་བ་འདི་ཡུལ་དེ་དག་ལས་ལེགས་པར་ཕྱིར་ཟློག་བྱའི། དངོས་པོ་གཞན་རྣམས་ཐམས་ཅད་ཕྱིར་བཟློག་གོ་ཅི་ཞིག་དགོས། རྩ་བར། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ལུས་ངག་བཅས་པའི་འབྲས་བུ་ཡང་། །སྤྱོད་པ་ཞན་པས་དེ་ལྟ་མིན། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ལ་འཇུག་པར་སྤྲོ་བའི་སེམས་གསལ་གཅིག་བསྐྱེད་པའི་འབྲས་བུ་གང་གི་མཐུས། ལྷ་ཡི་དབང་པོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་གནས་སུ་སྐྱེ་ངེས་ཡིན་པ་ལྟར། ནང་སེམས་ཀྱི་ཏིང་ངེ་འཛིན་སྒོམ་སྟོབས་དང་མ་འབྲེལ་ན་ཕྱིའི་ལུས་ངག་དང་བཅས་པའི་འབྲས་བུ་ཡང་སྤྱོད་པའི་ཆ་ནས་ཆེས་ཆེར་ཞན་པས། གནས་དེ་ལྟར་འཐོབ་པ་ནམ་ཡང་སྲིད་པ་མིན། དེའི་རྒྱུ་མཚན་ནི། 138 ལུས་ངག་ཡིད་གསུམ་གྱི་དགེ་བའི་ནང་ནས་སེམས་ཀྱི་དགེ་བ་དེ་ནས་པ་གཞན་ལས་ཆེ་སྟབས་མིན་ནམ་སྙམ། བསམ་གཏན་གྱི་ཕར་ཕྱིན་འདི་ཡང་སེམས་ཉིད་ཡིན་ཚུལ་བཤད་ན། གཟུངས་སྔགས་ཐེར་འབུམ་མང་པོ་ངག་ནས་བཟླས་བརྗོད་བྱེད་པ་དང་ནི། ཕྱག་འཚལ་སྐོར་སྦྱོང་སོགས་ལུས་ཀྱི་དཀའ་ཐུབ་ཀུན། ཡུན་རིང་བོའི་དུས་སུ་རྒྱུན་གཏན་ནས་མ་ཆད་པར་སྤྱད་པར་བྱས་ཀྱང་། སེམས་གཞི་གཅིག་གི་སྟེང་དུ་མ་གནས་པར་གཞི་གཞན་སྣ་ཚོགས་ལ་གཡེ་མ་ས་བྱས་པ་ཞིག་ཡིན་ན་ནི། དེ་ཉིད་རིག་པ་སངས་རྒྱས་ཀྱིས་དོན་གྱི་འབྲས་བུ་མེད་པ་ཏིང་ངེ་འཛིན་སྡུད་པའི་མདོ་ལས་གསུངས་སོ། ། རྩ་བར། གང་གི་ཆོས་ཀྱི་གཙོ་བོ་མཆོག ། སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །ཏེ་དག་དོན་མེད་ཅི་ནར་འཁྱམས། ། ཆོས་འཆད་ཁྲིད་བྱེད་མཁན་གྱི་གང་ཟག་གང་སུ་འདྲ་ཞིག་གིས་ཀྱང་ཆོས་ཀྱི་གཙོ་བོ་མཆོག་གམ་སྙིང་པོར་གྱུར་པ། སྣོད་མིན་ལ་བསྟན་མི་རུང་བའི་སེམས་ཀྱི་གསང་བ་ཆོས་ཉིད་ཀྱི་རིག་པ་འདི་ལེགམ་་མ་ཤེས་ན། བདེ་སྐྱིད་ཡང་དག་པ་ཞི ག་ཐོབ་ཉེ། གམ་ཏ་མ་ཤེས་ན། འདོད་ཀྱིས་སྡུག་བམཡ་མཐའ་དག་རྩ་ནས་གཞོམ་པར་འདོད་པའི་ཀུན་སློང་སྐྱེས་ཀྱང་། དེ་དག་དོན་མེད་ཅི་ནར་འཁྱམས་སོ། ། རྩ་བར། དེ་ལྟས་བདག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། ། གོང་དུ་ཐམས་ཅད་སེམས་ལ་རག་ལས་པའི་རྒྱུ་མཚན་མང་དུ་བཤད་པ་དེ་ལྟ་བས་ན། བདག་གི་སེམས་འདི་ནི། བླང་བྱ་དང་དོར་བྱའི་གནས་མི་བརྗེད་པར་ལེགས་པར་བཟུང་བ་དང་། ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱ་ཞིང་། རང་ཉིད་ཀྱི་སེམས་བསྲུང་བ་བརྟུལ་ཞུགས་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་པར་ཞིབ་མོར་མ་གཏོགས་པ་དང་། བརྟུལ་ཞུགས་གཞན་ལུས་ཀྱི་སྤྱོད་ལམ་དང་། ངག་གི་སྨྲ་བརྗོད་དག་སེམས་སྲུང་བའི་ 139 བརྟུལ་ཞུགས་ལ་ལྟོས་ཏེ་ཕལ་བ་ཡིན་སྟབས། དེ་འདྲ་བ་མང་པོས་བདག་ལ་ཅི་ཞིག་བྱ་སྟེ་ཕན་ཐོགས་མེད་དོ། ། རྩ་བར། མ་དྲངས་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། ། ལུས་ལ་རྨ་ཡོད་པའི་སྐྱེ་བོ་དག་མ་དྲངས་གྲོལ་བ་སྟེ་སྐྱེ་བོ་རྒོད་བག་ཅན་སྤྱོད་པ་ངན་པའི་ཁྲོད་དུ་གནས་པའི་ཚེ་ན། རིག་པ་ཆེས་ཆེར་བསྒྲིམས་ཏེ་རྨ་ཡི་བག་ཟོན་བྱེད་པ་བཞིན་དུ། ཉོན་མོངས་སྐྱེ་བའི་རྐྱེན་རྒྱུན་མར་བྱེད་པའི་སྐྱེ་བོ་ངན་པ་དག་གི་ཁྲོད་ན་གནས་པ་དག་གིས་ཀྱང་། སེམས་ཀྱི་རྨ་འདི་དུས་རྟག་ཏུ་མ་བཏང་བར་བསྲུང་བར་བྱའོ། ། རྩ་བར། རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་རྨ་ཡི་བག་བྱེད་ན། །བསྡུས་འཇོམས་རིས་འཇོམས་སྐྲག་པ་དག ། སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་། ། རང་ཉིད་ཀྱི་ལུས་སྟེང་ལ་རྨ་ཡི་སྡུག་བསྔལ་ཆེས་ཆུང་ངུ་ཞིག་ཡོད་པ་འདི་ཡིས་ཀྱང་སྐྲག་པའང་རྨ་ཡི་དབང་གིས་རྒྱུན་དུ་བག་ཡོད་པར་བྱེད་དགོས་ན། བསྡུས་འཇོམས་ཀྱི་རི་བོས་ལུས་འཇོམས་པར་བྱེད་པ་ལ་སྐྲག་པ་དག སེམས་ཀྱི་རྨ་འདི་ལྟ་བུ་ཅེས་མི་བསྲུང་སྟེ་ངེས་པར་དུ་སྲུངས་ཤིག། རྩ་བར། སྤྱོད་པ་འདི་འདྲས་གནས་བྱེད་ན། །སྐྱེ་བོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་ན་གནས་ཀྱང་རུང་། །སྡོམ་བརྩོན་བརྟན་པ་ཉམས་མི་འགྱུར། ། རང་རང་གི་སེམས་བསྲུང་བའི་སྤྱོད་པ་འདི་འདྲས་རྟག་ཏུ་གནས་པར་བྱེད་ན། སངས་རྒྱས་སྟོང་གིས་ཀྱང་འདུལ་དཀའ་བའི་སྐྱེ་བོ་ངན་པ་ཀླ་ཀློའི་ལྟ་བུའི་ཁྲོད་ན་གནས་སམ། ཡང་ན་ཆགས་སྤྱོད་ལ་ཞིན་པའི་བུད་མེད་ཀྱི་ཁྲོད་ན་ཁྲིམས་གྲོགས་མེད་པར་གཅིག་པུར་གནས་ཀྱང་རུང་སྟེ། སྔར་ཁས་བླངས་པའི་དམ་ཚིག་སྡོམ་པ་རྒྱུན་དུ་བསྲུང་བ་ལ་བརྩོན་སེམས་ཆེས་ཆེར་བརྟན་པ་ཞིག་ཡོད་པ་འདི་ནམ་ཡང་ཉམས་པར་མི་འགྱུར་རོ། ། 140 རྩ་བར། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་མེད་སླ་ཞིང་། །དགེ་བ་གཞན་ཡང་ཉམས་སླ་ཡི། །སེམས་ནི་ནམ་ཡང་ཉམས་མི་བྱ། ། བདག་གི་ཟས་གོས་གནས་མལ་ལ་སོགས་པའི་རྙེད་པ་དང་། གཞན་གྱིས་ཕྱག་བྱ་བ་ལ་སོགས་པའི་བཀུར་སྟི་དང་། ལུས་དང་། ལུས་འཚོ་བའི་རྟེན་སྲོག་སོགས་ཀྱང་མེད་སླ་ཞིང་། ལུས་ཀྱི་ཕྱག་དང་ངག་གི་བཟླས་བརྗོད་སོགས་དགེ་བ་གཞན་ཡང་ཉམས་པར་སླ་མེ། ཐེག་པ་ཆེན་པོའི་སེམས་བསྐྱེད་འདི་ལྟ་བུ་ནི་དུས་ནམ་ཡང་ཉམས་པར་མི་བྱའོ། ། རྩ་བར། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག ། ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱར། ། མངོན་ལྐོག་གཉིས་ཀར་སེམས་དགེ་བའི་ཕྱོགས་སུ་བསྲུང་བར་འདོད་པའི་མི་རྣམས་ལ་ནི། བླང་བྱ་དང་དོར་བྱའི་གནས་གཏན་དུ་མི་བརྗེད་པའི་དྲན་པ་དང་ནི། ལུས་དང་སེམས་ལ་ཡང་ནས་ཡང་དུ་བརྟག་པའི་ཤེས་བཞིན་དག ཕྱོགས་ཐམས་ཅད་ནས་ཆེས་ཆེར་འབད་པས་རྟག་ཏུ་ལེགས་པར་སྲུངས་ཤིག་ཅེས་བདག་ནི་དེ་ལྟར་ཐལ་མོ་སྦྱར་ནས་ཞུ་བ་འཐེན་ནོ། ། རྩ་བར། ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་རྨོངས་པས་སེམས་དཀྲུགས་པ། །ལས་རྣམས་ཀུན་ལ་མཐུ་མེད་དོ། ། ནད་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་ལུས་ཀུན་ནས་རབ་ཏུ་དཀྲུགས་པའི་འགྲོ་བ་མིའི་རིགས་དག་ནི། རང་གཞན་གྱི་ཆེད་དུ་བྱ་བ་ཆེ་ཕྲ་གང་ཞིག་རྩོམ་པར་འདོད་པའི་ལས་རྣམས་ཀུན་ལ་མཐུ་གཏད་ནས་མེད་པ་དང་། དེ་བཞིན་དུ་དྲན་ཤེས་ཉམས་པ་ལ་སོགས་པའི་རྨོངས་པས་སེམས་དཀྲུགས་པས་ན། ཐོས་པ་དང་བསམ་པ་དང་སྒོམ་པའི་ལས་རྣམས་ཀུན་ལའང་མཐུ་མེད་དོ། ། རྩ་བར། ཤེས་བཞིན་མེད་པའི་སེམས་ལྡན་པས། །ཐོས་དང་བསམ་དང་སྒོམ་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། ། 141 ལུས་སེམས་ལ་ཡང་ནས་ཡང་དུ་བརྟག་པའི་ཤེས་བཞིན་ཡང་དག་པ་ཞིག་མེད་པའི་སེམས་དང་ལྡན་པས། བཤེས་གཉེན་དམ་པའི་མདུན་ནས་གཞུང་ལུགས་མང་དུ་ཐོས་པ་དང་། དེ་དག་གི་དོན་ལ་ཡང་ནས་ཡང་དུ་བསམ་པ་དང་། བསམ་པའི་དོན་དུས་རྟག་ཏུ་འབད་པས་སྒོམ་པ་སོགས་ཇི་ལྟར་བྱས་ན་ཡང་། དཔེར་ན། གློ་རྡོལ་བའམ་གློར་བུ་ག་བཏོད་པའི་བུམ་པའི་ནང་གི་ཆུ་བུམ་ནང་དུ་མི་སྡོད་པར་ཕྱིར་འཛག་པ་བཞིན་དུ། དྲན་པའི་ཡུལ་ལ་ནི་སྔར་ཐོས་སོགས་བྱས་པ་དེ་རིགས་གང་ཡང་མི་གནས་སོ། ། རྩ་བར། ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། ། རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པར་ཐོས་པ་དང་ལྡན་ཞིང་། ཆོས་ལ་ཡིད་ཆེས་ཁོ་ནས་དད་པ་ཅན་དང་ནི། ལུས་ངག་ཡིད་གསུམ་དགེ་བའི་ཕྱོགས་ལ་རྟག་ཏུ་སྦྱོར་བའི་བརྩོན་པ་ལྷུར་ལེན་བྱེད་མཁན་གྱི་སེམས་ཅན་དུ་མ་ལ་ཡང་། དུས་རྒྱུན་དུ་ཤེས་བཞིན་བརྟན་པོ་མེད་པའི་སྐྱོན་འདྲ་མིན་ཆགས་པས། རང་རྒྱུད་ལ་ལྟུང་བའི་རྙོག་པ་དང་བཅས་པར་འགྱུར་བ་གདོད་མི་ཟ་བས་ཤེས་བཞིན་བསྲུང་བ་ལ་ཅི་ནས་ཀྱང་འབད་དོ། ། རྩ་བར། ཤེས་བཞིན་མེད་པའི་ཆོམ་རྐུན་དག ། དྲན་པ་ཉམས་པའི་རྗེས་འབྲངས་པས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་འཕྲོག་བཞིན་ངན་འགྲོར་འགྲོ། ། ཤེས་བཞིན་ཡང་དག་པ་ཞིག་མེད་པའི་རྐྱེན་གྱིས་ཉོན་མོངས་པའི་ཆོམ་རྐུན་ངན་པ་དག་དྲན་པ་ཡོངས་སུ་ཉམས་པའི་རྗེས་སུ་འབྲངས་པས། སྔོན་གྱི་ཚེ་བསོད་ནམས་ཀྱི ཚོགས་དག་ནི་ཉེ་བར་བསགས་ཀྱང་། རྐུན་པོས་འཕྲོག་པའི་ནོར་རྫས་བཞིན་ཅི་ཡང་མེད་པར་ངན་འགྲོར་མུ་མཐའ་མེད་པར་འགྲོའོ། ། རྩ་བར། ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། །གླགས་རྙེད་གྱུར་ནས་དགེ་འཕྲོག་ཅིང་། །བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད། ། 142 ཉོན་མོངས་པའི་ཆོམ་རྐུན་གྱི་ཚོགས་འདི་དག་གིས་ནི། ཤེས་བཞིན་མེད་པའམ། གཉེན་པོའི་ནུས་པ་ཅུང་ཟད་ཉམས་ན་དེ་མ་ཐག་གླགས་སྐབས་ཚོལ་བར་བྱེད་པ་སྟེ་གལ་སྲིད་གླགས་སམ་སྐབས་རྙེད་པར་གྱུར་ན། དེ་མ་ཐག་ནས་སྔར་བསགས་པའི་དགེ་བ་རྣམས་འཕྲོག་ཅིང་། དགེ་བ་དེ་དག་གི་འབྲས་བུ་བདེ་འགྲོའི་སྲོག་ཀྱང་རྩད་ནས་འཇོམས་པར་བྱེད་དོ། ། རྩ་བར། དེ་བས་དྲན་པ་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏང་ངོ་། །སོང་ནའང་ངན་འགྲོའི་གནོད་པ་དག ། དྲན་པ་བྱས་ཏེ་ཉེ་བར་བཞག ། རྒྱུ་མཚན་དེ་བས་ན། དྲན་པ་དེ། ཡིད་ཀྱི་སྒོ་མོ་ནས་གུད་དུའམ་ལོགས་ཁད་ཅིག་ཏུ་ནམ་ཡང་མི་གཏང་ངོ་། །གལ་སྲིད་དྲན་པ་དེ་ཉམས་སོང་ནའང་དེའི་མཇུག་ཐོག་དེ་མ་ཐག་ཏུ་ངན་འགྲོའི་གནོད་པ་མི་བཟད་པ་དག ཡང་ཡང་སེམས་ནང་དྲན་པར་བྱས་ཏེ་སླར་ཡང་སྔར་བཞིན་དྲན་པ་ཉེ་བར་བཞག་གོ ། རྩ་བར། བླ་མ་དང་ནི་འགྲོགས་པ་ལས། །མཁན་པོས་རྗེས་སུ་བསྟན་པ་དང་། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་བདེ་བླག་ཉིད་དུ་སྐྱེ། ། དེ་ཡང་དྲན་པ་སྐྱེ་བའི་རྒྱུ་གང་ཡོད་དམ་ཞེ་ན། སོ་སོའི་རྩ་བའི་བླ་མ་དང་ནི་རྟག་ཏུ་འགྲོགས་པ་ལས་དང་། མཁན་པོས་རྙེད་དཀའ་བའི་གདམས་ངག་རྗེས་སུ་བསྟན་པ་དང་། གཞན་དག་གིས་འཕྱ་དམོད་ལ་འཇིགས་པས། སྐལ་ལྡན་རང་རྒྱུད་ཀྱི་བསླབ་པའི་གནས་མཐའ་དག་ལ་ཆེས་ཆེར་གུས་པར་བྱེད་པ་རྣམས་ལ། དྲན་པ་བདེ་བླག་ཉིད་དུ་སྟེ་དཀའ་ཚེགས་ཆེར་མེད་པར་སྐྱེའོ། ། རྩ་བར། སངས་རྒྱས་བྱང་ཆུབ་སེམས་དཔའ་དག ། ཀུན་ཏུ་ཐོགས་མེད་གཟིགས པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་མནོས། ། 143 རང་ཉིད་གྲོགས་མེད་གཅིག་པུར་དབེན་པའི་རི་ཁྲོད་སོགས་སུ་ཡུན་རིང་དུ་གནས་པའི་ཚེ་ན་ཡང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་དང་། དེའི་སྲས་འཕགས་པའི་ཚོགས་བྱང་ཆུབ་སེམས་དཔའ་དག ཤེས་བྱའི་གནས་མ་ལུས་པ་རྣམ་པ་ཀུན་ཏུ་ཐོགས་མེད་དུ་གཟིགས་པར་ལྡན་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན། དུས་རྟག་པར་བདག་ནི་གནས་སོ་ཞེས། དེ་ལྟར་ཡང་ནས་ཡང་དུ་བསམས་ནས་རང་ཉིད་རྒྱུ་མཚན་དུ་བྱས་པའི་ངོ་ཚ་དང་། ལྷག་པའི་བསླབ་པ་གསུམ་ལ་རབ་ཏུ་གུས་པ་དང་། ཡིད་དུ་མི་འོང་བའི་རྣམ་སྨིན་ལ་སེམས་གཏིང་ནས་འཇིགས་པའི་རྣམ་འགྱུར་དང་ལྡན་པས་དེ་བཞིན་དུ་མནོས་པ་སྟེ་དང་དུ་བླངས་ནས་ཚུལ་དང་མཐུན་པར་བྱས་སོ། ། རྩ་བར། དེས་ནི་སངས་རྒྱས་རྗེས་དྲན་ཡང་། །དེ་ལ་ཡང་དང་ཡང་དུ་འབྱུང་། །གང་ཚེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་། །སོང་བ་དག་ཀྱང་ཕྱིར་འོང་འགྱུར། ། དུས་རྟག་ཏུ་རང་ཉིད་སངས་རྒྱས་སྲས་དང་བཅས་པའི་མདུན་སར་འབྲལ་མེད་དུ་གནས་ན་བསམས་པ་དེས་ནི་སངས་རྒྱས་རྗེས་སུ་དྲན་པ་ཡང་། གང་ཟག་དེ་ལྟ་བུ་ལ་ལན་གཅིག་གཉིས་ཙམ་མིན་པར་ཡང་དང་ཡང་དུ་འབྱུང་ངོ་། །གང་གི་ཚེ་དྲན་པ་དེས་ཡིད་ཀྱི་སྒོ་མོ་ནས་ཉོན་མོངས་བསྲུང་བའི་དོན་དུ་གནས་པར་གྱུར་པ་དེའི་ཚེ། དེ་དང་མཉམ་དུ་ཤེས་བཞིན་གྱི་རིགས་ཀྱང་འོང་བར་འགྱུར་ཞིང་། སོང་བ་སྟེ་རྐྱེན་སྣ་ཚོགས་ཀྱིས་ཉམས་ཚར་བ་དག་ཀྱང་སླར་ཡང་ཕྱིར་འོང་བར་འགྱུར་རོ། ། རྩ་བར། རེ་ཞིག་དང་པོར་འདི་འདྲའི་སེམས། །འདི་ནི་སྐྱོན་བཅས་ཤེས་བྱས་ནས། །དེ་ཚེ་བདག་གིས་ཤིང་བཞིན་དུ། །ཟུངས་ཐུབ་པ་ནི་གནས་པར་བྱ། ། འོ་ན། དྲན་པ་དང་ཤེས་བཞིན་སྟོན་ཚུལ་ཇི་ལྟར་ཡིན་སྙམ་ན། རེ་ཞིག་རང་ཉིད་བྱ་བ་ལས་ཀྱི་འཁོར་ལོ་ཆེ་ཕྲ་གང་དང་གང་ཞིག་ལ་འཇུག་པའི་དང་པོར་རང་གི་སེམས་ 144 རྒྱུད་ལ་ལེགས་པར་ཞིབ་ཏུ་བརྟགས་ནས་སེམས་དེ་ཉོན་མོངས་པའི་གཞན་དབང་དུ་གྱུར་འདུག་ན། འདི་འདྲའི་སེམས་འདི་ནི་དུས་དང་གནས་སྐབས་ཀུན་ཏུ་སྐྱོན་འབའ་ཞིག་དང་བཅས་པ་ཡིན་པར་ཤེས་པར་བྱས་ནས། དེའི་ཚེ་བདག་གིས་སེམས་མེད་པའི་ལྗོན་ཤིང་བཞིན་དུ། ཉོན་མོངས་པའི་ཉེས་པས་གོས་སུ་མི་འཇུག་པར་ཟུངས་ཐུབ་པར་ནི་གནས་པར་བྱའོ། ། རྩ་བར། དོན་མེད་གཡེང་བར་ལྟ་བ་ནི། །ནམ་ཡང་བདག་གིས་མི་བྱ་སྟེ། །ངེས་པར་སེམས་པས་རྟག་ཏུ་ནི། །མིག་ནི་ཕབ་སྟེ་བལྟ་བར་བྱ། ། དོན་གོ་ཅི་གང་ཡང་མེད་པར་དུས་ནས་དུས་སུ་གཡེང་བར་ལྟ་བ་འདི་རིགས་ནི། ནམ་ཡང་བདག་གིས་མི་བྱ་སྟེ། བླང་བྱ་དང་དོར་བྱ་གང་ཡིན་སེམས་ལ་ངེས་པར་བྱས་ནས། སེམས་པས་གནས་སྐབས་ཙམ་མིན་པར་རྟག་ཏུ་ནི་མིག་གཉིས་ནི་གཉའ་ཤིང་གང་ཙམ་དུ་མར་ཕབ་སྟེ་གཟབ་ནན་གྱིས་བལྟ་བར་བྱའོ། ། རྩ་བར། ལྟ་བ་ངལ་གསོའི་ཆེད་དུ་ནི། །རེས་འགའ་ཕྱོགས་སུ་བལྟ་བར་བྱ། །འགའ་ཞིག་མིག་ལམ་སྣང་གྱུར་ན། །བལྟས་ནས་འོངས་པ་ལེགས་ཞེས་བརྗོད། །ལམ་སོགས་འཇིགས་པ་བརྟག་པའི་ཕྱིར། །ཡང་དང་ཡང་དུ་ཕྱོགས་བཞིར་བལྟ། ། འོ་ན། ངལ་དུབ་ཀྱི་གནས་སྐབས་སུ་ཇི་ལྟར་ལྟ་བར་བྱ། ཆེས་ཆེར་རབ་ཏུ་དུབ་པ་སོགས་ཀྱི་སྐབས་སུ་ཅུང་ཟད་ངལ་གསོ་བའི་ཆེད་དུ་ནི། རེས་འགའ་འམ་དུས་ཚོད་གང་འཚམ་ཞིག་གི་རྗེས་མགོ་བོ་ཡར་བཏེགས་ཏེ་རང་དང་ཐག་ཉེ་འགྱངས་ཀྱི་སར་ཡོད་པའི་མེ་ཏོག་དང་ལྗོན་ཤིང་སོགས་ཀྱི་ཕྱོགས་སུ་ལེགས་པར་བལྟ་བར་བྱ། དེ་ལྟར་བལྟས་པའི་ཚེ། མི་འགའ་ཞིག་རང་ཉིད་ཀྱི་མིག་ལམ་དུ་སྣང་བར་གྱུར་ན། ཁོང་ཚོའི་ཕྱོགས་སུ་སྔར་བཞིན་དུ་བལྟས་ནས་ཁྱེད་ཅག་གནས་འདིར་འོངས་པ་ཧ་ཅང་ལེགས་ཞེས་ངེས་པར་དུ་བརྗོད་དགོས་པ་མ་ཟད། ད་དུང་ནགས་གསེབ་སོགས་ཀྱིས་མཚོན་ཉེན་ཁ་ཆེ་བའི་ལམ་ 145 སོགས་སུ་སྟག་གཟིག་གཅན་གཟན་སོགས་ཀྱི་འཇིགས་པ་ཡོད་མེད་ཞིབ་ཏུ་བརྟག་པའི་ཕྱིར་དུ། མིག་གཉིས་ཀྱིས་ཡང་དང་ཡང་དུ་ཕྱོགས་བཞི་སོ་སོར་བལྟ་བར་བྱའོ། ། རྩ་བར། ངལ་གསོ་ཁ་ནི་ཕྱིར་བལྟས་ནས། །རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱ། །མདུན་དང་རྒྱབ་ཏུ་བརྟག་བྱས་ནས། །འགྲོ་འམ་ཡང་ན་འོང་བྱ་སྟེ། །དེ་ལྟར་གནས་སྐབས་ཐམས་ཅད་དུ། །དགོས་པ་ཤེས་ནས་སྤྱད་པར་བྱ། ། མ་ཟད་ངལ་གསོ་བའི་སྐབས་སུ་ཡང་ཁ་ནི་རྒྱབ་ངོས་སུ་ཕྱིར་ཕྱོགས་ཏེ་བལྟས་ནས་རྒྱབ་ངོས་ཀྱི་ཕྱོགས་སུ་འཇིགས་པ་ཡོད་མེད་བལྟ་བར་བྱ། དེ་ལྟར་མདུན་ངོས་དང་རྒྱབ་ཀྱི་ཕྱོགས་ཀུན་ཏུ་འཇིགས་པ་ཡོད་མེད་ཡང་ཡང་བརྟག་པར་བྱས་ནས། འཇིགས་པ་མེད་པ་ཐག་གིས་ཆོད་པ་བྱུང་ན་གཞི་ནས་འགྲོ་བའམ། ཡང་ན་འཇིགས་པ་མུ་མཐུད་ནས་འབྱུང་གིས་དོགས་ན། རེ་ཞིག་གི་ཚེ་ཁ་ཕྱིར་འཁོར་ནས་འོང་བར་བྱ་སྟེ་འོང་དགོས། དེ་ལྟར་ལུས་ངག་གི་སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ། རང་གཞན་རོགས་གསུམ་ལ་དུས་དང་རྣམ་པ་ཀུན་ཏུ་ཕན་པའི་དགོས་པ་དང་རྒྱུ་མཚན་ཡང་དག་པ་ཡོད་པར་ཤེས་པའི་སྒོ་ནས་སྤྱད་པར་བྱའོ། ། རྩ་བར། ལུས་ཀྱིས་འདི་ལྟར་གནས་བྱ་ཞེས། །བྱ་བ་བསྡོགས་ནས་དེ་ནས་ནི། །སྐབས་སུ་ལུས་འདི་ཇི་ལྟ་བུར། །གནས་པ་ཡིན་ཞེས་བལྟ་བར་བྱ། ། ལུང་ཚན་དང་རྒྱལ་ཁབ་མི་འདྲ་བ་གང་ཞིག་ཏུ་གནས་པའི་ཚེ་ན་ཡང་། ཡང་དག་པའི་སྤྱོད་ལམ་རྣམ་བཞི་ལས་གང་ཡང་རུང་བ་ཞིག་ལ་ལུས་ཀྱིས་འདི་ལྟར་ཚུལ་མཐུན་གྱིས་གནས་པར་བྱ་ཞེས་བྱ་བ་ཉེ་བར་བསྡོགས་ནས་ཏེ་གྲ་སྒྲིག་བྱས་ནས། དེ་ནས་ནི་སྐབས་སྐབས་སུ་རང་ཉིད་ཀྱི་ལུས་འདི་ཇི་ལྟ་བུར་གནས་པ་ཡིན་ཞེས་རང་གི་ལུས་ལ་རང་ཉིད་ཀྱིས་བརྟག་ཕྱིར་བལྟ་བར་བྱའོ། ། རྩ་བར། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀྭ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བར། །དེ་ལྟར་འབད་པ་ཀུན་གྱིས་བརྟག ། 146 དེ་ལྟར་སེམས་ཀྱི་གླང་ཆེན་མྱོས་པ་དེ་ཡང་ནི། རང་གཞན་རོགས་གསུམ་ལ་ཕན་སེམས་དང་ལྡན་པའི་ཆོས་ལ་སེམས་པའི་ཀྭ་ཆེན་ལ། དྲན་པའི་ཐག་པས་ཇི་ལྟར་བཏགས་པ་བཞིན་ནམ་ཡང་གཞན་དུ་མི་འཆོར་བར། དེ་ལྟར་ཕྱོགས་ཡོངས་ནས་འབད་པ་སྣ་ཚོགས་པ་ཀུན་གྱིས་ཡང་ནས་ཡང་དུ་བརྟག་གོ ། རྩ་བར། ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག ། ལྷག་དོན་ཅི་ནས་ཀྱང་རང་གི་དམིགས་པ་འབའ་ཞིག་གི་སྟེང་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྩོན་བཞིན་པ་ཞིག་ཡིན་ན་ནི། བྱིང་རྒོད་སོགས་ཀྱི་རྐྱེན་ངན་པ་ཅི་ཞིག་བྱུང་ཡང་། དུས་སྐད་ཅིག་གཅིག་ཀྱང་དམིགས་པ་དེ་ལས་ཡུལ་གཞན་དུ་མི་འཆོར་བར། བདག་གི་ཡིད་འདི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱ་བའི་ཆ་གར་སྤྱོད་ཅེས་དེ་ལྟར་རྟག་ཏུ་རང་གི་ཡིད་ལ་སོ་སོར་བརྟག་པར་བྱའོ། ། རྩ་བར། འཇིགས་དང་དགའ་སྟོན་སོགས་འབྲེལ་བས། །གལ་ཏེ་མི་ནུས་ཅི་བདེར་བྱ། །འདི་ལྟར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་བཞག་པར་གསུངས། ། ས་ཆུ་མེ་རླུང་སོགས་འབྱུང་བ་བཞིའི་འཇིགས་པ་དང་། སངས་རྒྱས་ཆོས་དགེ་འདུན་སོགས་ལ་མཆོད་བཀུར་བསྙེན་གསུམ་སོགས་བྱེད་པའི་ཆོས་ཀྱི་དགའ་སྟོན་དང་། སེམས་ཅན་འབུ་སྲིན་ཚུན་ཆད་ཀྱི་བདེ་དོན་སོགས་དང་འབྲེལ་བས། གལ་ཏེ་ལུས་སེམས་ཀྱི་སྤྱོད་པ་ཆེས་ཕྲ་མོའི་རིགས་རང་གིས་སྤྱོད་པར་མི་ནུས་ན་གང་ཅི་བདེར་བྱ་དགོས་ཏེ། འདི་ལྟར་མར་ངན་སློང་ལ་སྦྱིན་པ་བྱེད་པའི་དུས་དག་ཏུ། སྦྱིན་པའི་བྱ་བ་འདི་ཉིད་གཙོ་བོར་གྱུར་སྟབས། ཚུལ་ཁྲིམས་ཀྱི་བསླབ་པ་ཕྲན་ཚེགས་སོགས་ལ་སྤྱོད་མི་ནུས་ན། གནས་སྐབས་བཏང་སྙོམས་སུ་བཞག་ཆོག་པར་བློ་གྲོས་མི་བཟད་པའི་མདོ་ལས་གསུངས་སོ། ། 147 རྩ་བར། གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ཡིས། །དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟར་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་མི་འགྱུར་རོ། །ཤེས་བཞིན་མ་ཡིན་ཉེ་ཉོན་མོངས། །དེ་ལྟ་ན་ནི་འཕེལ་མི་འགྱུར། ། བྱ་བ་སྒྲུབ་པའི་སྐབས་སུ་བྱ་བ་ཆེ་ཕྲ་གང་ཞིག་ཡིན་ཡང་། བྱ་བ་དེ་ལ་ཅི་དགར་མི་འཇུག་པར་ཐོག་མར་རང་བློས་ཞིབ་ཏུ་བསམས་ཏེ་བྱ་བར་བརྩམས་པ་དེ་ཤིན་ཏུ་ལེགས། བྱ་བ་དེའི་འགོ་བརྩམས་རྗེས། དེ་ལས་གཞན་དུ་གང་ཡང་མི་བསམ་སྟེ། ད་ལྟ་འགོ་བརྩམས་ནས་ཡོད་པའི་བྱ་བ་དེར་བློ་རྩེ་གཅིག་ཏུ་གཏད་པ་ཡི་བསམ་པ་ཡིས། བྱ་བ་དེའི་མཇུག་མ་འགྲུབ་བར་བྱ་བ་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། དེ་ལྟར་བྱས་ན་ནི་བྱ་བ་དེའི་ཕྱོགས་ཀུན་ལེགས་པར་བྱས་པ་འགྱུར་གྱི། དྲན་ཚོད་ལྟར་དེ་ལས་གཞན་དུ་བྱེད་དགོས་བསམ་ན། དེའི་རྐྱེན་པས་བྱ་བ་གཉིས་ཀ་འགྲུབ་པར་མི་འགྱུར་རོ། །མ་ཟད་རང་ལ་རྒྱུས་ཆེ་བའི་བྱ་བ་བྱས་ན། ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པའི་རིགས་ཀྱང་དེ་ལྟར་ན་ནི་ནམ་ཡང་འཕེལ་བར་མི་འགྱུར་རོ། ། རྩ་བར། བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །ངོ་མཚར་ལྟད་མོ་རྣམ་མང་པོ། །ཀུན་ལ་འཇུག་པར་གྱུར་པ་ན། །དེ་ལ་ཆགས་པ་སྤང་བར་བྱ། ། གནས་ལུགས་དང་ཆེར་མི་མཐུན་པའི་ཆོ་མེད་པའི་བྲེ་མོའི་གཏམ་ནི་འདྲ་མིན་སྣ་ཚོགས་དང་། སྒྱུ་མ་མཁན་གྱིས་བྱས་པའི་ངོ་མཚར་བའི་ལྟད་མོའི་རིགས་སུ་གྱུར་པ་རྣམ་པ་འདྲ་མིན་མང་པོ་ཀུན་ལ་ལེགས་ཉེས་དང་བཟང་ངན་གྱི་དབྱེ་བ་མེད་པར་འཇུག་རྐྱང་བྱས་ན། ཕན་ཐོགས་ཆེར་མེད་སྟབས་དེ་ལྟར་མི་བྱ། གལ་སྲིད་དགོས་དབང་གིས་འཇུག་པར་གྱུར་པ་ན། དེ་དག་ལ་ཡང་ཡང་འཇུག་འདོད་ཀྱི་ཆགས་པ་སྤང་བར་བྱའོ། ། རྩ་བར། དོན་མེད་ས་རྐོ་སྩྭ་གཅོད་དང་། །ས་རིས་འདྲི་སོགས་བྱེད་གྱུར་ན། །བདེ་གཤེགས་བསྲབ་པ་ངན་བས་ནས། །སྐག་པས་དེ་ཡི་མོད་ལ་དོར། ། 148 དགོས་དོན་ཆུང་ཆུང་ཞིག་དང་། དགོས་དོན་དམིགས་བསལ་གང་ཡང་བཤད་དུ་མེད་པར་ག་ས་གང་དུ་ས་དུང་སྐོ་བ་དང་། སྩྭ་མེར་སྲེག་པ། གང་བྱུང་དུ་གཅོད་པ་དང་། ས་རིས་ཏེ་ས་ལ་རི་མོའི་རིགས་འདྲ་མིན་ཅི་དགར་འདྲི་བ་སོགས་བྱེད་པར་གྱུར་ན། བདེ་བར་གཤེགས་པའི་བསླབ་པ་རྣམས་ཡིད་ངོར་དྲན་པར་བྱས་ནས། དེ་དག་དང་འགལ་དོགས་ཀྱིས་སྐྲག་པས་དེ་ཡི་མོད་ལ་བྱ་བ་དེའི་རིགས་མྱུར་དུ་དོར་བར་བྱའོ། ། རྩ་བར། གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། །སྨྲ་བར་འདོད་པར་གྱུར་ན་ཡང་། །དང་པོར་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། ། གང་གི་ཚེ་གཡང་གཟར་ཆེ་བའི་འགག་འཕྲང་དོག་ས་ནས་འགྲོ་སྐབས་གང་བྱུང་དུ་ལུས་བསྐྱོད་པར་འདོད་པར་གྱུར་ཏམ། སྨྲ་བརྗོད་ཀྱི་རང་དབང་མེད་ས་ནས་ལྷག་བསམ་གྱིས་སྨྲ་བར་འདོད་པར་གྱུར་ན་ཡང་། དང་པོར་རང་རང་གི་སེམས་ལ་ནན་ཏན་གྱིས་བརྟགས་ནས། རང་སེམས་བརྟན་པས་རིགས་པ་དང་ལྡན་པར་བྱའོ། ། རྩ་བར། གང་ཚེ་རང་ཡིད་ཆགས་པ་དང་། །ཁྲོ་བར་འདོད་པ་དེ་ཡི་ཚེ། །ལས་སུ་མི་བྱ་སྨྲ་མི་བྱ། །ཤིང་བཞིན་དུ་ནི་གནས་པར་བྱ། ། གང་ཚེ་འམ་གལ་སྲིད་རང་གི་ཡིད་མཛེས་སྡུག་དང་ལྡན་པ་ཞིག་ལ་ཀུན་ནས་རབ་ཏུ་ཆགས་པ་དང་། མི་སྡུག་པའི་རིགས་ལ་སེམས་གཏིང་ནས་ཁྲོ་བར་འདོད་པ་དེ་ཡི་ཚེ་ན། རང་གཞན་དང་འབྲེལ་ཡོད་ཀྱི་ལས་སུ་བྱ་བ་གང་ཡང་མི་བྱ་ཞིང་། སྨྲ་བ་ཡང་ཉུང་ཙམ་ཞིག་མ་གཏོགས་མི་བྱ་བར། མདུན་ཕྱོགས་ཀྱི་ཤིང་སྡོང་སྐམ་པོ་བཞིན་དུ་ནི་གནས་པར་བྱའོ། ། རྩ་བར། རྒོད་དང་ག་ཞར་བཅས་པ་འམ། །གལ་ཏེ་ང་རྒྱལ་རྒྱགས་ལྡན་པའམ། །མཚང་འབྲུ་པ་ཡི་བསམ་པ་དང་། །གལ་ཏེ་སྐྱོར་འབྱིན་བསླུ་སེམས་སམ། །གང་ཚེ་བདག་བསྟོད་ལྷུར་ལེན་པའམ། །གཞན་ལ་དམོད་པ་ཉིད་དང་ནི། །གཤེ་བཅས་འགྱེད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་བྱ། ། 149 རྒྱུ་མཚན་གང་ཡང་མེད་པར་གཞན་གྱི་གདོང་ལ་གཅེར་ནས་འཕྱ་དམོད་ཀྱི་རྣམ་པས་རྒོད་པ་དང་། ངག་གི་སྒོ་ནས་ཐུབ་ཚོད་ཀྱི་ཚིག་གང་བྱུང་གིས་འབྱིན་པའི་ག་ཞར་དང་བཅས་པའམ། གལ་ཏེ་དོན་མེད་ཁེངས་པའི་རྣམ་པ་ཅན་གྱི་ང་རྒྱལ་དང་། རིགས་གཟུགས་ལང་ཚོ་སོགས་རྒྱགས་པ་ལྔ་དང་ལྡན་པའམ། གཞན་གྱི་མཚང་ནས་འབྲུ་བར་འདོད་པ་ཡི་བསམ་པ་ངན་པ་དང་། གལ་ཏེ་སྐྱོར་འབྱིན་ཏེ་ཆོག་མི་ཤེས་པས་ཁེ་གྲགས་གཉེར་བ་དང་། གཡོ་སྒྱུ་ཅན་ནམ་གྱ་གྱུ་ཅན་གྱིས་རང་རང་གི་ཁ་གཏད་ཀྱི་དགྲ་བོ་དག་བསླུ་བར་འདོད་པའི་སེམས་སམ། གོ་སྐབས་གང་ཡོད་ཀྱི་ཚེ་བདག་ཉིད་ཁྱད་དུ་འཕགས་པ་ཞིག་ཡིན་མདོག་གི་རྣམ་པས་བསྟོད་པ་ལྷུར་ལེན་པའམ། རང་ཉིད་བསྟོད་པའི་ཟོལ་གྱིས་གཞན་ལ་ཡང་དུ་ཡང་དུ་དམོད་པའི་སེམས་ཉིད་དང་ནི། གང་བྱུང་གིས་གཤེ་བ་དང་བཅས་པ་དང་། ཁོང་ཁྲོས་རྩོད་ཅིང་འགྱེད་པ་སོགས་དང་བཅས་པར་གྱུར་པ་དེ་ཡི་ཚེ་ཤིང་སྡོང་བཞིན་དུ་གནས་པར་བྱའོ། ། རྩ་བར། རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་འདོད་པའམ། །བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། ། ཆགས་ཞེན་གྱི་དབང་གིས་དངོས་འབྱོར་འདྲ་མིན་ཞིག་ཐོབ་ན་སྙམ་པའི་རྙེད་པ་དང་། མང་པོས་བཀུར་སྟི་དང་། གཞན་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་པའི་གྲགས་པ་འདོད་པའམ། བྲན་དང་གཡོག་འཁོར་དོན་དུ་གཉེར་བར་འདོད་པའམ། བདག་སེམས་ལ་རང་ཉིད་གཅིག་པུ་ལམ་འགྲོ་བྱུང་ན་སྙམ་པའི་རིམ་གྲོ་སོགས་འདོད་པར་གྱུར་ན། དེ་ཡི་ཚེ་ཤིང་སྡོང་བཞིན་དུ་གནས་པར་བྱའོ། ། རྩ་བར། གཞན་དོན་ཡལ་བར་འདོར་བ་དང་། །རང་དོན་གཉེར་བར་འདོད་པ་དང་། །སྨྲ་བར་འདོད་པའི་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། ། གཞན་དོན་ལ་རྣམ་པ་ཀུན་ཏུ་རྒྱབ་ཀྱིས་ཕྱོགས་ཏེ་ཡལ་བར་འདོར་བ་དང་། རྨི་ལམ་ཚུད་ཆད་དུ་རང་དོན་འབའ་ཞིག་དོན་དུ་གཉེར་བར་འདོད་པ་དང་། ངག་ནས་ཀྱང་དེ་ 150 བཞིན་དུ་སྨྲ་བར་འདོད་པའི་སེམས་ངན་གྱི་རིགས་བྱུང་ན། དེ་ཡི་ཚེ་ཤིང་སྡོང་བཞིན་དུ་གནས་པར་བྱའོ། ། རྩ་བར། མི་བཟོད་ལེ་ལོ་འཇིགས་པ་དང་། །དེ་བཞིན་སྤྱི་བརྟོལ་མུ་ཅོར་དང་། །རང་གི་ཕྱོགས་ཞེན་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། ། ཆོས་ཉམས་སུ་ལེན་ཕྱིར་སྒོམ་སྒྲུབ་སོགས་ཀྱི་དཀའ་སྤྱད་མི་བཟོད་པ་དང་། ཐོས་སོགས་དོན་དུ་གཉེར་བར་མི་འདོད་པའི་ལེ་ལོ་དང་། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་སྐྲག་པས་འཇིགས་པ་དང་། དེ་བཞིན་དུ་རང་འདོད་སྤྱི་བརྟོལ་ལྟ་བུས་རྒྱུ་མཚན་དང་ཁུངས་ལུང་མེད་པའི་མུ་ཅོར་གྱི་གཏམ་འཛེམས་མེད་དུ་སྨྲ་བ་དང་། རང་གི་གཉེན་ཉེ་བུ་ཕྲུག་སོགས་ཀྱིས་མཚོན་རང་ཕྱོགས་ལ་ཤིན་ཏུ་ནས་ཞེན་པའི་སེམས་ངན་གྱི་རིགས་ཡང་ཡང་བྱུང་བར་དོགས་ན། དེ་ཡི་ཚེ་ཤིང་སྡོང་བཞིན་དུ་གནས་པར་བྱའོ། ། རྩ་བར། དེ་ལྟར་ཀུན་ནས་ཉོན་མོངས་དང་། །དོན་མེད་བརྩོན་པའི་ཡིད་བརྟགས་ནས། །དེ་ཚེ་དཔའ་བོའི་གཉེན་པོ་ཡིས། །དེ་ནི་བརྟན་པོར་གཟུང་བར་བྱ། ། དེ་ལྟར་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དྲི་མས་སྦག་པའི་ཡིད་དང་། དོན་མེད་ས་རྐོ་རྡོ་སློག་གི་རིགས་ལ་བརྩོན་པའི་ཡིད་སོགས་ལ་ལེགས་པར་བརྟགས་ནས། དེ་ཡི་ཚེ་དཔའ་ཉམས་དོད་པའི་དཔའ་བོ་ལྟ་བུའི་གཉེན་པོ་ཡིས། བྱ་ངན་དེ་རིགས་ལ་ནི་ནམ་ཡང་འཇུག་ཏུ་མི་སྟེར་བར་བརྟན་པོར་གཟུང་བར་བྱའོ། ། རྩ་བར། ཤིན་ཏུ་ངེས་དང་རབ་དད་དང་། །བརྟན་དང་གུས་དང་ཞེ་སར་བཅས། །ངོ་ཚ་ཤེས་དང་འཇིགས་པ་དང་། །ཞི་ཞིང་གཞན་དགའ་བྱེད་ལ་བརྩོན། ། བསྒྲུབ་འོས་ཀྱི་བྱ་བར་ཐེ་ཚོམ་དང་ལོག་ཤེས་སྤངས་པས་ཤིན་ཏུ་ངེས་པ་དང་། དེ་ལ་རབ་ཏུ་དང་བའི་དད་པ་དང་། ཕྱིར་ལྡོག་གི་བསམ་པ་མེད་པས་བརྟན་པ་དང་། ཡིད་རབ་ཏུ་གུས་པའི་རྣམ་པ་དང་། ཚིག་འཇམ་པོའི་ཞེ་ས་དང་བཅས་པ་དང་། རང་རྒྱུ་ 151 མཚན་དུ་བྱས་ཏེ་ངོ་ཚ་ཤེས་པ་དང་། གཞན་ལ་སྐྲག་པས་འཇིགས་པ་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལ་མི་མཛེས་པ་གཏན་ནས་མེད་སྟབས་ཞི་ཞིང་དུལ་བ་དང་། སེམས་ཅན་གཞན་གྱི་རིགས་དགའ་བར་བྱེད་པའི་བྱ་བའི་རིགས་ལ་དུས་རྒྱུན་དུ་ནས་བརྩོན་པར་བྱེད་པ་འདི་འདྲ་བ་ནི་ཧ་ཅང་འགངས་ཆེན་པོ་ཡིན་ནོ། ། རྩ་བར། ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་། །ཉོན་མོངས་སྐྱེས་པས་འདི་དག་གི། །སེམས་འདི་བྱུང་སྙམ་བརྩེར་ལྡན་དང་། ། གཅིག་ལ་ཕན་བཏགས་པས་གཞན་དག་ལ་གནོད་འགྲོ་བའི་ཕན་ཚུན་མི་མཐུན་པ་བྱིས་པ་སོ་སོའི་སྐྱེ་བོ་ཡི་འདོད་པ་འགལ་བ་སྣ་ཚོགས་པ་རྣམས་ཀྱིས་སེམས་མི་སྐྱོ་ཞིང་། ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་འཕེལ་བའི་ཉོན་མོངས་འདི་འདྲ་བ་སྐྱེས་པས། འདི་དག་གི་དབང་གིས། སེམས་འདི་བྱུང་བ་གདོན་མི་ཟ་བ་འོ་སྙམ་དུ་ཡུལ་དེ་དག་ལ་བརྩེ་བར་བྱེད་པའི་ཀུན་སློང་དང་ལྡན་པ་དང་། སེམས་ཅན་གཞན་དག་བཞིན་རང་ཉིད་ཉོན་མོངས་པའི་གཞན་དབང་དུ་མི་འགྱུར་བར་བྱའོ། ། རྩ་བར། ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན་དབང་བྱས་ཤིང་། །སྤྲུལ་པ་བཞིན་དུ་ང་མེད་པར། །ཡིད་འདི་རྟག་ཏུ་གཟུང་བར་བྱ། ། བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་མེད་པའི་དངོས་པོའི་རིགས་སུ་གྱུར་པ་རྣམས་ལ། བདག་དང་སེམས་ཅན་གཞན་དག་གི་དབང་དུ་བྱས་ཤིང་། ཐམས་ཅད་སྤྲུལ་པ་བཞིན་དུ་ང་རྒྱུ་རྐྱེན་ཚོགས་པ་ལ་མ་ལྟོས་པར་རང་བཞིན་གྱིས་མེད་པར་འདོད་པའི་ཡིད་འདི་དུས་རྟག་ཏུ་གཟུང་བར་བྱའོ། ། རྩ་བར། རིང་ཞིག་ལོན་ནས་དལ་བའི་མཆོག ། ཐོབ་པ་ཡང་དང་ཡང་བསམས་ནས། །སེམས་དེ་ལྟ་བུར་རི་རབ་ལྟར། །རབ་ཏུ་མི་གཡོ་གཟུང་བར་བྱ། ། དུས་ཡུན་ཧ་ཅང་རིང་མོ་ཞིག་ལོན་པ་ན་གཞི་ནས་དལ་བའི་མཆོག་ཤིན་ཏུ་རྙེད་དཀའི་ལུས་རྟེན་འདི་འདྲ་ཞིག་ 132 ཐོབ་པར་ཡང་དང་ཡང་དུ་བསམས་ནས། ལུས་རྟེན་འདིའི་སྟེང་ནས་རང་གཞན་ཀུན་ལ་ཕན་པའི་རླབས་ཆེན་གྱི་བྱ་བ་གང་ཐུབ་ཐུབ་ཅིག་བསྒྲུབ་སྙམ་པའི་སེམས་དེ་ལྟ་བུར་རི་རབ་ལྟར་རབ་ཏུ་མི་གཡོ་བར་བརྟན་པོར་གཟུང་བར་བྱའོ། ། རྩ་བར། བྱ་རྒོད་ཤ་ལ་ཆགས་པ་ཡིས། །ཕན་ཚུན་ཀུན་ཏུ་བཤལ་ཁྲིད་ཀྱང་། །ཡིད་ཁྱོད་མི་དགར་མི་བྱེད་ན། །ད་ལྟ་ཅི་ཕྱིར་ཁ་ཏ་བྱེད། ། རང་ཉིད་ཤི་བའི་འོག་ཏུ་བྱ་རྒོད་དག་ཤ་ལ་ཆེས་ཆེར་རབ་ཏུ་ཆགས་པ་ཡིས་ཕུང་པོ་འདི་ཕྱོགས་ཕན་ཚུན་ཀུན་ཏུ་བཤལ་ཁྲིད་དེ་འཕྲོག་རེས་བྱེད་ཀྱང་། སྐབས་དེ་དག་ཏུ་ཡིད་ཁྱོད་མི་དགའ་བར་མི་བྱེད་པས་ན། ད་ལྟ་རྒྱུ་མཚན་ཅི་ཡི་ཕྱིར་ཁ་ཏ་བྱེད་དེ་གཅེས་པར་བྱེད། རྩ་བར། ལུས་འདི་བདག་གིར་བཟུང་བྱས་ནས། །ཡིད་ཁྱོད་ཅི་ཕྱིར་སྲུང་བར་བྱེད། །ཁྱེད་དང་འདི་གཉིས་སོ་སོ་ན། །དེས་ཀོ་ཁྱེད་ལ་ཅི་ཞིག་བྱ། ། ལུས་རྟེན་འདི་རྣམ་པ་ཐམས་ཅད་དུ་བདག་ལ་མི་དབང་ཡང་། ད་དུང་བདག་གིར་བཟུང་བར་བྱས་ནས། ཡིད་ཁྱོད་རྒྱུ་མཚན་ཅི་ཡི་ཕྱིར་ཚེགས་ཆེན་པོས་སྲུང་བར་བྱེད། ལུས་འདི་ཕ་མའི་ཁུ་ཁྲག་ལ་བརྟེན་ནས་གློ་བུར་དུ་བྱུང་བ་དང་། སེམས་འདི་སྐྱེ་བ་ཐོག་མ་མེད་པ་ནས་ཡོད་པའི་ཤེས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་སྟབས། ཁྱེད་དང་འདི་གཉིས་རྣམ་པ་ཐམས་ཅད་དུ་སོ་སོ་བ་ན། དེས་ཀོ་སྟེ་དེས་ནི་ཁྱེད་ལ་ཅི་ཞིག་བྱའོ། ། རྩ་བར། རྨོངས་པའི་ཡིད་ཁྱོད་ཅི་ཡི་ཕྱིར། །ཤིང་གཟུགས་གཙང་མ་གཟུང་མི་བྱེད། །མི་གཙང་ཚོགས་ཀྱི་འཕྲུལ་འཁོར་འདི། །རུལ་པ་བསྲུངས་ཏེ་ཅི་ཞིག་རུང་། ། བླང་བྱ་དང་དོར་བྱའི་གནས་ཀུན་ལ་ཆེས་ཆེར་རབ་ཏུ་རྨོངས་པའི་ཡིད་ཁྱོད་བརྟན་པོར་གནས་སའི་རྟེན་ཞིག་མཁོ་ན། རྒྱུ་མཚན་ཅི་ཡི་ཕྱིར། ཤིང་འཛེར་དང་གས་སྲུབས་སོགས་མེད་པའི་ཤིང་གི་མི་གཟུགས་གཙང་མ་ཞིག་ལ་ཁོ་བོའི་ལུས་ཞེས་གཅེས་སྤྲས་ཀྱིས་ 153 གཟུང་བར་མི་བྱེད་དེ་གཟུང་བར་བྱེད་རིགས་ཀྱི། མི་གཙང་བའི་རྫས་ངན་སྣ་ཚོགས་ཀྱིས་བརྒྱངས་པའི་འཕྲུལ་འཁོར་ཞིག་དང་མཚུངས་པ་འདི་འདྲའི་རུལ་པ་ཞིག་འབད་པ་ཆེན་པོས་བསྲུངས་ཏེ་ཅི་ཞིག་བྱེད། དེ་ལྟར་རུང་བ་མ་ཡིན་ནོ། ། རྩ་བར། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། ། ང་ཚོས་གཅེས་གཅེས་བྱེད་ཡུལ་གྱི་ལུས་རྟེན་འདི་སྐྱོན་དེ་དག་དང་བཅས་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་ན་དོན་སྙིང་ཡོད་པ་ཞིག་ཀྱང་ཡིན་སྟབས། ལེགས་པར་བསྲུང་བར་བྱེད་དོ་སྙམ་ན། ཐོག་མར་ལུས་ཀྱི་ཕྱི་པགས་ལ་སོགས་པའི་རིམ་པ་འདི་དག་ཀུན། རང་གི་བློ་ཡིས་ཤ་པགས་ཐ་དད་དམ་སོ་སོར་ཕྱེ་སྟེ་བལྟས་ན་ད་གཟོད་དོན་སྙིང་ཅི་ཡང་མེད་པ་ལེགས་པར་ཤེས་ཐུབ། མ་ཟད་ཤ་དེ་ཡང་རུས་པའི་དྲ་བ་འདྲ་མིན་ལས་ཤེས་རབ་མཚོན་གྱིས་གུད་དུའམ་ལོག་ཁད་དུ་ཕྱེ་སྟེ་བལྟས་ན། གོང་བཞིན་དོན་སྙིང་ཅི་ཡང་མེད་པ་སྣང་ཐུབ་བོ། ། རྩ་བར། རུས་པ་རྣམས་ཀྱང་དབྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བརྟག་པར་གྱིས། ། རུས་པ་རྣམས་ཀྱང་ཆ་ཤས་སོ་སོར་དབྱེ་བར་བྱས་ནས། རྐང་ལ་ཐུག་གི་བར་དུ་ཞིབ་མོས་བལྟ་བར་བྱ་ཞིང་། ལུས་འདི་ལ་དོན་གྱི་སྙིང་པོ་ཅི་ཞིག་ཡོད་ཅེས་བདག་ཉིད་ཀྱིས་ནི་ཡང་ཡང་བརྟག་པར་གྱིས་ཤིག། རྩ་བར། དེ་ལྟར་འབད་དེ་བཙལ་ཀྱང་དེར། །ཁྱོད་ཀྱིས་སྙིང་པོ་མ་མཐོང་ན། །ད་དུང་ཅི་ཕྱིར་ཆགས་ཚུལ་གྱིས། །ཁྱོད་ནི་ལུས་འདི་སྲུང་བར་བྱེད། ། དེ་ལྟར་དུས་ཇི་སྲིད་བར་རྩོལ་བ་དྲག་པོས་འབད་དེ་བཙལ་ཀྱང་། ལུས་དེར་ཁྱོད་ཀྱིས་དོན་གྱི་སྙིང་པོ་ཅི་ཡང་མ་མཐོང་ན། ད་དུང་རྒྱུ་མཚན་ཅི་ཡི་ཕྱིར་ཆགས་ 154 ཤིང་ཧ་ཅང་ཞེན་པའི་ཚུལ་གྱིས། ཡིད་ཁྱོད་ཀྱིས་ནི་ལུས་འདི་གཅེས་སྤྲས་ཀྱིས་སྲུང་བར་བྱེད། རྩ་བར། ཁྱོད་ཀྱིས་མི་གཙང་བཟར་མི་རུང་། །ཁྲག་ཀྱང་བཏུང་དུ་མི་རུང་ལ། །རྒྱུ་ལྟོའང་གཞིབ་ཏུ་མི་རུང་ན། །ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ། །ཉིས་ན་ཝ་དང་བྱ་རྒོད་ཀྱི། །ཟས་ཀྱི་དོན་དུ་འདི་བསྲུང་རིགས། ། ལུས་འདི་བདག་ལ་ཤིན་ཏུ་ནས་མཁོ་སྟབས་ངེས་པར་དུ་བསྲུང་ངོ་སྙམ་ན། དེ་ལྟར་མ་ཡིན་ཏེ། ཁྱོད་ཀྱིས་མི་གཙང་བའི་ལུས་འདི་ལྟ་བུ་ཞིག་དུས་ནམ་ཡང་བཟའ་བྱར་མི་རུང་ཞིང་། ལུས་ཀྱི་རྩ་སྦུག་སོགས་སུ་རྒྱུ་བའི་ཁྲག་ཀྱང་སྐོམ་སེལ་སོགས་ཀྱི་ཆེད་བཏུང་དུ་མི་རུང་ལ། རྒྱུ་མ་དང་ལྟོའང་སྟེ་ལོང་ཁ་ལ་སོགས་པའང་ཁས་གཞིབ་ཏུ་མི་རུང་ན། དེ་འདྲ་བའི་ལུས་ཀྱིས་ཁྱོད་རང་ལ་ཅི་ཞིག་བྱར་ཡོད་དམ། དེ་ལྟར་མིན་པར་ཉིས་སུ་ན་ཤ་ཁྲག་ལ་རྔམ་པའི་ཝ་དང་བྱ་རྒོད་སོགས་ཀྱི་ཟས་ཀྱི་དོན་དུ་ལུས་འདི་བདག་གིས་ངེས་པར་བསྲུང་དགོས་སྙམ་ན། དེ་ནི་ཤིན་ཏུ་ནས་རིགས་སོ། ། རྩ་བར། མི་འོ་ཅོག་གི་ལུས་འདི་ནི། །བཀོལ་བ་བྱ་བ་ཉིད་དུ་ཟད། །འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི། །འཆི་བདག་བརྩེ་བ་མེད་པ་ཡིས། །ཕྲོགས་ཏེ་བྱ་དང་ཁྱིར་བྱིན་ན། །དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད། ། མི་འོ་ཅོག་གི་སྟེ་མི་ཞིག་ཡིན་ཚད་ཀྱི་ལུས་འདི་ནི། གནས་སྐབས་དགེ་བའི་ལས་ལ་བཀོལ་བ་བྱ་བ་རིགས་པ་ཉིད་དུ་ཟད། གལ་ཏེ་འདི་ལྟར་དགེ་ཕྱོགས་སུ་མི་བཀོལ་བར་ཁྱོད་ཀྱིས་འབད་པས་ཡང་ཡང་ལུས་འདི་བསྲུངས་ཀྱང་ནི། ནམ་ཞིག་འཆི་བདག་བརྩེ་བ་མེད་པ་ཡིས་གློ་བུར་ལྟ་བུས་ཕྲོགས་ཏེ་བྱ་རྒོད་དང་ཁྱིར་བྱིན་ན། དེ་ཡི་ཚེ་ཁྱོད་ཀྱིས་ཅི་ཞིག་བྱར་ཡོད། རྩ་བར། བྲན་གཡོག་བཀོལ་ཏུ་མི་བཏུབ་ལའང་། །གོས་ལ་སོགས་པ་མི་སྦྱིན་ན། །ལུས་འདི་བསྙོད་ཀྱང་གཞན་འགྲོ་ན། །ཁྱོད་ཀོ་ཅི་སྟེ་ཤ་ཐང་གསོ། ། རྟག་ཏུ་བྲན་གཡོག་ལས་ལ་ཇི་བཞིན་བཀོལ་ཏུ་མི་བཏུབ་པའི་རིགས་ལའང་། སྦྱིན་བདག་གིས་ཟས་གོས་གནས་མལ་ལ་སོགས་པའི་མཐུན་རྐྱེན་གྱི་དངོས་པོ་དག་མི་སྦྱིན་ན། འབད་པ་ཆེན་པོས་ལུས་འདི་བསྙོད་པ་སྟེ་གཅེས་ཉར་ཇི་ལྟར་བྱས་ཀྱང་ནམ་ཞིག་དེ་ཁྱོད་དང་ཁ་བྲལ་ནས་གཞན་དུ་འགྲོ་ངེས་སྟབས། ཁྱོད་ལ་ཕན་ཐོགས་གང་ཡང་མེད་ན། ཁྱོད་ཀོ་སྟེ་ཁྱོད་ནི་ཅི་སྟེ་ཤ་ཐང་ཐང་སྟེ་དཀའ་ཚེགས་ཀྱིས་ལུས་འདི་གསོ་བར་བྱེད་དོ། ། རྩ་བར། འདི་ལ་གླ་རྔན་བྱིན་ནས་ནི། །ད་ནི་རང་གི་དོན་དུ་ཆུག ། ཕན་པ་མེད་པར་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱའོ། ། རྒྱུ་མཚན་དེས་ན། ལུས་ལ་དོན་མེད་དུ་ཆགས་ཞེན་གྱི་རིགས་མི་བྱེད་པར། འདི་ལ་ཟས་གོས་གནས་མལ་སོགས་གླ་རྔན་གྱི་རིགས་བྱིན་ནས་ནི། ད་ནི་རང་གི་དོན་དུ་དམ་པའི་ཆོས་ཟབ་མོའི་རིགས་ལ་ཐོས་བསམ་སྒོམ་གསུམ་སོགས་འབད་པས་བྱེད་དུ་ཆུག དེ་ལྟར་མིན་པར་རང་ཉིད་ལ་ཕན་པ་ཅུང་ཟད་ཀྱང་མེད་པར་ལུས་འདི་ལ་ནི། ཟས་དང་གོས་སོགས་ཐམས་ཅད་ནམ་ཡང་སྦྱིན་པར་མི་བྱའོ། ། རྩ་བར། འགྲོ་དང་འོང་བའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་བཞག་སྟེ། །སེམས་ཅན་རྣམས་དོན་སྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། ། ལུས་འདི་དགེ་བའི་ལས་ལ་འབད་པའི་ཕྱིར་ཕར་འགྲོ་བ་དང་ཚུར་འོང་བའི་གནས་སྐབས་ཀྱི་རྟེན་ཙམ་དུ། རང་གི་ལུས་ལ་གྲུ་ཡི་བློ་བཞག་པ་སྟེ་ལུས་དེ་གྲུ་ཞིག་ཡིན་སྙམ་པའི་འདུ་ཤེས་ཀྱིས། མཐའ་ཡས་པའི་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ཆེན་པོ་སྒྲུབ་པར་བྱེད་པའི་ཕྱིར། ཡང་ནས་ཡང་དུ་བཀོལ་ཏེ་ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར་བར་བྱའོ། ། རྩ་བར། དེ་ལྟར་རང་དབང་ཡོད་གྱིས་ཏེ། །རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་ཟུམ་ཡོང་ཐོང་སྟེ། །འགྲོ་བའི་བཤེས་དང་གསོང་བོར་གྱིས། ། དེ་ལྟར་ལུས་དེ་སེམས་ཀྱི་དབང་དུ་བསྡུས་ནས་སེམས་ལ་རང་དབང་ཡོད་པར་གྱིས་ཏེ། དུས་རྟག་ཏུ་ 156 འཛུམ་པའི་བཞིན་དུ་གྱིས་ལ། རབ་ཏུ་ཁྲོ་བའི་གཉེར་མ་དང་ངོ་ཟུམ་སོགས་གཞན་དག་མི་དགའ་བའི་རྣམ་འགྱུར་གྱི་རིགས་ཡོངས་སུ་ཐོང་སྟེ། འགྲོ་བའི་བཤེས་ཏེ་འགྲོ་བ་ཀུན་ལ་ཕན་འདོགས་པའི་བསམ་པ་དང་ལྡན་པའི་སྒོ་ནས་གཏམ་གང་ཞིག་གཡོ་ཟོལ་མེད་པའི་སྒོ་ནས་གསོང་བོར་སྨྲ་བར་གྱིས་ཤིག། རྩ་བར། ཁྲི་ལ་སོགས་པ་བབ་ཅོལ་དུ། །སྒྲ་དང་བཅས་པར་མི་འདོར་རོ། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། །རྟག་ཏུ་གཅོམ་བསྐྱུངས་དགའ་བར་གྱིས། ། མལ་ཁྲི་དང་ལྕགས་ཀྱི་བཅའ་དངོས་ལ་སོགས་པ་བབ་ཅོལ་དུ་སྒྲ་ཤུགས་ཆེན་པོ་དང་བཅས་པར་གང་བྱུང་དུ་མི་འདོར་རོ། །མ་ཟད་གཞན་གྱི་ཁྱིམ་དུ་ཕྱིན་པའི་ཚེ་སྒོ་ཡང་ཤུགས་ཆེན་པོས་དྲག་ཏུ་མི་དབྱེ་སྟེ། དུས་རྟག་ཏུ་གཅོམ་བསྐྱུངས་ཏེ་ཁེངས་དྲག་སྤངས་པའི་སྒོ་ནས་གཞན་དག་དགའ་བའི་ལས་བྱེད་པར་རིམ་གྱིས་འཇུག་པར་གྱིས་ཤིག། རྩ་བར། ཆུ་སྐྱར་བྱི་ལ་ཆོམ་རྐུན་དག ། སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་སྤྱད། ། ཆུའི་ནང་དུ་གནས་པའི་ཆུ་སྐྱར་དང་། ཙི་ཙི་གསོད་པར་རྔམ་པའི་བྱི་ལ་སྟེ་ཞི་མི། ཆོམ་རྐུན་ཏེ་ཇག་རྐུན་གྱི་རིགས་དག ཧྲགས་ཧྲགས་ལྟ་བུའི་སྒྲ་མེད་པའི་སྒོ་ནས་འཇབ་ཅིང་འགྲོ་བ་ཡིས། རང་རང་ལ་མཁོ་བའི་མངོན་པར་འདོད་པའི་དོན་མཐའ་དག་བདེ་བླག་ཏུ་སྒྲུབ་པ་ལྟར། ཐུབ་པ་སྟེ་བྱང་ཆུབ་སེམས་དཔས་ཀྱང་དུས་རྟག་ཏུ་སྤྱོད་ལམ་དེ་བཞིན་སྤྱད་དོ། ། རྩ་བར། གཞན་ལ་གཞེན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པར་བྱེད་པའི་ངག ། གུས་པས་སྤྱི་བོར་བླང་བགྱིས་ཏེ། །རྟག་ཏུ་ཀུན་གྱི་སློབ་མར་འགྱུར། ། གཞན་ཡང་། ངག་གི་སྤྱོད་ལམ་ཇི་འདྲ་ཞིག་བྱེད་དགོས་སྙམ་ན། གཞན་ལ་དགེ་བའི་ཕྱོགས་སུ་གཞེན་བསྐུལ་འདེབས་པའི་ཐབས་ལ་མཁས་ཤིང་། གཞན་གྱིས་ཚུར་མ་ 157 བཅོལ་ཡང་གཞན་ལ་ཕན་པར་བྱེད་པའི་ངག་སྟེ་ཁ་ཏ་བྱེད་པ་སོགས་ཡིད་རབ་ཏུ་གུས་པས་སྤྱི་བོར་བླང་བར་བགྱིས་ཏེ། དུས་རྟག་ཏུ་རང་གཞན་ལ་ཕན་པའི་ལས་བྱེད་པ་ཀུན་གྱི་སློབ་མར་འགྱུར་ཐུབ་པ་གྱིས་ཤིག། རྩ་བར། ལེགས་པར་སྨྲས་པ་ཐམས་ཅད་ལ། །དགེ་བར་གསུངས་ཞེས་བརྗོད་པར་བྱ། །བསོད་ནམས་བྱེད་པ་མཐོང་གྱུར་ན། །བསྟོད་པས་ལེགས་པར་དགའ་བ་བསྐྱེད། ། རང་ཉིད་ཀྱི་ཁེ་ཕན་ཆུང་ངུ་ཞིག་གི་ཆེད་དུ་སྐྱག་རྫུན་གྱི་རིགས་མ་ཡིན་པའི་ལེགས་པར་སྨྲས་པའི་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་ལ། ཡིད་རབ་ཏུ་དགའ་བའི་རྣམ་འགྱུརགྱིས་དེ་དག་ལ་སྤྲོ་བ་བརྟས་པའི་ཆེད་དུ་དགེ་བར་གསུངས་སོ་ཞེས་ཡང་ཡང་དུ་བརྗོད་པར་བྱ་ཞིང་། ཡར་མཆོག་གསུམ་ལ་བསྙེན་བཀུར་དང་མར་དབུལ་ཕོངས་ལ་སྦྱིན་པ་བྱེད་བཞིན་པ་སོགས་བསོད་ནམས་ཀྱི་ཚོགས་དཔག་ཏ་མེད་པ་བྱེད་པའི་རིགས་མཐོང་བར་གྱུར་ན། དེ་དག་ལའང་ཕྱོགས་ཡོངས་ནས་བསྟོད་པས་ལེགས་པར་རབ་ཏུ་དགའ་བར་བསྐྱེད་དགོས་སོ། ། རྩ་བར། ལྐོག་ན་ཡོན་ཏན་བརྗོད་བྱ་ཞིང་། །ཡོན་ཏན་བརྗོད་ན་རྗེས་སུ་བརྗོད། །རང་གི་ཡོན་ཏན་བརྗོད་ན་དེ། །ཡོན་ཏན་ཤེས་པར་རིགས་པར་བྱ། ། རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་ཁོ་བར་བསྟོད་པ་བྱེད་པར་དོགས་ན། ངེས་པར་དུ་ལྐོག་ནས་དེ་དག་གི་ཡོན་ཏན་བརྗོད་པ་ལ་འཇུག་པར་བྱ་ཞིང་། མི་ཞིག་གིས་རང་གི་དགྲ་ཟླའི་ཡོན་ཏན་བརྗོད་པ་ཐོས་ན། དེ་དང་མི་མཐུན་པའི་སྐྱོན་གྱི་རིགས་མི་བརྗོད་པར། རྗེས་སུ་བརྗོད་པ་སྟེ་དེའི་རྗེས་ནོན་གྱི་ཚུལ་དུ་ཁོའི་ཡོན་ཏན་གཞན་དག་གང་མང་ཞིག་བརྗོད་དགོས། གལ་སྲིད་གཞན་དག་གིས་རང་གི་ཡོན་ཏན་བརྗོད་པ་ཐོས་ན། དེས་ང་རྒྱལ་མི་བྱེད་པར་ཡོན་ཏན་དེ་རང་གི་ཡོན་ཏན་དུ་ཤེས་པར་རིགས་པར་བྱའོ། ། རྩ་བར། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །དེ་ནི་རིན་གྱིས་ཉོ་ནའང་དཀོན། །དེ་ལྔས་གཞན་བྱས་ཡོན་ཏན་གྱིས། །དགའ་བའི་བདེ་བ་སྤྱད་པར་བྱ། །བདག་ལ་འདིར་ 158 གོད་ཡོང་མེད་ལ། །ཕ་རོལ་ཏུ་ཡང་བདེ་བ་ཆེ། །ཉེས་པས་མི་དགའ་སྡུག་བསྔལ་ཞིང་། །ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེ། ། སྤྱིར་རང་གཞན་གྱི་དོན་དུ་བྱ་བ་རྩོམ་པ་ཐམས་ཅད་མཐར་གཏུགས་ན་རང་ཉིད་ཀྱི་སེམས་ལ་དགའ་བ་འཕེལ་ཕྱིར་ཡིན་ཏེ། དེ་འདྲའི་དགའ་བདེ་ནི་རིན་གྱིས་ཉོ་འདོད་ནའང་གཏན་ནས་མི་སྲིད་སྟབས་ཤིན་ཏུ་ནས་དཀོན་ནོ། །དེ་ལྟ་བས་ན། གང་ཟག་གཞན་དག་གིས་བྱས་པའི་དགེ་བའི་ཡོན་ཏན་གྱིས། གཞན་དག་དགའ་བའི་བདེ་བ་ལ་ཅི་འདོད་དུ་ལོངས་སུ་སྤྱད་པར་བྱ་ཐུབ་དགོས། གཞན་སེམས་དགའ་བར་བྱས་པས་བདག་ལ་མཚོན་ནའང་མི་ཚེ་འདིར་གོད་ཆག་སོགས་ལྟས་ངན་གྱི་རིགས་ཡོང་ཡེ་གཏན་ནས་མེད་ལ། ཕ་རོལ་ཏུ་ཡང་སྟེ་ཚེ་རབས་ཕྱི་མར་ཡང་བླ་ན་མེད་པའི་བདེ་བ་ཆེན་པོ་འབྱུང་ཐུབ། གཞན་གྱིས་དགེ་བ་བྱེད་པར་ཕྲག་དོག་དང་འགྲན་སེམས་ཀྱི་ཉེས་པས་ཚེ་འདིར་ཡིད་མི་དགའ་བ་སྟེ་ཡིད་ལ་དགའ་བ་གཏན་ནས་མི་འཕེལ་བ་མ་ཟད། རྟག་ཏུ་སྡུག་བསྔལ་གྱིས་མནར་ཞིང་། ཕ་རོལ་ཏུ་ཡང་སྟེ་ཚེ་རབས་ཕྱི་མ་རྣམས་སུ་ཡང་སྡུག་བསྔལ་གྱི་གཡང་ས་གང་ཆེ་དག་ཏུ་ལྷུང་བར་འགྱུར་རོ། ། རྩ་བར། སྨྲ་ན་ཡིད་ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤངས་པ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། ། གཞན་ཡང་། གཞན་དག་གིས་གནས་ཚུལ་རྒྱུས་ལོན་སོགས་བྱེད་སྐབས་ལན་གྱི་རིགས་སྨྲ་བའི་ཚེ་ན། ཡིད་གཟབ་ཀྱིས་དོན་གནད་ལ་ཕེབས་པ་ཙམ་མ་ཟད། འབྲེལ་བ་མེད་པའི་ཚིག་གང་བྱུང་དུ་མི་བཤད་པ་དང་། ཐེ་ཚོམ་བསྐྱེད་གཞིའི་རིགས་མ་ཡིན་པར་གནད་དོན་ཁ་གསལ་གྱིས་ཕ་རོལ་བོའི་སེམས་ལ་ཡིད་དུ་འོང་བའི་དགའ་བདེ་སྟེར་དགོས་པ་དང་། གླེང་མོལ་བྱེད་པའི་སྐབས་སུ་རང་ཕྱོགས་ལ་ཤིན་ཏུ་ཆགས་པ་དང་། གཞན་ཕྱོགས་ལ་ཞེ་སྡང་བའི་གཏམ་ངན་གང་བྱུང་དུ་སྨྲ་བའི་ཚུལ་སྤངས་པ་དང་། ཚིག་འགྲོས་འཇམ་ཞིང་མང་ཉུང་རན་པར་སྨྲ་བར་བྱའོ། ། 159 རྩ་བར། མིག་གིས་སེམས་ཅན་ལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག ། སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། ། ལུས་ཀྱི་རྣམ་འགྱུར་ལ་མཚོན་ན། མིག་ཟུང་གིས་སེམས་ཅན་གཞན་དག་ལ་ལྟ་བའི་ཚེ་ན་ཡང་། བལྟ་བྱའི་སེམས་ཅན་འདི་དག་ཉིད་ལ་བརྟེན་ནས་བདག དུས་ཆེར་མི་རིང་བར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་སེམས་ཅན་དེ་དག་གི་བཀའ་དྲིན་ལ་བསམ་ཤེས་ཀྱིས། དྲང་ཞིང་ཤིན་ཏུ་བྱམས་པའི་ཚུལ་གྱིས་སེམས་ཅན་དེ་དག་ལ་བལྟ་བ་ལས། ཁྲོ་བའི་ཉམས་ཀྱིས་མི་རུང་། རྩ་བར། རྟག་པར་མངོན་ཞེན་གྱིས་བསླང་བའམ། །གཉེན་པོ་ཡིས་ནི་བསླང་བ་ཉིད། །ཡོན་ཏན་དང་ནི་ཕན་འདོགས་ཞིང་། །སྡུག་བསྔལ་བ་ལ་དགེ་ཆེན་འགྱུར། ། དགེ་བ་ཇི་འདྲ་ཞིག་ཡིན་ན་ཡང་། ཞིང་དང་། བསམ་པ་དང་། དུས་ཀྱི་ཁྱད་པར་གྱིས་སྟོབས་ཆེ་ཆུང་ཡོང་ངེས། དགེ་བ་རྟག་པར་རམ་རྒྱུན་ཆགས་སུ་བྱ་བ་དང་། དེ་ཡང་བསམ་པ་མངོན་ཞེན་གྱིས་ཏེ་དད་འདུན་དྲག་པོས་བསླང་བའམ། དེའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིས་ནི་ལེགས་པར་བསླང་བ་ཉིད་ཀྱིས། ཞིང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡོན་ཏན་དུ་མ་དང་ནི་ལྡན་པའི་དཀོན་མཆོག་གསུམ་དང་། ཕན་འདོགས་པའི་ཞིང་དྲིན་ཆེན་ཕ་མ་དང་། རྟག་ཏུ་སྡུག་བསྔལ་བའི་གནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཡིད་དང་བའི་ཉམས་ཀྱིས་སྦྱིན་པའི་དངོས་པོ་ཅི་འདོད་དུ་སྦྱིན་ན། རང་ཉིད་ལ་དགེ་བའི་ཚོགས་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། ། རྩ་བར། མཁས་ཤིང་དད་དང་ལྡན་བྱས་ནས། །ལས་རྣམས་བདག་གིས་རྟག་ཏུ་བྱ། །ལས་རྣམས་ཀུན་ལ་སུ་ལ་ཡང་། །ལྟོས་པར་བྱ་བ་མ་ཡིན་ནོ། ། ཐོག་མར་རང་ཉིད་ཀྱིས་ཆོས་གང་ཞིག་བྱས་ཀྱང་ཆོས་དེར་མཁས་ཤིང་། དེས་བསྟན་པའི་དོན་དེར་དད་པ་དང་ལྡན་པར་བྱས་ནས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ 159 གསོག་པའི་ལས་རྣམས་བདག་གིས་དུས་རྟག་ཏུ་བརྩོན་པས་འབད་པར་བྱ། དེ་ལྟའི་དགེ་བའི་ལས་རྣམས་ཀུན་སྒྲུབ་པར་བྱེད་པ་ལ་གང་ཟག་གཞན་སུ་གང་ཞིག་ལ་ཡང་། ནམ་ཡང་ལྟོས་པར་བྱ་བ་མ་ཡིན་ནོ། ། རྩ་བར། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གོང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཆུང་ངུའི་ཕྱིར་ནི་ཆེ་མི་གཏོང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། ། སྦྱིན་པ་ཚུལ་ཁྲིམས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་པོ་དག རགས་པའི་ཕྱིར་དང་ཕྲ་བའི་ཕྱིར། །ཞེས་ཇི་སྐད་བཤད་པ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་ཁྱད་ཞུགས་པའམ་ཁྱད་པར་དུ་འཕགས་པ་ཡིན་སྟབས། དེ་དག་ལ་རིམ་གྱིས་སྤྱད་དགོས་པ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུའི་ཚོགས་བསགས་པའི་ལས་ཆུང་ངུའི་ཕྱིར་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་སྦྱིན་པའི་ཚོགས་རྒྱ་ཆེན་པོ་དག་བློས་ནམ་ཡང་མི་གཏོང་ངོ་། འོ་ན། སྐབས་འདིའི་ཚོགས་བསགས་པའི་ལས་ཆེ་ཆུང་གི་ཚད་ཇི་ལྟར་ཡིན་སྙམ་ན། དེ་ནི་གཙོ་ཆེར་རང་ལས་གཞན་སེམས་ཅན་འབུ་སྲིན་ཚུན་གྱི་བདེ་དོན་མཐར་ཐུག་པ་གང་གིས་འོང་བར་འདོད་ན་དེར་རྟག་ཏུ་བསམ་མོ། ། རྩ་བར། དེ་ལྟར་རིག་བྱས་གཞན་དོན་ལ། །རྟག་ཏུ་བརྩོན་པར་གནས་པར་བྱ། །ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། ། དེ་ལྟར་རང་དོན་ལས་གཞན་དོན་རྒྱ་ཆེ་ཚུལ་རྣམ་པ་ཀུན་ཏུ་རིག་པར་བྱས་ནས། གཞན་དོན་ལ་དུས་རྟག་ཏུ་འབད་པས་བརྩོན་པར་གནས་པར་བྱ་དགོས། ཐུགས་རྗེ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིང་བ་ལྐོག་འགྱུར་གྱི་ཆོས་རྣམས་ཀྱང་མངོན་སུམ་དུ་གཟིགས་པས། ཐེག་པ་ཆུང་ངུ་བ་རྣམས་ལ་བཀག་པའི་ལུས་ངག་གི་མི་དགེ་བ་བདུན་པོ་རྣམས་ཀྱང་གཞན་དོན་ཁོ་ན་བསམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་ཐུགས་དགྱེས་ཚོར་ཆེན་པོས་གནང་བ་ཡིན་ནོ། ། 161 རྩ་བར། ལོག་པར་ལྟུང་དང་མགོན་མེད་དང་། །བརྟུལ་ཞུགས་གནས་ལ་བགོ་བྱ་ཞིང་། །རན་པ་ཙམ་དུ་བཟའ་བྱ་སྟེ། །ཆོས་གོས་གསུམ་མ་གཏོགས་པ་སྦྱིན། ། རང་གིས་འབད་པས་རྙེད་པའི་བསོད་སྙོམས་དག་ལས་ལོག་པར་ལྟུང་བ་སྟེ་ལམ་ལོག་པར་ལྷུང་བའི་དུད་འགྲོ་དང་། སྐྱབས་དང་། མགོན་དང་། དཔུང་གཉེན་སོགས་མེད་པའི་སྤྲང་པོ་དང་། ཚངས་སྤྱོད་ཀྱི་བརྟུལ་ཞུགས་ལ་སྤྲོ་དགས་གནས་པ་རྣམས་ལ་བཞིན་འཛུམ་པའི་མདངས་དང་བཅས་བགོ་བར་བྱ་ཞིང་། རང་ཉིད་ཀྱིས་ཀྱང་བསོད་སྙོམས་དེ་དག་ལས་རན་པ་ཙམ་དུ་བླངས་ནས་བཟའ་བར་བྱ་བ་སྟེ་བཟའ་དགོས་པ་ལས་བག་མེད་དུ་ལོངས་སྤྱོད་པར་མི་བྱ། གཞན་སྣམ་སྦྱར་དང་། བླ་གོས། མཐང་གོས་ཏེ་ཆོས་གོས་རྣམ་གསུམ་མ་གཏོགས་པའི་དངོས་པོ་ཐམས་ཅད་སེར་སྣས་མ་གོས་པར་སྦྱིན་དགོས་སོ། ། རྩ་བར། དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚེགས་ཆེད་དུ་གནོད་མི་བྱ། །དེ་ལྟར་བྱས་ན་སེམས་ཅན་གྱི། །བསམ་པ་མྱུར་དུ་རྫོགས་པར་འགྱུར། ། བཀའ་མདོ་སྔགས་གཉིས་ཀྱིས་བསྡུས་པའི་དམ་པའི་ཆོས་འདི་ནི་དུས་ཡུན་ཐུང་ངུའི་ནང་ཉམས་སུ་སྤྱོད་ཐུབ་པའི་མིའི་ལུས་རྟེན་ཁྱད་པར་ཅན་འདི། གཞན་དོན་དང་འབྲེལ་བའི་བྱ་བ་ཕྲན་ཚེགས་ཤིག་གི་ཆེད་དུ་གནོད་པས་མེད་བརླག་ཏུ་མི་གཏོང་བར་ལེགས་པར་བསྲུང་བར་བྱ་དགོས། དེ་ལྟར་བསྲུང་བར་བྱས་ན། དེར་བརྟེན་ནས་སེམས་ཅན་གཞན་གྱི་བསམ་པའི་འདོད་དོན་མཐའ་དག་མྱུར་དུ་རྫོགས་པར་འགྱུར་ཐུབ་བོ། ། རྩ་བར། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དུ་ཡང་། །དོན་ཆེན་སྒྲུབ་པའི་རྒྱུར་གཏང་ངོ་། ། ནམ་ཞིག་གི་ཚེ་ན་སྙིང་རྗེའི་བསམ་པ་མ་དག་པར་ཏེ་སྙིང་རྗེའི་བསམ་པ་རྣམ་དག་ཅིག་མ་ཡིན་པར། ཕྱི་ཚུལ་ཙམ་གྱིས་ལུས་ཀྱི་ཆ་ཤས་མིག་དང་རྐང་ལག་འདི་དག་གཞན་ལ་སྦྱིན་པའི་ཚུལ་དུ་གཏང་བར་མི་བྱ་སྟེ། གང་ཡིན་ཟེར་ན། ཀུན་སློང་མ་དག་པས་དེས་ 162 གཞན་ལ་ཕན་པར་མ་ངེས་ཀྱང་། ཕྱིས་རང་ཉིད་ཀྱང་འགྱོད་པའི་རྒྱུ་རུ་འགྱུར་སྲིད། འོ་ན། དགོས་པ་ཇི་འདྲ་བ་ཞིག་གི་ཆེད་དུ་གཏང་དགོས་སྙམ་ན། ཅི་ནས་ཀྱང་རང་གཞན་གྱི་ཚེ་འདི་དང་གཞན་དུ་ཡང་སྟེ་ཕྱི་མའི་དོན་ཆེན་པོའི་རིགས་མཐའ་དག་སྒྲུབ་པའི་རྒྱུར་འགྱུར་བར་ངེས་པ་གཏིང་ནས་རྙེད་ཚེ། གཞི་ནས་དེའི་ཆེད་དུ་ལུས་ཀྱི་ཆ་ཤས་གང་ལ་གང་མཁོ་བ་དག་འགྱོད་པ་མེད་པའི་སྒོ་ནས་གཏང་ངོ་། ། རྩ་བར། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང་། །གདུགས་དང་མཁར་བ་མཚོན་ཐོགས་དང་། །མགོ་བོ་གཡོག་པ་དག་ལ་མིན། ། ཆོས་དང་ཆོས་སྨྲ་བ་རྣམས་ལ་མ་གུས་པའི་མི་དག་ལ་ནམ་ཡང་ཆོས་མི་བཤད་དེ། དེ་ལྟར་བཤད་ན་ཆོས་ལ་བརྟེན་ནས་གང་ཟག་དེ་ངན་སོང་སོགས་སུ་ལྟུང་བར་བྱེད། དེ་བཞིན་དུ་སེམས་གཏིང་ནས་ཆོས་ལ་མོས་གུས་ཡོད་ཀྱང་སྦྱོར་བའི་ཐོག་ནས་མི་ན་བཞིན་དུ་མགོ་དཀྲིས་འདྲ་མིན་རྒྱག་པ་དང་། ཞྭ་གྱོན་པ། ཉི་གདུགས་དང་། ལག་རྟེན་འཁར་བ་དང་། གྲི་དང་། མདུང་སོགས་མཚོན་ཆའི་རིགས་ཐོགས་པ་དང་། མགོ་བོ་གོས་ཀྱིས་གཡོག་ནས་སྡོད་པ་དང་། རྐུབ་སྟེགས་མཐོན་པོའི་སྟེང་དུ་སྡོད་པ་དག་ལ་ནི་ཆོས་བཤད་པ་མིན་པ་སྟེ་དེ་དག་ཆོས་བཤད་སའི་གནས་མིན་ནོ། ། རྩ་བར། དམན་ལ་ཟབ་དང་རྒྱ་ཆེ་དང་། །སྐྱེས་པ་མེད་པར་བུད་མེད་མིན། །དམན་དང་མཆོག་གི་ཆོས་རྣམས་ལ། །མཚུངས་པར་གུས་པས་ཀུན་ཏུ་སྤྱད། ། རྟག་ཏུ་རང་དོན་ཡིད་བྱེད་ཀྱིས་ཟིན་པའི་བློ་གྲོས་དམན་པ་དག་ལ་ཟབ་མོ་སྟོང་པ་ཉིད་དང་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དག་བཤད་མི་རུང་བ་དང་། རབ་ཏུ་བྱུང་བ་ཚོས་རང་ཉིད་དང་མཉམ་དུ་སྐྱེས་པ་གཞན་མེད་པར་ཁང་སྟོང་སོགས་སུ་བུད་མེད་ལ་ཆོས་བཤད་པ་མིན་པ་སྟེ་ཆོས་བཤད་མི་རུང་བ་དང་། ཐེག་དམན་དང་ཐེག་པ་མཆོག་གི་ཆོས་ཚུལ་རྣམས་ལ་རིས་ཀྱིས་སོ་སོར་མི་གཅོད་པར་མཚུངས་པར་ཡིད་གུས་པས་དུས་དང་རྣམ་པ་ཀུན་ཏུ་སྤྱད་པར་བྱའོ། ། 163 རྩ་བར། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །སྤྱོད་པ་ཡོངས་སུ་འདོར་མི་བྱ། །མདོ་དང་སྔགས་ཀྱིས་འདྲིད་མི་བྱ། ། ཟབ་པ་དང་ལྷག་པར་དུ་རྒྱ་ཆེན་པོ་ཡིན་པའི་ཡང་དག་པའི་ཆོས་ཀྱི་སྣོད་དུ་གྱུར་པ་སྟེ་ཆོས་ཀྱི་སྣོད་དུ་རུང་བ་རྣམས། ཐེག་པ་དམན་པའི་ཆོས་ལ་བསམ་བཞིན་སྦྱར་བར་མི་བྱ་ཞིང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པའི་སྤྱོད་པའི་རིགས་ཀྱང་ཡོངས་སུ་ནམ་ཡང་འདོར་བར་མི་བྱ། མདོ་དང་སྔགས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་རུང་བཞིན་དུ། མདོ་དང་སྔགས་ཀྱི་གཞུང་དག་ལ་ཐོས་བསམ་སྒོམ་གསུམ་སོགས་བྱེད་དུ་མི་འཇུག་པར་དེ་དག་བཀླགས་པ་ཙམ་གྱིས་མ་འགྲིག་པ་གང་ཡང་མེད་ཅེས་བློ་སྣ་གཞན་དུ་འདྲིད་པར་མི་བྱའོ། ། རྩ་བར། སོ་ཤིང་དང་ནི་མཆིལ་མ་དག ། དོར་བ་ན་ནི་དགབ་པར་བྱ། །གཅི་ལ་སོགས་པའང་ལོངས་སྤྱོད་པའི། །ཆུ་དང་ཐང་ལ་དོར་བ་སྨད། །ཁ་བཀང་བ་དང་སྒྲ་བཅས་དང་། །ཁ་གདངས་ནས་ནི་བཟའ་མི་བྱ། ། ཞོགས་ཀར་ཁ་འཁྲུད་པའི་རྗེས་སོ་ཤིང་དང་ནི། མི་གཙང་བའི་མཆིལ་མ་དག་གང་བྱུང་བྱུང་དུ་འདོར་བར་མི་བྱ་ཞིང་། གལ་སྲིད་དོར་བའི་ཚེ་ན་ནི་ས་སོགས་ཀྱིས་མི་མངོན་པར་དགབ་པར་བྱ། བཤང་གཅི་ལ་སོགས་པའང་སེམས་ཅན་ཐུན་མོང་གིས་ལོངས་སྤྱོད་པའི་ཆུ་གཙང་ཡིད་དུ་འོང་བ་དང་། མཛེས་པའི་མེ་ཏོག་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བའི་ཐང་སོགས་ལ་དོར་བ་ནི། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྨད་པའི་གནས་ཡིན་སྟབས་མི་རུང་། གཞན་ཡང་། ཟས་ཀྱིས་ཁ་ཡོངས་སུ་བཀང་བ་དང་། ཟ་བའི་སྐབས་སུ་ཡང་ཙུག་ཙུག ཅག་ཅག ཧུ་ཧུ། ཕུ་ཕུ་ལྟ་བུའི་སྒྲ་དང་བཅས་པར་ཟ་བ་དང་། ཁ་ཤུགས་ཆེན་པོས་གདངས་ནས་ནི་སྐྱུག་བྲོ་བའི་ཉམས་ཀྱིས་བཟའ་བར་མི་བྱའོ། ། རྩ་བར། རྐང་པ་བརྐྱང་སྟེ་མི་འདུག་ཅིང་། །ལག་པ་མཉམ་པར་མི་མཉེ་འོ། །བཞོན་པ་མལ་སྟན་གནས་དག་ཏུ། །བུད་མེད་གཞན་དང་གཅིག་མི་བྱ། །འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། ། 164 སོ་སོའི་ཁྱིམ་དང་མང་ཚོགས་ཀྱི་ཁྲོད་སོགས་སུ་རྐང་པ་གང་འདོད་དུ་བརྐྱང་གཏན་ནས་མི་འདུག་ཅིང་། ལག་པ་གཉིས་མཉམ་པར་དུས་གཅིག་ཏུ་ཟས་ལ་མི་མཉེའོ་སྟེ མཉེ་བར་མི་བྱ། བཞོན་པ་དང་། མལ་ས་དང་། སྟན་དང་། དབེན་པའི་གནས་ཁང་དག་ཏུ། རང་ཉིད་ཀྱི་གཉེན་ཉེ་དུ་སོགས་མ་ཡིན་པའི་བུད་མེད་གཞན་དག་དང་ལྷན་གཅིག་ཏུ་འདུག་པར་མི་བྱ། མདོར་བསྡུས་ནས་བཤད་ན། འཇིག་རྟེན་པ་ཚོ་མ་དད་པར་གྱུར་བའི་ལས་དང་བྱ་བའི་རིགས་སྣ་ཚོགས་པ་ཀུན། རང་ཉིད་ཀྱིས་དངོས་སུ་མཐོང་བ་དང་། གཞན་ལ་དྲིས་ཏེ་ཤེས་པ་དག་ལག་ལེན་གྱིས་སྤང་བར་བྱའོ། ། རྩ་བར། སོར་མོས་བརྡ་ནི་མི་བྱ་སྟེ། །གུས་དང་བཅས་པས་གཡས་པ་ཡི། །ལག་པ་དག་ནི་ཀུན་གྱིས་ཀྱང་། །ལམ་ཡང་དེ་ལྟར་བསྟན་པར་བྱ། །ལག་པ་ཤས་ཆེར་བསྐྱོད་མིན་ཏེ། །ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པ། །སེ་གོལ་ལ་སོགས་བརྡ་བྱ་སྟེ། །གཞན་དུ་མ་བསྡམས་པར་འགྱུར་རོ། ། ལམ་འདྲི་བ་ཞིག་གིས་ལམ་རྒྱུས་ལོན་ཆེད་དུ་རང་ལ་ལམ་གྱི་གནས་ཚུལ་དང་། ལམ་ཁ་གང་ཡིན་སོགས་དྲིས་ཚེ། ངེས་པར་དུ་ལག་པའི་སོར་མོ་གཅིག་གིས་བརྡས་ནི་ལམ་བསྟན་པར་མི་བྱ་སྟེ། གུས་པའི་རྣམ་འགྱུར་དང་བཅས་པས་གཡས་པ་ཡི་ལག་པའི་སོར་མོ་དག་ནི་ཀུན་གྱིས་ཀྱང་། དྲིས་པའི་ལམ་ཡང་དེ་ལྟར་ཁ་ཧ་ཅང་གསལ་བོས་བསྟན་པར་བྱ། གཞན་ཡང་། དོན་ཆུང་ངུ་ཞིག་གཞན་གྱིས་ཚོར་ཐབས་ཆེད་ལག་པ་ཤས་ཆེར་བསྐྱོད་པ་སྟེ་ལག་གཉིས་ཐལ་མོ་ཤུགས་ཆེ་བསྡབ་པ་མིན་ཏེ། ཅུང་ཟད་ཅིག་བསྐྱོད་ལ་སྒྲ་བསྒྲགས་པའི་ཚེ། ད་དུང་ཕ་རོལ་པོས་མ་ཚོར་ན། སེ་གོལ་ལ་སོགས་པའི་བརྡ་ཐབས་གཞན་ལ་བརྟེན་པར་བྱ་སྟེ། གཞན་དུ་ན་སྤྱོད་ལམ་མ་བསྡམས་པའི་ཉེར་ལེན་གྱིས་གང་ཟག་གཞན་དག་རང་ཉིད་ལ་མ་དད་པར་འགྱུར་རོ། ། རྩ་བར། མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཤེས་བཞིན་མུར་ད་སྡང་སེམས་ལ། །ཐོག་མ་ཉིད་ད་ངེས་པར་བྱ། ། 165 ཉལ་བའི་ཚེ་ན་འགྲོ་བ་ཡོངས་ཀྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་སྐབས་ཀྱི་གཟིམས་ལུགས་ལྟར། མངོན་པར་འདོད་པའི་ཕྱོགས་སུ་མགོ་བོ་བསྟན་ཏེ་ཉལ་བར་བྱ་དགོས་པ་མ་ཟད། ཉལ་ནས་གཉིད་འོག་ཏུ་མ་ཤོར་བའི་སྐབས་དྲན་པ་དང་ཤེས་བཞིན་དང་ལྡན་པའི་སྒོ་ནས་མྱུར་དུ་དགེ་བའི་ཕྱོགས་སུ་སྡང་སེམས་ལ་སྟེ་སྡང་ངོ་སྙམ་པའི་སེམས་དེ་ཉིད། ཉལ་བའི་ཐོག་མ་ཉིད་དུ་ངེས་པར་བྱ་དགོས་སོ། ། རྩ་བར། བྱང་ཆུབ་སེམས་དཔའི་སྤྱོད་པ་དག ། ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱོང་བ་ཡི་སྤྱོད་པ་ནི། །ངེས་བར་དེ་སྲིད་སྤྱད་པར་བྱ། ། ས་ལ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ལ་སོགས་པ་མཐའ་དག་ལ་ཚད་གཞལ་དུ་མེད་པར་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གཞུང་མང་པོའི་ནང་དུ་གསུངས་ཡོད་པ་ལས། བྱང་སེམས་ལས་དང་པོ་བ་རྣམས་ཀྱིས་ངེས་པར་དུ་ཐོག་མར་རང་གི་སེམས་སྦྱོང་བ་ཡི་སྤྱོད་པ་དག་ནི་བྱང་ཆུབ་པ་ཞིག་མ་ངེས་བར་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྤྱོད་འཇུག་འདི་བཞིན་སྤྱད་པར་བྱའོ། ། རྩ་བར། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། ། བསླབ་བྱ་གཞན་ཡང་། རྟག་ཏུ་ཉིན་མོ་ལན་གསུམ་དང་མཚན་མོ་ལན་གསུམ་གྱི་རིང་དུ། ཕུང་པོ་གསུམ་པའི་མདོ་ལྟུང་བཤགས་སོགས་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས་དལ་མོའི་ངག་གིས་ངེས་པར་དུ་གདོན་པར་བྱ་ཞིང་། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དང་དེའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པར་བརྟེན་ནས། ལྟུང་བའི་ལྷག་མ་སྟེ་རྩ་བའི་ལྟུང་བ་ལས་གཞན་པའི་ཉེས་བྱས་མཐའ་དག་དེ་ཡིས་ལྷག་མེད་དུ་ཞི་བར་བྱ་ངེས་སོ། ། རྩ་བར། རང་ངམ་གཞན་གྱི་དབང་ཡང་རུང་། །གནས་སྐབས་གང་དུ་ཅི་སྤྱོད་ཀྱང་། །བསླབ་པར་གསུངས་པ་གང་ཡིན་པའི། །གནས་སྐབས་དེ་ལ་འབད་དེ་བསླབ། ། 166 རང་ངམ་སེམས་ཅན་གཞན་གྱི་དབང་ཡང་རུང་སྟེ། དུས་དང་གནས་སྐབས་ཀུན་ཏུ་ས་ཆ་གང་དུ་ལུས་ངག་ཡིད་གསུམ་གྱིས་བྱ་བ་ཆེ་ཆུང་ཅི་ཞིག་ལ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱོད་ཀྱང་བསླབ་པར་མདོ་ལས་གསུངས་པ་གང་ཡིན་པའི་བྱ་བའི་གནས་སྐབས་དེ་ལ་ཉེས་པ་ཕྲ་མོས་ཀྱང་མ་གུས་པར་འབད་དེ་བསླབ་པར་བྱ་དགོས་སོ། ། རྩ་བར། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། ། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི་ཤེས་བྱའི་གནས་དེ་འདྲ་ཞིག་ནི་ས་ཕྱོགས་གང་དུ་ཡང་ཡོད་པ་མིན་ཏེ། དེ་ལྟར་ཤེས་བྱ་མཐའ་དང་མུ་མེད་པར་ལེགས་པར་བསླབ་ཅིང་། རྟག་ཏུ་དྲན་པ་དང་ཤེས་བཞིན་ལ་གནས་པའི་མཁས་པའི་དབང་པོ་དེ་དག་ལ། ལུས་ངག་ཡིད་གསུམ་གྱིས་ལས་བྱས་ཚད་བསོད་ནམས་མཐའ་མེད་དུ་འཕེལ་བའི་རྒྱུར་མི་འགྱུར་བ་གང་ཡང་མེད་དོ། ། རྩ་བར། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། ། ཐབས་སྣ་ཚོགས་ཀྱིས་གཞན་གྱིས་མཐོང་སར་གཞན་དོན་དངོས་སུ་བྱས་སམ་ཡང་ན་བརྒྱུད་ནས་བྱས་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་དུ་སེམས་ཅན་འབུ་སྲིན་ཚུན་ཆད་ཀྱི་བདེ་དོན་འབའ་ཞིག་ལས་གཞན་རང་དོན་ཁོ་ནའི་ཆེད་བརྩོན་པ་ནམ་ཡང་མི་སྤྱད། ཐ་ན་རྨི་ལམ་གྱི་གནས་སྐབས་ཚུན་ཆད་དུ་སེམས་ཅན་གཞན་ཁོ་ནའི་དོན་གྱི་ཕྱིར་དུ། དུས་གསུམ་དུ་བསགས་པའི་དགེ་བའི་ཚོགས་མཆིས་སོ་ཅོག་ཐམས་ཅད་སེམས་ཅན་དེ དག་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སར་འགོད་པའི་ཕྱིར་བསྔོ་བར་བྱའོ། ། རྩ་བར། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆབ་སེམས་དཔའི་བརྟལ་ཞགས་མཆོག ། སྲོག་གི་ཕྱིར་ཡང་མི་གཏང་ངོ་། ། 167 དུས་རྟག་པར་བླང་དོར་གྱི་གནད་སྟོན་པར་མཁས་པའི་དགེ་བའི་བཤེས་གཉེན་ནི། ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་ཚིག་དོན་མཐའ་དག་ལེགས་པར་སྟོན་པ་ལ་ཤིན་ཏུ་མཁས་པ་དང་། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ཏེ་བྱང་ཆུབ་སེམས་དཔའི་ཉམས་ལེན་མཆོག་ཏུ་གྱུར་པ་མཐའ་དག རང་ཉིད་ཀྱི་སྲོག་གི་ཕྱིར་ཡང་མི་གཏང་ངོ་སྟེ་མི་གཏང་བར་གཅེས་པར་འཛིན་ནོ། ། རྩ་བར། དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །འདི་དང་སངས་རྒྱས་བཀའ་སྩལ་གཞན། །མདོ་སྡེ་བཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལས་བསླབ་པ་སྣང་། །དེ་བས་མདོ་སྡེ་བཀླག་པར་བྱ། །ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། ། སྡོང་བོ་བཀོད་པའི་མདོའི་དཔལ་འབྱུང་གིས་གཞོན་ནུ་ནོར་བཟང་ལ་གདམས་པའི་དཔལ་འབྱུང་བ་ཡི་རྣམ་ཐར་ལས། བླ་མ་ཇི་ལྟར་བསྟེན་པའི་ཚུལ་དཔེ་དང་བཅས་ཏེ་རྒྱ་ཆེར་བཤད་པ་ལྟར་དུ་བསླབ་དགོས་པ་དང་། ཁྱེའུ་དཔལ་གྱི་འབྱུང་གནས་དང་བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ཀྱི་རྣམ་ཐར་འདི་དང་། སངས་རྒྱས་ཀྱིས་བཀའ་སྩལ་བའི་བཤེས་གཉེན་བསྟེན་ཚུལ་གཞན་མདོ་སྡེ་ཧ་ཅང་མང་པོའི་ནང་དུ་ཡོད་པ་དག་ལེགས་པར་བཀླགས་ནས་ཤེས་པར་བྱ་དགོས་ཏེ། མདོ་སྡེ་རྣམས་ལས་བསླབ་པ་ཡོངས་སུ་རྫོགས་པ་ཤིན་ཏུ་གསལ་བར་སྣང་བའི་ཕྱིར། དེ་བས་ན་མདོ་སྡེ་ཕྱོགས་ཀྱི་གཞུང་གང་མང་མང་ཞིག་བཀླག་པར་བྱ། ལྷག་པར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་རང་རྒྱུད་ལ་བླངས་རྗེས་སུ་མདོ་ཞིག་བཀླག་འདོད་ན། ནམ་མཁའི་སྙིང་པོ་ཞེས་བྱ་བའི་མདོ་སྡེ་འདི་ནི། ངེས་པར་དུ་ཐོག་མ་ཉིད་དུ་བལྟ་བར་བྱ་དགོས། དེར་ལྟུང་བ་དང་དེ་བཅོས་ཐབས་ཀྱི་རིགས་གསལ་བར་བསྟན་སྟབས། འདི་ཐོག་མར་གལ་ཆེའོ། ། རྩ་བར། གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ་ལས་རྒྱ་ཆེར་རབ་སྟོན་པའི། །བསླབ་པ་ཀུན་ལས་བཏུས་པར་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། ། 168 རབ་བྱུང་ན་བསླབ་པ་ཀུན་ལས་བཏུས་པར་བལྟ་དགོས། རྒྱུ་མཚན་གང་གི་ཕྱིར་སྙམ་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚོས་དུས་རྟག་ཏུ་སྤྱད་པར་བྱ་བའི་གནས་ཀུན་ནི་གཞུང་དེ་ལས་རྒྱ་ཆེར་རབ་ཏུ་སྟོན་པའི་ཕྱིར། བསླབ་པ་ཀུན་ལས་བཏུས་པར་ཡང་། ངེས་པར་དུ་ལན་གཅིག་མིན་པར་ཡང་དང་ཡང་དུ་བལྟ་བར་བྱའོ། ། རྩ་བར། ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། ། ཡང་མིན་ན་རེ་ཞིག་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རིགས་མཐའ་དག་མདོར་བསྡུས་ནས་ལེགས་པར་བསྟན་པའི་མདོ་རྣམས་ཀུན་ལས་བཏུས་པར་བལྟ་དགོས། མ་ཟད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་དང་མདོ་བཏུས་གཉིས་པོ་ལའང་འབད་པས་ཡང་ཡང་བལྟ་བར་བྱའོ། ། རྩ་བར། གང་ལས་གང་ནི་མ་བཀག་པ། །དེ་ཉིད་སྤྱད་པར་བྱ་བ་སྟེ། །འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར། །བསླབ་པ་མཐོང་ནས་ཡང་དག་སྤྱད། ། དེ་ཡང་རྒྱལ་བའི་བཀའ་དང་དེའི་དགོངས་པ་ལེགས་པར་འགྲེལ་པའི་གཞུང་གང་དང་གང་ལས་བྱ་བ་གང་གི་རིགས་འདི་དང་འདྲ་བ་ནི་ནམ་ཡང་བྱེད་དུ་མི་རུང་ཞེས་མ་བཀག་པ་དེ་ཉིད་ཀྱི་རིགས་དག་ནི། རང་གིས་དུས་རྟག་ཏུ་ལུགས་དང་མཐུན་པའི་སྒོ་ནས་སྤྱད་པར་བྱ་བ་སྟེ་སྤྱད་པར་བྱ་དགོས། མདོར་བསྡུས་ནས་བཤད་ན། འཇིག་རྟེན་པ་རྣམས་ཀྱི་སེམས་ནང་དུ་མ་དད་པའི་ས་བོན་ངན་པ་འཇོག་བྱེད་ཀྱི་རིགས་དག་སྤངས་ཏེ། ཁོང་ཚོའི་སེམས་ནང་དུ་ཡོད་པའི་དད་པ་དང་ཡིད་ཆེས་ཀྱི་རིགས་དག་ནི་ལེགས་པར་བསྲུང་བར་བྱ་བའི་ཕྱིར་དུ། བྱང་ཆུབ་སེམས་དཔའི་བསླབ་པ་དག་མཐོང་ནས་ཡང་དག་པར་སྤྱད་པར་བྱའོ། ། རྩ་བར། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །འདི་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསང་བའི་མཚན་ཉིད་དོ། ། 169 རང་གི་ལུས་ངག་དང་སེམས་ཀྱི་སྦྱོར་བ་སོགས་ཀྱི་གནས་སྐབས་ལ། ཚུལ་དང་མཐུན་པ་ཞིག་འབྱུང་གི་ཡོད་མེད་ཡང་དང་ཡང་དུ་གཟབ་ནན་གྱིས་བརྟག་པར་བྱ་བ་འདི་ཉིད་ཁོ་ན་མདོར་བསྡུས་ནས་བཤད་ན་ནི། དྲན་པ་དང་ཤེས་བཞིན་གྱི་རིགས་མི་ཉམས་པར་བསྲུང་བའི་མཚན་ཉིད་དོ། ། རྩ་བར། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། ། ལུས་ངག་ཡིད་ཀྱིས་གོང་དུ་བཤད་པའི་བསླབ་པར་བྱ་བའི་གནས་འདི་དག་ཉམས་ལེན་ལ་སྦྱར་ནས་སྤྱད་པར་བྱ་དགོས་པ་ལས། ཚིག་ཙམ་ཞིག་ངག་ནས་བརྗོད་པས་དོན་དང་ལྡན་པའི་འབྲས་བུ་ཅི་ཞིག་འགྲུབ་པར་འགྱུར། དཔེར་ན། སྨན་དཔྱད་ཀྱི་གཞུང་རྒྱ་ཆེན་པོ་ཅི་ཙམ་ཞིག་བཀླགས་པ་དང་། དེ་ངག་ནས་ཡང་ཡང་བཤད་ཀྱང་དེ་ཙམ་གྱིས་ནི་ནད་པ་དག་ལ་ཕན་པར་འགྱུར་རམ་ནམ་ཡང་མི་འགྱུར་རོ། ། ལེའུའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་བཞིན་བསྲུང་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའི་འབྲུ་འགྲེལ། གསལ་བཤད། ལེའུ་འདིར་སེམས་དང་དྲན་པ་སྲུང་བ་སོགས་ཡོད་ཀྱང་། ཤེས་བཞིན་སྲུང་ཚུལ་རྒྱས་པར་བསྟན་སྟབས། ཤེས་བཞིན་བསྲུང་བར་བྱ་བའི་ལེའུ་ཞེས་བསྟན་པ་ཡིན། 170 ༦༽ ལེའུ་དྲུག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བཟོད་པ་བསྟན་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ། བསྐལ་པ་ཆེན་པོ་སྟོང་དུ་བསགས་པ་ཡི་མར་སེམས་ཅན་དབུལ་ཕོངས་ལ་སྦྱིན་པ་བྱིན་པ་དང་། ཡར་བདེ་བར་གཤེགས་པ་སངས་རྒྱས་དང་། དེའི་དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་དེ་དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ་ལེགས་པར་སྤྱད་པའི་དགེ་བ་གང་ཡིན་པ་དེ་དག་ཀུན་ཀྱང་། འཕགས་པའི་དགེ་འདུན་ལ་དམིགས་པའི་ཁོང་ཁྲོ་གཅིག་གིས་ལྷག་མེད་དུ་འཇོམས་པར་བྱེད་དོ། ། རྩ་བར། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། ། དེ་ཡང་རང་གི་དགེ་རྩ་འཇོམས་པ་དང་། ངན་སོང་དུ་ལྟུང་བར་བྱེད་པ་ལ་ཞེ་སྡང་ལྟ་བུའི་སྡིག་པ་ཚབས་ཆེན་མེད་སྟབས། དེའི་གཉེན་པོར་ཡང་བཟོད་པ་ལྟ་བུའི་དཀའ་ཐུབ་ཅིག་བཙལ་དུ་མེད། དེ་བས་ན་རྟག་ཏུ་བཟོད་པའི་ཉམས་ལེན་ལ་ནན་ཏན་དུ། ཐབས་སྣ་ཚོགས་པའི་ཚུལ་གྱིས་ཡང་ཡང་བསྒོམ་པར་བྱའོ། ། རྩ་བར། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བའང་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། ། རང་གི་དགྲ་བོར་དགྲ་བོའི་འདུ་ཤེས་ཀྱིས་ཞེ་སྡང་བའི་ཟུག་རྔུའི་སེམས་འཁྱུག་ཙམ་འཆང་ནའང་། དེའི་རྐྱེན་གྱིས་ཡིད་ཀྱིས་ནི་ཞི་བ་ཕྲ་མོ་ཙམ་ཡང་ཉམས་སུ་མི་མྱོང་། 171 ཡིད་དགའ་བ་དང་ལུས་ཁམས་བདེ་བའང་གཏན་ནས་མི་འཐོབ་ལ། རྐྱེན་དེས་མཚན་མོར་གཉིད་ཀྱང་སྐྱིད་པོ་ཞིག་མི་འོང་ཞིང་། སེམས་རྣལ་དུ་གནས་པ་ལྟ་བུའི་བརྟན་པོ་དེ་ཡང་མེད་པར་འགྱུར་རོ། ། རྩ་བར། གང་དག་ནོར་དང་བཀུར་སྟི་ཡིས། །དྲིན་བྱིན་དེ་ལ་བརྟེན་གྱུར་པ། །དེ་དག་ཀྱང་ནི་སྡང་ལྡན་པའི། །རྗེ་དཔོན་དེ་ལ་གསོད་པར་རྒོལ། །དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར། །སྦྱིན་པས་བསྡུས་ཀྱང་བསྟེན་མི་བྱེད། ། བྲན་ཕོ་མོ་གང་དག་ལ་རྗེ་བོས་ནོར་སྦྱིན་པ་དང་། བརྩི་མཐོང་ལྟ་བུའི་བཀུར་སྟི་བྱེད་པ་ཡིས་དྲིན་སོགས་བྱིན་པ་མ་ཟད། ཉིན་རེའི་ཟས་གོས་གནས་མལ་སོགས་ཀྱང་རྗེ་བོ་དེ་ལ་བརྟེན་པར་གྱུར་པས། བྲན་ཕོ་མོ་དེ་དག་གིས་ཀྱང་ནི་རྗེ་བོར་དྲིན་ལན་མཇལ་དགོས་ཀྱང་། དེ་ལས་ལྡོག་སྟེ་ཧ་ཅང་སྡང་སེམས་དང་ལྡན་པའི་སྒོ་ནས། རྗེ་བོའི་དབང་ཐང་ལོངས་སྤྱོད་ཡོངས་རྫོགས་རང་ཉིད་ལ་ཐོབ་ན་སྙམ་པས་རྗེ་དཔོན་དེ་སྐད་ཅིག་དེ་ཉིད་ལ་གསོད་པར་དྲག་ཏུ་རྒོལ་བ་དེ་ཡིས། རང་ཉིད་ཀྱི་མཛའ་བཤེས་ཚོའི་སེམས་སྐྱོ་བར་མི་འགྱུར་བའི་ངེས་པ་མེད་སྟབས། བྲན་ཕོ་མོ་དེའི་རིགས་སྦྱིན་པ་ལ་སོགས་པས་རང་གི་འཁོར་གཡོག་ཏུ་བསྡུས་ཀྱང་རང་དང་ཉེ་བའི་སར་བསྟེན་པར་མི་བྱེད་དོ། ། རྩ་བར། མདོར་ན་ཁྲོ་བས་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཁྲོ་བའི་དགྲ་ཡིས་དེ་ལ་སོགས། །སྡུག་བསྔལ་དག་ནི་བྱེད་པར་འགྱུར། །གང་ཞིག་བསྒྲིམས་ཏེ་དགྲ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། ། མདོར་བསྡུས་ནས་བཤད་ན། སེམས་ཁོང་ཁྲོ་བས་རང་ཉིད་བདེ་བར་གནས་པར་བྱེད་པའི་སྐབས་དེ་ནི་འགའ་ཡང་སྟེ་གཏན་ནས་ཡོད་པ་མ་ཡིན་ཏེ། ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སེམས་ཁོང་ཁྲོ་བའི་དགྲ་ཡིས་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་ལྷག་མེད་ད་འཇོམས་པའི་ཉེས་དམིགས་དེ་དང་དེ་ལ་སོགས་པའི་སྡུག་བསྔལ་དག་ 172 ནི་རབ་ཏུ་བྱེད་པར་འགྱུར་བའི་རྩ་བའི་རྒྱུ་བྱེད་སྟབས། མི་སུ་དང་གང་ཞིག་ཡིན་རུང་སེམས་རབ་ཏུ་བསྒྲིམས་ཏེ་རང་ཉིད་ཀྱི་དགྲའི་གཙོ་བོ་ཁོང་ཁྲོ་འཇོམས་པར་བྱེད་ཐུབ་ན། དེས་ནི་ཚེ་རབས་འདི་དང་ཚེ་རབས་གཞན་དུ་ཡང་བདེ་བ་འབའ་ཞིག་འབྱིན་ནོ། ། རྩ་བར། མི་འདོད་བྱས་དང་འདོད་པ་ཡི། །གེགས་བྱས་པ་ལས་བྱུང་གྱུར་པ། །ཡིད་མི་བདེ་བའི་ཟས་རྙེད་ནས། །ཞེ་སྡང་བརྟས་ཏེ་བདག་འཇོམས་སོ། ། བདག་དང་བདག་གི་བ་ལ་སེམས་གཏིང་ནས་མི་འདོད་པར་བྱས་པ་དང་། རྙེད་པ་སོགས་འདོད་པ་ཡི་གེགས་ཡང་ཡང་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་བདེ་བའི་ཞེ་སྡང་གི་ཟས་རྙེད་པར་གྱུར་ནས། དེ་ཡིས་ཞེ་སྡང་ཆེས་ཆེར་བརྟས་པར་བྱས་ཏེ། བདག་ཉིད་ཀྱི་དགེ་རྩ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ལྷག་མེད་དུ་འཇོམས་པར་ངེས་སོ། ། རྩ་བར། དེ་ལྟས་བདག་གི་དགྲ་བོ་དེའི། །ཟས་ནི་རྣམ་པར་གཞོམ་པར་བྱ། །འདི་ལྟར་བདག་ལ་གནོད་པ་ལས། །དགྲ་འདི་ལ་ནི་ལས་གཞན་མེད། ། དེ་ལྟ་བས་ན། བདག་གིས་མགྱོགས་མྱུར་ངང་རང་ཉིད་ཀྱི་དགྲའི་གཙོ་བོ་ཞེ་སྡང་དེའི་ཟས་ནི་འབད་པས་རྣམ་པར་གཞོམ་པར་བྱ་སྟེ། འདི་ལྟར་བདག་ལ་དུས་དང་རྣམ་པ་ཀུན་ཏུ་གནོད་པའི་ལས་འབའ་ཞིག་བྱེད་པ་ལས། ཞེ་སྡང་གི་དགྲ་འདི་ལ་ནི་ལས་བཟང་པོ་གཞན་ཞིག་རྩ་བ་ནས་མེད་དོ། ། རྩ་བར། ཅི་ལ་བབ་ཀྱང་བདག་གིས་ནི། །དགའ་བའི་ཡིད་ནི་དཀྲུག་མི་བྱ། །མི་དགའ་བྱས་ཀྱང་འདོད་མི་འགྲུབ། །དགེ་བ་དག་ནི་ཉམས་པར་འགྱུར། ། རྒྱུ་མཚན་དེས་ན། རྐྱེན་ངན་པ་ཅི་ཞིག་ལ་བབ་པར་གྱུར་ཀྱང་བདག་གིས་ནི། དགའ་བའི་ཡིད་ནི་ནམ་ཡང་དཀྲུག་པར་མི་བྱ། ཡིད་མི་དགའ་བར་བྱས་ཀྱང་རང་གི་འདོད་པའི་དོན་མི་འགྲུབ་པ་མ་ཟད། ད་དུང་དགེ་བ་གཞན་དག་ཀྱང་ནི་རྩ་བ་ནས་ཉམས་པར་འགྱུར་བའི་ཕྱིར་རོ། ། 173 རྩ་བར། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། ། གལ་ཏེ་དགྲ་དང་བགགས་ཀྱི་རིགས་བཅོས་སུ་ཡོད་ན་ནི། དེ་དག་ལ་མི་དགར་ཅི་ཞིག་ཡོད། གལ་ཏེ་ཐབས་གང་གིས་ཀྱང་བཅོས་སུ་མེད་ན་ནི། དེ་དག་ལ་མི་དགའ་བར་བྱས་པས་ཅི་ཞིག་ལ་ཕན་ནོ། ། རྩ་བར། བདག་གམ་བདག་གི་བཤེས་རྣམས་ལ། །སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་། །མི་སྙན་ཞེས་བྱ་མི་འདོད་དེ། །དགྲ་ལ་དེ་ལས་བཟློག་པས་སོ། ། ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་བདག་གམ་བདག་གི་བློ་ཐག་ཤིན་ཏུ་ཉེ་བའི་མཛའ་བཤེས་རྣམས་ལ། རྟག་ཏུ་མི་བདེ་བ་དང་། སྡུག་བསྔལ་བ་དང་། རྙེད་པ་མ་རྙེད་པ་དང་། གང་ཟག་གཞན་གྱིས་ཐུབ་ཚོད་དང་། བརྙས་བཅོས་བྱེད་པ་དང་། ཚིག་རྩུབ་པོས་སྨད་ར་གཏོང་བ་དང་། གྲགས་པ་མ་ཡིན་པའི་མི་སྙན་ཞེས་བྱ་བ་དག་མི་འདོད་དེ། དགྲ་ལ་ནི་དེ་དག་ལས་བཟློག་པས་སོ། ། རྩ་བར། བདེ་བའི་རྒྱུ་ནི་རེས་འགའ་འབྱུང་། །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་། ། སྲིད་པ་འཁོར་བའི་གནས་ཀུན་ཏུ་བདེ་བའི་རྒྱུ་ནི་དུས་རེས་འགའ་ཙམ་ལ་མ་གཏོགས་མི་འབྱུང་ལ། སྡུག་བསྔལ་གྱི་རྒྱུ་ནི་ཆུ་ཡི་གཉེར་མ་དང་མཚུངས་པར་ཤིན་ཏུ་མང་ངོ་། ། རྩ་བར། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །དཀའ་བཟློག་དད་དང་ཀརྞ་པ། །བསྲེགས་དང་བཅད་སོགས་ཚོར་བ་ནི། །དོན་མེད་བཟོད་བྱེད་ཐར་པ་ཡི། །དོན་དུ་བདག་ཀོ་ཅི་ཕྱིར་སྡར། ། སྡུག་བསྔལ་གྱིས་ཡིད་སུན་པའི་རྣམ་པ་ཞིག་མེད་པར་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པ་རྣམ་དག་ཅིག་རང་རྒྱུད་ལ་སྐྱེ་ཐབས་མེད། རྒྱུ་མཚན་དེ་ལྟ་བས་ན། སེམས་ཁྱོད་སྡུག་བསྔལ་དང་དུ་ལེན་པ་ལ་བསམ་བློ་བརྟན་པར་མནོས་ཤིག ལྷ་དབང་ 174 ཕྱུག་གི་དཀའ་ཐུབ་བཟློག་ཅིང་ཉམས་པར་བྱེད་མཁན་ནི་ལྷ་མོ་དཀའ་བཟློག་མ་ཡིན་ལ། དེར་ཤིན་ཏུ་དད་པ་དང་ལྡན་པ་རྣམས་ཀྱིས་སྟོན་ཟླ་འབྲིང་བོའི་ཚེས་དགུའི་དུས་སུ་ཟས་གཅོད་པ་དང་། ལུས་མེར་བསྲེགས་པ་དང་། ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་ཀརྞ་པའམ་ཀརྞ་ཊ་ཀ་པ་རྣམས་ཀྱིས་ཕན་ཚུན་འགྲན་རྩོད་ཁོ་ནའི་ཆེད་རང་ལུས་མེར་བསྲེགས་པ་དང་། ཡན་ལག་བཅད་གཏུབ་བྱེད་པ་སོགས་ཀྱི་སྐབས་ཐོག་སོ་སོའི་ཚོར་བ་སྡུག་བསྔལ་གྱི་རིགས་ལ་ནི། དོན་སྙིང་གང་ཡང་མེད་ན་ཡང་བཟོད་པར་བྱེད་ན། སེམས་ཅན་དཔག་ཏུ་མེད་པ་སྡུག་བསྔལ་ལས་ཐར་པ་ཡི་དོན་དུ་བདག་ཀོ་ཅི་ཞིག་གི་ཕྱིར་སྡར་ཏེ་བཟོད་པར་རིགས་སོ། ། རྩ་བར། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས། ། སྡུག་བསྔལ་ཆུང་ཚགས་ཀྱི་རིགས་ལ་བཟོད་ནུས་ཀྱི། རང་གི་མགོ་དང་རྐང་ལག་སོགས་ཀྱི་རིགས་བཅད་གཏུབ་བྱས་པར་བཟོད་མི་ནུས་སོ་སྙམ་ན། དེ་ཚོ་རིམ་གྱིས་ཉམས་སུ་བླངས་ཏེ་གོམས་པར་བྱས་ན་སླ་བར་མི་འགྱུར་བའི་དངོས་པོ་དེ་འདྲ་ཞིག་གང་དུ་ཡང་ཡོད་པ་མ་ཡིན། རྒྱུ་མཚན་དེ་བས་ན། ཚ་གྲང་དང་ཚིག་རྩུབ་སོགས་གནོད་པ་ཆུང་ངུའི་རིགས་དག་ལ་རིམ་གྱིས་གོམས་པར་བྱས་པས། ནམ་ཞིག་གནོད་པ་ཆེན་པོའི་རིགས་དག་ཀྱང་བཟོད་མི་ཐུབ་པ་གང་ཡང་མེད་པར་ཤེས་པར་བྱོས་ཤིག། རྩ་བར། སྦྲུལ་དང་ཤ་སྦྲང་དག་དང་ནི། །བཀྲེས་སྐོམ་ལ་སོགས་ཚོར་བ་དང་། །གཡན་པ་ལ་སོགས་བཅས་པ་ཡི། །དོན་མེད་སྡུག་བསྔལ་ཅིས་མ་མཐོང་། ། གནོད་པ་ཆུང་ངུའི་རིགས་གང་ཡིན་ཟེར་ན། སྦྲུལ་དང་། ཤ་སྦྲང་ལ་སོགས་པས་ལུས་ལ་རྨུགས་པའི་གནོད་པ་དག་དང་ནི། ལྷག་པར་དུ་ལུས་ཀྱི་རང་བཞིན་འབྱུང་བའི་ནད་དང་། གཞན་ཡང་། བཀྲེས་སྐོམ་ལ་སོགས་པའི་ཚོར་བ་སྡུག་བསྔལ་དག་དང་། ནད་གཡན་པ་ལ་ 175 སོགས་པ་དང་བཅས་པ་ཡི་དོན་སྙིང་མེད་པའི་སྡུག་བསྔལ་མང་པོར་རིམ་གྱིས་གོམས་ན་བཟོད་སླ་བ་དང་། མ་གོམས་ན་བཟོད་དཀའ་བ་ཞིག་ཡིན་པ་ཅིས་མ་མཐོང་། རྩ་བར། ཚ་གྲང་ཆར་དང་རླུང་སོགས་དང་། །ནད་དང་འཆིང་དང་རྡེག་སོགས་ལ། །བདག་གིས་བཟེ་རེ་མི་བྱ་སྟེ། །དེ་ལྟར་བྱས་ན་གནོད་པ་འཕེལ། ། དབྱར་ཚ་བ་དང་། དགུན་གྱི་གྲང་བ་དང་། ཆར་ཞོད་དང་། བྱེ་རླུང་ལ་སོགས་པ་དང་། ནད་དང་གདོན་གྱིས་བཟུང་བ་དང་། ཡུལ་གྱི་རྒྱལ་པོས་འཆིང་བ་དང་། བཙན་པོས་བཙིར་གནོན་དང་རྡུང་རྡེག་བྱས་པ་སོགས་ལ། བདག་གིས་དུས་ནམ་ཡང་བཟེ་རེ་སྟེ་མི་བཟོད་པའི་ཡ་ལན་མི་བྱ་སྟེ། དེ་ལྟར་བྱས་ན་སེམས་ཅན་གཞན་ཙམ་མ་ཟད། སོ་སོ་རང་ཉིད་ལའང་གནོད་པ་ཆེན་པོ་འཕེལ་ངེས་སྟབས། རྒྱུན་དུ་བཟོད་བསྲན་བྱ་དགོས་སོ། ། རྩ་བར། ལ་ལ་བདག་གི་ཁྲག་མཐོང་ན། །དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད། །ལ་ལ་གཞན་གྱི་ཁྲག་མཐོང་ན། །བོག་ཀྱང་བརྒྱལ་བར་འགྱུར་བ་ཡོད། །དེ་ནི་སེམས་ཀྱི རང་བརྟན་དང་། །སྡར་མའི་ཚུལ་ལས་གྱུར་པ་ཡིན། ། སྐྱེ་བོ་ལ་ལ་ཞིག་གིས་བདག་གི་ཁྲག་འཛག་པ་མཐོང་བའི་ཚེ་ན། སྔར་ལས་ཀྱང་དཔའ་བའི་བློ་བརྟན་ལྷག་པར་སྐྱེ་བར་འགྱུར་བ་མངོན་སུམ་དུ་མཐོང་བ་ཡོད། ཡང་སྐྱེ་བོ་ལ་ལ་ཞིག་གིས་རང་གི་ཁྲག་ཙམ་མ་ཟད། སྐྱེ་བོ་གཞན་གྱི་ཁྲག་འཛག་པ་མཐོང་བའི་ཚེ་ན་ཡང་། དེ་ཉིད་དུ་འབོག་ཀྱང་བརྒྱལ་བར་འགྱུར་བའང་ཡོད། དེ་ལས་སྔ་མ་ནི་སེམས་ཀྱི་རང་བཞིན་བརྟན་པ་ལ་གོམས་པ་དང་། ཕྱི་མ་ནི་སྡར་མའི་ཚུལ་ལ་གོམས་པ་ལས་གྱུར་པ་ཡིན་ནོ། ། རྩ་བར། དེ་བས་གནོད་པ་ཁྱད་བསད་ཅིང་། །སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས། །མཁས་པས་སྡུག་བསྔལ་བྱུང་ཡང་ནི། །སེམས་ཀྱི་རབ་དང་རྙོག་མི་བྱ། ། རྒྱུ་མཚན་དེ་ལྟ་བས་ན། རྐྱེན་ངན་པའི་གནོད་པ་གང་ཞིག་དང་འཕྲད་ཀྱང་སེམས་ཤིན་ཏུ་བརྟན་པར་ 176 གྱིས་ལ། སྡུག་བསྔལ་གྱི་རིགས་ཁྱད་དུ་བསད་ནས་ཅིང་། རྟག་ཏུ་རང་ཉིད་ལ་སྡུག་བསྔལ་དེ་རྣམས་ཀྱིས་མི་ཚུགས་པར་བྱོས་ཤིག ཐེག་ཆེན་གྱི་ལམ་སྒོམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཚོས་སྡུག་བསྔལ་གང་ཞིག་བྱུང་ཡང་ནི་བཟོད་པར་བྱས་ནས། སེམས་ཀྱི་རབ་ཏུ་དང་བའི་རྣམ་པ་དེ་འཁྲུགས་པས་རྙོག་པར་མི་འཇུག་པར་བརྩོན་པར་བྱའོ། ། རྩ་བར། ཉོན་མོངས་རྣམས་དང་གཡུལ་འགྱེད་ལ། །གཡུལ་འགྱེད་ཚེ་ན་གནོད་པ་མང་། །སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པའོ། ། ཉོན་མོངས་ཕྲ་རགས་ཐམས་ཅད་རང་གི་དགྲ་ཡིན་སྟབས། ཉོན་མོངས་པའི་དགྲ་དེ་རྣམས་དང་ཁ་གཏད་ཀྱིས་གཡུལ་འགྱེད་ལ་བརྩོན་སྐབས་སམ། དེ་དག་དང་གཡུལ་འགྱེད་པའི་ཚེ་ན་གནོད་པ་ཤིན་ཏུ་ནས་མང་ཡང་། གནོད་པའི་སྡུག་བསྔལ་དེ་དག་ཐམས་ཅད་ཁྱད་དུ་བསད་ནས། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི རྣམས་འཇོམས་པར་བྱེད་པ་དེ་དག་ནི་གཡུལ་ལས་རྒྱལ་བར་བྱེད་པའི་དཔའ་བོ་ངོ་མ་སྟེ། དེ་མིན་ཞེ་སྡང་གི་དབང་དུ་སོང་བའི་དཔའ་བོ་ལྷག་མ་སྟེ་དཔའ་བོ་ཕལ་བ་དག་གནས་་དགྲ་སྐབས་ཐ་མལ་པའི་དགྲ་ལས་རྒྱལ་ཐུབ་པ་འབྱུང་སྲིད་ཡང་། དེ་དག་སྔ་ཕྱི་མ་གཏོགས་ཤི་རྒྱུ་ཡིན་སྟབས། རོ་ལ་གསོད་པ་དང་ཀུན་ནས་མཚུངས་སོ། ། རྩ་བར། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། ། གཞན་ཡང་། རང་དང་ཇོ་བོ་གཞན་གྱི་སྡུག་བསྔལ་བསམ་པ་ནི་ཉམས་ལེན་གྱི་གནད་ཤིན་ཏུ་ཆེ་སྟེ། སྡུག་བསྔལ་གྱི་ཉེས་དམིགས་སེམས་པའི་ཡོན་ཏན་དེ་ཡིས་ནི། རང་ཉིད་ཀྱི་སེམས་ཤིན་ཏུ་སྐྱོ་བས། དེས་དོན་མེད་དུ་སེམས་ལ་ང་རྒྱལ་དང་དྲེགས་པ་སྐྱེས་དང་སྐྱེ་བཞིན་པ་དག་སེལ་བར་བྱེད་པ་མ་ཟད། སྡུག་བསྔལ་གྱི་འབྱུང་གནས་ལྟ་བུའི་འཁོར་ 177 བར་འཁྱམས་བཞིན་པའི་འཁོར་བ་པ་ལ་སྙིང་རྗེའི་བསམ་པ་མཚན་ཉིད་པ་སྐྱེ་བ་དང་། དེ་ལ་བརྟེན་ནས་སྡུག་བསྔལ་དེ་དག་གི་རྒྱུ་སྡིག་པའི་ལས་ལ་དུས་རྒྱུན་དུ་ནས་འཛེམ་ཞིང་། བདེ་བ་འབྱུང་བའི་ཆེད་དུ་དེའི་རྒྱུ་དགེ་བའི་བྱ་བ་ལ་ངང་གིས་དགའ་བར་བྱེད་དོ། ། རྩ་བར། མཁྲིས་པ་ལ་སོགས་སྡུག་བསྔལ་གྱི། །འབྱུང་གནས་ཆེ་ལ་མི་ཁྲོ་བར། །སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ། །དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ། ། མཁྲིས་ནད་ལ་སོགས་པའི་ནད་རིགས་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་གྱི་འབྱུང་གནས་ཆེན་པོ་འདི་ལ་སེམས་གཏིང་ནས་ཁྲོ་འོས་པ་ལ་དེར་མི་ཁྲོ་བར། སེམས་ཡོད་ཀྱི་སེམས་ཅན་རྣམས་ལ་ཅི་སྟེའམ་ཅིའི་ཕྱིར་ཁྲོ་སྟེ་ཁྲོ་བའི་རྒྱུ་གང་ཡང་རྙེད་དུ་མེད་པའི་ཕྱིར། མ་ཟད་ཉོན་མོངས་རྒྱུད་ལྡན་གྱི་སེམས་ཅན་དེ་དག་ཀུན་ཀྱང་ཉོན་མོངས་པའི་རྐྱེན་གྱིས་བསྐུལ་སྟབས། ཁོང་ཚོར་རང་དབང་གི་གོ་སྐབས་ཕྲ་མོ་ཙམ་ཡང་མེད་དོ། ། རྩ་བར། དཔེར་ན་མི་འདོད་བཞིན་དུ་ཡང་། །ནད་འདི་འབྱུང་བར་འགྱུར་བ་ལྟར། །དེ་བཞིན་མི་འདོད་བཞིན་དུ་ཡང་། །ནན་གྱིས་ཉོན་མོངས་འབྱུང་བར་འགྱུར། ། རང་ལ་གནོད་བྱེད་ཀྱི་སེམས་ཅན་རྣམས་རྐྱེན་དབང་གིས་གྲུབ་པ་ལས། སེམས་ཅན་རང་ཉིད་སྐྱེས་ཙམ་ནས་རང་གཞན་གཉི་གར་གནོད་པའི་བྱེད་ལས་ཅན་གྱི་ངོ་བོར་སྐྱེས་མེད། དཔེར་ན། ནད་རིགས་གང་ཞིག་ཡིན་རུང་རང་རྒྱུད་ལ་བསྐྱེད་པར་འདོད་མཁན་མེད་ན་ཡང་། མི་འདོད་བཞིན་དུ་ཡང་ནས་ཡང་དུ་མཁྲིས་ནད་ལ་སོགས་པའི་ནད་རིགས་འདི་དང་འདིའི་རིགས་རང་རྒྱུད་ལ་འབྱུང་བར་འགྱུར་བ་ལྟར། དེ་བཞིན་དུ་རང་གིས་མི་འདོད་བཞིན་དུ་ཡང་ཆགས་སྡང་སོགས་ཀྱི་རྒྱུས་ནན་གྱིས་ཉོན་མོངས་པའི་རིགས་འབྱུང་བར་འགྱུར་རོ། ། རྩ་བར། ཁྲོ་བར་བྱ་ཞེས་མ་བསམས་ཀྱང་། །སྐྱེ་བོ་རྣམས་ནི་གྱི་ནར་ཁྲོ། །བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་། །ཁྲོ་བ་དེ་བཞིན་སྐྱེ་བར་འགྱུར། ། 178 ཡུལ་གང་ཡང་རུང་བ་ཞིག་ལ་ཆེད་མངགས་ཁོང་ཁྲོ་བར་བྱ་ཞེས་མ་བསམས་ཀྱང་། རྐྱེན་སྣ་ཚོགས་ཀྱི་དབང་གིས་སྐྱེ་བོ་རྣམས་ནི་གྱི་ནར་ཁྲོ་བ་སྟེ་རང་དགར་ཁོང་ཁྲོ་ཡོང་ལ། ཉོན་མོངས་བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་། ཁྲོ་བ་དེ་དང་གཅིག་མཚུངས་བཞིན་ཉོན་མོངས་དེ་དག་རང་དགར་སྐྱེ་བར་འགྱུར་གྱི་རང་ལ་རང་དབང་སྐད་ཅིག་ཙམ་ཡང་མེད་དོ། ། རྩ་བར། ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། ། སྐྱེ་རྒ་ན་འཆི་ལ་སོགས་པའི་ཉེས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་དང་། སེམས་ཅན་གཞན་གྱིས་རང་ཉིད་ལ་ལུས་ཀྱི་རྣམ་འགྱུར་ངན་པ་དང་། ངག་གིས་ཚིག་རྩུབ་སྨྲ་བའི་སྒོ་ནས་སྡིག་པའི་ལས་རྣམ་པ་སྣ་ཚོགས་པ་ཞིག་བྱས་པ་དེ་དག་ཀུན་ཕྱི་དང་ནང་གི་རྒྱུ་རྐྱེན་འདྲ་མིན་གྱི་སྟོབས་ལས་བྱུང་བ་ཞིག་ཡིན་སྟབས། རང་ཉིད་ལ་རང་དབང་ཕྲན་བུ་ཙམ་ཡང་ཡོད་པ་མ་ཡིན་ནོ། ། རྩ་བར། རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་། །བསྐྱེད་པར་བྱ་ཞེས་སེམས་པ་མེད། །དེས་བསྐྱེད་དེ་ཡང་བདག་བསྐྱེད་ཅེས། །སེམས་པ་ཡོད་པ་མ་ཡིན་ནོ། ། རྒྱུ་དང་རྐྱེན་རྣམས་ཚོགས་པ་དེ་དག་གིས་ཀྱང་འབྲས་བུ་རང་གཞན་ལ་གནོད་པ་འདི་དང་འདི་ཞེས་བྱ་བ་བསྐྱེད་པར་བྱ་ཞེས་རང་དབང་གི་སྒོ་ནས་སེམས་པ་ཡེ་ནས་མེད། མ་ཟད་རྐྱེན་དེ་དག་གིས་བསྐྱེད་པའི་འབྲས་བུ་དེ་ལ་ཡང་རྒྱུ་འདི་དང་འདིས་བདག་བསྐྱེད་ཅེས་པའི་སེམས་པ་ཞིག་དུས་ནམ་ཡང་ཡོད་པ་མ་ཡིན་ནོ། ། རྩ་བར། གཙོ་བོ་ཞེས་བྱར་གང་འདོད་དང་། །བདག་ཅེས་བརྟགས་པ་གང་ཡིན་པ། །དེ་ཉིད་བདག་ནི་འབྱུང་བྱ་ཞེས། །ཆེད་དུ་བསམས་ཤིང་འབྱུང་བ་མེད། །མ་སྐྱེས་པར་ནི་དེ་མེད་ན། །དེ་ཚེ་སྐྱེ་བར་འདོད་པ་གང་། ། 179 ཕྱི་རོལ་པས་སྤྱི་གཙོ་བོ་ཞེས་བྱར་གང་འདོད་སྙམ་ན། རྡུལ་མུན་སྙིང་སྟོབས་ཆ་མཉམ་པ་ལ་གཙོ་བོ་ཞེས་འདོད་པ་དང་། བདག་ཤེས་རིག་གི་སྐྱེས་བུ་ལ་བདག་ཅེས་མིང་གིས་བཏགས་ཤིང་ཞེན་པ་གང་ཡིན་པ་དང་། བདག་དེ་ཉིད་རྒྱུ་རྐྱེན་གཞན་གང་ལ་ཡང་མ་ལྟོས་པར་བདག་ནི་འབྱུང་བར་བྱའོ་ཞེས་ཆེད་དུ་བསམས་ཤིང་བསམ་པ་ཙམ་ལས་འབྱུང་བ་མེད་ལ། སྤྱི་གཙོ་བོ་རང་ཉིད་མ་སྐྱེས་པར་ནི་དེ་ལས་འབྲས་བུ་འབྱུང་བ་མེད་ན། འབྲས་བུ་བསྐྱེད་པ་དེའི་ཚེ་གཙོ་བོ་དེ་ལས་སྐྱེ་བར་འདོད་པ་ནི་དེ་བས་ཀྱང་མི་འཐད་དེ། སྐྱེད་བྱེད་རང་མ་གྲུབ་པས། དེས་བསྐྱེད་པའི་འབྲས་བུ་ཞིག་གང་ནས་ཡོང་། དེ་འདྲ་ཤེས་བྱ་ལ་མི་སྲིད་དོ། ། རྩ་བར། ཡུལ་ལ་རྟག་ཏུ་གཡེང་འགྱུར་བས། །འགག་པར་འགྱུར་བའང་མ་ཡིན་ནོ། ། བདག་རྟག་པ་ཡིན་ན། ཡུལ་ལ་རྟག་ཏུ་ལོངས་སྤྱོད་པའི་སྒོ་ནས་གཡེང་བར་འགྱུར་བས། སྐྱེ་བ་དང་འགག་པར་འགྱུར་བའང་མ་ཡིན་ནོ། ། རྩ་བར། ཅི་སྟེ་བདག་དེ་རྟག་ན་ནི། །མཁའ་བཞིན་བྱེད་པ་མེད་པར་མངོན། ། ཅི་སྟེ་སེམས་དང་བྲལ་བའི་བདག་དེ། རྟག་པར་ཁས་ལེན་པར་འདོད་ན་ནི། དེས་འབྲས་བུ་བསྐྱེད་པར་མི་འཐད་པ་མ་ཟད། ནམ་མཁའ་བཞིན་དུ་ཕན་གནོད་ཀྱི་བྱེད་པ་མེད་པར་མངོན་ཞིང་གསལ་བར་ཐལ་ལོ། ། རྩ་བར། རྐྱེན་རྣམས་གཞན་དང་ཕྲད་ན་ཡང་། །འགྱུར་བ་མེད་ལ་ཅི་བྱར་ཡོད། །བྱེད་པའི་ཚེ་ཡང་སྔོན་བཞིན་ན། །བྱེད་པས་དེ་ལ་ཅི་ཞིག་བྱས། ། སྤྱིར་རྟག་པ་རྐྱེན་དང་ཕྲད་པ་ཤེས་བྱ་ལ་མི་སྲིད་ཅིང་རྩོལ་བ་ལ་སོགས་པའི་རྐྱེན་རྣམས་གཞན་དང་ཕྲད་པའི་དབང་དུ་བཏང་ན་ཡང་། དེ་ལ་འགྱུར་བ་མེད་སྟབས། རྐྱེན་དེ དང་དེས་དེ་ལ་ཅི་ཞིག་བྱར་ཡོད། བདག་དེ་ལ་རྐྱེན་གང་ཡང་རུང་བ་ཞིག་གིས་ཕན་གྲོགས་བྱེད་པའི་ཚེ་ན་ཡང་། བདག་གི་རང་བཞིན་ནི་སྔོན་གྱི་རང་བཞིན་ལས་མ་འདས་པས་ན། བེད་པ་དེས་བདག་དེ་ལ་ཁྱད་པར་ཅི་ཞིག་བྱས་སམ། 180 རྩ་བར། དེ་ཡི་བྱེད་པ་འདི་ཡིན་ཞེས། །འབྲེལ་བ་འགྱུར་བ་གང་ཞིག་ཡོད། ། འབྲེལ་བ་ལ་བདག་གཅིག་འབྲེལ་དང་དེ་བྱུང་གི་འབྲེལ་བ་གཉིས་ལས། བདག་དང་བྱེད་པ་དོན་གཞན་ངོ་བོ་ཐ་དད་དུ་ཡོད་སྟབས། བདག་གཅིག་འབྲེལ་གྱི་འབྲེལ་བ་མི་འཐད། རྟག་པ་ལ་རྒྱུ་འབྲས་མི་རུང་སྟབས། དེ་བྱུང་གི་འབྲེལ་བ་ཡང་མི་འཐད་སྟབས། བདག་དེ་ཡི་བྱེད་པའམ་ཕན་པའི་ལས་འདི་ཡིན་ཞེས་འབྲེལ་བ་འགྱུར་བ་གང་ཞིག་ཡོད་དེ་མེད་དོ། ། རྩ་བར། དེ་ལྟར་ཐམས་ཅད་གཞན་གྱི་དབང་། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ནས་སྤྲུལ་ལྟ་བུའི། །དངོས་པོ་ཀུན་ལ་ཁྲོ་མི་འགྱུར། ། དེ་ལྟར་འདུས་བྱས་སུ་གྱུར་པའི་དངོས་པོ་ཐམས་ཅད་རྐྱེན་གཞན་གྱི་དབང་ཁོ་ན་ལ་བརྟེན་ནས་འབྱུང་སྟབས། རྒྱུ་རྐྱེན་སྔ་མ་དེ་ཡི་དབང་གིས་འབྲས་བུ་འབྱུང་དང་མི་འབྱུང་དེ་རང་དབང་མེད་པ་ཞིག་ཡིན་པ་དེ་ལྟར་ལེགས་པར་ཤེས་ནས། རྐྱེན་གཞན་གྱི་དབང་གིས་ཡོད་ཙམ་དང་། རྟེན་འབྱུང་ལྟོས་གྲུབ་ཀྱིས་ཡོད་ཙམ། སྒྱུ་མའམ་སྤྲུལ་པ་ལྟ་བུའི་དངོས་པོ་ཀུན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཁྲོ་བར་མི་འགྱུར་བའི་ཐབས་ལ་འབད་པར་བྱའོ། ། རྩ་བར། གང་གིས་གང་ཞིག་བཟློག་བྱ་སྟེ། །བཟློག་པའང་རིགས་པ་མིན་ཞེ་ན། །དེ་ལ་བརྟེན་ནས་སྡུག་བསྔལ་རྣམས། །རྒྱུན་ཆད་འགྱུར་འདོད་མི་རིགས་མེད། ། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་དང་སྤྲུལ་པ་བཞིན་དུ་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་ན། གཉེན་པོ་གང་ཞིག་གིས་སྤང་བྱ་ཁོང་ཁྲོ་སོགས་གང་ཞིག་བཟློག་པར་བྱ་སྟེ། དེ་དག་བཟློག་པའང་ནམ་ཡང་རིགས་པ་མིན་ཏེ། ཐམས་ཅད་སྒྱ་མ་ལྟ་བུ་ཡིན་པས་སོ་ཞེ་ན། གཉེན་པོ་བཟོད་པ་སྒོམ་པ་དེ་ལ་བརྟེན་ནས་སྡུག་བསྔལ་རྣམས་ཀྱི་རྒྱུན་ཆད་ནས་མཐོ་རིས་དང་ཐར་པ་འབྱུང་བར་འགྱུར་བར་འདོད་སྟབས། ཁོང་ཁྲོ་སོགས་བཟློག་པར་མི་རིགས་པ་གང་ཡང་མེད་དེ། དཔེར་ན། སྒྱུ་མའི་རྒྱལ་པོའི་དཔུང་གིས་སྒྱུ་མའི་རྒྱལ་པོ་གཞན་ཕམ་པར་བྱེད་པ་བཞིན་ནོ། ། 181 རྩ་བར། དེ་བས་དགྲ་འམ་མཛའ་ཡང་རུང་། །མི་རིགས་བྱེད་པ་མཐོང་གྱུར་ན། །འདི་འདྲའི་རྐྱེན་ལས་གྱུར་ཏོ་ཞེས། །དེ་ལྟར་སོམས་ཏེ་བདེ་བར་མནོས། ། རྒྱུ་རྐྱེན་ཐམས་ཅད་གཞན་དབང་རྟེན་འབྲེལ་ཙམ་ཡིན་པའི་རྒྱུ་མཚན་དེ་བས་ན་རྟག་ཏུ་རང་ལ་གནོད་པའི་ལས་འབའ་ཞིག་བྱེད་མཁན་གྱི་དགྲའམ། རང་ཉིད་ཀྱི་གཉེན་ཉེ་མཛའ་བཤེས་སོགས་གང་ཡིན་ཡང་རུང་། རང་ལ་མི་རིགས་པའི་གནོད་པའི་ལས་འདྲ་མིན་བྱས་དང་བྱེད་བཞིན་པ་མཐོང་བར་གྱུར་ན། རྐྱེན་འདི་དང་འདི་འདྲ་བའི་རྐྱེན་ལས་ལས་ངན་པ་དེ་ལྟར་བྱེད་པར་གྱུར་ཏོ་ཞེས་དེ་ལྟར་སོམས་ཏེ་སེམས་བདེ་བར་མནོས། རྩ་བར། གལ་ཏེ་རང་དགས་འགྲུབ་འགྱུར་ན། །འགའ་ཡང་སྡུག་བསྔལ་མི་འདོད་པས། །ལུས་ཅན་དག་ནི་ཐམས་ཅད་ཀྱང་། །སུའང་སྡུག་བསྔལ་འབྱུང་མི་འགྱུར། ། གལ་ཏེ་འདོད་པ་རྣམས་གཞན་དབང་མིན་པར་རང་དགས་འགྲུབ་པར་འགྱུར་ན། སེམས་ཅན་འགའ་ཡང་རང་ཉིད་སྡུག་བསྔལ་བའི་གནས་སུ་སྐྱེལ་བར་མི་འདོད་པས། ལུས་ཅན་ནམ་སེམས་ཅན་དག་ནི་ཐམས་ཅད་ཀྱང་སུ་ལའང་ནམ་ཡང་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། ། རྩ་བར། བག་མེད་པས་ནི་བདག་ལའང་བདག ། ཚེར་མ་ལ་སོགས་གནོད་པ་བྱེད། །བུད་མེད་ལ་སོགས་ཐོབ་བྱའི་ཕྱིར། །རྔམ་ཞིང་ཟས་གཅོད་ལ་སོགས་བྱེད། ། རང་དང་གཞན་ལ་གནོད་པའི་གང་ཟག་དེ་བག་མེད་པས་ནི་བདག་ལའང་བདག་ཉིད་ཀྱིས་རང་གི་ལུས་ཚེར་མ་ལ་འགྲེ་བ་དང་། ཁོང་ཁྲོའི་དབང་གིས་རང་མགོར་ཁུ་ཚུར་བརྡེག་པ་དང་། གཡང་དུ་མཆོང་བ་ལ་སོགས་པའི་གནོད་པ་འདྲ་མིན་བྱེད། མ་ཟད་བུད་མེད་དང་ནོར་ལོངས་སྤྱོད་ལ་སོགས་པ་འཐོབ་པར་བྱ་བའི་ཕྱིར་བརྐམ་ཤིང་ཆགས་པས་རྔམ་ཞིང་། དེའི་དོན་དུ་ཉིན་གྱི་ཟས་དང་མཚན་མོའི་གཉིད་གཅོད་པ་ལ་སོགས་པའི་དཀའ་ཚེགས་ཚད་ལས་བརྒལ་བ་ཡང་མྱོང་བར་བྱེད་དོ། ། 182 རྩ་བར། ཁ་ཅིག་འགག་ཅིང་གཡང་སར་མཆོང་། །དུག་དང་མི་འཕྲོད་ཟ་བ་དང་། །བསོད་ནམས་མ་ཡིན་སྤྱོད་པ་ཡིས། །རང་ལ་གནོད་པ་བྱེད་པ་ཡོད། ། གང་ཟག་ཁ་ཅིག་གི་སྐེ་འགག་ཅིང་བསམ་བཞིན་དུ་གཡང་སར་མཆོང་བ་དང་། དུག་དང་མི་འཕྲོད་པའི་ཁ་ཟས་ཟ་བ་དང་། གཞན་གྱི་སྲོག་གཅོད་པ་སོགས་བསོད་ནམས་མ་ཡིན་པའི་སྤྱོད་པ་ཡིས། འཕྲལ་ཕུགས་གཉི་གར་རང་ཉིད་ལ་གནོད་པའི་ལས་ངན་ཚབས་ཆེན་པོ་གསོག་པར་བྱེད་པ་མང་དུ་ཡོད་དོ། ། རྩ་བར། གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། ། དུས་གང་གི་ཚེ་ན་ཉོན་མོངས་པ་ཁོང་ཁྲོའི་གཞན་དབང་དུ་གྱུར་པས། བདག་ཉིད་ཀྱི་སྙིང་དུ་སྡུག་པའི་རང་ཉིད་དང་རང་ཉིད་ཀྱི་མཛའ་བཤེས་རྣམས་ཀྱང་གསོད་པར་བྱེད་པར་ཐེ་མི་ཚོམ་ན། དེའི་ཚེ་སེམས་ཅན་དེ་དག་གིས་གང་ཟག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། ། རྩ་བར། ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་རྒྱ་ལ་མ་སྐྱེས་ན། །ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག ། གང་ཟག་ཁོ་དང་ཁོ་འདྲ་བའི་རྒྱུད་ལ་ཉོན་མོངས་ཤུགས་དྲག་པོ་སྐྱེས་པས་དེ་ལྟ་བུར་བདག་རང་ཉིད་རང་གིས་གསོད་པ་དང་། རང་ཉིད་ཀྱི་མཛའ་བོ་གསོད་པ་དང་། དེར་ཚོད་མེད་ཀྱིས་རྡེག་པ་ལ་སོགས་པའི་ལས་སུ་ཞུགས་པ་རྣམས་ལ། སེམས་གཏིང་ནས་སྙིང་རྗེ་སྐྱེ་འོས་པ་ཡིན་ལ། གལ་སྲིད་སྙིང་རྗེ་རྒྱ་ལ་མ་སྐྱེས་ན་ཡང་། དེར་དུས་ནམ་ཡང་ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག་སྟེ་ཁྲོ་མི་རིགས་སོ། ། རྩ་བར། གལ་ཏེ་གཞན་ལ་འཚེ་བྱེད་པ། །བྱིས་པ་རྣམས་ཀྱི་རང་བཞིན་ན། །དེ་ལ་ཁྲོ་བར་མི་རིགས་ཏེ། །སྲེག་པའི་རང་བཞིན་མེ་བཀོན་འདྲ། ། 183 གལ་ཏེ་སེམས་ཅན་གཞན་དང་གཞན་ལ་ལུས་ངག་ཡིད་གསུམ་གྱིས་འཚེ་བའི་ལས་བྱེད་པ་དེ་ཉིད། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་ཡིན་ན། རང་ལ་གནོད་པ་བྱས་པ་རྒྱུ་མཚན་དུ་བྱས་ནས་དེ་ལ་ཁོང་ཁྲོ་བར་ནམ་ཡང་མི་རིགས་ཏེ། དཔེར་ན། ཚ་ཞིང་སྲེག་པའི་རང་བཞིན་དུ་གནས་པའི་མེས་རང་གི་ལུས་སྲེག་པའི་ཚེ་ན་དེ་ལ་ཞེ་བཀོན་ཞིང་ཁྲོ་མི་རིགས་པ་དང་ཀུན་ནས་འདྲའོ། ། རྩ་བར། འོན་ཏེ་སྐྱོན་འདི་གློ་བུར་ལ། །སེམས་ཅན་རང་བཞིན་དེས་པ་ནའང་། །འོ་ནའང་ཁྲོ་བར་མི་རིགས་ཏེ། །མཁའ་ལ་དུད་འཐུལ་བཀོན་པ་བཞིན། ། སེམས་ཅན་གཞན་ཞིག་གིས་རང་ཉིད་ལ་གནོད་པ་བྱེད་པའི་ཚེ་ན། གནོད་པ་བྱེད་པ་དེ་སེམས་ཅན་དེའི་གཤིས་ཀ་ཡིན་ནམ། འོན་ཏེ་སྐྱོན་འདི་གློ་བུར་ལ་རྐྱེན་གྱི་དབང་གིས་བྱུང་བ་ཡིན་ཞེས་བརྟག་དགོས་ཤིང་། སྐྱོན་འདི་དང་དེ་དག་གློ་བུར་དུ་འབྱུང་ལ། སྤྱིར་སེམས་ཅན་རྣམས་ཀྱི་རང་བཞིན་ནི་ཆེས་ཆེར་ཞི་ཞིང་དེས་པ་ཞིག་ཡིན་ནའང་། འོ་ན། གནོད་བྱེད་ལའང་ཁྲོ་བར་མི་རིགས་ཏེ། ནམ་མཁའ་ལ་གློ་བུར་དུ་དུད་ནག་འཐུལ་ན་ནམ་མཁའ་ལ་ཞེ་བཀོན་ཞིང་སྐམ་པ་མི་རིགས་པ་བཞིན་ནོ། ། རྩ་བར། དབྱུག་པ་ལ་སོགས་དངོས་བཀལ་ཏེ། །གལ་ཏེ་འཕེན་པ་ལ་ཁྲོ་ན། །དེ ཡང་ཞེ་སྡང་གིས་རྦད་པས། །གཉིས་ན་ཞེ་སྡང་ལ་ཁྲོ་རིགས། ། ང་ཚོར་སེམས་ཅན་གཞན་གྱིས་དབྱུག་པ་ལ་སོགས་པའི་དངོས་པོ་གཞན་བཀལ་ནས་གཞུས་ཏེ་གནོད་པ་བྱུང་སྐབས། གནོད་པ་དེ་གང་གིས་བཟོས་སམ་ཞེ་ན། དབྱུག་པ་དེས་བཟོས་པ་རེད། དེས་ན་དངོས་སུ་ན་ཟུག་འབྱིན་མཁན་ལ་ཁོང་ཁྲོ་ལངས་ན་དབྱུག་པར་ཁོང་ཁྲོ་ལངས་དགོས་ཤིང་། དེ་རང་དབང་གིས་རྡེག་པ་མིན་པར་མི་དེས་གཞུས་པ་ཡིན་སྟབས། དབྱུག་པ་ལ་ཁོང་ཁྲོ་ལངས་རྒྱུ་མིན་པར། གལ་ཏེ་དབྱུག་པ་དེ་འཕེན་པ་པོ་ལ་ཁོངཁྲོ་ལངས་དགོས་སོ་སྙམ་ན། དེ་ཡང་ཞེ་སྡང་གིས་རྦད་པར་བྱས་པས། གཅིག་ཏུ་ན་དབྱུག་པ་སོགས་དང་། གཉིས་ས་ན་ཞེ་སྡང་ལ་ཁོང་ཁྲོ་བར་རིགས་སོ། ། 184 རྩ་བར། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། ། གཞན་གྱིས་རང་ཉིད་ལ་རྟག་ཏུ་གནོད་པ་འབའ་ཞིག་བྱེད་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། བདག་གིས་སྔོན་ཆད་སེམས་ཅན་གཞན་ལ་ཁོང་ཁྲོས་ཀུན་ནས་བསླངས་ཏེ་ད་ཆར་རང་མགོར་བྱུང་བ་འདི་འདྲ་བ་ཡི་གནོད་པ་ལན་མང་དུ་བྱས། རྒྱུ་མཚན་དེ་བས་ན། ད་ལྟའི་དུས་སུ་སེམས་ཅན་གཞན་གྱིས་རང་ལ་འཚེ་བ་བྱེད་པ་འདི་བྱུང་བ་ཡིན་སྟབས། སེམས་ཅན་གཞན་གྱིས་བདག་ལ་གནོད་པ་བྱེད་པ་འདི་འདྲ་ནི་བདག་གི་མགོར་ཤིན་ཏུ་ནས་འབྱུང་བར་རིགས་སོ། ། རྩ་བར། དེ་ཡི་མཚོན་དང་བདག་གི་ལུས། །གཉིས་ཀ་སྡུག་བསྔལ་རྒྱུ་ཡིན་ཏེ། །དེས་མཚོན་བདག་གི་ལུས་ཕྱུང་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། ། རང་གི་དགྲ་བོས་མཚོན་གྲིས་བརྒྱབས་ནས་བདག་གི་ལུས་རྨས་སྟབས། དེ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་གྱི་ཕྱེད་ཀ་མཚོན་གྲིས་བྱས་ཤིང་། ཕྱེད་ཀ་སོ་སོའི་ལུས་དེས་བྱས་པས། དགྲ་བོ་དེ་ཡི་མཚོན་གྲི་དང་། བདག་གི་ལུས་གཉིས་ཀ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་ཏེ། རང་གི་ལུས་འདི་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་དང་། མཚོན་ཆ། སྡུག་བསྔལ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པས་སོ། །འདི་ལྟར་དགྲ་བོ་དེས་གནོད་བྱེད་ཀྱི་མཚོན་ཕྱུང་ཞིང་། བདག་གིས་གནོད་བྱའི་ལུས་ཕྱུང་ནས་རྨའི་སྡུག་བསྔལ་བྱས་པ་ཡིན་ན། དགྲ་བོའི་མཚོན་གྲི་དང་བདག་གི་ལུས་གཉིས་གང་ཞིག་ལ་ནི་ཁྱོད་ཁྲོ་བར་བྱ། རྩ་བར། ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། །སྲེད་ལྡོངས་བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པ་སུ་ལ་ཁྲོ། ། ཁྲག་དང་ཆུ་སེར་སྨིན་པའི་ཤུ་བ་མི་ཡི་གཟུགས་དང་འདྲ་བར་རྡུང་བརྡེག་སོགས་རྐྱེན་ཕྲ་མོ་ཙམ་གྱིས་ཀྱང་རེག་ཏུ་མི་བཟོད་ལ། ལྷག་པར་དུ་ཚ་གྲང་དང་བཀྲེས་སྐོམ་གྱི་ 185 རིགས་ཆུང་ངུ་ལའང་བསྲན་དུ་མི་བཟོད་པའི་སྡུག་བསྔལ་གྱི་རྣམ་པ་ཅན། སྡུག་བསྔལ་སྤོང་བར་འདོད་པ་དང་། གཏན་གྱི་བདེ་བ་ཐོབ་པར་འདོད་པས་སྲེད་པ་ཤུགས་ཆེ་སྟབས། ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་མིག་ལྡོངས་པ་འདི། བདག་གིས་གཅེས་པར་བཟུང་བར་གྱུར་ན། དེ་ལ་གནོད་པ་འབྱུང་བ་ནི་ཆོས་ཉིད་ཡིན་སྟབས། གཞན་སུ་ཞིག་ལ་ཁོང་ཁྲོ་བར་བྱེད། རྩ་བར། བྱིས་པ་སྡུག་བསྔལ་མི་འདོད་ཅིང་། །སྡུག་བསྔལ་རྒྱུ་ལ་བརྐམས་པས་ན། །རང་གི་ཉེས་པས་གནོད་གྱུར་པ། །དེ་ལ་བཀོན་དུ་ཅི་ཞིག་ཡོད། ། ལས་འབྲས་ཀྱི་ཚུལ་ལ་ཆེས་ཤིན་ཏུ་རྨོངས་པའི་བྱིས་པ་སུས་ཀྱང་རང་རང་གི་མགོར་སྡུག་བསྔལ་ཕྲ་མོ་ཙམ་ཡང་འབྱུང་བར་མི་འདོད་ཅིང་། དུས་དང་རྣམ་པ་ཀུན་ཏུ་སྡུག་བསྔལ་གྱི་རྣམ་གྲངས་འདྲ་མིན་སྐྱེད་པར་བྱེད་པའི་རྒྱུ་སྲོག་གཅོད་པ་ལ་སོགས་པའི་ལས་ལ་ཆེས་ཤིན་ཏུ་བརྐམས་པ་སྟེ་ཞེན་ཆགས་བྱས་པས་ན། རང་གིས་བསགས་དང་གསོག་འགྱུར་གྱི་ཉེས་པས། རང་ཉིད་ལ་གནོད་པར་གྱུར་པས། གནོད་པ་དེའི་རིགས་ལ་བཀོན་དུ་སྟེ་ཁྲོ་བའི་ལས་གཉེར་བར་ནང་དོན་ཅི་ཞིག་ཡོད། རྩ་བར། དཔེར་ན་དམྱལ་བའི་སྲུང་མ་དང་། །རལ་གྲི་ལོ་མའི་ནགས་ཚལ་ལྟར། །རང་གི་ལས་ཀྱིས་འདི་བསྐྱེད་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། ། དཔེར་ན། སེམས་ཅན་དམྱལ་བའི་སྲུང་མའམ་ལས་མཁན་གྱི་ཚོགས་དང་། རལ་གྲི་ལོ་མའི་ནགས་ཚལ་དང་། ཤལ་མ་ལའི་ནགས་སོགས་སུ་བུད་མེད་དང་། བྱ་རྡོ་རྗེའི་མཆུ་ཅན་ལ་སོགས་པས་རང་ཉིད་ལ་སྡུག་བསྔལ་བསྐྱེད་པ་ལྟར་གྱི་སྡུག་བསྔལ་གྱི་རིགས་ནི། གཞན་སུས་ཀྱང་བྱས་པ་ཞིག་མིན་པར། དེ་ནི་རང་གི་ཚེ་རབས་འདི་དང་ཚེ་རབས་སྔ་མ་རྣམས་སུ་ལས་ངན་པའི་རིགས་གྲངས་མེད་པ་ཞིག་བསགས་པའི་སྟོབས་ཀྱིས་འདི་ལྟར་བསྐྱེད་པར་ཐེ་ཚོམ་མི་དགོས་ན། གཞན་གང་ཞིག་ལ་ནི་ཁྱོད་ཁྲོ་བར་བྱ་སྟེ་ཁྲོ་བར་བྱ་མི་རིགས་སོ། ། 186 རྩ་བར། བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་རྣམ་འབྱུང་སྟེ། །དེས་ནི་སེམས་ཅན་དམྱལ་འདོང་ན། །བདག་གིས་དེ་དག་མ་བརླག་གམ། ། གལ་ཏེ་བདག་གིས་འདི་འདྲ་བའི་ལས་ངན་ཚབས་ཆེའི་རིགས་བྱས་མྱོང་མེད་ན། ལུས་རྟེན་འདིའི་སྟེང་གནོད་བྱེད་དེ་དག་གིས་གནོད་པའི་ལས་གཉེར་མི་སྲིད་པས་བདག་གི་ལས་ཀྱིས་བསྐུལ་བར་བྱས་ནས། བདག་ལ་གནོད་བྱེད་ཀྱི་དགྲ་བོ་སེམས་ཅན་དམྱལ་བའི་ལས་མཁན་གྱི་ཚོགས་དང་། རལ་གྲི་ལོ་མའི་ནགས་ཚལ་དང་། ཤལ་མ་ལའི་སྡོང་བོ་སོགས་སུ་བུད་མེད་དང་། བྱ་རྡོ་རྗེའི་མཆུ་ཅན་ལ་སོགས་པ་རྣམ་པ་མི་འདྲ་བའི་རིགས་འདི་དག་འབྱུང་སྟེ། བདག་ལ་གནོད་པ་བྱས་པ་དེས་ནི་རང་ཉིད་ལ་གནོད་བྱེད་ཀྱི་དགྲ་སེམས་ཅན་རྣམས་དམྱལ་བར་འདོང་བ་སྟེ་འགྲོ་བར་འགྱུར་ན། གནོད་བྱེད་དེ་དག་གིས་བདག་བརླག་གམ། བདག་གིས་གནོད་བྱེད་དེ་དག་མ་བརླག་གམ་ཏེ་བརླག་པ་ཞིག་ཡིན་ནམ་ཆ་མ་འཚལ་ལོ། ། རྩ་བར། འདི་དག་ལ་ནི་རྟེན་བཅས་ནས། །བཟོད་པས་བདག་སྡིག་མང་དུ་འབྱང་། །བདག་ལ་བརྟེན་ནས་དེ་དག་ནི། །ཡུན་རིང་སྡུག་བསྔལ་དམྱལ་བར་འདོང་། །བདག་ནི་དེ་ལ་གནོད་བྱེད་ལ། །དེ་དག་བདག་ལ་ཕན་འདོགས་ན། །ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར། །མ་རུངས་སེམས་ཁྱོད་ཁྲོ་བར་བྱེད། ། སེམས་ཅན་འདི་དག་གིས་རང་ཉིད་ལ་གནོད་པ་ཡང་ནས་ཡང་དུ་བྱས་སྟབས། གནོད་བྱེད་ཀྱི་སེམས་ཅན་འདི་དག་ལ་ནི་རྟེན་བཅས་ནས་བཟོད་པ་བསྒོམས་པས། རང་ཉིད་ལ་བཟོད་པའི་ཉམས་ལེན་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་ནས་གོང་དུ་སྤེལ་བར་འགྱུར་བས། དེ་འདྲ་བའི་བཟོད་པ་དེས་བདག་གི་སྡིག་པ་མང་དུ་འབྱང་ན་སྟེ་ཟད་པར་འགྱུར་ཞིང་། དགྲ་བོ་དེ་དག་གིས་བདག་ཉིད་ལ་གནོད་འཚེ་བྱས་པར་བརྟེན་ནས་གནོད་བྱེད་ཀྱི་དགྲ་བོ་དེ་དག་ནི་ཡུན་རིང་པོར་སྡུག་བསྔལ་བའི་གནས་དམྱལ་བར་འདོང་ངོ་། ། 187 རྒྱུ་མཚན་དེ་ལྟ་བས་ན། བདག་གིས་ནི་དེ་དག་ལ་ཕན་མ་ཐོགས་པའི་སྒང་ད་དུང་གནོད་པའི་ལས་སྣ་ཚོགས་པ་ཞིག་བྱས་དང་བྱེད་བཞིན་པ་འདི་ཡིན་ལ། སེམས་ཅན་དེ་དག་གིས་ནི་བདག་ལ་བསོད་ནམས་གསོག་པའི་གོ་སྐབས་སྤྲད་སྟབས། དེ་དག་གིས་བདག་ལ་ཕན་འདོགས་པར་བྱེད་ན། ཁྱོད་ཀྱིས་དེ་དག་ངོས་མ་ཟིན་པར་སླར་ཡང་ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར་ཤིན་ཏ་མ་རུངས་པའི་སེམས་ཁྱོད་ཁྲོ་བར་བྱེད། རྩ་བར། གལ་ཏེ་བདག་ལ་བསམ་པ་ཡི། །ཡོན་ཏན་ཡོད་ན་དམྱལ་མི་འགྲོ། །གལ་ཏེ་བདག་གིས་བདག་བསྲུང་ན། །དེ་དག་ལ་འདིར་ཅི་ཞིག་འབྱུང་། ། གལ་ཏེ་སྟབས་མ་ལེགས་པའམ་ཡང་ན་རྒྱུ་རྐྱེན་འདྲ་མིན་གྱི་དབང་དུ་སོང་ནས་གཞན་གྱིས་བདག་ལ་སྡིག་པ་གསོག་པའི་རྐྱེན་བྱས་སྟབས། བདག་ཚེ་ཕྱི་མར་ངེས་པར་དུ་དམྱལ་བར་འགྲོ་བར་འགྱུར་རམ་ཞེ་ན། མཐའ་གཅིག་ཏུ་ངེས་པ་མེད། གང་ཡིན་ཟེར་ན། གལ་ཏེ་བདག་ལ་མི་འདི་དང་འདི་ཞེས་བྱ་བས་ཕན་བཏགས་སོང་སྙམ་པའི་གཞན་ལ་མི་ཁྲོ་བའི་བཟོད་པའི་བསམ་པ་ཡི་ཡོན་ཏན་ཡོད་རྒྱུ་ན། བདག་དུས་ནམ་ཡང་དམྱལ་བར་མི་འགྲོའོ། །འོ་ན། དགྲ་བོ་དེ་ཡང་བདག་བཟོད་པའི་ཉམས་ལེན་ལ་གཞོལ་བྱེད་ཀྱི་རྒྱུའི་གཙོ་བོ་ཞིག་ཡིན་སྟབས། དེའི་ཕན་ཡོན་ཅིའི་ཕྱིར་མི་འབྱུང་ངོ་ཞེ་ན། གལ་ཏེ་བདག་གིས་བདག་ཉིད་ཁོང་ཁྲོ་ལས་ཉིན་མཚན་དུས་དྲུག་ཏུ་བསྲུང་བསྲུང་བར་བསྡད་ན། དེ་དག་ལ་འདིར་དུས་ནམ་ཡང་བཟོད་པའི་འབྲས་བུ་བསོད་ནམས་ཀྱི་ཤུགས་ཅི་ཞིག་འབྱུང་སྟེ་མི་འབྱུང་ངོ་། ། རྩ་བར། འོན་ཏེ་ལན་དུ་གནོད་བྱས་ན། །དེ་དག་བསྲུངས་པར་མ་གྱུར་ལ། །བདག་གི་སྤྱོད་པའང་ཉམས་པར་འགྱུར། །དེས་ན་དཀའ་ཐུབ་ཞིག་པར་འགྱུར། ། འོན་ཏེ་གཞན་གྱིས་བདག་ལ་དུས་རྟག་ཏུའམ་དེ་རིང་གནོད་པ་བྱས་སོ་སྙམ་དུ་བསམས་ནས་གནོད་ལན་དུ་གནོད་ཀྱིས་འཇལ་བའམ་གནོད་ལན་དུ་གནོད་པ་བྱས་ན། 188 དེ་དག་གི་སྡིག་པ་ཤུགས་ཆེན་པོས་འཕེལ་བར་ངེས་སྟབས། དེ་དག་སྡིག་པའི་ལས་སུ་མ་ཚུད་པར་བསྲུངས་པར་མ་གྱུར་ལ། མ་ཟད་བདག་གིས་དུས་རྟག་ཏུ་ཉམས་ལེན་ལ་གཞོལ་བཞིན་པའི་དགེ་སྦྱོང་གི་ཆོས་བཞི་སྟེ་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོས། བརྡེགས་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲི་བའི་བྱང་ཆུབ་སེམས་དཔའི་སྤྱོད་པའང་རིམ་བཞིན་ཞིག་པར་ཏེ་ཉམས་པར་འགྱུར་བ་དང་། དེའི་དབང་གིས་ན་དཀའ་ཐུབ་ཀྱི་མཆོག་ཏུ་བསྔགས་པར་འོས་པའི་བཟོད་པའི་ཡོན་ཏན་དག་ཀྱང་ཞིག་པར་འགྱུར་ངེས་སོ། ། རྩ་བར། ཡིད་ནི་ལུས་ཅན་མ་ཡིན་པས། །སུས་ཀྱང་གང་དུའང་གཞོམ་མི་ནུས། །ལུས་ལ་མངོན་པར་ཞེན་པས་ན། །ལུས་ནི་སྡུག་བསྔལ་དག་གིས་གནོད། ། སེམས་ཅན་སུ་དང་གང་ཞིག་ཡིན་རུང་དེ་དང་དེའི་ཡིད་ཀྱི་རྣམ་པར་ཤེས་པ་དག་ནི། ལུས་ཅན་ནམ་གཟིགས་ཅན་གྱི་ཆོས་མ་ཡིན་པས། ཚིག་རྩུབ་དང་ཕྱི་རོལ་གྱི་མེ་དང་མཚོན་གྱི་འཇིགས་པ་སོགས་སུ་དང་གང་གིས་ཀྱང་དུས་དང་གནས་སྐབས་གང་དུའང་ནམ་ཡང་གཞོམ་པར་བྱེད་མི་ནུས་མོད། འོན་ཀྱང་སོ་སོའི་རྣམ་པར་རྟོག་པས་ལུས་ལ་དུས་རྟག་ཏུ་བདག་ཏུ་མངོན་པར་ཞེན་པས་ན། གཞན་གྱིས་ཁོང་ཁྲོ་དྲག་པོས་རང་ཉིད་ལ་ཡང་དང་བསྐྱར་དུ་རྡུང་རྡེག་དང་བརྙས་སྨོད་བྱས་སྟབས། ལུས་འདི་ལ་ནི་སྡུག་བསྔལ་གྱི ཚོར་བ་དེ་དག་གིས་གནོད་པར་སྣང་བ་མ་ཟད། ལུས་ལ་གནོད་པའི་སྡུག་བསྔལ་གྱི་ཚོར་འདུ་དྲག་པོ་དེ་དག་ལ་བརྟེན་ནས་སེམས་ལའང་གནོད་པའི་ཚོར་སྣང་ཡང་དང་བསྐྱར་དུ་འབྱུང་བ་ཡིན་ནོ། ། རྩ་བར། བརྙས་དང་ཚིག་རྩུབ་སྨྲ་བ་དང་། །མི་སྙན་པ་ཡི་ཚིག་དེ་ཡིས། །ལུས་ལ་གནོད་པར་མི་འགྱུར་ན། །སེམས་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ། ། གཞན་གྱིས་རང་ལ་ཕ་གསོད་ཀྱི་ལག་དམར་ལྟ་བུའི་དགྲའི་ཚད་དུ་བཟུང་སྟེ། དུས་རྟག་ཏུ་བརྙས་བཅོས་དང་ 189 ཚིག་རྩུབ་འདྲ་མིན་གང་བྱུང་གིས་སྨྲས་དང་སྨྲ་བ་དང་། མི་སྙན་པ་ཡི་ཚིག་དེ་དང་དེ་ཡིས་སོ་སོའི་ལུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པར་མི་འགྱུར་བ་ཞིབ་ཏུ་བརྟགས་པས་ཤེས་ན། སེམས་ཁྱོད་རྒྱུ་མཚན་ཅི་ཡི་ཕྱིར་རབ་ཏུ་ཁྲོ་བར་བྱེད། རྩ་བར། གཞན་དག་བདག་ལ་མི་དགའ་བ། །དེས་ནི་ཚེ་འདིའམ་ཚེ་གཞན་ལ། །བདག་ལ་ཟ་བར་མི་བྱེད་ན། །བདག་ནི་ཅི་ཕྱིར་དེ་མི་འདོད། ། སྐྱེ་བོ་གཞན་དག་གིས་བདག་ལ་དངོས་ཤུགས་བརྒྱུད་གསུམ་ནས་མི་དགའ་བའི་རྣམ་འགྱུར་འདྲ་མིན་སྣ་ཚོགས་ཇི་ལྟར་བསྟན་ཀྱང་། མི་དགའ་བའི་རྣམ་འགྱུར་དེ་དག་གིས་ནི་ཚེ་འདིའམ་ཡང་ན་ཚེ་རབས་གཞན་དག་ལ་བདག་ལ་ཟ་བའམ་འཆའ་བར་འགྱུར་བ་ལྟ་བུའི་གནོད་པ་ནམ་ཡང་མི་བྱེད་ན། བདག་གིས་ནི་རྒྱུ་མཚན་ཅི་ཡི་ཕྱིར་གཞན་གྱི་མི་དགའ་བའི་རྣམ་འགྱུར་དེར་མི་འདོད་པར་བྱེད། རྩ་བར། རྙེད་པའི་བར་ཆད་བྱེད་པའི་ཕྱིར། །གལ་ཏེ་འདི་བདག་མི་འདོད་ན། །བདག་གིས་རྙེད་པ་འདིར་འདོར་གྱི། །སྡིག་པ་དག་ནི་བརྟན་པར་གནས། ། གཞན་གྱི་མི་དགའ་བའི་རྣམ་འགྱུར་གྱིས་བདག་ལ་ཟ་བའམ་འཆའ་བ་ལྟ་བུའི་གནོད་པ་བྱེད་མི་ནུས་པ་བདེན་མོད་ཀྱང་། མི་དགའ་བའི་རྣམ་འགྱུར་དེ་དག་གིས་ཉིན་གཅིག་བདག་གི་རྙེད་པའི་བར་ཆད་བྱེད་པར་འགྱུར་བའི་ཕྱིར། གལ་ཏེ་འདི་དང་འདིའི་རིགས་བདག་གིས་དུས་ནམ་དུ་ཡང་མི་འདོད་དོ་སྙམ་ནས་ཁོང་ཁྲོ་ལངས་པ་ཡིན་ན། གང་གི་དོན་དུ་ཁོང་ཁྲོ་བྱེད་པའི་རྙེད་པ་དེས་ཚེ་ཕྱི་མ་རྣམས་སུ་ཕན་ཐོགས་མེད་ཅིང་། རྙེད་པའི་དོན་དུ་ཁོང་ཁྲོ་ལངས་པ་དེས་ཚེ་རབས་གཏན་དུ་ཁྱོད་ལ་གནོད་ངེས་ཤིང་། དོན་ལ་ཁོང་ཁྲོ་བྱས་པ་དེ་གྱོང་ཆེ་བ་ལས། རྙེད་པ་མ་རག་པ་དེ་གྱོང་ཆེ་བ་མེད། རྙེད་པ་ཇི་ཙམ་ཞིག་བྱུང་ན་ཡང་ནམ་ཞིག་བདག་གིས་རྙེད་པ་དེ་དག་ཀུན་ཚེ་འདིར་འདོར་གྱི། ཁོང་ཁྲོ་ལ་སོགས་པའི་སྡིག་པའི་ལས་དེ་དག་ནི་གཉེན་པོ་སྒོམ་སྟོབས་ཀྱིས་མ་བཤགས་བར་ད་ཡུན་ཅི་ཙམ་སོང་ཡང་རང་འཇགས་སུ་བརྟན་པར་གནས་སོ། ། 190 རྩ་བར། བདག་ནི་དེང་ཉིད་ཤི་ཡང་བླའི། །ལོག་འཚོས་ཡུན་རིང་གསོན་མི་རུང་། །བདག་ལྟ་ཡུན་རིང་གནས་གྱུར་ཀྱང་། །འཆི་བའི་སྡུག་བསྔལ་དེ་ཉིད་ཡིན། ། བདག་ནི་རྙེད་པ་མ་བྱུང་བའི་དབང་གིས་དེ་རིང་ཉིད་དུ་ཤི་ཡང་བླའི་ཞེས་པ་སྟེ་ཤི་ཡང་སྐྱོན་མེད། གཞན་ལ་གནོད་འཚེའི་ལས་སྦྱོར་ལ་བརྟེན་ནས་བླངས་པའི་ལོག་པའི་འཚོ་བས་དུས་ཡུན་རིང་ཙམ་མ་ཟད། དུས་སྐད་ཅིག་ཙམ་གྱི་རིང་ལའང་གཏན་ནས་གསོན་མི་རུང་། གང་ཡིན་ཟེར་ན། བདག་ལྟ་བུའི་སེམས་ཅན་ཐ་ཤལ་བ་དེ་ཚོ་དུས་ཡུན་རིང་བོའི་བར་གནས་པར་གྱུར་ཀྱང་། འཆི་བའི་སྡུག་བསྔལ་དེ་ཉིད་ནི་ནམ་ཡང་འགྱུར་བ་མེད་པར་འོང་ངེས་པ་ཡིན་ནོ། ། རྩ་བར། རྨི་ལམ་ལོ་བརྒྱར་བདེ་མྱངས་ནས། །སད་པར་གྱུར་པ་གང་ཡིན་དང་། །གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉིས་ཀ་ལའང་། །བདེ་བ་དེ་ནི་ཕྱིར་འོང་མེད། །ཚེ་རིང་ཚེ་ཐུང་གཉིས་ཀ་ཡང་། །འཆི་བའི་དུས་ན་དེ་འདྲར་ཟད། ། རྨི་ལམ་གྱི་གནས་སྐབས་སུ་ལོ་བརྒྱར་བདེ་སྐྱིད་མྱངས་ནས་གཉིད་སད་པར་གྱུར་པ་གང་ཡིན་པ་དང་། གཞན་ཞིག་ཡུད་ཙམ་ཞིག་ལ་བདེ་སྐྱིད་མྱངས་ནས་གཉིད་སད་པར་གྱུར་པ་གང་ཡིན་པ་དང་། སད་པ་དེ་དག་གཉིས་ཀ་ཡང་གཅིག་མཚུངས་ཤིག་མ་གཏོགས། ལོ་བརྒྱར་བདེ་སྐྱིད་མྱོང་བ་དེར་ཡུན་རིང་བའི་ཚོར་ཤེས་དམིགས་བསལ་བ་དེ་འདྲ་གང་ཡང་སྐྱེ་རྒྱུ་མེད། ལྷག་པར་དུ་སད་པའི་བདེ་བ་དེ་ནི་དྲན་པའི་ཡུལ་དུ་གནས་ཙམ་ལས་ནམ་ཞིག་ཕྱིར་འོང་བ་དེ་འདྲ་གང་ཡང་མེད། དེ་བཞིན་དུ་རྙེད་པ་དང་བཅས་པའི་སྒོ་ནས་ཚེ་རིང་བོ་ལོ་བརྒྱའི་བར་དུ་བདེ་བ་མྱོང་བ་དང་། ཚེ་ཐུང་བ་ལོ་གཅིག་གི་བར་དུ་བདེ་བ་མྱོང་བ་གཉིས་ཀ་ཡང་འདྲ་སྟེ། འཆི་བའི་དུས་ན་དྲན་ཡུལ་དུ་འཁྱུག་ཙམ་ཞིག་འབྱུང་བ་དེ་འདྲར་ཟད་ཀྱི། སྔར་གྱི་ཡུན་རིང་ཐུང་གི་བདེ་བ་དེ་གཉིས་ཀར་ཕྱིར་འོང་ནས་སླར་ 191 ཡང་མྱོང་བ་ནི་ནམ་ཡང་མི་སྲིད་སྟབས། ལོག་འཚོ་དང་ཐད་ཀར་འབྲེལ་བའི་རྙེད་པའི་དངོས་རིགས་ལ་སྲེད་ཞེན་གྱི་སྒོ་འགོག་པར་བྱའོ། ། རྩ་བར། རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །གལ་ཏེ་རྙེད་པས་གསོན་གྱུར་ན། །སྡིག་ཟད་བསོད་ནམས་བྱ་ཞེ་ན། །རྙེད་པའི་དོན་དུ་ཁྲོ་གྱུར་ན། །བསོད་ནམས་ཟད་སྡིག་མི་འགྱུར་རམ། ། གལ་སྲིད་ཁྱེད་རང་ལ་གསེར་དངུལ་ལ་སོགས་པའི་རྙེད་པ་མང་པོ་ཐོབ་པར་གྱུར་རིམ་བཞིན་བསགས་ཏེ། ཡུན་རིང་པོའི་དུས་སུ་དངུལ་དངོས་དེ་དག་ལ་བརྟེན་ནས་ཐོབ་པའི་བདེ་བ་ཡང་ནས་ཡང་དུ་སྤྱད་ཀྱང་། མཐར་འཆི་བ་མགོ་ཐོག་ཏུ་ལྷུང་བའི་ཚེ་རྒྱུ་དངོས་དེ་དག་ཆོམ་པོས་བཙན་གྱིས་ཕྲོགས་པ་ཇི་བཞིན་དུ། སྒྲེན་མོ་སྟེ་གཅེར་བུར་ལག་པ་སྟོང་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པ་ལས། རྒྱུ་དངོས་དེ་དག་ལས་ཁབ་རྩེ་ཙམ་ཡང་འཁྱེར་དབང་མེད། གལ་ཏེ་རྒྱུ་དངོས་མང་པོ་རྙེད་པ་ལ་བརྟེན་ནས་བདག་ཕྱུག་ཆེན་དུ་གྱུར་ནས་ཡུན་རིང་བོར་གསོན་པར་གྱུར་ན། རྒྱུ་དངོས་དེ་དག་ལ་བརྟེན་ནས་སྔར་བསགས་པའི་སྡིག་པའི་ལས་རྣམས་ཟད་ཕྱིར་བསོད་ནམས་ཀྱི་ཚོགས་མང་པོ་གསོག་པར་བྱ་ཞེ་ན། དེ་ནི་བཟང་ཡང་། ཉིན་གཅིག་རྙེད་པའི་དོན་དུ་ཡུལ་ཁྱད་པར་ཅན་ལ་རབ་ཏུ་ཁྲོས་པར་གྱུར་ན། རང་ཉིད་ཀྱིས་འདས་དང་ད་ལྟར་བསགས་པའི་དགེ་བའི་ལས་བསོད་ནམས་རྣམས་རྩ་བ་ནས་ཟད་པར་གྱུར་ནས་སྡིག་པའི་འབྲས་བུ་ཐོབ་པར་མི་འགྱུར་རམ། རྩ་བར། གང་གི་དོན་དུ་བདག་གསོན་པ། །དེ་ཉིད་གལ་ཏེ་ཉམས་གྱུར་ན། །སྡིག་པ་འབའ་ཞིག་བྱེད་པ་ཡི། །གསོན་པ་དེས་ཀོ་ཅི་ཞིག་བྱ། ། སྡིག་པ་སྤོང་བ་དང་བསོད་ནམས་འཕེལ་བ་སོགས་དགོས་པ་གང་གི་དོན་དུ་རྙེད་པ་དང་བཅས་ཏེ་བདག་གསོན་པར་འདོད་པ་ཡིན་ན་ཡང་། ཉིན་ཞིག་རྙེད་པ་ཆུང་ཙག་ཅིག་ 192 གི་ཆེད་དུ་ཁོང་ཁྲོའི་གཞན་དབང་དུ་གྱུར་ནས་ཚེ་འདི་དང་བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་ལས་དེ་ཉིད་གལ་ཏེ་ཉམས་པར་གྱུར་ན། དུས་དེ་ནས་བཟུང་རྟག་ཏུ་སྡིག་པའི་ལས་འབའ་ཞིག་བྱེད་པ་ཡི་སྒོ་ནས་ཡུན་རིང་དུ་གསོན་པར་གྱུར་ན་ཡང་། གསོན་པ་དེས་ཀོ་ཅི་ཞིག་བྱ་སྟེ་གསོན་ནས་བསྡད་པས་དགོས་པ་གང་ཡང་མེད་དོ། ། རྩ་བར། གལ་ཏེ་སེམས་ཅན་ཉམས་བྱེད་པས། །མི་སྙན་སྨྲ་ལ་ཁྲོ་བྱེད་ན། ། གལ་ཏེ་སེམས་ཅན་གཞན་གྱིས་སོ་སོར་ངན་སྨོད་བྱས་པར་བརྟེན་ནས་སྤྱི་ཚོགས་ནང་ངན་སྨོད་དེས་ཁྱབ་པར་གྱུར་ན། ངན་སྨོད་དེའི་དབང་གིས་རང་ཉིད་ལ་ལྷག་བསམ་རྣམ་དག་གིས་དགའ་མོས་བྱེད་མཁན་ཚོས་རང་ཉིད་ལ་སྔར་ལྟར་ལྟ་ཕྱོགས་བསྒྱུར་ཏེ་དེའི་རྒྱུད་ཀྱི་དགའ་མོས་ཉམས་པར་བྱེད་པར་ངེས་པས། དེར་བསམས་ཏེ་ང་ལ་བསམ་བཞིན་དུ་མི་སྙན་པར་སྨྲ་བའི་མི་དེ་ལ་སེམས་གཏིང་ནས་ཁོང་ཁྲོ་བྱེད་དགོས་དགོངས་ན། རྩ་བར། གཞན་ལ་མི་སྙན་བརྗོད་ནའང་ཁྱོད། །དེ་བཞིན་ཅི་སྟེ་ཁྲོ་མི་བྱེད། ། མི་ཞིག་གིས་སེམས་ཅན་གཞན་ལ་དུས་རྟག་ཏུ་མི་སྙན་པའི་ཚིག་རྩུབ་སོགས་བརྗོད་ནའང་ཁྱོད་རང་དེ་བཞིན་དུ་ཅི་སྟེ་ཁྲོ་བར་མི་བྱེད་དེ་ངེས་པར་དུ་ཁྲོ་རིགས་ཏེ། དེས་ཀྱང་གཞན་ལ་དད་པ་བྱེད་པ་རྣམས་ཀྱི་རྒྱུད་ཀྱི་དད་པ་ཉམས་པར་བྱེད་པས་སོ། ། རྩ་བར། མ་དད་གཞན་ལ་རག་ལས་པས། །དད་པ་མེད་ལ་ཁྱོད་བཟོད་ན། །ཉོན་མོངས་སྐྱེད་ལ་རག་ལས་པས། །མི་སྙན་སྨྲ་བ་ཅིས་མི་བཟོད། ། མི་ཞིག་ཡུལ་གང་ཡང་རུང་བ་ཞིག་ལ་དད་དང་མ་དད་དེ་མི་དེས་གཞན་དེའི་སྐྱོན་དང་ཡོན་ཏན་གང་ཞིག་མཐོང་མིན་ལ་ངེས་པར་རག་ལས་པས། དེར་བདག་ཁྲོས་ཀྱང་མི་དེ་ཡུལ་དེར་དད་པ་བྱེད་པ་ལ་ཕན་ཐོགས་གང་ཡང་མེད་སྙམ་དུ་དགོངས་ནས། དད་པ་མེད་པའི་མི་དེ་ལ་ཁྱོད་སེམས་གཏིང་ནས་ཁྲོ་བར་མི་བྱེད་པར་བཟོད་ཐུབ་ན། རང་ཉིད་ལའང་དུས་རྟག་ཏུ་མི་སྙན་པ་རྐྱང་རྐྱང་བརྗོད་པའི་མི་དེ་ལའང་རྐྱེ ན་གཞན་ 193 ཉོན་མོངས་ལ་སོགས་པ་སྐྱེད་དང་མ་སྐྱེད་ལ་རག་ལས་པས། རང་ལ་རང་དབང་སྐད་ཅིག་ཙམ་ཡང་མེད་སྟབས། ཁྱོད་མི་སྙན་པར་སྨྲ་བའི་གང་ཟག་དེ་ལ་ཅིས་མི་བཟོད་དེ། དེ་གཉིས་རྒྱུ་མཚན་ཀུན་ནས་མཚུངས་པས་སོ། ། རྩ་བར། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ། །འཁྱལ་ཞིང་འཇིག་པར་བྱེད་པ་ལའང་། །བདག་གིས་ཞེ་སྡང་མི་རིགས་ཏེ། །སངས་རྒྱས་སོགས་ལ་གནོད་མི་མངའ། ། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མཆོད་རྟེན་བརྒྱད་ལ་སོགས་པའི་མཆོད་པའི་རྟེན་དང་། དམ་པའི་ཆོས་དང་། ཆོས་ཀྱི་རྟེན་གླེགས་བམ་ལ་སོགས་པར་ངག་གིས་འཁྱལ་བའི་ཚིག་སྨྲ་ཞིང་། ལུས་ཀྱིས་གཞོམ་ཞིང་འཇིག་པར་བྱེད་པ་རྣམས་ལའང་། དུས་ནམ་ཡིན་ཡང་བདག་གིས་ཞེ་སྡང་བར་བྱེད་མི་རིགས་ཏེ། སེམས་ཅན་མ་རུང་བ་དེ་ཚོས་དེ་བཞིན་གཤེགས་པའི་སྐ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པར་སེམས་བསམ་པའི་གཏིང་ནས་གནོད་འཚེའི་ལས་སྦྱོར་ཇི་ལྟར་བརྩམས་ཀྱང་སངས་རྒྱས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་མི་མངའ་བས་སོ། ། རྩ་བར། བླ་མ་གཉེན་ལ་སོགས་པ་དང་། །བཤེས་ལ་གནོད་པ་བྱེད་རྣམས་ལའང་། །སྔ་མའི་ཚུལ་གྱི་རྐྱེན་དག་ལས། །འགྱུར་བ་མཐོང་ནས་ཁྲོ་བ་བཟློག ། དེ་བཞིན་དུ་རང་གི་བླ་མ་དང་། གཉེན་ཉེ་དུ་ལ་སོགས་པ་དང་། མཛའ་བཤེས་ལ་གནོད་པ་བྱེད་མཁན་རྣམས་ལའང་། གཉེན་བཤེས་སོགས་ཀྱིས་ཚེ་སྔ་མ་སྔ་མའི་དུས་སོ་སོར་ལས་ངན་པ་འདྲ་མིན་སྣ་ཚོགས་བསགས་པའི་ངང་ཚུལ་གྱི་རྐྱེན་དེ་དག་ལས་བྱུང་བ་དང་། ལྷག་དོན་དུ་གནོད་བྱེད་དེ་རིགས་ཀྱང་ཉོན་མོངས་པའི་གཞན་དབང་དུ་འགྱུར་བ་མཐོང་བའི་སྒོ་ནས་དེ་དག་ལ་ཁག་མི་འདུག་སྙམ་དུ་གནོད་བྱེད་དེ་དག་ལ་ཁྲོ་བ་བཟློག་དགོས་སོ། ། རྩ་བར། ལུས་ཅན་རྣམས་ལ་སེམས་ཡོད་དང་། །སེམས་མེད་གཉིས་ཀས་གནོད་བྱས་ན། །སེམས་ཡོད་ཅི་སྟེ་བཀར་ཏེ་བཀོན། །དེ་བས་གནོད་པ་བཟོད་པར་གྱིས། ། 194 འདས་དང་ད་ལྟ་ལས་ངན་པ་བསགས་པའི་ཉེར་ལེན་གྱིས་ལུས་ཅན་རྣམས་ལ་སེམས་ཡོད་དང་། སེམས་མེད་འབྱུང་བའི་གནོད་འཚེ་གཉིས་ཀས་སྐབས་དུ་མར་གནོད་པ་བྱས་པ་མཐོང་ན་ཡང་། འབྱུང་བའི་གནོད་འཚེ་བྱུང་ན་མི་བྱབ་ཆུང་ཞིག་ཡིན་ན་མ་གཏོགས་ཁྲོ་སེམས་སྐྱེ་མི་སྲིད་ལ། སེམས་ཡོད་ཀྱི་གནོད་འཚེ་ལ་ང་ཚོས་ཅི་སྟེ་དམིགས་སུ་བཀར་ཏེ་ཁོང་ཁྲོ་བྱེད། གནོད་པའི་ངོ་བོའི་ཆ་ནས་སེམས་ཡོད་དང་། སེམས་མེད་ཀྱི་གནོད་པ་གཉིས་ཀས་གནོད་པ་བྱས་པ་འདྲ་འདྲ་ཞིག་ལ་མཐའ་གཅིག་ཏུ་སེམས་ཡོད་ལ་བཀོན་པ་སྟེ་ཁྲོ་བ་ནི་རྒྱུ་མཚན་ལྡན་པ་ཞིག་ཏུ་མ་མཐོང་། དེ་བས་ཕྱོགས་གཉི་གའི་གནོད་པར་ཁོང་ཁྲོ་བར་བྱེད་པའི་ལས་མི་རྩོམ་པར་བཟོད་པར་གྱིས་ཤིག། རྩ་བར། ལ་ལ་རྨོངས་པས་ཉེས་པ་བྱེད། །ལ་ལ་རྨོངས་ཏེ་ཁྲོས་གྱུར་ན། །དེ་ལ་སྐྱོན་མེད་གང་གིས་བྱ། །སྐྱོན་དང་བཅས་དེ་གང་ཞིག་ཡིན། ། ལ་ལ་གནོད་བྱེད་ཁོ་རང་རྨོངས་པའི་སྒོ་ནས་ཉེས་པ་བྱེད་པ་དང་། ལ་ལ་ཁོང་ཁྲོ་དང་ཁོང་ཁྲོའི་འབྲས་བུ་ལ་རྨོངས་ཏེ་སླར་དེར་ཁྲོས་པར་གྱུར་ན། དེ་ལ་དོན་དམ་པར་སྐྱོན་དང་ནོར་འཁྲུལ་མེད་པའི་ལས་གང་གིས་བྱ། སྐྱོན་དང་བཅས་པ་དེ་གང་ཞིག་ཡིན་ནམ། ཞིབ་ཏུ་བརྟགས་ན་གཉི་ག་སྐྱོན་དང་བཅས་སྟབས། གཉི་ག་བྱབ་ཆུང་རེད། རྩ་བར། གང་གིས་གཞན་དག་གནོད་བྱེད་པའི། །ལས་དེ་སྔོན་ཆད་ཅི་ཕྱིར་བྱས། །ཐམས་ཅད་ལས་ལ་རག་ལས་ན། །བདག་གིས་འདི་ལ་ཅི་སྟེ་བཀོན། ། རྒྱུ་དང་རྐྱེན་མི་འདྲ་བ་གང་ཞིག་གིས་སེམས་ཅན་གཞན་དག་གནོད་བྱེད་ལྟ་བུས་བདག་ལ་གནོད་པ་བྱེད་པའི་ཚུལ་འདི་སྔར་བསགས་པའི་ལས་ཀྱིས་བསྐུ ལ་སྟབས། བདག་གིས་ལས་ངན་པ་དེ་འདྲ་སྔོན་ཆད་རྒྱུ་མཚན་ཅི་ཞིག་གི་ཕྱིར་བྱས་སམ། མཐར་ཐུག་ན་ཐམས་ཅད་ལས་འབའ་ཞིག་ལ་རག་ལས་པས་ན། ལས་འདི་ཡང་བདག་གིས་སྔོན་ཆད་བསགས་པའི་ལས་ཀྱི་རྣམ་སྨིན་ལ་བརྟེན་ནས་བྱུང་སྟབས། འདི་དང་འདི་ཞེས་བྱ་བ་ལ་ཅི་སྟེ་བཀོན་ཏེ་ཁོང་ཁྲོ་བར་བྱེད། 195 རྩ་བར། དེ་ལྟར་མཐོང་ནས་ཅི་ནས་ཀྱང་། །ཐམས་ཅད་ཕན་ཚུན་བྱམས་སེམས་སུ། །འགྱུར་བ་དེ་ལྟར་བདག་གིས་ནི། །བསོད་ནམས་དག་ལ་བསྒྲིམས་ཏེ་བྱ། ། རང་རང་གི་ལས་ཀྱི་འབྲས་བུའི་བདེ་སྡུག་གི་འཕེལ་འགྲིབ་གང་དང་གང་ཞིག་ཡོང་གི་ཡོད་པའི་ངང་ཚུལ་ཇི་ལྟར་གནས་པ་དེ་ལྟར་དུ་མཐོང་ནས་ཅི་ནས་ཀྱང་རང་གཞན་སེམས་ཅན་ཐམས་ཅད་ཕན་ཚུན་དུས་རྟག་ཏུ་བྱམས་པའི་སེམས་ཀྱིས་འཛའ་ཞིང་། ཤིན་ཏུ་བརྩེ་བའི་སྒོ་ནས་མཐུན་གྲོགས་སུ་འགྱུར་ཐུབ་པ་དེ་ལྟར་བདག་གིས་བྱའོ་སྙམ་དུ་དགོངས་ནས་ནི། དེའི་ཆེད་དུ་ད་ནས་བཟུང་བཟོད་པ་སྒོམ་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དག་ལ་བློ་སེམས་གཅིག་ཏུ་བསྒྲིམས་ཏེ་འབད་པར་བྱའོ། ། རྩ་བར། དཔེར་ན་ཁྱིམ་ཚིག་གྱུར་པའི་མེ། །ཁྱིམ་གཞན་ཞིག་ཏུ་སོང་ནས་ནི། །རྩྭ་སོགས་གང་ལ་མཆེད་བྱེད་པ། །དེ་ནི་ཕྱུང་སྟེ་དོར་བར་རིགས། །དེ་བཞིན་གང་ལ་སེམས་ཆགས་ནས། །ཞེ་སྡང་མེ་ནི་མཆེད་གྱུར་པ། །བསོད་ནམས་ཚིག་པར་དོགས་པ་ཡིས། །དེ་ནི་དེ་ཡི་མོད་ལ་དོར། ། དཔེར་ན། རང་གི་ཁྱིམ་ཚིག་པར་གྱུར་པའི་མེ་ཞིག་ཁྱིམ་གྱི་ཟུར་སྦུག་ཆུང་ཆུང་ཞིག་ནས་ཐོན་ཚེ། དེ་མ་ཐག་མེ་དེ་གཟབ་ནན་གྱིས་མེད་པར་མ་བཟོས་ན། རང་ཁྱིམ་དང་ཁ་ཐག་ཤིན་ཏུ་ཉེ་བའི་ཁྱིམ་གཞན་ཞིག་ཏུ་རླུང་ཤུགས་ཀྱིས་སོང་ནས་ནི་ཁྱིམ་དེའི་རྩྭ་དང་ཤིང་སོགས་གང་ལ་མཆེད་པར་བྱེད་པར་ངེས་སྟབས། མེ་མཆེད་ལ་ཉེ་བའི་རྩྭ་དང་ཤིང་ལ་སོགས་པ་དེ་ནི་དེ་མ་ཐག་ཕྱུང་སྟེ་དོར་བར་རིགས་སོ། དེ་བཞིན་དུ་རང་གི་གཉེན་བཤེས་སོགས་ལ་གཞན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་བྱས་པའི་རྐྱེན་གྱིས་དེ་དག་གི་རྒྱུད་ལ་ཞེ་སྡང་གི་མེ་ཤུགས་ཆེས་འབར་ནས་རང་རང་གིས་འདས་དང་ད་ལྟའི་ཆར་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་མཆིས་པ་ཀུན་ལྷག་མེད་དུ་འཚིག་པར་འགྱུར་བ་མ་ཟད། རང་ཉིད་ཀྱང་རང་གི་གཉེན་བཤེས་སོགས་གང་ལ་སེམས་ 196 ཆགས་པའི་གཞན་དབང་དུ་གྱུར་ནས་གཉེན་བཤེས་དེ་དང་དེར་གཞན་གྱིས་གནོད་པ་བྱས་པ་མཐོང་བའི་རྐྱེན་གྱིས་ཞེ་སྡང་གི་མེ་ནི་རང་རྒྱུད་ལ་དེ་མ་ཐག་མཆེད་པར་གྱུར་པ་དང་། རྐྱེན་དེས་རང་ཉིད་ཀྱིས་འདས་དང་ད་ལྟར་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀུན་ལྷག་མེད་དུ་ཚིག་པར་འགྱུར་བའི་དོགས་པ་ཡིས། རང་གི་ཆགས་པའི་གཞིར་གྱུར་པའི་གཉེན་བཤེས་སོགས་ལ་ཆགས་ཞེན་གྱི་སེམས་ངན་དེ་ནི་དེ་ཡི་མོད་ལ་ལྷག་མེད་དུ་དོར་བར་རིགས་སོ། ། རྩ་བར། གསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། ། དུས་སྔ་ཕྱི་ཙམ་མ་གཏོགས་གསད་པར་བྱ་ངེས་པའི་མི་ཞིག་ལ་ལྟོས་ས་ལྟོས་འཇོག་གིས་གནོད་པ་ཆུང་ངུ་ལག་པ་ཙམ་བཅད་དེ། གལ་ཏེ་སྡུག་བསྔལ་ཆུང་ངུ་དེས་མི་དེ་གཏན་དུ་ཚེ་སྲོག་ལས་ཐར་པར་བྱ་ཐུབ་ན་ཅིས་མ་ལེགས། དེ་བཞིན་དུ་གལ་ཏེ་མི་ཡི་རྟེན་ཅན་གྱི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་དང་རྡུང་རྡེག་ལ་སོགས་པའི་སྡུག་བསྔལ་ཆུང་ངུ་ཙམ་གྱིས་ཤིན་ཏུ་ལྕི་བའི་དམྱལ་བའི་སྡུག་བསྔལ་གྱི་རྣམ་གྲངས་དེ་དག་དང་བྲལ་བར་བྱ་ཐུབ་ན་ཅིས་མ་ལེགས། རྩ་བར། ད་ལྟའི་སྡུག་བསྔལ་འདི་ཙམ་ལའང་། །བདག་གིས་བཟོད་པར་མི་ནུས་ན། །དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ། །ཁྲོ་བ་ཅི་སྟེ་བཟློག་མི་བྱེད། ། ད་ལྟའི་ཆར་གནོད་བྱེད་ཀྱི་མི་ཞིག་གིས་རང་ལ་སེམས་ངན་གྱིས་རྡུང་རྡེག་ལ་སོགས་པའི་གནོད་པ་ཆུང་ངུ་ཞིག་བྱས་པའི་སྡུག་བསྔལ་གྱི་ཚོར་བ་འདི་ཙམ་ཞིག་ལའང་བདག་གིས་བཟོད་པར་བྱེད་མི་ནུས་པ་མཐོང་ཆོས་སུ་གྲུབ་ན། དེ་བས་ན་བདག་གིས་ཤིན་ཏུ་བཟོད་པར་དཀའ་བའི་དམྱལ་བའི་སྡུག་བསྔལ་དེ་དག་མངོན་པར་སྐྱེད་བྱེད་ཀྱི་རྒྱུའི་གཙོ་བོ་ཁྲོ་བ་སོགས་ཅི་སྟེ་འབད་པས་བཟློག་པར་མི་བྱེད་དམ། 197 རྩ་བར། འདོད་པའི་དོན་དུ་བསྲེག་ལ་སོགས། །དམྱལ་བར་སྟོང་ཕྲག་མྱོང་གྱུར་ཀྱང་། །བདག་གིས་རང་གི་དོན་དང་ནི། །གཞན་གྱི་དོན་ཡང་མ་བྱས་སོ། །འདི་ནི་དེ ཙམ་གནོད་མིན་ལ། །དོན་ཆེན་དག་ཀྱང་འགྲུབ་འགྱུར་བས། །འགྲོ་བའི་གནོད་སེལ་སྡུག་བསྔལ་ལ། །དགའ་བ་འབའ་ཞིག་འདིར་བྱ་རིགས། ། ཟས་གོས་གནས་མལ་སོགས་འདོད་པའི་དོན་དུ་ལས་ཅི་བྱས་ཐམས་ཅད་གཡོ་སྒྱུ་ཁྲམ་གསུམ་དང་འདྲེས་སྟབས། བཙོ་བསྲེག་ལ་སོགས་པའི་དམྱལ་བར་སྡུག་བསྔལ་བཟོད་ཐབས་བྲལ་བ་དག་བསྐལ་པ་བརྒྱ་སྟོང་ཕྲག་དུ་མར་ཉམས་སུ་མྱོང་བར་གྱུར་ཀྱང་། བདག་གིས་དུས་ནམ་དུའང་རང་གི་ཚེ་འདི་ཕྱིའི་དོན་དང་ནི། ཉམས་ཆུང་བའི་སེམས་ཅན་གཞན་གྱི་དོན་དུ་ཡང་བསོད་ནམས་ཀྱི་ཚོགས་གང་ཡང་མ་བྱས་སོ། །ད་ལྟར་རང་གཞན་གྱི་དོན་ཆེ ན་པོ་བདེ་བླག་ངང་བསྒྲུབ་ཕྱིར་ཆོས་ལ་དཀའ་སྤྱད་ཀྱི་སྡུག་བསྔལ་མྱོང་བ་འདི་ནི། སྔར་ལས་ཉོན་གྱི་གཞན་དབང་དུ་གྱུར་ནས་དུས་རྟག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་དག་དང་བསྡུར་ན་དེ་ཙམ་གནོད་པ་ཆེན་པོ་མིན་ལ། མ་ཟད་དེ་ལ་བརྟེན་ནས་རང་གཞན་གྱི་ཚེ་འདི་དང་ཕྱི་མའི་དོན་ཆེན་དག་ཀྱང་འགྲུབ་པར་འགྱུར་བས། ལས་དང་ཉོན་མོངས་ཀྱི་དབང་གིས་སྲིད་པ་གསུམ་གྱི་ཁྱོན་ཀུན་ཏུ་དབང་མེད་དུ་འཁྱམ་བཞིན་པའི་འགྲོ་བའི་འཕྲལ་ཕུགས་ཀྱི་གནོད་པ་ཡོངས་སུ་སེལ་ཕྱིར་སྡུག་བསྔལ་གྱི་རྣམ་པ་འདི་ལྟ་བུ་ལ་མི་བཟོད་པ་ཅི་ཞིག་ཡོད། དེས་ན་གནས་སྐབས་ཆོས་ལ་དཀའ་སྤྱད་ཀྱི་སྡུག་བསྔལ་འདི་ཡོད་ཀྱང་རང་གཞན་གྱི་དོན་ཤིན་ཏུ་ལེགས་པ་ཞིག་བྱར་ཡོད་དོ་སྙམ་དུ་བསམས་ནས་དགའ་བ་འབའ་ཞིག་འདིར་བསྒོམ་པར་བྱ་རིགས་སོ། ། རྩ་བར། གཞན་གྱིས་ཡོན་ཏན་ལྡན་བསྟོད་ནས། །གལ་ཏེ་དགའ་བའི་བདེ་ཐོབ་ན། །ཡིད་ཁྱོད་ཀྱང་ནི་དེ་བསྟོད་ནས། །ཅིའི་ཕྱིར་དེ་ལྟར་དགའ་མི་བྱེད། ། སེམས་ཅན་གཞན་གྱིས་རང་གི་དགྲ་བོ་དེ་ཕྱོགས་གང་ཐད་ནས་ཡོན་ཏན་དང་ལྡན་པ་ཞིག་ཡིན་ཚུལ་གྱིས་ 198 བསྟོད་པ་ལ་བརྟེན་ནས་དགྲ་དེའི་སེམས་ལ་དགའ་བ་བསྐྱེད་པ་ཙམ་མ་ཟད། དེར་བརྟེན་ནས་བསྟོད་པ་པོ་རང་ཉིད་ཀྱི་སེམས་ལའང་གལ་ཏེ་ཤིན་ཏུ་ནས་དགའ་བའི་བདེ་ཚོར་ཐོབ་ཀྱི་ཡོད་ན། ཡིད་ཁྱོད་ཀྱིས་ཀྱང་ནི་རང་གི་དགྲ་བོ་དེ་ལ་བསྟོད་ནས། ཅིའི་ཕྱིར་དེ་ལྟར་སོ་སོའི་སེམས་ལ་དགའ་བ་བསྐྱེད་པར་མི་བྱེད་དམ། རྩ་བར། ཁྱོད་ཀྱི་དགའ་བའི་བདེ་བ་འདི། །བདེ་འབྱུང་ཁ་ན་མ་ཐོ་མེད། །ཡོན་ཏན་ལྡན་པ་རྣམས་ཀྱིས་གནང་། །གཞན་སྡུད་པ་ཡི་མཆོག་ཀྱང་ཡིན། ། ཁྱོད་ཀྱིས་རང་གི་དགྲ་ཟླར་གྱུར་པའི་སེམས་ཅན་གཞན་ལ་བསྟོད་པར་བརྟེན་ནས་བྱུང་བའི་དགའ་བའི་བདེ་བ་འདི་ནི། བདེ་བའི་འབྱུང་གནས་ཁ་ན་མ་ཐོ་བ་(ཉེས་ལྟུང་དང་། སྡིག་པ་སོགས་སྡུག་བསྔལ་གྱི་འབྲས་བུ་འཕེན་པའི་ལས་ཏེ་)མེད་སྟབས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལྷག་མེད་དུ་སྤངས་པའི་ཡོན་ཏན་དང་ལྡན་པ་སངས་རྒྱས་དང་། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མ་བཀག་པར་རྗེས་སུ་གནང་ཞིང་། མ་གཞི་ནས་འདི་ནི་སེམས་ཅན་གཞན་རྣམས་རང་གི་འཁོར་དུ་སྡུད་པ་ཡི་ཐབས་ཀྱི་མཆོག་ཀྱང་ཡིན་ནོ། ། རྩ་བར། གཞན་ཡང་དེ་ལྟར་བདེ་འགྱུར་ཞེས། །གལ་ཏེ་ཁྱོད་བདེ་འདི་མི་འདོད། །གླ་རྔན་སྦྱིན་སོགས་སྤང་བའི་ཕྱིར། །མཐོང་དང་མ་མཐོང་ཉམས་པར་འགྱུར། ། གཞན་ལ་བསྟོད་པས་བསྟོད་ཡུལ་གཞན་དེ་ཡང་དེ་ལྟར་བདེ་བར་འགྱུར་རོ་ཞེས་དེར་མི་འདོད་པའི་རྣམ་འགྱུར་ངན་པ་སྟོན་བཞིན་པ་དེ་ལྟར་ན། གལ་ཏེ་ཁྱོད་སེམས་གཏིང་ནས་གཞན་ལ་བསྟོད་པས་གཞན་བདེ་བར་གནས་པ་འདི་མི་འདོད་ན། ཁྱོད་ཀྱིས་གཞན་ལ་བཞེས་ལག་གཏོང་བ་དང་། བསྔགས་བརྗོད་བྱེད་པ། གླ་རྔན་སྦྱིན་པ་སོགས་མི་གཞན་གྱི་སེམས་ལ་དགའ་བདེ་འབྱུང་ངེས་ཀྱི་ལས་ཀྱི་རིགས་ཀྱང་ངེས་པར་སྤང་དགོས་པའི་ཕྱིར་ཏེ། ལས་དེ་དག་གིས་ཀྱང་སེམས་ཅན་གཞན་གྱི་རྒྱད་ལ་དགའ་བདེ་སྟེར་བའི་ཕྱིར། གཞན་ 199 གྱི་སེམས་ལ་དགའ་བདེའི་ཚོར་སྣང་སྟེར་ནུས་པའི་ལས་ཀྱི་རིགས་ཐམས་ཅད་སྤངས་ན། ནམ་ཞིག་དངོས་སུ་མཐོང་བའི་ཚེ་འདི་དང་མ་མཐོང་བའི་ཚེ་རབས་ཕྱི་མ་རྣམས་སུ་ཡང་རང་གི་འདོད་དོན་ཀུན་ཡོངས་སུ་ལྷག་མེད་དུ་ཉམས་པར་འགྱུར་རོ། ། རྩ་བར། རང་གི་ཡོན་ཏན་བརྗོད་པའི་ཚེ། །གཞན་ལ་བདེ་བའང་འདོད་པར་བྱེད། །གཞན་གྱི་ཡོན་ཏན་བརྗོད་པའི་ཚེ། །རང་ལའང་བདེ་བ་མི་འདོད་བྱེད། ། རང་གི་དགྲ་ཟླར་གྱུར་པའི་མི་གཞན་གྱི་མིག་སྔར་རང་གི་ཡོན་ཏན་བརྗོད་པའི་ཚེ། རང་ལ་བསྔགས་བརྗོད་བྱེད་མཁན་གྱི་གང་ཟག་གཞན་དེའི་རྒྱུད་ལ་རང་གི་ཡོན་ཏན་བརྗོད་པའི་སྤྲོ་སྣང་གིས་གང་བའི་བདེ་བ་བྱུང་བ་དེའང་ཁྱོད་ཀྱིས་ཤིན་ཏུ་ནས་འདོད་པར་བྱེད་ལ། རང་ཉིད་ཀྱིས་རང་གི་དགྲ་ཟླ་གཞན་གྱི་ཡོན་ཏན་བརྗོད་པ་ལ་ཕྱོགས་པའི་ཚེ་ཕྲག་དོག་དང་ང་རྒྱལ་གྱི་དབང་གིས་རང་གི་རྒྱུད་ལའང་གཞན་གྱི་ཡོན་ཏན་བརྗོད་པའི་བདེ་བ་མི་འདོད་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ་བ་ཁོ་ནའོ། །རྒྱུ་མཚན་དེས་ན་རང་ལ་བསྟོད་པས་གཞན་དགའ་བར་འདོད་ན། རང་གིས་གཞན་ལ་བསྟོད་པས་ཀྱང་རང་ཉིད་དགའ་བར་བྱའོ། ། རྩ་བར། སེམས་ཅན་ཐམས་ཅད་བདེ་འདོད་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་རང་གིས་བདེ་རྙེད་ན། །དེས་ཀོ་ཅི་སྟེ་ཁྲོ་བར་བྱེད། ། དུས་དང་གནས་སྐབས་ཀུན་ཏུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ལ་འགོད་པར་འདོད་པས། མྱུར་དུ་བྱང་ཆུབ་མཆོག་ཏུ་ནི་སེམས་བསྐྱེད་པར་བྱས་ནས་སེམས་ཅན་གཞན་གྱི་བདེ་དོན་བསྒྲུབ་པ་ལ་བརྩོན་པའི་ཚེ་ན། རང་གིས་བསྒྲུབ་མ་དགོས་པར་སེམས་ཅན་གཞན་དེ་དག་རང་རང་གིས་ཡིད་བདེ་ཏོག་ཙམ་ཏོག་ཙམ་རེ་རྙེད་ནས་འདོད་པའི་དོན་འགྲུབ་པར་གྱུར་ན། དེས་ཀོ་ཅི་སྟེ་ཁྱེད་རང་མི་བཟོད་པའི་ཁོང་ཁྲོ་བར་བྱེད་དེ། དེས་ཁྱེད་ཀྱིས་སྔར་དམ་བཅས་པའི་དམ་བཅའ་དེ་དག་ལ་ཞུགས་པར་འགྱུར་བའི་ཕྱིར་རོ། ། 200 རྩ་བར། འཇིག་རྟེན་གསུམ་མཆོད་འཚང་རྒྱ་བར། །སེམས་ཅན་རྣམས་ནི་འདོད་ཅེ་ན། །བསྙེན་བཀུར་ངན་ངོན་ཙམ་མཐོང་ནས། །ཅི་ཕྱིར་དེ་ལ་གདུང་བར་བྱེད། ། གཟུགས་དང་གཟུགས་མེད་སོགས་འཇིག་རྟེན་གསུམ་གྱིས་མཆོད་པར་འོས་པའི་ཡུལ་མངོན་པར་རྫོགས་པར་འཚང་རྒྱ་བར། མར་གྱུར་པའི་སེམས་ཅན་རྣམས་ནི་ལྷག་མེད་དུ་འགོད་པར་འདོད་ཅེ་ན། དེ་ལྟར་ན། སེམས་ཅན་རང་རང་སོ་སོས་བསྙེན་བཀུར་ངན་ངོན་ཙམ་ཐོབ་པ་མཐོང་ནས། ཅི་ཕྱིར་ཁྱོད་དེ་ལ་རབ་ཏུ་མི་བཟོད་པས་གདུང་བར་བྱེད། རྩ་བར། གསོ་བྱ་གང་ཞིག་ཁྱོད་གསོ་བ། །ཁྱོད་ཉིད་ཀྱིས་ནི་སྦྱིན་བྱ་སྟེ། །གཉེན་གྱིས་འཚོ་བ་རྙེད་གྱུར་ན། །དགའ་མི་འགྱུར་བར་སླར་ཁྲོ་འམ། ། རང་གིས་གསོ་བྱའི་ཕ་མ་དང་གཉེན་ཉེ་དུ་སོགས་སེམས་ཅན་གང་ཞིག་ཁྱོད་ཀྱིས་གསོ་བའི་འགན་འཁྲི་ཡོད་སྟབས། སེམས་ཅན་གཞན་གྱིས་རོགས་སྐྱོར་ལ་ལྟོས་པ་མེད་པར་ཁྱོད་རང་ཉིད་ཀྱིས་ནི་ཕངས་མེད་ཀྱིས་ཟས་གོས་ཐམས་ཅད་སྐབས་ཐོག་སོ་སོར་སྦྱིན་བྱ་སྟེ་སྤྱིན་པའི་ལས་གཉེར་བཞིན་ཡོད་ན་ཡང་། སྐབས་ལ་རེར་ཁྱོད་ཀྱིས་སྦྱིན་མ་དགོས་པར་གཉེན་ཉེ་དུ་རང་རང་སོ་སོས་འབད་བརྩོན་གྱིས་འཚོ་བ་རྙེད་པར་གྱུར་ན། དེ་ལ་ཁྱོད་དགའ་བར་མི་འགྱུར་བར་སླར་ཁྲོའམ། རྩ་བར། དེ་ཅི་འགྲོ་ལ་མི་འདོད་ན། །དེ་ལ་བྱང་ཆུབ་འདོད་གང་ཡིན། །གང་ཞིག་གཞན་འབྱོར་ཁྲོ་དེ་ལ། །བྱང་ཆུབ་སེམས་ནི་ག་ལ་ཡོད། ། འཕྲལ་སེལ་གྱི་ཟས་གོས་ངན་ངོན་ཙམ་རྙེད་པ་དེ་ཡང་ཅི་སྟེ་འགྲོ་བ་རྣམས་ལ་ཐོབ་པ་མི་འདོད་པ་དེ་ལྟར་ན། འགྲོ་བ་དེ་དང་དེ་ལ་མཐར་ཐུག་བྱང་ཆུབ་བསྒྲུབ་པར་འདོད་པ་དེ་གང་ཞིག་ཡིན་ནམ་ཞེས་དྲི་བའི་ཚུལ་གྱིས་བཤད་ནས། སེམས་ཅན་གང་ཞིག་གིས་དུས་རྟག་ཏུ་གཞན་ལ་ཟས་གོས་སོགས་འབྱོར་བའི་དངོས་པོ་ཆུང་ཙག་རེ་ཐོབ་པ་དེ་ཙམ་ཡང་མི་བཟོད་པར་ཁྲོ་བར་བྱེད་ན། སེམས་ཅན་དེ་དང་དེའི་རྒྱུད་ལ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཤིག་ནི་ག་ལ་ཡོད། 201 རྩ་བར། གལ་ཏེ་དེས་དེ་ལས་རྙེད་དམ། །སྦྱིན་བདག་ཁྱིམ་ན་གནས་གྱུར་པ། །ཀུན་ཏུའང་དེ་ཁྱོད་ལ་མེད་ན། །བྱིན་མ་བྱིན་རུང་དེས་ཅི་བྱ། ། ཕ་རོལ་པོའི་རྒྱུ་ནོར་ལ་ཁྱོད་རང་ཕྲག་དོག་བྱེད་དགོས་དོན་མེད་དེ། གལ་ཏེ་ཕ་རོལ་པོ་དེས་རང་གི་སྦྱིན་བདག་དེ་དག་ལས་ཟས་གོས་གནས་མལ་སོགས་གང་ཞིག་རྙེད་དམ། སྦྱིན་བདག་ཁོ་རང་གི་ཁྱིམ་ན་གནས་པར་གྱུར་པ་གང་ཞིག་ཡིན་རུང་། དུས་དང་རྣམ་པ་ཀུན་ཏུའང་དངོས་པོ་དེ་དང་དེ་ཁྱོད་ལ་ཐོབ་པ་གཏན་ནས་མེད་པས་ན། ཁྱོད་རང་ཉིད་ལ་མཚོན་ན་རྒྱུ་ནོར་དེ་དག་གཞན་ལ་བྱིན་རུང་མ་བྱིན་རུང་དེས་ཁྱོད་ལ་ཕན་གནོད་གང་ཡང་མེད་སྟབས། དེར་ཕྲག་དོག་བྱས་ནས་ཅི་ཞིག་བྱ། རྩ་བར། བསོད་ནམས་དང་ནི་དད་པ་འམ། །རང་གི་ཡོན་ཏན་ཅིའི་ཕྱིར་འདོར། །རྙེད་པར་གྱུར་པ་མི་འཛིན་ལ། །གང་གིས་ཁྲོ་བར་མི་བྱེད་སྨྲོས། ། གཞན་གྱི་རྙེད་པ་ལ་སེམས་གཏིང་ནས་ཁྲོ་ཞིང་། རང་ཉིད་ཀྱིས་ཀྱང་དེ་འདྲ་ཞིག་རྙེད་པར་འདོད་ན། རྙེད་པ་ཐམས་ཅད་ངམ་ངམ་ཤུགས་ཀྱིས་འབྱུང་བའི་རྒྱུའི་རྩ་བ་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་དང་ནི། དད་པ་འམ། དེ་དག་དང་དངོས་ཤུགས་འབྲེལ་བའི་རང་གི་ཡོན་ཏན་དེ་དག་རེ་རེ་བཞིན་རྒྱུ་མཚན་ཅིའི་ཕྱིར་འདོར་བར་བྱེད་དམ། གང་ཞིག་རྙེད་པར་གྱུར་པའི་རྒྱུའི་རྩ་བ་དེ་མི་འཛིན་པར་རབ་ཏུ་འཇོམས་མཁན་རང་ཉིད་ལ། རྒྱུ་མཚན་གང་ཞིག་གིས་ཁྲོ་བར་མི་བྱེད་སྨྲོས་ཤིག། རྩ་བར། ཁྱོད་ནི་རང་གིས་སྡིག་བྱས་ལ། །མྱ་ངན་མེད་པར་མ་ཟད་ཀྱི། །བསོད་ནམས་བྱས་པ་གཞན་དག་དང་། །ལྷན་ཅིག་འགྲན་པར་བྱེད་འདོད་དམ། ། ཚེ་འདི་དང་ཚེ་རབས་སྔོན་མ་རྣམས་སུ་ཁྱོད་ནི་རང་གིས་གཞན་གྱི་རྙེད་པ་མི་འབྱུང་བའི་རྒྱུ་སྡིག་པའི་ལས་ཇི་རྙེད་ཅིག་བྱས་པ་དེ་དག་གང་ལའང་མྱ་ངན་ནམ་བློ་འགྱོད་ཙམ་ཡང་མེད་པར་མ་ཟད་ཀྱི། ད་དུང་རྙེད་པ་འབད་མེད་དུ་འབྱུང་བའི་རྒྱུ་བསོད་ནམས་དཔག་ 202 ཏུ་མེད་པ་བྱས་པའི་སེམས་ཅན་གཞན་དག་དང་ལྷན་ཅིག་འགྲན་པར་བྱེད་འདོད་དམ། དེ་ལྟར་འགྲན་པར་བྱེད་འདོད་ནས་རང་སེམས་ལ་ཁྲོ་བ་བསྐྱེད་པ་ནི་ཤིན་ཏུ་ཐབས་སྐྱོ་བའི་གནས་མ་ཡིན་ནམ། བམ་པོ་གཉིས་པ། རྩ་བར། གལ་ཏེ་དགྲ་ཞིག་མི་དགའ་ནའང་། །དེ་ལ་ཁྱོད་དགར་ཅི་ཞིག་ཡོད། །ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པའི་རྒྱུར་མི་འགྱུར། ། གལ་ཏེ་དགྲ་ཞིག་ཁྱོད་ཀྱི་མིག་མདུན་ནས་མི་དགའ་ཞིང་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་མཐོང་ནའང་། དེ་སྡུག་བསྔལ་བར་གྱུར་པ་དེ་ལ་ཁྱོད་དགའ་བར་གྱུར་པ་ཅི་ཞིག་ཡོད་དམ། དེ་སྡུག་བསྔལ་བར་གྱུར་པས་ཁྱོད་ལ་ཕན་གནོད་གང་ཡང་མི་བྱེད་པས་སོ། མ་ཟད་ཁྱོད་ཀྱིས་དགྲ་དེར་དུས་གཏན་དུ་སྡུག་བསྔལ་འབའ་ཞིག་གིས་མནར་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་ཙམ་གྱིས་ནི། དགྲ་དེ་ལ་ཐད་ཀར་རམ་ནམ་ཞིག་དེའི་གནོད་པའི་རྒྱུར་ནི་མི་འགྱུར་བས་སོ། ། རྩ་བར། ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་འགྱུར་ཞེ་ན། །དེ་ལས་ཕུང་བའང་གཞན་ཅི་ཡོད། ། གལ་སྲིད་ཁྱོད་ཀྱིས་རང་གི་དགྲ་ཟླར་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་བྱུང་ན་སྙམ་དུ་འདོད་པས། སྟབས་མ་ལེགས་པར་དགྲ་བོ་དེར་སྡུག་བསྔལ་དེ་འདྲ་ཞིག་གྲུབ་པའི་དབང་དུ་བཏང་ནའང་། དེ་ལ་ཁྱོད་དགའ་བར་གྱུར་པ་ཅི་ཞིག་ཡོད་དམ། གལ་ཏེ་ཡིད་སྨོན་ལྟར་གྲུབ་པ་ཞིག་བྱུང་བས་འཚེངས་པའམ་དོན་ཡོད་པར་འགྱུར་རོ་ཞེ་ན། གཞན་ལ་གོད་ཆག་ཤུགས་ཆེས་བྱུང་བ་དེས་ཁྱོད་རང་ཡིད་ཚིམ་ན། ཁྱོད་རང་ལ་སྦྱོར་དངོས་མཇུག་གསུམ་ཚང་བའི་གནོད་སེམས་དྲག་པོ་མངོན་གྱུར་དུ་བྱུང་བ་ཡིན་སྟབས། དེ་ལས་ཕུང་བ་ཞིག་གང་ནའང་གཞན་ཅི་ཞིག་ཡོད། 203 རྩ་བར། ཉོན་མོངས་ཉ་བས་བཏབ་པ་ཡི། །མཆིལ་པ་འདི་ནི་མི་བཟད་གཟེ། །དེས་བཟུང་སེམས་དམྱལ་བུམ་པར་ཡང་། །དམྱལ་བའི་སྲུང་མས་བདག་འཚེད་ངེས། ། ཤིན་ཏུ་ཉེན་ཆེ་བའི་ཉོན་མོངས་པའི་ཉ་པས་བཏབ་པ་ཡི་མཆིལ་པ་སྟེ་ལྕགས་ཀྱུ་འདི་ནི་ཆེས་ཤིན་ཏུ་ནས་འཇིགས་སུ་རུང་བའི་གནས་ཡིན་སྟབས། མི་བཟད་པར་གཟེ་བ་ཡིན་ལ། ཉོན་མོངས་པའི་ཉ་པས་བཏབ་པའི་ལྕགས་ཀྱུ་རྣོན་པོ་དེས་ཁྱེད་རང་ཉིན་གཅིག་ལ་བཟུང་ནས་སེམས་ཅན་བདག་དང་འདྲ་བར་དམྱལ་བའི་བུམ་པར་འཇུག་རྒྱུ་མ་ཟད། ཡང་ནས་ཡང་དུ་དམྱལ་བའི་སྲུང་མ་རྣམས་ཀྱིས་བདག་ཅག་རྣམས་ཁྲོ་ཆུ་ལ་སོགས་པའི་གནས་རྣམས་སུ་འཚེད་པར་ངེས་སོ། ། རྩ་བར། བསྟོད་དང་གྲགས་དང་རིམ་འགྲོས་ནི། །བསོད་ནམས་མི་འགྱུར་ཚེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། ། འཇིག་རྟེན་ཕལ་པས་བསྟོད་བསྔགས་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་མཚན་སྙན་གྲགས་བྱུང་བ་དང་། ལྷག་དོན་དུ་གཞན་གྱིས་རང་ལ་བཀུར་སྟི་དང་རིམ་འགྲོ་བྱས་པ་སོགས་ཀྱིས་ནི། འབྱུང་འགྱུར་འབྲས་བུ་བདེ་སྐྱིད་ཅིག་འབྱུང་བའི་བསོད་ནམས་ཀྱི་རྒྱུ་བྱེད་པར་མི་འགྱུར་ཞིང་། བདག་གི་ཚེ་རིང་བའི་རྒྱུར་ཡང་མི་འགྱུར་ལ། མ་ཟད་བདག་གི་སྟོབས་རྒྱས་པ་དང་། དཔུང་གི་ཤུགས་འཕེལ་བར་ཡང་གཏན་ནས་ཕན་པར་མི་འགྱུར་བ་དང་། ད་དུང་ནད་མེད་པའི་བདེ་སྣང་ཐོབ་པ་ཡང་མིན་ལ། ལུས་བདེ་བར་གནས་པའི་རྒྱུར་ཡང་མི་འགྱུར་རོ། ། རྩ་བར། བདག་ནི་རང་དོན་ཤེས་གྱུར་ན། །དེ་ལ་རང་དོན་ཅི་ཞིག་ཡོད། །ཡིད་བདེ་འབའ་ཞིག་འདོད་ན་ནི། །རྒྱན་སོགས་འཆང་ཡང་བསྟེན་དགོས་སོ། ། བདག་གིས་ནི་སོ་སོའི་རང་དོན་ཅུང་ཟད་ཅིག་ཤེས་པར་གྱུར་པ་ན། དེ་ལ་བརྟེན་ནས་སོ་སོ་ལ་སོ་སོའི་རང་དོན་བསྒྲུབ་མ་ཚར་བ་དེ་འདྲ་ཅི་ཞིག་ཡོད་མེད་བརྟག་པར་རིགས་ལ། 204 དེ་ཡང་ཡིད་བདེ་བ་ཡོད་དམ་ཞེས་དང་པོ་ཉིད་ནས་ཡིད་བདེ་འབའ་ཞིག་དོན་དུ་གཉེར་བར་འདོད་ན་ནི། རྒྱུན་དུ་འཆང་འཐུང་བ་དང་། རྒྱན་པོ་འགྱེད་པའི་རྩེད་མོ་དང་། བུད་མེད་འཆང་བ་ཡང་བསྟེན་དགོས་པ་དེ་དག་དོན་དུ་གཉེར་རིགས་སོ། ། འདི་ནི་མི་འདོད་པའི་ཐལ་བ་འཕངས་པའམ། སྒྲུབ་པའི་ཚུལ་གྱིས་དགག་པ་ཡིན། རྩ་བར། གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེས་ཀོ་སུ་ལ་བདེ། ། ཆེས་ཤིན་ཏུ་ནས་རྨོངས་པའི་སྐྱེ་བོ་འགས་མཚན་དང་གྲགས་པའི་དོན་འབའ་ཞིག་གི་ཆེད་དུ་ནོར་རྫས་རྣམས་ཕངས་མེད་དུ་གཏོང་ཞིང་། དཔའ་དང་བློ་ཁོག་གཉིས་འཛོམས་ཀྱི་མཚན་སྙན་ཐོབ་པའི་ཆེད་དུ་ཁྱོད་ཤི་ང་གསོན་གྱི་གཡུལ་སར་ཞུགས་ཏེ། བདག་ཉིད་ཀྱང་ནི་རང་གི་དགྲ་ཟླས་གསོད་པར་བྱེད་པར་ཅི་མི་སྙམ་ན། རང་ཉིད་ལ་མི་གཞན་གྱིས་ཕྱི་ཚུལ་ཙམ་གྱིས་བསྔགས་བརྗོད་ཅི་ཞིག་བྱས་རུང་། དེ་ནི་གནས་སྐབས་ཚིག་འབྲུ་ཁ་ཤས་ཀྱིས་བསྔགས་བརྗོད་བྱས་པ་ཙམ་ཡིན་སྟབས། དེ་འདྲའི་ཚིག་འབྲུ་རྣམས་ཀྱིས་ཁྱོད་ལ་ཅི་ཞིག་བྱར་ཡོད། མ་ཟད་རང་ཉིད་ཤི་བའི་དུས་ནའང་བསྔགས་བརྗོད་དེས་ཀོ་སུ་ལ་སྟེ་སུ་ཞིག་བདེ་བར་གནས། རྩ་བར། བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། ། གློ་བུར་བའི་རྐྱེན་ངན་ཞིག་གིས་བྱེ་མའི་གང་བུ་འདི་རྡིབ་པར་གྱུར་ན། ཆུ་རྩེད་ལ་རོལ་བཞིན་པའི་བྱིས་པ་ཆུང་ཆུང་རྣམས་ནི་ག་ཆད་ངུ་སྟེ་ཁོ་ཐག་ཆོད་ཆོད་བར་ངུ་བ་དང་། དེ་བཞིན་དུ་རང་ཉིད་ལ་བསྟོད་པ་དང་རང་གི་མཚན་སྙན་གྲགས་རྣམས་རྐྱེན་གཞན་ཞིག་གིས་རྦད་དེ་ཉམས་པར་བྱས་ན། དེའི་ཚེ་རང་གི་སེམས་ནི་གཞན་གྱིས་བསྟོད་ན་དགའ་བ་དང་། མ་བསྟོད་ན་མི་དགའ་བས་བྱིས་པ་མ་འབྱར་ཞིག་གི་སེམས་ནང་བཞིན་དུ་འགྱུར་རོ། ། 205 རྩ་བར། རེ་ཞིག་སྒྲ་ལ་སེམས་མེད་ཕྱིར། །བདག་ལ་བསྟོད་སེམས་ཡོང་མི་སྲིད། །བདག་ལ་གཞན་དགའ་ཞེས་གྲགས་པ། །དེ་ནི་དགའ་བའི་རྒྱུ་ཡིན་གྲང་། །གཞན་ནམ་ཡང་ན་བདག་ལའང་རུང་། །གཞན་དགའ་བདག་ལ་ཅི་ཞིག་ཕན། །དགའ་བདེ་དེ་ནི་དེ་ཉིད་ཀྱི། །བདག་གིས་དེ་ལ་ཤས་མི་འཐོབ། ། རེ་ཞིག་བསྟོད་པའི་ཚིག་གི་སྒྲ་དེ་ལ་སེམས་མེད་པའི་ཕྱིར། བདག་ལ་ཆེད་དུ་བསྟོད་པར་འདོད་པའི་སེམས་ཡོང་མི་སྲིད་སྟབས། དེ་ལ་དགའ་བར་བྱ་ག་ལ་རིགས། འོན་ཏེ་བདག་ལ་བསྟོད་པ་བྱེད་མཁན་གྱི་གང་ཟག་གཞན་དེ་བདག་ལ་དགའ་ཞེས་གྲགས་པའི་བསྟོད་པ་བྱེད་མཁན་གྱི་རྒྱུད་ཀྱི་དགའ་བདེ་དེ་ནི། བདག་ཉིད་དགའ་བའི་རྒྱུ་ཡིན་གྲང་སྟེ་རྒྱ་ཡིན་སྙམ་ན། སེམས་ཅན་གཞན་ནམ་ཡང་ན་བདག་ལའང་རུང་སྟེ། གང་ཟག་གཞན་རྒྱུད་ཀྱིས་བསྡུས་པའི་དགའ་བདེ་དེ་དང་དེས་བདག་ལ་ཅི་ཞིག་ཕན། གང་ཡིན་ཟེར་ན། གང་ཟག་གཞན་རྒྱུད་ཀྱིས་བསྡུས་པའི་དགའ་བདེ་དེ་དང་དེ་ནི་བསྟོད་པ་བྱེད་མཁན་དེཉིད་ཀྱི་སེམས་ཀྱི་མྱོང་ཚོར་ཙམ་ཡིན་སྟབས། བདག་གིས་གཞན་གྱི་རྒྱུད་ལ་ཡོད་པའི་དགའ་བདེ་དེ་དང་དེ་ལས་ཆ་ཤས་ཙམ་ཡང་མི་འཐོབ་བོ། ། རྩ་བར། དེ་བདེ་བ་ཡིས་བདག་བདེ་ན། །ཀུན་ལའང་དེ་བཞིན་བྱ་དགོས་ན། །ཅི་ལྟར་གཞན་ལ་དགའ་བ་ཡིས། །བདེ་བར་གྱུར་ན་བདག་མི་བདེ། ། གལ་ཏེ་ཕ་རོལ་པོའི་རྒྱུད་ལ་དགའ་བ་སྐྱེས་པའི་དགའ་བ་དེ་ལས་བདག་ལ་ཐོབ་རྒྱུ་གང་ཡང་མེད་ནའང་། གང་ཟག་གཞན་དེ་དང་དེའི་རྒྱུད་ལ་དགའ་བའི་བདེ་བ་སྐྱེས་པ་ཡིས་བདག་རང་ཉིད་ཀྱང་ཤིན་ཏུ་ནས་བདེ་བར་བྱེད་དོ་སྙམ་ན། དེ་ལྟར་ན། འགྲོ་བ་ཡོད་དོ་ཅོག་ཀུན་ལའང་དེ་བཞིན་དགའ་བར་བྱ་དགོས་ན་ཡང་། རྒྱུ་མཚན་ཅི་ལྟར་རང་གི་དགྲ་བོ་ལྟ་བུའི་གང་ཟག་གཞན་ལ་གཞན་ཞིག་གིས་དགའ་བ་ཡིས་བསྟོད་པ་བྱེད་པའི་ཚེ། བསྟོད་མཁན་གྱི་གང་ཟག་དེ་སེམས་གཏིང་ནས་དགའ་ཞིང་བདེ་བར་གྱུར་ན། བདག་དེར་འཁོན་སེམས་ཀྱིས་རྒྱ་མཚན་ཅིའི་ཕྱིར་མི་བདེ་བར་བྱེད། 206 རྩ་བར། དེ་བས་བདག་ནི་བསྟོད་དོ་ཞེས། །རང་གི་དགའ་བ་སྐྱེ་འགྱུར་བ། །དེ་ཡང་དེ་ལྟར་མི་འཐད་པས། །བྱིས་པའི་སྤྱོད་པ་ཁོ་ནར་ཟད། ། བསྟོད་པའི་སྒྲ་ལ་བསྟོད་པའི་སེམས་མེད་པ་དང་། བསྟོད་པ་པོའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་དེའི་ཆ་ཙམ་ཡང་བདག་གིས་སྤྱོད་པར་མི་ནུས་པ་དེ་ལྟ་བས་ན། གང་ཟག་གཞན་གྱིས་བདག་ནི་བསྟོད་དོ་ཞེས་རང་གི་རྒྱུད་ལ་དགའ་བ་སྐྱེ་བར་འགྱུར་བ་དེ་ཡང་དེ་ལྟར་དགའ་བར་མི་འཐད་པས། དེ་འཐད་ཕྱོགས་སུ་འཛིན་པ་ནི་ཅི་ཞིག་ལ་ཡང་རྨོངས་པའི་བྱིས་པའི་སྤྱོད་པ་ཁོ་ནར་ཟད་དོ། ། རྩ་བར། བསྟོད་སོགས་བདག་ནི་གཡེང་བར་བྱེད། །དེས་ནི་སྐྱོ་བའང་འཇིག་པར་བྱེད། །ཡོན་ཏན་ལྡན་ལ་ཕྲག་དོག་དང་། །ཕུན་སུམ་ཚོགས་པའང་འཇིག་པར་བྱེད། ། གཞན་གྱིས་དུས་རྒྱུན་དུ་བསྟོད་པ་དང་བསྙེན་བཀུར་སོགས་བྱས་སྟབས། བདག་གི་སླད་མེད་པའི་སེམས་ནི་དགེ་བའི་དམིགས་པ་ལས་གཞན་དུ་གཡེང་བར་བྱེད་བཞིན་པ་མ་ཟད། དེས་ནི་བདག་འཁོར་བ་ལ་སྐྱོ་ཤེས་སྐྱེས་ནས་དེ་ལས་ངེས་པར་འབྱུང་བའི་ངེས་འབྱུང་གི་བསམ་པའང་རྦད་དེ་འཇིག་པར་བྱེད། ད་དུང་རང་ཉིད་བསྟོད་པ་དང་བསྙེན་བཀུར་སོགས་ལ་ཆགས་པའི་དབང་གིས་ཡོན་ཏན་ལྡན་པའི་སྐྱེས་བུ་གཞན་ལ་མི་བཟོད་པའི་ཕྲག་དོག་དང་། གཞན་གྱི་བསྙེན་བཀུར་དང་བསྟོད་པ་ལ་སོགས་པའི་ཕུན་སུམ་ཚོགས་པའང་འཇིག་པར་བྱེད། རྩ་བར། དེ་ཕྱིར་བདག་གི་བསྟོད་སོགས་ནི། །གཞིག་ཕྱིར་གང་དག་ཉེར་གནས་པ། །དེ་དག་བདག་ནི་ངན་སོང་དུ། །ལྟུང་བ་བསྲུང་ཕྱིར་ཞུགས་མིན་ནམ། ། རྒྱུ་མཚན་དེའི་ཕྱིར་དུས་རྒྱུན་དུ་བསྟོད་པ་དང་མཚན་སྙན་གྲགས་འབའ་ཞིག་ལ་ཞེནཔ་ནི། ཉེས་ཚོགས་མ་ལུས་པ་འབྱུང་བའི་གཞི་རྩ་འབའ་ཞིག་ཡིན་སྟབས། བདག་གི་བསྟོད པ་དང་མཚན་སྙན་གྲགས་སོགས་ནི་གཞིག་ཕྱིར་ཏེ་མེད་པར་བཟོ་ཕྱིར་ཕྱོགས་ཐམས་ཅད་ 207 ནས་འབད་པའི་སེམས་ཅན་གང་དག་ཉེ་བར་གནས་པ་དེ་དག་ལ་ཞིབ་མོའི་བློས་བརྟགས་ན། བདག་ནི་ངན་སོང་གསུམ་དུ་ལྟུང་བ་ལས་བསྲུང་ཕྱིར་བསམ་བཞིན་ཞུགས་པ་མིན་ནམ། རྩ་བར། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། ། བདག་ནི་རྣམ་པར་གྲོལ་བའི་ལམ་དོན་དུ་གཉེར་མཁན་ཞིག་ཡིན་སྟབས། བདག་ལ་དེ་དང་འགལ་བའི་རྙེད་པ་དང་བཀུར་སྟིས་འཆིང་བར་བྱེད་མི་དགོས་ཤིང་། དེ་ལས་རྣམ་མཁྱེན་ཐོབ་པའི་རྒྱུ་བཟོད་པ་གསར་དུ་བསྒྲུབ་རྒྱུ་དང་། དེ་ཡང་བཟོད་པའི་ཉམས་ལེན་གོང་ནས་གོང་དུ་འཕེལ་བ་དེ་རང་གི་དགྲ་བོ་ལ་བརྟེན་ནས་ཡོང་བ་དང་། དགྲ་བོ་གང་དག་གིས་བདག་ཆོ་མེད་པའི་བསྙེན་བཀུར་དང་སྙན་གྲགས་སོགས་ཀྱིས་བཅིངས་པ་ལས་གྲོལ་བར་བྱེད་པས། དགྲ་བོ་དེ་ལ་བདག་ནི་ཇི་ལྟར་ཁྲོ། རྩ་བར། བདག་ནི་སྡུག་བསྔལ་འཇུག་འདོད་ལ། །སངས་རྒྱས་ཀྱིས་ནི་བྱིན་བརླབས་བཞིན། །མི་གཏོང་སྒོ་འཕར་ཉིད་གྱུར་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། ། དེ་བས་བདག་ནི་ཤིན་ཏུ་ལྕི་བའི་སྡུག་བསྔལ་གྱི་གནས་རྣམས་སུ་བསམ་བཞིན་འཇུག་པར་འདོད་པ་ལ། དེ་ལ་སངས་རྒྱས་ཀྱིས་ནི་བྱིན་གྱིས་བརླབས་པ་བཞིན་དུ་སྡུག་བསྔལ་གྱི་གནས་དེ་ལ་མི་གཏོང་བའི་སྒོ་འཕར་ཉིད་དུ་གྱུར་པ་དེའི་བཀའ་དྲིན་དྲན་དགོས་པ་ལས། དེ་ལ་བདག་ནི་ཇི་ལྟར་ཁྲོ། རྩ་བར། འདི་ནི་བསོད་ནམས་གེགས་བྱེད་ཅེས། །དེ་ལའང་ཁྲོ་བར་རིགས་མིན་ཏེ། །བཟོད་མཚུངས་དཀའ་ཐུབ་ཡོད་མིན་ན། །དེ་ལ་བདག་ནི་མི་གནས་སམ། ། དགྲ་བོ་འདི་དང་འདི་ཡིས་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་གསོག་པའི་གེགས་བྱེད་ཀྱི་འདུག་ཅེས་བསམས་ནས་དངོས་ཤུགས་བརྒྱུད་གསུམ་ནས་རང་གི་དགྲ་བོ་དེ་ལའང་གཏན་ནས་ཁྲོ་བར་རིགས་པ་མིན་ཏེ། ཁྲོ་བ་ནི་ཆོས་དང་རྒྱབ་འགལ་ཡིན་པས་སོ། ། 208 དེ་བས་དགྲ་བོ་དེར་བཟོད་སྒོམ་བྱས་ན། བཟོད་པ་དང་མཚུངས་པའི་དཀའ་ཐུབ་ཁྱད་པར་ཅན་ཞིག་ཡོད་པ་མིན་པས་ན། དེ་ལ་བདག་ནི་ཅིའི་ཕྱིར་འབད་པས་མི་གནས་སམ། རྩ་བར། གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པ། །འདི་ལ་བདག་གེགས་བྱེད་པར་ཟད། ། གལ་ཏེ་བདག་ནི་རང་གི་སྐྱོན་ངན་གྱིས་འདི་ལ་བཟོད་པར་མི་བྱེད་ན། བཟོད་པའི་བསོད་ནམས་རླབས་ཆེན་པོ་ཞིག་གསོག་པའི་རྒྱུ་ནི་ཉེ་བར་གནས་པ་འདི་ལ་བདག་གིས་གེགས་བྱེད་པར་ཟད་དོ། ། རྩ་བར། གང་ཞིག་གང་མེད་མི་འབྱུང་ལ། །གང་ཞིག་ཡོད་ན་ཡོད་འགྱུར་བ། །དེ་ཉིད་དེ་ཡི་རྒྱུ་ཡིན་ན། ཇི་ལྟར་དེ་ལ་གེགས་ཞེས་བྱ། ། བཟོད་པ་གང་ཞིག་དགྲ་སོགས་གནོད་བྱེད་གང་ཡང་མེད་ན་མི་འབྱུང་ལ། འདིར་ཡང་འབྲས་བུ་བཟོད་པ་དེ་རྒྱུ་དགྲ་ལ་དམིགས་ཤིང་། ངེས་པར་དུ་དགྲ་འབའ་ཞིག་ལ་བརྟེན་ནས་སྐྱེ་དགོས་སྟབས། དགྲ་དེ་བཟོད་པ་སྐྱེ་བར་བྱེད་པའི་རྒྱུ་ལྟ་བུ་ཡིན། དེ་ལྟ་བུའི་རྒྱུ་དགྲ་བོ་གང་ཞིག་ཡོད་ན་བཟོད་པ་དེ་ཡོད་པར་འགྱུར་དུ་རུང་བ་དེའི་ཕྱིར། རང་གི་དགྲ་བོ་དེ་ཉིད་དགྲ་བོ་དེ་ལ་བརྟེན་ནས་སྐྱེས་པའི་བཟོད་པ་དེ་ཡི་རྒྱུ་ཡིན་པར་ངེས་པ་དེ་ལྟར་ན། ཇི་ལྟར་དགྲ་བོ་དེ་ལ་བསོད་ནམས་གསོག་པའི་གེགས་ཞེས་བྱ། རྩ་བར། དུས་སུ་ཕྱིན་པའི་སློང་མོ་བས། །སྦྱིན་པའི་གེགས་བྱས་ཡོད་མ་ཡིན། །རབ་ཏུ་འབྱིན་པར་བྱེད་གྱུར་པ། །རབ་བྱུང་གེགས་ཞེས་བྱར་མི་རུང་། ། དུས་སུ་ཕྱིན་པ་སྟེ་དུས་ཚོད་རན་པོར་ཕྱིན་པའི་སློང་མོ་པ་དེ་དག་གིས་རང་གི་སྦྱིན་པའི་ཉམས་ལེན་གྱི་གེགས་བྱས་པ་དེ་འདྲ་ནམ་ཡང་ཡོད་པ་མ་ཡིན་ལ། དེ་བཞིན་དུ་རབ་ཏུ་འབྱིན་པར་བྱེད་པར་གྱུར་པའི་མཁན་པོ་ལྟ་བུ་དེ་རབ་བྱུང་གི་གེགས་ཞེས་བྱར་ག་ལ་རུང་སྟེ་མི་རུང་ངོ་། ། 209 རྩ་བར། འཇིག་རྟེན་ན་ནི་སློང་བ་མོད། །གནོད་པར་བྱེད་པ་དཀོན་པ་སྟེ། །འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པ་མི་བྱེད་དོ། ། འཇིག་རྟེན་འདི་ན་ནི་སློང་མོ་པའི་འཚོ་བ་གཉེར་མཁན་ཤིན་ཏུ་མོད་སྟབས། སྦྱིན་པའི་ཉམས་ལེན་བྱེད་རྒྱུ་ལས་སླ་བ་ལྟ་བུ་ཡོད་ཀྱང་། དོན་མེད་དུ་གནོད་པར་བྱེད་པའི་ལས་རྩོམ་མཁན་ཤིན་ཏུ་དཀོན་པ་སྟེ། འདི་ལྟར་རང་གིས་ཕར་གནོད་པའི་ལས་མ་བྱས་ན། སེམས་ཅན་འགའ་ཡང་ཚུར་རང་ཤུགས་ཀྱིས་བདག་ལ་གནོད་པ་མི་བྱེད་དོ། །དེར་བརྟེན་འཇིག་རྟེན་འདི་ནས་བཟོད་པ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དེ། སྦྱིན་པ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དང་བསྡུར་ན་ཤིན་ཏུ་དཀོན་སྟབས་གོ་སྐབས་མ་ཤོར་བ་དགོས། རྩ་བར། དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། ། རྒྱུ་མཚན་དེ་བས་ན། ཤིན་ཏུ་ངལ་བས་མ་བསྒྲུབས་པའི་དབུལ་བོའི་ཁྱིམ་དུ་མི་ཟད་པའི་གཏེར་ནི་བྱུང་བ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་བཟོད་པའི་ཉམས་ལེན་གྱི་གྲོགས་སམ་བཟོད་པའི་ཉམས་ལེན་གྱི་རྟེན་དེ། དགྲ་བོ་འབའ་ཞིག་ཏུ་གྱུར་པས། བདག་གིས་བཟོད་པའི་ཉམས་ལེན་གྱི་རྟེན་འབའ་ཞིག་ཏུ་གྱུར་པའི་དགྲ་བོ་འདི་ལ་སེམས་གཏིང་ནས་དགའ་བར་བྱར་རིགས་པ་ལས། ནམ་ཡང་མི་དགའ་བའི་རྣམ་འགྱུར་སྟོན་ག་ལ་རུང་། རྩ་བར། འདི་དང་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་བུ་ནི། །འདི་ལ་ཐོག་མར་བདར་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། ། རང་གི་དགྲ་ཟླར་ལངས་པའི་སེམས་ཅན་འདི་དང་བདག་ཟུང་གིས་རླབས་ཆེ་བའི་བཟོད་པ་དེ་བསྒྲུབས་པས་ན། བཟོད་པའི་ཉམས་ལེན་ལ་བརྟེན་ནས་བྱུང་བའི་བསོད་ནམས་དེ་ངེད་གཉིས་ཐན་མོང་ལ་དབང་བ་ཞིག་ཡིན། དེ་ཡང་གསལ་བོར་བཤད་ན། 210 བཟོད་པ་ངས་བསྒོམས་ནའང་བཟོད་པའི་རྐྱེན་དེ་ཕ་རོལ་པོས་བྱས་པ་ཡིན། རྒྱུ་མཚན་དེའི་ཕྱིར་བཟོད་པ་བསྒོམས་པ་ལ་བརྟེན་ནས་བྱུང་བའི་འབྲས་བུ་དེ་ནི། བཟོད་པ་སྒོམ་པའི་གྲོགས་སུ་གྱུར་པའི་དགྲ་བོ་འདི་ལ་ཐོག་མར་བདར་བ་སྟེ་བསྒྲིགས་ནས་བསྔོ་འོས་ཏེ། འདི་ལྟར་དགྲ་བོ་དེ་ནི་བདག་གི་རྒྱུད་ལ་བཟོད་པའི་བསོད་ནམས་དཔག་ཏུ་མེད་པ་འབྱུང་བའི་རྒྱུ་སྟོབས་དང་ལྡན་པ་འབའ་ཞིག་གོ ། རྩ་བར། གལ་ཏེ་བཟོད་བསྒྲུབ་བསམ་མེད་པས། །དགྲ་འདི་མཆོད་བྱ་མིན་ཞེ་ན། །འགྲུབ་པ་ཡི་ནི་རྒྱུར་རུང་བ། །དམ་པའི་ཆོས་ཀྱང་ཅི་སྟེ་མཆོད། ། དྭོགས་སློང་དང་རྩོད་སློང་གི་ཚུལ་དུ། དཔེར་ན། གལ་ཏེ་རང་གི་དགྲ་ཟླར་གྱུར་པའི་སེམས་ཅན་འདིས་བདག་གི་བཟོད་པའི་ཉམས་ལེན་གོང་འཕེལ་དུ་བསྒྲུབ་དགོས་སྙམ་པའི་ཐོག་ནས་བདག་ལ་བསམ་བཞིན་གནོད་པ་བྱས་པ་ཞིག་ཡིན་ན་ཆོག་པ་ལ། དགྲ་དེར་དེ་ལྟའི་བསམ་པ་གཏན་ནས་མེད་པས། དགྲ་འདི་མཆོད་པར་བྱ་འོས་པའི་གནས་མིན་ནོ་ཞེ་ན། འོ་ན། ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་འགྲུབ་པ་ཡི་ནི་རྒྱུར་རུང་བ་དམ་པའི་ཆོས་འགོག་བདེན་ཀྱང་ཅི་སྟེ་མཆོད། མཆོད་པར་བྱ་བའི་འོས་སུ་མི་ཆེ་སྟེ། དེར་ཡང་ཀུན་སློང་དེ་འདྲ་གང་ཡང་མེད་པས་སོ། ། རྩ་བར། གལ་ཏེ་དགྲ་འདི་གནོད་བྱ་བའི། །བསམ་ཡོད་མཆོད་བྱ་མིན་ཞེ་ན། །སྨན་པ་བཞིན་དུ་ཕན་བརྩོན་ན། །བདག་གིས་བཟོད་པ་ཇི་ལྟར་འགྲུབ། ། འོན་ཏེ་དམ་པའི་ཆོས་ལ་ཕན་སེམས་མེད་ནའང་། དེར་གནོད་སེམས་ཀྱང་མེད་ལ། དགྲ་དེར་གནོད་སེམས་ཡོད་པས་མི་མཚུངས་སོ་ཞེ་ན། གལ་ཏེ་དགྲ་འདི་ལ་གོང་དུ་བཤད་བཞིན་པའི་བསམ་པ་འདི་མེད་ན་ཆོག་པ་ལ། དགྲ་འདི་ལ་བདག་དང་གཞན་ལ་གནོད་པར་བྱ་བའི་བསམ་པ་ཤུགས་ཆེན་པོ་ཡོད་སྟབས། ནམ་ཡང་མཆོད་པར་བྱ་བའི་འོས་མིན་ནོ་ཞེ་ན། གལ་ཏེ་རང་གི་དགྲ་བོ་དེ་རང་ལ་སྨན་པ་བཞིན་དུ་ཕན་པ་ཞིག་བྱུང་ན་སྙམ་པའི་ 211 བསམ་པ་ལ་བརྩོན་མཁན་ཞིག་ཡིན་ན། བདག་གིས་དགྲ་དེ་ལ་བརྟེན་ནས་བཟོད་པའི་ཡོན་ཏན་གོང་འཕེལ་དུ་ཇི་ལྟར་འགྲུབ་པར་བྱེད་ཐུབ་བམ། རྩ་བར། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། ། རྒྱུ་མཚན་དེ་བས་ན། རབ་ཏུ་སྡང་སེམས་དང་ལྡན་པའི་དགྲ་བོ་དེ་ཁོ་ན་ལ་བརྟེན་ནས་རང་རྒྱུད་ལ་བཟོད་པ་སྐྱེ་བས་ན། དགྲ་བོ་དེ་ཉིད་རང་རྒྱུད་ལ་བཟོད་པ་སྐྱེ་བའི་རྒྱུ མཆོག་ཏུ་གྱུར་པ་ཞིག་ཡིན་པས། དམ་པའི་ཆོས་བཞིན་དུ་སེམས་རྩེ་གཅིག་པས་མཆོད་པར་བྱ་འོས་སོ། ། རྩ་བར། དེ་ཕྱིར་སེམས་ཅན་ཞིང་དང་ནི། །རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས། །འདི་དག་མགུ་བྱས་མང་པོ་ཞིག ། འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན། ། གོང་དུ་དྲངས་མ་ཐག་པའི་རྒྱུ་མཚན་དེའི་ཕྱིར། མ་དག་པའི་སེམས་ཅན་གྱི་ཞིང་དང་ནི། རྒྱལ་བའི་ཞིང་གཉིས་ཀ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་འགྲུབ་པར་བྱེད་པའི་ཞིང་ཡིན་ཞེས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ཆོས་ཡང་དག་པར་སྡུད་པའི་མདོ་ལ་སོགས་པའི་མདོ་སྡེ་དུ་མར་གསུངས་སྟབས། སེམས་ཅན་འདི་དག་གཙིགས་སུ་བཟུང་ནས་མགུ་བར་བྱས་པའི་སྔོན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས། འདི་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདི་ཐོབ་ཐུབ་པ་བྱུང་ངོ་། ། རྩ་བར། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། ། ཇོ་བོ་སེམས་ཅན་རྣམས་དང་། རྒྱལ་བ་སངས་རྒྱས་གཉིས་གང་ལ་བརྟེན་པར་བྱས་ཀྱང་། དེ་ལས་རང་རྒྱུད་ལ་འབྲས་བུ་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་སོགས་འགྲུབ་ 212 མིན་གཅིག་ཏུ་འདྲ་བ་གང་ཞིག་ལ། རྒྱལ་བ་སངས་རྒྱས་རྣམས་ལ་སྤྱི་བོས་བཏུད་ནས་གུས་པར་བྱེད་པ་དང་། ཇོ་བོ་སེམས་ཅན་རྣམས་ལ་དམན་པར་བལྟ་བ་འདི་མི་རུང་། རྒྱལ་བ་སངས་རྒྱས་ལ་གུས་བཏུད་བྱེད་པ་དེ་བཞིན་དུ། ཇོ་བོ་སེམས་ཅན་རྣམས་ལ་མིན་པ་དེ་ཅི་ཡི་ཚུལ་ལུགས་ཡིན། རྩ་བར། བསམ་པའི་ཡོན་ཏན་རང་གིས་མིན། །འབྲས་བུ་ལས་ཡིན་དེས་མཚུངས་པར། །སེམས་ཅན་རྣམས་ལའང་ཡོན་ཏན་ཡོད། །དེ་ཕྱིར་དེ་དག་མཉམ་པ་ཡིན། ། སེམས་ཅན་དང་རྒྱལ་བ་སངས་རྒྱས་གཉིས་ཀ་ཞིང་གཅིག་པར་བཤད་ན། དེ གཉིས་ཀྱི་ཡོན་ཏན་ཆེ་ཆུང་ཡང་མཉམ་པར་ཐལ་ཞེས་རྩོད་ཉེན་ཆེ་སྟབས། དེ་གཉིས་ཀྱི་བསམ་པའི་ཡོན་ཏན་གྱི་ཐོག་ནས་བསྡུར་ཚེ་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་ལྟ་བུའི་གཞི་འཛིན་སའི་ཡོན་ཏན་ཁྱད་པར་ཅན་གང་ཡང་མེད་སྟབས། ཡོན་ཏན་དེ་དག་རང་གིས་སེམས་ཅན་དང་སངས་རྒྱས་གཉིས་མཉམ་པར་བཤད་པ་མིན་ཡང་། དེ་གཉིས་ཀ་ལ་བརྟེན་ནས་འབྲས་བུ་རྣམ་མཁྱེན་འགྲུབ་པའི་རྟེན་གྱི་ཆ་ལས་ཡིན་ཏེ། སངས་རྒྱས་དེས་སེམས་ཅན་ལ་ཕན་ཐོགས་པ་དེ་དང་མཚུངས་པར་སེམས་ཅན་རྣམས་ལའང་བདག་གཞན་རྣམས་བྱང་ཆུབ་ཐོབ་པར་ཕན་ཐོགས་པའི་ཡོན་ཏན་དེ་འདྲ་ཡོད་པ་ཡིན། རྒྱུ་མཚན་དེའི་ཕྱིར་ཇོ་བོ་སེམས་ཅན་དང་སངས་རྒྱས་དེ་དག་མཉམ་པར་བཞག་པ་ཡིན། རྩ་བར། བྱམས་སེམས་ལྡན་ལ་མཆོད་པ་གང་། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དད་པས་བསོད་ནམས་གང་། །དེ་ཡང་སངས་རྒྱས་ཆེ་བ་ཉིད། །སངས་རྒྱས་ཆོས་འགྲུབ་ཆ་ཡོད་པ། །དེས་ན་དེ་དག་མཉམ་པར་འདོད། ། བྱམས་པའི་ཏིང་ངེ་འཛིན་གྱི་སེམས་དང་ལྡན་པ་རྣམས་ལ་མཆོད་པ་ལ་བསོད་ནམས་དཔག་ཏུ་མེད་པ་བཤད་པ་གང་དེ་ནི་བྱམས་སེམས་སྒོམ་པའི་ཡུལ་སེམས་ཅན་གྱི་ཆེ་བ་ཉིད་ཡིན་ཏེ། གང་ཟག་དེ་བསམ་གཏན་བཞི་པའི་ངོ་བོར་གྱུར་པའི་བྱམས་པའི་ཏིང་ངེ་ 213 འཛིན་ལ་གནས་ཐུབ་པ་དེ་ནི། བྱམས་པས་སེམས་སེམས་ཅན་ལ་དམིགས་པས་ཡིན། སངས་རྒྱས་ལ་དད་པ་བསྒོམས་པས་བསོད་ནམས་འཕེལ་བ་དེ་གང་། དེ་ཡང་སངས་རྒྱས་ཀྱི་ཆེ་བ་ཉིད་དོ། །མདོར་བསྡུས་ནས་བཤད་ན། སངས་རྒྱས་ཀྱི་ཆོས་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་འགྲུབ་པར་བྱེད་པའི་ཆ་གཅིག་སེམས་ཅན་ལ་ཡོད་པ་དེས་ན། སངས་རྒྱས་དང་སེམས་ཅན་དེ་དག་མཉམ་པར་འདོད། རྩ་བར། ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི། །སངས་རྒྱས་རྣམས་དང་འགའ་མི་མཉམ། །ཡོན་ཏན་མཆོག་ཚོགས་གཅིག་པུ་ཡི། །ཡོན་ཏན་ཤས་ཙམ་འགའ་ཞིག་ལ། །སྣང་ན་དེ་ལ་མཆོད་དོན་དུ། །ཁམས་གསུམ་ཕུལ་ཡང་ཆུང་བར་འགྱུར། ། ཡོན་ཏན་གྱི་ངོས་ནས་བཤད་ན། ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱ་མཚོ་ལྟར་མཐའ་ཡས་པའི་སངས་རྒྱས་རྣམས་དང་། སེམས་ཅན་འགའ་ཡང་ཡོན་ཏན་གྱི་ཆ་ནས་དོ་གཏན་ནས་མི་མཉམ་མོ། །གང་ཡིན་ཟེར་ན། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་མཆོག་གི་ཚོགས་ཐམས་ཅད་མངའ་བ་དེ་སངས་རྒྱས་གཅིག་པུ་ཡིན། འོན་ཀྱང་དེ་ཡི་ཡོན་ཏན་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་སེམས་ཅན་འགའ་ཞིག་ལ་སྣང་བ་མཐོང་བས་ན། དེ་ཙམ་ཞིག་ལའང་མཆོད་པའི་དོན་དུ། ཁམས་གསུམ་གྱི་གནས་སོ་སོར་ཡོད་པའི་རིན་པོ་ཆེ་མ་ལུས་པར་ཕུལ་ཡང་ད་དུང་ཆུང་བར་འགྱུར་རོ། ། རྩ་བར། སངས་རྒྱས་ཆོས་མཆོག་སྐྱེ་བའི་ཤས། །སེམས་ཅན་རྣམས་ལའང་ཡོད་པས་ན། །འདི་ཙམ་དག་གིས་ཆ་བསྟུན་ནས། །སེམས་ཅན་མཆོད་བྱར་རིགས་པར་འགྱུར། ། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཀྱི་མཆོག་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སྐྱེ་བའི་རྒྱུའི་ཆ་ཤས་འགའ་ཙམ་ཞིག་སེམས་ཅན་དཀྱུས་མ་རྣམས་ལའང་ཡོད་པས་ན། འདི་ཙམ་དག་གིས་ཀྱང་ཡོན་ཏན་གྱི་ཆ་ཤས་དེ་ཚོར་བསྟུན་པར་བྱས་ནས་སེམས་ཅན་རྣམས་མཆོད་བྱར་རིགས་པར་འགྱུར་རོ། ། 214 རྩ་བར། གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པ། །གཞན་གང་ཞིག་གིས་ལན་ལོན་འགྱུར། ། རྒྱུ་མཚན་གཞན་ཡང་། སེམས་ཅན་སུ་ཞིག་ལའང་གཡོ་བ་མེད་པའི་གཉེན་གྱི་མཆོག་ཏུ་གྱུར་ཅིང་། ཞེ་ཐག་པ་ནས་ཕན་པ་དཔག་མེད་མཛད་པའི་སངས་རྒྱས་རྣམས་ནི་ཆེས་ཤིན་ཏུ་ནས་དྲིན་ཆེན་པོ་ཡིན། སངས་རྒྱས་དེ་དག་རྣམས་ལ་དེ་ལྟ་བུའི་དྲིན་དེ་གཞལ་ཐབས་སུ། གཅིག་ཡིན་ན་སེམས་ཅན་ལ་ཕན་པ་དང་། གཉིས་སུ་ན་སེམས་ཅན་རྣམས་མགུ་བར་བྱ་ན་མ་གཏོགས་པ་གཞན་གང་ཞིག་གིས་ཀྱང་སངས་རྒྱས་རྣམས་ཀྱི་དྲིན་ལན་ལོན་པར་འགྱུར་རོ། ། རྩ་བར། གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ། །དེ་ལ་ཕན་བཏགས་ལན་ལོན་འགྱུར་བས་ན། །དེ་བས་འདི་དག་གནོད་ཆེན་བྱེད་ན་ཡང་། །ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པར་བྱ། ། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ་ཇི་ཙམ་དུ་ཕན་འདོགས་པར་མཛད་དམ་ཞེ་ན། ཆེད་དུ་བྱ་བ་སེམས་ཅན་གང་དང་གང་ལ་བདེ་དགའ་འབའ་ཞིག་བསྐྱེད་པའི་ཕྱིར་དུ་རང་གིས་རང་ཉིད་ཀྱི་ཡན་ལག་གཅོད་བྲེག་དང་། ཐ་ན་སྐུ་སྲོག་སོགས་ཀྱང་གཏོང་བ་མ་ཟད། སེམས་ཅན་དེ་དག་གི་ཆེད་དུ་ཤིན་ཏུ་སྡུག་བསྔལ་བའི་གནས་དམྱལ་བ་མནར་མེད་ཀྱི་མེ་ནང་དུའང་སྤྲོ་སེམས་ཀྱིས་འཇུག་པར་བྱེད་ལ། ཁྱེད་ཅག་གིས་དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དང་དེ་དག་ལ་དྲིན་གཟོའི་ལས་གཉེར་བར་འདོད་ན། རང་རང་སོ་སོས་སེམས་ཅན་དཔག་ཏུ་མེད་པར་ཕན་བཏགས་པས། དེ་དག་གི་དྲིན་ལན་ལོན་པར་འགྱུར་བས་ན། དེ་བས་ན་སེམས་ཅན་མ་རུང་བ་འདི་དག་གིས་བདག་ལ་ཡང་ནས་ཡང་དུ་གནོད་པའི་ལས་ཚབས་ཆེན་པོ་དེ་འདྲ་བྱེད་པའི་དབང་དུ་བཏང་ན་ཡང་། གནོད་པའི་ལན་དུ་གནོད་པའི་ལས་མི་གཉེར་བ་ཙམ་དུ་མ་ཟད། སེམས་ཅན་དེ་དག་གིས་ 215 རང་ལ་གནོད་པ་ཅི་བྱས་ཐམས་ཅད་བཟང་དགུ་འབའ་ཞིག་ཏུ་བསྒོམས་ནས་དང་དུ་བླངས་ཏེ་ཤིན་ཏུ་རླབས་ཆེ་བའི་བཟོད་པའི་དཀའ་ཐུབ་ཀྱི་དཔལ་ལ་ལོངས་སུ་སྤྱད་པར་བྱའོ། ། རྩ་བར། རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི། །གང་ཕྱིར་རང་གི་སྐུ་ལའ མི་གཟིགས་པ། །དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན། །ང་རྒྱལ་བྱ་ཞིང་བྲན་གྱི་དངོས་མི་བྱ། ། རེ་ཞིག་བདག་གི་རྗེ་བོར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཉིད་ཀྱིས་ཀྱང་ནི། སེམས་ཅན་གང་དང་གང་ལ་ཕན་པ་དང་བདེ་བ་འབྱུང་བའི་ཕྱིར་དུ་རང་གི་སྐུ་སྲོག་ལའང་མི་གཟིགས་པར་ཐུགས་བརྩེས་སྐྱོང་བར་བྱེད་ན། སངས་རྒྱས་སྲས་དང་བཅས་པས་རྩ་ཆེན་དུ་བརྩི་བའི་སེམས་ཅན་དེ་དག་ལ་རྨོངས་པ་བདག་གིས་ཇི་ལྟར་ན་ང་རྒྱལ་མི་བྱ་ཞིང་། མ་ཟད་བདག་སེམས་ཅན་དེ་དག་གི་བྲན་གྱི་དངོས་པོར་ཅིའི་ཕྱིར་མི་བྱ། རྩ་བར། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། ། སེམས་ཅན་གང་དག་བདེ་བས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དགྱེས་པར་འགྱུར་ཞིང་། སེམས་ཅན་གང་དག་ལ་གནོད་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་དགྱེས་པར་འབྱུང་བར་འགྱུར་བ་ཡིན། དོན་དུ་སེམས་ཅན་དེ་དག་དགའ་བས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀུན་ཤིན་ཏུ་དགྱེས་ཤིང་། སེམས་ཅན་དེ་རྣམས་ལ་གནོད་པ་བྱས་པས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གནོད་པ་བྱས་པ་དང་མཚུངས་སྟབས། ཐུབ་པ་སངས་རྒྱས་བཅོམ་ལྡན་རྣམས་ལ་གུས་པ་ཡོད་པ་དང་། བཀུར་སྟི་བྱེད་མཁན་ཞིག་ཡིན་ན། སེམས་ཅན་རྣམས་ལའང་གུས་པ་དང་བཀུར་སྟི་བྱེད་དགོས་སོ། ། 216 རྩ་བར། ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། ། ཇི་ལྟར་ལུས་དང་མགོ་ལ་སོགས་པར་ཀུན་ནས་མེ་འབར་བའི་གནས་སྐབས་སུ། ཟས་གོས་གནས་མལ་ལ་སོགས་པའི་འདོད་པའི་དངོས་པོ་ཇི་སྙེད་ཅིག་སྦྱིན་ནའང་དེ་ཀུན་གྱིས་ཡིད་བདེ་བར་མི་འགྱུར་བ་དེ་བཞིན་དུ། རྒྱུ་རྐྱེན་གང་ཞིག་དང་འཕྲད་མིན་ལ་མ་ལྟོས་པར་སེམས་ཅན་རྣམས་ལ་གནོད་པ་ཆེན་པོས་སྡུག་བསྔལ་བ་བྱས་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བར་འདོད་ན་ཡང་། རྒྱལ་བ་ཐུགས་རྗེ་ཆེན་པོ་རྣམས་ཐུགས་དགྱེས་པའི་ཐབས་རྩ་བ་ནས་མེད་དོ། ། རྩ་བར། དེ་བས་བདག་གིས་འགྲོ་ལ་གནོད་བྱས་པས། །ཐུགས་རྗེ་ཆེ་ཀུན་མི་དགྱེས་གྱུར་པ་གང་། །སྡིག་དེ་དེ་རིང་སོ་སོར་བཤགས་བགྱི་ཡིས། །མི་དགྱེས་གང་ལགས་དེ་ཐུབ་བཟོད་པར་གསོལ། ། དེ་བས་ན། བདག་གིས་སྔར་ཕན་ཆད་འགྲོ་བ་རྣམས་ལ་གནོད་པ་ཚབས་ཆེན་པོ་ཡང་ནས་ཡང་དུ་བྱས་པས། ཐུགས་རྗེ་ཆེན་པོ་མངའ་བའི་རྒྱལ་བ་ཀུན་ཤིན་ཏུ་ནས་མི་དགྱེས་པར་འགྱུར་བ་གང་ཡིན་པའི་སྡིག་པ་དེ་དག་ཀུན། དེ་རིང་ནས་བཟུང་སྟེ་གཉེན་པོ་སྒོམ་སྟོབས་ལ་བརྟེན་ནས་སོ་སོར་བཤགས་པར་བགྱི་ཡིས། འདས་པའི་ནང་བདག་གིས་ཁྱེད་ཅག་གི་ཐུགས་མི་དགྱེས་པའི་སྡིག་པ་བྱས་པ་གང་ལགས་པ་དེ་དག་ཀུན་ལ་ཐུབ་པ་སྲས་དང་བཅས་པས་བཟོད་པར་མཛད་དུ་གསོལ། རྩ་བར། དེ་བཞིན་གཤེགས་རྣམས་དགྱེས་པར་བགྱི་སླད་དུ། །དེང་ནས་ངེས་བཏུལ་འཇིག་རྟེན་བྲན་དུ་མཆི། །འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ། །འགུམས་ཀྱང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛད། ། 217 དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་དགྱེས་པར་བགྱི་སླད་དུ། བདག་གིས་དེང་ནས་བཟུང་སྟེ་སེམས་ཅན་གཞན་ལ་ཁྲོ་བ་དང་ཁེངས་སེམས་སོགས་ངེས་པར་དུ་བཏུལ་ཏེ་སེམས་ཅན་རྣམས་ཤིན་ཏུ་མགུ་བར་བྱེད་པའི་ལས་ལ་ཞུགས་ནས་འཇིག་རྟེན་གྱི་བྲན་དུ་མཆི་རྒྱུའི་དམ་བཅའ་བཞག་པ་ཡིན། དེར་བརྟེན་ད་ནས་བཟུང་སྟེ་འགྲོ་མང་རྐང་པའི་རྡོག་པས་བདག་གི་སྤྱི་བོར་འཚོག་གམ་བརྡེག་པ་དང་། རང་གི་སྲོག་འགུམས་པར་བྱས་ཀྱང་། དེ་དག་ལ་གནོད་ལན་གནོད་ཀྱིས་མི་བསྡོ་བའི་སྒོ་ནས་འཇིག་རྟེན་པ་ཚོའི་སྐྱབས་དང་མགོན་རྣམས་ཐུགས་དགྱེས་པར་བྱེད་དོ། ། རྩ་བར། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས། །བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ཉིད། །མགོན་དེ་བདག་ཉིད་ཅི་ཕྱིར་གུས་མི་བྱེད། ། ཉམ་ཐག་པའི་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་འདི་དག་ཀུན་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སངས་རྒྱས་དེ་དང་དེས་སྔོན་སློབ་པ་ལམ་གྱི་གནས་སྐབས་ནས་བཟུང་སྟེ་བྱང་ཆུབ་ཀྱི་སེམས་ལ་གོམས་པར་མཛད་པའི་དབང་གིས་བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད། རྒྱུ་མཚན་དེས་ན། ད་ལྟ་སེམས་ཅན་དཀྱུས་མའི་ངོ་བོར་མཐོང་བ་འདི་དག་ཉིད་ལ་གུས་པར་བྱས་ན། སངས་རྒྱས་ཀྱི་ཆོས་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ལེགས་པར་འགྲུབ་ཐུབ་སྟབས། བདག་གི་མགོན་ལྟ་བུར་གྱུར་པ་དེ་དག་ལ་བདག་ཉིད་ཅི་ཕྱིར་གུས་མི་བྱེད། རྩ་བར། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་ལྟས་བདག་གིས་རྟག་ཏུ་འདི་ཉིད་བྱ། ། མཐའ་གཅིག་ཏུ་ཁོང་ཁྲོའི་གཉེན་པོར་བཟོད་པ་སྒོམ་པ་འདི་ཉིད་ནི། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་ 218 ཐེ་ཚོམ་ག་ལ་དགོས། རང་གི་མཐར་ཐུག་གི་ཐོབ་བྱའི་དོན་ཡང་དག་པའི་སངས་རྒྱས་ཀྱིགོ་འཕང་སྒྲུབ་པར་བྱེད་པའང་བཟོད་པ་སྒོམ་པའི་འབྲས་བུ་འདི་ཉིད་དོ། །ལྷག་པར་དུ་འཇིག་རྟེན་ཁམས་ཀྱི་སྡུག་བསྔལ་ཆེ་ཤོས་དང་མང་ཤོས་ཤིག་ཁོང་ཁྲོའི་ཉེས་དམིགས་ལ་བརྟེན་ནས་བྱུང་སྟབས། ཁོང་ཁྲོའི་ཉེས་དམིགས་སེལ་བའང་འདི་ཉིད་དོ། རྒྱུ་མཚན་དེ་ལྟ་བས་ན། བདག་གིས་དུས་རྟག་ཏུ་བཟོད་པ་སྒོམ་པའི་ལས་འདི་ཉིད་ལ་བརྩོན་པར་བྱའོ། ། རྩ་བར། དཔེར་ན་རྒྱལ་པོའི་མི་འགའ་ཞིག ། སྐྱེ་བོ་མང་ལ་གནོད་བྱེད་ཀྱང་། །སྐྱེ་བོ་མིག་རྒྱང་རིང་བོ་དག ། ནུས་ཀྱང་ཕྱིར་གནོད་མི་བྱེད་དེ། །འདི་ལྟར་དེ་གཅིག་མ་ཡིན་གྱི། །རྒྱལ་པོའི་མཐུ་སྟོབས་དེ་ཡི་དཔུང་། ། དཔེར་ན། རྒྱལ་པོའི་མདུན་བློན་སོགས་མི་འགའ་ཞིག་གིས། རྒྱུན་དུ་སྐྱེ་བོ་མང་ལ་གནོད་པའི་ལས་ཚབས་ཆེན་བྱེད་ཀྱི་ཡོད་ཀྱང་། སྐྱེ་བོ་མིག་རྒྱང་ཧ་ཅང་རིང་པོ་དག་གིས་དེར་ཐད་ཀར་རྒོལ་ལན་སྤྲོད་ནུས་ཀྱང་། དེ་ལ་ཕྱིར་གནོད་པ་མི་བྱེད་དེ། འདི་ལྟར་དེ་མི་གཅིག་མ་ཡིན་གྱི། རྒྱལ་པོ་དེའི་མཐུ་སྟོབས་དེ་མི་དེ་དང་དེ་ཡི་རྒྱབ་དཔུང་ཡིན་པས་སོ། ། རྩ་བར། དེ་བཞིན་གནོད་བྱེད་ཉམ་ཆུང་བ། །འགའ་ཡང་ཁྱད་དུ་བསད་མི་བྱ། །འདི་ལྟར་དམྱལ་བའི་སྲུང་མ་དང་། །ཐུགས་རྗེ་ལྡན་རྣམས་དེ་ཡི་དཔུང་། ། དེ་བཞིན་དུ་སེམས་རྨོངས་པའི་གཞན་དབང་དུ་གྱུར་པའི་གནོད་བྱེད་ཉམ་ཆུང་བ་འགའ་ཡང་སྟེ་སུ་གཅིག་ཀྱང་བསམ་བཞིན་དུ་ཁྱད་དུ་གསོད་པར་མི་བྱ་སྟེ། འདི་ལྟར་སེམས་ཅན་རྣམས་ལ་གནོད་འཚེ་བྱས་པས་རང་ཉིད་ངན་འགྲོར་འགྲོ་བ་མ་ཟད། དམྱལ་བའི་སྲུང་མ་དག་དང་། རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱང་མི་དགྱེས་སྟབས། དེ་དག་ཀུན་རང་གིས་གནོད་འཚེ་བྱ་ཡུལ་གྱི་སེམས་ཅན་དེ་དང་དེ་ཡི་རྒྱབ་དཔུང་ཡིན་ནོ། ། རྩ་བར། དེ་ལྟས་དམངས་ཀྱིས་རྒྱལ་གཏུམ་བཞིན། །སེམས་ཅན་རྣམས་ནི་མགུ་བར་བྱ། ། དེ་ལྟ་བས་ན། དམངས་ཀྱིས་རྒྱལ་པོ་གཏུམ་པོའི་རིགས་ལ་གནས་སྐབས་བཟོད་པ་སྒོམ་པར་བྱེད་པ་བཞིན་དུ། སྐྱབས་དང་མགོན་དང་དཔུང་གཉེན་མེད་པའི་སེམས་ཅན་ཉམ་ཆུང་བ་རྣམས་ནི་རང་རང་གི་མོས་བློ་དང་འཚམ་པའི་སྒོ་ནས་ཐབས་སྣ་ཚོགས་ཀྱིས་ཤིན་ཏུ་མགུ་བར་བྱ་དགོས། རྩ་བར། རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་། །སེམས་ཅན་མི་མགུ་བྱས་པ་ཡིས། །མྱོང་བར་འགྱུར་བ་གང་ཡིན་པ། །དམྱལ་བའི་གནོད་པ་དེས་བྱེད་དམ། །རྒྱལ་པོ་ལྟ་ཞིག་མགུ་ན་ཡང་། །སེམས་ཅན་མགུ་བར་བྱས་པ་ཡིས། །འཐོབ་པར་འགྱུར་བ་གང་ཡིན་པ། །སངས་རྒྱས་ཉིད་སྦྱིན་མི་སྲིད་དོ། ། རྒྱལ་པོ་ལྟ་བུ་ཞིག་ཆེས་ཤིན་ཏུ་ཁྲོས་ན་ཡང་། སེམས་ཅན་རྣམས་མི་མགུ་བར་བྱས་པ་ཡིས། མྱོང་བར་འགྱུར་བའི་རྣམ་སྨིན་གྱི་འབྲས་བུ་གང་ཡིན་པ་དམྱལ་བའི་གནོད་པ་ལྟ་བུའི་གནོད་པ་ཚབས་ཆེན་དེ་འདྲ་རྒྱལ་པོ་དེས་བྱེད་དམ་ཅི་སྟེ་ནམ་ཡང་བྱེད་མི་ཐུབ་པ་བཞིན་དུ། རྒྱལ་པོ་ལྟ་བུ་ཞིག་ཆེས་ཤིན་ཏུ་མགུ་བར་བྱས་ན་ཡང་། སེམས་ཅན་རྣམས་མགུ་བར་བྱས་པ་ཡིས། འཐོབ་པར་འགྱུར་བ་ཞིག་བྱུང་ན་སྙམ་པ་གང་ཡིན་པའི་སངས་རྒྱས་ཀྱི་གོ་འཕང་དེ་འདྲ་བ་ཉིད་ནི་རྒྱལ་པོ་དེས་སྦྱིན་ནུས་པ་མི་སྲིད་དོ། ། རྩ་བ། སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག ། ཚེ་འདི་ཉིད་ལ་དཔལ་ཆེན་དང་། །གྲགས་དང་སྐྱིད་འགྱུར་ཅིས་མ་མཐོང་། །འཁོར་ཚེ་བཟོད་པའི་མཛེས་སོགས་དང་། །ནད་མེད་པ་དང་གྲགས་པ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང་། །འཁོར་ལོས་བསྒྱུར་བའི་བདེ་རྒྱས་ཐོབ། ། རྟག་ཏུ་ཤིན་ཏུ་ཉམ་ཆུང་བའི་སེམས་ཅན་རྣམས་མགུ་བར་བྱས་ན། སེམས་ཅན་རྣམས་མགུ་བར་བྱས་པ་ལས་བྱུང་བ་ཡི་འབྲས་བུར་མ་ 220 འོངས་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་ལྟ་ཞོག་སྟེ་བཤད་མ་དགོས། ཚེ་འདི་ཉིད་ལའང་བཟོད་པ་དང་། བྱམས་པ་སོགས་བསྒོམ་ན་དཔལ་ཆེན་པོ་དང་ལྡན་པ་དང་། མཚན་སྙན་གྲགས་དང་། དེ་དག་ལ་བརྟེན་ནས་ཤིན་ཏུ་སྐྱིད་པའི་འཚོ་བར་ལོངས་སུ་སྤྱོད་པར་འགྱུར་བ་ཅིས་མ་མཐོང་། རང་ཉིད་འཁོར་བ་ན་འཁོར་བའི་ཚེ་ན་ཡང་བཟོད་པའི་མཛེས་པ་སོགས་དང་། འཁོར་གཡོག་འདུས་པ་དང་། དབང་ཆེ་བ་དང་། ཚིག་བཙུན་པ། དབང་ཕྱུག་ཕུན་སུམ་ཚོགས་པ་ལ་སོགས་པ་ཐམས་ཅད་ཡོང་བ་དང་། གཞན་ཡང་། ཚེ་འདིར་ནད་མེད་པ་དང་། མཚན་དང་གྲགས་པ་ཆེན་པོ་ཡིས་ཤིན་ཏུ་ཡུན་རིང་བོར་འཚོ་བ་དང་། འཁོར་ལོས་བསྒྱུར་བའི་བདེ་རྒྱས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཅི་འདོད་འདོད་དུ་ཐོབ་པར་ངེས་སོ། ། ལེའུ་དྲུག་པའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཟོད་པའི་ལེའུ་ཞེས་བྱ་བ་སྟེ་དྲུག་པའི་འབྲུ་འགྲེལ། 221 ༧༽ ལེའུ་བདུན་པ། བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པ་ལས་བརྩོན་འགྲུས་བསྟན་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། ། ལེའུ་དྲུག་པའི་སྐབས་ཀྱི་བཟོད་པའི་ཉམས་ལེན་ཡག་པོ་བྱུང་ན། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་། གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་སོགས་འབྱུང་ཐུབ་ཅིང་། དེ་ཡིས་བརྩོན་འགྲུས་བརྩམས་ཏེ། བརྩོན་འགྲུས་ཀྱི་འགལ་རྐྱེན་མང་པོ་ཞིག་བཟོད་པའི་ཉམས་ལེན་ལ་བརྟེན་ནས་སེལ་ཐུབ། བཟོད་པའི་ཉམས་ལེན་ཚད་དང་ལྡན་པ་ཞིག་གིས་རང་གི་དགེ་བའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཕྱིར་དུ་བརྩོན་འགྲུས་དོན་དུ་གཉེར་གོས་པའི་རྒྱུ་མཚན་ནི། དེ་ལྟར་བཟོད་པའི་ཉམས་ལེན་ཚད་དང་ལྡན་པས་དགེ་བ་བསྒྲུབ་པ་ལ་ཤིན་ཏུ་སྤྲོ་བའི་བྱེད་ལས་ཅན་གྱི་བརྩོན་འགྲུས་བརྩམ་པར་བྱ་སྟེ། འདི་ལྟར་བརྩོན་འགྲུས་དང་ལྡན་པའི་སྐྱེས་བུ་རྣམས་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དེ་ཉིད་རང་དང་ཐག་ཧ་ཅང་ཉེ་བའི་མདུན་ན་གནས་པ་ལྟ་བུ་ཡིན། མར་མེ་དང་། ཤིང་ལོ་ལྟ་བུ་རླུང་ཤུགས་ཀྱི་འགལ་རྐྱེན་མེད་སར་གཡོ་བ་མེད་པར་བརྟན་པོས་གནས་པ་བཞིན་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བརྩོན་འགྲུས་ཀྱི་གྲོགས་མེད་ན། དེ་གཉིས་ནམ་ཡང་རང་རྒྱུད་ལ་ཡང་དག་པ་ཞིག་མི་འབྱུང་ངོ་། ། རྩ་བར། བརྩོན་གང་དགེ་ལ་སྤྲོ་བའོ། ། འོ་ན། བརྩོན་འགྲུས་ཀྱི་ངོ་བོ་ཇི་འདྲ་ཞིག་ཡིན་སྙམ་ན། རང་གི་ཟས་གོས་གནས་མལ་དང་། ཚེ་འདིའི་མཚན་སྙན་གྲགས་ 222 ཀྱི་སོགས་ཀྱི་ཆེད་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་འབད་བརྩོན་བྱས་པ་ཙམ་ལ་བརྩོན་འགྲུས་ཟེར་རྒྱུ་མིན་པར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དགེ་བའི་ཆོས་འབའ་ཞིག་བསྒྲུབ་འདོད་ཀྱི་སེམས་བྱུང་ཁྱད་པར་བ་ཞིག་ལ་བརྩོན་འགྲུས་ཞེས་བརྗོད་ཆོག མདོར་བསྡུས་ནས་བཤད་ན། བརྩོན་འགྲུས་ཞེས་པ་གང་ཞིག་ལ་བྱེད་སྙམ་ན། དེ་ནི་དགེ་བའི་ལས་སྦྱིན་པ་དང་ཚུལ་ཁྲིམས་སོགས་བསྒྲུབ་པ་ལ་སྤྲོ་བའི་བྱེད་ལས་དང་ལྡན་པ་ཞིག་ལ་བྱའོ། ། རྩ་བར། དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པའོ། ། འདིར་གོང་གསལ་བརྩོན་འགྲུས་དེ་ཡི་མི་མཐུན་པའི་ཕྱོགས་རྣམས་ཞིབ་ཏུ་བཤད་པར་བྱ་སྟེ། ལེ་ལོའི་སྐད་དོད་ཨ་ལེ་ཞེས་པ་མི་སྦྱོར་བའི་དོན་ཡིན་སྟབས། རྒྱུན་དུ་ལུས་སེམས་ལས་སུ་མི་རུང་བར་སྙོམ་ལས་ཀྱིས་བདེ་བར་ཞེན་པའི་ལེ་ལོ་དང་། མཐའ་གཅིག་ཏུ་བྱ་བ་ངན་ཕྱོགས་ལ་ཞེན་ཆགས་ཀྱིས་སྡོད་པའི་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་དང་། བདག་གིས་ནམ་ཡང་མི་ནུས་སྙམ་པའི་སྒྱིད་ལུག་གིས་བདག་ཉིད་བརྙས་པའི་ལེ་ལོ་སོགས་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ཡིན་སྟབས། དེ་དག་ངོས་འཛིན་གཏིང་ཟབ་ཐུབ་པ་དགོས། རྩ་བར། སྙོམ་ལས་བདེ་བས་རོ་མྱང་དང་། །གཉིད་ལ་བརྟེན་པའི་སྲེད་པ་ཡིས། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་དག་སེལ་བ་ལ། ངེས་པར་དུ་དེ་དག་སྐྱེད་བྱེད་ཀྱི་རྒྱུ་ངོས་འཛིན་དགོས་གལ་ཆེ་སྟབས། དེ་དག་སྐྱེད་བྱེད་ཀྱི་རྒྱུ་གང་ཡིན་སྙམ་ན། དགེ་བ་ལ་བརྩོན་པ་མི་བརྟེན་པར་རྒྱུན་དུ་སྙོམ་ལས་ཀྱི་བདེ་བས་རོ་མྱང་འདོད་བྱེད་པ་དང་གཅིག གཉིད་ལ་མཐའ་གཅིག་ཏུ་བརྟེན་པའི་སྲེད་པ་ཡིས་སྒྱིད་ལུག་བདག་ཉིད་བརྙས་པའི་ 223 ལེ་ལོ་བསྐྱེད་པ་དང་གཉིས། ཤིན་ཏུ་ལྕི་བའི་འཁོར་བའི་སྡུག་བསྔལ་གྱིས་ཡིད་མི་སྐྱོ་བ་དང་གསུམ་པོ་དག་ལས་གོང་གསལ་ལེ་ལོའི་རྣམ་གྲངས་དག་ཉེ་བར་སྐྱེ་བར་འགྱུར་སྟབས། ངེས་པར་དུ་དེ་དག་སྤོང་ཐབས་ལ་འབད་དགོས། རྩ་བར། ཉོན་མོངས་རྒྱ་བས་བཤོར་ནས་ནི། །སྐྱེ་བའི་རྒྱར་ནི་ཆུད་གྱུར་ནས། །འཆི་བདག་ཁར་ནི་སོང་གྱུར་པ། །ཅི་སྟེ་ད་དུང་མི་ཤེས་སམ། ། རི་དྭགས་རྒྱར་ཚུད་ཚེ་འཆི་བ་ལས་ནམ་ཡང་མི་ཐར་པ་ལྟར། རྙི་འཛུགས་མཁན་ལྟ་བུའི་ཉོན་མོངས་པའི་རྒྱ་པས་བཤོར་ནས་ནི་སྟེ་དེའི་གཞན་དབང་དུ་གྱུར་ནས་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བའི་སྐྱེ་བའི་རྒྱར་ནི་ཆུད་པར་གྱུར་ནས། སྐད་ཅིག་རེ་རེའི་ནང་དུ་འཆི་བདག་གི་ཁར་ནི་རང་ཉིད་དང་རྒྱུན་དུ་འགྲོགས་ནས་ཡོད་པའི་གཉེན་ཉེ་མང་པོ་ཞིག་སོང་བར་གྱུར་པ་ཅི་སྟེ་ད་དུང་ཁྱོད་ཀྱིས་མི་ཤེས་སམ། ངེས་པར་དུ་དེ་དག་རེ་རེ་བཞིན་སེམས་ལ་ངེས་པར་བྱས་ནས་མྱུར་བར་མྱུར་བར་རང་སེམས་དགེ་བའི་ཕྱོགས་ལ་འཁོར་ཕྱིར་བརྩོན་པར་བྱ་དགོས། རྩ་བར། རང་སྡེ་རིམ་གྱིས་གསོད་པ་ཡང་། །ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །གདོལ་པ་དང་ནི་མ་ཧེ་བཞིན། ། རང་དང་སྡེ་བ་གཅིག་པའི་སྤན་ཟླ་ཚོ་འཆི་བདག་གིས་རིམ་གྱིས་གསོད་པར་འགྱུར་བ་ཡང་ཁྱོད་ཀྱིས་མངོན་སུམ་དུ་མཐོང་བར་མ་གྱུར་ཏམ། ཞིབ་ཏུ་སོམས་དང་། སྔོན་མའི་ཕྲུ་གུ་ཚོ་ད་ཆར་དར་མར་ཆགས། སྔོན་གྱི་དར་མ་ཚོ་ད་ཆར་རྒས་པོར་ཆགས། སྔོན་མའི་རྒས་པོ་ཚོ་ད་ཆར་མིང་ཙམ་མ་གཏོགས་ཐོས་རྒྱུ་མེད། འོན་ཀྱང་དེ་ལྟ་བུ་ཞིག་ང་ཚོས་མཐོང་བཞིན་དུ་ད་དུང་རྒྱུན་དུ་ཉལ་གཉིད་འབའ་ཞིག་ལ་བརྟེན་པར་བྱས་ནས་དགེ་བའི་ལས་ལ་བརྩོན་པ་མི་བྱེད་པ་ནི་གང་འདྲ་ཡིན་ནམ། དེ་ནི་གདོལ་བ་དང་ནི་གསོད་ཉེར་ཡོད་པའི་མ་ཧེ་ནང་བཞིན་ལས་དམིགས་བསལ་ཅི་ཞིག་ཡོད། 224 རྩ་བར། ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་བདག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ཁྱོད་ནི་ཟ་དགའ་ཞིང་། །འདི་ལྟར་གཉིད་ལོག་ཇི་ལྟར་དགའ། ། འཆི་བ་མེད་པའི་ལམ་ནི་འཆི་བདག་ནག་པོའི་དཔུང་གིས་ཕྱོགས་ཀུན་ནས་བཀག་ནས་སུ། འཆི་བདག་གིས་ནི་གསོད་པའི་གྲབས་བྱས་ཏེ་ཁྱོད་ལ་བལྟས་ནས་ཡོད་བཞིན་དུ། ཇི་ལྟར་ད་དུང་བག་ཕབ་ནས་ཁྱོད་ནི་ཤིན་ཏུ་ནས་འཇིགས་སྣང་ཆེ་བའི་ཉོན་མོངས་པའི་དུག་རྫས་ཟ་བར་དགའ་སྤྲོ་ཆེ་ཞིང་། ཉིན་མཚན་ཀུན་ཏུ་འདི་ལྟར་གཉིད་ལོག་པར་ཇི་ལྟར་དགའ་བར་འགྱུར་རམ། རྩ་བར། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསག་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པར་ཅི་ཞིག་བྱ། ། ཁྱེད་དང་ང་ཁོང་སོགས་སུ་ཡིན་རུང་མྱུར་བ་ཉིད་དུ་སྟེ་རིང་བོར་མི་ཐོགས་པར་འཆི་བར་འགྱུར་བ་གདོན་མི་ཟ་བས། ཇི་སྲིད་འཆི་བའི་དུས་མཐར་མ་བསླེབས་པ་དེ་སྲིད་དུ་ནི་བསོད་ནམས་ཀྱི་ཚོགས་བསག་པར་བྱ་དགོས་པ་མ་གཏོགས། ཉིན་གཅིག་གློ་བུར་དུ་འཆི་བ་མགོ་ཐོག་ཏུ་ལྷུང་བ་དེའི་ཚེ་བྱ་བ་ངན་ཞེན་གྱི་ལེ་ལོ་དང་སྐྱིད་ལུག་སོགས་སྤངས་ཀྱང་ནི། དེ་ནི་དུས་མ་ཡིན་པར་ཏེ་དུས་ཚོད་རན་པོ་ཞིག་མ་ཡིན་སྟབས་དེ་ཙམ་ཕན་ཐོགས་མེད་པས་ཅི་ཞིག་བྱ། རྩ་བར། འདི་ནི་མ་བྱས་བརྩམས་པ་དང་། །འདི་ཕྱེད་བྱས་པར་གནས་པ་ལ། བུར་འཆི་བདག་འོངས་ནས་ནི། །ཀྱེ་ཧུད་བཅོམ་ཞེས་སེམས་པར་འགྱུར། ། འཆི་བདག་ནམ་ཡོང་དུས་ལ་ངེས་པ་གཏན་ནས་མེད་སྟབས། བྱ་བ་འདི་དང་འདི་ཞེས་བྱ་བ་ནི་མ་བྱས་པ་དང་། ཡང་ན་འདི་དང་འདིའི་ལས་འགོ་བརྩམས་པ་ཙམ་དང་། ཡང་བྱ་བ་འདི་དང་འདིའི་ཕྱེད་ཙམ་གྲུབ་པར་བྱས་པར་གནས་པ་ལ། གློ་བུར་དུ་བསམ་བློ་གཏོང་དབང་ཙམ་ཡང་མེད་པར་འཆི་བདག་གི་འཇིགས་པ་འོངས་ནས་ནི། ཀྱེ་མ་ཀྱེ་ཧུད་བདག་འཆི་བས་བཅོམ་པའི་དུས་ལ་སླེབས་སོ་ཞེས་སེམས་པར་འགྱུར་རོ། ། 225 རྩ་བར། མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི། །མིག་དམར་གདོང་ལས་མཆི་མ་འཛག། ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེ་ཕོ་ཉའི་བཞིན་ལ་བལྟས། །རང་སྡིག་དྲན་པས་གདུང་བ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། ། དེ་ལྟར་ཤི་གསོན་གཏན་བྲལ་དུ་བྱེད་པའི་དུས་ལ་སླེབས་པའི་ཚེ། ཤི་ལ་ཉེ་བའི་མི་དེ་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་པ་ཡི་མིག་ཟུང་དེ་ཡང་ཤིན་ཏུ་དམར་པོར་གྱུར་ཅིང་། གདོང་ལས་སྐྱོ་བའི་མཆི་མ་འཛག་པ་དང་། ཕ་མ་སྤུན་མཆེད་སོགས་རང་གི་ཉེ་དུ་རྣམས་ཀྱང་རེ་ཐག་གཏིང་ཆད་དུ་ཕྱིན་པ་དང་། སོ་སོས་རང་ཉིད་སྐད་ཅིག་ཙམ་ཞིག་ལའང་སྡོད་དབང་མེད་པར་ཤི་བར་ངེས་ནས་གཤིན་རྗེ་ཕོ་ཉའི་བཞིན་ལ་བལྟས་ཏེ། རང་གིས་སྐྱེ་བ་འདི་དང་ཚེ་རབས་སྔོན་མ་རྣམས་སུ་བསགས་པའི་སྡིག་ཆེན་རྣམས་རེ་རེ་བཞིན་དུ་ཡིད་ལ་དྲན་པས་ཤིན་ཏུ་གདུང་བ་དང་། རྣ་བས་ཀྱང་དམྱལ་བའི་གནས་ཀྱི་ངུ་སྒྲ་དང་འུར་འུར་གྱི་སྒྲའི་བྱེ་བྲག་སྣ་ཚོགས་པ་ནི་ཐོས་པ་ཡིས། ཤིན་ཏུ་སྐྲགས་པས་མི་གཙང་བའི་ལུས་ཆེས་ཆེར་གོས་ཤིང་རབ་ཏུ་མྱོས་པར་འགྱུར་བའི་ཚེ་ན། ཁྱོད་ཀྱིས་ཅི་ཞིག་བྱ། དེ་བས་ད་ལྟ་ནས་ལས་དགེ་བ་ལ་བརྩོན་པར་རིགས་སོ། ། རྩ་བར། ཁྱོད་ནི་ཉ་གསོན་འགྲེ་བ་ལྟའི། །ཚེ་འདིར་འཇིགས་དང་ལྡན་གྱུར་ན། །སྡིག་བྱས་དམྱལ་བ་མི་བཟད་པའི། །སྡུག་བསྔལ་རྣམས་སུ་སྨོས་ཅི་དགོས། ། ཁྱོད་ནི་ཆུ་དང་བྲལ་བའི་ཉ་གསོན་པོ་ཞིག་ཤིན་ཏུ་ཚ་བའི་བྱེ་ཐང་དུ་འགྲེ་བ་སྟེ་འཕག་ཚག་བྱེད་པ་ལྟ་བུའི་ཚེ་འདིར་འཕྲད་པའི་ཚ་གྲང་ལ་སོགས་པའི་གནོད་པ་ཆུང་ཆུང་ཞིག་ལའང་མི་བཟོད་པར་སྐྲག་འཇིགས་དང་ལྡན་པར་གྱུར་པ་ཐོས་ན། ཕྱི་མར་ངན་འགྲོའི་གནས་རྣམས་སུ་ལྷུང་བའི་ཚེ་འདས་དང་ད་ལྟའི་ལུས་ཐོག་འདི་ལ་སྡིག་པ་ཚོད་མེད་བྱས་པའི་འབྲས་བུར་དམྱལ་བར་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་རྣམས་ 226 རེ་རེ་བཞིན་མྱོང་བའི་སྐབས་སུ་སྔར་ལས་ལྡབ་བཅུ་གྱུར་གྱིས་སྐྲག་འཇིགས་ཟམ་མ་ཆད་པར་ཡོང་ངེས་པ་སྨོས་ཀྱང་ཅི་དགོས། རྩ་བར། ཆུ་ཚན་གྱིས་ནི་རེག་པ་ན། །གཞོན་ཤ་ཅན་ལ་རབ་ཚ་བའི། །དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། ། ཟངས་ཞུན་དང་དམྱལ་གནས་ཀྱི་ཁྲོ་ཆུ་ཁོལ་མ་ལྟ་བུའི་ཆུ་ཚན་གྱིས་ནི་ལུས་ལ་རེག་པ་ན། འཇམ་ཤས་ཆེ་བའི་གཞོན་ཤ་ཅན་ལ་རབ་ཏུ་ཚ་བའི་དམྱལ་བ་ཡི་ནི་རྒྱུར་ལས་ངན་སྣ་ཚོགས་ཤིག་བྱས་ནས། རྒྱུ་མཚན་ཅིའི་ཕྱིར་ད་དུང་འདི་ལྟར་ཁྱོད་རང་སེམས་བདེ་བར་གནས་སམ། རྩ་བར། བརྩོན་མེད་འབྲས་བུ་འདོད་པ་དང་། །བཟེ་རེ་ཅན་ལ་གནོད་མང་ཞིང་། །འཆི་བས་བཟུང་བཞིན་ལྷ་འདྲ་བ། །ཀྱེ་ཧུད་སྡུག་བསྔལ་དག་གིས་བཅོམ། ། དགེ་བའི་རྒྱུ་ལ་བརྩོན་འདོད་ཀྱི་བསམ་པ་གཏན་ནས་མེད་པར་འབྲས་བུ་བདེ་སྐྱིད་ཅིག་འདོད་པ་དང་། སྡུག་བསྔལ་ཕྲ་མོ་ཙམ་ལ་ཡང་བཟོད་བསྲན་ཆུང་བའམ་བཟོ་བསྲན་ཆུང་བའི་བཟེ་རེ་ཅན་ལ་ཕྱོགས་ཐམས་ཅད་ནས་གནོད་པ་མང་པོ་ཡོང་ཞིང་། འཆི་བ་མི་རྟག་པས་དམ་པོར་བཟུང་བཞིན་དུ་ད་དུང་ལྷ་ཞིག་དང་འདྲ་བར་སོས་དལ་གྱིས་སྡོད་པ་དེ་ནི། ཀྱེ་ཧུད་རིང་པོར་མི་ཐོགས་པར་སྡུག་བསྔལ་གྱི་རྣམ་གྲངས་བརྒྱ་ཕྲག་མང་པོ་དག་གིས་ལྷག་མེད་དུ་བཅོམ་པ་གདོན་མི་ཟའོ། ། རྩ་བར། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག ། མི་ཡི་གྲུ་སྟེ་མིའི་ལུས་རྟེན་ཁྱད་པར་ཅན་འདི་ལ་བརྟེན་ནས་སུ་མཐའ་དང་མུ་མེད་པའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་འདི་ལས་སྒྲོལ་ཐུབ་པ་ཞིག་ཅིས་ཀྱང་བྱ་དགོས། གླུ་འདི་ལྟ་བུ་ད་ཐེངས་ཙམ་མ་གཏོགས་ཕྱིས་ནས་ཤིན་ཏ་ནས་རྙེད་པར་དཀའ་བས། རྨོངས་ 227 པ་ཞེས་བོས་ནས་གོ་སྐབས་བཟང་པོ་འདི་འདྲ་ཞིག་ཐོབ་པའི་དུས་སུ་གཉིད་མ་ལོག་པར་ཉིན་མཚན་ཀུན་ཏུ་དགེ་བའི་ཕྱོགས་སུ་བརྩོན་པ་གྱིས་ཤིག། རྩ་བར། དགའ་བའི་རྒྱུ་ནི་མཐའ་ཡས་པའི། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་ཡིས་གཡེང་བ་དང་། །རྒོད་སོགས་ལ་ཁྱོད་ཅི་ཕྱིར་དགའ། ། ཤེས་བྱ་ལ་དགའ་བའི་རྒྱུ་ནི་མཐའ་ཡས་པ་ཞིག་ཡོད་པའི་ནང་ནས་དམ་པའི་ཆོས་ལ་དགའ་བ་དེ་དགའ་བའི་མཆོག་ཡིན་ན་ཡང་། དེ་ཡོངས་སུ་སྤངས་ནས། སྡུག་བསྔལ་མཐའ་ཡས་ཤིང་མུ་མེད་པ་སྐྱེད་བྱེད་འདོད་པའི་ཡོན་ཏན་ལ་སོགས་པའི་རྒྱུ་ཡིས་རབ་ཏུ་གཡེང་བ་དང་། དོན་མེད་རྒོད་བག་གིས་རྩེད་འཇོ་བྱེད་པ་སོགས་ལ་ཁྱོད་ཅིའི་ཕྱིར་དགའ་བར་བྱེད་དམ། རྩ་བར། སྒྱིད་ལུག་མེད་དང་དཔུང་ཚོགས་དང་། །ལྷུར་བླང་བདག་ཉིད་དབང་བྱ་བ། །བདག་དང་གཞན་དུ་མཉམ་པ་དང་། །བདག་དང་གཞན་དུ་བརྗེ་བར་གྱིས། ། ཐོག་མར་བྱང་ཆུབ་སེམས་པའི་ལམ་ལ་སློབ་པའི་དུས་སུ་བསམ་པ་སྒྱིད་ལུག་མེད་པའི་གོ་ཆའི་བརྩོན་འགྲུས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་ཚོགས་གཉིས་ཀྱི་དཔུང་ཚོགས་གསོག་པ་ལ་སྦྱོར་བའི་བརྩོན་འགྲུས་དང་། དངོས་གཞི་དྲན་ཤེས་ཀྱི་གཉེན་པོ་ཧུར་བླང་བ་དང་། ལུས་སེམས་ལས་རུང་དུ་གྱུར་པའི་སྒོ་ནས་བདག་ཉིད་དབང་དུ་བྱ་བ་སོགས་བྱས་ནས་བསམ་གཏན་གྱི་ལེའུའི་སྐབས་ནས་འབྱུང་བའི་བདག་དང་གཞན་དུ་མཉམ་པར་བལྟ་བ་དང་། བདག་དང་གཞན་དུ་བརྗེ་བར་གྱིས་ཤིག། རྩ་བར། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། ། བདག་ལྟའི་ནུས་འཇོན་གང་ཡང་མེད་པའི་མི་ཞིག་གིས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་འདི་འདྲ་ཞིག་ག་ལ་ཞེས་ནམ་ཡང་སྒྱིད་ལུག་པར་ནི་མི་བྱ་སྟེ། དེ་ཡང་སྒྱིད་ 228 སྤྱད་འཇུ་ཆན་མ་་རླ་ང་་བ། ལུག་བྱེད་མི་འོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པས་ནི་བདེན་པ་དང་ཕན་པ་འབའ་ཞིག་གསུང་བས་ལག་བཟང་གིས་ཞུས་པའི་མདོ་ལས་བདེན་པ་འདི་འདྲ་ཞིག་གསུངས་སོ། ། རྩ་བར། སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅེས་མི་ཐོབ། ། དེ་ཡང་ལག་བཟང་གིས་ཞུས་པའི་མདོ་ལས། སྦྲང་བུ་དང་། ཤ་སྦྲང་དང་། བུང་བ་དང་། དེ་བཞིན་དུ་སྲིན་བུར་གང་གྱུར་པ་དེ་དང་དེ་དག་སུས་ཀྱང་བརྩོན་པའི་སྟོབས་བསྐྱེད་དེ་འབད་པ་བྱས་ན། བྱང་ཆུབ་ཆེས་ཤིན་ཏུ་ནས་ཐོབ་དཀའ་བའི་བླ་ན་མེད་པའི་གོ་འཕང་དེ་མི་རིང་བར་ཐོབ་པར་ངེས། བདག་ལྟ་བུ་ནི་ད་ལྟ་རིགས་ཀྱི་མཆོག་ཏུ་གྱུར་པ་མིའི་འགྲོ་བར་སྐྱེས་ལ། མ་ཟད་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་སྟབས། ཕན་པ་དང་གནོད་པའི་ཁྱད་པར་ལེགས་པར་ངོ་ཤེས་པས བདག་དཀའ་ངལ་ག་ཚོད་ཅིག་དང་འཕྲད་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་འདི་མ་བཏང་བར་ཚུལ་བཞིན་དུ་བསླབ་ན། བདག་གིས་མི་རིང་བར་ཆེས་ཤིན་ཏུ་ནས་ཐོབ་པར་དཀའ་བའི་བྱང་ཆུབ་ཀྱི་གོ་འཕང་ཅེས་མི་ཐོབ། རྩ་བར། འོན་ཏེ་རྐང་ལག་ལ་སོགས་པ། །བཏང་དགོས་བདག་ནི་འཇིགས་ཤེ་ན། ལྕི་དང་ཡང་བ་མ་དཔྱད་པར། །རྨོངས་པས་བདག་ནི་འཇིགས་པར་ཟད། ། འོན་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་འདི་ལྟ་བུ་ཞིག་ཐོབ་པའི་ཆེད་དུ། གནས་སྐབས་མགོ་དང་། རྐང་ལག་ལ་སོགས་པ་སྦྱིན་པར་བཏང་བ་སོགས་ཤིན་ཏུ་ནསབྱ་དཀའ་བའི་སྤྱོད་པ་མང་པོ་ཞིག་བྱེད་དགོས་སྟབས། བདག་ནི་ཆེས་ཤིན་ཏུ་ནས་འཇིགས་ 229 ཤེ་ན། དེ་ནི་ཡོན་ཏན་གྱི་ཆ་ནས་ལྕི་བ་དང་ཡང་བའི་ཁྱད་པར་ལ་ཞིབ་མོའི་བློས་མ་དཔྱད་པར། རྨོངས་པས་བདག་ནི་འཇིགས་པར་ཟད་པ་ཙམ་ལས་གཞན་གང་ཡང་མ་ཡིན་ནོ། ། རྩ་བར། བསྐལ་པ་བྱེ་བ་གྲངས་མེད་དུ། །ལན་གྲངས་དུ་མར་བཅད་པ་དང་། །དབུག་དང་བསྲེག་དང་གཤག་འགྱུར་གྱི། །བྱང་ཆུབ་ཐོབ་པར་མི་འགྱུར་རོ། ། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་བསྐལ་པ་བྱེ་བ་གྲངས་མེད་པ་ཞིག་གི་རིང་དུ། ལན་གྲངས་དུ་མར་ཡན་ལག་དང་སྙིང་ལག་བཅད་པ་དང་། མདའ་མདུང་གིས་དབུག་པ་དང་། མེར་བསྲེག་པ་དང་། སོག་ལེས་གཤག་པར་འགྱུར་གྱི། དེ་འདྲར་བརྟེན་ནས་བདག་ནམ་ཡང་བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་རོ། ། རྩ་བར། བདག་གིས་བྱང་ཆུབ་བསྒྲུབ་པ་ཡི། །སྡུག་བསྔལ་འདི་ལ་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན། ། བདག་གིས་བླང་དོར་གྱི་གནད་ཤེས་པའི་སྒོ་ནས་བྱང་ཆུབ་བསྒྲུབ་པ་ཡི་སྐབས་དུ་མར། ཤིན་ཏུ་བཟོད་དཀའ་བའི་དཀའ་སྤྱད་ཀྱི་སྡུག་བསྔལ་དུ་མ་ཞིག་ལ་གདོང་ལེན་བྱེད་དགོས། སྡུག་བསྔལ་གྱི་རྣམ་གྲངས་འདི་དག་ལ་དུས་ཡུན་གྱི་ཆ་ནས་ཚོད་ངེས་ཅན་ཞིག་ཡོད་དེ། དཔེར་ན། ནད་ཀྱི་ཟུག་རྔུ་ཁོང་པ་བརླག་པའི་གནོད་པ་བསལ་ཕྱིར། ལུས་ལ་རྨ་བཏོད་པའི་སྡུག་བསྔལ་དག་ལེགས་པར་བཟོད་ཐུབ་པ་བཞིན་ནོ། ། རྩ་བར། སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱིས། །མི་བདེ་བ་ཡི་ནད་མེད་བྱེད། །དེ་བས་སྡུག་བསྔལ་མང་པོ་དག ། གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ། ། དེང་དུས་ཀྱི་སྨན་པ་ཀུན་གྱིས་ཀྱང་གཏར་བསྲེག་དང། ཀླད་པ་དང་། སྙིང་། གློ་བ། མཆིན་པ། མཁའ་རིལ་སོགས་གཤགས་ལས་ཀྱི་གསོ་དཔྱད་ཀྱིས། འཕྲལ་འཕྲལ་གྱི་མི་བདེ་བ་ཡི་ནད་རིགས་དག་མེད་པར་བྱེད་ཀྱི་ཡོད། དེ་བས་ན་གོང་གསལ་གྱི་སྡུག་བསྔལ་དག་ལས་ཀྱང་ལྡབ་བརྒྱ་འགྱུར་གྱི་སྡུགས་བསྔལ་མང་པོ་དག་རྩད་ནས་གཞོམ་ 230 ཕྱིར་འཕྲལ་འཕྲལ་གྱི་མི་བདེ་བའི་སྡུག་བསྔལ་ཆུང་ཙག་རིགས་བཟོད་པར་བྱ་བ་འདི་ནིཤིན་ཏུ་ནས་འོས་སོ། ། རྩ་བར། གསོ་དཔྱད་ཕལ་བ་འདི་འདྲ་བ། །སྨན་པ་མཆོག་གིས་མ་མཛད་དེ། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་བྱ། ། འཇིག་རྟེན་པ་ཚོས་སྤྱོད་བཞིན་པའི་གཏར་བསྲེག་དང་གཤགས་བཅོས་ལ་སོགས་པའི་གསོ་དཔྱད་ཕལ་པ་འདི་འདྲ་བ་དག ཉོན་ཤེས་ཀྱི་སྒྲིབ་པའི་ནད་ཆེན་པོ་འཇོམས་པ་ལ་ཤིན་ཏུ་མཁས་པའི་སྨན་པ་མཆོག་སྟོན་པ་བཅོམ་ལྡན་འདས་ཁོང་གིས་མ་མཛད་དེ། ཁོང་གིས་ཆེས་སྤྱིར་བཏང་བ་ཞིག་གིས་ཀྱང་ཧ་ཅང་སྒྲུབ་སླ་བའི་ཆོ་ག་ཤིན་ཏུ་འཇམ་པོ་ཡིས། ཉོན་ཤེས་ཀྱི་ནད་ཆེན་པོ་དཔག་ཏུ་མེད་པ་དག་ལེགས་པར་གསོ་བར་བྱ་བ་ཡིན་ནོ། ། རྩ་བར། ཚོད་མ་ལ་སོགས་སྦྱིན་པ་ལའང་། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། ། རང་གི་སྲོག་ཀྱང་ཅི་མི་སྙམ་པར་གཏོང་དགོས་སྟབས། ཆོ་ག་ཤིན་ཏུ་འཇམ་པོ་ཞིག་ད་ག་ལ་ཡིན་སྙམ་ན། དེ་ཡང་སྦྱིན་པའི་ཉམས་ལེན་སོགས་ལ་ཐོག་མར་སློབ་པའི་ཚེ་ན། སེམས་ཅན་རྣམས་ཆང་དང་ཚོད་མ་ལ་སོགས་པ་སྦྱིན་པ་ལའང་། འདྲེན་པས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་སྦྱོར་བར་མཛད། བསྒྲུབ་སླ་བའི་སྦྱིན་པའི་ཉམས་ལེན་དེ་དག་ལ་བློ་རིམ་གྱིས་གོམས་པར་བྱས་ནས། ནམ་ཞིག་གི་ཚེ་དེ་དག་ལ་གོམས་པ་བརྟན་པོ་ཆགས་སོང་ན། ཕྱི་ནས་ནི་རིམ་གྱིས་རང་གི་ལུས་ཀྱི་ཤ་དང་གཅེས་པའི་ཚེ་སྲོག་ཡང་གཞན་དོན་དུ་གཏོང་བར་བྱེད་དགོས། རྩ་བར། གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། ། དེ་ལྟར་གོམས་པས་གང་གི་ཚེ་རང་གི་ལུས་ལ་ནི་སྔོ་ཚོད་དང་སྲན་རིལ་ལ་སོགས་པ་ལྟ་བུའི་བློ་སྐྱེས་པ་དེ་ཡི་ཚེ་ན། 231 སེམས་ཅན་གྱི་ཕན་བདེ་འབའ་ཞིག་གི་ཆེད་དུ་རང་གི་ལུས་དང་ཡན་ལག་གི་ཤ་ལ་སོགས་པ་གཏོང་བ་དེ་ལ་བརྩོན་པ་བྱེད་མི་ཐུབ་པའི་དཀའ་བ་ཅི་ཞིག་ཡོད། རྩ་བར། སྡིག་པ་སྤངས་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །འདི་ལྟར་ལོག་པར་རྟོག་པ་དང་། །སྡིག་པས་སེམས་ཅན་ལུས་ལ་གནོད། ། འབྲས་བུ་སྡུག་བསྔལ་འབྱིན་བྱེད་ཀྱི་རྒྱུ་སྡིག་པ་སྤངས་པའི་ཕྱིར་རང་རྒྱུད་ལ་སྡུག་བསྔལ་སྐྱེ་བ་མེད་ལ། བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པའི་ཕྱིར་ན། སེམས་ལ་མི་དགའ་བའི་ཚོར་བ་གང་ཡང་མེད་དོ། །འདི་ལྟར་ཡུལ་གྱི་གནས་ལུགས་ལ་མ་ཞུགས་པའི་ལོག་པར་རྟོག་པ་དང་། གཞན་གྱི་ཚེ་སྲོག་ལ་གནོད་པའི་སྡིག་པས་སེམས་ཅན་གྱི་ལུས་ལ་ཆེས་ཆེར་གནོད་དོ། ། རྩ་བར། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ན་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། ། རང་གཞན་གྱི་དོན་དུ་བསགས་པའི་བསོད་ནམས་ཀྱིས་ནི་ལུས་ཤིན་ཏུ་བདེ་ལ། གནས་ལུགས་ཀྱི་དོན་ལ་མཁས་པ་ཡིས་ནི་སེམས་ཀྱང་ཤིན་ཏུ་བདེ་ན། གཞན་དོན་འབའ་ཞིག་གི་ཆེད་དུ་ཇི་སྲིད་སེམས་ཅན་ནམ་གནས་ཀྱི་བར་དུ་འཁོར་བར་གནས་དགོས་ཀྱང་ནི། གཞན་དོན་ཁོ་ནར་དམིགས་པའི་སྙིང་རྗེ་ཅན་གྱི་རྒྱལ་སྲས་དག་ནི་ཅི་སྟེ་སྐྱོ། རྩ་བར། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། །ཉན་ཐོས་རྣམ་པས་མཆོག་ཏུ་བཤད། ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཧ་ཅང་གེ་འདག་དཀའ་བའི་སྔོན་གྱི་སྡིག་པ་ཚབས་ཆེན་པོ་དག་བདེ་བླག་ཏུ་ཟད་པར་བྱེད་ཅིང་། གཅིག་ཏུ་གཞན་དོན་ལ་བརྩོན་པའི་སེམས་དེའི་དབང་གིས་གཉིད་ལོག་པ་དང་། ར་རོ་བ་སོགས་བག་མེད་ཀྱི་གནས་སྐབས་དག་ཏུ་ཡང་བསོད་ནམས་ཀྱི་ཚོགས་སྐད་ཅིག་རེ་རེ་ 232 ལ་འཕེལ་ངེས་སྟབས། བསོད་ནམས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་སྡུད་པར་བྱེད་པའི་ཕྱིར་ན། ཉན་ཐོས་རྣམ་པས་ལམ་བགྲོད་པ་ལས་ཆེས་ཆེར་མཆོག་ཏུ་བཤད་དོ། ། རྩ་བར། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་བཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། ། དེ་བས་ན་ཕྲན་གྱིས་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་བུ་བསྒྲུབ་མི་ནུས་སྙམ་པའི་སྐྱོ་ངལ་ཀུན་སེལ་བའི་སྒོ་ནས། ཤིན་ཏུ་ཕན་རླབས་མྱུར་བའི་བྱང་ཆུབ་སེམས་ཀྱི་རྟ་མཆོག་བཞོན་ནས། ཐབས་ལ་མཁས་པ་དང་། དུས་ཤེས་པའི་སྒོ་ནས་བདེ་ནས་བདེ་བར་འགྲོ་བ་ལ། སེམས་ཤེས་སམ་མཁས་པ་སུ་ཞིག་སྒྱིད་ལུག་པར་འགྱུར། རྩ་བར། སེམས་ཅན་དོན་འགྲུབ་བྱ་ཕྱིར་དཔུང་། །མོས་བརྟན་དགའ་དང་དོར་བ་ཡིན། །མོས་པ་སྡུག་བསྔལ་འཇིགས་པ་དང་། །དེ་ཡི་ཕན་ཡོན་བསམས་པས་བསྐྱེད། ། སེམས་ཅན་འབུ་སྲིན་ཚུན་ཆད་ཀྱི་དོན་འགྲུབ་པར་བྱ་བའི་ཕྱིར་དཔུང་ངམ་སྟོབས་ཀྱི་ཚོགས་བཞི་སྟེ། མོས་པའི་སྟོབས་དང་། བརྟན་པའི་སྟོབས་དང་། དགའ་བའི་སྟོབས་དང་། དོར་བའི་སྟོབས་དང་བཞི་ཡིན། དེ་ཡང་མོས་པའི་སྟོབས་ནི། སྡུག་བསྔལ་འབྱུང་བ་ལ་སེམས་གཏིང་ནས་འཇིགས་པ་དང་། དགེ་བ་ལ་གོམས་པ་དེ་ཡི་ཕན་ཡོན་དག་བསམས་པས་བསྐྱེད་པ་ཡིན་ནོ། ། རྩ་བར། དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ། །མོས་དང་ང་རྒྱལ་དགའ་དང་དོར། །ལྷུར་ལེན་དབང་བསྒྱུར་སྟོབས་ཀྱིས་ནི། །བརྩོན་འགྲུས་སྤེལ་ཕྱིར་འབད་པར་བྱ། ། དེ་ལྟར་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་རྣམས་སྤངས་ཏེ། དགེ་བ་སྒྲུབ་པར་མོས་པའི་དཔུང་དང་། ཉོན་མོངས་ལས་རྒྱལ་བར་བྱེད་སྙམ་པའི་ང་རྒྱལ་གྱི་དཔུང་དང་། དགའ་བཞིན་ཐུན་ལ་འཇུག་པར་དགའ་བའི་དཔུང་དང་། ཐུན་དོར་ཤེས་པའི་དོར་བའི་དཔུང་དང་བཞི་བསགས་པ་དང་། དངོས་གཞི་དྲན་ཤེས་ལྷུར་ལེན་པ་དང་། 233 མཇུག་དབང་བསྒྱུར་བའི་སྟོབས་ཀྱིས་ནི། བརྩོན་འགྲུས་སྤེལ་བའི་ཕྱིར་འབད་པར་བྱ་དགོས། རྩ་བར། བདག་དང་གཞན་གྱི་ཉེས་པ་ནི། །དཔག་མེད་བདག་གིས་གཞོམ་བྱ་སྟེ། །གང་དུ་ཉེས་པ་རེ་རེ་ལའང་། །བསྐལ་པ་རྒྱ་མཚོ་ཟད་འགྱུར་བ། །ཉེས་ཟད་རྩོམ་པ་དེ་ཡི་ནི། །ཆ་ཡང་བདག་ལ་མ་མཐོང་ན། །སྡུག་བསྔལ་དཔག་ཏུ་མེད་པའི་གནས། །བདག་ཀོ་ཅིའི་ཕྱིར་སྙིང་མ་གས། ། བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ཟིན་སྟབས། བདག་དང་གཞན་རྒྱུད་ཀྱི་སྒོ་གསུམ་གྱི་ཉེས་པ་ནི་ཆེས་ཆེར་དཔག་ཏུ་མེད་པ་དེ་དག་བདག་གིས་རྩད་ནས་གཞོམ་པར་བྱ་སྟེ། དེ་ལྟར་དམ་བཅས་པའི་ཕྱིར། འོན་ཀྱང་གང་དུ་ཆེས་ཆེར་དཔག་དཀའ་བའི་ཉེས་པའི་རྣམ་གྲངས་དེ་དག་ལས་རེ་རེ་སྤོང་བ་ལའང་། བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་རྒྱ་མཚོ་ལྟ་བུ་ཟད་པར་འགྱུར་བ་དགོས་སྟབས། ཉེས་པ་དེ་དག་ཟད་པའི་ཕྱིར་དུ་བརྩོན་འགྲུས་རྩོམ་པ་དེ་ཡི་ནི་ཆ་ཙམ་ཡང་བདག་ལ་ཡོད་པ་མ་མཐོང་ན། སྡུག་བསྔལ་དཔག་ཏུ་མེད་པའི་གནས་དེ་དག་དྲན་སྐབས། བདག་ཀོ་རྒྱུ་མཚན་ཅིའི་ཕྱིར་སྙིང་འདི་དུམ་བུར་མ་གས་སམ། རྩ་བར། བདག་དང་གཞན་གྱི་ཡོན་ཏན་ནི། །མང་པོ་བདག་གིས་བསྒྲུབ་བྱ་སྟེ། །དེ་ལ་ཡོན་ཏན་རེ་རེ་ཡང་། །བསྐལ་པ་རྒྱ་མཚོས་གོམས་འགྱུར་ན། །བདག་ནི་ཡོན་ཏན་ཆ་ལ་ཡང་། །གོམས་པ་ནམ་ཡང་མ་སྐྱེས་ཏེ། །ཇི་ཞིག་ལྟར་རྙེད་སྐྱེ་བ་ནི། །བདག་གིས་དོན་མེད་བྱས་པ་མཚར། ། བདག་དང་གཞན་གྱི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ནི་མང་པོ་ཞིག་བདག་གིས་བསྒྲུབ་པར་བྱ་སྟེ། དེ་ལྟར་དམ་བཅས་པའི་ཕྱིར། འོན་ཀྱང་དེ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་འབྲེལ་བའི་ཡོན་ཏན་དཔག་ཏུ་མེད་པའི་ནང་ནས་ཆ་ 234 ཤས་རེ་རེ་ལ་ཡང་བསྐལ་པ་དཔག་མེད་རྒྱ་མཚོ་ལྟ་བུས་གོམས་པ་འགྱུར་དགོས་ན་ཡང་། བདག་གིས་ནི་དེ་ལྟའི་ཡོན་ཏན་དེ་དག་ལས་ཆ་ཕྲ་མོ་ཙམ་ལ་ཡང་གོམས་པ་ནམ་ཡང་མ་སྐྱེས་ཏེ། ཇི་ཞིག་ལྟར་གློ་བུར་དུ་རྙེད་པའི་སྐྱེ་བ་འདི་ནི། བདག་གིས་བསམ་བཞིན་དུ་དོན་མེད་ངང་འདའ་བར་བྱས་པ་འདི་མཚར་སྣང་སྐྱེ་གཞི་ཞིག་མ་ཡིན་ནམ། རྩ་བར། བདག་གིས་བཅོམ་ལྡན་མ་མཆོད་ཅིང་། །དགའ་སྟོན་ཆེན་པོའི་བདེ་མ་བྱིན། །བསྟན་ལ་བྱ་བ་མ་བྱས་དང་། །དབུལ་བོའི་བསམ་པ་རྫོགས་མ་བྱས། །འཇིགས་ལ་མི་འཇིགས་མ་བྱིན་དང་། །ཉམ་ཐག་བདེ་མ་བྱིན་ན་བདག །མ་ཡི་མངལ་དུ་ཟུག་རྔུ་དང་། །སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། ། བདག་གིས་འདས་དང་ད་ལྟ་གང་དུའང་སངས་རྒྱས་བཅོམ་ལྡན་འདས་ལ་མ་མཆོད་ཅིང་། འཕགས་པའི་དགེ་འདུན་ལ་ཆོས་དང་འབྲེལ་བའི་དགའ་སྟོན་ཆེན་པོའི་བདེ་བ་ཡང་མ་བྱིན། བསྟན་པ་འཛིན་པ་དང་སྐྱོང་བ་སོགས་ཀྱིས་བསྟན་ལ་བྱ་བ་ཡང་མ་བྱས་པ་དང་། གནང་སྦྱིན་ཆེན་པོའི་ཐོག་ནས་དབུལ་པོའི་བསམ་པ་ཡང་རྫོགས་པར་མ་བྱས། དགྲ་དང་མཚོན་གྱི་འཇིགས་པས་མནར་བ་རྣམས་ལ་མི་འཇིགས་པའི་མཐུན་རྐྱེན་གང་ཡང་མ་བྱིན་པ་དང་། སེམས་ཅན་ཉམ་ཐག་པ་རྣམས་ལ་བདེ་བས་དབུགས་ཡང་མ་བྱིན་ན། བདག་ནི་མ་ཡི་མངལ་དུ་ཟུག་རྔུ་དང་། ཟླ་ངོ་དགུའི་རིང་ཁོག་ཏུ་བཟུང་བའི་སྡུག་བསྔལ་འབའ་ཞིག་འབྱིན་ཕྱིར་དུ་འཇིག་རྟེན་འདིར་བསྐྱེད་པར་ཟད་དོ། ། རྩ་བར། བདག་ནི་སྔོན་དང་ད་ལྟར་ཡང་། །ཆོས་ལ་མོས་དང་བྲལ་བ་ཡིས། །ཕོངས་པ་འདི་འདྲ་བྱུང་བར་གྱུར། །སུ་ཞིག་ཆོས་ལ་མོས་པ་གཏོང་། ། བདག་ནི་ཚེ་རབས་སྔོན་མ་དང་ད་ལྟའི་ཆར་ཡང་ཟབ་རྒྱས་ཀྱི་ཆོས་ཚུལ་འདི་ལྟ་བུ་ཞིག་ལ་མོས་པ་ཤུགས་ཆེན་པོ་དང་བྲལ་བ་ཡིས། ད་ལྟ་ཆེས་ཤིན་ཏུ་ཡ་ང་བའི་ཕོངས་པ་འདི་འདྲ་བ་ཞིག་བྱུང་བར་གྱུར་སྟབས། ཆེས་ཤིན་ཏུ་ཕོངས་པའི་སྡུག་བསྔལ་འདི་འདྲ་བ་མི་འདོད་ན། སུ་ཞིག་ཟབ་རྒྱས་ཀྱི་ཆོས་ཚུལ་འདི་ལྟ་བུ་ཞིག་ལ་མོས་པ་གཏོང་། 235 རྩ་བར། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམས་པས་གསུངས། ། དགེ་བ་ཤུགས་ཆེ་ཆུང་ལ་མ་ལྟོ ས་པར་དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་དོན་དུ་དད་འདུན་གྱི་མོས་པ་ལ་ཐུག་པ་སྟོན་པ་ཤཱཀྱ་ཐུབ་པས་དངོས་སུ་གསུངས་སྟབས། དགེ་བའི་ཕྱོགས་ཐམས་ཅད་ཀྱི་རྩ་བ་དེ་མོས་པ་ཡིན། མོས་པ་དང་འདུན་པ་དེ་དང་དེ་ཡི་རྩ་བ་ཡང་དུས་རྟག་ཏུ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནན་གྱིས་བསྒོམས་པ་ཁོ་ནས་སྐྱེ་བར་མདོ་སྡེ་དུ་མ་ལས་གསུངས་སོ། ། རྩ་བར། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། ། ལས་དགེ་བ་བསགས་པས་འབྲས་བུ་བདེ་བ་དང་། ལས་མི་དགེ་བ་བསགས་པས་འབྲས་བུ་སྡུག་བསྔལ་དག་ཇི་འདྲ་བྱས་ནས་བྱུང་ངམ་སྙམ་ན། དེ་ཡང་ཕྱི་ལུས་ཀྱི་སྡུག་བསྔལ་དང་། ནང་ཡིད་ཀྱི་ཚོར་འདུ་མི་བདེ་བ་དང་། སྲོག་ཆགས་རྣམས་ནི་གཅིག་ལ་གཅིག་ཟ་བ་ལྟ་བུའི་ཕྱིའི་འཇིགས་པ་རྣམ་པ་སྣ་ཚོགས་དང་། ནོར་ལོངས་སྤྱོད་ལ་སོགས་པའི་འདོད་པའི་དངོས་པོ་རྣམས་དང་བྲལ་བ་ནི། ཚེ་འདི་དང་ཚེ་རབས་སྔ་མ་རྣམས་སུ་སྡིག་པའི་ལས་ལ་ཤུགས་ཆེན་པོའི་ཐོག་ནས་སྤྱོད་པ་ལས་འབྱུང་བར་འགྱུར་རོ། ། རྩ་བར། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། ། ཡིད་ལ་བསམ་པའམ་སྨོན་པའི་དགེ་བ་བྱས་པས། ཚེ་ཕྱི་མར་སྐྱེ་གནས་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ནི། ཚེ་རབས་སྔོན་མ་དང་ད་ལྟར་བསགས་པའི་བསོད་ནམས་ཀྱི་ཚོགས་དེས། རྣམ་པར་སྨིན་པ་འབྲས་བུའི་ཡོན་ཏན་གྱིས་མངོན་པར་མཆོད་པར་འགྱུར་རོ། ། 236 རྩ་བར། སྡིག་པ་བྱེད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། ། རྟག་ཏུ་སྡིག་པ་འབའ་ཞིག་གི་ལས་ཁོ་ན་བྱེད་པ་པོ་དེ་ཚོས་རང་རང་ལ་བདེ་སྐྱིད་ཅིག་བྱུང་ན་འདོད་ཀྱིན་ཡོད་ཀྱང་། བདེ་འགྲོ་དང་ངན་འགྲོའི་གནས་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ནི། རང་རང་གིས་འདས་དང་ད་ལྟར་བསགས་དང་གསོག་བཞིན་པའི་སྡིག་པ་དེས། ཤིན་ཏུ་ལྕི་བའི་འབྲས་བུ་སྡུག་བསྔལ་གྱི་མཚོན་གྱིས་ལུས་སེམས་ཀྱི་གནས་ཀུན་རབ་ཏུ་རྣམ་པར་འཇོམས་པར་བྱེད་དོ། ། རྩ་བར། རྒྱ་ཆེ་དྲི་བཟང་བསིལ་བའི་པདྨའི་སྙིང་པོར་གནས། །རྒྱལ་བའི་གསུང་སྙན་ཟས་ཀྱིས་གཟི་བརྗིད་སྐྱེད་བྱེད་པ། །ཐུབ་འོད་ཀྱིས་རྒྱས་པདྨ་ལས་བྱུང་ལུས་མཆོག་ཅན། །རྒྱལ་བའི་མདུན་གནས་བདེ་གཤེགས་སྲས་སུ་དགེ་བས་འགྱུར། ། སྐྱེ་གནས་ཤིན་ཏུ་ཁྱོན་རྒྱ་ཆེ་ཞིང་། རབ་ཏུ་ཞིམ་པའི་དྲི་བཟང་པོ་དང་། རེག་བྱ་བསིལ་བའི་རང་བཞིན་དང་ལྡན་པའི་པདྨའི་སྙིང་པོར་གནས་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་རྒྱལ་བའི་གསུང་ཡན་ལག་དྲུག་ཅུའི་དབྱངས་སྙན་དང་། གསུང་གི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་ཀྱི་ཟས་ཀྱིས་ལུས་ཀྱི་གཟི་བརྗིད་རབ་ཏུ་སྐྱེད་པར་བྱེད་པ་དང་། ཐུབ་པ་མཆོག་གི་སྐུའི་གཟི་འོད་ཀྱིས་ཆེས་ཆེར་རྒྱས་ཤིང་འབྱེད་པའི་པདྨ་ལས་བྱུང་བའི་འོད་ཀྱི་རང་བཞིན་ཅན་གྱི་ལུས་མཆོག་ཅན། དག་པའི་ཞིང་དུ་རྒྱལ་བའི་མདུན་ན་གནས་ཤིང་། བདེ་བར་གཤེགས་པའི་སྲས་སུ་སྔར་བསོད་ནམས་ཀྱི་ཕུང་པོ་གྲངས་མེད་བསགས་པའི་འབྲས་བུ་དགེ་བས་སྐྱེ་བར་འགྱུར་རོ། ། རྩ་བར། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང་། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུར་བརྒྱར་ལྷགས་ཤིང་། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མི་དགེ་མང་པོས་འགྱུར། ། 237 གཤིན་རྗེའི་སྐྱེས་བུ་ཤིན་ཏུ་ནས་འཇིགས་སུ་རུང་བ་རྣམས་ཀྱིས་རང་གི་ལུས་ཀྱི་པགས་པ་མ་ལུས་པ་ཚང་མ་ཞིབ་ཏུ་བཤུས་པས། ཆེས་ཆེར་ཤིན་ཏུ་ཉམ་ཐག་ཅིང་། དུས་ཀྱི་མེས་ཀྱང་ཆ་ཙམ་ཡང་འགྲན་དུ་མི་བཟོད་པའི་རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་དམར་པོ་པགས་པ་བཤུས་པའི་ལུས་ལ་གང་འདོད་ཀྱིས་བླུགས་པར་གྱུར་ལ། མེ་རླབས་ཀྱིས་བཏུམ་པས་རབ་ཏུ་འབར་པའི་རལ་གྲི་དང་མདུང་ཐུང་དག་གིས་ཀྱང་ཤུགས་ཡོད་ཚད་ཀྱིས་བསྣུན་སྟབས། ལུས་ཀྱི་ཤ་ཡི་དུམ་བུར་བརྒྱར་ལྷགས་ཤིང་། དེ་ཡང་ཤིན་ཏུ་འབར་བའི་མེ་རླབས་འཕྱོ་བ་ལྟ་བུའི་ལྕགས་ཀྱི་ས་གཞིར་ལྷུང་བ་དེ་ནི། གྱི་མི་དགེ་བ་མང་པོ་བྱས་པའི་དབང་གིས་དེ་ལྟར་འགྱུར་རོ། ། རྩ་བར། དེ་བས་དགེ་ལ་མོས་བྱ་ཞིང་། །གུས་པ་ཉིད་དུ་བསྒོམ་པར་བྱ། །རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྩམས་ནས་ང་རྒྱལ་བསྒོམ་པར་བྱ། ། རྒྱུ་མཚན་དེ་བས་ན། དགེ་བའི་ཡོན་ཏན་རྣམས་རེ་རེ་བཞིན་མཐོང་བའི་སྒོ་ནས་རྣམ་པ་ཀུན་ཏུ་དགེ་བ་ལ་སེམས་གཏིང་ནས་མོས་པར་བྱ་ཞིང་། ཆེས་ཆེར་གུས་པ་ཉིད་དུ་བསྒོམ་པར་བྱ་དགོས། བྱང་ཆུབ་སེམས་དཔའི་བསླབ་བྱ་གཙོ་བོར་སྟོན་པའི་གཞུང་མདོ་སྡེ་ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་དྲུག་པ་ནས་བཤད་པའི་ཆོ་ག་དེ་ཡིས་བསྟན་པའི་དགེ་བའི་ལས་བརྩམས་ནས་ང་རྒྱལ་དང་སྤོབས་པ་བསྒོམ་པར་བྱའོ། ། རྩ་བར། དང་པོར་འབྱོར་བ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །མ་བརྩམ་པ་ཉིད་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱའོ། ། བྱ་བ་ཆེ་ཆུང་དང་ཁེ་ཉེན་ཡོད་མེད་གང་དང་གང་ཞིག་ཡིན་རུང་བྱ་བ་དེ་དང་དེ་འདྲར་འཇུག་པའི་དང་པོར་རང་གི་འཇོན་ཐང་དང་འབྱོར་བ་སོགས་ལ་ལེགས་པར་བརྟགས་ནས་ནི། བྱ་བ་འདིའི་འགོ་བརྩམ་མམ་ཡང་ན་མི་བརྩམ་ན་དགའ་ཐག་གཅོད་བྱ་དགོས། རང་གིས་མི་ནུས་ན་བྱ་བ་དེ་དང་དེའི་འགོ་མ་བརྩམ་པ་ཉིད་མཆོག་ཏུ་གྱུར་པ་ 238 ཡིན་གྱི། འགོ་བརྩམས་ནས་བཟུང་གློ་བུར་བུའི་རྐྱེན་ངན་ག་ཚོད་ཅིག་དང་འཕྲད་ཡང་། དེ་ལས་གཏན་ནས་ལྡོག་པར་མི་བྱའོ། ། རྩ་བར། སྐྱེ་བ་གཞན་དུ་དེ་གོམས་ཤིང་། །སྡིག་དང་སྡུག་བསྔལ་འཕེལ་བར་འགྱུར། །གཞན་དང་འབྲས་བུའི་དུས་ཀྱང་ནི། །དམན་འགྱུར་དེ་ཡང་འགྲུབ་མི་འགྱུར། ། བྱ་བ་ཆེ་ཆུང་ཐམས་ཅད་ཀྱི་མགོ་བརྩམས་ནས་མཇུག་མ་རྫོགས་པར་དེ་ལས་ལྡོག་པར་བྱས་ན། ཁྱོད་རང་གི་སྐྱེ་བ་གཞན་དང་གཞན་དུ་དེར་གོམས་ཤིང་། ཐོག་མའི་དམ་བཅའ་ལས་ཉམས་པའི་སྡིག་པའི་ལས་སྣ་ཚོགས་དང་། དེ་དག་ལས་བྱུང་བའི་འབྲས་བུའི་སྡུག་བསྔལ་སྣ་ཚོགས་པ་དག་གཅིག་རྗེས་གཉིས་མཐུད་དུ་འཕེལ་བར་འགྱུར་ལ། མཇུག་མ་འཁྱོལ་བ་དེས་དགེ་བ་གཞན་མི་འགྲུབ་པ་དང་། གྲུབ་དབང་དུ་བཏང་ཡང་འབྲས་བུའི་དུས་ཀྱང་ནི་སྟེ་འབྲས་བུའི་དུས་ཀྱི་ཚེ་ཤིན་ཏུ་དམན་པར་འགྱུར་བ་དང་། དེ་ཡང་བདེ་བླག་ངང་འགྲུབ་པར་མི་འགྱུར་རོ། ། རྩ་བར། ལས་དང་ཉོན་མོངས་ནུས་པ་སྟེ། །གསུམ་པོ་དག་ལ་ང་རྒྱལ་བྱ། །བདག་ཉིད་གཅིག་པུས་བྱའོ་ཞེས། །འདི་ནི་ལས་ཀྱི་ང་རྒྱལ་ཡིན། ། དེ་ཡང་ལས་ཀྱི་ང་རྒྱལ་དང་། ཉོན་མོངས་པའི་ང་རྒྱལ། ནུས་པ་སྟེ་ནུས་པའི་ང་རྒྱལ་བཅས་ང་རྒྱལ་གསུམ་པོ་དག་ལ་ང་རྒྱལ་ཞེས་བྱ་སྟེ། དོན་དུ་གཉེར་བར་འོས་པའི་བྱ་བ་ཞིག་ཡིན་པ་ལེགས་པར་མཐོང་ན། གཞན་ལ་མ་ལྟོས་པར་བདག་ཉིད་གཅིག་པུས་བྱའོ་ཞེས་སེམས་ཐག་བཅད་པ་འདི་རིགས་ནི། གོང་གསལ་ང་རྒྱལ་གསུམ་ལས་ལས་ཀྱི་ང་རྒྱལ་ཡིན་ནོ། ། རྩ་བར། ཉོན་མོངས་དབང་མེད་འཇིག་རྟེན་འདིས། །རང་དོན་སྒྲུབ་པར་མི་ནུས་པས། །འགྲོ་བས་བདག་ལྟར་མི་ནུས་ཏེ། །དེ་བས་བདག་གིས་འདི་བྱའོ། ། ཉོན་མོངས་པས་རང་ལ་རང་དབང་ཏོག་ཙམ་ཡང་མེད་པར་བྱས་པའི་འཇིག་རྟེན་འདིས། རང་རང་གི་ཚེ་ 239 འདི་ཕྱིའི་དོན་ཕྲ་མོ་ཙམ་ཡང་སྒྲུབ་པར་མི་ནུས་པས། འགྲོ་བ་གཞན་དང་གཞན་དག་གིས་བདག་ལྟར་དགེ་བར་བརྩོན་མི་ནུས་ཏེ། དེ་བས་ན་བདག་གིས་དེ་ལྟར་མི་ནུས་པའི་འགྲོ་བ་དེ་དང་དེ་དག་གི་བདེ་དོན་མ་ལུས་པ་འདི་ཡོངས་སུ་བསྒྲུབ་ཐུབ་ངེས་བྱའོ། ། རྩ་བར། གཞན་དག་དམན་པའི་ལས་བྱེད་ན། །བདག་ཉིད་ཀྱང་ནི་ཇི་ལྟར་འདུག ། ང་རྒྱལ་གྱིས་ནི་མི་བྱེད་དེ། །བདག་ལ་ང་རྒྱལ་མེད་པ་མཆོག ། འགྲོ་བ་གཞན་དང་གཞན་དག་གིས་ཆེད་དུ་གཉེར་ལྟ་བུས་བྱ་བ་དམན་པའི་ལས་མི་དགེ་བའི་རིགས་བྱེད་ན། བདག་ཉིད་ཀྱིས་ཀྱང་ནི་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ཀྱི་ཆེད་དུ་དགེ་བའི་ལས་ལ་བརྩོན་པ་ལྷུར་ལེན་དགོས་པ་ལས་ཞུམ་ལྷོད་ཀྱིས་ཇི་ལྟར་འདུག དེ་ལྟར་ན་ཡང་རང་སེམས་དོན་མེད་པའི་ང་རྒྱལ་གྱིས་ནི་ཁེངས་བཞིན་དགེ་བ་བརྩོན་པ་ལ་ནམ་ཡང་འཇུག་པར་མི་བྱེད་དེ། བདག་ལ་མི་དགེ་བའི་ང་རྒྱལ་དེ་དག་མེད་པ་དེ་ནི་ཡོན་ཏན་གྱི་མཆོག་ཐོབ་པ་དང་ཁྱད་ཅི་ཞིག་ཡོད། རྩ་བར། ཤི་བའི་སྦྲུལ་དང་འཕྲད་གྱུར་ན། །ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད། །གལ་ཏེ་བདག་ཉིད་ཉམ་ཆུང་ན། །ལྟུང་བ་ཆུང་ངུའང་གནོད་པར་བྱེད། ། སྟེས་དབང་གིས་ཤི་བའི་དུག་སྦྲུལ་ཞིག་དང་འཕྲད་པར་གྱུར་ན། བྱ་ཁྭ་ཏ་ནག་པོ་ཡང་མཁའ་ལྡིང་ལྟ་བུར་སྤྱོད་པར་བྱེད། གལ་ཏེ་བདག་ཉིད་ཀྱི་སེམས་ཀྱི་གཉེན་པོའི་སྟོབས་ཉམ་ཆུང་བར་གྱུར་ན། ཉེས་བྱས་ལ་སོགས་པའི་ལྟུང་བ་ཆུང་ངུ་ཞིག་མ་གཏོགས་མེད་ནའང་། དེས་ཀྱང་ཤིན་ཏུ་གནོད་པ་ཆེན་པོ་བྱེད་ངེས་སོ། ། རྩ་བར། ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་པ་ཡོད་དམ་ཅི། །ང་རྒྱལ་རྩོལ་བ་བསྐྱེད་པར་ནི། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། ། རྩ་བ་ནས་མི་ནུས་སྙམ་དུ་དགོངས་ནས་ཞུམ་པ་དང་བཅས་ལས་ཀྱི་རྩོལ་བ་ཐམས་ཅད་རྩྭ་བཞིན་དུ་དོར་བ་ཡིན་ན། དེ་ལ་ཆོས་ནོར་འདོད་ཐར་སོགས་གང་ལས་ཕོངས་པ་ 240 འབའ་ཞིག་ལས་ཐར་པ་ཞིག་ནམ་ཡང་ཡོད་དམ་ཅི་སྟེ་མེད། ལས་ཀྱི་ང་རྒྱལ་སོགས་ང་རྒྱལ་གྱི་མིང་གིས་བཏགས་པའི་སྤོབས་སེམས་ཆེན་པོས་ལྷོད་མེད་ཀྱིས་རྩོལ་བ་བསྐྱེད་པར་ནི། ཆེས་ཤིན་ཏུ་ལྟུང་བ་ཆེན་པོ་ཡིས་ཀྱང་ཐད་ཀར་གནོད་ཐུབ་པར་དཀའ་འོ། ། རྩ་བར། དེ་བས་སེམས་ནི་བརྟན་པ་ཡིས། །ལྟུང་བ་རྣམས་ནི་གཞོམ་བྱ་སྟེ། །བདག་ནི་ལྟུང་བས་ཕམ་བྱས་ན། །ཁམས་གསུམ་རྒྱལ་འདོད་བཞད་གད་འགྱུར། ། རྒྱུ་མཚན་དེ་བས་ན། ང་རྒྱལ་གྱིས་མིང་གིས་བཏགས་པའི་སྤོབས་པར་བསླབས་ནས་སེམས་ནི་རབ་ཏུ་བརྟན་པར་བྱས་པ་དེ་ཡིས། རང་ཉིད་འཛིན་པར་བྱེད་པའི་ལྟུང་བ་ཆེན་པོ་རྣམས་ནི་ལེགས་པར་གཞོམ་པར་བྱ་སྟེ། ནམ་ཞིག་གི་ཚེ་བདག་ནི་ལྟུང་བའི་ཉེས་པ་ལ་སོགས་པས་ཚུར་དྲན་དབང་ཙམ་ཡང་མེད་པར་ཕམ་པར་བྱས་ན། རང་ཉིད་ཁམས་གསུམ་ལས་རྒྱལ་བར་འདོད་པ་དེ་ནི་ནམ་ཡང་ཡོང་ཐབས་མེད་སྟབས། དེ་ལྟར་བསམ་པ་དེ་ནི་བཞད་གད་ཀྱི་རྒྱུར་འགྱུར་རོ། ། རྩ་བར། བདག་གིས་ཀུན་ལས་རྒྱལ་བྱས་ཏེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །རྒྱལ་བ་སེང་གེའི་སྲས་བདག་གིས། །ང་རྒྱལ་འདི་ལ་གནས་པར་བྱ། ། བདག་གིས་རང་ཉིད་རང་གི་མི་མཐུན་ཕྱོགས་ཀུན་ལས་ཡོངས་སུ་རྣམ་པར་རྒྱལ་བར་བྱས་ཏེ། བདག་ལས་བདག་གི་མི་མཐུན་ཕྱོགས་སུ་གང་ཡང་སྐད་ཅིག་ཙམ་ལའང་རྒྱལ་བའི་གོ་སྐབས་ཐོབ་པར་མི་བྱ་ཞིང་། བདུད་བཞི་ཕྲ་རགས་ཀྱི་སྐྱོན་མཐའ་དག་ལས་རྒྱལ་བའི་སངས་རྒྱས་སེང་གེ་ལྟ་བུའི་ཐུགས་སྲས་སུ་གྱུར་པ་བདག་གིས། བདག་ལས་ཁམས་གསུམ་གྱི་སྤང་བྱ་སུ་ཡང་རྒྱལ་བ་མི་བྱའོ་སྙམ་པའི་ང་རྒྱལ་གྱི་མཆོག་འདི་ལ་གནས་པར་བྱའོ། ། རྩ་བར། འགྲོ་གང་ང་རྒྱལ་གྱིས་བཅོམ་དེ། །ཉོན་མོངས་ང་རྒྱལ་ཅན་མ་ཡིན། །ང་རྒྱལ་ཅན་དགྲའི་དབང་མི་འགྲོ། །དེ་དག་ང་རྒྱལ་དགྲ་དབང་འགྱུར། ། 241 འགྲོ་བ་སེམས་ཅན་གང་ཞིག་བདག་འཛིན་ལ་བརྟེན་ནས་བྱུང་བའི་ང་རྒྱལ་གྱིས་ལྷག་མེད་དུ་བཅོམ་པ་དེ་དག་ནི། ཤིན་ཏུ་ཉོན་མོངས་ཤིང་སྡུག་བསྔལ་ཅན་ཡིན་གྱི། བྱང་ཆུབ་སེམས་དཔའི་ནུས་པའི་ང་རྒྱལ་ཅན་མ་ཡིན་ཏེ། དེ་ཡིན་ན། ཉོན་མོངས་པའི་ང་རྒྱལ་ཅན་གྱི་དགྲའི་དབང་དུ་མི་འགྲོ་བ་ཡིན་པ་ལ། ཐ་མལ་པའི་ང་རྒྱལ་ཅན་དེ་དག་ཉོན་མོངས་པའི་ང་རྒྱལ་ཅན་གྱི་དགྲའི་དབང་དུ་འགྱུར་བའི་ཕྱིར་རོ། ། རྩ་བར། ཉོན་མོངས་ང་རྒྱལ་གྱིས་ཁེངས་ནས། །ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅིང་། །མི་ཡི་དགའ་སྟོན་བཅོམ་པ་དང་། །གཞན་གྱི་ཟན་སའི་བྲན་དང་ནི། །གླེན་པ་མི་སྡུག་ཉམ་ཆུང་དང་། །ཐམས་ཅད་དུ་ནི་བརྙས་པར་འགྱུར། ། རྒྱུན་དུ་ནས་ཉོན་མོངས་པའི་ང་རྒྱལ་གྱིས་སེམས་རབ་ཏུ་ཁེངས་ནས་འཚོ་སྡོད་བྱེད་བཞིན་པ་དག ནམ་ཞིག་ལུས་སེམས་ཁ་བྲལ་དུ་སོང་རྗེས་ངན་འགྲོར་ང་རྒྱལ་གྱིས་ཁྲིད་པར་བྱེད་ཅིང་། སྔར་ང་རྒྱལ་གྱི་དབང་དུ་གྱུར་ནས་མི་གཞན་ལ་བརྙས་བཅོས་དང་ཐུབ་ཚོད་སོགས་བྱས་པའི་ཉེར་ལེན་གྱིས་ད་ལྟའི་ལུས་རྟེན་འདི་ལ་མི་ཡི་དགའ་ཞེན་དང་བརྩེ་དུང་སོགས་ཀྱིས་མཚོན་པའི་དགའ་སྟོན་ཡོད་ཚད་བཅོམ་པ་དང་། གཞན་གྱི་ཟན་ནམ་ཟས་ཟ་སའི་གླ་བྲན་དང་ནི། ད་དུང་གླེན་པ་དང་། མདོག་མི་སྡུག་པ། ལུས་ཤིན་ཏུ་ནས་ཉམ་ཆུང་བ་དང་། རང་གི་ཐམས་ཅད་དུ་ནི་གཞན་གྱིས་བརྙས་པར་འགྱུར་རོ། ། རྩ་བར། ང་རྒྱལ་གྱིས་ཁེངས་དཀའ་ཐུབ་ཅན། །དེ་ཡང་ང་རྒྱལ་ཅན་གཏོགས་ན། །དམན་པ་ཅི་འདྲ་ཡིན་པ་སྨོས། ། ང་ལས་མཆོགག་ཏུ་གྱུར་པའི་གང་ཟག་གཞན་སུ་ཡང་འཇིག་རྟེན་འདིར་མེད་སྙམ་པའི་ང་རྒྱལ་གྱིས་རབ་ཏུ་ཁེངས་པའི་ལུས་ཀྱི་དཀའ་སྤྱད་འབའ་ཞིག་གཉེར་པའི་དཀའ་ཐུབ་ཅན་དེ་ཡང་དོན་དུ་ང་རྒྱལ་ཅན་གྱི་གྲས་སུ་གཏོགས་ན། ང་རྒྱལ་གྱིས་དབེན་པའི་དམན་པ་དེ་ཅི་འདྲ་ཞིག་ཡིན་པ་སྨོས་ཤིག། 242 རྩ་བར། གང་ཞིག་ང་རྒྱལ་དགྲ་ལས་རྒྱལ་ཕྱིར་ང་རྒྱལ་འཆང་། །དེ་ནི་ང་རྒྱལ་ཅན་དང་རྣམ་རྒྱལ་དཔའ་དེ་ཉིད། །གང་ཞིག་ང་རྒྱལ་དགྲ་བདོ་བ་ཡང་ངེས་བཅོམ་ཏེ། །འགྲོ་ལ་འདོད་བཞིན་རྒྱལ་བའི་འབྲས་བུ་རྫོགས་པར་བྱེད། ། གང་ཞིག་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་ལས་རྒྱལ་བར་བྱ་བའི་ཕྱིར་དུ་ཆེད་མངགས་ཉོན་མོངས་པའི་དབང་དུ་བསྡུས་པའི་གཉེན་པོའི་ང་རྒྱལ་འཆང་བ་ཡིན། དེ་འདྲ་བའི་ང་རྒྱལ་དེ་ནི། བྱང་ཆུབ་སེམས་དཔའ་ཚོས་དང་དུ་ལེན་པར་འོས་པའི་སྤོབས་པའི་ང་རྒྱལ་ཅན་དང་། རྣམ་པར་རྒྱལ་བ་དང་། དཔའ་བོ་ཡང་དེ་ཉིད་ཡིན། གང་ཞིག་ང་རྒྱལ་གྱི་དགྲ་བདོ་བ་སྟེ་ཤུགས་ཆེ་བ་དེ་ཡང་ངེས་པར་དུ་བཅོམ་པ་ཡིན་ཏེ། རང་རྒྱུད་ཀྱི་སྤང་བྱའི་ཉོན་མོངས་དག་ཐད་ཀར་གཉེན་པོས་ལྷག་མེད་ད་བཅོམ་པ་མ་ཟད། འགྲོ་བ་གཞན་ལ་ཡང་འདོད་མོས་བཞིན་རྒྱལ་བའི་འབྲས་བུ་སྟེ་སངས་རྒྱས་ཀྱི་གོ་འཕང་རྫོགས་པར་བྱེད་དོ། ། རྩ་བར། ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་སྲན་གཟུགས་ཏེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། ། ཉོན་མོངས་པའི་ཕྱོགས་སམ། རང་རྒྱུད་ལ་ཁོང་ཁྲོ་སོགས་ཉོན་མོངས་སྐྱེད་བྱེད་ཀྱི་གཞི་རྩ་བྱེད་པའི་སྐྱེ་བོ་མི་བསྲུན་པ་དེ་ཚོའི་ཁྲོད་དུ་གནས་ན། རྣམ་པ་སྟོང་དུ་ཡང་གཉེན་པོའི་སྟོབས་ཀྱིས་སྲན་གཟུགས་ཏེ་རང་ཚུགས་ཀྱིས་གནས་དགོས། དཔེར་ན། སྲོག་ཆགས་ཉམ་ཆུང་དང་ནུས་མེད་ཝ་སྐྱེས་ལ་སོགས་པའི་རི་དྭགས་ཕལ་པས། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལ་གནོད་པ་ཕྲ་མོ་ཙམ་ཡང་སྐྱེལ་མི་ནུས་པ་བཞིན། ཉོན་མོངས་པའི་ཚོགས་ཀྱིས་ཀྱང་རང་ཉིད་ལ་གཏན་ནས་མི་ཚུགས་པར་བྱ་དགོས། རྩ་བར། ཉམ་ང་ཆེ་ཐང་བྱུང་གྱུར་ཀྱང་། །མི་ཡིས་མིག་ནི་བསྲུང་བ་ལྟར། །དེ་བཞིན་ཉམ་ང་བྱུང་གྱུར་ཀྱང་། །ཉོངས་མོངས་དབང་དུ་མི་འགྱུར་བྱ། ། ཉམ་ང་ཆེ་ཐང་སྟེ་སྲོག་ལ་རྒོལ་བའི་འཇིགས་པ་ཆེན་པོ་ཞིག་བྱུང་བར་གྱུར་ཀྱང་། ནུས་ཤུགས་ཡོད་རྒུས་མི་སུ་ 245 དང་སུ་ཡིས་ཀྱང་རང་རང་གི་མིག་དེ་ནི་ཡིད་གཟབ་དང་གཅེས་སྤྲས་ཀྱིས་བསྲུང་བ་ལྟར། དེ་བཞིན་དུ་དུས་དང་གནས་སྐབས་གང་དུའང་ཉམ་ང་ཆེན་པོ་གང་འདྲ་ཞིག་བྱུང་བར་གྱུར་ཀྱང་། རང་ཉིད་དུས་ནམ་དུ་ཡང་འཇིགས་སུ་རུང་བའི་ཉོན་མོངས་ཀྱི་དབང་དུ་མི་འགྱུར་བ་ཞིག་ངེས་པར་དུ་བྱ་དགོས་སོ། ། རྩ་བར། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །དེ་བཞིན་གནས་སྐབས་ཐམས་ཅད་དུ། །རིགས་པ་ལས་ནི་གཞན་མི་སྤྱད། ། བདག་ནི་རང་ལ་ཤིན་ཏུ་སྡང་བའི་དགྲ་བོ་སོགས་ཀྱིས་གསོན་པོར་བསྲེགས་ཏེ་བསད་གྱུར་ཏམ། བདག་གི་མགོ་བོ་བཅད་གཏུབ་ཇི་ལྟར་བྱས་ཀྱང་བླའིའམ་རུང་། དུས་དང་རྣམ་པ་ཀུན་ཏུ་འཇིགས་སུ་རུང་བའི་ཉོན་མོངས་པའི་དགྲ་ལ་ནི་རྩ་བ་ནས་འདུད་པར་མི་བྱའོ། །དེ་བཞིན་དུས་དང་གནས་སྐབས་ཐམས་ཅད་དུ་ཡང་སྤང་བྱའི་གཉེན་པོ་སྒོམ་པ་སོགས་རིགས་པའི་ལས་ནི་འབའ་ཞིག་མ་གཏོགས། ལས་སུ་མི་རུང་བའི་དོན་མེད་པའི་བྱ་གཞག་གཞན་དག་ནམ་ཡང་མི་སྤྱད་དེ་སྤྱད་པར་མི་བྱའོ། ། རྩ་བར། རྩེད་མོའི་བདེ་འབྲས་འདོད་པ་ལྟར། །འདི་ཡིས་བྱ་བའི་ལས་གང་ཡིན། །ལས་དེ་ལ་ནི་ཞེན་བྱ་སྟེ། །ལས་དེས་མི་ངོམས་དགའ་བར་བྱ། ། རྩེད་མོའི་རིགས་ལ་མངོན་པར་ཞེན་པའི་བྱིས་པ་འགའ་ཞིག་གིས་རྩེད་རིགས་སྣ་ཚོགས་ལ་བརྟེན་ནས་རང་ཉིད་ལ་བདེ་བའི་འབྲས་བུ་སྤྲོ་སྣང་ལ་སོགས་པ་འབྱུང་བར་འདོད་པ་མ་ཟད། ཟས་ཀྱང་མི་འདོད་པར་དུས་རྒྱུན་དུ་ནས་རྩེད་རིགས་འདྲ་མིན་ལ་སྤྲོ་བས་འཇུག་པ་ལྟར། བྱང་ཆུབ་སེམས་དཔའ་འདི་ཡིས་ཀྱང་རྣམ་པ་ཐམས་ཅད་དུ་གཞན་དོན་འབའ་ཞིག་གི་ཆེད་དུ་ཐོས་བསམ་སྒོམ་གསུམ་གྱི་བྱ་བའི་ལས་གང་ཡིན་པའི་ལས་དེ་དང་དེ་ལ་ནི་ཤིན་ཏུ་ནས་དགའ་བས་ཞེན་པར་བྱ་སྟེ། ལས་དེ་དང་དེས་གཏན་ནས་མི་ 244 ངོམས་པར་དགའ་བའི་སྒོ་ནས་དེ་མཚུངས་ཀྱི་ལས་གཞན་དང་གཞན་དག་ལ་ཡང་བརྩོན་པས་འཇུག་པར་བྱའོ། ། རྩ་བར། བདེ་བའི་དོན་དུ་ལས་བྱས་ཀྱང་། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི། །གང་གི་ལས་ཉིད་བདེ་འགྱུར་བ། །དེ་ལས་མི་བྱེད་ཅི་ལྟར་བདེ། ། འཇིག་རྟེན་འདིར་འཚོ་ཞིང་གནས་པའི་སྐྱེ་བོ་ཕལ་པ་དེ་ཚོས་རང་རང་ལ་བདེ་བ་འབའ་ཞིག་འབྱུང་བའི་དོན་དུ་ཉིན་མཚན་ལྟོས་མེད་ཀྱིས་ལས་དང་བྱ་བ་སྣ་ཚོགས་པ་ཞིག་གཉེར་བར་བྱས་ཀྱང་། ལས་དང་བྱ་བ་དེ་ཚོ་རང་རང་ལ་བདེ་བ་ཞིག་འབྱུང་བའི་རྒྱུར་འགྱུར་དང་མི་འགྱུར་གཏོལ་མེད་དམ་ཆ་མ་མཆིས་པ་ཞིག་ཡིན་ནའང་། ད་དུང་དེ་དག་ལ་བློ་ཐག་ཆོད་པོའི་སྒོ་ནས་འབད་པ་བྱེད་ཀྱི་ཡོད། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་འབྱུང་བའི་གཞི་རྩ་བྱང་ཆུབ་སེམས་དཔའ་གང་གི་བསོད་ནམས་ཀྱི་ལས་དེ་ཉིད་ཀྱིས་བདེ་བར་འགྱུར་བ་བརྗོད་མ་དགོས་ཀྱང་། དེ་འདྲའི་བསོད་ནམས་ཀྱི་ལས་དེ་དག་དོན་དུ་གཉེར་བར་མི་བྱེད་པར་ཅི་ལྟར་བདེ་བར་འགྱུར་ཏེ་མི་འགྱུར་རོ། ། རྩ་བར། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། ། སྤུ་གྲིའི་སོ་གར་ཆགས་པའི་སྦྲང་རྩི་ལ་འདོད་པའི་ལྕེས་བལྡག་པའི་ཚེ་ན། མངར་བའི་རོ་ཏོག་ཙམ་མྱོང་རྒྱུ་ཡོད་ཀྱང་ལྕེ་གཤག་པ་ལྟ་བུའི་ཤིན་ཏུ་ཉེན་ཁ་ཆེ་བའི་འདོད་པ་རྣམས་ཀྱིས་ཀྱང་ལན་གཅིག་རེས་མི་ངོམས་པར་ཡང་དང་བསྐྱར་དུ་དེའི་ཕྱོགས་སུ་རྒྱུག་པར་བྱེད་ན། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ལས་འཕྲལ་དུ་རྣམ་སྨིན་བདེ་ལ། ཕུགས་ནས་བདེ་སྐྱིད་ཀྱི་མཐར་ཐུག་པ་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ཡི་རྒྱུའི་རྩ་བར་གྱུར་པ་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། 245 རྩ་བར། དེ་ལྟས་ལས་ཚར་ཕྱིན་བྱའི་ཕྱིར། །ཉི་མ་ཕྱེད་དུས་གདུངས་པ་ཡི། །གླང་ཆེན་མཚོ་ཕྲད་མཚོར་འཇུག་ལྟར། །ལས་དེ་ལ་ཡང་འཇུག་པར་བྱ། ། དེ་ལྟ་བས་ན། རང་གཞན་དོན་དུ་དགེ་བའི་ལས་གང་དང་གང་ཞིག་བརྩམས་པ་དེ་དག་ཚར་ཕྱིན་ཏེ་མཐར་ཕྱིན་པར་བྱ་བའི་ཕྱིར། དཔེར་ན། སོས་ཀ་ཉི་མ་ཕྱེད་དུས་ཧ་ཅང་ཚ་བས་རེག་པས་ལུས་ཤིན་ཏུ་གདུངས་པ་ཡི་གླང་ཆེན་དག སྣ་ཚོགས་མེ་ཏོག་གིས་ལེགས་པར་བརྒྱན་པའི་མཚོ་རྫིང་ཡིད་དུ་འོང་བ་དག་དང་འཕྲད་མ་ཐག་ཏུ། ཐེ་ཚོམ་གང་ཡང་མེད་པར་མཚོ་རྫིང་དེར་སྤྲོ་ཉམས་ཀྱིས་འཇུག་པ་ལྟར། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གཞན་ཕན་བསྒྲུབ་པའི་ལས་དེ་རིགས་ལ་ཡང་ཤིན་ཏུསྤྲོ་བས་འཇུག་ཅིང་མཐར་ཕྱིན་པར་བྱའོ། ། རྩ་བར། སྟོབས་ཉམས་པ་དང་རྗེས་འབྲེལ་ན། །སླར་བྱའི་དོན་དུ་འདོར་བར་བྱ། །ལེགས་པར་ཟིན་ན་ཕྱི་མ་དང་། །ཕྱི་མ་འདོད་པས་དེ་སྤང་བྱ། ། བསམ་གཏན་གྱི་ཏིང་ངེ་འཛིན་སྒོམ་པ་དང་། མཚམས་བསྙེན་སྒྲུབ་དང་། ཕྱག་འཚལ་སྐོར་སྦྱོང་བྱེད་པ་ལྟ་བུ་གང་གི་སྐབས་སུ་ཡང་ཐང་ཆད་པ་ལྟ་བུའི་ཚོར་སྣང་གིས་མུ་མཐུད་ནས་དགེ་བའི་ལས་སྒྲུབ་པའི་ནུས་སྟོབས་ཉམས་པའི་ཉེན་ཁ་དང་རྗེས་སུ་འབྲེལ་ན། སླར་བསོད་ནམས་གསོག་པའི་བྱ་བ་དག་བསྒྲུབ་པའི་དོན་དུ་ཐང་ཆད་མཚམས་ནས་ངལ་གསོས་ཀྱིས་ལུས་སེམས་ཀྱི་ནུས་པ་སྔར་ལྷག་བརྟས་པར་བྱ་ཕྱིར་བསོད་ནམས་ཀྱི་ལས་དེ་དག་རེ་ཞིག་གི་ཚེ་འདོར་བར་བྱ། ནུས་པ་ལེགས་པར་བརྟས་ཚེ། སླར་ཡང་སྔར་གང་བརྩམས་པའི་དགེ་བའི་ལས་དེའི་འཕྲོ་བསྐྱངས་ཏེ་ལེགས་པར་གྲུབ་ཟིན་པ་བྱུང་སོང་ན། གཞི་ནས་དེ་ལས་ཀྱང་ལྷག་པའི་དགེ་བའི་ལས་ཕྱི་མ་དང་། དེ་ཟིན་ནས། སླར་ཡང་དེ་ལས་ཀྱང་ཆེས་ཆེར་ལྷག་པའི་དགེ་བའི་ལས་ཕྱི་མའི་ཕྱི་མ་དག་ལ་ཤིན་ཏུ་སྤྲོ་བས་འཇུག་པར་འདོད་པས་དེ་སྔར་བྱས་ཟིན་པའི་བྱ་བ་སྔ་མའི་རིགས་དེ་དག་སྤང་བར་བྱ་དགོས། 246 བྱ་བ་སྔ་མ་དེ་དག་མ་སྤངས་ན་བྱ་བ་ཕྱི་མ་ཕྱི་མ་དག་ལ་འཇུག་པའི་གེགས་སུ་འགྱུར་བའི་ཕྱིར་རོ། ། རྩ་བར། འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་ཁ་ལྷགས་པ་བཞིན། །ཉོན་མོངས་མཚོན་ལས་གཟུར་བྱ་ཞིང་། །ཉོན་མོངས་དགྲ་རྣམས་གཞོམ་པར་བཏགས། ། སྔར་ཡང་ཡང་གཡུལ་ངོར་འཐབ་འཛིང་བྱས་མྱོང་བའི་འཐབ་གྲོགས་རྙིང་པ་ཚོ་དང་འགྲོགས་ནས་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པ་སྟེ་མཚོན་ཆ་གཡུག་རེས་བྱེད་བཞིན་པའི་སྐབས། འཐབ་གྲོགས་རྙིང་པ་དེ་ཚོ་དགྲ་སྡེ་འཇོམས་པ་དང་རང་ཉིད་སྲུང་སྐྱོབ་ཀྱི་ལས་དོན་གཉི་གར་དོ་མཉམ་གྱིས་འཇུག་པ་ལྟར། འདིར་ཡང་ལམ་ཉམས་ལེན་བྱེད་པའི་སྐབས་སུ་ཤིན་ཏུ་འཇིགས་སུ་རུང་བའི་ཉོན་མོངས་པའི་མཚོན་ལས་རང་ཉིད་སྐབས་གང་ཡོད་ཀྱིས་གཟུར་བར་བྱ་ཞིང་། མ་ཟད་ཉོན་མོངས་པའི་དགྲ་སྡེ་རྣམས་རེ་རེ་བཞིན་རང་རྒྱུད་ནས་ལྷག་མེད་དུ་གཞོམ་པར་བཏགས་དགོས། རྩ་བར། གཡུལ་དུ་རལ་གྲི་ལྷུང་གྱུར་ན། །འཇིགས་པས་མྱུར་དུ་ལེན་པ་ལྟར། །དེ་བཞིན་དྲན་པའི་མཚོན་ཤོར་ན། །དམྱལ་བའི་འཇིགས་དྲན་མྱུར་དུ་བླང་། ། རང་གི་དགྲ་སྡེ་དང་མཉམ་དུ་གཡུལ་འཐབ་བྱེད་བཞིན་པའི་སྐབས་སུ། གཡུལ་དེ་བཞིན་དུ་རང་གི་ལག་གི་རལ་གྲི་ས་ལ་ལྷུང་བར་གྱུར་ན། དགྲ་ལག་ནས་རང་ཉིད་ཕམ་པར་བསམས་ཏེ་ཤིན་ཏུ་ནས་འཇིགས་པས་རལ་གྲི་ས་ནས་མྱུར་དུ་ལེན་པ་ལྟར། ལམ་ཉམས་སུ་ལེན་པ་པོས་ཀྱང་དང་པོ་ཉིད་ནས་སྤང་བླང་གི་གནས་མི་བརྗེད་པའི་དྲན་པའི་མཚོན་ཆ་མ་ཤོར་བ་ལ་འབད་དགོས་ཤིང་། གལ་སྲིད་སྟབས་ཉེས་པས་དྲན་པའི་མཚོན་ཆ་ཤོར་བར་གྱུར་ན། རང་ཉིད་ཉོན་མོངས་པས་ཧམ་སེམས་ལྟ་བུས་བཅོམ་ནས་དམྱལ་བར་སྐྱེ་ངེས་སྟབས། དམྱལ་བའི་འཇིགས་པ་རྣམས་རེ་རེ་བཞིན་དྲན་པར་བྱས་ཏེ། དམྱལ་བའི་འཇིགས་པ་རྣམས་དྲན་པའི་དྲན་ཤེས་ཀྱི་གཉེན་པོ་དག་མྱུར་དུ་བླང་ངོ་། ། 247 རྩ་བར། ཇི་ལྟར་ཁྲག་ལ་བརྟེན་བཅས་ནས། །དུག་ནི་ལུས་ལ་ཁྱབ་གྱུར་པ། །དེ་བཞིན་གླགས་ནི་རྙེད་གྱུར་ན། །ཉེས་པས་སེམས་ལ་ཁྱབ་པར་འགྱུར། ། དུག་ནག་འགོས་པའི་མདེའུ་ཞིག་རང་གི་ལུས་ལ་ཕོག་ནས་རྨ་ཏོག་ཙམ་མ་གཏོགས་མ་བཏོད་ན་ཡང་། ཇི་ལྟར་རང་གི་ལུས་ཀྱི་ཟུངས་ཁྲག་ལ་བརྟེན་བཅས་ནས་མདེའུ་སྟེང་གི་དུག་ནི་ལུས་ཀྱི་གནས་ཀུན་ལ་སྐད་ཅིག་དེ་ཉིད་ལ་ཁྱབ་པར་གྱུར་པ་དེ་བཞིན། གལ་ཏེ་གླགས་སམ་སྐབས་ནི་རྙེད་པར་གྱུར་ན། དེ་ལ་བརྟེན་ནས་གཞན་ལ་ཆགས་པ་དང་སྡང་བའི་ཉེས་པས་སྐད་ཅིག་དེ་ཉིད་ལ་སེམས་ལ་ཁྱབ་པར་འགྱུར་རོ། ། རྩ་བར། ཡུངས་མར་བཀང་བའི་སྣོད་བསྐུར་ལ། །རལ་གྲི་ཐོགས་པའི་དྲུང་བསྡད་དེ། །བོ་ན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་བཞིན་བསྒྲིམ། ། ཡོངས་མར་གྱིས་བཀང་བའི་སྣོད་ལག་ཏུ་བསྐུར་ཏེ་ཤིན་ཏུ་ཉེན་ཁ་ཆེ་བའི་ལམ་གཟར་ཞིག་ལ་འགྲོར་བཅུག་པ་དང་། གདུག་རྩུབ་ཆེ་བའི་རལ་གྲི་ཐོགས་པའི་མི་ཞིག་དྲུང་དུ་བསྡད་དེ། ཁྱོད་ཀྱིས་ཡུངས་མར་གྱི་སྣོད་དེ་ལས་ཐིགས་པ་གཅིག་ཙམ་ས་ལ་བོ་ན་དེ་མ་ཐག་གསོད་རྒྱུ་ཡིན་ཞེས་བསྡིགས་ར་བསྐུར་ན། མི་དེ་རང་ཉིད་གསོད་པར་འཇིགས་པས་ཏན་ཏན་ཏིག་ཏིག་གིས་བློ་རིག་བསྒྲིམས་ནས་ལམ་གཟར་དེར་འགྲོ་བ་ལྟར། སྡོམ་བརྩོན་བརྟུལ་ཞུགས་ཅན་གྱིས་ཀྱང་རྒྱུན་དུ་ནས་དྲན་ཤེས་ཀྱི་རིགས་ལ་དེ་བཞིན་བསྒྲིམས་དགོས། རྩ་བར། དེ་བས་པང་དུ་སྦྲུལ་འོངས་ན། །ཇི་ལྟར་རིངས་པས་ལྡང་བ་ལྟར། །དེ་བཞིན་གཉིད་དང་སྙོམ་འོངས་ན། །མྱུར་དུ་དེ་དག་བཟློག་པར་བྱེད། ། རྒྱུ་མཚན་དེ་བས་ན། སྡར་མ་ཞིག་བག་ཕེབས་པར་བསྡད་པའི་གནས་སྐབས་ཤིག་ལ་གློ་བུར་དུ་པང་དུ་སྦྲུལ་ཆེན་པོ་ཞིག་འོངས་པ་མཐོང་བའི་ཚེ་ན། ཇི་ལྟར་དུག་གིས་ཟིན་པར་འགྱུར་སྙམ་པའི་སྒོ་ནས་རིངས་པ་སྟེ་མྱུར་བའི་ཚུལ་གྱིས་ས་དང་གནམ་ལ་ལྡང་ 248 བ་བྱེད་པ་ལྟར། དེ་བཞིན་ལེ་ལོ་སྐྱེ་བའི་རྐྱེན་གཉིད་དང་། སྙོམ་ལས་བདེ་བའི་རོ་མྱང་འདོད་ཀྱི་བསམ་པ་སོགས་འོངས་པར་འདུག་ན། མྱུར་དུ་གཉིད་དང་སྙོམ་ལས་དེ་དག་རླུང་བསིལ་ས་སོགས་ལ་སོང་ནས་བཟློག་པར་བྱེད་དགོས། རྩ་བར། ཉེས་པ་བྱུང་བ་རེ་རེ་ཞིང་། །བདག་ལ་སྨད་ནས་ཅི་ནས་ཀྱང་། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡུན་རིང་བསམ། ། དེ་ལྟར་བྱས་ཀྱང་ད་དུང་ཉེས་བྱས་སྣ་ཚོགས་ཤིག་འབྱུང་སྲིད་སྟབས། ཉེས་པ་བྱུང་བ་དག་རེ་རེ་ཞིང་བདག་གིས་ནོར་འཁྲུལ་བྱུང་སོང་། དེར་བརྟེན་བདག་ཧ་ཅང་ཐབས་སྐྱོ་བོ་རེད་སྙམ་དུ་བདག་ལ་སྨད་ནས་ཅི་ནས་ཀྱང་། བདག་ལ་ད་ཕྱིས་ཉེས་པ་འདི་ལྟ་བུ་མི་འབྱུང་བ་དེ་ལྟར་བདག་གིས་བྱ་ཞེས་ཡུན་རིང་བསམ་དགོས། རྩ་བར། ཇི་ལྟར་གནས་སྐབས་འདི་དག་ལ། །དྲན་པ་གོམས་པ་ཉིད་འགྱུར་ཞེས། །རྒྱུ་འདི་ཡིས་ནི་ཕྲད་པ་འམ། །རིགས་པའི་ལས་ནི་འདོད་པར་བྱ། ། ཇི་ལྟར་ཉེས་པའི་ཚོགས་དེ་དག་མི་འབྱུང་བའི་ཆེད་དུ་བག་ཡོད་དང་ཤེས་བཞིན་ལྷུར་ལེན་པའི་གནས་སྐབས་འདི་དག་ལ། དྲན་པ་བརྟན་ཆགས་སུ་གོམས་པ་ཉིད་དུ་འགྱུར་རོ་ཞེས་དེ་ལེགས་པར་གོམས་པའི་རྒྱུ་འདི་དང་འདི་ཡིས་ནི། བླ་མ་དགེ་བའི་བཤེས་གཉེན་དག་དང་ཡང་ནས་ཡང་དུ་ཕྲད་པ་འམ། དེ་དག་ལས་གདམས་པའི་དོན་རིགས་ཤིང་ཐོས་པའི་ལས་ནི་ཅི་འདོད་འདོད་ཀྱི་སྒོ་ནས་བསྟེན་པར་བྱའོ། ། རྩ་བར། ཅི་ནས་ལས་བྱེད་སྔོན་རོལ་ནས། །ཐམས་ཅད་ལ་ནི་མཐུ་ཡོད་པ། །དེ་ལྟ ར་བག་ཡོད་གཏམ་དྲན་ཏེ། །བདག་ཉིད་ལྡང་བ་ཡང་བར་བྱ། ། ཅི་ནས་དགེ་བའི་ལས་སོགས་བྱེད་པའི་སྔོན་རོལ་ནས། དགེ་བའི་ལས་བྱེད་པའི་བྱ་བ་ཐམས་ཅད་ལ་ནི་བརྩོན་འགྲུས་ཀྱི་མཐུ་ཡོད་པ་དེ་ལྟར་བྱ་བའི་ཕྱིར་དུ། བག་ཡོད་ཀྱི་གཏམ་དེ་ཉིད་སེམས་ངོར་ཡང་ཡང་དྲན་པར་བྱས་ཏེ། བདག་ཉིད་གཞན་དོན་དུ་དགེ་བའི་བྱ་བ་ཅི་ལྟ་བུ་ཞིག་ལ་འཇུག་པའི་ཚེ་ན་ཡང་ལྡང་བ་ཡང་བར་བྱ་དགོས། 249 རྩ་བར། ཇི་ལྟར་རླུང་ནི་འགྲོ་བ་དང་། །འོང་བས་ཤིང་བལ་དབང་བསྒྱུར་བ། །དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ། །དེ་ལྟར་ན་ནི་འགྲུབ་པར་འགྱུར། ། ཇི་ལྟར་རླུང་ནི་འགྲོ་བ་དང་འོང་བས་ཤིང་བལ་ལ་སོགས་པ་དབང་བསྒྱུར་བ་སྟེ་ཁ་ཕྱོགས་འདྲ་མིན་དུ་བསྐྱོད་པ་དེ་བཞིན་དུ། བྱང་ཆུབ་ཀྱི་སྤྱོད་པར་སློབ་འདོད་ཀྱི་བློ་ཤུགས་དྲག་པོས་དགའ་ཞིང་སྤྲོ་བས་དབང་བསྒྱུར་ཏེ་འཇུག་པ། དེ་ཡང་ལུས་སེམས་མི་དུབ་པའི་ཚོད་ཙམ་ནས་མཚམས་འཇོག་པར་མཁས་པས་བྱེད་ཐུབ་པ་ཞིག་བྱུང་བ་དེ་ལྟར་ན་ནི། དགེ་བའི་བྱ་བ་གང་འདྲ་ཞིག་འགྲུབ་པར་བྱེད་དགོས་ཀྱང་དཀའ་ཚེགས་ཆེར་མེད་པར་བདེ་བླག་ངང་འགྲུབ་པར་འགྱུར་རོ། ། ལེའུ་བདུན་པའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བརྩོན་འགྲུས་ཀྱི་ལེའུ་ཞེས་བྱ་བ་སྟེ་བདུན་པའི་འབྲུ་འགྲེལ། ༨༽ ལེའུ་བརྒྱད་པ། 250 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བསམ་གཏན་བསྟན་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་འཇོག ། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། ། དེ་ལྟར་མི་མཐུན་པའི་ཕྱོགས་མཐའ་དག་རྩད་ནས་གཅོད་པའི་ཕྱིར་དུ་ལེའུ་བདུན་པ་ནས་བཤད་པ་ལྟར་གྱི་བརྩོན་འགྲུས་རང་རྒྱུད་ལ་ལེགས་པར་བསྐྱེད་ནས་ནི། ཡིད་ནི་བྱིང་བ་དང་རྒོད་པའི་གཞན་དབང་དུ་མི་གཏོང་བར་སྐབས་སུ་གང་བབ་ཀྱི་དགེ་བའི་དམིགས་པ་དེར་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་དགོས། དེ་ཡང་ལེའུ་བདུན་པ་ནས་བཤད་པའི་བརྩོན་འགྲུས་དེ་རང་རྒྱུད་ལ་ཤུགས་ཆེན་པོ་ཞིག་ཡོད་པའི་དབང་དུ་བཏང་ཡང་། བྱང་རྒོད་ཀྱིས་སེམས་དེ་ནི་དམིགས་པ་ལ་རྩེ་གཅིག་ཏུ་མི་གནས་པར་ག་ས་གང་དུ་རྣམ་པར་གཡེང་བའི་མི་དེ་ཉིད། ཤིན་ཏུ་གདུག་རྩུབ་ཆེ་བའི་ཉོན་མོངས་པའི་མཆེ་བའི་ཕྲག་ན་སྟེ་དཀྱིལ་དབུས་སུ་གནས་སྟབས། མི་རིང་བར་མཐའ་མེད་པའི་ངན་འགྲོར་ལྷུང་བའི་ཉེན་ཁ་ཤིན་ཏུ་ཆེ་བས་སོ། ། རྩ་བར། ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །དེ་བས་འཇིག་རྟེན་སྤང་བྱ་ཞིང་། །རྣམ་པར་རྟོག་པ་ཡོངས་སུ་དོར། ། དེ་ལྟར་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམས་འགོག་པའི་ཕྱིར་དུ་ལུས་འདུ་འཛིའི་འཁོར་ཡུག་གིས་དབེན་པ་དང་། དེ་བཞིན་སེམས་ཀྱང་ནི་རྣམ་རྟོག་གིས་དབེན་པ་ཞིག་བྱུང་ན། དེ་ཡིས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱི་གཙོ་བོ་སེམས་ག་ས་གང་དུ་རྣམ་པར་གཡེང་བ་དེ་གང་འདོད་འདོད་ཀྱིས་མི་འབྱུང་ངོ་། རྒྱུ་མཚན་དེ་བས་ན། 251 ཉོན་མོངས་སྐྱེ་བའི་རྐྱེན་སྣ་ཚོགས་པས་རབ་ཏུ་ཁེངས་པའི་ཡུལ་ངན་པའི་འཇིག་རྟེན་དག་སྤང་བར་བྱ་ཞིང་། སེམས་དབེན་པའི་ཐབས་སུ་འདོད་པའི་ཡོན་ཏན་གཟུགས། སྒྲ། དྲི། རོ། རེག་བྱ་ལ་སོགས་པར་ཆགས་ཤིང་ཞེན་པ་དང་། མི་འདོད་པར་རྒྱབ་ཀྱིས་ཕྱོགས་པའི་ཞེ་སྡང་གི་རྣམ་པར་རྟོག་པ་མཐའ་དག་ཡོངས་སུ་དོར་ནས་ལུས་སེམས་གཉིས་ཀ་དབེན་པའི་ཐབས་མཆོག་ལ་བརྟེན་པར་བྱའོ། ། རྩ་བར། ཆགས་པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཇིག་རྟེན་མི་སྤོང་སྟེ། །དེ་བས་འདི་དག་ཡོངས་སྤོང་ལ། །མཁས་པས་འདི་ལྟར་སྤྱད་པར་བྱ། ། རྣམ་པར་རྟོག་པ་ཡོངས་སུ་དོར་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ཡང་སེམས་ཅན་གྱི་འཇིག་རྟེན་རང་རང་གི་གཉེན་ཉེ་དུ་དང་གྲོགས་མཆེད་ལ་སོགས་པར་ཆགས་པའི་ཕྱིར་དང་། སེམས་ཅན་གཞན་གྱིས་རང་ཉིད་ལ་རྙེད་པ་དང་བཀུར་སྟི་བྱེད་པ་སོགས་ལ་སྲེད་པས། ཡུལ་ངན་པའི་འཇིག་རྟེན་འདི་ཉིད་གཏན་ནས་མི་སྤོང་སྟེ། རྒྱུ་མཚན་དེ་བས་ན། ཆེས་ཐོག་མར་གཉེན་ཉེ་དུ་དང་གྲོགས་མཆེད་ལ་སོགས་པ་གནས་པའི་ཡུལ་ངན་པའི་འཇིག་རྟེན་དང་། རྙེད་པ་དང་བཀུར་སྟིའི་རིགས་འདི་དག་ཡོངས་སུ་སྤོངས་ལ། སྤང་གཉེན་གྱི་འདོར་ལེན་ལ་མཁས་པའི་བློ་གྲོས་དང་ལྡན་པས་འཆད་འགྱུར་གྱི་གཉེན་པོ་དེ་འདི་ལྟར་རང་རྒྱུད་ལ་བླངས་ནས་སྤྱད་པར་བྱ་བ་ཡིན་ནོ། ། རྩ་བར། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། ། དེ་ཡང་སེམས་བཏང་འཇོག་ལ་རང་དབང་བརྟན་ཆགས་ཀྱིས་ཐོབ་པའི་ཞི་གནས་དང་། དེ་ལྟ་བུའི་ཞི་གནས་ཀྱིས་རྒྱུ་བྱས་པ་ལས་བྱུང་ཞིང་། ཞི་གནས་དེ་དང་ཟུང་དུ་འབྲེལ་བའི་ཞི་གནས་རབ་ཏུ་ལྡན་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལྷག་པར་མཐོང་བའི་ 252 ལྷག་མཐོང་གིས་འདོད་ཁམས་དང་གཟུགས་དང་གཟུགས་མེད་ཀྱི་ཁམས་སོགས་ཁམས་གསུམ་གྱི་ཉོན་མོངས་ས་བོན་དང་བཅས་པ་རྣམས་རྣམ་པར་འཇོམས་པའམ་རྩད་ནས་འཇོམས་ནུས་པ་ཤེས་པར་བྱས་ནས། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་དག་རྩད་ནས་གཞོམ་པར་འདོད་པ་དག་གིས་ཐོག་མར་ལྷག་མཐོང་གི་རྟེན་ཁྱད་པར་ཅན་དུ་གྱུར་པའི་ཞི་གནས་བཙལ་བར་བྱ་ཞིང་། དེ་ལྟ་བུའི་ཞི་གནས་དེ་ཡང་ནི་འཇིག་རྟེན་ཕལ་བའི་འདོད་པའི་ཡོན་ཏན་གཟུགས་སྒྲ་སོགས་ལ་ཆགས་པ་མེད་པ་ལ་མངོན་པར་དགའ་བས་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །དེ་ཡང་སངས་རྒྱས་པ་ཚོས་ཞི་གནས་སྒོམ་པའི་རྒྱ་མཚན་གཙོ་བོ་ནི། ལྷག་མཐོང་རྒྱུད་ལ་སྐྱེ་བའི་ཆེད་དུ་ཡིན། མཆན་འགོད་པ་པོས། རྩ་བར། མི་རྟག་སུ་ཞིག་མི་རྟག་ལ། །ཡང་དག་ཆགས་པར་བྱེད་པ་ཡོད། །དེས་ནི་ཚེ་རབས་སྟོང་ཕྲག་ཏུ། །སྡུག་པ་མཐོང་བ་ཡོང་མི་འགྱུར། ། རང་ཉིད་འཆི་བ་མི་རྟག་པའི་རང་བཞིན་ལ་གནས་བཞིན་པའི་སྐྱེ་བོ་སུ་ཞིག་གིས་རང་དང་མཚུངས་པའི་མི་རྟག་པའི་རང་བཞིན་ལ་གནས་བཞིན་པའི་རང་གི་བུ་དང་ཆུང་མ་སོགས་ལ་ཡང་དག་པར་ཆགས་པར་བྱེད་པ་ཡོད་དེ། དེ་ལྟར་ཆགས་པ་བྱེད་མི་རིགས་སོ། །གང་ཡིན་ཟེར་ན། ཆགས་པ་དེས་ནི་ཕངས་པའི་འབྲས་བུར་ཚེ་རབས་སྟོང་ཕྲག་ཏུ། སྡུག་པ་ཡིད་དུ་འོང་བའི་དངོས་པོ་དག་མཐོང་བ་སྔར་བཞིན་གཏན་ནས་ཡོང་བར་མི་འགྱུར་རོ། ། རྩ་བར། མ་མཐོང་ན་ནི་དགར་མི་འགྱུར། །ཡིད་ཀྱང་མཉམ་འཇོག་མི་འགྱུར་ལ། །མཐོང་ཡང་མངོན་པར་མི་འགྱུར་བས། །སྔར་བཞིན་སྲེད་པས་གདུང་བར་འགྱུར། ། སྙིང་དུ་སྡུག་པ་དང་ཡིད་དུ་འོང་བའི་ཆོས་དག་མ་མཐོང་ན་ནི་སེམས་དགའ་བར་མི་འགྱུར་རོ། །མ་ཟད་དེའི་སྟབས་ཀྱིས་ཡིད་ཀྱང་ཏིང་ངེ་འཛིན་ལ་བརྟན་ཆགས་ཀྱིས་ 253 མཉམ་པར་འཇོག་པར་མི་འགྱུར་ལ། ཡུལ་ཡིད་དུ་འོང་བའི་དངོས་པོ་དག་མཐོང་བའི་དབང་དུ་བཏང་ཡང་སྲེད་པས་ངོམས་པ་མེད་པས་མངོན་པར་དགའ་བར་མི་འགྱུར་བས། སྔར་བཞིན་སྲེད་པས་ཡིད་རབ་ཏུ་གདུང་བར་འགྱུར་རོ། ། རྩ་བར། སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། ། རྒྱུ་མཚན་དེས་ན། བཅུད་ཀྱི་སེམས་ཅན་རྣམས་ལ་ཆགས་པར་བྱས་ན། བླང་དོར་གྱི་གནས་ཡང་དག་པ་མཐོང་བ་ཉིད་ལ་ཀུན་ནས་སྒྲིབ་ཅིང་། འཁོར་བར་སྐྱོ་བའི་སེམས་དང་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་ལ་སོགས་པ་རྣམས་ཀྱང་ལྷག་མེད་དུ་འཇིག་པར་བྱེད། ཐ་མར་རང་གཞན་ཀུན་མྱ་ངན་གྱིས་ཡིད་དུ་རབ་ཏུ་གདུང་བར་འགྱུར་རོ། ། རྩ་བར། དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་བཤེས་ཀྱིས། །གཡུང་དྲུང་ཆོས་ཀྱང་འཇིག་པར་འགྱུར། ། གཟུགས། སྒྲ། དྲི། རོ། རེག་བྱ་ལ་སོགས་པའི་འདོད་ཡོན་དེ་དང་དེ་ལ་ཆགས་ཤིང་སེམས་པ་འབའ་ཞིག་གིས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དེ་ཚེ་འདིར་དོན་མེད་དུ་འདའ་བར་འགྱུར་ཞིང་། སྔ་དྲོ་རྟག་ན་ཕྱི་དྲོ་རྟག་པ་མེད་པའི་ཆོས་སུ་གྱུར་པའི་མཛའ་བཤེས་རྣམས་ཀྱིས་ཀྱང་། མི་འགྱུར་བའི་གཡུང་དྲུང་གི་ཐར་པ་དང་། དེ་ཐོབ་པར་བྱེད་པའི་ཐབས་ཀྱི་ཆོས་རྣམས་ཀྱང་རེ་རེ་བཞིན་འཇིག་པའི་རྒྱུ་བྱེད་པར་འགྱུར་རོ། ། རྩ་བར། བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་ཁྲིད་བྱེད་ན། །བྱིས་པ་བསྟེན་པས་ཅི་ཞིག་བྱ། ། རང་ཉིད་ཀྱིས་བྱིས་པ་སྟེ་ཅི་ཡང་མི་ཤེས་པའི་བླུན་པོའི་ཚོགས་དང་སྐལ་པ་མཉམ་པར་སྤྱོད་ན། བྱིས་པའི་ངང་ཚུལ་ལྟར་བསམ་རྒྱུ་ཉོན་མོངས་དང་། བྱ་རྒྱུ་སྡིག་པ་མ་གཏོགས་མེད་སྟབས། ངེས་པར་དུ་ངན་འགྲོར་འགྲོ་བར་འགྱུར་བ་གདོན་མི་ཟ་བ་ཡིན་ཏེ། 254 མ་ཟད་རང་ཉིད་འཕགས་པ་དང་སྐལ་བ་གཏན་ནས་མི་མཉམ་པའི་ཁ་ཐག་རིང་པོ་ཞིག་ཏུ་ཁྲིད་པར་བྱེད་པར་ངེས་ན། ཚེ་འདི་དང་ཕྱི་མ་གཉི་གར་ཕན་ཐོགས་གང་ཡང་མེད་པའི་བྱིས་པ་བླུན་པོ་དེ་འདྲ་བ་དག་བསྟེན་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ། ། རྩ་བར། སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡིད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོའི་སྐྱེ་བོ་མགུ་བར་དཀའ། ། དགོས་པ་དང་ཁེ་ཕན་ཆུང་ཙག་ཅིག་གིས་སྐད་ཅིག་མ་གཅིག་གིས་བྱིས་པ་བླུན་པོ་དེ་རིགས་རང་གི་ཤིན་ཏུ་སྙིང་ཉེ་བའི་མཛའ་བོ་ལྟ་བུར་འགྱུར་ལ། ཡང་སྐད་ཆ་བཤད་སྟངས་ཡག་ཉེས་ཤིག་གིས་བྱིས་པ་བླུན་པོ་དེ་རིགས་ཡིད་ཙམ་གྱིས་ནི་ཁྱོད་ཤི་ང་གསོན་ལྟ་བུའི་དགྲ་བོར་ཡང་འགྱུར་བ་དང་། རྒྱུ་མཚན་ལྡན་པ་དང་། ཕུགས་རྒྱང་རིང་བོར་ཕན་པའི་དགའ་བའི་གནས་ཚུལ་དེ་དང་དེའི་རིགས་དག་ལེགས་པར་ངོས་མི་ཟིན་པར་དགའ་བའི་གནས་དེ་དག་ལ་སེམས་གཏིང་ནས་ཁོང་ཁྲོ་བར་བྱེད་པས། སོ་སོའི་སྐྱེ་བོ་ལས་དང་པོ་བ་དག་གི་འདོད་སེམས་དེ་རིགས་ལས་སླ་བོ་ཞིག་དང་། དཀའ་ངལ་ཆུང་ཆུང་ཞིག་གིས་ནམ་ཡང་མགུ་བར་དཀའ། རྩ་བར། ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་ཟློག་པར་བྱེད། །དེ་དག་ངག་ནི་མ་མཉན་ན། །ཁྲོ་བས་ངན་འགྲོར་འགྲོ་བར་འགྱུར། ། བློ་གྲོས་ཀྱི་རྩལ་ཤིན་ཏུ་དམན་པའི་བྱིས་པ་བླུན་པོ་དག་ལ་ཚེ་འདི་དང་ཕྱི་མ་གཉི་གར་ཕན་པར་ངེས་པའི་དྲང་གཏམ་སྨྲས་ན་དེ་ངོས་མི་ཟིན་པར་ཁོང་ཁྲོ་བར་བྱེད་པ་དང་། མ་ཟད་བདག་ཀྱང་ཚུར་ཕན་པའི་ལས་དག་ལས་ཐབས་ཤེས་ཡོད་རྒུས་ཟློག་པར་བྱེད་པ་དང་། དེ་དག་གི་ངག་ལ་ནི་ལེགས་པར་མ་མཉན་ན། ཡང་ཁོའི་བསམ་པར་ངས་བཤད་པར་ཉན་འཇོག་བྱེད་ཀྱི་མི་འདུག་སྙམ་དུ་བསམས་ནས་ཤིན་ཏུ་ཁོང་ཁྲོ་བས། ཤིན་ཏུ་ལྕི་བའི་ངན་འགྲོར་འགྲོ་བར་འགྱར་བ་མ་ཟད། དེས་རང་གཞན་གཉི་ག་ཕུང་བར་བྱེད་ངེས་ 255 ཡིན་སྟབས། མཐར་རང་ཉིད་ལ་ཅི་བྱ་བརྟོལ་མེད་དུ་འགྱུར་བ་ཞིག་ཡོང་ངེས་སྟབས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་བག་དང་ལྡན་པར་བྱའོ། ། རྩ་བར། མཐོ་ལ་ཕྲག་དོག་མཉམ་དང་འགྲན། །དམན་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ། །ནམ་ཞིག་བྱིས་ལས་ཕན་པ་ཐོབ། ། གཞན་ཡང་། བློ་གྲོས་ཤིན་ཏུ་ནས་དམན་པའི་བྱིས་པའི་ངང་ཚུལ་དེ་ཅི་ཞིག་ཡིན་སྙམ་ན། རང་ཉིད་ལ་སྟོབས་དང་འབྱོར་བ་ཏོག་ཙམ་ཞིག་ཡོད་ན། རང་ལས་ཏོག་ཙམ་སྟོབས་དང་འབྱོར་བས་མཐོ་བའི་སེམས་ཅན་ཡོད་ཚད་ལ་ཕྲག་དོག་དང་། རང་ཉིད་དང་སྟོབས་དང་འབྱོར་བ་མཉམ་པའི་སེམས་ཅན་དག་ལ་ཚད་ལས་བརྒལ་པ་དང་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་འགྲན་སེམས་སྐྱེ་བ་དང་། ད་དུང་རང་ཉིད་ལས་སྟོབས་དང་འབྱོར་བ་དམན་པའི་སེམས་ཅན་རྣམས་ལ་ང་རྒྱལ་དང་། མི་གཞན་གྱིས་རང་ལ་གཟེངས་བསྟོད་བྱས་ན་དྲེགས་པ་སྐྱེ་ལ། རང་དང་མི་མཐུན་པའི་མིས་མཚང་འབྲུ་བ་ལ་སོགས་པའི་མི་སྙན་པའི་རིགས་བརྗོད་ན་སེམས་གཏིང་ནས་ཁོང་ཁྲོ་སོགས་སྐྱེ་བས། དུས་ནམ་ཞིག་བྱིས་པའི་ཚོགས་དག་དང་འགྲོགས་པ་ལས་རང་ཉིད་ལ་ཕན་པ་ཕྲ་མོ་ཙམ་ཡང་མི་ཐོབ་པ་མ་ཟད། ད་དུང་དེ་དག་ལ་འགྲོགས་པས་རང་ཉིད་དོན་མེད་དུ་འདའ་བ་ཡིན་ནོ། ། རྩ་བར། བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། ། རང་ཉིད་བློ་གྲོས་ཤིན་ཏུ་དམན་པའི་བྱིས་པའི་ཚོགས་དང་ཡུན་རིང་བོར་འགྲོགས་ན། ནམ་ཞིག་བྱིས་པ་དེ་དག་ལ་འགྲོགས་པའི་ཉེར་ལེན་གྱིས་རྒྱུ་མཚན་ཡོད་མེད་ལ་མི་ལྟོས་པར་བདག་གམ་རང་གི་ཕྱོགས་ལ་ཐབས་ཤེས་གང་ཡོད་ཀྱིས་བསྟོད་པ་དང་། གཞན་གྱི་ཕྱོགས་ལ་དོན་མེད་དུ་སྨོད་པ་སྣ་ཚོགས་བྱེད་པ་དང་། མ་ཟད་ཤིན་ཏུ་སྡུག་བསྔལ་བའི་ 256 འཁོར་བ་ལ་མངོན་པར་དགའ་བའི་གཏམ་གང་འདོད་འདོད་དང་ཚོད་མེད་དུ་སྨྲ་བ་ལ སོགས་པའི་གོམས་གཤིས་གང་ངན་ངན་གྱི་མི་དགེ་བ་དག་ཅིས་ཀྱང་གདོན་མི་ཟ་བརངེས་པར་འབྱུང་ངོ་། ། རྩ་བར། དེ་ལྟར་བདག་དང་གཞན་བསྟེན་པ། །དེས་ནི་ཕུང་བར་འགྱུར་བར་ཟད། །དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། ། དེ་ལྟར་ན་བདག་དང་བློ་གྲོས་ཤིན་ཏུ་དམན་པའི་བྱིས་པའི་ཚོགས་གཞན་དེ་དག་ཕན་ཚུན་བསྟེན་པའམ་འགྲོགས་པ་དེས་ནི། ནམ་ཞིག་བདག་གཞན་གཉི་ག་ཕུང་བར་འགྱུར་བར་ཟད་ཀྱི། བཟང་ཆ་གང་ཡང་མེད། མ་ཟད་བྱིས་པའི་ཚོགས་དེ་དག་གིས་ཀྱང་བདག་ལ་ཚེ་འདི་དང་ཕྱི་མ་གཉི་གར་ཕན་པའི་དོན་བཟང་པོ་ཞིག་མ་བྱས་ལ། བདག་གིས་ཀྱང་ཐབས་ཤེས་ཡོད་རྒུས་བྱིས་པ་དེ་ཚོར་ཚེ་འདི་དང་ཕྱི་མ་གཉི་གར་ཕན་པའི་དོན་བཟང་པོ་ཞིག་བྱེད་ཐུབ་པར་འབད་པ་བྱས་ཀྱང་དོན་དུ་མི་འགྱུར་བས། བདག་གང་མགྱོགས་མགྱོགས་ཀྱིས་བྱིས་པ་དེ་དག་ལས་ཁ་ཐག་ཧ་ཅང་རིང་བའི་དབེན་པའི་རི་ཁྲོད་ཅིག་ཏུ་བྱོལ་བར་བྱའོ། ། རྩ་བར། ཕྲད་ན་དགའ་བས་མགུ་བྱས་ཏེ། །འདྲིས་ཆེན་ཉིད་དུ་མི་འགྱུར་བར། །ཐ་མལ་པ་ཙམ་ལེགས་པར་བྱ། ། རང་ཉིད་ཀྱིས་གཞན་དོན་བྱེད་པར་བར་ཆད་མི་འབྱུང་བའི་ཕྱིར་དུ། བྱིས་པའི་ཚོགས་དེ་རིགས་དང་མི་འཕྲད་པའི་ཆེད་ཐབས་ཤེས་ཡོད་རྒུ་བྱེད་དགོས་པ་ཡིན། གལ་སྲིད་སྟེ ས་དབང་ལྟ་བུས་བྱིས་པ་དེ་ཚོ་དང་ཕྲད་པ་བྱུང་ན་སྣང་མེད་དུ་མི་འཇོག་པར་དེ་དག་གི་སེམས་རབ་ཏུ་དགའ་བས་མགུ་བར་བྱས་ཏེ་གནས་ཐུབ་པ་བྱེད་དགོས། ཡིན་ཡང་བྱིས་པའི་ཚོགས་དེ་ཚོ་དང་ཁ་འབྲལ་མི་ཐུབ་པ་ལྟ་བུའི་འདྲིས་ཆེན་ཉིད་དུ་མི་ 257 འགྱུར་བར་བྱིས་པ་དེ་དག་ཐ་མལ་པ་ཙམ་མམ་བཏང་སྙོམས་ཀྱི་ཚུལ་དུ་བཟུང་ནས་མྱུར་དུ་ཁ་ལེགས་པར་གྱེས་ཐུབ་པ་བྱའོ ། ། རྩ་བར། བུང་བས་མེ་ཏོག་སྦྲང་རྩི་བཞིན། །ཆོས་ཀྱི་དོད་ཙམ་བླངས་ནས་ནི། །ཀུན་ལ་སྔོན་ཆད་མ་མཐོང་བཞིན། །འདྲིས་པ་མེད་པར་གནས་པ་བཞིན། ། ཇི་ལྟར་བུང་བས་མེ་ཏོག་ལས་མེ་ཏོག་གི་ཁ་དོག་དང་དྲི་སོགས་ལ་མི་གནོད་པའི་སྒོ་ནས་སྦྲང་རྩི་བཟོ་བྱེད་ཀྱི་སྙིང་བཅུད་བླངས་ནས་དེ་ལ་ཆགས་པ་མེད་པར་འཕུར་ནས་འགྲོ་བ་བཞིན། ཆོས་ལེགས་པར་བྱེད་ནུས་པའི་ཆེད་དུ་ཕྱིའི་མཐུན་རྐྱེན་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་དོད་ཙམ་བླངས་ནས་ནི། ཀུན་ལ་སྔོན་ཆད་གཏན་ནས་མ་མཐོང་བ་བཞིན་དུ། ཕན་ཚུན་འདྲིས་པ་མེད་པར་སོ་སོར་གནས་པར་བྱའོ། ། རྩ་བར། བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་བོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། ། བདག་ནི་མི་གཞན་སུ་དང་ཡང་མི་འདྲ་བར་རྙེད་པ་མང་བ་དང་། དད་འདུན་གྱིས་བཀུར་སྟི་སོགས་དང་བཅས་སྟབས། བདག་ལ་སྐྱེ་བོ་ཧ་ཅང་མང་པོས་དགའ་བོ་བྱེད་པ་ཡིན་ཞེས། དེ་འདྲ་བའི་སྒོ་ནས་སེམས་ལ་སྙེམས་པའམ་ང་རྒྱལ་འཆང་བར་གྱུར་ན། ཤི་བའི་འོག་ཏུ་རང་ལ་ཤིན་ཏུ་ནས་བཟོད་པར་དཀའ་བའི་འཇིགས་པའི་རྣམ་གྲངས་མཐའ་ཡས་པ་སྐྱེ་བར་ངེས་སོ། ། རྩ་བར། དེ་བས་རྣམ་པར་རྨོངས་པའི་ཡིད། །གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་བསྡོངས་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་། ། རྒྱུ་མཚན་དེ་བས་ན། ཕན་པའི་ཕྱོགས་ཀུན་ལ་རྣམ་པར་རྨོངས་པའི་ཡིད་འདི། རྙེད་པ་དང་བཀུར་སྟི་སོགས་གང་དང་གང་ལ་ཆེས་ཆེར་རབ་ཏུ་ཆགས་པར་གྱུར་པ་དེ་དང་དེའི་རིགས་ཕྱོགས་གཅིག་ཏུ་བསྡོངས་ཏེ་སྟོང་འགྱུར་དུ་འབྲས་བུ་སྡུག་བསྔལ་ཉིད་དུ་འགྱུར་ཞིང་རབ་ཏུ་ལྡང་ངོ་། ། 258 རྩ་བར། དེ་བས་མཁས་པས་ཆགས་མི་བྱ། །ཆགས་པ་ལས་ནི་འཇིགས་པ་སྐྱེ། །འདི་དག་རང་བཞིན་འདོར་འགྱུར་བས། །བརྟན་པར་གྱིས་ཏེ་རབ་ཏུ་རྟོགས། ། རྒྱུ་མཚན་དེ་བས་ན། མཁས་པ་རྣམ་པས་རྙེད་བཀུར་སོགས་དོན་མེད་ཀྱི་རིགས་ལ་ཆགས་པར་མི་བྱ་སྟེ། དངོས་པོ་གང་དང་གང་ལ་ཆགས་ཤིང་ཞེན་པ་ལས་ནི་ཡིད་དུ་མི་འོང་བའི་དམྱལ་བ་ལ་སོགས་པའི་འཇིགས་པ་སྣ་ཚོགས་པ་དབང་མེད་དུ་སྐྱེ་བར་འགྱུར་རོ།། དེ་ལྟར་ཆགས་པ་སྐྱེ་ཡུལ་གྱི་གནས་ལུས་ལོངས་སྤྱོད་འདི་དག་མི་རྟག་པའི་ཆོས་ཅན་དུ་གྲུབ་སྟབས། རང་བཞིན་ནམ་རང་གི་ངང་གིས་འདོར་ཞིང་འཇིག་པར་འགྱུར་བས། དེའི་ཚུལ་ལ་ལེགས་པར་བསམས་ནས་ཡིད་ཆེས་ཤིན་ཏུ་བརྟན་པར་གྱིས་ཏེ། གནས་སྐབས་ཙམ་ལས་མི་རྟག་པའི་རང་བཞིན་ཅན་གྱི་དངོས་པོ་དག་ལ་ཆགས་སེམས་སྐྱེས་ནས་བྱེད་རྒྱུ་ཅི་ཡོད་སྙམ་དུ་རབ་ཏུ་རྟོགས་པར་གྱིས་ཤིག། རྩ་བར། རྙེད་པ་དག་ནི་མང་བྱུང་ཞིང་། །གྲགས་དང་སྙན་པ་བྱུང་གྱུར་ཀྱང་། །རྙེད་དང་གྲགས་པའི་ཚོགས་བཅས་ཏེ། །གང་དུ་འདོང་བའི་གཏོལ་མེད་དོ། ། གསེར་དངུལ་ལ་སོགས་པའི་ནོར་རྫས་རྙེད་པ་ཕུན་སུམ་ཚོགས་པའི་རིགས་དག་ནི་མང་དུ་བྱུང་ཞིང་། ས་ཕྱོགས་ཀུན་ཏུ་སྙན་གྲགས་དང་། གཟེངས་བསྟོད་པ་ལ་སོགས་པའི་སྙན་པ་སྨྲ་མཁན་མང་དུ་བྱུང་བར་གྱུར་ཀྱང་། འཆི་བའི་ཚེ་རྙེད་པ་དང་གྲགས་པའི་ཚོགས་དེ་དག་དང་བཅས་ཏེ། ཤི་བའི་གནས་སྐབས་སུ་གང་དུ་འདོང་བའི་གཏོལ་མེད་པ་སྟེ་ཆ་མེད་དོ། ། རྩ་བར། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། ། བདག་ལ་མངོན་ལྐོག་ཅི་རིགས་ནས་སྨོད་པ་གཏོང་མཁན་གཞན་ཡོད་པས་ན། ཁྱོད་ཀྱིས་བསྟོད་པ་བྱས་པས་བདག་རབ་ཏུ་དགར་དགོས་དོན་ཅི་ཞིག་ཡོད། དེ་བཞིན་དུ་བདག་ལེའུ་བརྒྱད་པ། 259 ལ་ཕྱོགས་ཐམས་ཅད་ནས་བསྟོད་པ་གཏོང་མཁན་གཞན་ཡོད་པས་ན། རེ་ཟུང་གིས་སྨད་པ་བཏང་བས་མི་དགའ་བར་བྱེད་དགོས་དོན་ཅི་ཞིག་ཡོད་དེ་ནམ་ཡང་མེད་དོ། ། རྩ་བར། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང་། ། སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པའི་དབང་གིས་དེ་དག་གི་འདོད་པ་རྒྱལ་བས་ཀྱང་ནི་ཤིན་ཏུ་ནས་མགུ་བར་དཀའ་ན་སྟེ་མི་མགུ་ན། བདག་འདྲ་བའི་འཆིང་བ་ཀུན་ལྡན་གྱི་མི་ངན་པས། སེམས་ཅན་དེ་དག་གི་སེམས་མགུ་བར་བྱེད་མི་ཐུབ་པ་སྨོས་ཀྱང་ཅི་དགོས། རྒྱུ་མཚན་དེ་བས་ན། འཇིག་རྟེན་པ་དེ་ཚོ་དང་འགྲོགས་འདོད་ཀྱི་བསམ་པ་དེ་ད་ནས་བཟུང་སྟེ་ཁ་ཐག་རིང་དུ་བཏང་བར་བྱའོ། ། རྩ་བར། སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། ། ཉམ་ཐག་པའི་སེམས་ཅན་གསེར་དངུལ་ལ་སོགས་པའི་དངོས་པོ་རྙེད་པ་མེད་པའམ་རྙེད་པས་ཤིན་ཏུ་དབུལ་བ་དག་ལ་ཁྱེད་ཅག་གིས་དེ་སྔར་བསོད་ནམས་ཡག་པོ་མ་བསགས་པས་ལན་ཞེས་རྒྱུན་དུ་འཕྱ་ཞིང་ཤིན་ཏུ་གདུག་རྩུབ་དྲག་པོས་སྨོད་པར་བྱེད་ལ། ཡང་གསེར་དངུལ་ལ་སོགས་པའི་རྙེད་པ་ཤིན་ཏུ་ཆེ་བའི་སེམས་ཅན་རྣམས་ལ་ལོག་འཚོར་སྤྱོད་ཚུལ་གྱི ས་མངོན་ལྐོ ག་ཅི་རིགས་ནས་མི་སྙན་པའི་ཚིག་ངན་སྣ་ཚོགས་བརྗོད་པར་བྱེད། རྙེད་པ་ཡོད་ན་མ་འགྲིག རྙེད་པ་མེད་ན་མི་འགྲིག་པའི་རང་བཞིན་ཤིན་ཏུ་ངན་པའི་སེམས་ཅན་ཧ་ཅང་འགྲོགས་པར་དཀའ་བའི་མ་རུང་བ་དེ་དག་གིས། བདག་གི་སེམས་ལ་དགའ་བ་ཁྱད་པར་ཅན་ཞིག་ཇི་ལྟར་སྐྱེ་བར་འགྱུར་ཏེ་ནམ་ཡང་མི་འགྱུར་རོ། ། རྩ་བར། གང་ཕྱིར་བྱིས་པ་རང་དོན་ནི། །མེད་པར་དགའ་བ་མི་འབྱུང་བས། །བྱིས་པ་འགའ་ཡང་བཤེས་མིན་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། ། 260 རྒྱུ་མཚན་གང་གིས་ཕྱིར་ཞེ་ན། བྱིས་པ་རྣམས་ཀྱིས་རང་རང་གི་འདོད་དོན་དེ་དག་ནི་གཞན་ལས་ཤུགས་ཆེ་བ་ཞིག་མེད་པར་མཐོང་ན། གཏན་ནས་སེམས་ལ་དགའ་བ་མི་འབྱུང་བས། བྱིས་པ་སོ་སོ་སྐྱེ་བོ་ཕལ་མོ་ཆེ་འགའ་ཡང་རང་གི་གཏན་གྱི་གྲོགས་དང་གཉེན་བཤེས་སོགས་གང་ཡང་མིན་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་འཛིན་རྒྱལ་པོ་དང་། ཟླ་བ་སྒྲོན་མེའི་མདོ་སོགས་ནས་ཤིན་ཏུ་གསལ་བར་གསུངས་སོ། ། རྩ་བར། ནགས་ན་རི་དྭགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། ། དེ་ནས་སྣོད་ཀྱི་ཡོན་ཏན་འཆད་པ་ལ། ཤིན་ཏུ་ནས་ཡིད་དུ་འོང་བའི་ནགས་ཁྲོད་དག་ན་རི་དྭགས་དང་བྱ་དང་བྱེའུ་རྣམས་དང་། རྩྭ་རྩི་ཤིང་རྣམས་ཀྱིས་རང་ལ་མི་དགའ་བའི་རྣམ་འགྱུར་མངོན་ལྐོག་གང་ནས་ཀྱང་རྣ་བར་མི་འགྲོ་བའི་མི་སྙན་པར་བརྗོད་པར་མི་བྱེད་པ་དང་། ཡུན་རིང་ཐུང་ཅི་ཙམ་ཞིག་ཏུ་འགྲོགས་ན་དེ་ཚོད་ཀྱིས་སེམས་ལ་བདེ་བ་སྟེར་བ་དེ་དག་དང་། དུས་ནམ་ཞིག་གི་ཚེ་ལྷན་ཅིག་བདག་གནས་པར་འགྱུར་སྙམ་དུ་སྨོན་པར་བྱའོ། ། རྩ་བར། ཕུག་གམ་ལྷ་ཁང་སྟོང་པ་འམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། ། བདག་ཏུ་མ་བཟུང་བའི་བྲག་ཕུག་གམ། ཡང་ན་ལྷ་ཁང་སྟོང་པ་འམ། དེ་མིན་ལྗོན་ཤིང་དྲུང་དུའང་རུང་། གནས་དེ་དག་གང་རུང་ཞིག་ཏུ་གཏན་དུ་གནས་མལ་བཅས་ཏེ། ཁྱིམ་གྱི་འདོད་ཡོན་སྔར་སྤངས་ཟིན་པ་དེ་དག་ནམ་ཞིག་ཕྱིར་ལེན་འདོད་ཀྱི་འདོད་པའི་མིག་གིས་རྒྱབ་ཏུ་མི་ལྟ་ཞིང་། ཁྱིམ་གྱི་འདོད་པའི་ཡོན་ཏན་དེ་དག་ལ་དུས་ནམ་ཡང་ཆགས་པ་མེད་པར་འགྱུར་ཞིག་གུ་སྙམ་དུ་སྨོན་ནོ། ། རྩ་བར། ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་གདག་ནི་གནས་པར་འགྱུར། ། 261 ས་ཕྱོགས་ད་ལྟ་བདག་གིར་བཟུང་མེད་པ། རང་བཞིན་གྱིས་ས་ཁྱོན་ཤིན་ཏུ་ཡངས་པ་རྣམས་སུ། ངོ་བསྟུན་དང་ངོ་སྲུང་མི་དགོས་པར་ཅི་དགར་ལུས་སེམས་གཉིས་རང་དབང་དུ་སྤྱོད་ཅིང་སུ་ལ་ཡང་ཆགས་པ་མེད་པར། ནམ་ཞིག་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་བདག་ནི་གནས་པར་འགྱུར་སྙམ་དུ་བསམ་མོ། ། རྩ་བར། ལྷུང་བཟེད་ལ་སོགས་ཉི་ཚེ་དང་། །ཀུན་ལ་མི་མཁོའི་གོས་འཆང་ཞིང་། །ལུས་འདི་སྦ་བར་མ་བྱས་ཀྱང་། །འཇིགས་མེད་གནས་པར་ནམ་ཞིག་འགྱུར། ། ས་བོན་འདེབས་ལས་ཀྱི་རྟེན་དུ་མི་རུང་བའི་ས་ལས་བྱས་པའི་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ཉི་ཚེ་བའམ། རང་ལ་ངེས་པར་དུ་དགོས་ངེས་ཀྱི་དངོས་པོ་ངན་ངོན་ཉུང་ཤས་ཤིག་དང་། སུས་ཀྱང་ལོངས་སྤྱོད་འདོད་མི་སྐྱེ་བ། མ་མཐའ་ཡང་མི་ཞིག་གིས་ཟླ་དྲུག་རིང་ལོངས་སྤྱད་ཟིན་པས་ཀུན་ལ་མི་མཁོ་བའི་གོས་དག་འཆང་ཞིང་། ལུས་འདི་གསང་བའི་གནས་སུ་སྦ་བར་མ་བྱས་ཀྱང་། ཇག་ཚོགས་ལ་སོགས་པའི་འཇིགས་པ་མེད་པའི་ཐོག་ནས་གནས་པར་འགྱུར་བའི་དུས་ཤིག་ག་དུས་ཤིག་ལ་ཤར་ཞེས་སྨོན་པའོ། ། རྩ་བར། དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། ། རང་རང་གི་ཉེ་དུ་དང་ཡོ་བྱད་ཙམ་དུ་མ་ཟད། ཐ་ན་རང་གི་ལུས་ལའང་ནམ་ཡང་བྱར་མི་རུང་བའི་ཚུལ་ནི། ཤིན་ཏུ་ནས་མི་རྟག་པའི་འཁོར་བའི་ཆོས་ཉིད་དངོས་ཡིད་ལ་དྲན་པའི་ཕྱིར་དུ་མི་ཤི་བའི་རུས་གོང་གིས་བཀང་བའི་དུར་ཁྲོད་དུ་སོང་ནས་ཤི་ཟིན་པའི་མི་གཞན་དག་གི་རུས་གོང་དག་དང་བདག་གི་ད་ལྟའི་ལུས་འདི་གཉིས་སྐད་ཅིག་ཙམ་ཡང་མི་སྡོད་པར་འཇིག་པའི་ཆོས་ཅན་དག་ཏུ་ནི། ནམ་ཞིག་བདག་གིས་ཤིན་ཏུ་ནས་གཅེས་པར་བཟུང་བའི་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ལས་མ་འདས་ཞེས་མགོ་སྙོམས་པར་བྱེད་པར་འགྱུར་སྙམ་དུ་སེམས་གཏིང་ནས་སྨོན་པར་བྱའོ། ། 262 རྩ་བར། བདག་གི་ལུས་ནི་འདི་ཉིད་ཀྱང་། །གང་གི་དྲི་ཡིས་ཝ་དག་ཀྱང་། །དྲུང་དུ་ཉེར་འགྲོ་མི་འགྱུར་བ། །དེ་ལྟ་བུར་ནི་འགྱུར་བ་འོང་། ། བདག་གི་ད་ལྟའི་ལུས་ནི་འདི་ཉིད་རང་བབས་ལ་བཞག་ཀྱང་། ནམ་ཞིག་རྣམ་པར་ཤེས་པ་དེ་ལུས་འདི་དང་ཁ་བྲལ་བའི་སྐད་ཅིག་དེ་ཉིད་ལ་ལུས་ཀྱི་རྣག་ཁྲག་དང་བཙོག་སྙིགས་རྣམས་ལུས་ཀྱི་སྒོ་གསུམ་ནས་འཕྱུར་ཏེ་ལུས་ཡོངས་རུལ་དྲིས་ཁྱབ་པར་བྱེད་པ་་མ་ཟད། གང་གི་རུལ་དྲི་ཡིས་བཙོག་སྙིགས་ལ་ཤིན་ཏུ་དགའ་བའི་ཁྱི་དང་ཝ་དག་ཀྱང་། དྲུང་དུ་ཉེ་བར་འགྲོ་བར་མི་འགྱུར་བར་དེ་ལྟ་བུར་ནི་ཐེ་ཚོམ་མི་དགོས་པར་ངེས་པར་འབྱུང་བར་འགྱུར་བ་འོང་ངོ་། ། རྩ་བར། ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག ། ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་དག་ཅི་ཞིག་སྨྲོས། ། རང་གི་ལུས་འདི་གཅིག་པུར་བྱུང་བ་ཡང་། མ་ཡི་མངལ་ལ་ཐོག་མར་ཉིང་མཚམས་སྦྱར་ཏེ་ལྷན་ཅིག་སྐྱེས་པའི་ཤ་རུས་ཁྲག་རྩ་རྒྱུས་པ་དག་ཞིག་སྟེ་སོ་སོར་འགྱེས་པར་འགྱུར་ན། དེ་སྔ་འབད་པ་དུ་མས་ཡང་དང་ཡང་དུ་བསགས་པའི་རྒྱུ་ནོར་ལོངས་སྤྱོད་དང་། ཆགས་ཤིང་ཞེན་པའི་གཉེན་ཉེ་དུ་སོགས་མཛའ་བ་གཞན་དག་རང་དང་ཁ་འགྱེས་པ་ལྟ་ཅི་ཞིག་སྨྲོས། མྱུར་དུ་འབྲལ་བར་བསམ་མོ། ། རྩ་བར། སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང་། །འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །སྡུག་བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། ། ང་རང་ཚོའི་མི་ཚེའི་ཐོག་མར་གལ་ཆེ་བ་དེ་སྐྱེ་བའི་སྐབས་དང་། མཐའ་མར་གལ་ཆེ་བ་དེ་འཆི་བའི་སྐབས་ཡིན། སྐྱེ་ན་གྲོགས་གཞན་མེད་པར་གཅིག་པུར་སྐྱེ་བར འགྱུར་ཞིང་། འཆི་ནའང་འཆི་གྲོགས་གཞན་མེད་པར་དེ་ཉིད་གཅིག་འཆི་སྟེ། རང་གི་སྡུག་བསྔལ་གྱི་སྐལ་བ་གཞན་དག་གིས་མི་ལེན་ན། དགེ་བའི་གེགས་བྱེད་པའི་ཚེ་ 263 འདིའི་གཉེན་ཉེ་དུ་དང་མཛའ་བཤེས་སོགས་དང་མཛའ་བས་དོན་ཆེན་པོ་དེ་འདྲ་ཅི་ཞིག་བྱ། དགོས་པ་གང་ཡང་མེད་དོ། ། རྩ་བར། ལམ་དག་ཏུ་ནི་ཞུགས་པ་རྣམས། །ཇི་ལྟར་གནས་ནི་འཛིན་བྱེད་ལྟར། །དེ་བཞིན་སྲིད་པའི་ལམ་ཞུགས་པའང་། །སྐྱེ་བའི་གནས་ནི་ཡོངས་སུ་འཛིན། ། ལམ་ཐག་རིང་དུ་འགྲོ་དགོས་ཀྱི་མགྲོན་པོ་ལམ་དག་ཏུ་ཞུགས་པ་རྣམས་ཀྱིས་ཇི་ལྟར་ཞག་གཅིག་ཏུ་གནས་སའི་མགྲོན་ཁང་ཞིག་ནི་འཛིན་པར་བྱེད་པ་ལྟར། དེ་བཞིན་དུ་ལས་ཀྱི་དབང་གིས་མི་འདོད་བཞིན་སྲིད་པའི་ལམ་ངན་དུ་ཞུགས་པའི་སྐྱེ་བོའང་། ལས་སོ་སོ་བ་མཐུན་པར་བསགས་པའི་དབང་གིས་གནས་གཅིག་ཏུ་ལྷན་ཅིག་ཏུ་ཚོགས་ནས་སྐྱེ་བའི་གནས་ནི་ཡོངས་སུ་འཛིན་པར་ཟད་ཀྱི། ཤི་བའི་འོག་ནས་རང་རང་གི་ལས་ཀྱི་དབང་གིས་གནས་གཞན་དང་གཞན་དག་ཏུ་འགྲོ་བར་བྱེད་པས། ཆགས་ཞེན་བྱེད་མི་རིགས་སོ། ། རྩ་བར། འཇིག་རྟེན་ཀུན་ནས་གདུང་བཞིན་དུ། །ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །དེ་ལུས་དེ་ནི་མ་བཏེག་པ། །དེ་སྲིད་དུ་ནི་ནགས་སུ་སོང་། ། རང་རང་གི་གཉེན་བཤེས་སུ་གྱུར་པའི་འཇིག་རྟེན་པ་རྣམས་ཀུན་ནས་གདུང་བཞིན་དུ། ཇི་སྲིད་ཕུང་པོ་སྐྱེལ་མཁན་གྱི་སྐྱེས་བུ་བཞི་ཡིས་ནི། དེ་ལུས་དེ་ནི་དུར་ཁྲོད་ཀྱི་ཕྱོགས་སུ་མ་བཏེག་པ་དེ་སྲིད་དུ་ནི་ཤིན་ཏུ་དབེན་པའི་ནགས་ཁྲོད་སོགས་སུ་སོང་ནས་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་པའི་ཆོས་ལ་བརྩོན་པར་གྱིས་ཤིག། རྩ་བར། བཤེས་མེད་འཁོན་པའང་མེད་བྱས་ནས། །ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། ། ཆགས་སྡང་སྐྱེ་བའི་གཞི་མཛའ་བའི་བཤེས་མེད་ཅིང་། གནོད་པ་བྱས་དོགས་པའི་འཁོན་པའང་མེད་པར་བྱས་ནས། རང་ལུས་འདི་གཅིག་པུ་ཇི་སྲིད་འཚོ་བའི་བར་དབེན་པར་གནས་པར་བྱས་ཏེ། གཉེན་དང་ཉེ་དུ་སོགས་ཀྱིས་སྔ་ས་ནས་ཤི་ཚར་བ་དང་འདྲ་ 264 བར་བརྩིས་ནས་བསྡད་ན། ཤི་བའི་གནས་སུ་ལྷུང་བའི་སྐབས་ནའང་སུས་ཀྱང་མྱ་ངན་བྱེད་པ་སུ་ཡང་མེད་དོ། ། རྩ་བར། དྲུང་ན་འཁོད་པ་སུ་དག་ཀྱང་། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེངས་པར་འགྱུར་བ་མེད། ། དེ་ལྟ་བུའི་མི་མེད་ལུང་སྟོང་གི་བྲག་ཕུག་ཅིག་ཏུ་ཚེ་བློས་གཏོང་གིས་སྒོམ་སྒྲུབ་བྱེད་ཐུབ་པ་ཞིག་བྱུང་ན། དགྲ་གཉེན་སོགས་དྲུང་ན་འཁོད་པ་སུ་དག་ཀྱང་མེད་སྟབས། འཆི་བ་ཐོག་ཏུ་ལྷུང་བའི་གནས་སྐབས་སུ་མྱ་ངན་དང་། དངངས་སྐྲག་གིས་ངུ་འབོད་བྱེད་པ་དང་། དེ་བཞིན་བསམ་ངན་གྱིས་གནོད་པ་བྱེད་མཁན་སོགས་གང་ཡང་མེད་པས། དབེན་པར་གནས་པ་འདི་ཡིས་འཆི་བ་མངོན་དུ་ཕྱོགས་པའི་སྐབས་སུ་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་ཕན་པའི་ཆོས་ཀྱི་ཉམས་ལེན་ཡག་པོ་ཞིག་བྱེད་པ་ལ། རྐྱེན་གཞན་སུས་ཀྱང་གཡེངས་པར་འགྱུར་བ་མེད་དོ། ། རྩ་བར། དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་། །གཡེངས་པ་ཐམས་ཅད་ཞི་བྱེད་པར། །བདག་ཉིད་གཅིག་པུ་གནས་པར་བྱ། ། ལུས་དབེན་པར་བསྟེན་ཚུལ་ནི། རྒྱུ་མཚན་དེ་བས་ན། ཤིན་ཏུ་མདངས་དང་ལྡན་ཞིང་ཉམས་དགའ་བའི་ནགས་ཚལ་སྟུག་པོའི་ཁྲོད་དུ་རང་ཉིད་འཚོ་བའི་མཐུན་རྐྱེན་རྙེད་སླ་ཞིང་། ཚེགས་ཆེས་ཆུང་བ། ནད་དང་མཚོན་གྱི་འཇིགས་པ་སོགས་མེད་པ། མངོན་མཐོ་དང་ངེས་ལེགས་ཐོབ་པར་བྱེད་པའི་བདེ་སྐྱིད་ཐམས་ཅད་ཀྱི་རྒྱུ་བྱེད་ཅིང་། སྒོ་གསུམ་གྱི་མི་ལེགས་པའི་གཡེངས་པ་ཐམས་ཅད་ཞི་བར་བྱེད་པའི་གནས་དེར། བདག་ཉིད་གཅིག་པུ་ཇི་སྲིད་འཚོ་བའི་བར་གནས་པར་བྱའོ། ། རྩ་བར། བསམ་པ་གཞན་ནི་ཀུན་བཏང་སྟེ། །བདག་ལ་སེམས་པ་གཅིག་པུ་ཡིས། །སེམས་ནི་མཉམ་པར་བཞག་ཕྱིར་དང་། །དུལ་བར་བྱ་ཕྱིར་བརྩོན་པར་བྱ། ། 265 ཤིན་ཏུ་ནས་དབེན་པའི་གནས་སུ་དོན་མེད་རྣམ་རྟོག་གི་བསམ་པ་གཞན་ནི་ཀུན་ཡོངས་སུ་བཏང་སྟེ། བདག་གི་ངན་སེམས་ཀུན་དུལ་བའི་ཐབས་ལ་སེམས་པ་གཅིག་པུ་ཡིས། སེམས་ནི་ཞི་གནས་ཀྱིས་མཉམ་པར་བཞག་པའི་ཕྱིར་དང་། གནས་ལུགས་ཀྱི་དོན་རྟོགས་པའི་ལྷག་མཐོང་གིས་ཉོན་མོངས་སྤངས་ཏེ་རབ་ཏུ་དུལ་བར་བྱ་བའི་ཕྱིར་དུ་ཡུན་ནས་ཡུན་དུ་འབད་པས་བརྩོན་པར་བྱའོ། ། རྩ་བར། འཇིག་རྟེན་འདི་དང་ཕ་རོལ་ཏུའང་། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདིར་ནི་གསོད་དང་བཅིང་དང་གཅོད། །ཕ་རོལ་ཏུ་ནི་དམྱལ་སོགས་སྒྲུབ། ། འདོད་པའི་ཕུལ་ཁྲོལ་སྐྱེད་པར་བྱེད་ཚུལ་ལ། སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུའང་། གཟུགས་དང་། སྒྲ། དྲི། རོ། རེག་བྱ་ལ་སོགས་པའི་འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པའི་གཞི་རྩ་ལྟེ་བ་སྟེ། འཇིག་རྟེན་འདིར་ནི་འདོད་ཡོན་དེ་དག་ལ་བརྟེན་ནས་གསོད་གཏུབ་དང་། བཅིངས་པ་དང་། གཅོད་པ་དང་། འཇིག་རྟེན་ཕ་རོལ་ཏུ་ནི་ཚ་དམྱལ་དང་གྲང་དམྱལ་ལ་སོགས་པའི་སྡུག་བསྔལ་བསྐྱེད་པའམ་སྒྲུབ་པར་བྱེད་པ་ཡིན་ནོ། ། རྩ་བར། ཕོ་ཉ་ཕོ་ཉ་མོ་ལ་སྔོན། །གང་ཕྱིར་དུ་མར་གསོལ་བཏབ་ཅིང་། །སྡིག་པ་རྣམས་སམ་གྲགས་མིན་ལའང་། །གང་གི་དོན་དུ་མ་འཛེམས་པར། །འཇིགས་པ་ལ་ཡང་བདག་ཞུགས་ཤིང་། །རྫས་ཀྱང་ཟད་པར་བྱས་གྱུར་ཏེ། །གང་ལ་ཡོངས་སུ་འཁྱུད་པས་ན། །མཆོག་ཏུ་དགའ་འགྱུར་དེ་དག་ཉིད། །ཀེང་རུས་ཉིད་ཡིན་གཞན་མིན་ན། །རང་དབང་དང་ནི་བདག་མིན་ལ། །རབ་ཏུ་འདོད་ཅིང་ཡོངས་ཞེན་ནས། །ཅི་ཕྱིར་མྱ་ངན་འདས་མི་འགྲོ། ། ལོག་གཡེམ་སྡོམ་པའི་ཚངས་སྤྱོད་ཀྱི་བསླབ་པ་ལ་གནས་པར་གདམས་པ་ནི། གཞན་གྱི་བུད་མེད་རང་ཕྱོགས་སུ་དགུག་པར་བྱ་ཕྱིར་དུ་ཕོ་ཉ་དང་ཕོ་ཉ་མོ་ལ་སྔོན་དུ་བརྩེ་འཕྲིན་ 266 དང་རིན་ཐང་ཤིན་ཏུ་ཆེ་བའི་སྐྱེས་སོགས་བསྐུར་ཏེ། བུད་མེད་དེ་དང་བདག་དོན་གང་གི་ཕྱིར་དུ་མི་འགྱངས་པར་འཕྲད་ཆེད་དུ་ལན་དུ་མར་ཡང་ནས་ཡང་དུ་གསོལ་བ་བཏབ་ཅིང་། ཕྱི་མར་ངན་སོང་གི་གཏིང་རྡོར་འཕེན་པའི་སྡིག་པ་རྣམས་སམ། གྲགས་པ་མིན་པའི་གཏམ་ངན་འདྲ་མིན་ལའང་བུད་མེད་གང་གི་དོན་དུ་གཏན་ནས་མ་འཛེམས་པར་མ་ཟད། ད་དུང་ཚོར་ན་སྲོག་གི་འཇིགས་པ་ཡོད་པ་ཐག་ཆོད་པའི་རྒྱལ་པོའི་བཙུན་མོ་དང་སྲས་མོ་སོགས་ཀྱི་ས་ལ་ཡང་བདག་ཞུགས་ཤིང་། བུད་མེད་དེའི་རིགས་མཛེས་པར་བྱེད་པའི་རྒྱན་དང་གོས་སོགས་ཉོ་ཕྱིར་ཁྱིམ་གྱི་རིན་ཐང་ཤིན་ཏུ་ཆེ་བའི་ཕ་ནོར་དུ་བརྩི་བའི་རྫས་རྣམས་ཀྱང་ཡོངས་སུ་ཟད་པར་བྱས་པར་གྱུར་ཏེ། ཆེས་ཆེར་རབ་ཏུ་ཆགས་པའི་བུད་མེད་གང་ལ་འདོད་སེམས་ཀྱིས་ཡོངས་སུ་འཁྱུད་པས་ན། མཆོག་ཏུ་དགའ་བར་འགྱུར་བའི་བདེ་ཚོར་བརྗོད་མི་ཤེས་པ་མྱོང་བ་དེ་དག་ཉིད་ལ་ཞིབ་མོའི་བློས་ལེགས་པར་བརྟགས་ན། བུད་མེད་དེ་ཀེང་རུས་ལ་རྩ་རྒྱུས་ཀྱིས་བཟུང་བའི་ཤ་པགས་ཀྱིས་གཡོགས་པའི་སྣོད་དུ་མི་གཙང་བའི་རྫས་ལུད་ཀྱིས་བརྒྱངས་པའི་ཕུང་པོ་ཉིད་ཡིན་པ་ལས། རང་བཞིན་གྱི་བཟང་བ་དང་། མཛེས་པ། ཡིད་དུ་འོང་བ་སོགས་གཞན་གང་ཡང་མིན་པས་ན། རང་གི་དབང་དུ་གྱུར་པའི་ཆུང་མ་དང་ནི་བདག་གིས་ཐོབ་པ་མིན་པའམ་ཐོབ་ཤིན་ཏུ་དཀའ་བའི་བུད་མེད་དག་ལ་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས། ཅིའི་ཕྱིར་གཏན་དུ་བདེ་བའི་མྱ་ངན་ལས་འདས་པའི་སར་མི་འགྲོ་བ་ཡིན། འདོད་པ་སྤངས་ནས་ཐར་ལམ་ལ་བརྩོན་པར་བྱའོ། ། རྩ་བར། གང་ཞིག་དང་པོ་འབད་དེ་བཏེག ། དྲངས་ཀྱང་ངོ་ཚས་འོག་ཏུ་ལྟ། །སྔོན་ནི་མཐོང་ངམ་མ་མཐོང་ཡང་། །གོས་ཀྱིས་གདོང་ནི་གཡོགས་པར་འགྱུར། །ཁྱོད་ཉོན་མོངས་པའི་གདོང་དེ་ནི། །ད་ལྟ་མངོན་སུམ་གྱུར་པ་བཞིན། །བྱ་རྒོད་ཀྱིས་བསལ་བྱས་མཐོང་ནས། །ད་ལྟ་ཅི་ཕྱིར་འབྱེར་བར་བྱེད། ། 267 འདོད་ཞེན་ཤིན་ཏུ་ཆེ་བའི་ཆགས་ལྡན་གང་ཞིག་དང་པོ་རང་གིས་སྤྱོད་པར་འདོད་པའི་བུད་མེད་དེའི་གདོང་ལ་ལྟ་འདོད་ཀྱིས་འབད་དེ་བཏེག བུད་མེད་དེའི་གདོང་གི་གོས་གྱེན་དུ་དྲངས་ཀྱང་མོ་རང་ངོ་ཚས་འོག་ཏུ་ལྟ་བར་བྱེད། བུད་མེད་དེ་དུར་ཁྲོད་དུ་མ་བསྐྱལ་བའི་སྔོན་དུ་ནི་གཞན་གྱིས་བུད་མེད་དེའི་བཞིན་རས་མཐོང་ངམ་ཡང་ན་མ་མཐོང་ཡང་རུང་། གང་ལྟར་བུད་མེད་ཀྱི་གོས་ཀྱིས་གདོང་ནི་གཡོགས་པར་འགྱུར་བ་ལ། ཁྱོད་ཤིན་ཏུ་ཆགས་ནས་ཉོན་མོངས་པར་གྱུར་པའི་བུད་མེད་དེའི་གདོང་དེ་ནི། ད་ལྟ་མངོན་སུམ་དུ་གྱུར་པ་བཞིན། དུར་ཁྲོད་དུ་བྱ་རྒོད་ཀྱིས་གདོང་གི་ཁེབས་གོས་བསལ་བར་བྱས་པ་མཐོང་ནས། ད་ལྟ་ཁྱོད་ཅི་ཕྱིར་འབྲོས་ཤིང་འབྱེར་བར་བྱེད། དེའི་ཚེ་ཡང་ཆགས་པར་རིགས་སོ། ། རྩ་བར། གཞན་རྣམས་མིག་གིས་ལྟ་ན་ཡང་། །གང་ཞིག་ཡོངས་སུ་བསྲུང་གྱུར་པ། །ཇི་སྲིད་དེ་ནི་དེས་ཟ་ན། །སེར་སྣ་ཅན་ཁྱོད་ཅིས་མི་བསྲུང་། ། སྐྱེས་པ་གཞན་རྣམས་ཀྱིས་རང་གིས་བདག་གིར་བཟུང་བའི་བུད་མེད་ཀྱི་གདོང་ལ་མིག་གིས་ལྟ་སྟངས་ཤིག་བྱས་ན་ཡང་། རང་ཉིད་ཀྱི་བུད་མེད་གང་ཞིག་གཞན་གྱིས་འཕྲོག་ཏུ་དོགས་ནས་ཉིན་མཚན་དུས་དྲུག་ཏུ་ཡོངས་སུ་བསྲུང་བར་གྱུར་པ། ཇི་སྲིད་ནམ་ཞིག་གི་ཚེ་རང་ཉིད་ཀྱིས་བདག་གིར་བཟུང་བའི་བུད་མེད་དེའི་ལུས་དེ་ནི་བྱ་རྒོད་དང་ཁྱི་སྤྱང་ལ་སོགས་པ་དེ་དང་དེས་ཟ་བའི་དུས་ན། སེར་སྣ་དང་ཕྲག་དོག་གིས་འཚོས་པའི་སྐྱེས་པ་ཁྱོད་ཀྱིས་རྒྱུ་མཚན་ཅི་ཡིས་སྔར་བཞིན་བུད་མེད་དེའི་ལུས་མི་བསྲུང་བར་འདུག གང་ཡིན་ཟེར་ན། རྒྱུ་མཚན་མཚུངས་པའི་ཕྱིར་རོ། ། རྩ་བར། ཤ་ཡི་ཕུང་པོ་འདི་མཐོང་ནས། །བྱ་རྒོད་དང་གཞན་ཟ་བྱེད་ན། །གཞན་གྱི་ཟས་ལ་མེ་ཏོག་གི ། ཕྲེང་བ་ཙནྡན་རྒྱན་གྱིས་མཆོད། ། ཤིན་ཏུ་ནས་མི་གཙང་བའི་བཙོག་སྙིགས་སྣ་ཚོགས་ཀྱིས་བརྒྱངས་པའི་ཤ་ཡི་ཕུང་པོ་འདི་ནམ་ཞིག་དུར་ཁྲོད་ཀྱི་ར་བར་ 268 མཐོང་ནས། བྱ་རྒོད་དང་སོགས་དང་། གཞན་ཁྱི་སྤྱང་དག་གིས་ཀྱང་ཟ་བར་བྱེད་ངེས་ན། གཞན་གྱི་ཟས་ལ་མེ་ཏོག་གི་ཕྲེང་བ་དང་། ཙནྡན་གྱི་རྒྱན་གྱིས་མཆོད་པ་བྱས་པ་དང་ཀུན་ནས་མཚུངས་པ་མ་ཡིན་ནམ། ། རྩ་བར། རུས་གོང་ཉིད་དུ་མཐོང་ནས་ནི། །མི་འགུལ་ཡང་དེ་ཁྱོད་སྐྲག་ན། །རོ་ལངས་བཞིན་དུ་འགའ་ཡིས་ཀྱང་། །བསྐྱོད་པར་གྱུར་ན་ཅི་མི་འཇིགས། ། དུར་ཁྲོད་དག་ཏུ་ཤ་དང་ཁྲག་རྣག་རྩ་རྒྱུས་སོགས་ཀྱིས་དབེན་པའི་མི་ཤི་བའི་རུས་གོང་རྡོ་དཀར་པོ་ལྟ་བུ་ཡོད་པ་དག་རུས་གོང་ཉིད་དུ་མཐོང་ན་ཡང་མི་ཕན་པར་དེ་མཐོང་ནས་ནི། མི་འགུལ་བ་ན་ཡང་། དེར་ཁྱོད་ཤིན་ཏུ་ནས་སྐྲག་པར་བྱེད་ན། རོ་ལངས་བཞིན་དུ་རུས་གོང་པགས་པ་དངརྩ་རྒྱུས་ཀྱིས་གཡོགས་པ་དེར་རླུང་སེམས་འགའ་ཡིས་ཀྱང་བསྐྱོད་པར་བྱེད་པར་གྱུར་ན། དེ་ལ་ཁྱོད་རྒྱུ་མཚན་ཅི་ཡི་ཕྱིར་མི་འཇིགས་པ་ཡིན། ། རྩ་བར། གང་ལ་གཡོགས་ཀྱང་འདི་ཆགས་པ། །དེ་མ་གཡོགས་ན་ཅིས་མི་འདོད། །དེ་ལ་དགོས་པ་མེད་ན་ནི། །གཡོགས་པ་ལ་ནི་ཅི་ཕྱིར་འཁྱུད། ། ལུས་གང་ལ་གོས་སྣ་ཚོགས་ཀྱིས་གཡོགས་ཀྱང་ད་དུང་མི་ཕན་པར་ལུས་འདི་ལ་ཤིན་ཏུ་ནས་ཆགས་པར་བྱེད་ན། དུར་ཁྲོད་ལྟ་བུར་ལུས་དེར་གོས་རྒྱན་སོགས་ཀྱིས་གང་ཡང་མ་གཡོགས་ན་དེ་ལ་ཁྱོད་ཀྱིས་ལྷག་པར་དུ་ཆགས་པར་བྱེད་དགོས་ཚོད་ལ་རྒྱུ་མཚན་ཅི་ཡིས་མི་འདོད་པར་བྱེད། དུར་ཁྲོད་དུ་ལྷགས་པའི་རོ་དེ་སྐྱུག་བྲོ་བ་ཞིག་འདུག་པས་དེ་ལ་དགོས་པ་མེད་དོ་སྙམ་ན་ནི། དེས་ན་སྔར་གསོན་པའི་སྐབས་གོས་ཀྱིས་གཡོགས་པའི་ལུས་དེ་ལ་ནི་ཁྱོད་ཅི་ཕྱིར་འདོད་པས་འཁྱུད་ཅིང་རྩེ་བར་བྱེད། དེ་ཡང་མི་གཙང་བའི་རང་བཞིན་དུ་མཚུངས་པས་སོ། ། རྩ་བར། ཟས་ནི་གཅིག་པུ་ཉིད་ལས་ནི། །བཤང་དང་ཁ་ཆུ་བྱུང་གྱུར་ན། །དེ་ལ་བཤང་ལ་མི་དགའ་ཞིང་། །ཁ་ཆུ་ལ་ཁྱོད་ཅི་ཕྱིར་དགའ། ། 269 རྒྱུ་ཟས་འབྲས་ཆན་ལ་སོགས་པ་གཅིག་པུ་ཉིད་ལས་ནི་བཤང་གཅི་དང་ཁ་ཆུ་སོགས་བྱུང་བར་གྱུར་ན། དེ་ལས་བཤང་གཅི་ལ་མི་དགའ་ཞིང་། ཁ་ཆུ་ལ་ཁྱོད་རང་ཅི་ཕྱིར་དགའ་བར་བྱེད། གང་ཡིན་ཟེར་ན། དེ་གཉིས་ལུས་ཀྱི་སྟོད་སྨད་ནས་བྱུང་བ་མི་འདྲ་བ་ཙམ་ལས། རྒྱུ་གཅིག་དང་ལུས་གཅིག་ལས་བྱུང་བ་ནི་མཚུངས་པས་སོ། ། རྩ་བར། ཤིང་བལ་རེག་ན་འཇམ་པ་ཡི། །སྔས་ལ་དགའ་བར་མི་བྱེད་པར། །དྲི་ང་འཛག་པ་མ་ཡིན་ཞེས། །འདོད་ལྡན་མི་གཙང་བ་ལ་རྨོངས། ། རྒྱུ་དང་ངོ་བོ་གང་གི་ཆ་ནས་ཀྱང་མི་གཙང་བ་མ་ཡིན་པའི་ཤིང་བལ་ལ་རེག་ན་ཤིན་ཏུ་འཇམ་པས། རེག་བྱ་འཇམ་པ་ཡི་ཤིང་བལ་གྱི་སྔས་ལ་དགའ་བར་མི་བྱེད་པར། ཤིན་ཏུ་ནས་མི་གཙང་བའི་དྲི་ང་འཛག་བཞིན་དུ་དྲི་ང་འཛག་པ་མ་ཡིན་ཞེས་ཡིད་དུ་འོང་བའི་རྣམ་པར་བལྟས་ནས། འདོད་ལྡན་གྱི་སྐྱེ་བོ་དག་ནི་མི་གཙང་བ་ལ་དུས་དང་རྣམ་པ་ཀུན་ཏུ་གཙང་བར་རྨོངས་ནས་ཆགས་པར་བྱེད་དོ། ། རྩ་བར། འདོད་ལྡན་ངན་པ་རྨོངས་པ་རྣམས། །ཤིང་བལ་རེག་ན་འཇམ་པ་ལའང་། །ཉལ་པོ་བྱ་བར་མི་ནུས་ཞེས། །དེ་ལ་ཁྲོ་བ་དག་ཏུ་བྱེད། ། འདོད་པ་ཤུགས་དྲག་པོ་དང་ལྡན་པའི་ངན་པ་རྨོངས་པ་རྣམས་རྒྱུ་ངོ་བོ་སོགས་གང་གི་ཆ་ནས་ཀྱང་ཤིན་ཏུ་གཙང་བའི་ཤིང་བལ་སོགས་ལ་རེག་ན་འཇམ་པ་ལའང་། དེ་ཡི་མལ་དུ་སྐད་ཅིག་ཙམ་ཞིག་ལའང་ཉལ་པོ་བྱ་བར་གཏན་ནས་མི་ནུས་ཞེས། དེ་ལ་རྒྱབ་ཀྱིས་ཕྱོགས་ཏེ་སེམས་གཏིང་ནས་ཁྲོ་བ་དག་ཏུ་བྱེད་པ་ནི་མི་གཙང་བ་ལ་ཆགས་པ་ལྟ་བུའོ། ། རྩ་བར། གལ་ཏེ་མི་གཙང་ཆགས་མེད་ན། །རུས་གཟེབ་རྒྱུས་པས་སྦྲེལ་བ་ལ། །ཤ་ཡི་འདམ་གྱིས་ཞལ་ཞལ་བྱས། །གཞན་ཁྱོད་ཅི་ཕྱིར་པང་དུ་འཁྱུད། ། གལ་ཏེ་ཁྱེད་རང་མི་གཙང་བའི་རིགས་ལ་གཏན་ནས་ཆགས་པ་མེད་པར་བདེན་ན། རུས་ཕྲན་སྣ་ཚོགས་པའི་གཟེབ་དག་ཏུ་རྒྱུས་པས་སྦྲེལ་བ་ལ། ཁྲག་རྣག་གིས་བཟུང་བའི་ 270 ཤ་ཡི་འདམ་གྱིས་ཞལ་ཞལ་བྱས་པའི་གཞན་གྱི་ལུས་ལ། ཁྱོད་རྒྱུ་མཚན་ཅིའི་ཕྱིར་ཆགས་ནས་རང་གི་པང་དུ་བླངས་ཏེ་ཆེས་ཆེར་རབ་ཏུ་འཁྱུད་པར་བྱེད་དོ། ། རྩ་བར། ཁྱོད་ཉིད་མི་གཙང་མང་ཡོད་པ། །དེ་ཉིད་ལ་ཁྱོད་གཏན་སྤྱོད་ཅིང་། །མི་གཙང་རྐྱལ་པ་གཞན་དག་ལའང་། །མི་གཙང་བརྐམ་པས་འདོད་པར་བྱེད། ། ཁྱོད་མི་གཙང་བ་ལ་ཞེན་པ་ཁོ་ན་ཡིན་ཏེ། ཁྱོད་རང་ཉིད་མཆིལ་མ་དང་། སྣབས་དང་། ཀླད་རྒྱས། བཤང་བ། ཁྲག རྣག རྒྱུས་པ་སོགས་མི་གཙང་བ་ཧ་ཅང་མང་པོ་ཡོད་པ་དེ་ཉིད་ལ་ཁྱོད་གཏན་དུ་སྤྱོད་ཅིང་། མ་ཟད་མི་གཙང་བའི་རྫས་ལུད་སྣ་ཚོགས་ཀྱིས་བརྒྱངས་པའི་རྐྱལ་པ་གཞན་བུད་མེད་ལ་སོགས་པའི་ལུས་དེ་དག་ལའང་། མི་གཙང་བར་ཤིན་ཏུ་བརྐམ་པས་ཆེས་ཆེར་འདོད་པར་བྱེད་དོ། ། རྩ་བར། བདག་ནི་ཤ་འདི་ལ་དགའ་ཞེས། །རེག་དང་ལྟ་བར་འདོད་ན་ཀོ། །སེམས་མེད་པ་ཡི་རང་བཞིན་གྱི། །ཤ་ནི་ཁྱོད་ཀོ་ཅིས་མི་འདོད། ། བདག་ནི་བུད་མེད་གཞོན་ནུ་མ་དེའི་ཤ་འདི་ལ་ཤིན་ཏུ་དགའ་ཞེས། དེ་ལ་རེག་པ་དང་ཕྱོགས་དང་ཕྱོགས་ནས་ལྟ་བར་འདོད་ན་ཀོ། ནམ་ཞིག་བུད་མེད་གཞོན་ནུ་མ་དེ་ཤི་བར་གྱུར་ཏེ་སེམས་མེད་པ་ཡི་རང་བཞིན་ཅན་གྱི་ཤ་དེ་ལ་ནི་རྨོངས་རྒན་ཁྱོད་ཀོ་ཅི་ཡིས་ཕྱིར་སྔོན་ལྟར་དགའ་བར་མི་བྱེད་པར་མི་འདོད་པར་བྱེད་པ་ཡིན། རྩ་བར། འདོད་པའི་སེམས་གང་ཡིན་པ་དེ། །རེག་དང་བལྟ་བར་མི་ནུས་ལ། །གང་ཞིག་ནུས་དེ་ཤེས་པ་མིན། །དོན་མེད་འཁྱུད་དེས་ཅི་ཞིག་བྱ། ། ཁོ་བོ་བུད་མེད་དེས་ལུས་ལ་ཆགས་པ་གཏན་ནས་མིན། དེའི་སེམས་ཀྱི་བརྩེ་དུང་ལ་ཆགས་པ་ཡིན་ཟེར་ན། བུད་མེད་དེའི་འདོད་པའི་སེམས་གང་ཡིན་པ་དེ་ལ་ལག་པས་རེག་རྒྱུ་དང་། མིག་གིས་བལྟ་བར་བྱེད་མི་ནུས་ལ། གང་ཞིག་ལག་པས་རེག་པ་དང་མིག་གིས་བལྟ་བར་ནུས་པའི་ལུས་དེ་ནི་ཤེས་པའམ་སེམས་ཀྱི་བརྩེ་དུང་མིན་སྟབས། དོན་མེད་དུ་བུད་མེད་དེའི་ལུས་དེ་ལ་འདོད་པས་རབ་ཏུ་འཁྱུད་པ་དེས་ཅི་ཞིག་བྱའོ། ། 271 རྩ་བར། མི་གཙང་རང་བཞིན་གཞན་གྱི་ལུས། །མི་རྟོགས་ངོ་མཚར་མི་ཆེ་ཡི། །རང་ཉིད་མི་གཙང་ཉིད་ཡིན་པར། །རྟོགས་པར་མི་འགྱུར་ངོ་མཚར་ཆེ། ། ཤིན་ཏུ་ནས་མི་གཙང་བའི་རང་བཞིན་འབའ་ཞིག་གིས་གྲུབ་པའི་གཞན་གྱི་ལུས་དེ་མི་གཙང་བའི་རང་བཞིན་ཡིན་པ་ཁྱེད་ཀྱིས་མི་རྟོགས་པའམ་རྟོགས་མ་ཐུབ་པ་དེ་ངོ་མཚར་ཆེར་མི་ཆེ་ཡི། རང་ཉིད་མི་གཙང་བའི་རང་བཞིན་ཉིད་ཡིན་པར་རྟོགས་པར་མི་འགྱུར་བ་དེ་ནི་ཤིན་ཏུ་ནས་ངོ་མཚར་ཆེའོ། ། རྩ་བར། སྤྲིན་བྲལ་ཉི་ཟེར་གྱིས་ཕྱེ་བའི། །པདྨ་གཞོན་ནུ་སྤངས་ནས་ནི། །མི་གཙང་ཞེན་པའི་སེམས་ཀྱིས་ནི། །མི་གཙང་གཟེབ་ལ་ཅིའི་ཕྱིར་དགའ། ། སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བའི་ཉི་མའི་ཟེར་གྱིས་ལེགས་པར་ཕྱེ་བའི་ཤིན་ཏུ་ཡིད་དུ་འོང་བའི་པདྨ་གཞོན་ནུ་དེ་རྒྱང་རིང་དུ་སྤངས་ནས་ནི། མི་གཙང་བ་ལ་ཞེན་པའི་སེམས་ཀྱིས་ནི་མི་གཙང་བའི་གཟེབ་ལ་ཅིའི་ཕྱིར་དགའ་བར་བྱེད། དེ་ལ་དོན་སྙིང་གང་ཡང་མེད་དོ། ། རྩ་བར། ས་ཕྱོགས་མི་གཙང་གིས་གོས་པ། །གལ་ཏེ་རེག་པར་མི་འདོད་ན། །གང་ལས་དེ་ནི་བྱུང་བ་ཡི། །ལུས་ལ་ཇི་ལྟར་ཁྱོད་རེག་བྱེད། ། ས་ཕྱོགས་གང་ཞིག་བཤང་གཅི་དང་སྣབས་ལུད་སོགས་མི་གཙང་བ་སྣ་ཚོགས་ཤིག་གིས་གོས་པར་གྱུར་པ་ལ། གལ་ཏེ་ཁྱེད་རང་གི་མིག་གིས་ལྟ་བ་དང་ལུས་ཀྱིས་རེག་པར་མི་འདོད་ན། ཐོག་མར་གང་ལས་མི་གཙང་བ་དེ་དག་ནི་བྱུང་བ་ཡི་ལུས་ལ་ཇི་ལྟར་ཁྱོད་འདོད་སེམས་ཀྱིས་རེག་པར་བྱེད་དེ་ནམ་ཡང་བྱེད་མི་རིགས་སོ། ། རྩ་བར། གལ་ཏེ་མི་གཙང་ཆགས་མེད་ན། །མི་གཙང་ཞིང་ལས་བྱུང་འགྱུར་ཅིང་། །དེ་ཡི་ས་བོན་དེས་བསྐྱེད་པ། །གཞན་ཁྱོད་ཅི་ཕྱིར་པང་དུ་འཁྱུད། ། གལ་ཏེ་བདག་མི་གཙང་བ་ལ་གཏན་ནས་ཆགས་པ་མེད་དོ་ཞེས་རྒྱུན་དུ་བཤད་བཞིན་པ་དེ་བདེན་ན། 272 མི་གཙང་བའི་ཞིང་ལྟ་བུའི་ཕ་མའི་ཁུ་ཁྲག་འདུས་པ་ལས་བྱུང་བར་འགྱུར་ཅིང་། ཕ་མའི་ཁུ་ཁྲག་མི་གཙང་བ་དེ་ཡི་ས་བོན་དེས་བསྐྱེད་པའི་བུད་མེད་གཞན་ལ་དགའ་དྲགས་ནས་ཁྱོད་ཅི་ཕྱིར་བུད་མེད་དེ་རང་གི་པང་དུ་བླངས་ནས་འདོད་པས་འཁྱུད་པར་བྱེད། དེ་ལྟར་བྱེད་མི་རིགས་སོ། ། རྩ་བར། མི་གཙང་ལས་བྱུང་མི་གཙང་སྲིན། །ཆུང་ངུའང་ཁྱོད་འདོད་མི་བྱེད་ལ། །མི་གཙང་མང་པོའི་རང་བཞིན་ལུས། །མི་གཙང་སྐྱེས་པའང་འདོད་པར་བྱེད། ། རྒྱུ་དང་ངོ་བོ་སོགས་གང་གི་ཆ་ནས་ཀྱང་མི་གཙང་བ་ལས་བྱུང་བའི་མི་གཙང་བའི་སྲིན་འབུ་ཆུང་ངུ་ཞིག་ལའང་ཁྱོད་ཀྱིས་ཤུགས་ཆེན་པོའི་སྒོ་ནས་འདོད་པར་མི་བྱེད་ལ། མི་གཙང་བའི་རྣམ་གྲངས་ཤིན་ཏུ་མང་པོའི་རང་བཞིན་ཅན་གྱི་ལུས་མི་གཙང་བ་ལས་སྐྱེས་པ་དེ་ལའང་ཁྱོད་ཅིའི་ཕྱིར་འདོད་པར་བྱེད། རྩ་བར། ཁྱོད་ནི་རང་ཉིད་མི་གཙང་ལ། །སྨོད་མི་བྱེད་པར་མ་ཟད་ཀྱི། །མི་གཙང་རྐྱལ་པ་མི་གཙང་ལ། །བརྐམ་པས་གཞན་ཡང་འདོད་པར་བྱེད། ། ཁྱོད་ཀྱིས་ནི་རང་ཉིད་ཕྱོགས་ཀུན་ནས་མི་གཙང་བའི་གོང་བུ་ཞིག་ཡིན་པ་ལ་སྨོད་པར་མི་བྱེད་པར་མ་ཟད་ཀྱི། ད་དུང་མི་གཙང་བ་སྣ་མང་གིས་བརྒྱངས་པའི་མི་གཙང་བའི་རྐྱལ་པ་ལྟ་བུའི་ཁྱོད་ཉིད་མི་གཙང་བ་ལ་བརྐམ་པས། གཞན་བུད་མེད་ཀྱི་ལུས་ལ་ཡང་འདོད་པས་འཁྱུད་པར་བྱེད་འདོད་པ་འདི་ནི་མི་རིགས་སོ། ། རྩ་བར། ག་བུར་ལ་སོགས་ཡིད་འོང་དང་། །འབྲས་ཆན་དག་གམ་ཚོད་མའང་རུང་། །ཁར་བཅུག་ཕྱིར་ཕྱུང་བོར་བ་ཡིས། །ས་ཡང་མི་གཙང་བཙོག་པར་འགྱུར། ། ག་བུར་ལ་སོགས་པའི་སྨན་ཡིད་དུ་འོང་བའི་ཟས་དང་། འབྲས་ཆན་དག་གམ། སྔོ་ལ་སོགས་པའི་ཚོད་མའང་རུང་ཇི་འདྲ་ཞིག་ཡོད་ན་ཡང་། དེ་དག་ཁར་བཅུག་པ་དང་། ལྕེས་བལྡག་པ། སོས་བལྡད་ནས་ཕྱིར་ཁ་ནས་ཕྱུང་སྟེ་བོར་བ་ཡིས། ཡིད་དུ་འོང་བའི་ 273 ས་དང་ཆུ་ལ་སོགས་པ་ཡང་མི་གཙང་བ་དང་བཙོག་པར་འགྱུར་བས། ཆགས་པར་མི་རིགས་སོ། ། རྩ་བར། གལ་ཏེ་མི་གཙང་འདི་འདྲ་བ། །མངོན་སུམ་གྱུར་ཀྱང་ཐེ་ཚོམ་ན། །དུར་ཁྲོད་དག་ཏུ་བོར་བའི་ལུས། །མི་གཙང་གཞན་ཡང་བལྟ་བར་གྱིས། ། གལ་ཏེ་རང་ཉིད་ལ་ལུས་མི་གཙང་བ་འདི་འདྲ་བ་ཞིག་ཡོད་པ་མངོན་སུམ་དུ་གྱུར་ཀྱང་། ད་དུང་དེ་འདྲ་རང་ཨེ་ཡིན་སྙམ་པའི་ངང་ནས་ཐེ་ཚོམ་ཟ་ན། ཤིན་ཏུ་ནས་འཇིགས་སུ་རུང་བའི་དུར་ཁྲོད་དག་ཏུ་བོར་བའི་ཤ་ཁྲག་རྩ་རྒྱུས་ཀྱིས་བཏང་བའི་མི་རུས་སྐམ་པོའི་ལུས་མི་གཙང་བ་གཞན་དང་གཞན་དག་ལ་ཡང་ཡང་ནས་ཡང་དུ་བལྟ་བར་གྱིས་ཤིག། རྩ་བར། གང་ལས་པགས་པའི་ཁ་ཕྱེ་ན། །འཇིགས་པ་ཆེན་པོ་སྐྱེ་འགྱུར་བར། །ཤེས་ཀྱང་ཇི་ལྟར་དེ་ཉིད་ལ། །ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར། ། ཁྱེད་ཀྱིས་ཤིན་ཏུ་ཡིད་དུ་འོང་བར་བརྩི་བའི་ལུས་གང་ཡང་རུང་བ་ལས་ཕྱིའི་པགས་པའི་ཁ་ཕྱེས་ནས་ནང་དུ་བལྟས་པ་དེའི་ཚེ་ན། གློ་མཆིན་དང་རྣག་ཁྲག་བཙོག་གཅིན་ལ་སོགས་པས་ཡོངས་སུ་བཀང་ནས་ཡོད་པ་མཐོང་མ་ཐག་རང་ལ་འཇིགས་པ་ཆེན་པོ་མི་བཟོད་པ་ལྟ་བུ་སྐྱེ་བར་འགྱུར་བར་ཤེས་ཀྱང་། ད་དུང་སྣང་མེད་ལྟ་བུས་ཇི་ལྟར་རང་དང་བུད་མེད་ཀྱི་ལུས་དེ་ཉིད་ལ་ཕྱིར་ཞིང་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་མི་རིགས་སོ། ། རྩ་བར། ལུས་ལ་བསྐུས་པའི་དྲི་དེ་ཡང་། །ཙནྡན་སོགས་ཡིན་གཞན་མ་ཡིན། །གཞན་གྱི་དྲི་དེས་གཞན་དག་ལ། །ཅི་ཡི་ཕྱིར་ན་ཆགས་པར་བྱེད། །གལ་ཏེ་རང་བཞིན་དྲི་ང་བས། །འདི་ལ་མ་ཆགས་ལེགས་མིན་ནམ། ། དྲི་ཞིམ་བྲོ་བའི་ལུས་ལ་ཆགས་པར་རིགས་སོ་ཞེ་ན། ལུས་ལ་བསྐུས་པའི་དྲི་དེ་ཡང་། ཙནྡན་ལ་སོགས་པའི་དྲི་ལྡན་གྱི་རིགས་ཡིན་གྱི། གཞན་ལུས་ཀྱི་རང་བཞིན་ལས་ཚུར་བྱུང་བ་ནི་མ་ཡིན་སྟབས། ཙནྡན་ལ་སོགས་པའི་དངོས་པོ་འབྲེལ་མེད་གཞན་གྱི་དྲི་དེས་ལུས་ 274 གཞན་དག་ལ། ཅི་ཡི་ཕྱིར་ན་ཁྱོད་ཆགས་པར་བྱེད། གལ་ཏེ་ཁྱོད་དྲི་ལ་ཆགས་པ་བདེན་ན། ལུས་འདིར་རང་བཞིན་གྱིས་སྐྱུག་དྲི་ང་བས། འདི་ལ་མ་ཆགས་ན་ཤིན་ཏུ་ནས་ལེགས་པ་མིན་ནམ། རྩ་བར། འཇིག་རྟེན་དོན་མེད་སྲེད་པ་དག ། ཅི་སྟེ་དེ་ལ་དྲི་ཞིམ་སྐུད། །འོན་ཏེ་དྲི་ཞིམ་ཙནྡན་ནི། །ལུས་ལས་འདིར་ནི་ཅི་ཞིག་འབྱུང་། །གཞན་གྱི་དྲི་ཡིས་གཞན་དག་ལ། །ཅི་ཡི་ཕྱིར་ན་ཆགས་པར་བྱེད། ། འཇིག་རྟེན་ཁམས་ཀྱི་སྐྱེ་བོ་ཕལ་བ་དོན་མེད་པ་ལ་ཤིན་ཏུ་སྲེད་པ་དག ཅི་སྟེ་རྣག་ཁྲག་དང་བཙོག་གཅིན་གྱིས་བརྒྱངས་པའི་ལུས་མི་གཙང་བ་དེ་ལ་དྲི་ཞིམ་པོ་སྐུད་པར་བྱེད། འོན་ཏེ་ལུས་དེ་ལ་བྱུགས་པའི་དྲི་ཞིམ་དུ་བརྩི་བ་དེ། ཙནྡན་ལ་སོགས་པའི་དྲི་དག་ཡིན ན་ནི། ལུས་ཕལ་བ་འདི་འདྲ་བ་ལས་འདིར་ནི་དྲི་ཞིམ་པོ་ཅི་ཞིག་འབྱུང་། དེར་བརྟེན་གཞན་གྱི་དྲི་ཡིས་གཞན་དག་ལ་ཁྱོད་ཅི་ཡི་ཕྱིར་ན་རབ་ཏུ་ཆགས་པར་བྱེད། དེ་ལ་དོན་སྙིང་གང་ཡང་མེད་དོ། ། རྩ་བར། གལ་ཏེ་སྐྲ་སེན་རིང་བ་དང་། །སོ་སྐྱ་དྲིར་བཅས་འདམ་གྱི་དྲིས། །བསྒོས་པའི་ལུས་ཀྱི་རང་བཞིན་ནི། །གཅེར་བུ་འཇིགས་པ་ཉིད་ཡིན་ན། །རང་ལ་གནོད་པའི་མཚོན་བཞིན་དུ། །དེ་འབད་ཅི་ཕྱིར་བྱི་དོར་བྱེད། །བདག་ལ་རྨོངས་པའི་འབད་པ་ཡིས། །སྨྱོས་པས་ས་འདི་ཀུན་ཏུ་འཁྲུགས། ། གལ་ཏེ་ལུས་འདི་རྐྱེན་གྱིས་མ་བཅོས་པར་རང་བབས་སུ་བཞག་ན། སྐྲ་དང་སེན་པོ་རིང་བ་དང་། སོ་དྲེག་ཆགས་པའི་སོ་སྐྱ་དྲི་ངན་ངར་ཤུགས་དང་བཅས་པ་འདམ་གྱི་དྲིས་ཆེས་ཆེར་རབ་ཏུ་བསྒོས་པའི་ལུས་ཀྱི་རང་བཞིན་ནི། མི་གཙང་བ་སྐྱག་དྲི་བྲོ་བའི་རང་བཞིན་ཅན་གཅེར་བུ་འཇིགས་པ་སྐྱེ་བའི་གཞི་ཡི་དྭགས་ལྟ་བུ་ཉིད་ཡིན་པས་ན། རང་ལ་གནོད་པའི་མཚོན་བཞིན་དུ་རང་ལ་ནམ་ཞིག་གནོད་བྱེད་ཀྱི་གཏེ་བོ་ལྟ་བུར་འགྱུར་ཉེན་ 275 ཡོད་སྟབས། ལུས་དེ་འདྲ་བ་ཞིག་ལ་འབད་པ་ཡོད་རྒུས་ཅི་ཕྱིར་བྱི་དོར་བྱེད་ཀྱི་ཡོད་དམ། དེ་ནི་སྐྱེ་བོ་འདོད་པ་ཤུགས་ཆེན་པོ་དང་ལྡན་རྣམས་བདག་ལ་ཕན་པའི་དོན་སྒྲུབ་པ་ལ་ཤིན་ཏུ་རྨོངས་པའི་དབང་གིས་ངའི་ལུས་འདི་ལ་བྱི་དོར་བྱེད་པ་སོགས་དོན་མེད་པའི་ལས་འདི་དང་འདི་འདྲ་བ་སྣ་ཚོགས་ལ་འབད་པ་ཡིས། རབ་ཏུ་སྨྱོས་པས་ས་འདི་ཀུན་ཏུ་འཁྲུགས་པ་སྟེ་ཁྱབ་པར་གྱུར་པ་ཡིན་ནོ། ། རྩ་བར། རུས་གོང་འབའ་ཞིག་མཐོང་ནས་ནི། །དུར་ཁྲོད་དུ་ནི་ཡིད་འབྱུང་ན། །གཡོ་བའི་རུས་གོང་གིས་ཁྱབ་པའི། །གྲོང་གི་དུར་ཁྲོད་ལ་དགའ་འམ། ། ཤ་དང་རྣག་ཁྲག་གིས་དབེན་པའི་རྡོ་དཀར་པོ་ལྟ་བུའི་མིའི་རུས་གོང་འབའ་ཞིག་གིས་ཁེངས་བསྡད་པ་མཐོང་ནས་ནི། དུར་ཁྲོད་དུ་ནི་ཁྱོད་ཡིད་རབ་ཏུ་འབྱུང་གི་ཡོད་པ་བདེན་ན། གནས་སྐབས་ཙམ་ཞིག་ལ་རྣམ་པར་ཤེས་པས་གཡོ་བའི་རུས་གོང་སྣ་མང་གིས་ལུས་ཡོངས་སུ་ཁྱབ་པའི་གྲོང་དང་གྲོང་བརྡར་དག་གི་དུར་ཁྲོད་ལ་ཁྱོད་ཅི་ཕྱིར་དགའ་འམ། དེ་དག་ལའང་དགའ་མི་རིགས་སོ། ། རྩ་བར། དེ་ལྟར་མི་གཙང་གྱུར་དེའང་། །རིན་མེད་པར་ནི་མི་རྙེད་དོ། །དེ་དོན་བསྒྲུབས་པས་ཤ་ཐང་དང་། །དམྱལ་ལ་སོགས་པས་གནོད་པར་འགྱུར། ། གོང་དུ་བཤད་པ་དེ་ལྟར་མི་གཙང་བའི་རང་བཞིན་དུ་གྱུར་པའི་ལུས་དེའང་། རྒྱུ དང་དངོས་པོ་ཤུགས་ཆེན་པོས་བརྫངས་ནས་ཚུར་འགུག་ཐབས་སོགས་གང་ཡང་བྱེད་མི་དགོས་པར་རིན་མེད་པར་ནི་ནམ་ཡང་མི་རྙེད་དོ། །གལ་ཏེ་རྒྱུ་དངོས་ཀྱིས་བརྫངས་བའི་ལོངས་སྤྱོད་ཀྱི་ཆེད་དུ་ཉིན་མཚན་ཀུན་ཏུ་དེའི་དོན་བསྒྲུབས་པས་ཤ་ཐང་ཐང་དང་། ཏེ་ལག་ཏུ་རྙེད་པའི་དབང་དུ་བཏང་ན་ཡང་། རྙེད་པའི་རྗེས་སུ་བུད་མེད་དེའི་འཚོ་སྐྱེ་བ་ཕྱི་མའི་དུས་སུ་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་གྲངས་དུ་མས་ཤིན་ཏུ་ནས་གནོད་པར་འགྱུར་རོ། ། 276 རྩ་བར། བྱིས་པ་ནོར་སྤེལ་མི་ནུས་པས། །དར་ལ་བབ་ན་འདིས་ཅི་བདེ། །ནོར་གསོག་པ་ཡིས་ཚེ་གཏུགས་ན། །རྒས་ནས་འདོད་པས་ཅི་ཞིག་བྱ། ། རང་མགོ་མི་ཐོན་པ་ལྟ་བུའི་བྱིས་པའི་གནས་སྐབས་སུ་ཤུགས་ལས་སོགས་གང་ལ་བརྟེན་ནས་ཀྱང་རྒྱུ་ནོར་སྤེལ་མི་ནུས་པས། དར་ལ་བབ་པའི་དུས་ན་ཁྱིམ་དུ་རྒྱུ་ནོར་ལོངས་སྤྱོད་འཛོམས་ཆེད་ནུས་ཤུགས་ཡོད་རྒུས་འབད་པ་བྱེད་དགོས་སྟབས། ཆུང་མ་འདིས་ཅི་ཞིག་བདེ། དེ་ཡང་རྒྱུ་ནོར་གསོག་ཀྱིན་གསོག་ཀྱིན་རྒྱ་ནོར་གསོག་པ་ཁོ་ན་ཡིས་མི་ཚེའི་མཐར་གཏུགས་པར་བྱས་ན། རྒས་ནས་སྔར་ངལ་བ་གྲངས་མེད་ཀྱིས་འདོད་འདོད་དུ་བསགས་པའི་རྒྱུ་དངོས་དག་ཆ་ཚང་བ་ཞིག་ལོངས་སྤྱོད་བྱེད་པའི་ནུས་པ་མེད་སྟབས། དེ་འདྲའི་འདོད་པས་ཅི་ཞིག་བྱར་ཡོད་དམ། རྩ་བར། འདོད་ལྡན་ངན་པ་ཁ་ཅིག་ནི། །ཉིན་རངས་ལས་ཀྱིས་ཡོངས་དུབ་སྟེ། །ཁྱིམ་དུ་འོངས་ནས་ཆད་པའི་ལུས། །རོ་དང་འདྲ་བར་ཉལ་བར་བྱེད། ། ཡང་འདོད་ལྡན་ངན་པ་རང་གི་གསོག་དངུལ་གྱི་ཆེད་དུ་གཞན་ལ་ལས་བྱེད་པ་ཁ་ཅིག་ནི། ཉིན་རངས་ཏེ་ཉིན་གང་བོར་ལས་ཀྱིས་བྲེལ་སྟབས་ཡོངས་སུ་དུབ་སྟེ། དགུང་མོར་ཁྱིམ་དུ་འོངས་མ་ཐག་ནས་དགུང་ཟས་ཀྱང་སྤྱོད་མི་ནུས་པར་ཆད་པའི་ལུས་རོ་ཞིག་དང་འདྲ་བར་མལ་ཉལ་བར་བྱེད། དེ་ཡང་ཉིན་གཅིག་མ་ཡིན་པར་ཉིན་ཟླ་ལོ་དུས་སྦྲེལ་ནས་སོང་སྟེ་མཐར་འཆི་བའི་གནས་སུ་ལྷུང་བ་ཡིན། རྩ་བར། ཁ་ཅིག་བྱེས་བགྲོད་ཉོན་མོངས་དང་། །རིང་དུ་སོང་བའི་སྡུག་བསྔལ་ཅན། །བུ་སྨད་འདོད་བཞིན་བུ་སྨད་རྣམས། །ཁྱུད་འཁོར་ལོས་ཀྱང་མཐོང་མི་འགྱུར། ། ཡང་འདོད་ལྡན་ཁ་ཅིག་བྱེས་ལ་བགྲོད་བགྲོད་པས་ལུས་སེམས་ཤིན་ཏུ་ངལ་བས་ཉོན་མོངས་པར་བྱེད་པ་དང་། རང་གི་ཁྱིམ་དང་གཉེན་ཉེ་ལས་རིང་དུ་སོང་བའི་སྡུག་བསྔལ་ཅན། བུ་སྨད་རྒྱུན་དུ་དྲན་པ་མ་ཟད། བུ་སྨད་སོགས་ལ་ཐུག་འདོད་ཀྱིས་འདོད་ 277 པས་གདུང་བཞིན་དུ། བུ་སྨད་རྣམས་ཁྱུད་འཁོར་རམ་ལོ་ཧྲིལ་པོ་གཅིག་ལ་ལོས་ཀྱང་དེ་དག་གིས་ཁྱེད་གང་དུ་ཡོད་དང་ཅི་བྱེད་ཀྱིན་ཡོད་གང་ཡང་མཐོང་བར་མི་འགྱུར་ན། འདོད་པ་བསྟེན་པ་ལྟ་ཅི་སྨོས། རྩ་བར། བདག་ལ་ཕན་འདོད་རྣམ་རྨོངས་པས། །གང་དོན་ཉིད་དུ་བཙོངས་པ་ཡང་། །དེ་མ་ཐོབ་པར་དོན་མེད་པའི། །གཞན་གྱི་ལས་ཀྱི་རླུང་གིས་བདས། ། བདག་ལ་སེམས་གཏིང་ནས་ཕན་པར་འདོད་ཀྱིན་ཡོད་ཀྱང་ཐབས་ཀྱི་རྣམ་པར་རབ་ཏུ་རྨོངས་པས། ཕན་འདོགས་བྱར་གྱུར་པའི་སེམས་ཅན་གང་གི་དོན་ཉིད་དམ་འབའ་ཞིག་གི་ཆེད་དུ་རང་ལུས་ཚུན་ཆད་བཙོངས་པའི་ལས་བྱས་ཡང་། ད་དུང་རང་གིས་ངེས་པར་ཐོབ་པར་བྱེད་བསམ་པའི་གླ་དངུལ་དེ་དག་རྩ་བ་ནས་མ་ཐོབ་པར་མི་ཚེ་གང་བོར་དོན་མེད་པའི་བྱ་བར་གཞན་གྱི་ལས་ཀྱི་རླུང་གིས་བདས་ཏེ། མཐར་འཆི་བའི་གནས་སུ་ལྷུང་བར་བྱེད། རྩ་བར། ལ་ལ་རང་གི་ལུས་བཙོངས་ཤིང་། །དབང་མེད་གཞན་གྱིས་བཀོལ་གྱུར་ཏེ། །ཆུང་མ་དག་ཀྱང་བུ་བྱུང་ན། །ཤིང་དྲུང་དགོན་པར་བབ་བབ་འབྱུང་། ། ད་དུང་སྐྱེ་བོ་ལ་ལ་ཞིག་གིས་གླ་དངུལ་གྱི་ཆེད་དུ་རང་གི་ལུས་འབྲེལ་མེད་ཀྱི་སེམས་ཅན་གཞན་དུ་བཙོངས་ཤིང་། ཉིན་མཚན་དུས་དྲུག་ཏུ་དབང་མེད་དུ་གཞན་གྱིས་གདུག་རྩུབ་དྲག་པོས་བཀོལ་བར་གྱུར་ཏེ། དེར་ཆུང་མ་དག་ཀྱང་བུ་བཙས་པ་བྱུང་ན་ཡང་། རང་ལ་ཁྱིམ་མེད་པས་ཤིང་ནགས་ཀྱི་དྲུང་དང་། གནས་དགོན་པའམ་དབེན་པར་གང་གང་བབ་བབ་ཏུ་འབྱུང་བར་མི་བྱེད་ཐབས་མེད་དོ། ། རྩ་བར། འདོད་པས་བསླུས་པའི་གླེན་པ་དག ། འཚོ་འདོད་འཚོ་བར་བྱའོ་ཞེས། །སྲོག་སྟོར་དོགས་བཞིན་གཡུལ་དུ་འཇུག ། ཁེ་ཕྱིར་བྲན་དུ་འགྲོ་བར་བྱེད། ། ཡང་རང་སེམས་འདོད་པས་རབ་ཏུ་བསླུས་པའི་བྱིས་པ་གླེན་པ་དག འཚོ་བར་འདོད་ནས་རྒྱུ་དངོས་ལ་སོགས་པ་རྙེད་པས་འཚོ་བར་བྱའོ་ཞེས་རང་གི་སྲོག་སྟོར་བར་ 278 དོགས་བཞིན་དོགས་བཞིན་གཡུལ་དུ་འཇུག་པ་དང་། ཁེ་ཆེན་པོ་ཞིག་ཐོབ་པའི་ཕྱིར་དུ་གཞན་གྱིས་གནོད་པ་བྱས་པར་ལྟོས་མེད་ཀྱིས་དེ་དང་དེའི་བྲན་དུ་ཨུ་ཚུགས་ཀྱིས་འགྲོ་བར་བྱེད་དོ། ། རྩ་བར། འདོད་ལྡན་ལ་ལ་ལུས་ཀྱང་བཅད། །ཁ་ཅིག་གསལ་ཤིང་རྩེ་ལ་བཙུགས། །ཁ་ཅིག་མདུང་ཐུང་དག་གིས་སྣུན། །ཁ་ཅིག་བསྲེགས་པ་དག་ཀྱང་སྣང་། །བསག་དང་བསྲུང་དང་བརླག་པའི་གདུང་བ་ཡི། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། ། འདོད་པ་ཤུགས་ཆེན་པོ་དང་ལྡན་པའི་འདོད་ལྡན་ལ་ལ་ཞིག་གིས། གཞན་གྱིས་བདག་ཏུ་བཟུང་བའི་ནོར་སོགས་འཕྲོགས་པའི་དབང་གིས་ནོར་དེའི་བདག་པོ་སོགས་ཀྱིས་ལུས་ཀྱང་བཅད་གཏུབ་བྱེད་པ་དང་། ཁ་ཅིག་ཡུལ་དེའི་རྒྱལ་པོས་གསལ་ཤིང་གི་རྩེ་ལ་གཅེར་བུར་བཙུགས་པ། ཡང་ཁ་ཅིག་ལུས་ལ་མདུང་ཐུང་དག་གིས་བསྟུན་མར་སྣུན་པ། ད་དུང་ཁ་ཅིག་མེར་བསྲེགས་པ་དག་ཀྱང་སྐབས་དུ་མར་སྣང་ངོ་། །རང་ལ་བདེ་བ་འབྱུང་ཕྱིར་ནོར་སྒྲུབ་པ་དེ་ཡང་ཐོག་མར་བསག་དཀའ་བ་དང་། བར་དུ་བསྲུང་བའི་ལས་ཀྱིས་དུབ་པ། ཐ་མར་བརླག་པའི་ཚེ་ན་སྡུག་བསྔལ་གྱིས་གདུང་བ་ཡི་ནོར་སོགས་ནི་ཕུང་ཁྲོལ་ཏེ་མི་འདོད་པའི་སྡུག་བསྔལ་མཐའ་ཡས་ཤིང་མུ་མེད་པ་ཞིག་འབྱུང་རྩ་གཏེ་བོ་ལྟ་བུ་ཡིན་པ་ཤེས་པར་བྱའོ། ། རྩ་བར། ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་དམིགས་མང་ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་འགའ་ཟོས་པ་བཞིན། ། རྒྱུ་ནོར་ལ་ཆགས་ཤིང་ཞེན་པས་དུས་རྟག་ཏུ་གཡེངས་པར་གྱུར་པ་རྣམས། སྲིད་པ་འཁོར་བའི་སྡུག་བསྔལ་བརྒྱ་ཕྲག་དག་ལས་ནམ་ཡང་གྲོལ་བའི་སྐབས་ག་ལ་ཡོད་དེ་མེད་དོ། །འདོད་པའི་ཡོན་ཏན་ཁོ་ནར་རྒྱུན་དུ་ནས་ཆགས་ཤིང་ཞེན་པའི་འདོད་ལྡན་རྣམས་ལ་དེ་ 279 ལ་སོགས་པའི་ཉེས་དམིགས་མང་ལ་བདེ་བའི་མནོག་དང་ཁེ་ཆུང་བ་སྟེ། དཔེར་ན། ཤིང་རྟ་འདྲེན་པའི་ཕྱུགས་དག་གིས་ལམ་བར་ནས་རྩྭ་ནི་ཁམ་འགའ་བྲེལ་བས་ཟོས་པ་བཞིན་ནོ། ། རྩ་བར། ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་དེ་དོན།དལ་འབྱོར་ཕུན་སུམ་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ། ། ཤིང་རྟ་འདྲེན་པའི་ཕྱུགས་ཀྱིས་ཀྱང་འཁྱུག་ཙམ་ངལ་གསོ་བའི་རིང་བསྒྲུབས་ནའང་མི་དཀོན་པའི་ཚེ་འདིའི་ཟས་མནོག་ཆུང་སྟེ་དགོས་པ་ཆུང་ངུ་དག་གང་ཡིན་པ་དེའི་ཆེད་དུ། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཤིན་ཏུ་ནས་རྙེད་དཀའ་བ་འདི་ཚེ་སྔོན་གྱི་ལས་བསགས་སྟོབས་ཀྱིས་མནར་བའི་འགྲོ་བ་རྣམས་ཀྱིས་དོན་དུ་བཅོམ་པར་བྱེད་དོ། ། རྩ་བར། འདོད་པ་ངེས་པར་འཇིག་འགྱུར་ཞིང་། །དམྱལ་ལ་སོགས་པར་ལྟུང་བྱེད་པ། །ཆེན་པོ་མིན་ཕྱིར་དུས་ཀུན་ཏུ། །དུབ་པའི་ཚེགས་ཆུང་གང་ཡིན་པ། །དེ་ཡི་བྱེ་བའི་ཆ་ཙམ་གྱི། །ཚེགས་ཀྱིས་སངས་རྒྱས་ཉིད་འགྲུབ་ན། །འདོད་ལྡན་བྱང་ཆུབ་སྤྱོད་པ་བས། །སྡུག་བསྔལ་ཆེ་ལ་བྱང་ཆུབ་མེད། ། ཚེ་འདིར་རང་ལ་འདོད་པའི་ཡོན་ཏན་ཅི་ཙམ་གྱིས་མང་བ་ཡོད་ན་ཡང་མི་བརྟན་པར་སྐད་ཅིག་གཅིག་གི་རིང་ལྷག་མེད་དུ་ངེས་པར་འཇིག་པར་འགྱུར་ཞིང་། མ་ཟད་དེ་དག་ལ་ཆགས་པས་དམྱལ་བ་དང་ཡི་དྭགས་ལ་སོགས་པར་དབང་མེད་དུ་ལྟུང་བར་བྱེད་པ་དང་། དགོས་པ་ཆེན་པོ་མིན་པའི་དོན་གྱི་ཕྱིར་དུ་དུས་རིང་ཐོག་མ་མེད་པ་ནས་དུས་དང་རྣམ་པ་ཀུན་ཏུ་དུབ་པའི་ཚེགས་ཆུང་ཆུང་གང་ཡིན་པ་དེ་ཡི་བྱེ་བའི་ཆ་ཤས་ཙམ་གྱི་ཚེགས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པར་བྱས་ན། བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་འགྲུབ་པར་འགྱུར་བར་ཐེ་ཚོམ་རྩ་བ་ནས་མེད་ན་ཡང་། འདོད་ལྡན་རྣམས་འཁོར་བ་ཐོག་མ་མེད་པ་ནས་འདོད་ཡོན་ལ་ཆགས་པའི་དབང་གིས་ 280 འཁོར་བའི་གནས་འདིར་དཀའ་ཚེགས་ཆེས་ཆེར་མྱོང་བ་དེ་ནི། བྱང་ཆུབ་སྒྲུབ་པའི་སྤྱོད་པ་བས་དཀའ་སྤྱད་མྱོང་དགོས་པ་དེ་བས་ཀྱང་ཤིན་ཏུ་ནས་དཀའ་སྤྱད་ཀྱི་སྡུག་བསྔལ་ཆེ་ལ། འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་ལྟ་བུའི་བདེ་བ་ཡང་མེད་དོ། ། རྩ་བར། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད། ། ཚ་དམྱལ་དང་གྲང་དམྱལ་སོགས་དམྱལ་བའི་སྡུག་བསྔལ་གྱི་རྣམ་གྲངས་དག་ལ་ལེགས་པར་བསམ་པར་བྱས་ན། འདོད་པའི་སྡུག་བསྔལ་དེ་དག་རྣམས་ལ་མཚོན་དང་ནི། དུག་དང་། མེ་དང་། གཡང་ས་དང་། རང་གི་སྲོག་ལེན་པར་འདོད་པའི་དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད་པ་ལྟ་བུ་ཡིན་སྟབས། དེ་དག་གི་རྒྱུར་གྱུར་པའི་འདོད་པའི་ཡོན་ཏན་གྱི་རིགས་ལ་ནམ་ཡང་ཆགས་པར་བྱེད་མི་རིགས་སོ། ། རྩ་བར། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། །དབེན་པ་ལ་ནི་དགའ་བ་བསྐྱེད། ། ཅེས་པ་ནི། སྔར་བཤད་པ་དེ་ལྟར་འདོད་པའི་ཡོན་ཏན་དག་ལ་སུན་སྣང་ལྟ་བུས་སྐྱོ་བ་བྱས་ཏེ། དེ་དག་དང་རྒྱང་གྲགས་ཀྱིས་བསྐལ་པའི་དབེན་པའི་རི་ཁྲོད་ལ་ནི་བསྐྱོད་པར་དགའ་བ་བསྐྱེད་དེ་བསམ་གཏན་ལ་འབད་པར་བྱའོ། ། རྩ་བར། རྩོད་དང་ཉོན་མོངས་ཀྱིས་སྟོང་པ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙནྡན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་རླུང་གཡོབ་པ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆགས་པར་བྱེད། ། ཕྱིས་ཁྱོད་ཤི་ང་གསོན་གྱི་རྩོད་པ་དང་། ནང་རྩ་ཉོན་དྲུག་ལ་སོགས་པའི་ཉོན་མོངས་ཀྱིས་སྟོང་པ། ཇག་ཚོགས་ལ་སོགས་པའི་གནོད་པ་ཞི་བའི་མཛེས་ཉམས་ཀྱིས་སྤྲས་པའི་ནགས་ཀྱི་ནང་དག་ཏུ་ཆོས་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པ་དག ཙནྡན་གྱི་དྲི་ཡིས་ 281 བསིལ་བའི་ཁྱོན་ཤིན་ཏུ་ཡངས་པའི་རྡོ་ལེབ་ཀྱིས་བརྩིགས་པའི་ཁང་བཟང་ཉམས་དགའ་བ་གང་སར། དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་ཅ་ཅོའི་སྒྲ་མེད་ཅིང་། རྩུབ་པའི་ཚེར་མ་ལ་སོགས་པས་སྟོང་པའི་ཞི་བའི་ནགས་རླུང་འཇམ་པོས་དལ་གྱིས་གཡོབ་པ་ཡིས། རང་རང་དང་འདྲ་བའི་གཞན་སེམས་ཅན་མང་པོ་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད་པར་སྐུལ་ལོ། ། རྩ་བར། ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང་། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བགས་ཡངས་སྤྱོད། ། བདག་ཏུ་མ་བཟུང་བར་བཏང་བའི་ཁང་སྟོང་དང་། ཤིང་སྡོང་གི་དྲུང་། རང་བྱུང་གིས་གྲུབ་པའི་བྲག་ཕུག་དག་ཏུ། གནས་གང་དུ་ཇི་སྲིད་དུ་འདུག་པར་འདོད་པའི་སར་དེ་སྲིད་དུ་གནས་ཤིང་། ནོར་ལོངས་སྤྱོད་དག་ཡོངས་སུ་འཛིན་པ་དང་། དེ་དག་བསྲུང་མ་ཐུབ་པའི་སྡུག་བསྔལ་དག་རྩ་ནས་སྤངས་ཏེ། སུ་གང་ལ་ཡང་ལྟོས་པ་མེད་པར་གང་འདོད་བགས་ཡངས་སུ་སྤྱོད་པས་གནས་ཆོག། རྩ་བར། རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲེལ་མེད་པ། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། ། འདོད་མོས་བཞིན་གང་སར་རང་དབང་དུ་སྤྱོད་ཅིང་། འདུལ་རྒྱུའི་དགྲ་དང་སྐྱོང་རྒྱུའི་གཉེན་སོགས་གང་ལ་ཡང་ཆགས་ཞེན་ཅུང་ཟད་ཀྱང་མེད་ལ། བུ་དང་། ཆུང་མ་དང་། གཉེན་ཉེ་སོགས་གང་དང་ཡང་ནི་དངོས་ཤུགས་བརྒྱུད་གསུམ་འབྲེལ་བ་གང་ཡང་མེད་པ་ཡིན་དུས། འཕྲལ་དུ་སྒྲུབ་སླ་བའི་འཚོ་བ་ངན་ངོན་ཙམ་ཞིག་ལ་ཆོག་ཤེས་པའི་སྒོ་ནས་དོན་དམ་པའི་བདེ་སྤྱོད་གང་ཡིན་པ་དེ་དག་ལ་ལོངས་སུ་སྤྱོད་པ་ནི། ལྷ་ཡི་དབང་པོས་ཀྱང་ནི་དེ་འདྲ་བའི་བདེ་སྤྱོད་ཅིག་རྙེད་པར་དཀའ། རྩ་བར། དེ་ལ་སོགས་པའི་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ནས། །རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། ། 282 བསམ་གཏན་བསྒོམ་པ་དངོས་ལས། མཚམས་སྦྱར་ཏེ་མདོར་བསྟན་པ་ནི། གོང་དུ་རིམ་པ་དེ་ལ་སོགས་པའི་རྣམ་པ་ཡིས། དུས་དང་རྣམ་པ་ཀུན་ཏུ་ལུས་དང་སེམས་དབེན་པར་བྱས་པའི་ཡོན་ཏན་ལ་གཏིང་ནས་བསམ་པར་བྱས་ནས། དོན་མེད་པའི་རྣམ་རྟོག་གི རིགས་ཅི་ཡང་ཡིད་ལ་མི་བྱེད་པར་ལུས་སེམས་ཉེ་བར་ཞི་བ་དང་། དེ་དང་འབྲེལ་ནས་ཉིན་མཚན་དུས་དྲུག་ཏུ་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ནི་གལ་ཆེ་དོན་ཆེར་བརྩིས་ཏེ་བསྒོམ་པར་བྱའོ། ། རྩ་བར། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ལ། བདག་དང་གཞན་དུ་མཉམ་པར་སྒོམ་པའི་ཆོས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་དེ་ནི། སྒྱིད་ལུག་ལྟ་བུས་མ་ཡིན་པར་དང་པོ་ཉིད་དུ་འབད་དེ་བསྒོམ་པར་བྱ་དགོས། བདག་གིས་བདེ་བ་བསྒྲུབ་པར་འདོད་པ་དང་། སྡུག་བསྔལ་སེལ་བར་འདོད་པ་དང་། གཞན་གྱིས་དེ་བཞིན་འདོད་པ་གཉིས་མཉམ་པས་ན། རང་ལས་གཞན་པའི་སེམས་ཅན་ཐམས་ཅད་བདག་ནང་བཞིན་གཅེས་པར་བཟུང་ནས་བསྲུང་བར་བྱའོ། ། རྩ་བར། ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང་། །ཡོངས་སུ་བསྲུང་བྱའི་ལུས་སུ་གཅིག་པ་ལྟར། །དེ་བཞིན་འགྲོ་བ་ཐ་དད་བདེ་སྡུག་དག ། ཐམས་ཅད་བདག་བཞིན་བདེ་བ་འདོད་མཉམ་གཅིག །དཔེར་ན། མི་ཞིག་ལ་མཚོན་ན་མགོ་དང་ལག་པ་རྐང་པ་ལ་སོགས་པའི་དབྱེ་བའི་རྣམ་གྲངས་ཤིན་ཏུ་མང་ན་ཡང་། འབད་པས་ཡོངས་སུ་བསྲུང་བར་བྱ་བའི་ལུས་སུ་གཅིག་པ་ལྟར། དེ་བཞིན་དུ་རིགས་དྲུག་ལ་སོགས་པའི་འགྲོ་བ་ཐ་དད་པའི་བདེ་སྡུག་ཕྲ་རགས་སྣ་ཚོགས་པ་དག་ཀྱང་། ཐམས་ཅད་བདག་བཞིན་དུ་བདེ་བ་ཐམས་ཅད་འདོད་པ་དང་སྡུག་ 283 བསྔལ་ཐམས་ཅད་མི་འདོད་པ་མཉམ་སྟབས། དུས་དང་རྣམ་པ་ཀུན་ཏུ་རང་དང་གཅིག་མཚུངས་སུ་བལྟ་དགོས་སོ། ། རྩ་བར། གལ་ཏེ་བདག་གི་སྡུག་བསྔལ་གྱིས། །གཞན་གྱི་ལུས་ལ་མི་གནོད་པ། །དེ་ལྟའང་དེ་བདག་སྡུག་བསྔལ་དེ། །བདག་ཏུ་ཞེན་པས་མི་བཟོད་ཉིད། །དེ་བཞིན་གཞན་གྱི་སྡུག་བསྔལ་དག །བདག་ལ་འབབ་པར་མི་འགྱུར་ཡང་། །དེ་ལྟའང་དེ་བདག་སྡུག་བསྔལ་དེ། །བདག་ཏུ་ཞེན་པས་བཟོད་པར་དཀའ། ། རང་གི་སྡུག་བསྔལ་གྱིས་གཞན་ལ་མི་གནོད་པ་དང་། གཞན་གྱི་སྡུག་བསྔལ་གྱིས་རང་ལ་མི་གནོད་སྟབས། རང་གི་སྡུག་བསྔལ་སེལ་བ་དང་། གཞན་གྱི་སྡུག་བསྔལ་སེལ་བ་གཉིས་མཚུངས་པར་བཤད་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། གལ་ཏེ་བདག་གི་སྡུག་བསྔལ་གྱིས་སེམས་ཅན་གཞན་གྱི་ལུས་ལ་དངོས་སུ་མི་གནོད་པ་དེ་ལྟ་ནའང་། དེ་བདག་གི་སྡུག་བསྔལ་ཡིན་པ་ཉིད་དེ། ཚེ་རབས་ཐོག་མ་མེད་པ་ནས་རང་གི་ལུས་ལ་མཐའ་གཅིག་ཏུ་བདག་ཏུ་ཞེན་པས། རང་གི་སྡུག་བསྔལ་ལ་ཆེས་ཤིན་ཏུ་མི་བཟོད་པ་འབྱུང་བ་ཉིད་ཡིན་པ་དེ་བཞིན་དུ། རང་དང་རྒྱུད་ཐ་དད་པའི་སེམས་གཞན་གྱི་སྡུག་བསྔལ་དག་གི་ཆ་ཤས་ཙམ་ཡང་བདག་གི་མགོ་ལ་འབབ་པར་མི་འགྱུར་བ་བདེན་ན་ཡང་། དེ་ལྟ་ནའང་སེམས་ཅན་གཞན་གྱིས་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་དེ་དག་བདག་གིས་བསལ་བར་བྱ་བའི་སྡུག་བསྔལ་དེ་རང་ཡིན་ཏེ། ནམ་རྒྱུན་ནས་སེམས་ཅན་དེ་དང་དེའི་རིགས་གཅེས་པར་བཟུང་སྟེ་བདག་ཏུ་ཞེན་པས་བཟོད་པར་དཀའ་བ་ཞིག་འོང་ངོ་། ། རྩ་བར། བདག་གིས་བཞན་གྱི་སྡུག་བསྔལ་བསལ། །སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། །བདག་གིས་གཞན་ལ་ཕན་པར་བྱ། །སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། ། བདག་གིས་ངེས་པར་དུ་རང་ནུས་ཡོད་རྒུས་སེམས་ཅན་གཞན་གྱི་སྡུག་བསྔལ་མ་ལུས་པ་བསལ་བར་བྱ་དགོས་ཏེ། སེམས་ཅན་གཞན་གྱིས་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་དེ་ 284 རིགས་ཀྱང་སྡུག་བསྔལ་ཡིན་ཕྱིར། དཔེར་ན། བདག་གི་སྡུག་བསྔལ་བཞིན་ནོ། །ཡང་བདག་གིས་སེམས་ཅན་གཞན་ལ་ངེས་པར་དུ་ཕན་པར་བྱ་བའི་ལས་ཤིག་བྱ་དགོས་ཏེ། སེམས་ཅན་གཞན་དེ་དག་ཀྱང་སེམས་ཅན་ཡིན་ཕྱིར། དཔེར་ན། བདག་གི་ལུས་བཞིན་ནོ། ། རྩ་བར། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་གཅིག་བདེ་བར་བརྩོན། ། གང་ཚེ་བདག་དང་ནམ་མཁའ་དང་མཉམ་པའི་ཇོ་བོ་སེམས་ཅན་གཞན་གཉིས་ཀ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་དུ་སྒོ་ཀུན་ནས་མཚུངས་པ་ལ། བདག་དང་གཞན་གཉིས་ཀ་ལ་ཁྱད་པར་ཤུགས་ཆེན་པོ་དེ་འདྲ་ཅི་ཞིག་ཡོད་དེ་གཏན་ནས་མེད་ན། དགོས་པ་དང་རྒྱུ་མཚན་གང་ཞིག་གི་ཕྱིར་གཞན་བློས་བཏང་ནས་བདག་གཅིག་པུ་བདེ་བར་བརྩོན་ནམ། རྩ་བར། གང་ཚེ་བདག་དང་གཞན་གཉིས་ཀ ། སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། ། དེ་བཞིན་དུ་གང་གི་ཚེ་བདག་དང་སེམས་ཅན་གཞན་གཉིས་ཀ སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་མཐའ་གཅིག་ཏུ་མཚུངས་པ་ལ། བདག་དང་སེམས་ཅན་གཞན་གཉིས་ལ་ཁྱད་པར་ཤུགས་ཆེན་པོ་དེ་འདྲ་ཅི་ཞིག་ཡོད་དེ་མེད་ན། དགོས་པ་དང་རྒྱུ་མཚན་གང་ཞིག་གི་ཕྱིར་སེམས་ཅན་གཞན་གྱི་དོན་མིན་པར་བདག་ཉིད་གཅིག་པུ་ནན་གྱིས་སྲུང་བར་བྱེད་དམ། མཆན། གཞན་ཕན་བྱམས་པའི་གོ་ཆའི་སྤྱོད་འཇུག་འགྲེལ་པ་སོགས་སྤྱོད་འཇུག་གི་འགྲེལ་པ་འགར་ཚིགས་བཅད་འདི་བཀོད་མི་འདུག། རྩ་བར། གལ་ཏེ་དེ་ལ་སྡུག་བསྔལ་བས། །བདག་ལ་མི་གནོད་ཕྱིར་མི་བསྲུང་། །མ་འོངས་པ་ཡི་སྡུག་བསྔལ་ཡང་། །གནོད་མི་བྱེད་ན་དེས་ཅི་བསྲུང་། ། 285 གལ་ཏེ་བདག་གི་སྡུག་བསྔལ་གྱིས་བདག་ལ་གནོད་པས། བདག་གིས་བསྲུང་དགོས་ལ། མི་གཞན་བརྩོན་འགྲུས་དང་དགེ་འདུན་ལ་སོགས་པ་དེ་དག་ལ་སྡུག་བསྔལ་བར་གྱུར་བས། བདག་ལ་དངོས་སུ་གཏན་ནས་མི་གནོད་པའི་ཕྱིར་ན། སྡུག་བསྔལ་དེ་དག་བདག་གིས་མི་བསྲུང་ངོ་ཞེ་ན། དེ་ལྟར་ན། འབྱུང་བར་ངེས་པའི་མ་འོངས་པ་ཡི་དམྱལ་བའི་སྡུག་བསྔལ་ཡང་། གསོན་ཚེའི་རིང་གཏན་ནས་གནོད་པ་མི་བྱེད་ན། དེ་འདྲའི་སྡུག་བསྔལ་དེ་དག་སྨན་བསྟེན་པ་ལ་སོགས་པའི་ཐབས་དེ་དེ་འདྲ་བ་དེས་ཅི་ཞིག་ལ་བསྲུང་བར་བྱེད་དམ། རྩ་བར། བདག་གིས་དེ་ནི་མྱོང་སྙམ་པའི། །རྣམ་པར་རྟོག་དེ་ལོག་པ་སྟེ། །འདི་ལྟར་ཤིའང་གཞན་ཉིད་ལ། །སྐྱེ་བ་ཡང་ནི་གཞན་ཉིད་ཡིན། ། ཚེ་འདིར་བདག་གིས་ཕྱི་མའི་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་དག་རྩ་བ་ནས་ལྡོག་པར་མ་བྱས་ན། ཕྱི་མར་བདག་གིས་རྒྱུ་དེ་དང་དེས་བསྐྱེད་པའི་སྡུག་བསྔལ་དག་མྱོང་དགོས་པས། ངེས་པར་དུ་དེ་ལྡོག་པའི་ཐབས་ལ་འབད་རིགས་སོ་ཞེ་ན། མི་རིགས་ཏེ། ད་ལྟ་འཚོ་ཞིང་གནས་པའི་བདག་གིས་ཕྱི་མར་རྒྱུ་དེ་དང་དེས་བསྐྱེད་པའི་སྡུག་བསྔལ་དེ་དག་ནི་རེ་རེ་བཞིན་མྱོང་བར་འགྱུར་རོ་སྙམ་པའི་རྣམ་པར་རྟོག་པ་དེ་ནི་ཕྱིན་ཅི་ལོག་གི་རྟོག་པ་སྟེ། འདི་ལྟར་ཤི་བའང་གཞན་ཉིད་ཡིན་ལ། དེ་བཞིན་སྐྱེ་བ་ཡང་ནི་གཞན་ཉིད་ཡིན་སྟབས། དེ་གཉིས་རྣམ་པ་ཐམས་ཅད་དུ་གཅིག་ཏུ་ལྟར་མི་རུང་ངོ་། ། རྩ་བར། གང་ཚེ་གང་གི་སྡུག་བསྔལ་གང་། །དེ་ནི་དེ་ཉིད་ཀྱིས་བསྲུང་ན། །རྐང་པའི་སྡུག་བསྔལ་ལག་པས་མིན། །ཅི་ཕྱིར་དེས་ནི་དེ་བསྲུང་བྱ། ། སྔོན་ཆད་ལས་ངན་པ་སྣ་དགུ་བསགས་པའི་སྟོབས་ཀྱིས་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་དུས་གཅིག་ཏུ་རང་གི་མགོར་འབྱུང་བ་གང་གི་ཚེ། སེམས་ཅན་གང་གི་སྡུག་བསྔལ་གང་། དེ་ནི་སེམས་ཅན་དེ་ཉིད་ཀྱིས་ངེས་པར་དུ་བསྲུང་དགོས་ན། རྐང་པར་རྨས་སྐྱོན་ལ་སོགས་པ་བྱུང་བའི་སྡུག་བསྔལ་དེ་ཡང་ལག་པས་གཏན་ནས་མྱོང་བ་མིན་སྟབས། 286 རྒྱུ་མཚན་ཅི་ཡི་ཕྱིར་ལག་པ་དེས་ནི་རྐང་པ་དང་མགོ་ལ་སོགས་པར་བྱུང་བའི་སྡུག་བསྔལ་དེ་དག་བསྲུང་བར་བྱ་སྟེ་བསྲུང་བར་བྱ་མི་རིགས་པར་ཐལ་ལོ། ། རྩ་བར། གལ་ཏེ་རིགས་པ་མིན་ཡང་འདིར། །བདག་ཏུ་འཛིན་པས་འཇུག་ཅེ་ན། །བདག་གཞན་མི་རིགས་གང་ཡིན་དེ། །ཅི་ནུས་པར་ནི་སྤང་བྱ་ཉིད། ། གལ་ཏེ་རྐང་པའི་སྡུག་བསྔལ་ལག་པས་བསྲུང་བ་ལ་སོགས་པ་དེ་དག་རིགས་པ་མིན་ཡང་། འདིར་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་རང་གི་ལུས་འདི་ལ་བདག་ཏུ་འཛིན་པའི་བསམ་པ་ཆེས་ཆེར་གོམས་པས་མི་བཏང་བར་བསྲུང་བའམ་འཇུག་ཅེ་ན། བདག་དང་གཞན་སུ་ཞིག་ཡིན་ཡང་རུང་མི་རིགས་པའི་ལས་གང་ཡིན་པ་དེ་དག་ནི། ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་པ་ལས་དེ་མུར་བཞག་ན་ག་ལ་རུང་། རྩ་བར། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །སྡུག་བསྔལ་ཅན་གང་དེ་མེད་པ། །དེས་འདི་སུ་ཞིག་དབང་བར་འགྱུར། ། ཤེས་པ་སྐད་ཅིག་སྔ་ཕྱི་དང་། མགོ་སྐེ་དང་རྐང་ལག་ལ་སོགས་པ་ཚོགས་པར་མ་ལྟོས་པར་རང་དབང་བའི་རྒྱུད་དང་ཚོགས་ཞེས་བྱ་བ་ནི་ཤེས་བྱ་ལ་མི་སྲིད་སྟབས། སྐབས་འདིའི་རྒྱུད་དང་ཚོགས་ཞེས་བྱ་བ་ནི། དཔེར་ན། ཕྲེང་རྡོག་མང་པོ་རྒྱུད་གཅིག་ཏུ་བརྒྱུས་པ་ལ་ཕྲེང་བ་དང་། རྟ་གླང་དང་རྐང་ཐང་སོགས་ཕྱོགས་གཅིག་ཏུ་འདུས་པར་དམག་ཅེས་བརྗོད་པ་བཞིན་དུ། གདགས་གཞི་ཕྲེང་རྡོག་དང་རྟ་གླང་ལ་སོགས་པ་ལས་གཞན་པའི་ཕྲེང་རྡོག་དང་རྟ་གླང་མེད་པ་བཞིན་དུ། རང་བཞིན་གྱིས་གྲུབ་པ་མེད་པས་བརྫུན་པ་ཁོ་ན་ཡིན། དེ་བཞིན་དུ་སྡུག་བསྔལ་ཅན་གང་དེ་ཡང་རྣམ་ཤེས་ཀྱི་རྒྱུན་སྔ་ཕྱི་དང་གཟུགས་ཕུང་ལ་སོགས་པའི་ཚོགས་པ་ཅན་ལ་བཏགས་ནས་བཞག་སྟབས། རང་དབང་བའི་གང་ཟག་ཅིག་མེད་པ་དེས་ན། སྡུག་བསྔལ་འདི་ཡང་སུ་ཞིག་ལ་དབང་བར་འགྱུར་ཏེ་མི་འགྱུར་རོ། ། 287 རྩ་བར། སྡུག་བསྔལ་བདག་པོ་མེད་པར་ནི། །ཐམས་ཅད་བྱེ་བྲག་མེད་པ་ཉིད། ། དེ་ལྟར་སྡུག་བསྔལ་མྱོང་བ་པོའི་བདག་པོ་དེ་ཉིད་ཚོགས་པར་མ་ལྟོས་པར་རང་དབང་དུ་གྲུབ་པ་མེད་པར་དེ་ལྟར་ན་ནི། བདག་གཞན་སེམས་ཅན་ཡོད་དོ་ཅོག་གི་སྡུག་བསྔལ་ཐམས་ཅད་ཀྱང་བྱེ་བྲག་མེད་པ་སྟེ་ཁྱད་པར་མེད་པ་ཉིད་དོ། ། རྩ་བར། སྡུག་བསྔལ་ཡིན་ཕྱིར་དེ་བསལ་བྱ། །ངེས་པས་འདིར་ནི་ཅི་ཞིག་བྱ། །ཅི་ཕྱིར་ཀུན་གྱི་སྡུག་བསྔལ་ནི། །བཟློག་པར་བྱ་ཞེས་བརྩད་དུ་མེད། །གལ་ཏེ་བཟློག་ནའང་ཐམས་ཅད་བཟློག ། དེ་མིན་བདག་ཀྱང་སེམས་ཅན་བཞིན། །དོན་བསྡུ་ན། རང་དང་གཞན་གྱི་སྡུག་བསྔལ་གང་འདྲ་ཞིག་ཡིན་ན་ཡང་། དེ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་གཅིག་ཏུ་མཚུངས་པའི་ཕྱིར་ན། སྡུག་བསྔལ་དེ་རིགས་ངེས་པར་དུ་བསལ་བར་བྱ་དགོས་པ་ཡིན། དེ་དག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་གཅིག་ཏུ་མཚུངས་པ་བདེན་ཡང་། སྡུག་བསྔལ་གང་ཞིག་གཞན་གྱི་སྡུག་བསྔལ་དུ་ངེས་པས་འདིར་ནི་དེ་བསལ་བས་ཅི་ཞིག་བྱ་ཞེས་དང་། ཡང་སེམས་ཅན་གཞན་གྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་དག་གིས་བདག་ལ་མི་གནོད་སྟབས། ཅི་ཕྱིར་སེམས་ཅན་ཀུན་གྱི་སྡུག་བསྔལ་དག་ནི་བདག་གིས་བཟློག་པར་བྱ་དགོས་ཞེས་བརྩད་དུ་མེད་སྟབས། གལ་ཏེ་བཟློག་ནའང་སྡུག་བསྔལ་གྱི་རིགས་སྣ་ཚོགས་པ་ཐམས་ཅད་བཟློག་རིགས་ལ། སེམས་ཅན་གཞན་རྒྱུད་ཀྱི་སྡུག་བསྔལ་དེ་བདག་གིས་བསལ་བར་བྱ་རྒྱུའི་སྡུག་བསྔལ་དེ་མིན་ན། བདག་གི་སྡུག་བསྔལ་དེ་དག་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བསལ་བྱ་མ་ཡིན་པར་འགྱུར་རོ། ། རྩ་བར། སྙིང་རྗེས་སྡུག་བསྔལ་མང་གྱུར་པས། །ཅི་ཕྱིར་ནན་གྱིས་བསྐྱེད་ཅེ་ན། །འགྲོ་བའི་སྡུག་བསྔལ་བསམ་བྱས་ན། །ཇི་ལྟར་སྙིང་རྗེ་སྡུག་བསྔལ་མང་། ། སྙིང་རྗེ་སྒོམ་ན་སྙིང་རྗེ་ཡིས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་དམིགས་དགོས་ 288 སྟབས། སྡུག་བསྔལ་མང་དུ་གྱུར་པས། སྙིང་རྗེ་དེ་རྒྱུ་མཚན་ཅི་ཞིག་གི་ཕྱིར་ནན་གྱིས་བསྐྱེད་པར་བྱེད་ཅེ་ན། འགྲོ་བའི་སྡུག་བསྔལ་མཐའ་མེད་པ་ལ་བསམ་པར་བྱས་ན། དེ་ལ་ལྟོས་ན་ཇི་ལྟར་སྙིང་རྗེ་བསྒོམས་པས་སྡུག་བསྔལ་མང་བར་འགྱུར་ཏེ་མི་འགྱུར་རོ། ། རྩ་བར། གལ་ཏེ་སྡུག་བསྔལ་གཅིག་གིས་ནི། །སྡུག་བསྔལ་མང་པོ་མེད་འགྱུར་ན། །བརྩེ་དང་ལྡན་པས་སྡུག་བསྔལ་དེ། །རང་དང་གཞན་ལ་བསྐྱེད་བྱ་ཉིད། ། གལ་ཏེ་སྤེན་པ་ཚེ་རིང་ལྟ་བུའི་མི་གཅིག་ཁོ་ནར་བརྟེན་པའི་སྡུག་བསྔལ་གྱི་རྣམ་གྲངས་གཅིག་གིས་ནི། ཚེ་རིང་དང་དོན་འགྲུབ་ལ་སོགས་པའི་སེམས་ཅན་མཐའ་ཡས་པར་བརྟེན་པའི་སྡུག་བསྔལ་གྲངས་མེད་པ་མང་པོ་དག་མེད་པར་འགྱུར་ན། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པས་སེམས་ཅན་གཞན་གྱི་སྡུག་བསྔལ་དེ་དག་དང་དུ་བླངས་ན་དགོས་པ་ཆེན་པོ་ཡོད་སྟབས། གཞན་གྱི་སྡུག་བསྔལ་དེ་དག་རང་དང་གཞན་ཐམས་ཅད་ལ་བསྐྱེད་པར་བྱ་བ་ཉིད་ཡིན་ནོ། ། རྩ་བར། དེས་ན་མེ་ཏོག་ཟླ་མཛེས་ཀྱིས། །རྒྱལ་པོའི་གནོད་པ་ཤེས་ཀྱང་ནི། །བདག་གི་སྡུག་བསྔལ་མ་བསལ་ཏེ། །མང་པོའི་སྡུག་བསྔལ་ཟད་འགྱུར་ཕྱིར། ། དེས་ན་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས། བྱང་ཆུབ་སེམས་དཔའ་བདུན་སྟོང་ལྷག་ཡུལ་གཞན་དག་ཏུ་རྒྱང་ཕུད་དུ་གཏོང་མཁན་རྒྱལ་པོ་དཔའ་བའི་བྱིན་གྱིས་རང་གི་སྲོག་ལ་རྒོལ་བར་ངེས་པའི་གནོད་པ་སྔ་རོལ་ནས་ཤེས་ཀྱང་ནི། བདག་གི་གནས་སྐབས་ཀྱི་སྡུག་བསྔལ་མ་བསལ་ཏེ། སྲོག་ཆགས་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་མང་པོའི་སྡུག་བསྔལ་ཟད་པར་འགྱུར་ཕྱིར་ཉིན་མོར་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་ཆོས་བསྟན་པས། སྲོག་ཆགས་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་མང་པོ་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ། ། རྩ་བར། དེ་ལྟར་རྒྱུད་ནི་གོམས་གྱུར་པ། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པདྨའི་མཚོ་རུ་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། ། 289 སྔར་བཤད་པ་དེ་ལྟར་གཞན་གྱི་སྡུག་བསྔལ་དང་དུ་ལེན་འདོད་ཀྱི་བསམ་པ་རང་གི་རྒྱུད་ལ་ནི་རིང་དུ་གོམས་པར་གྱུར་པ་དེའི་ཚེ། གཞན་གྱི་སྡུག་བསྔལ་ཞི་བ་ལ་ཆེས་ཆེར་དགའ་བས། ནམ་ཞིག་གི་ཚེ། དཔེར་ན། པདྨའི་མཚོ་རུ་ངང་པ་འཇུག་པ་ལྟར། རང་ཉིད་སེམས་ཅན་གཞན་གྱི་དོན་དུ་མནར་མེད་པར་ཡང་འཇུག་པར་འགྱུརཔ་སེམས་གཏིང་ནས་སྐྱེ་བ་ཡིན་ནོ། ། རྩ་བར། སེམས་ཅན་རྣམས་ནི་གྲོལ་བ་ན། །དགའ་བའི་རྒྱ་མཚོ་གང་ཡིན་པ། །དེ ཉིད་ཀྱིས་ནི་མཆོག་མིན་ནམ། །ཐར་པ་འདོད་པས་ཅི་ཞིག་བྱ། ། མཐའ་ཡས་ཤིང་མུ་མེད་པའི་སེམས་ཅན་རྣམས་ནི་གྲངས་མེད་པའི་སྡུག་བསྔལ་དག་ལས་གྲོལ་བ་ཞིག་བྱུང་ན། དེའི་ཆེད་དུ་འབད་པ་བྱེད་མཁན་གྱི་བྱང་ཆུབ་སེམས་དཔའ་རང་ཉིད་དེ་ལ་ཡིད་རངས་ནས་དགའ་བའི་ཚོར་བ་ཟད་མི་ཤེས་པ་རྒྱ་མཚོ་ལྟ་བུ་གང་ཡིན་པ་འབྱུང་བར་ངེས་པས། དེས་ཆོག་པ་མིན་ནམ། རང་ཉིད་གཅིག་པུ་ཐར་པའི་གོ་འཕང་ལ་བརྙེག་པར་འདོད་པས་ཅི་ཞིག་བྱའོ། ། རྩ་བར། དེ་ལྟས་གཞན་གྱི་དོན་བྱས་ཀྱང་། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ཏུ་གཞན་དོན་ལ་དགའ་བས། །རྣམ་སྨིན་འབྲས་བུའི་རེ་བ་མེད། ། དེ་ལྟ་བས་ན། རྣམ་པ་ཐམས་ཅད་དུ་གཞན་དོན་འབའ་ཞིག་དང་དུ་ལེན་པའི་སྙིང་སྟོབས་དེ་ལྟ་བུས་བསྐལ་པ་ཇི་སྲིད་དུ་གཞན་གྱི་དོན་བྱས་ཀྱང་། ངས་གཞན་གྱི་དོན་བྱས་ཡོད་སྙམ་པའི་རློམ་སེམས་དང་ནི། ང་གཞན་སུ་གང་དང་ཡང་མི་འདྲ་བ་ཞིག་ཡིན་སྙམ་པའི་སྒོ་ནས་རང་ལ་ངོ་མཚར་སྐྱེ་རྒྱུ་དེ་འདྲ་གང་ཡང་མེད་པ་མ་ཟད། གཅིག་ཏུ་གཞན་དོན་འབའ་ཞིག་ལ་དགའ་བས། གཞན་དོན་འབའ་ཞིག་བྱས་པའི་ཉེར་ལེན་ལ་བརྟེན་ནས་རང་ཉིད་ལ་རྣམ་སྨིན་གྱི་འབྲས་བུ་བཟང་པོ་ཞིག་ཐོབ་ན་སྙམ་པའི་རེ་བ་དེ་བས་ཀྱང་རྩ་བ་ནས་མེད་དོ། ། 290 རྩ་བར། དེ་བས་ཇི་ལྟར་ཆུང་ངུ་ན། །མི་སྙན་ལས་ཀྱང་བདག་བསྲུང་བ། །དེ་བཞིན་གཞན་ལ་བསྲུང་སེམས་དང་། །སྙིང་རྗེའི་སེམས་ནི་དེ་ལྟར་བྱ། ། དེ་བས་ན། ཇི་ལྟར་ཆུང་ངུ་ན་སྟེ་གཞན་གྱི་གཏམ་ངན་དང་ཚིག་མི་སྙན་པ་ཞིག་ལས་ཀྱང་གཡོལ་ཐབས་སུ་བདག་ཉིད་བསྲུང་བར་བྱེད་པ་དེ་བཞིན་དུ། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གཞན་ཡོད་དོ་ཅོག་ལ་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་ཡོང་བར་བསྲུང་སེམས་དང་། སྙིང་རྗེའི་སེམས་ཀྱང་ནི་མི་ཉམས་པར་དེ་ལྟར་བསྒོམ་པར་བྱ་དགོས་སོ། ། རྩ་བར། གོམས་པ་ཡིས་ནི་གཞན་དག་གི། །ཁུ་བ་ཁྲག་གི་ཐིགས་པ་ལ། །དངོས་པོ་མེད་པར་གྱུར་ཀྱང་ནི། །བདག་གོ་ཞེས་ནི་ཤེས་པ་ལྟར། །དེ་བཞིན་གཞན་གྱི་ལུས་ལ་ཡང་། །བདག་ཅེས་ཅི་ཡི་ཕྱིར་མི་གཟུང་། །བདག་གི་ལུས་ནི་གཞན་དག་ཏུ། །བཞག་པ་དེ་ལྟར་དཀའ་བ་མེད། ། སོ་སྐྱེ་ལས་དང་པོ་པའི་དུས་སུ་འདི་ལྟར་གོམས་པ་ཤིན་ཏུ་ནས་དཀའ་ཡང་། རིམ་གྱིས་གོམས་པར་བྱས་ན། ནམ་ཞིག་གོམས་པ་དེ་ཉིད་རང་གི་ཉིན་རེའི་འཚོ་བའི་ནང་གི་རྒྱུན་གཤིས་ལྟ་བུར་གྱུར། དེ་ལྟའི་གོམས་པ་དེ་ཡིས་ནི། གཞན་སེམས་ཅན་ཕ་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ལ་སོགས་པ་དག་བདག་གི་དངོས་པོ་གྲུབ་པ་མེད་པར་གྱུར་ཀྱང་ནི། གོམས་སྟོབས་ཀྱིས་བདག་གོ་ཞེས་ནི་ཤེས་པ་དང་འཛིན་པ་ལྟར། དེ་བཞིན་དུ་གཞན་གྱི་ལུས་ལ་ཡང་བདག་ཅེས་ཅི་ཡི་ཕྱིར་མི་གཟུང་སྟེ་གོམས་ན་གཟུང་བར་ནུས་སོ། །བདག་གི་ལུས་འདི་ནི་སེམས་ཅན་གཞན་དག་ཏུ་སྤྱད་བྱར་བཞག་པ་ལ་ཡང་དེ་ལྟར་དཀའ་བ་གང་ཡང་མེད་དོ། ། རྩ་བར། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། ། 291 དུས་དང་རྣམ་པ་ཀུན་ཏུ་བདག་ཉིད་དམ་རང་ཉིད་གཅིག་པུ་བསམས་ནས་སྡོད་པ་དེ་ཕྱོགས་གང་ནས་བལྟས་ཀྱང་སྐྱོན་དང་བཅས་པ་ཡིན་པར་ཤེས་པ་དང་། རང་ལས་རྒྱུད་ཐ་དད་པའི་སེམས་ཅན་གཞན་འབུ་སྲིན་ཚུན་ཆད་ལ་ཡང་གཅེས་པར་བཟུང་ན། ཡོན་ཏན་མཐའ་དང་མུ་མེད་པའི་རྒྱ་མཚོ་ལྟ་བུར་འབྱུང་བར་ངེས་པ་ཤེས་པར་བྱས་ནས། བདག་གཅེས་འཛིན་གྱི་བསམ་པ་ཐ་ཤལ་བ་འདི་ཡོངས་སུ་དོར་བ་དང་། གཞན་དོན་འབའ་ཞིག་དང་དུ་བླང་བ་ནི་བྱ་བ་ཁྱད་པར་དུ་འཕགས་པ་ཞིག་ཡིན་སྟབས། དེ་འདྲ་ཡོང་བར་རྒྱུན་དུ་ནས་བསྒོམ་པར་བྱའོ། ། རྩ་བར། ཇི་ལྟར་ལག་པ་ལ་སོགས་པ། །ལུས་ཀྱི་ཡན་ལག་ཡིན་འདོད་ལྟར། །དེ་བཞིན་འགྲོ་བའི་ཡན་ལག་ཏུ། །ཅི་ཕྱིར་ལུས་ཅན་རྣམས་མི་འདོད། ། ཇི་ལྟར་ཁ་མིག་དང་མགོ་སྐེ་རྐང་ལག་ལ་སོགས་པ་དེ་དག་ཀུན་རེ་རེ་ནས་རང་གི་ལུས་ཀྱི་ཡན་ལག་ཡིན་པར་འདོད་པ་ལྟར། དེ་བཞིན་དུ་འགྲོ་བ་རིགས་དྲུག་ལ་སོགས་པ་འགྲོ་བའི་རིགས་འགྲོ་བའི་ཡན་ལག་ཏུ། རྒྱུ་མཚན་ཅི་ཡི་ཕྱིར་ལུས་ཅན་ནམ་མི་རྣམས་ཀྱིས་མི་འདོད་པ་ཡིན། དེ་ལྟར་འདོད་དགོས་སོ། ། རྩ་བར། ཇི་ལྟར་བདག་མེད་ལུས་འདི་ལ། །གོམས་པས་བདག་གི་བློ་འབྱུང་བ། །དེ་བཞིན་སེམས་ཅན་གཞན་ལ་ཡང་། །གོམས་པས་བདག་བློ་ཅིས་མི་སྐྱེ། །དེ་ལྟར་ན་ནི་གཞན་གྱི་དོན། །བྱས་ཀྱང་ངོ་མཚར་རློམ་མི་འབྱུང་། །བདག་ཉིད་ཀྱིས་ནི་ཟས་ཟོས་ནས། །ལན་ལ་རེ་བ་མི་འབྱུང་བཞིན། ། ཇི་ལྟར་ཐོག་མ་ཉིད་ནས་བདག་མེད་པའི་ལུས་ཀྱི་ཚོགས་པ་འདི་འདྲ་ལ། རིམ་པས་བློ་གོམས་པའི་སྟོབས་ཀྱིས་བདག་གི་བར་འཛིན་པའི་བློ་འབྱུང་བ་དེ་བཞིན་དུ། རང་དང་རྒྱུད་ཐ་དད་པའི་སེམས་ཅན་གཞན་དག་ལ་ཡང་། རིམ་པས་གོམས་པའི་སྟོབས་ཀྱིས་བདག་གི་བའི་བློ་ཅིས་མི་སྐྱེ་སྟེ་ངེས་པར་དུ་སྐྱེ་བ་ཡིན་ནོ། །ནམ་ཞིག་རང་དང་ 292 རྒྱུད་ཐ་དད་པའི་སེམས་ཅན་གཞན་རྣམས་ལ་བདག་གི་བའི་བློ་སྐྱེས་པ་དེ་ལྟར་ན་ནི། རང་དོན་བློས་བཏང་ནས་གཞན་གྱི་དོན་བྱས་ཀྱང་། དེ་ལྟར་བྱས་པས་རང་ཉིད་རང་ལ་ངོ་མཚར་དུ་མི་འཛིན་པ་མ་ཟད། རློམ་པས་ཁེངས་པ་ཡང་གཏན་ནས་མི་འབྱུང་སྟེ། དཔེར་ན། བདག་ཉིད་ཀྱིས་ནི་ཡུན་རིང་པོར་འཚོ་བའི་སླད་དུ་ཟས་ཟོས་ནས། དེའི་ལན་ལ་རེ་བ་མི་འབྱུང་བ་བཞིན་ཡིན་ནོ། ། རྩ་བར། དེ་བས་ཇི་ལྟར་ཆུང་ངུ་ན། །མི་སྙན་ལས་ཀྱང་བདག་བསྲུང་བ། །དེ་བཞིན་འགྲོ་ལ་བསྲུང་སེམས་དང་། །སྙིང་རྗེའི་སེམས་ནི་གོམས་པར་བྱ། ། དེ་བས་ན། ཇི་ལྟར་གཞན་གྱི་གཏམ་ངན་པ་ཆུང་ངུ་ཞིག་བྱུང་ན་ཡང་། གཏམ་མི་སྙན་པ་ཆུང་ངུ་དེ་ལས་ཀྱང་གཡོལ་ཐབས་ཆེད་བདག་ཉིད་བསྲུང་བ་དེ་བཞིན་དུ། རིགས་དྲུག་ཏུ་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བའི་འགྲོ་བ་རྣམས་ལ་ཡང་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འབྱུང་ཆེད་བསྲུང་བའི་སེམས་པ་དང་། སེམས་ཅན་དེ་དག་ལ་སྙིང་རྗེའི་སེམས་ནི་ཡུན་རིང་དུ་གོམས་པར་བྱ་དགོས་སོ། ། རྩ་བར། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པའམ་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། ། སེམས་ཅན་གཞན་གྱི་སྡུག་བསྔལ་ཆུང་ངུ་ཞིག་ཡིན་ཡང་ལེགས་པར་བསྲུང་དགོས་པ་དེ་བས་ན། སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་པའི་མགོན་པོ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་གང་ཉིད་ཀྱིས། བྱེ་མའི་གྲངས་དང་མཉམ་པའི་འགྲོ་བ་རིགས་དྲུག་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་འཇིགས་པ་ཆེན་པོ་དག་སེལ་བའི་མཛད་པ་བསྟན་དང་སྟོན་བཞིན་པ་སྨོས་ཅི་དགོས། ཆོས་འཆད་པའི་འཁོར་གྱི་ནང་དུ་འགའ་ཞིག་འཇིགས་པའམ་བག་འཁུམས་པ་ཆེས་ཆུང་ངུ་དག་ཀྱང་བསལ་བར་བྱ་བའི་ཕྱིར་དུ། རང་གི་མཚན་དྲན་པ་ཙམ་ཡང་འཇིགས་པ་ཆུང་ངུ་དེ་དག་ལས་སྐྱོབ་ནུས་སུ་བྱིན་གྱིས་བརླབས་པར་མཛད་པ་སྡོང་པོ་བཀོད་པའི་མདོ་སོགས་ལས་གསུངས་སོ། ། 293 རྩ་བར། དཀའ་ལས་ཕྱིར་ལྡོག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་ཐོས་འཇིགས་པ་ཡང་། །དེ་ཉིད་མེད་ན་མི་དགར་འགྱུར། ། ཚེ་འདི་ཕྱི་གཉི་གར་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་ངེས་ཀྱང་། བདག་གཞན་བརྗེ་བའི་བསམ་པ་བསྒོམ་པ་དཀའ་སྙམ་ན། དེ་བསྒོམ་པ་དཀའ་ཡང་ནམ་ཡང་དཀའ་ལས་ཕྱིར་ལྡོག་པར་མི་བྱ་སྟེ། འདི་ལྟར་བདག་གཞན་བརྗེ་བ་གོམས་པའི་མཐུ་ཡིས་ནི། གང་གི་མིང་ཙམ་ཡང་སྒྲ་འཛིན་ལམ་དུ་ཐོས་པས་ཀྱང་ཤིན་ཏུ་ནས་འཇིགས་པ་ཆེན་པོ་སྐྱེ་བ་དེ་ཡང་རང་གི་མཛའ་གྲོགས་ལྟ་བུར་གྱུར་ཏེ། སླད་དེ་ཉིད་རང་གི་རྩར་སྐད་ཅིག་ཙམ་ཞིག་ལ་མེད་ན་ཡང་སེམས་མི་དགའ་བར་འགྱུར་རོ། ། རྩ་བར། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བར། །གསང་བའི་དམ་པ་སྤྱད་པར་བྱ། ། གང་ཞིག་བདག་གཞན་སེམས་ཅན་འབུ་སྲིན་དང་བཅས་པ་རྣམས་ནི། མྱུར་དུ་འཁོར་བའི་འཇིགས་པ་ལས་བསྐྱབ་པར་འདོད་པ་དེས་ནི། བདག་དང་གཞན་དུ་བརྗེ་བྱའམ་བདག་གཞན་བརྗེ་བའི་བྱ་བར། ཐེག་ཆེན་རིགས་ཅན་གྱི་གདུལ་བྱ་མ་ཡིན་པའི་ཐེག་དམན་པ་སོགས་སྣོད་མིན་ལ་གསང་བའི་སྒོ་ནས་དམ་པ་རྣམས་ཀྱིས་ཉམས་སུ་བླངས་ཏེ་སྤྱད་པར་བྱ་དགོས་སོ། ། རྩ་བར། བདག་ལུས་གང་ལ་ཆགས་པ་ཡིས། །འཇིགས་གནས་ཆུང་ལའང་འཇིགས་སྐྱེ་བ། །འཇིགས་པ་སྐྱེ་བའི་ལུས་དེ་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། ། བྱེ་བྲག་ཏུ་ལུས་ཀྱི་ཉེས་མིག་བསྟན་པ་ལ། བདག་གི་ལུས་གང་ལ་ཆེས་ཆེར་རབ་ཏུ་ཆགས་པ་ཡིས། འཇིགས་པའི་གནས་ཆེས་ཆུང་ངུ་ཤ་སྦྲང་དང་དུག་སྦྲུལ་སོགས་ལའང་འཇིགས་པ་ཆེན་པོ་སྐྱེ་བ་ཡིན་སྟབས། འཇིགས་པ་ཐམས་ཅད་སྐྱེ་བའི་ལུས་རྟེན་དེ་འདྲ་ཞིག་ལ། བློ་དང་ལྡན་པ་སུ་ཞིག་དགྲ་བཞིན་རྣམ་པ་ཐམས་ཅད་དུ་སྡང་བར་མི་བྱེད་དེ། ངེས་པར་དུ་སྡང་བར་བྱེད་དོ། ། 294 རྩ་བར། ལུས་གང་བཀྲེས་དང་སྐོམ་སོགས་ནད། །གསོ་བའི་ཆོ་ག་བྱེད་འདོད་པས། །བྱ་དང་ཉ་དང་རི་དྭགས་དག ། གསོད་པར་བྱེད་ཅིང་ལམ་སྒུག་བྱེད། །གང་ཞིག་ཁེ་དང་རིམ་གྲོའི་ཕྱིར། །ཕ་དང་མ་ཡང་གསོད་བྱེད་ཅིང་། །དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས། །དེས་ནི་མནར་མེད་བསྲེག་འགྱུར་ན། །མཁས་པ་སུ་ཞིག་ལུས་དེ་ལ། །འདོད་ཅིང་བསྲུང་དང་མཆོད་བྱེད་ཀྱི། །འདི་ལ་སུ་ཞིག་དགྲ་བཞིན་དུ། །ལྟ་བར་མི་བྱེད་བརྙས་མི་བྱེད། ། རང་རང་གི་ལུས་གང་ཞིག་བཀྲེས་པ་དང་། སྐོམ་པ་སོགས་ཀྱི་ནད་དང་། འཆི་བ་སོགས་གསོ་བའི་ཆོ་ག་བྱེད་པར་འདོད་པས། རང་བྱུང་ཁམས་ན་ཅི་དགར་འཚོ་ཞིང་གནས་པའི་བྱ་དང་། བྱེའུ་དང་། ཉ་དང་། རི་དྭགས་ལ་སོགས་པ་དག་གདུག་རྩུབ་ཀྱིས་གསོད་པར་བྱེད་ཅིང་། ལན་གཅིག་ཙམ་མིན་པར་ལམ་འགྲོ་བའི་རྒྱུ་དངོས་དག་བཅོམ་པའི་ཕྱིར་ཡང་ནས་ཡང་དུ་ལམ་སྒུག་བྱེད་པ་མ་ཟད། ད་དུང་ལུས་གང་ཞིག་ལ་མཐོ་བའི་དཔོན་གནས་སོགས་ཁེ་དང་། མི་མང་པོ་རིམ་གྲོ་ལ་སོགས་པ་ཐོབ་པའི་ཕྱིར། རང་གི་ཕ་དང་། མ་དང་། དགྲ་བཅོམ་པ་ལ་སོགས་པ་ཡང་གསོད་པར་བྱེད་ཅིང་། མངོན་སུམ་འཛེམས་མེད་ཀྱིས་དཀོན་མཆོག་གསུམ་གྱི་རྟེན་དྲུང་གི་དཀོར་དངུལ་བརྐུས་ནས་ལོངས་སྤྱོད་བྱས་ན། དེས་ནི་མནར་མེད་པའི་མེ་དུང་དུ་བསྲེག་པར་འགྱུར་བས་ན། མཁས་པ་སུ་ཞིག་ལུས་དེ་འདྲ་ལ་རབ་ཏུ་དགའ་བས་མངོན་པར་འདོད་ཅིང་། དེ་ལ་གནོད་པ་མི་འབྱུང་བའི་ཆེད་དུ་བསྲུང་བ་དང་། མཆོད་པའི་ལས་བྱེད་ཀྱི། རང་གི་ལུས་འདི་ལ་བློ་གྲོས་དང་ལྡན་པ་སུ་ཞིག་རང་གི་དགྲ་བཞིན་དུ་ལྟ་བར་མི་བྱེད་པ་དང་། དེ་ལ་བརྙས་པར་མི་བྱེད་མཁན་ཞིག་ཡོད་དམ་གཏན་ནས་མེད་དོ། ། རྩ་བར། གལ་ཏེ་བྱིན་ན་ཅི་སྤྱོད་ཅེས། །བདག་དོན་སེམས་པ་འདྲེ་ཡི་ཚུལ། །གལ་ཏེ་སྤྱད་ན་ཅི་སྦྱིན་ཞེས། །གཞན་དོན་སེམས་པ་ལྷ་ཡི་ཆོས། ། 295 གཞན་གཅེས་འཛིན་གྱི་ཡོན་ཏན་བསྟན་པ་སྟེ། གལ་ཏེ་ནམ་ཞིག་རང་ལ་དབང་བའི་རྒྱུ་ནོར་ལོངས་སྤྱོད་ཚང་མ་སེམས་ཅན་གཞན་དག་ལ་བྱིན་ན། རྗེས་སོར་བདག་གིས་རྒྱུ་ནོར་ཅི་ཞིག་ལ་ལོངས་སྤྱོད་ཅེས་བདག་དོན་ཤུགས་ཆེས་སེམས་པ་ནི། འདྲེ་ཡི་དྭགས་སུ་སྐྱེ་བར་བྱེད་པའི་རྒྱུ་ཡི་ཚུལ་དང་། གལ་ཏེ་ད་ལྟ་རང་ལ་དབང་བའི་རྒྱུ་ནོར་དག་རང་གིས་ཅི་འདོད་འདོད་དུ་སྤྱད་ན། སེམས་ཅན་གཞན་ལ་རྒྱུ་ནོར་ཅི་ཞིག་སྦྱིན་ཞེས་རྒྱུན་དུ་གཞན་དོན་འབའ་ཞིག་སེམས་པ་ནི། དམ་པའི་ལྷ་ཡི་ཆོས་ཏེ་ལྷ་ཆོས་དང་ཡོངས་སུ་མཐུན་པའི་བསམ་པ་མཆོག་ཏུ་གྱུར་པ་ཞིག་གོ ། རྩ་བར། བདག་ཕྱིར་གཞན་ལ་གནོད་བྱས་ན། །དམྱལ་ལ་སོགས་པར་གདུང་བར་འགྱུར། །གཞན་ཕྱིར་བདག་ལ་གནོད་བྱས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ། ། བདག་ཉིད་གཅིག་པུའི་འཕྲལ་གྱི་བདེ་བ་ཁོ་ནའི་ཕྱིར་སྲོག་གཅོད་པ་དང་། རྒྱུ་ནོར་འཕྲོག་པ་དང་། ལོག་གཡེམ་མམ་བཙན་གཡེམ་སོགས་སེམས་ཅན་གཞན་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པའི་ལས་འབའ་ཞིག་བྱས་ནས་བསྡད་ན། ཕྱི་མར་དམྱལ་བ་ལ་སོགས་པར་སྐྱེས་ནས་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པས་ཤིན་ཏུ་ནས་གདུང་བར་འགྱུར་ལ། དེ་བས་སེམས་ཅན་གཞན་དག་ལ་འཕྲལ་ཕུགས་གང་ས་ནས་བདེ་སྐྱིད་ཅིག་འབྱུང་ཕྱིར་དུ། གནས་སྐབས་བདག་ལ་སྲོག་གི་གནོད་པ་ལ་སོགས་པ་ཅི་ཞིག་བྱས་ན་ཡང་། དེ་ལ་བརྟེན་ནས་འབྱུང་འགྱུར་རང་ལ་ཕུན་སུམ་ཚོགས་པའི་བསོད་ནམས་ཐམས་ཅད་ཐོབ་པ་གདོན་མི་ཟ་བ་ཡིན་ནོ། ། རྩ་བར། བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར། ། དུས་དང་རྣམ་པ་ཀུན་ཏུ་བདག་ཉིད་གཞན་ཐམས་ཅད་ལས་ཀྱང་ཆེས་མཆོག་ཏུ་མཐོ་བར་འདོད་པ་དེས་ནི། མུ་མཐའ་མེད་པའི་ངན་འགྲོར་སྐྱེ་བ་མ་ཟད། མིར་སྐྱེས་ཀྱང་ 296 གཟུགས་དང་ལང་ཚོ་མི་མཛེས་པས་ངན་པ་དང་། རྣམ་རིག་མི་གསལ་བའི་གླེན་པ་སོགས་སུ་སྐྱེ་བར་འགྱུར་རོ། །རང་ཉིད་མཐོ་བར་འདོད་པ་དེ་ཉིད་གཞན་ལ་སྤོས་ཏེ་གོམས་པར་བྱས་ན། དེས་ནི་རང་ཉིད་ཕྱི་མར་བདེ་འགྲོར་སྐྱེ་བ་མ་ཟད། སེམས་ཅན་ཀུན་གྱིས་གཙུག་ཏུ་བཀུར་བ་ལ་སོགས་པའི་རིམ་གྲོ་ཐོབ་པར་འགྱུར་རོ། ། རྩ་བར། བདག་གི་དོན་དུ་གཞན་བཀོལ་ན། །བྲན་ལ་སོགས་པ་མྱོང་བར་འགྱུར། །གཞན་གྱི་དོན་དུ་བདག་སྤྱད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། ། བདག་གི་ལས་དོན་འབའ་ཞིག་བསྒྲུབ་པའི་དོན་དུ་འཛེམས་མེད་ཀྱིས་སེམས་ཅན་གཞན་དག་བཀོལ་བར་བྱས་ན། ཚེ་ཕྱི་མར་ཉེར་ལེན་དེས་རང་ཉིད་སེམས་ཅན་གཞན་གྱི་བྲན་དང་སྤྲང་བོ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བ་ཡིན། དེ་ལས་གཞན་སེམས་ཅན་རྣམས་ཀྱི་ལས་དོན་འབའ་ཞིག་གི་དོན་དུ་བདག་ཉིད་སྤྱད་ཅིང་བཀོལ་ན། ཚེ་ཕྱི་མར་དམངས་ཀྱི་རྗེ་བོ་དང་ཀུན་གྱིས་བཀུར་བའི་བླ་དཔོན་སོགས་སུ་སྐྱེས་ནས་དགའ་བདེའི་དཔལ་གྱི་ཡོན་ཏན་ཐམས་ཅད་མྱོང་བར་འགྱུར་རོ། ། རྩ་བར། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། ། མདོར་བསྡུས་ནས་བཤད་ན། འཇིག་རྟེན་གྱི་ཁམས་འདིར་བདེ་བ་ཇི་སྙེ ད་ཅིག་ཡོད་པ་དེ་དག་ཀུན། གཞན་ལ་ཕན་བདེ་འབའ་ཞིག་བསྒྲུབ་འདོད་ཀྱི་བསམ་པ་བཟང་པོ་དེ་ལས་བྱུང་ཞིང་། ཡང་འཇིག་རྟེན་ཁམས་ཀྱི་གནས་ལ་ལར་དུས་མིན་སྐྱེ་འཆི་དང་ནད་དང་གདོན་གྱི་འཇིགས་པ་ལ་སོགས་པའི་སྡུག་བསྔལ་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་པ་དེ་དག་ཀུན། རང་ཉིད་གཅིག་པུ་བདེ་འདོད་ཀྱི་བསམ་པ་ཉག་ཅིག་ལས་བྱུང་བ་ཡིན་པས། རང་གཅེས་འཛིན་དགག་པ་ལ་འབད་པར་བྱའོ། ། རྩ་བར། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། ། 297 གསལ་བོར་ཞུས་ན། དེ་དག་གི་སྐོར་དཔེ་དོན་སྣ་ཚོགས་ལ་བརྟེན་ནས་མང་དུ་བཤད་ལྟ་ཅི་ཞིག་དགོས་ཏེ་དགོས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐབས་དང་ནུས་པ་ཡོད་ཚད་ཀྱིས་རང་གི་དོན་འབའ་ཞིག་བྱེད་པས་མི་འདོད་ཐམས་ཅད་འབྱུང་བ་དང་། རྣམ་འདྲེན་བཞི་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་སྐད་ཅིག་ཙམ་ཡང་མི་བཞུགས་པར་གཞན་གྱི་དོན་འབའ་ཞིག་མཛད་ཀྱིན་ཡོད་པ་ལགས་ན། ཁྱེད་ཀྱིས་འདི་གཉིས་ཀྱི་ནི་ཁྱད་པར་ལ་ལེགས་པར་ལྟོས་དང་། གཅིག་གིས་འཁོར་བའི་གནས་དུ་མར་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་ཤིང་མུ་མེད་པ་མྱངས་དང་མྱོང་བཞིན་པ་དང་། གཅིག་གིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལེགས་པར་ཡོངས་སུ་སྤངས་ནས་འབྲས་བུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཟིན་པས་ཡིད་ཆེས་པར་གྱིས་ཤིག། རྩ་བར། བདག་བདེ་གཞན་གྱི་སྡུག་བསྔལ་དག ། ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། ། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་དག་ཡང་དག་བརྗེ་བར་མ་བྱས་ན་སྟེ། བདག་གི་བདེ་དགེ་གཞན་གྱི་དོན་དུ་གཏོང་བ་དང་། གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པའི་བྱ་བར་བརྩོན་པར་མ་བྱས་ན། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་བླ་ན་མེད་པའི་སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། དེར་མ་ཟད་འཇིག་རྟེན་འཁོར་བའི་གནས་ན་ཡང་གཏན་དུ་བདེ་བ་ཞིག་དུས་ནམ་ཡང་མེད་དོ། ། རྩ་བར། འཇིག་རྟེན་ཕ་རོལ་ཕར་ཞོག་གི །བྲན་གཡོག་ལས་མི་བྱེད་པ་དང་། །རྗེ་དཔོན་རྔན་པ་མི་སྟེར་བའི། །ཚེ་འདིའི་དོན་ཡང་འགྲུབ་མི་འགྱུར། ། ཚུར་མཐོང་གིས་མངོན་སུམ་དུ་མཐོང་མྱོང་མེད་པའི་འཇིག་རྟེན་ཕ་རོལ་ཕར་ཞོག་གི། བྲན་གཡོག་གིས་རྗེ་བོའི་ལས་དོན་གང་ཡང་ཚུལ་བཞིན་དུ་མི་བྱེད་པ་དང་གཅིག། རྗེ་དཔོན་གྱིས་ཀྱང་བྲན་གཡོག་ལ་རྔན་པའམ་ལས་གླ་སྤྱི་མཚུངས་བཞིན་མི་ 298 སྟེར་བའི་ཚེ་འདིའི་རང་གཞན་གང་གི་དོན་ཕྲན་བུ་ཙམ་ཡང་གཏན་ནས་འགྲུབ་པར་མི་འགྱུར་རོ།། རྩ་བར། མཐོང་དང་མ་མཐོང་བདེ་འགྲུབ་པའི། །ཕུན་སུམ་བདེ་སྐྱིད་ཡོངས་བོར་ཞིང་། །གཞན་ལ་སྡུག་བསྔལ་བྱས་པའི་རྒྱུས། །རྨོངས་པས་སྡུག་བསྔལ་མི་བཟད་ལེན། ། མངོན་སུམ་དུ་མཐོང་བ་ཚེ་འདི་དང་། དེ་ལྟར་མ་མཐོང་བའི་ཚེ་ཕྱི་མིའི་བདེ་བ་མཐའ་དག་ལེགས་པར་འགྲུབ་པར་བྱེད་པའི་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཡོད་ཚད་ཀྱི་རྒྱུ་བདག་གཞན་མཉམ་པར་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཡོངས་སུ་སེམས་རྒྱུད་ནས་བོར་ཞིང་། དུས་རྒྱུན་དུ་ནས་སེམས་ཅན་གཞན་དང་གཞན་དག་ལ་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་བསྐྱེད་པར་བྱས་པའི་རྒྱུ་ཚོགས་ངན་པས་རང་ཉིད་རྨོངས་པར་བྱས་པའི་དབང་གིས། ཤི་བའི་འོག་ཏུ་ཚ་དམྱལ་དང་གྲང་དམྱལ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་དག་རང་གི་མགོ་ཐོག་ཏུ་ལེན་ཅིང་འཛིན་པར་བྱེད་པར་འགྱུར་རོ། ། རྩ་བར། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། ། འཇིག་རྟེན་ཁམས་མཐའ་དང་མུ་མེད་པ་དག་ན་ལྷ་འདྲེ་གདོན་གེགས་དང་འབྱུང་བཞིའི་འཚེ་བ་ལ་སོགས་པ་གང་ཡོད་པ་དག་དང་། འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུགས་བསྔལ་ཇི་སྙེད་ཅིག་ཡོད་པར་གྱུར་པ་དེ་དག་ཀུན། བདག་ཏུ་དམིགས་ནས་རང་གཅེས་པར་འཛིན་པ་ལས་བྱུང་བ་ཞིག་ཡིན་པ་གདོན་མི་ཟ་ན། འདྲེ་ཆེན་ལྟ་བུའི་བདག་གཅེས་འཛིན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྤང་བར་བྱའོ། ། རྩ་བར། བདག་ཉིད་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤོང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །བསྲེག་པ་སྤོང་བར་མི་ནུས་བཞིན། ། 299 དུས་དང་རྣམ་པ་ཀུན་ཏུ་བདག་ཉིད་གཅེས་པར་འཛིན་པའི་བློ་ངན་འདི་ཡོངས་སུ་མ་བཏང་བར་དེ་མུར་བཞག་ན། སྡུག་བསྔལ་གྱི་རྩ་བ་གཏན་ནས་སྤོང་བར་མི་ནུས་ཏེ། ཇི་ལྟར་ཏེ་དཔེར་ན་སྲེག་པར་བྱེད་པའི་མེ་ནི་ལག་པས་མ་བཏང་བར་དེ་མུར་བཞག་ན། ལག་སོགས་བསྲེག་པའི་ལས་གཏན་ནས་སྤོང་བར་མི་ནུས་པ་བཞིན་ནོ། ། རྩ་བར། དེ་ལྟས་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་བཏང་བྱ་དང་། །གཞན་རྣམས་བདག་བཞིན་གཟུང་བར་བྱ། ། རང་གཅེས་འཛིན་གྱིས་རང་གཞན་སེམས་ཅན་ཐམས་ཅད་ལ་གནོད་པ་འབའ་ཞིག་བསྐྱེད་པ་དེ་ལྟ་བས་ན། བདག་གི་གནོད་པ་ཞི་བ་དང་། གཞན་གྱི་སྡུག་བསྔལ་ཕྲ་རགས་ཀུན་ཞི་བར་བྱ་བའི་ཕྱིར། བདག་ཉིད་གཅེས་འཛིན་གྱི་བློ་སྤངས་ནས། རང་དོན་ཐམས་ཅད་སེམས་ཅན་གཞན་ལ་བཏང་བར་བྱ་བ་དང་། སེམས་ཅན་གཞན་རྣམས་བདག་བཞིན་གཅེས་པར་གཟུང་བར་བྱའོ། ། རྩ་བར། བདག་ནི་གཞན་གྱི་དབང་གྱུར་ཅེས། །ཡིད་ཁྱོད་ངེས་པར་ཤེས་གྱིས་ལ། །སེམས་ཅན་ཀུན་དོན་མ་གཏོགས་པར། །ད་ནི་ཁྱོད་ཀྱིས་གཞན་མི་བསམ། ། བདག་གི་ནི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སེམས་ཅན་གཞན་གྱི་དབང་དུ་གྱུར་ཅེས་ཡིད་ཁྱོད་ཀྱིས་ངེས་པར་དུ་ཤེས་པར་གྱིས་ལ། གཞན་སེམས་ཅན་ཀུན་འབའ་ཞིག་གི་དོན་དུ་ལས་བྱེད་པ་མ་གཏོགས་པར། ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་པའི་བར་དུ་ནི་ཡིད་ཁྱོད་ཀྱིས་སེམས་ཅན་གཞན་གྱི་དོན་འབའ་ཞིག་ལས། རང་དོན་སྐད་ཅིག་ཙམ་ཞིག་ལའང་མི་བསམ་པ་སྟེ་བསམ་མི་རུང་ངོ་། ། རྩ་བར། གཞན་དབང་མིག་ལ་སོགས་པ་ཡིས། །རང་དོན་སྒྲུབ་པར་རིགས་མ་ཡིན། །དེའི་དོན་མིག་ལ་སོགས་པ་ཡིས། །དེ་ལ་ལོག་པར་བྱ་མི་རིགས། ། བདག་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སེམས་ཅན་གཞན་གྱི་དབང་ད་བཏང་ཟིན་སྟབས། བདག་གི་མིག་ 300 དང་ལུས་ངག་ལ་སོགས་པ་ཡིས། དུས་སྐད་ཅིག་ཙམ་ལའང་རང་དོན་སྒྲུབ་པར་རིགས་པ་མ་ཡིན་ལ། སེམས་ཅན་དེ་དང་དེའི་དོན་དུ་ཡོད་པའི་མིག་དང་ལུས་ངག་ལ་སོགས་པ་ཡིས། སེམས་ཅན་དེ་དག་ལ་མིག་ལོག་གིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་ལོག་པར་བྱ་བ་སོགས་ནམ་ཡང་མི་རིགས་སོ། ། རྩ་བར། དེས་ན་སེམས་ཅན་གཙོར་བྱས་ཏེ། །བདག་གི་ལུས་ལ་ཅི་མཐོང་བ། །དེ་དང་དེ་ནི་ཕྲོགས་ནས་ཀྱང་། །གཞན་དག་ལ་ནི་ཕན་པར་སྤྱོད། ། རྒྱུ་མཚན་དེས་ན་དུས་དང་རྣམ་པ་ཀུན་ཏུ་སེམས་ཅན་གཞན་དག་གཙོ་བོར་བྱས་ཏེ། བདག་གི་ལུས་དང་སེམས་ཀྱི་སྟེང་ནས་གཞན་ལ་ཕན་པ་སྒྲུབ་པའི་ནུས་པ་ཡོད་པའི་བཟང་པོའི་ཡོན་ཏན་གང་དང་ཅི་མཐོང་བ་དེ་དང་དེ་དག་ནི་རང་ལས་རང་གིས་ཕྲོགས་ནས་ཀྱང་། སེམས་ཅན་གཞན་དག་ལ་ནི་སེམས་ཅན་དེ་དང་དེའི་འཕྲལ་དང་ཕུགས་ཀྱི་ཕན་པར་སྒྲུབ་པའི་ཆེད་དུ་སྤྱོད་པར་བྱ་དགོས་སོ། ། རྩ་བར། དམན་སོགས་བདག་ཏུ་བྱས་པ་དང་། །གཞན་ཉིད་དུ་ནི་བདག་བྱས་ནས། །རྣམ་རྟོག་མེད་པའི་སེམས་ཀྱིས་སུ། །ཕྲག་དོག་འགྲན་དང་ང་རྒྱལ་བསྒོམ། ། བྱང་སེམས་དཔའ་རྣམས་ཀྱིས་རང་ལས་དམན་པ་དང་། རང་དང་མཉམ་པ་དང་། རང་ལས་མཐོ་བའི་སེམས་ཅན་སོགས་བདག་ཉིད་དང་གཅིག་ཏུ་བསྒོམ་པར་བྱས་པ་དང་། མ་ཟད་གཞན་ཉིད་དུ་ནི་བདག་བྱས་ཏེ་བདག་གཞན་དུ་འཛིན་པའི་བློ་ཡི་གོ་ས་སྤོས་ནས་ངེས་ཤེས་དྲངས་ཏེ། ཐེ་ཚོམ་གྱི་རྣམ་རྟོག་རིགས་རྩ་བ་ནས་མེད་པའི་སེམས་ཀྱིས་སུ། མཐོ་བར་དམིགས་ཏེ་ཕྲག་དོག་དང་། མཉམ་པར་དམིགས་ཏེ་འགྲན་སེམས་དང་། དམན་པར་དམིགས་ཏེ་ང་རྒྱལ་གྱི་བློ་སྦྱངས་ནས་བསྒོམ་པར་བྱེད་དོ། ། རྩ་བར། འདི་ནི་བཀུར་བྱས་བདག་ནི་མིན། །འདི་བཞིན་བདག་གིས་མ་རྙེད་ཅིང་། །འདི་ནི་བསྟོད་བྱས་བདག་ལ་སྨོད། །འདི་བདེ་བདག་གི་སྡུག་བསྔལ་ལ། །བདག་ནི་ལས་རྣམས་བྱེད་པ་དང་། །འདི་ནི་བདེ་བ་ཉིད་དུ་གནས། ། 301 དེ་ལ་ཐོག་མར་ཕྲག་དོག་བསྒོམ་ཚུལ་ནི། གཞན་དང་བདག་བརྗེས་ནས་ལྷ་སྦྱིན་འདི་ནི་འཇིག་རྟེན་པ་ཡོངས་ཀྱིས་བཀུར་བར་བྱས་ལ་བདག་ཉིད་ནི་དེ་ལྟར་དུ་མིན། འདི་ཡིས་ནོར་ལོངས་སྤྱོད་དང་འཁོར་གཡོག་སོགས་རྙེད་པ་བཞིན་དུ་བདག་གིས་མ་རྙེད་ཅིང་། འདི་ལ་འཇིག་རྟེན་པ་ཡོད་དོ་ཅོག་གིས་ཕྱོགས་ཐམས་ཅད་ནས་བསྟོད་པར་བྱས་ལ། བདག་ལ་ནི་དེ་ལས་ལྡོག་ནས་སྨོད་པ་འབའ་ཞིག་བྱེད། འདི་ནི་དུས་རྟག་ཏུ་བདེ་བར་གནས་ལ། བདག་གི་ནི་ནད་དང་གདོན་གྱི་འཇིགས་པ་ལ་སོགས་པས་རྟག་ཏུ་སྡུག་བསྔལ་བར་འགྱུར་ལ། བདག་གིས་ནི་ལུས་ཀྱི་རྩོལ་བ་འབའ་ཞིག་ལ་བརྟེན་ནས་ལས་རྣམས་བྱེད་པ་དང་། འདི་ནི་ལུས་ཀྱི་ངལ་རྩོལ་སོགས་གང་ལའང་བརྟེན་མི་དགོས་པར་བདེ་བ་ཉིད་དུ་གནས་སོ། ། རྩ་བར། འདི་ནི་འཇིག་རྟེན་ལ་ཆེ་དང་། །བདག་དམན་ཡོན་ཏན་མེད་པར་གྲགས། །ཡོན་ཏན་མེད་པས་ཅི་ཞིག་བྱ། །བདག་ཀུན་ཡོན་ཏན་ལྡན་པ་ཉིད། །གང་བས་བདག་དམན་དེ་ཡོད་ཅིང་། །གང་བས་བདག་མཆོག་དེ་ཡང་མེད། ། བྱང་སེམས་འདི་ནི་འཇིག་རྟེན་པའི་ཁྲོད་ལ་མཚན་སྙན་གྲགས་ཤིན་ཏུ་ཆེ་བ་དང་། བདག་ནི་དམན་པ་དང་ཡོན་ཏན་མེད་པར་གྲགས་ཆེ། ཡོན་ཏན་མེད་པས་བྱ་བ་ངོ་མཚར་བ་དང་ཁྱད་པར་དུ་འཕགས་པ་ཅི་ཞིག་བྱར་ཡོད། དེར་བརྟེན་བདག་དང་བདག་འདྲ་བའི་སེམས་ཅན་ཀུན་གྱིས་རང་ཉིད་ཡོན་ཏན་ལྡན་པ་ཉིད་དུ་འབད་པས་སྒྲུབ་པར་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། ཡོན་ཏན་སོགས་ཕྱོགས་གང་ཐད་ནས་རང་ལས་ཆེས་ཆེར་དམན་པའི་སེམས་ཅན་མང་པོས་འཇིག་རྟེན་ན་གང་བས། བདག་ལས་དམན་པ་དེ་རིགས་ཀྱང་ཡོད་ཅིང་། ཡང་ཡོན་ཏན་སོགས་ཕྱོགས་གང་ཐད་ནས་རང་ལས་ཆེས་ཆེར་མཆོག་ཏུ་གྱུར་པའི་རིགས་ཀྱིས་ཀྱང་འཇིག་རྟེན་ན་གང་བས། བདག་ལས་མཆོག་ཏུ་གྱུར་པ་དེ་ཡང་ཡོད་སྟབས། མཐའ་གཅིག་ཏུ་བདག་གཅིག་པུ་དམན་པ་མིན་པས། སེམས་ལ་ཞིམ་པ་སྐྱེ་དགོས་དོན་གང་ཡང་མེད་དོ། ། 302 རྩ་བར། ཚུལ་ཁྲིམས་ལྟ་བ་རྒུད་སོགས་ནི། །ཉོན་མོངས་སྟོབས་ཀྱིས་བདག་དབང་མིན། །ཅི་ནུས་བདག་ནི་གསོ་དགོས་ཏེ། །གནོད་པའང་བདག་གིས་དང་དུ་བླང་། ། ཚེ་འདིར་ཚུལ་ཁྲིམས་མ་དག་པ་དང་། ལྟ་བ་དམན་པ་དང་། ནད་ན་ཚ་དང་། འཚོ་གོས་ཀྱི་གནས་བབ་སྐྱོ་བའི་རྒུད་པ་སོགས་ནི། གློ་བུར་དུ་བྱུང་བའི་ཉོན་མོངས་པའི་སྟོབས་ཀྱིས་ཡིན་གྱི། བདག་ཅག་གི་རང་བཞིན་ངན་པའི་དབང་གིས་ནི་བྱུང་བ་ག་ལ་ཡིན་ཏེ་མིན་པས། བྱང་སེམས་ལྷས་བྱིན་གྱིས་ཉོན་མོངས་པའི་ནད་ལས་ཅི་ནུས་བདག་ཅག་ནི་གསོ་བར་བྱ་དགོས་ཏེ། ཁོ་གཞན་ལ་ཕན་སེམས་ཀྱི་ཡོན་ཏན་དང་ལྡན་པར་གྲགས་པའི་ཕྱིར། ཉོན་མོངས་པའི་ནད་གསོ་བ་ལ་ཆེས་ཆེར་བཟོད་པར་དཀའ་བའི་དཀའ་སྤྱད་ལ་བརྩོན དགོས་པས། དེ་ལྟར་ཁྱེད་ཅག་གིས་མི་བཟོད་དོ་ཞེ་ན། ཉོན་མོངས་པའི་རྒུད་པ་སོགས་ལས་གསོ་ཐུབ་པར་ཁག་ཐེག་བྱེད་ཐུབ་ན། གནས་སྐབས་ཀྱི་བཟོད་པར་དཀའ་བའི་དཀའ་སྤྱད་ཀྱི་གནོད་པ་ཇི་ལྟར་ཆེ་ནའང་བདག་ཅག་གིས་དང་དུ་བླང་ནས་བསྲན་ཚུགས་པར་བྱེད་ཐུབ་བོ། ། རྩ་བར། འོན་ཏེ་བདག་འདིའི་གསོ་བྱ་མིན། །ཅི་ཕྱིར་བདག་ལ་བརྙས་པ་བྱེད། །བདག་ལ་དེ་ཡི་ཡོན་ཏན་གྱིས། །ཅི་བྱ་འདི་བདག་ཡོན་ཏན་ཅན། ། འོན་ཏེ་བདག་ནི་ལྷ་སྦྱིན་འདིའི་གསོ་བར་བྱ་བའི་ཡུལ་ནི་མིན་པས། རྒྱུ་མཚན་ཅི་ཡི་ཕྱིར་བདག་ལ་ཕན་མི་ཐོགས་པའི་ཐོག་ཏུ་ད་དུང་བརྙས་པ་བྱེད། བདག་ཅག་ཉམ་ཐག་པའི་སེམས་ཅན་རྣམས་ལ་ལྷ་སྦྱིན་དེ་ཡི་ཡོན་ཏན་གྱིས་ཕན་པའི་ལས་གང་ཡང་གཉེར་མི་ཐུབ་སྟབས། ཅི་ཞིག་བྱར་ཡོད། ལྷ་སྦྱིན་འདི་བདག་ཡོན་ཏན་ཅན་དེས་བདག་ཅག་སེམས་ཅན་རྣམས་ལ་ཕན་པ་མེད་པས་སོ། ། རྩ་བར། ངན་འགྲོ་གདུག་པའི་ཁར་གནས་པ། །འགྲོ་ལ་སྙིང་རྗེ་མེད་པས་འདི། །ཕྱིར་ལ་ཡོན་ཏན་རློམ་པ་ཡིས། །མཁས་པ་དག་ལ་བསྡོ་བར་འདོད། ། 303 ཚུལ་ཁྲིམས་དང་ཡང་དག་པའི་ལྟ་བ་ཉམས་པའི་ཉེར་ལེན་ལ་བརྟེན་ནས་ཤིན་ཏུ་ནས་འཇིགས་པ་ཆེ་བའི་ངན་འགྲོ་དང་སྦྲུལ་གདུག་པ་ལྟ་བའི་ཁར་གནས་པ། དེ་ལྟའི་རིགས་དྲུག་གི་འགྲོ་བ་དག་ལ་སེམས་ཀྱི་གཏིང་ནས་སྙིང་རྗེ་ཕྲ་མོ་ཙམ་ཡང་མེད་པས། འདི་ཡི་ཕྱིའི་རྣམ་པའི་ཆར་ཡོན་ཏན་ཅན་དུ་རློམ་པ་ཡིས། རང་ཉིད་གཞན་ཀུན་ལས་རྒྱལ་བར་འདོད་ནས་མཁས་པ་དག་ལ་བསྡོ་བར་འདོད་པ་སྟེ་བརྙས་པར་མི་རིགས་སོ། ། རྩ་བར། བདག་དང་མཉམ་ལ་ལྟོས་ནས་ནི། །གང་གིས་རང་ཉིད་ལྷག་བྱའི་ཕྱིར། །བདག་གི་རྙེད་དང་བཀུར་སྟི་ནི། །རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ། ། མཉམ་ལ་འགྲན་སེམས་སྒོམ་ཚུལ་ནི། བདག་དང་རྒྱུ་ནོར་ལོངས་སྤྱོད་གང་གི་ཆ་ནས་ཀྱང་མཉམ་པ་ཞིག་ལ་ལྟོས་ནས་ནི། དེ་དག་ལས་རྙེད་པ་དང་བཀུར་སྟི་གང་གི་ཆ་ནས་ཀྱང་རང་ཉིད་ལྷག་པའི་ཡོན་ཏན་དང་ལྡན་པར་བྱ་བའི་ཕྱིར། བདག་གི་ཚེ་འདིའི་རྙེད་པ་དང་བཀུར་སྟི་སོགས་ནི་ཐབས་སྣ་ཚོགས་ཀྱི་རྩོད་པ་ཡིས་ཀྱང་ངེས་པར་དུ་བསྒྲུབ་ཐུབ་པར་དགོས་སོ། ། རྩ་བར། ཅི་ནས་བདག་གི་ཡོན་ཏན་ནི། །འཇིག་རྟེན་ཀུན་ལ་གསལ་བ་དང་། །གཞན་ཡང་འདི་ཡི་ཡོན་ཏན་གང་། །སུས་ཀྱང་ཐོས་པར་མི་འགྱུར་བྱ། ། ཅི་ནས་སམ་ངེས་པར་དུ་བདག་གི་ཡོན་ཏན་གང་ཡོད་པ་དེ་དག་ཐམས་ཅད་ནི། འཇིག་རྟེན་ཀུན་ལ་རེ་རེ་ནས་གསལ་བར་བྱེད་པ་དང་། གཞན་ཡང་། དེ་དང་མཉམ་དུ་འགྲན་ཟླ་འདི་ཡི་ཡོན་ཏན་གང་ཡོད་པ་ལས་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ཡང་འཇིག་རྟེན་འདིའི་མི་སུས་ཀྱང་ནམ་ཡང་ཐོས་པར་མི་འགྱུར་བར་བྱའོ། ། རྩ་བར། བདག་གི་སྐྱོན་ཡང་སྦ་བྱ་ཞིང་། །བདག་ནི་མཆོག་འགྱུར་འདི་ལ་མིན། །བདག་དེང་རྙེད་པ་ལེགས་རྙེད་ཅིང་། །བདག་ནི་བཀུར་འགྱུར་འདི་ལ་མིན། ། མཉམ་ལ་འགྲན་པའི་ཕྱིར་འཇིག་རྟེན་ཀུན་མི་དད་པའི་བདག་གི་སྐྱོན་ཡང་ཐབས་ཤེས་ཡོད་རྒུས་ 304 སྦ་བར་བྱ་ཞིང་། བདག་ནི་སྐྱེ་བོ་ཡོད་དོ་ཅོག་གིས་མཆོག་ཏུ་བཀུར་བར་བྱ་བའི་འོས་སུ་འགྱུར་ལ། འགྲན་ཟླ་འདི་ལ་གཞན་གྱིས་བཀུར་བར་འོས་པའི་ཡོན་ཏན་གང་ཡང་མེད་པས་དེ་ལྟར་མིན་པ་དང་། མ་ཟད་བདག་ནི་དུས་དེང་ནས་བཟུང་སྟེ་རྒྱུ་ནོར་ལོངས་སྤྱོད་ལ་སོགས་པའི་རྙེད་པ་ལེགས་པར་རྙེད་ཅིང་། དེ་ལས་ཀྱང་བདག་ནི་སྐྱེ་བོ་ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་བར་འགྱུར་ལ། འགྲན་ཟླ་འདི་ལ་དེ་ལྟར་འོས་པ་མིན་ནོ། ། རྩ་བར། འདི་ནི་མ་རུངས་བྱས་པ་ལ། །ཡུན་རིང་བདག་ནི་དགའ་བས་བལྟ། །འགྲོ་བ་ཀུན་གྱི་བཞད་གད་དང་། །ཕན་ཚུན་སྨོད་པ་དག་ཏུ་བྱ། ། གལ་ཏེ་འདིས་ནི་རང་གི་ཚུལ་ཁྲིམས་མ་བསྲུངས་པ་དང་། ཆོས་ལ་སྐུལ་བ་འདེབས་པ་ལ་སོགས་པའི་ཤིན་ཏུ་མ་རུངས་པའི་ལས་བྱས་པ་ལ། ཡུན་རིང་བདག་ཅག་གིས་ནི་དགའ་བས་བལྟ་ཞིང་། ཁོ་རང་གི་འཁོར་དང་ཉེ་དུ་ལ་སོགས་པའི་འགྲོ་བ་ཀུན་གྱིས་ཁོའི་སྤྱོད་པར་བལྟས་ནས་བཞད་གད་དང་། རྒྱུན་དུ་ཕན་ཚུན་གླེང་མོལ་བྱེད་པའི་སྐབས་སོགས་དུ་མར་ཁ་རུབ་ཀྱིས་སྨོད་པ་དག་ཏུ་བྱེད་པར་བྱ་རྒྱུ་ན་ཤིན་ཏུ་དགའ་འོ། ། རྩ་བར། ཉོན་མོངས་འདི་ཡང་བདག་དང་ནི། །ལྷན་ཅིག་ཏུ་ནི་འགྲན་ཞེས་གྲག། འདི་བདག་ཐོས་དང་ཤེས་རབ་བམ། །གཟུགས་རིགས་ནོར་གྱིས་མཉམ་མམ་ཅི། ། དམན་པ་ལ་དམིགས་ནས་ང་རྒྱལ་སྒོམ་ཚུལ་ནི། རྩ་ཚིག་འདིའི་ངོ་གདོང་གི་ཉོན མོངས་དེ་ཉམ་ཆུང་བའི་དོན་ལ་འཇུག་པས། ཡོན་ཏན་དང་སྟོབས་འབྱོར་སོགས་ཕྱོགས་ཐད་ནས་ཉམ་ཆུང་བའི་ཉོན་མོངས་པ་འདིས་ཀྱང་ཡང་དང་ཡང་དུ་ཕྱོགས་གང་ཐད་ནས་ཁྱད་དུ་འཕགས་པའི་བདག་དང་ནི་ལྷན་ཅིག་དུ་ཏུ་ནི་འགྲན་ནོ་ཞེས་གྲག་ན། ཉམ་ཆུང་བ་འདི་བདག་ཅག་རྣམས་དང་ཐོས་པ་དང་། ཤེས་རབ་བམ། གཟུགས་དང་། ལང་ཚོ་དང་། རིགས་རུས། རྒྱུ་ནོར་གྱིས་མཉམ་མམ་ཅི། ནམ་ཡང་མཉམ་ཐུབ་པ་མེད་དོ། ། རྩ་བར། དེ་ལྟར་ཀུན་ལ་གྲགས་པ་ཡི། །བདག་གི་ཡོན་ཏན་ཐོས་ནས་ནི། །སྤུ་ལྡང་དགའ་བ་སྐྱེ་འགྱུར་བའི། །བདེ་སྐྱིད་ལ་ནི་ཡོངས་སུ་སྤྱོད། ། 305 དེ་ལྟར་ཕྱོགས་གང་ཐད་ནས་ཉམ་ཆུང་ཁོ་རང་བདག་ཅག་རྣམས་དང་མི་མཉམ་པའི་དོན་དངོས་འཇིག་རྟེན་ཀུན་ལ་གྲགས་པ་ཡི་བདག་གི་ཡོན་ཏན་ཐོས་ནས་ནི། འཇིག་རྟེན་པ་རྣམས་ཀྱི་ལུས་ནས་བ་སྤུ་ལྡང་བའི་དགའ་བ་སྐྱེ་བར་འགྱུར་བའི་བདེ་སྐྱིད་དེ་དག་ལ་ནི་རིམ་གྱིས་ཡོངས་སུ་སྤྱོད་པར་བྱའོ། ། རྩ་བར། ཅི་སྟེ་འདི་ལ་རྙེད་ཡོད་ཀྱང་། །གལ་ཏེ་ང་ཡི་ལས་བྱེད་ན། །འདི་ལ་འཚོ་བ་ཙམ་བྱིན་ནས། །བདག་གི་སྟོབས་ཀྱིས་དེ་བླང་བྱ། ། ཅི་སྟེ་ཉམ་ཆུང་འདི་ལ་རྙེད་པ་ཡོད་པར་གྱུར་ཀྱང་། གལ་ཏེ་ང་ཡི་ཤུགས་ལས་ཡོད་ཚད་བྱེད་པར་སྤྲོ་ན། ཉམ་ཆུང་འདི་ལ་ལྟོགས་སྐོམ་མྱོང་མི་དགོས་པའི་འཚོ་བའི་ཟས་ཙམ་བྱིན་ནས། བདག་གི་སྟོབས་ཀྱིས་ལྷག་མའི་རྙེད་པ་དེ་དག་ཁོའི་ལག་ནས་བཙན་གྱིས་བླང་བར་བྱའོ། ། རྩ་བར། འདི་ནི་བདེ་ལས་ཉམས་བྱ་ཞིང་། །བདག་གི་གནོད་དང་རྟག་སྦྱར་བྱ། ། གལ་ཏེ་འདི་ནི་སྔོན་དང་འཕྲལ་གྱི་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་གི་ཡོད་ན། ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཁོ་བདེ་སྐྱིད་དེ་ལས་ཉམས་པར་བྱ་ཞིང་། བདག་གིས་ཐབས་སྣ་ཚོགས་ཀྱིས་འདི་གནོད་པའི་ལས་འདྲ་མིན་དང་རྟག་ཏུ་སྦྱར་བར་བྱའོ། ། རྩ་བར། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང་། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། ། རང་གཅེས་འཛིན་ལ་འཁོན་དུ་བཟུང་ནས་རྩོད་པ་བསྟན་པ་ལ། དེ་ཡང་རང་གཅེས་འཛིན་གྱི་བློ་འདི་ཡིས་བསྐལ་པ་བརྒྱ་ཕྲག་ཐམས་ཅད་དུ་དབང་མེད་ལྟ་བུས་ཡང་ནས་ཡང་དུ་འཁོར་བར་འཁོར་དུ་བཅུག་པ་མ་ཟད། བདག་ལ་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ 306 ཡས་པས་གནོད་པ་བྱས་སྟབས། དེ་ལྟའི་རང་གཅེས་འཛིན་གྱི་ཡིད་ཁྱོད་ཀྱིས་རང་དོན་ཁོ་ན་བྱེད་པར་འདོད་པས། ཐོག་མ་མེད་པའི་འཁོར་བའི་གནས་འདྲ་མིན་དུ་བསྐལ་པ་གྲངས་མེད་དུ་མར་སྐྱེ་འཆིས་འདས་པར་གྱུར་ཀྱང་། སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པའི་ངལ་བ་ཆེན་པོ་དེ་ལྟ་བུས། ཁྱོད་ཀྱིས་རང་ལ་སྔར་ལས་ཀྱང་སྡུག་བསྔལ་འབའ་ཞིག་བསྒྲུབས་པར་བྱས་སོ། ། རྩ་བར། དེ་ལྟར་ངེས་པ་གཞན་དག་གི །དོན་ལ་རབ་ཏུ་འཇུག་གྱིས་དང་། །ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། ། རང་གཅེས་འཛིན་གྱི་དབང་གིས་རང་ཉིད་ལ་གནོད་པ་འབའ་ཞིག་ལས་གང་ཡང་འབྱུང་རྒྱུ་མེད་པ་དེ་ལྟར་སེམས་ལ་ངེས་པར་བྱས་ཏེ། ད་ནས་བཟུང་རང་གཅེས་འཛིན་གྱི་བློ་ཁ་གཞན་དུ་བསྒྱུར་ནས་སེམས་ཅན་གཞན་དག་གི་བདེ་སྐྱིད་འབའ་ཞིག་གི་དོན་ལ་རབ་ཏུ་འཇུག་པར་གྱིས་དང་། རྣམ་འདྲེན་བཞི་པ་ཐུབ་པའི་བཀའ་ནི་བསྟན་བྱའི་དོན ལ་ནམ་ཡང་མི་བསླུ་བས། གཞན་གཅེས་འཛིན་བསྒོམས་པ་དེ་ཡིས་སངས་རྒྱས་ཀྱི་སྒྲིབ་གཉིས་མ་ལུས་པ་སྤངས་པའི་ཡོན་ཏན་ཕྱིས་མཐོང་བར་འགྱུར་རོ། ། རྩ་བར། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་སུམ་བདེ་མིན་པ། །གནས་སྐབས་འདི་འདྲར་འགྱུར་མི་སྲིད། ། རང་གིས་རང་ལ་ཁ་བརྡུང་ལྟ་བུར་བྱས་ནས། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ་རང་ཡལ་བར་དོར། གཞན་གཅེས་པར་འཛིན་པའི་ལས་འདི་འདྲ་བྱས་པར་གྱུར་ཡོད་ན་ནི། ད་ཆ་སངས་རྒྱས་ཀྱི་དོན་གཉིས་ཕུན་སུམ་ཚོགས་པའི་བདེ་བ་བརྟན་ཆགས་པ་མིན་པའི་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པའི་གནས་སྐབས་འདི་འདྲར་འགྱུར་མི་སྲིད་པས། དོན་མེད་ཀྱི་བྱ་བས་མ་གཡེང་བར་བྱང་ཆུབ་ཀྱི་སེམས་བསྒོ མ་པ་ལ་འབད་པར་བྱའོ། ། 307 རྩ་བར། དེ་བས་འདི་ལྟར་གཞན་དག་གི །ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལའང་གོམས་པར་གྱིས། ། དེ་བས་ན་འདི་ལྟར་ཕ་མ་སོགས་རྒྱུད་གཞན་དག་གི་ཁུ་བ་ཁྲག་གི་ཐིགས་པ་ལས་གྲུབ་པའི་ལུས་འདི་ལ། ཁྱོད་ཀྱིས་ངའོ་སྙམ་པའི་ངར་འཛིན་ཤུགས་ཆེན་པོས་བྱས་པ་དེ་ལྟར། དེ་བཞིན་སེམས་ཅན་གཞན་དག་ལའང་དེ་ལྟར་གོམས་པར་གྱིས་ཤིག། རྩ་བར། གཞན་གྱི་རྟོག་ཆེན་བྱས་ནས་ནི། །བདག་གི་ལུས་ལ་ཅི་སྣང་བ། །དེ་དང་དེ་ཉིད་ཕྲོགས་བྱས་ནས། །ཁྱོད་ཀྱིས་གཞན་ལ་ཕན་པར་སྤྱོད། ། དེ་ལྟར་གཞན་ཕན་གྱི་བསམ་པ་ཤུགས་ཆེས་སྦྱངས་པ་ཙམ་མིན་པར། ལག་ལེན་གྱི་དངོས་ཀྱི་ནང་སེམས་ཅན་དེ་དང་དེ་འདྲ་བར་ཅི་ཞིག་གིས་ཕན་པ་བྱེད་ཐུབ་སྙམ་དུ་སེམས་ཅན་གཞན་གྱི་རྟོག་ཆེན་ཏེ་ལྐོག་ཏུ་ལྟ་རྟོག་བྱེད་མཁན་གྱི་སོ་བ་ལྟ་བུར་བྱས་ནས་ནི། བདག་གི་ལུས་ལ་སེམས་ཅན་དེ་དང་དེར་ཕན་པའི་རྒྱུ་དངོས་ཅི་སྣང་བ་དེ་དང་དེ་ཉིད་རང་བློས་རང་ལ་ཕྲོགས་པར་བྱས་ནས། ཁྱོད་ཀྱིས་སེམས་ཅན་གཞན་དེ་དང་དེའི་རིགས་ལ་ཕན་པར་སྤྱོད་ཅིག། རྩ་བར། བདག་སྐྱིད་གཞན་ནི་མི་སྐྱིད་ལ། །བདག་མཐོ་གཞན་ནི་དམའ་བ་དང་། །བདག་ནི་ཕན་བྱེད་གཞན་མིན་ཞེས། །བདག་ལ་ཕྲག་དོག་ཅིས་མི་བྱེད། ། གང་གིས་ཡིན་ནམ། བདག་ནི་སྐྱིད་ཅིང་སེམས་ཅན་གཞན་དག་ནི་དེ་ལྟར་མི་སྐྱིད་ལ། བདག་ནི་རྒྱུ་ནོར་ལོངས་སྤྱོད་ལ་སོགས་པས་མངོན་པར་མཐོ། སེམས་ཅན་གཞན་དག་ནི་ཉམ་ཆུང་བས་དམའ་བ་དང་། བདག་ནི་རང་ཉིད་ལ་ཕྱོགས་གང་ཐད་ནས་ཕན་པར་སྒྲུབ་པར་བྱེད་པའི་ནུས་པ་ལྡན་ལ། སེམས་ཅན་གཞན་དག་ནི་དེ་ལྟར་མིན་ཞེས་བདག་གམ་རང་གིས་རང་ལ་ཕྲག་དོག་ལྟ་བུས་མི་སྐྱིད་པ་ཅིས་མི་བྱེད། རྩ་བར། བདག་ནི་བདེ་དང་བྲལ་གྱིས་ཏེ། །གཞན་གྱི་སྡུག་བསྔལ་བདག་ལ་སྦྱོར། །གང་ཚེ་འདི་ནི་ཅི་བེ ད་ཅེས། །བདག་གི་སྐོན་ལ་བརྟག་པར་གིས། ། 308 བདག་རང་ཉིད་ནི་བདེ་སྐྱིད་ཀྱི་གནས་ཐམས་ཅད་དང་བྲལ་བར་གྱིས་ཏེ། གཞན་གྱིས་མྱོང་བཞིན་པའི་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་དག་རེ་རེ་ནས་བདག་གི་སྡུག་བསྔལ་ལ་ཡོངས་སུ་སྦྱོར་དགོས། དུས་གང་གི་ཚེ་བདག་འདིས་ནི་ཅི་ཐབས་གང་འདྲ་ཞིག་གི་སྒོ་ནས་སྦྱོར་བ་གང་འདྲ་ཞིག་རྩོམ་པར་བྱེད་ཅེས། བདག་གི་སྐྱོན་གྱི་ཕྱོགས་ཐམས་ཅད་ལ་ཡང་ནས་ཡང་ནས་འཐུས་ཤོར་མེད་པའི་སྒོ་ནས་བརྟག་པར་གྱིས་ཤིག། རྩ་བར། གཞན་གྱིས་ཉེས་པ་བྱས་པ་ཡང་། །རང་གི་སྐྱོན་དུ་བསྒྱུར་བྱོས་ལ། །བདག་གིས་ཉེས་པ་ཆུང་བྱས་ཀྱང་། །སྐྱེ་བོ་མང་ལ་རབ་ཏུ་ཤོགས། ། སེམས་ཅན་གཞན་གྱིས་རང་ཉིད་ལ་གནོད་པའི་ཉེས་པའི་ལས་དངོས་ཤུགས་བརྒྱུད་གསུམ་ནས་ཅི་ཙམ་གྱིས་མང་པ་བྱས་པའི་ཚེ་ན་ཡང་། ཉེས་པ་དེ་དག་ཐམས་ཅད་རང་གི་སྐྱོན་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རང་གི་སྐྱོན་དུ་བསྒྱུར་བར་བྱོས་ལ། བདག་གིས་སེམས་ཅན་གཞན་ལ་གནོད་པའི་ཉེས་པ་ཆེས་ཆུང་ངུ་ཞིག་མ་གཏོགས་མ་བྱས་ཀྱང་། ཉེས་པ་དེ་རིགས་རང་གི་ཉེས་པ་ཡིན་པ་སྐྱེ་བོ་མང་པོ་ལ་རབ་ཏུ་ཤོགས་པ་སྟེ། སྦས་ནས་མི་སྡོད་པར་སྒྲོགས་ཤིག། རྩ་བར། གཞན་གྱི་གྲགས་པ་ལྷག་བརྗོད་པས། །རང་གི་གྲགས་པ་ཟིལ་གྱིས་ནོན། །བདག་ནི་བྲན་གྱི་ཐ་མ་ལྟར། །དོན་རྣམས་ཀུན་ལ་བཀོལ་བར་གྱིས། ། རང་ཉིད་རང་གི་མཚན་སྙན་གྲགས་ལ་སྨོན་པ་ཤུགས་ཆེ་བས། ཆེད་དུ་གཉེར་ནས་སེམས་ཅན་གཞན་གྱི་ཡོན་ཏན་ལ་སོགས་པའི་གྲགས་པ་གང་ཡོད་ཐོག་སྒྲོ་འདོགས་ལྟ་བུས་ལྷག་པར་བརྗོད་པར་བྱས་ཏེ། དེ་ལྟའི་གྲགས་པས་རང་གི་གྲགས་པ་གང་ཡོད་དག་ཟིལ་གྱིས་ནོན་པར་བྱེད་དགོས་པ་མ་ཟད། བདག་ནི་འཇིག་རྟེན་འདིའི་བྲན་གྱི་ནང་ནས་ཀྱང་བྲན་གྱི་ཐ་མ་ལྟར། ཤུགས་ལས་དང་འབྲེལ་བའི་ལས་དོན་ཆེ་ཕྲ་རྣམས་ཀུན་ལ་ཞེ་ནག་ལྟ་བུས་བཀོལ་བར་གྱིས་ཤིག། 309་རྩ་བར། འདི་ནི་སྐྱོན་ཅན་རང་བཞིན་ཏེ། །གློ་བུར་ཡོན་ཏན་གྱིས་མི་བསྟོད། །འདི་ཡི་ཡོན་ཏན་ཅི་ནས་ཀྱང་། །འགས་ཀྱང་མི་ཤེས་དེ་ལྟར་གྱིས། །བདག་འདི་ནི་རང་གཅེས་འཛིན་ལ་སོགས་པའི་སྐྱོན་ཅན་གྱི་རང་བཞིན་ཏེ། གློ་བུར་དེ་དག་གི་དུ་གཞན་གཅེས་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཆ་ཅུང་ཟད་ཅིག་སྐྱེས་ཀྱང་། ཆ་ནས་རང་ལ་བསྟོད་པར་བྱས་ན་ང་རྒྱལ་སྐྱེ་སྟབས། ཡོན་ཏན་གྱིས་མི་བསྟོད་པ་མ་ཟད། ད་དུང་བདག་འདི་ཡི་ཡོན་ཏན་ཆ་གང་ཡོད་པ་དག་ཅི་ནས་ཀྱང་། སེམས་ཅན་མང་པོ་ཕར་ཞོག་སེམས་ཅན་འགས་ཀྱང་མི་ཤེས་པར་དེ་ལྟར་གྱིས་ཤིག། རྩ་བར། མདོར་ན་བདག་གི་དོན་གྱི་ཕྱིར། །ཁྱོད་ཀྱིས་གཞན་ལ་གནོད་བྱས་གང་། །གནོད་དེ་སེམས་ཅན་དོན་གྱི་ཕྱིར། །བདག་ཉིད་ལ་ནི་འབབ་པར་གྱིས། ། མདོར་བསྡུས་ནས་བཤད་ན། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བདག་ཉིད་འབའ་ཞིག་གི་དོན་གྱི་ཕྱིར་དུ་ཡིད་ཁྱོད་ཀྱིས་རང་ལ་འཁོན་ཡོད་མེད་ཀྱི་སེམས་ཅན་གཞན་ལ་གནོད་འཚེའི་ལས་འདྲ་མིན་སྣ་ཚོགས་ཤིག་བྱས་པ་གང་ཡིན་པ་དེ་དག་དང་གཅིག་མཚུངས་ཀྱི་གནོད་པ་དེ་དག སེམས་ཅན་གཞན་ལ་གནོད་པ་མི་འབྱུང་བའི་དོན་གྱི་ཕྱིར། གནོད་པ་དེ་དག་ཐམས་ཅད་བདག་ཉིད་ཀྱི་མགོ་ཐོག་ལ་ནི་མྱར་དུ་འབབ་པར་གྱིས་ཤིག། རྩ་བར། འདི་ནི་གཉའ་དྲག་འགྱུར་ཚུལ་དུ། །ཤེད་བསྐྱེད་པར་ནི་མི་བྱ་སྟེ། །བག་མ་གསར་པའི་ཚུལ་བཞིན་དུ། །ངོ་ཚ་འཇིགས་དང་བསྡམས་ཏེ་བཞག ། དག་འདི་ནི་ནུས་པ་ཆེ་མདོག་སྣ་ཚོགས་ཀྱིས་མགོ་འཕང་བསྟོད་དེ་གཉའ་དྲག་སྟེ་ཐོད་རྒལ་དུ་ཕོད་ཁམ་ཆེ་བར་འགྱུར་བའི་ཚུལ་དུ་ཤེད་བསྐྱེད་པར་ནི་ནམ་ཡང་མི་བྱ་སྟེབག་མ་གསར་པའི་ཚུལ་ལུགས་བཞིན་དུ། ངོ་ཚ་དང་འཇིགས་པའི་རྣམ་འགྱུར་དང་བཅས་པས་དབང་པོ་རྣམས་བསྡམས་ཏེ་བཞག་པར་བྱའོ། ། རྩ་བར། དེ་བྱ་དེ་ལྟར་གནས་བྱ་ཞིང་། །དེ་ལྟར་ཁྱོད་ཀྱིས་མི་བྱ་བ། །དེ་ལྟར་འདིནི་དབང་བྱ་སྟེ། །དེ་ལས་འདས་ན་ཚར་བཅད་བྱ། ། 310 དེ་ཡང་ཁ་ཙམ་མིན་པར་སྦྱོར་བའི་ཆ་ནས་ཀྱང་དེ་ལྟར་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོགས་ལ་གནས་པར་བྱ་ཞིང་། གལ་སྲིད་སྦྱོར་བའི་སྒོ་ནས་དེ་ལྟར་ཁྱོད་ཀྱིས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོགས་ལ་གནས་པར་མི་བྱ་བ་དེ་ལྟར་ན། སེམས་འདི་ནི་གཉེན་པོའི་དབང་འོག་ཏུ་ཚུད་པར་བྱ་སྟེ། སྦྱོར་བའི་སྒོ་ནས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེ་ལས་ཕྲ་མོ་ཙམ་འདས་ན་གཉེན་པོས་ཐད་ཀར་ཚར་གཅད་པར་བྱའོ། ། རྩ་བར། འོན་ཏེ་དེ་ལྟར་གདམས་ཀྱང་ནི། །སེམས་ཁྱོད་དེ་ལྟར་མི་བྱེད་ན། །ཁྱོད་ལ་ཉེས་པ་ཀུན་བསྟེན་པས། །ཁྱོད་ཉིད་ཚར་གཅད་བྱ་བར་ཟད། ། འོན་ཏེ་ཐབས་སྣ་ཚོགས་ཀྱིས་དེ་ལྟར་ཡང་ནས་ཡང་དུ་གདམས་ཀྱང་ནི། སེམས་ཁྱོད་ཀྱིས་དེ་ལྟར་དུ་སྒྲུབ་པར་མི་བྱེད་པར་བསྡད་ན། ཁྱོད་ཀྱིས་རང་ཉིད་ལ་རང་གཅེས་འཛིན་གྱིས་བསྐྱེད་པའི་ཉེས་པ་ཀུན་བསྟེན་པས། ཉེས་པ་དེ་དག་གིས་ཁྱོད་ཉིད་མི་རིང་བར་ཚར་གཅད་པར་བྱ་བར་ཟད་དོ། ། རྩ་བར། ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ད་ཁྱོད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། ། གཞན་ཡང་། རང་གཅེས་པར་འཛིན་པའི་བློ་ཁྱོད་ཀྱིས་རང་ཉིད་གཅིག་པུ་བདེ་འདོད་ཙམ་མ་ཟད། དེ་སྒྲུབ་བྱེད་ཀྱི་ཐབས་ལ་རྨོངས་པའི་དབང་གིས་ཁོ་བོ་རང་གར་བརླག་པའི་སྔོན་གྱི་དུས་དེ་འདས་པས། ད་ནི་གཞན་ཞིག་ཡིན་ཏེ། ད་ཆ་ངས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མང་པོ་བཀུར་ནས་ཐེག་པ་ཆེན་པོའི་གཞུང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་སྟབས། ངས་རང་གཅེས་འཛིན་གྱི་ཉེས་པ་དེ་དག་རེ་རེ་ནས་ཞིམ་མོར་མཐོང་བས། ད་རང་གཅེས་འཛིན་ཁྱོད་གང་དུ་འགྲོ། དུས་དེ་རིང་ནས་ཁྱོད་ཀྱི་དྲེགས་པ་ཀུན་ལྷག་མེད་དུ་གཞོམ་པར་བྱ་ངེས་སོ། ། 311 རྩ་བར། ད་དུང་བདག་ལ་རང་གི་དོན། །ཡོད་སྙམ་སེམས་པ་དེ་དོར་ཅིག ། བདག་གིས་གཞན་ལ་ཁྱོད་བཙོང་གི། །སྐྱོ་བར་མི་སེམས་ཞོ་ཤ་ཕུལ། ། ད་དུང་རང་གཅེས་འཛིན་ཁྱོད་ཀྱིས་བདག་ལ་རང་གི་དོན་ཞིག་བསྒྲུབ་རྒྱུ་བསྡད་ཡོད་སྙམ་དུ་སེམས་པ་དེ་རིང་དུ་དོར་ཅིག གང་ཡིན་ཟེར་ན། བདག་གིས་སེམས་ཅན་གཞན་ལ་རང་གཅེས་འཛིན་གྱི་བློ་ངན་ཁྱོད་བཙོང་གི་ཡིན། ཁྱོད་སྐྱོ་བར་མི་སེམས་པར་ཞོ་ཤ་ཕུལ་བ་སྟེ་ནུས་པ་ཅི་ཡོད་ཀྱི་སྒོ་ནས་གཞན་དོན་འབའ་ཞིག་སྒྲུབས་ཤིག། རྩ་བར། གལ་ཏེ་བག་མེད་གྱུར་ནས་ཁྱོད། །སེམས་ཅན་རྣམས་ལ་མ་བྱིན་ན། །ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི། །སྲུང་མ་རྣམས་ལ་བྱིན་དུ་ངེས། ། གལ་ཏེ་ཁོ་བོ་བག་མེད་པར་ལྷོད་ཡངས་སུ་གྱུར་ནས་རང་གཅེས་འཛིན་ཁྱོད་སེམས་ཅན་གཞན་རྣམས་ལ་མ་བྱིན་པ་ཡིན་ན། ནམ་ཞིག་ཁྱོད་ཀྱིས་ཁོ་བོ་སྙིང་རྗེ་སོགས་གང་ཡང་མེད་པའི་སྒོ་ནས་དམྱལ་བ་ཡི་སྲུང་མ་ཤིན་ཏུ་གདུག་རྩུབ་ཅན་རྣམས་ལ་བྱིན་དུ་ངེས་སོ། ། རྩ་བར། དེ་ལྟར་ཁྱོད་ཀྱིས་དེ་ལྟ་ཞིག ། ཁོ་བོ་བྱིན་པས་ཡུན་རིང་སྡུག །ད་ནི་ཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། ། དེ་ལྟར་ཁྱོད་ཀྱིས་དེ་ལྟ་ཞིག་སྟེ་དུས་ཡུན་རིང་པོ་དེ་འདྲ་ཞིག་གི་རིང་ལ། ཁོ་བོ་ཤིན་ཏུ་གདུག་རྩུབ་ཆེ་བའི་དམྱལ་བའི་སྲུང་མ་རྣམས་ལ་བྱིན་པས། བསྐལ་པ་སྟོང་ཕྲག་མང་པོའི་ཡུན་རིང་ལ་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་མྱངས་དང་མྱོང་དགོས་བཟོས་བྱུང་། ད་ནི་སྔོན་གྱི་ལས་མི་དགེ་བ་བྱས་པའི་ཁོན་རྣམས་རེ་རེ་ནས་སེམས་ལ་དྲན་པར་བྱས་ཏེ། ད་ནས་བཟུང་ཁྱོད་ཀྱིས་རང་ཉིད་གཅིག་པུ་བདེ་བར་འགོད་འདོད་ཀྱི་རང་དོན་སེམས་པ་དེ་ཅི་ནས་ཀྱང་གཞོམ་པར་བྱའོ། ། རྩ་བར། དེ་སྟེ་བདག་ནི་དགའ་འདོད་ན། །རང་ལ་བདག་གིས་དགའ་མི་བྱ། །དེ་སྟེ་བདག་ནི་བསྲུང་འདོད་ན། །གཞན་དག་རྟག་ཏུ་སྲུང་བར་བྱ། །། 312 དེ་སྟེའམ་གལ་ཏེ་བདག་ནི་ཕྱོགས་གང་ནས་ཀྱང་ཕུན་སུམ་ཚོགས་པའི་དགའ་བ་ཞིག་འདོད་ན། རང་ལ་བདག་གིས་སམ་རང་གིས་གཙིགས་སུ་བཟུང་ནས་དགའ་བའི་ཐབས་ལ་བརྩོན་པར་མི་བྱ། དེ་སྟེའམ་གལ་ཏེ་ཚེ་འདི་དང་ཕྱི་མའི་འཇིགས་པ་མཐའ་དག་ལས་བདག་ནི་སྲུང་བར་འདོད་ན། སེམས་ཅན་གཞན་དག་རྟག་ཏུ་སྡུག་བསྔལ་གྱི་གནས་སུ་མི་གཏོང་བར་བསྲུང་བར་བྱ་དགོས་སོ། ། རྩ་བར། ཇི་ལྟ་ཇི་ལྟར་ལུས་འདི་ནི། །ཡོངས་སུ་སྐྱོང་བར་བྱེད་འགྱུར་བ། །དེ་ལྟ་དེ་ལྟར་ཤིན་ཏུ་ནི། །བཟེ་རེ་ཅན་གྱུར་ཉིད་དུ་ལྟུང་། ། ཇི་ལྟ་ཇི་ལྟར་རམ་ཅི་ཙམ་གྱིས་ལུས་འདི་ལ་ནི་ཟས་གོས་གནས་མལ་ལ་སོགས་པའི་དངོས་པོ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོང་བར་བྱས་དང་བྱེད་པར་འགྱུར་བ། དེ་ལྟ་དེ་ལྟར་རམ་དེའི་ཚོད་ཀྱིས་ཤིན་ཏུ་ནི་བཟེ་རེ་ཅན་དུ་གྱུར་པ་ར་པ་སྟེ། འདོད་པའི་དངོས་པོ་ཆུང་ངུ་ཙམ་ཞིག་མ་འགྲུབ་པས་ཀྱང་བཟོད་མི་ཐུབ་པར་ཉིད་དུ་ལྟུང་བས། ནམ་ཞིག་ཤིན་ཏུ་ནས་སྐྱོང་བར་དཀའ་འོ། ། རྩ་བར། དེ་ལྟར་ལྷུང་བ་དེ་ཡི་ཡང་། །འདོད་པའི་ས་འདི་ཐམས་ཅད་ཀྱིས། །རྫོགས་པར་ནུས་པ་ཡོད་མིན་ན། །དེ་ཡི་འདོད་པ་སུས་བྱེད་ནུས། ། དེ་ལྟར་འདོད་པ་ཆོག་མི་ཤེས་པའི་གནས་བབ་ནང་ལྷུང་བ་དེ་ཡི་ཚེ་ཡང་། འདོད་པ་ལ་འདུན་པའི་སྲེག་པ་སྔར་ལས་ཀྱང་ཤུགས་ཆེར་འཕེལ་ནས། འདོད་པས་ཁེངས་པའི་འཛམ་གླི ང་གི་སའི་ཕྱོགས་འདི་ཐམས་ཅད་ཀྱིས་ཀྱང་འདོད་ལྡན་བཟེ་རེ་ཅན་དེ ས་འདོད་པ་ཡོངས་སུ་རྫོགས་པར་ནུས་པ་ནམ་ཡང་ཡོད་པ་མིན་ན། འདོད་ལྡན་ཅན་དེ་ཡི་འདོད་པ་སུས་ཀྱང་ཡོངས་སུ་བསྐོང་བར་བྱེད་ནུས་སམ་མི་ནུས་སོ། ། རྩ་བར། ནུས་མེད་འདོད་ལ་ཉོན་མོངས་དང་། །བསམ་པ་ཉམས་པའང་སྐྱེ་བར་འགྱུར། །གང་ཞིག་ཀུན་ལ་ལྟོས་མེད་པ། །དེ་ཡི་ཕུན་ཚོགས་ཟད་མི་ཤེས། ། 313 འདོད་པ་ཕྱོགས་ཀུན་ནས་ཡོངས་སུ་རྫོགས་པར་བྱེད་པའི་ནུས་འཇོན་གང་ཡང་མེད་པ་ཤེས་བཞིན་དུ། ད་དུང་འདོད་པ་ལ་སྲེད་པའི་འདོད་ཆགས་ཀྱིས་ཉོན་མོངས་པར་བྱེད་པ་དང་། མ་ཟད་ཉེར་ལེན་དེས་དགེ་བའི་བསམ་པ་ཉམས་པའང་སྐྱེ་བར་འགྱུར་རོ། །གང་ཞིག་རྒྱུ་ནོར་ལོངས་སྤྱོད་ལ་སོགས་པའི་འདོད་པའི་དངོས་པོ་ཀུན་ལ་ལྟོས་པ་མེད་པ་དེ་ཡི་ཕུན་སུམ་ཚོགས་པའི་ཡོན་ཏན་ནི་ཟད་མི་ཤེས་པ་ཡིན་ནོ། ། རྩ་བར། དེ་བས་ལུས་ཀྱི་འདོད་པ་ནི། །འཕེལ་ཕྱིར་སྐབས་དབྱེ་མི་བྱ་སྟེ། །གང་ཞིག་ཡིད་འོང་མི་འཛིན་པ། །དེ་ནི་དངོས་པོ་བཟང་པོ་ཡིན། ། རྒྱུ་མཚན་དེ་བས་ན། རང་གི་ལུས་ཀྱི་འདོད་པ་ནི་ཕྲ་མོ་ཙམ་ཡང་འཕེལ་བའི་ཕྱིར་ནམ་ཡང་སྐབས་དབྱེ་བར་མི་བྱ་སྟེ། གང་ཞིག་རྒྱུ་ནོར་ལོངས་སྤྱོད་དང་འཁོར་དང་ཉེ་དུ་ལ་སོགས་པའི་འདོད་སྲེད་འཕེལ་གཞིའི་དངོས་པོ་དག་ཡིད་དུ་འོང་བ་ཞིག་ཏུ་མི་འཛིན་པ་དེ་ནི། ཆེས་ཕུན་སུམ་ཚོགས་པའི་དངོས་པོ་བཟང་པོ་ཞིག་ཡིན་ནོ། ། རྩ་བར། ཐ་མར་ཐལ་བའི་མཐར་གཏུགས་ཤིང་། །མི་གཡོ་གཞན་གྱིས་བསྐྱོད་བྱ་བ། །མི་གཙང་གཟུགས་ནི་མི་བཟད་པ། །འདི་ལ་ཅི་ཕྱིར་བདག་ཏུ་འཛིན། ། ལུས་ཀྱི་ཉེས་དམིགས་བསྟན་པ་ནི། ལུས་འདི་གཅེས་འཛིན་གྱིས་ཇི་ལྟར་བསྐྱངས་ཀྱང་ཐ་མར་ཐལ་བའི་མཐར་གཏུགས་ཤིང་སྟེ་ཤི་བའི་འོག་ཏུ་མེས་བསྲེགས་ནས་ཐལ་བའི་རང་བཞིན་དུ་འགྱུར་ཞིང་། གསོན་པའི་ཚེ་ཡང་ལུས་རང་ཉིད་ཤིང་དང་བོང་བ་ལྟར་མི་གཡོ་ཞིང་། སེམས་གཞན་གྱིས་བསྐྱོད་པའི་སྒོ་ནས་ཉལ་གཉིད་ལངས་གསུམ་ལ་སོགས་པའི་བྱ་བ་བྱེད། མི་གཙང་བའི་རྫས་ལུད་སྣ་ཚོགས་ཀྱིས་བརྒྱངས་པའི་གཟུགས་འདི་ནི། འཇིགས་པའི་བྱེ་བྲག་སྣ་ཚོགས་ཀྱི་རྒྱུ་ཡིན་པས། ཤིན་ཏུ་ནས་མི་བཟད་པས། འདི་འདྲ་བའི་ལུས་ལ་ཅི་ཕྱིར་ངའི་ལུས་ཞེས་བདག་ཏུ་འཛིན་པར་བྱེད་དོ། ། རྩ་བར། གསོན་ནམ་ཡང་ན་ཤི་ཡང་བླའི། །བདག་ལ་འཁྲུལ་འཁོར་འདིས་ཅི་བྱ། །བོང་སོགས་འདི་ཁྱད་ཅི་ཡོད་ན། །ཀྱེ་ཧུད་ང་རྒྱལ་སེལ་མི་བྱེད། ། 314 བདག་ཏུ་བཟུང་ན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཡང་ཡང་མྱོང་དགོས་པས་གསོན་ནམ་ཡང་ན་ཤི་ཡང་བླའི། བདག་ལ་མི་གཙང་བའི་རྫས་ལུད་འདྲ་མིན་གྱིས་བརྒྱངས་པའི་འཁྲུལ་འཁོར་འདིས་དགའ་སྐྱོ་ཆགས་སྡང་འདྲ་མིན་གྱི་ཕྱོགས་སུ་སྐྱོད་པར་བྱེད་པ་འདིས་ཅི་ཞིག་བྱ། བོང་བ་སོགས་དང་བེམ་པོའི་རང་བཞིན་ཅན་གྱི་ལུས་འདི་གཉིས་ལ་ཁྱད་པར་ཅི་ཡོད་ན། ཀྱེ་ཧུད་ལུས་འདི་ལ་ངའོ་སྙམ་པའི་ང་རྒྱལ་གྱི་རིགས་ཅི་ཕྱིར་སེལ་བར་མི་བྱེད་དམ། རྩ་བར། ལུས་ཀྱི་ཁ་ཏ་བྱས་པ་ཡིས། །དོན་མེད་སྡུག་བསྔལ་ཉེར་བསགས་ནས། །རྗེས་སུ་ཆགས་དང་ཁོང་ཁྲོ་བ། །ཤིང་མཚུངས་འདི་ལ་ཅི་ཞིག་བྱ། ། འདི་ནི་བདག་གི་ལུས་ཡིན་སྙམ་པའི་སྒོ་ནས་ཆགས་ཞེན་ཤུགས་ཆེན་པོས་ལུས་ཀྱི་རིམ་གྲོ་དང་ཁ་ཏ་བྱས་པ་ཡིས་ཆེས་ཆེར་བསྐྱངས་ཀྱང་། དོན་གྱི་དགོས་དོན་ཡང་དག་པ་ཞིག་གང་ཡང་མེད་པའི་ཐོག་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་སྐྱེད་བྱེད་ཀྱི་ཉེར་ལེན་སྣ་ཚོགས་པ་ཞིག་བསགས་ནས། ལུས་འདི་སྲུང་ཞིང་གཅེས་པར་སྐྱོང་མཁན་རྣམས་ལ་རྗེས་སུ་ཆགས་པ་དང་། གནོད་ཅིང་འཚེ་བར་བྱེད་མཁན་རྣམས་ལ་སེམས་གཏིང་ནས་ཁོང་ཁྲོ་བ་སྐྱེ། བཟང་དང་ངན་གྱི་དབྱེ་བ་ཙམ་ཡང་མི་ཤེས་པའི་ཤིང་དུམ་ཞིག་དང་མཚུངས་པའི་ལུས་འདི་ལ་ཆགས་ཞེན་གྱིས་གཅེས་པར་བསྐྱངས་ཀྱང་། ནམ་ཞིག་ཁྱོད་རང་གི་དྲིན་ལན་བསམ་པའི་སྒོ་ནས་ཕན་པ་བསྒྲུབ་པར་མི་བྱེད་ན། དེ་ལྟར་གཅེས་པར་བསྐྱངས་པས་ཅི་ཞིག་བྱར་ཡོད་དམ། རྩ་བར། བདག་གིས་འདི་ལྟར་བསྐྱངས་པའམ། །བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་། །ཆགས་མེད་ཞེ་སྡང་ཡོད་མིན་ན། །ཅི་སྟེ་དེ་ལ་ཆགས་པར་བྱེད། ། བདག་གིས་ཟས་གོས་གནས་མལ་ལ་སོགས་པས་འདི་ལྟར་ཤིན་ཏུ་ནས་གཅེས་པར་བསྐྱངས་པའམ། ཤ་ལ་རྔམ་པའི་བྱ་རྒོད་དང་ཁྱི་སྤྱང་སོགས་ཀྱིས་ཟོས་ཀྱང་རུང་། བདག་ 315 གིས་སྔོན་ཆད་ནས་ལུས་འདི་ལ་ཆགས་པའི་བསམ་པ་སྤངས་པས། ད་ལྟ་ལུས་འདི་ལ་ཆགས་པ་མེད་པས། བྱ་རྒོད་ལ་སོགས་པར་ཞེ་སྡང་བ་དེ་འདྲ་གང་ཡང་ཡོད་པ་མིན་ན། ཅི་སྟེ་བདག་གི་ལུས་དེ་ལ་ཆགས་པར་བྱེད་དོ། ། རྩ་བར། གང་ཞིག་སྨོད་པས་ཁྲོ་བ་དང་། །གང་ཞིག་བསྟོད་པས་མགུ་འགྱུར་བ། །གལ་ཏེ་དེ་ཉིད་ཤེས་མེད་ན། །བདག་གིས་གང་གི་ངལ་བར་བྱས། ། ལུས་གང་ཞིག་ལ་སེམས་གཏིང་ནས་སྨོད་པས་ལུས་དེ་ཁོང་ཁྲོ་བ་དང་། ཡང་ལུས་གང་ཞིག་ལ་རྒྱུ་མཚན་སྣ་ཚོགས་ཀྱིས་བསྟོད་པ་བྱས་པས་ལུས་མགུ་བར་འགྱུར་བ་སོགས་གང་ཡང་མེད་པས། གལ་ཏེ་ལུས་དེ་ཉིད་ལ་འདི་ཡག་པོ་དང་འདི་ཡག་པོ་མིན་པ་སོགས་ཤེས་པའི་ཤེས་པ་མེད་ན། ཡིད་བདག་གིས་དགོས་པ་གང་ཞིག་གི་ཆེད་དུ་ངལ་བ་འདི་ལྟ་བུ་བྱས་སམ། རྩ་བར། གང་ཞིག་ལུས་འདི་འདོད་གྱུར་པ། །དེ་དང་བདག་བཤེས་ཡིན་ཞེ་ན། །ཐམས་ཅད་རང་གི་ལུས་འདོད་པས། །དེ་ལ་བདག་ཀོ་ཅིས་མི་དགའ། ། ལུས་ཀྱིས་བསྟོད་སྨད་སོགས་བཟང་ངན་གྱི་རིགས་གང་ཡང་མི་ཤེས་ཀྱང་། གང་ཞིག་བདག་གི་ལུས་འདིར་འདོད་པར་གྱུར་པའི་ལུས་དེ་དང་བདག་གཉིས་རྣམ་པ་ཐམས་ཅད་དུ་མཛའ་བཤེས་ཡིན་ནོ་ཞེ་ན། ལུས་འདི་ཐམས་ཅད་ཀྱང་རང་གི་ལུས་འདོད་པ་ཁོ་ན་ཡིན་པས། དེ་དག་ཐམས་ཅད་གོང་བཞིན་རང་གི་མཛའ་བཤེས་སུ་བསྟེན་ནས། ལུས་དེ་དག་ཐམས་ཅད་ལ་བདག་ཀོ་ཞེས་ཁྱོད་ཅིས་མི་དགའ་ངེས་པར་དགའ་རིགས་སོ། ། རྩ་བར། དེ་བས་བདག་གིས་ཆགས་མེད་པར། །འགྲོ་ལ་ཕན་ཕྱིར་ལུས་གཏང་བྱ། །དེས་ན་འདི་ལ་ཉེས་མང་ཡང་། །ལུས་ཀྱིས་སྤྱད་བཞིན་གཟུང་བར་བྱ། ། དེ་བས་ན། བདག་གིས་ལུས་འདི་ལ་ཆགས་ཞེན་གྱི་བསམ་པ་གང་ཡང་མེད་པར། འགྲོ་བ་རིགས་དྲུག་ཏུ་གནས་པའི་སེམས་ཅན་རྣམས་ལ་ཕན་ཕྱིར་ལུས་འདི་བྲན་གཡོག་ 316 ཏུ་གཏང་བར་བྱ། ལུས་འདི་ལ་བརྟེན་ནས་གཞན་ཕན་སྒྲུབ་ནུས་པ་དེས་ན་ལུས་འདི་ལ་ཆགས་ན་ཉེས་དམིགས་ཆེས་ཆེར་མང་ཡང་། མགར་བས་ལག་ཆ་སྤྱད་པ་བཞིན་དུ་གཞན་དོན་སྒྲུབ་པའི་རྟེན་དུ་ཉེ་བར་མཁོ་སྟབས། ལུས་འདི་གནས་སྐབས་ཐབས་སྣ་ཚོགས་ཀྱིས་སེམས་ཅན་དོན་དུ་སྤྱད་བཞིན་གཅེས་པས་གཟུང་བར་བྱའོ། ། རྩ་བར། དེ་བས་བྱིས་པའི་སྤྱོད་པས་ཆོག ། བདག་གིས་མཁས་པའི་རྗེས་བསྙེགས་ཏེ། །བག་ཡོད་གཏམ་ནི་དྲན་བྱས་ནས། །གཉིད་དང་རྨུགས་པ་བཟློག་པར་བྱ། ། དེ་བས་ན། ལས་མ་དག་པའི་སྐྱེས་པ་གྲངས་མེད་པའི་རིང་བྱིས་པའི་སྤྱོད་པ་ས་ཡི་རྡུལ་དང་མཉམ་པ་སྤྱད་པས་ཆོག ད་སྤྱོད་པ་དེ་འདྲ་ག་ལ་དགོས། དེར་བརྟེན་ད་ནས་བཟུང་སྟེ་བདག་གིས་མཁས་གྲུབ་གཉིས་ལྡན་གྱི་བྱང་ཆུབ་སེམས་དཔའ་མཁས་པའི་རྗེས་སུ་བསྙེགས་པའམ་རྗེས་སུ་ཞུགས་ཏེ། གཞུང་འདིའི་ལེའུ་བཞི་པའི་སྐབས་གསལ་གྱི་བག་ཡོད་ཀྱི་གཏམ་ནི་ཡང་དང་ཡང་དུ་དྲན་པར་བྱས་ནས། ཏིང་ངེ་འཛིན་གྱི་གེགས་བྱེད་པའི་གཉིད་དང་རྨུགས་པ་སོགས་བཟློག་པར་བྱའོ། ། རྩ་བར། རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟར། །རིགས་པའི་སྲན་ནི་གཟུགས་བྱ་སྟེ། །ཉིན་མཚན་ཕྱད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། ། སྔོན་བྱོན་དང་འབྱོན་འགྱུར་གྱི་རྒྱལ་སྲས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཛད་པ་རྣམ་ཐར་ལྟར། རིགས་པའི་ལས་གང་ལའང་གཉེན་པོའི་སྲན་ནི་གཟུགས་པའམ་ཐུབ་པ་བྱ་སྟེ། ཉིན་མཚན་ཕྱད་པར་ཏེ་ཉིན་མཚན་བར་མེད་དུ་མ་འབད་ན། བདག་གིས་མྱོང་བར་ངེས་པའི་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་དག་ནམ་ཞིག་གི་བར་མཐར་ཕྱིན་པ་བྱེད་ཐུབ་བམ། རྩ་བར། དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ལོག་པའི་ལམ་ལས་སེམས་བླན་ཏེ། །ཡང་དག་དམིགས་ལ་རྟག་པར་ཡང་། །བདག་གིས་མཉམ་པར་བཞག་པར་བྱ། ། 317 དེ་བས་ན། བདག་གིས་གཉིད་དང་། རྨུགས་པ་དང་། འགྱོད་པ་དང་། རྒོད་པ་ལ་སོགས་པའི་སྒྲིབ་པ་རྣམས་རེ་རེ་ནས་བསལ་བའི་ཕྱིར། སྐབས་གང་ཡིན་གྱི་དམིགས་པ་ལས་ལོག་པའི་ལམ་ལས་སེམས་བླན་སྟེ་སེམས་ཚུར་བཀུག་ནས། ཡང་དག་པའི་དམིགས་པ་ལ་རྟག་པར་ཡང་བདག་གིས་སྐབས་གང་ཡིན་གྱི་དམིགས་པའི་ཐོག་ནས་སྐད་ཅིག་ཀྱང་གཡོ་བ་མེད་པར་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། ། ལེའུ་བརྒྱད་པའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསམ་གཏན་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའི་འབྲུ་འགྲེལ། ༩༽ ལེའུ་དགུ་པ། 318 བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཤེས་རབ་བསྟན་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག ། ཞི་བར་འདོད་པས་ཤེས་རབ་བསྐྱེད། ། སྦྱིན་པ་ནས་བསམ་གཏན་བར་གྱི་ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་རྟོགས་པའི་ཤེས་རབ་བསྐྱེད་པའི་དོན་དུ་གསུངས་པ་དེ་ཡི་ཕྱིར་ན། རང་དང་གཞན་གྱི་སྡུག་བསྔལ་ཕྲ་རགས་མཐའ་དག་ལྷག་མེད་དུ་ཞི་བར་འདོད་པ་དག་གིས། བླ་མེད་རྫོགས་བྱང་གི་གོ་འཕང་མངོན་དུ་བྱེད་པར་གེགས་ཀྱི་གཙོ་བོ་ཤེས་སྒྲིབ་ཀྱི་དངོས་ཀྱི་གཉེན་པོར་འགྱུར་ངེས་ཀྱི་སྦྱིན་སོགས་བསོད་ནམས་ཀྱི་གྲོགས་ཀྱིས་ཟིན་པའི་ཇི་ལྟ་བ་རྟོགས་པའི་ཤེས་རབ་མྱུར་དུ་རང་རྒྱུད་ལ་བསྐྱེད་པར་ཡང་ནས་ཡང་དུ་འབད་དགོས་སོ། ། རྩ་བར། ཀུན་རྫོབ་དང་ནི་དོན་དམ་དེ། །འདི་ནི་བདེན་པ་གཉིས་སུ་འདོད། ། ཆོས་དེའི་སྣང་ཚུལ་དང་དོན་གྱི་གནས་ཚུལ་གཉིས་མི་མཐུན་པའི་བརྫུན་པའི་ཆོས་གང་ཟག་དང་ཕུང་པོ་དེར། ཀུན་རྫོབ་བདེན་པ་ཞེས་བརྗོད་པ་དང་ནི། ཆོས་དེའི་སྣང་ཚུལ་དང་དོན་གྱི་གནས་ཚུལ་གཉིས་མཐུན་པའི་ཆོས་གང་ཟག་དང་ཕུང་པོ་རང་བཞིན་གྱིས་དབེན་པ་དེར། དོན་དམ་བདེན་པ་ཞེས་བརྗོད་པ་དེ། ཤེས་པར་བྱ་བའི་ཆོས་འདི་རྣམས་རེ་རེའི་སྟེང་དུ་ནི་བདེན་པ་གཉིས་གཉིས་སུ་དབྱེར་ཡོད་པ་འདོད་པ་ནང་བཞིན། དོན་ལའང་དེ་ལྟར་གནས་སོ། ། 319 རྩ་བར། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། ། དོན་དམ་བདེན་པ་དེ། གཉིས་སྣང་ཅན་གྱི་བློ་ཡི་མངོན་སུམ་གྱི་སྤྱོད་ཡུལ་མིན་ལ། གཉིས་སྣང་ཅན་གྱི་བློ་ཡི་མངོན་སུམ་གྱི་སྤྱོད་ཡུལ་ནི། ཀུན་རྫོབ་བདེན་པ་ཡིན་པར་བརྗོད་ཅེས་འགྲེལ། དེ་ཡང་རྩ་བའི་ཚིག་རྐང་དང་པོའི་དོན་དམ་ཞེས་པས་མཚོན་བྱ་དང་། བློ་ཡི་སྤྱོད་ཡུལ་མིན་ཞེས་པས་དེའི་མཚན་ཉིད་ཤུགས་ལ་བསྟན་པ་དང་། ཡང་རྩ་བའི་ཚིག་རྐང་གཉིས་པའི་བློ་ནི་ཞེས་པས་མཚན་ཉིད་དང་། ཀུན་རྫོབ་ཅེས་པས་དེའི་མཚོན་བྱ་བསྟན་ནོ། ། རྩ་བར། དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་ཕལ་པའོ། ། དེ་ཡང་ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་ལ། གཏན་ལ་འབེབས་པར་འདོད་པ་དེ་ལ་ཡང་འཇིག་རྟེན་པའམ་གང་ཟག་རིགས་མི་འདྲ་བ་རྣམ་པ་གཉིས་སུ་མཐོང་་དེ་ཡང་གསལ་བོར་བཤད་ན། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་བའི་རྣལ་འབྱོར་པ་དབུ་མ་པ་དང་། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་དབང་མ་འབྱོར་བའི་ཕལ་པ་དངོས་སྨྲ་བ་གཉིས་ཡོད། གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་དང་། སྟོང་ཉིད་ལ་ཐོས་བསམ་གྱིས་རྟོགས་པ་རྣམས་ཀྱང་ཕལ་པའི་ཕྱོགས་སུ་གཏོགས་སོ། ། རྩ་བར། དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། ། དེ་ལ་རང་བཞིན་མེད་པར་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་དབང་མ་འབྱོར་བའི་འཇིག་རྟེན་ཕལ་པ་རྡུལ་ཕྲན་ཆ་མེད་ཁས་ལེན་པའི་མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་རྣམས་ལ་ནི། རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་འཇིག་རྟེན་གྱིས་སམ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་བའི་དབུ་མ་པ་རྣམས་ཀྱིརིགས་པས་གནོད་ཅིང་། དེ་བཞིན་དབུ་མ་ཐལ་འགྱུར་བ་ནང་ཕན་ཚུན་སྟོང་ཉིད་རྟོགས་ 320 པའི་རྣལ་འབྱོར་པ་ཡིན་པར་མཚུངས་ན་ཡང་། རྣལ་འབྱོར་པ་དེ་དག་ལ་ཡང་རང་རང་གི་བློ་ཡི་ནུས་པ་དང་། རྟོགས་པའི་ཉམས་མྱོང་གིས་འཛིན་ཚུལ་གྱི་ཁྱད་པར་སོགས་ཀྱིས། ས་གོང་མ་གོང་མ་རྣམས་ཀྱིས་ས་འོག་མ་འོག་མ་རྣམས་ལ་རིམ་གྱིས་གནོད་པ་སྟེ་ཟིལ་གྱིས་ནོན་ནོ། ། རྩ་བར། གཉིས་ཀ་ཡང་ནི་འདོད་པའི་དཔེས། །འབྲས་བུའི་དོན་དུ་མ་དཔྱད་ཕྱིར། ། དབུ་མ་པ་དང་དངོས་སྨྲ་བ་གཉིས་ཀས་ཡང་སྒྱུ་མ་དང་རྨི་ལམ་སོགས་རང་བཞིན་མེད་པའི་མཐུན་དཔེར་འདོད་པའི་ཕྱིར། དཔེས་གཞི་གྲུབ་ཚད་ཀྱི་ཆོས་རྣམས་རང་བཞིན་མེད་པར་སྟོན་པ་ཡིན་ནོ། །གཞི་གྲུབ་ཚད་ཀྱི་ཆོས་རྣམས་རང་བཞིན་མེད་ན། ཐོབ་བྱའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ། དེ་ཐོབ་བྱེད་ཀྱི་རྒྱུ་སྦྱིན་སོགས་ལ་སློབ་པ་དོན་མེད་དུ་འགྱུར་རོ་སྙམ་ན། དེ་ལྟར་མ་ཡིན་ཏེ། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་དེའི་རྒྱུ་སྦྱིན་སོགས་བདེན་པར་མ་གྲུབ་ཀྱང་། མ་བརྟགས་མ་དཔྱད་པར་རྫུན་པ་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྦྱིན་སོགས་ལ་འཇུག་པའི་ཕྱིར་རོ། ། རྩ་བར། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ཀྱི། །སྒྱུ་མ་ལྟ་བུར་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། ། འོ་ན། གང་ལ་རྩོད་ཅེ་ན། དབུ་མ་པ་དང་དངོས་པོར་སྨྲ་བའི་འཇིག་རྟེན་པ་གཉིས་ཀས་ཁྱད་གཞི་མེ་སོགས་ཚད་མས་གྲུབ་ཅིང་། དངོས་པོར་སྨྲ་བའི་འཇིག་རྟེན་པ་ཡིས་ཁྱད་གཞི་མེ་སོགས་དངོས་སུ་མཐོང་ཞིང་། མ་ཟད་དེ་ཡང་དག་པའམ་བདེན་པར་གྲུབ་པ་ཉིད་དུའང་རྟོག་པར་བྱེད་ཀྱི། སྒྱུ་མ་ལྟ་བུར་འདོད་པ་མིན་ལ། དབུ་མ་པས་བདེན་སྟོང་སྒྱུ་མ་ལྟ་བུར་དེ་ལྟར་མི་འདོད་པས། འདིར་རྣལ་འབྱོར་པ་དབུ་མ་པ་དང་འཇིག་རྟེན་པ་དངོས་སྨྲ་བ་གཉིས་ལ་ཡང་དང་བསྐྱར་དུ་རྩོད་པ་བྱུང་བ་ཡིན་ནོ། ། 321 རྩ་བར། གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །དེ་ནི་མི་གཙང་ལ་སོགས་ལ། །གཙང་སོགས་གྲགས་པ་བཞིན་དུ་བརྫུན། ། གཟུགས་ལ་སོགས་པའི་ཆོས་མང་པོ་ཞིག་མངོན་སུམ་ཚད་མས་གྲུབ་པ་ཉིད་ཀྱང་ནི། འཇིག་རྟེན་པ་ཚོར་གྲགས་པས་གྲུབ་པའི་ཀུན་རྫོབ་ཙམ་ལ་ཚད་མར་སོང་བ་ཡིན་གྱི། གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་ཚད་མར་སོང་བས་ག་ལ་ཡིན་ཏེ་མིན་ནོ། དེ་ནི་འདོད་ལྡན་རྣམས་ཀྱི་ཁྲོད་དུ་ཤིན་ཏུ་ནས་མི་གཙང་བའི་བུད་མེད་ཀྱི་ལུས་ལ་སོགས་པ་ལ་གཙང་བ་སོགས་སུ་གྲགས་པ་བཞིན་དུ་དོན་གྱི་དབང་དུ་བྱས་ན་དེ་གཙང་བར་གྲགས་པ་དེ་ཉིད་་དངོས་པོ་བརྫུན་པ་ཁོ་ན་ཡིན་ནོ། ། རྩ་བར། འཇིག་རྟེན་གཞུག་པའི་དོན་དུ་ནི། །མགོན་པོས་དངོས་བསྟན་དེ་ཉིད་དུ། །དེ་དག་སྐད་ཅིག་མ་ཉིད་མིན། །ཀུན་རྫོབ་ཏུ་ཡང་འགལ་ཞེ་ན། ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་པ་བཅོམ་ལྡན་འདས་རང་གིས་མདོ་མང་པོར་བསྟན་ཏོ་ཞེ་ན། བདེན་ཏེ། དེ་ནི་རྒྱུ་ནོར་ལོངས་སྤྱོད་ལ་སོགས་པའི་དངོས་པོའི་ཆོས་ལ་བདེན་པར་མངོན་པར་ཞེན་པའི་འཇིག་རྟེན་པ་རྣམས་སྟོང་ཉིད་ཀྱི་དོན་ལ་རིམ་གྱིས་གཞུག་པའི་དོན་དུ་ནི། མགོན་པོས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དངོས་པོའི་ཆོས་རྣམས་དེ་ལྟར་བསྟན་ལ། དེ་ཁོ་ན་ཉིད་དུའམ་དོན་དམ་པར་དངོས་པོའི་ཆོས་དེ་དག་སྐད་ཅིག་མ་ཉིད་ཀྱང་མིན་ནོ། འོ་ན། དོན་དམ་པར་དེ་དག་སྐད་ཅིག་མར་ཡང་འཇོག་ཏུ་མེད་ན། ཀུན་རྫོབ་ཏུ་ཡང་ངམ་ཐ་སྙད་དུ་ཡང་སྐད་ཅིག་སྐད་ཅིག་གིས་འཇིག་པའི་རང་བཞིན་ཅན་དུ་བཤད་པ་འགལ་ལོ་ཞེ་ན། རྩ་བར། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །གཞན་དུ་བུད་མེད་མི་གཙང་བར། །ངེས་རྟོག་འཇིག་རྟེན་གྱིས་གནོད་འགྱུར། ། རྣལ་འབྱོར་པའི་ཐ་སྙད་པའི་ཚད་མས་རགས་པའི་མི་རྟག་སོགས་བཅུ་དྲག་རྟོགས་པས། དེ་ལ་ 322 ལྟོས་པའི་ཀུན་རྫོབ་ཡིན་པའི་ཕྱིར་ཉེས་པ་མེད་དེ། འཇིག་རྟེན་ལ་ལྟོས་པའི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་མཐོང་བར་བཞག་ཆོག་པའི་ཕྱིར། འོ་ན། འཇིག་རྟེན་པའི་མཐོང་ཚུལ་དེས་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ལ་ཚུར་གནོད་པ་ཡོང་ངམ་ཞེ་ན། མ་ཡིན་ཏེ། འཇིག་རྟེན་དུ་གྲགས་ཚད་ཀྱིས་གནོད་ན། གཞན་དུ་ན་བུད་མེད་མི་གཙང་བའི་རང་བཞིན་དུ་ངེས་པར་རྟོག་པ་དེ་ལའང་བུད་མེད་གཙང་ཞིང་ཡིད་དུ་འོང་བར་འཛིན་པའི་འཇིག་རྟེན་ཆགས་ཅན་གྱི་བློ་གཞན་གྱིས་གནོད་པར་འགྱུར་བར་ཐལ་ལོ། ། རྩ་བར། སྒྱུ་འདྲའི་རྒྱལ་ལས་བསོད་ནམས་ནི། །ཇི་ལྟར་དངོས་ཡོད་ལ་ཇི་བཞིན། ། སྒྱུ་མ་དང་འདྲ་བའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་པ་དང་། རྒྱུན་དུ་བསྙེན་བཀུར་སོགས་བྱས་པ་ལས་སྒྱུ་མ་ལྟ་བུའི་བསོད་ནམས་འབྱུང་བ་ནི། དཔེ་ཇི་ལྟར་ན། དངོས་སྨྲ་བ་ཁྱེད་ཅག་གིས་བདེན་པའི་དངོས་པོར་ཡོད་པའི་རྒྱལ་བ་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་པས། བསོད་ནམས་ཀྱང་བདེན་གྲུབ་འབྱུང་བ་ཇི་ལྟ་བ་བཞིན་ནོ། ། རྩ་བར། གལ་ཏེ་སེམས་ཅན་སྒྱུ་འདྲ་ན། །ཤི་ནས་ཇི་ལྟར་སྐྱེ་ཞེ་ན། ། གལ་ཏེ་ཁྱེད་ཀྱིས་བཤད་པ་ནང་བཞིན་སེམས་ཅན་རྣམས་སྒྱུ་མ་དང་འདྲ་བ་ཡིན་ན། སྒྱུ་མ་ཞིག་ནས་སླར་འབྱུང་བ་མེད་པ་བཞིན། སེམས་ཅན་རྣམས་ཤི་ནས་སླར་ཡང་ཁམས་གཞན་དང་གཞན་དུ་སྐྱེ་བ་ཇི་ལྟར་ལེན་པ་ཡིན་ནམ། དེ་ལྟར་སྐྱེ་བ་ལེན་པ་མི་འཐད་དོ་ཞེ་ན། རྩ་བར། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྒྱུན་རིང་ཙམ་གྱིས་ཇི་ལྟར་ན། །སེམས་ཅན་བདེན་པར་ཡོད་པ་ཡིན། ། ཇི་སྲིད་རྐྱེན་གྱི་བྱེ་བྲག་སྣ་ཚོགས་པ་རྣམས་རེ་རེ་བཞིན་ཚོགས་པར་གྱུར་པ་ན། དེ་སྲིད་དུ་སྒྱུ་མའང་འབྱུང་བར་འགྱུར་བ་བཞིན་དུ། སླར་ཡང་སྐྱེ་བ་ལེན་པར་བྱེད་པའི་ 323 རྐྱེན་མ་རིག་པ་ལ་སོགས་པ་རྣམས་རེ་རེ་བཞིན་ཚོགས་པར་གྱུར་པའི་ཚེ་ན། སེམས་ཅན་རྣམས་ཀྱང་མའི་མངལ་ལ་སོགས་པར་ཉིང་མཚམས་སྦྱོར་བ་ཡིན་ནོ། །བདེན་པར་གྲུབ་པའི་སེམས་ཅན་ཟེར་བ་ཞིག་མེད་ན། འཁོར་བ་ཇི་སྲིད་དུ་སེམས་ཅན་རྣམས་ཀྱི་རྒྱུན་ཡོད་ཚུལ་ཇི་ལྟར་ཡིན་ཞེ་ན། རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན་སེམས་ཅན་རྣམས་བདེན་པར་ཡོད་པ་ཡིན་ནམ། ཁྱེད་ཅག་ལ་ལན་དུ་བྱ་བ་ཅི་ཞིག་ཡོད་དམ། རྩ་བར། སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་མེད་དེ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང་། ། སྒྱུ་མའི་སྐྱེས་བུ་བསད་པའམ། སྒྱུ་མའི་སྐྱེས་བུ་སྒྱུ་མའི་སྐྱེས་བུས་བསད་པ་སོགས་ལ་སེམས་མེད་པའི་ཕྱིར་ན། སྲོག་བཅད་པའི་དངོས་གཞིའི་སྡིག་པ་མེད་དེ་གོང་གི་རྟགས་དེའི་ཕྱིར། འོན་ཀྱང་སྒྱུ་མའི་སེམས་ཅན་རྣམས་སྒྱུ་མའི་སེམས་དང་ལྡན་པ་ཡིན་སྟབས། དེ་དག་གསོ་བ་དང་ཡང་ན་བསད་པ་ལ་སོགས་པའི་ལས་གཉེར་ན། ལས་དེ་དག་ལ་བརྟེན་ནས་བསོད་ནམས་དང་ནི་སྡིག་པའི་བྱེ་བྲག་སྣ་ཚོགས་པ་ཞིག་འབྱུང་བ་གདོན་མི་ཟའོ། ། རྩ་བར། སྔགས་སོགས་རྣམས་ལ་ནུས་མེད་ཕྱིར། །སྒྱུ་མའི་སེམས་ནི་འབྱུང་བ་མེད། །སྣ་ཚོགས་རྐྱེན་ལས་བྱུང་བ་ཡི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད། །རྐྱེན་གཅིག་གིས་ནི་ཀུན་ནུས་པ། །གང་ན་ཡང་ནི་ཡོད་པ་མ་ཡིན། ། སྔགས་སོགས་རྣམས་ལ་སྒྱུ་མའི་སེམས་གསར་དུ་སྒྲུབ་པར་བྱེད་པའི་ནུས་པ་མེད་པའི་ཕྱིར། སྔགས་རྫས་ཀྱི་ནུས་པས་སྒྱུ་མའི་རྟ་གླང་ལ་སེམས་ནི་འབྱུང་བ་ནམ་ཡང་མེད། སྣ་ཚོགས་པའི་རྒྱུ་དང་རྐྱེན་ལས་བྱུང་བ་ཡི་སྒྱུ་མ་དེ་ལ་ཡང་དབྱིབས་གཟུགས་དང་ཁ་དོག་གི་རིགས་སྣ་ཚོགས་པ་ཉིད་དུ་འབྱུང་བ་ཡིན་པ་ལས། རྒྱུ་དང་རྐྱེན་གཅིག་གིས་ནི་འབྲས་བུ་སྣ་ཚོགས་པ་ཀུན་བསྐྲུན་ནུས་པ་ཞིག་ས་ཕྱོགས་གང་ན་ཡང་ནི་ཡོད་པ་མ་ཡིན་ནོ། ། རྩ་བར། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་དེ་ལྟ་ན། །སངས་རྒྱས་ཀྱང་ནི་འཁོར་འགྱུར་བས། །བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། ། གལ་ཏེ་རྣལ་འབྱོར་པ་ཁྱོད་ཀྱིས་ཆོས་ཐམས་ཅད་དོན་དམ་པའམ་རང་བཞིན་གྱིས་མྱ་ངན་ལས་འདས་པ་བཤད་པ་ལྟར་ན། དོན་དམ་པའམ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ན། དེ་མྱང་འདས་ཡིན་ཞིང་། འཁོར་བ་རང་བཞིན་གྱིས་སྟོང་པ་དེ། དོན་དམ་པའི་མྱང་འདས་ཡིན་ཡང་། ཀུན་རྫོབ་ཏུ་སྐྱེ་འཆིའི་རྒྱུན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བར་བཤད་པ་དེ་ལྟར་ན། འཁོར་འདས་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ་ལ། གལ་སྲིད་དེ་ལྟར་ཡིན་ན། ཉོན་ཤེས་ཀྱི་སྒྲིབ་པ་ལྷག་མེད་དུ་སྤངས་པའི་སངས་རྒྱས་ཀྱང་ནི་འཁོར་བར་འཁོར་བར་འགྱུར་བས། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས་ཅི་ཞིག་བྱ་སྟེ་དགོས་པ་གང་ཡང་མེད་དོ་ཞེ་ན། རྩ་བར། རྐྱེན་རྣམས་རྒྱུན་ནི་མ་ཆད་ན། །སྒྱུ་མའང་ལྡོག་པར་མི་འགྱུར་གྱི། །རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། ། མ་རིག་པ་དང་འདུ་བྱེད་སོགས་ལས་ཉོན་གྱི་རྐྱེན་རྣམས་དེ་དག་གཉེན་པོ་བསྒོམས་པའི་སྟོབས་ཀྱིས་རྒྱུན་ནི་ལེགས་པར་མ་ཆད་ན། འཁོར་བ་མ་ཟད། སྒྱུ་མའང་གཏན་ནས་ལྡོག་པར་མི་འགྱུར་གྱི། མ་རིག་པ་དང་འདུ་བྱེད་སོགས་ལས་ཉོན་གྱི་རྐྱེན་རྣམས་དེ་དག་གཉེན་པོ་བསྒོམས་པའི་སྟོབས་ཀྱིས་རྒྱུན་ནི་ལེགས་པར་ཆད་པ་ན། སྒྱུ་མ་ཙམ་མ་ཟད། འཁོར་བའི་ཆོས་རྣམས་ཀྱང་དོན་དམ་པར་མ་ཟད་ཀུན་རྫོབ་ཏུ་ཡང་གཏན་ནས་མི་འབྱུང་ངོ་། ། རྩ་བར། གང་ཚེ་འཁྲུལ་པའང་ཡོད་མིན་ན། །སྒྱུ་མ་གང་གིས་དམིགས་པར་འགྱུར། །གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ནའང་དེ་ཚེ་ཅི་ཞིག་དམིགས། ། སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ་ལ། དབུ་མ་པ་ཁྱེད་ཅག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་ 325 མེད་པའམ་ངོ་བོ་ཉིད་ཀྱིས་མེད་པར་ཁས་བླངས་ཟིན་པས། དེ་ལྟར་ཡིན་ན། གང་གི་ཚེ་དམིགས་བྱེད་སྒྱུ་མ་འཛིན་པའི་འཁྲུལ་པེའང་ཤེས་བྱ་ལ་ཡོད་པ་མིན་པར་འགྱུར་ན། སྒྱུ་མ་དེ་བློ་གང་ཞིག་གིས་དམིགས་པར་འགྱུར་ཞེ་ན། གང་གི་ཚེ་སེམས་ཙམ་པ་ཁྱོད་ཀྱིས་ཕྱི་དོན་གཏན་མེད་དུ་འདོད་པས། ཁྱོད་ཀྱི་ལུགས་ལ་གཟུགས་སོགས་གཟུང་བྱ་ཕྱི་རོལ་དོན་དུ་སྣང་བ་སྒྱུ་མ་ལྟ་བུ་ཉིད་མེད་ནའང་། དེའི་ཚེ་དམིགས་བྱེད་ཡུལ་ཅན་གྱི་ཤེས་པས་གཟུང་བྱ་ཅི་ཞིག་ལ་དམིགས་ཏེ། དམིགས་བྱ་ཕྱི་དོན་སྒྱུ་མ་ལྟ་བུ་དེ་གཞི་མ་གྲུབ་པའི་ཕྱིར་རོ། ། རྩ་བར། གལ་ཏེ་དེ་ཉིད་དུ་གཞན་ཡོད། །རྣམ་པ་དེ་ནི་སེམས་ཉིད་ཡིན། །གང་ཚེ་སེམས་ཉིད་སྒྱུ་མ་ན། །དེ་ཚེ་གང་ཞིག་གང་གིས་མཐོང་། ། གལ་ཏེ་སེམས་ཙམ་པས་ཡུལ་གྱི་གོ་སར་གཟུགས་སོགས་ཕྱི་རོལ་དོན་དུ་སྣང་བ་ལྟར་གྱི་ཕྱི་དོན་མེད་ཀྱང་། ཡུལ་གྱི་གོ་ས་དེ་ཉིད་དུ་ཆོས་གཞན་ཞིག་ཡོད་དེ། རྣམ་པ་དེ་ནི་སེམས་ཉིད་ཀྱི་རྫས་ཡིན་ནོ་ཞེ་ན། གང་གི་ཚེ་སེམས་དེ་ཉིད་སྒྱུ་མ་ལྟ་བུར་སྣང་བ་ཡིན་གྱི་ཕྱི་དོན་མེད་ན། དེའི་ཚེ་ཆོས་གང་ཞིག་མཐོང་བྱེད་གང་གིས་མཐོང་སྟེ་མཐོང་བྱེད་མེད་པར་འགྱུར་རོ། ། རྩ་བར། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲི་སོ་ནི་རང་ལ་རང་། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། ། འཇིག་རྟེན་གྱི་མགོན་པོས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལ་སོགས་པ་ལས་སེམས་ཀྱིས་ནི་སེམས་རང་ཉིད་མི་མཐོང་ཞེས་ཞལ་གསལ་བོའི་སྒོ་ནས་གསུངས། རལ་གྲིའི་སོ་ནི་གཅད་བྱ་དང་གཅོད་བྱེད་ཐ་དད་དུ་མ་གྲུབ་སྟབས། རང་ལ་རང་གིས་ཇི་ལྟར་གཅོད་དེ་མི་གཅོད་པ་དེ་བཞིན་དུ། ཡིད་ཀིས་ཀང་རང་གིས་རང་ག་ལ་མཐོང་ངོ་། ། 326 རྩ་བར། ཇི་ལྟར་མར་མེ་རང་གི་དངོས། །ཡང་དག་གསལ་བར་བྱེད་བཞིན་ན། །མར་མེ་གསལ་བར་བྱ་མིན་ཏེ། །གང་ཕྱིར་མུན་གྱིས་སྒྲིབ་པ་མེད། ། དཔེ་ཇི་ལྟར་མར་མེས་རང་གི་དངོས་པོ་དང་མུན་པས་གབ་པའི་གཞན་གྱི་དངོས་པོའི་རང་མདངས་གཉིས་ཀ་ཡང་དག་པའི་སྒོ་ནས་གསལ་བར་བྱེད་པ་བཞིན་དུ། ཤེས་པས་ཀྱང་རང་གཞན་གཉིས་ཀ་གསལ་བར་བྱེད་དོ་ཞེས་སྨྲ་ན། མར་མེས་རང་གིས་རང་གསལ་བར་བྱ་བའི་ཕྱིར་མིན་ཏེ། འོ་ན། རྒྱུ་མཚན་གང་གི་ཕྱིར་མར་མེས་མར་མེ་གསལ་བར་བྱ་མི་དགོས་སྙམ་ན། མར་མེའི་རང་མདངས་མུན་གྱིས་སྒྲིབ་པ་མེད་སྟབས། ཅིའི་ཕྱིར་གསལ་བར་བྱ་དགོས་སམ། རྩ་བར། ཤེལ་བཞིན་སྔོན་པོ་སྔོ་ཉིད་ལ། །གཞན་ལ་ལྟོས་པ་ཡོད་མ་ཡིན། །དེ་བཞིན་འགའ་ཞིག་གཞན་ལ་ནི། །ལྟོས་དང་ལྟོས་མེད་པར་ཡང་མཐོང་། ། ཤེལ་དཀར་པོའི་རང་བཞིན་སྔོན་པོ་མ་ཡིན་སྟབས། དེ་སྔོན་པོའི་མདངས་དང་ལྡན་པར་མཐོང་བ་ལ་རྒྱུ་རྐྱེན་གྱི་གཞི་གཞན་རས་སྔོ་བ་ཉིད་ལ་ལྟོས་དགོས་པ་དང་། སྔོ་བའི་ཆོས་བཻཌཱུརྱའི་རིགས་དེ་དང་དེ་དག་ཉིད་སྔོན་པོར་མཐོང་བ་ལ་རྒྱུ་རྐྱེན་གྱི་གཞི་གཞན་རས་སྔོ་བ་ཉིད་ལ་ལྟོས་དགོས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ། འགའ་ཞིག་རང་རིག་བྱེད་གཞན་རིག་གི་ཤེས་པ་གཞན་ལ་ནི་མ་ལྟོས་པར་གཏན་ནས་མི་མཐོང་བ་དང་། ཤེས་པ་ནི་རང་གིས་རང་རིག་སྟབས། རང་རིག་བྱེད་ཀྱི་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པར་ཡང་ལེགས་པར་མཐོང་ཐུབ་པ་ཡིན་ནོ་ཞེ་ན། རྩ་བར། སྔོན་ཉིད་མིན་ལ་སྔོན་པོར་དེ། །བདག་གིས་བདག་ཉིད་བྱས་པ་མེད། ། བཻཌཱུརྱ་སྔོན་པོའི་མདངས་སུ་གནས་པ་དེ་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར་བརྗོད་པ་མི་འཐད་དེ། སྔོན་ཉིད་མིན་པ་ཞིག་ལ་གློ་བུར་ལྟ་བུས་སྔོན་པོར་གྱུར་པ་དེ། རྒྱུ་རྐྱེན་གཞན་གང་ལའང་མ་ལྟོས་པར་བདག་གིས་བདག་ཉིད་སྔོན་པོའི་མདངས་སུ་བྱས་པ་དེ་འདྲ་ནི་ཤེས་བྱ་ 327 ལ་མེད་དོ། མ་ཟད་འདུས་བྱས་ཀྱི་ཆོས་ཤིག་ཡིན་ན། རྒྱུ་རྐྱེན་གཞན་ལ་མ་ལྟོས་པ་མེད་པར་ཐག་བཅད་ཆོག་པའི་ཕྱིར་རོ། །རྩ་བར། མར་མེ་གསལ་བར་བྱེད་དོ་ཞེས། །ཤེས་པས་ཤེས་ཏེ་རྗོད་བྱེད་ན། །བློ་ནི་གསལ་བ་ཉིད་ཡིན་ཞེས། །གང་གིས་ཤེས་ནས་དེ་སྐད་བརྗོད། །མར་མེས་རང་གིས་རང་གསལ་བར་བྱེད་དོ་ཞེས་གང་ཟག་གང་ཡང་རུང་བའི་ཤེས་པས་ཤེས་ཏེ་གཞན་ལ་རྗོད་པར་བྱེད་ན་ཡང་། བློ་ནི་རང་གིས་རང་གསལ་བ་ཉིད་ཡིན་ཞེས་སེམས་ཅན་གང་གི་ཤེས་པས་ཤེས་ནས་དེ་སྐད་དུ་བརྗོད་དོ། ། རྩ་བར། གང་ཚེ་འགས་ཀྱང་མཐོང་མིན་ན། །གསལ་བ་འམ་ནི་མི་གསལ་བ། །མོ་གཤམ་བུ་མོའི་འགྱིང་བག་བཞིན། །དེ་ནི་བརྗོད་ཀྱང་དོན་མེད་དོ། ། གང་གི་ཚེ་རིག་བྱེད་ཀྱི་ཤེས་པ་འགས་ཀྱང་ཁྱད་པར་གྱི་གཞི་ཤེས་པ་དེ་མཐོང་བ་མིན་ན། ཤེས་པ་དེ་ནི་གསལ་བ་འམ་ཡང་ན་ནི་མི་གསལ་བའི་ཚུལ་ཐབས་སྣ་ཚོགས་ཀྱིས་ཇི་ལྟར་བརྗོད་ཀྱང་། དེ་ནི་གཞི་མོ་གཤམ་གྱི་བུ་མོ་ཟེར་བ་ཞིག་ཤེས་བྱ་ལ་མེད་པར་མོ་གཤམ་གྱི་བུ་མོའི་ཁྱད་པར་གྱི་ཆོས་འགྱིང་བག་ཏེ་རྣམ་འགྱུར་བརྗོད་པ་བཞིན་དུ། དེ་ནི་ལན་གྲངས་ཇི་ལྟར་བརྗོད་ཀྱང་དོན་གྱི་འབྲས་བུ་གང་ཡང་སྨིན་དུ་མེད་དོ། ། རྩ་བར། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པར་ཇི་ལྟར་འགྱུར། ། གལ་ཏེ་རང་རིག་ཟེར་བ་ཞིག་གཏན་ནས་ཡོད་པ་མིན་ཟེར་ན། སྔར་སྔོན་པོ་མཐོང་བས་ཕྱིས་སྔོན་པོ་མཐོང་སྙམ་པ་ཡུལ་དྲན་པ་དང་། ངས་སྔོན་པོ་མཐོང་སྙམ་པ་ཡུལ་ཅན་དྲན་པ་གཉིས་ཀ་ཡོད་སྟབས། སྔར་ཡུལ་སྔོན་པོ་ཉམས་སུ་མྱོང་བ་དང་ཆབས་ཅིག དེ་འཛིན་པའི་སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བ་ཞིག་ཀྱང་སྔོན་དུ་སོང་བས། ཕྱིས་དེ་དང་དུས་གཅིག་པའི་ཡུལ་ཅན་རྣམ་པར་ཤེས་པ་དེ་དྲན་པ་རེད། དེ་ལྟར་མིན་ན། དེ་དང་དུས་གཅིག་པའི་ཡུལ་ཅན་རྣམ་པར་ཤེས་པ་དེ། དྲན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། ། 328 རྩ་བར། གཞན་མྱོང་བ་ན་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། ། ཡུལ་ཅན་དྲན་པ་ཡོད་པའི་རྒྱུ་མཚན་གྱིས་རང་རིག་ཡོད་པ་བསྒྲུབ་མི་ནུས་ཏེ། གཞན་གཟུང་བྱའི་ཡུལ་སྔོན་པོ་ཉམས་སུ་མྱོང་བ་དེའི་ཚེ་ན། སྔར་ངས་སྔོན་པོ་མཐོང་ཞེས་ཡུལ་སྔོན་པོ་དང་ཡུལ་ཅན་སྔོ་འཛིན་མིག་ཤེས་ཀྱི་འབྲེལ་བ་དྲན་པ་དེ་ལས་ཡུལ་ཅན་སྔོ་འཛིན་མིག་ཤེས་ཀྱང་དྲན་པར་འགྱུར་རོ། །དེ་ཡང་དཔེར་ན་བྱི་བའི་དུག་བཞིན་ཞེས་སྔར་རང་ལ་བྱི་བས་རྨུགས་པའི་ཚེ་ན། རྨུགས་པ་ཙམ་མྱོང་བ་ལས་དུག་ཞུགས་པ་མ་མྱངས་ཀྱང་། ཕྱིས་འབྲུག་གི་སྒྲས་དུག་བསླངས་པ་ན། སྔར་རྨ་དང་མཉམ་དུ་བདག་ལ་དུག་ཞུགས་སོ་ཞེས་སྔར་གྱི་དུག་ལ་དམིགས་པའི་བློ་སྐྱེ་བ་བཞིན་ནོ། ། རྩ་བར། རྐྱེན་གཞན་དག་དང་ལྡན་པ་ནི། །མཐོང་ཕྱིར་རང་ཉིད་རང་གསལ་ན། །གྲུབ་པའི་མིག་སྨན་སྦྱོར་བ་ལས། །བུམ་མཐོང་མིག་སྨན་ཉིད་འགྱུར་མིན། ། གཞན་སེམས་ཤེས་པའི་མངོན་ཤེས་ཐོབ་པ་སོགས་རྐྱེན་གཞན་དག་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ནི། རྐྱེན་གཞན་གྱི་སྟོབས་ཀྱིས་རིང་བ་སེམས་ཅན་གཞན་གྱི་སེམས་ཀྱང་མཐོང་ནུས་པའི་ཕྱིར་ན། ཉེ་བ་རང་ཉིད་ཀྱི་སེམས་རང་ལ་གསལ་བ་ཅིས་མི་འཐད་དོ་སྙམ་ན། སྤྱིར་རང་དང་ཁ་ཐག་རིང་བའི་དངོས་པོ་དག་མཐོང་ན་རང་དང་ཐག་ཉེ་བའི་དངོས་པོ་དག་མཐོང་དགོས་པ་ག་ལ་ཡོད་དེ། དཔེར་ན། གྲུབ་པའི་མིག་སྨན་གྱི་སྦྱོར་བ་ལས་རང་དང་ཐག་ཤིན་ཏུ་རིང་བའི་ས་འོག་གི་གཏེར་བུམ་དང་གསེར་དངུལ་སོགས་མཐོང་ཡང་། དེས་རང་དང་ཁ་ཐག་ཤིན་ཏུ་ཉེ་བའི་རང་གི་མིག་ལ་བྱུག་པའི་མིག་སྨན་གྱི་རྫས་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། ། རྩ་བར། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། ། རང་རིག་མེད་ན་དྲན་པ་རང་བཞིན་གྱིས་མེད་པས། མཐོང་ཐོས་ཀྱི་ཤེས་པ་དག་མེད་པར་འགྱུར་རོ་སྙམ་ན། 329 ཇི་ལྟར་དབྱིབས་གཟུགས་འདྲ་མིན་སྣ་ཚོགས་མཐོང་བ་དང་། སྒྲའི་བྱེ་བྲག་སྙན་ཆ་དང་ལྡན་མི་ལྡན་མང་དུ་ཐོས་པ། བཟང་དང་ངན་གྱི་གནས་ལུགས་འདྲ་མིན་ཤེས་པའི་ཆོས་ཀུན་རྫོབ་པ་དག་འདིར་ནི་དགག་པར་བྱ་བ་མིན་ཏེ། དེ་ཙམ་གྱིས་སྡུག་བསྔལ་མི་བསྐྱེད་ཅིང་དགྲ་བཅོམ་པ་རྣམས་ལའང་དེ་དག་ཡོད་པའི་ཕྱིར། དེས་ན་འདིར་ནི་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་མཐོང་ཐོས་ཀྱི་ཆོས་དག་བདེན་པར་རྟོག་པ་དེ་ཉིད་བཟློག་པར་བྱ་བ་ཡིན་ཏེ། དེ་ཉིད་འཁོར་བའི་རྩ་བ་ཡིན་པའི་ཕྱིར། རྩ་བར། སེམས་ལས་སྒྱུ་མ་གཞན་མིན་ཞིང་། །གཞན་མིན་པར་ཡང་མི་བརྟགས་ན། །དངོས་ན་ཇི་ལྟར་དེ་གཞན་མིན། །གཞན་མིན་ཞེ་ན་དངོས་པོར་མེད། ། སེམས་ལས་ལོགས་སུ་སྒྱུ་མ་ལྟ་བུའི་གཟུགས་ལ་སོགས་པའི་ཆོས་དག་རྫས་གཞན་ཞིག་མིན་ཞིང་། སེམས་དང་སྒྱུ་མ་ལྟ་བུའི་གཟུགས་སོགས་གཞན་མིན་པར་ཡང་མི་བརྟགས་ན་སྟེ་དེ་གཉིས་བདེན་པའི་རྫས་གཅིག་ཡང་མིན་ནོ་ཞེ་ན། སྒྱ་མ་ལྟ་བུའི་གཟུགས་སོགས་བདེན་པར་གྲུབ་ན། ཕྱི་རོལ་གྱི་དངོས་པོ་གྲུབ་དགོས། དེ་གྲུབ་ན། སྒྱུ་མ་ལྟ་བུའི་གཟུགས་སོགས་ཇི་ལྟར་སེམས་དེ་ལས་རྫས་གཞན་མིན། གལ་སྲིད་ད་དུང་སྒྱུ་མ་ལྟ་བུའི་གཟུགས་སོགས་སེམས་དེ་ལས་རྫས་གཞན་མིན་ནོ་ཞེ་ན། དེ་ལྟར་སྣང་བ་ལྟར་མ་གྲུབ། དེ་ལྟར་སྣང་བ་ལྟར་མ་གྲུབ་ན། ཡུལ་དེ་བརྫུན་པས་བདེན་པར་གྲུབ་པའི་དངོས་པོར་མེད་པར་འགྱུར་རོ། ། རྩ་བར། ཇི་ལྟར་སྒྱུ་མ་བདེན་མིན་ཡང་། །བལྟ་བྱ་དེ་བཞིན་ལྟ་བྱེད་ཡིན། ། ཇི་ལྟར་སྒྱུ་མ་ལྟ་བུའི་གཟུགས་སོགས་བདེན་གྲུབ་མིན་ན་ཡང་། ཐ་སྙད་ཙམ་དུ་སེམས་ཀྱིས་དམིགས་བྱའམ་བལྟ་བྱ་ཡིན་པ་ཁྱོད་རང་གིས་འདོད་པ་དེ་བཞིན་དུ། ཡུལ་གཟུགས་སོགས་ལ་དམིགས་བྱེད་དམ་ལྟ་བྱེད་ནང་གི་རྣམ་ཤེས་སོགས་ཀྱང་བདེན་གྲུབ་མིན་ན་ཡང་། གོང་བཞིན་ཐ་སྙད་ཙམ་དུ་ལྟ་བྱེད་དུ་རྒྱུ་མཚན་ཅིའི་ཕྱིར་མི་འདོད་དེ། ངེས་པར་འདོང་དགོས་པ་ཡིན་ནོ། ། 330 རྩ་བར། གལ་ཏེ་འཁོར་བ་དངོས་རྟེན་ཅན། །དེ་ནི་གཞན་དུ་མཁའ་འདྲར་གྱུར། །དངོས་མེད་དངོས་ལ་བརྟེན་པས་ན། །བྱེད་དང་ལྡན་པར་ཇི་ལྟར་འགྱུར། ། གལ་ཏེ་འཁོར་བ་ལ་སོགས་པའི་བཏགས་ཡོད་རྣམས་ཀྱང་དངོས་པོ་བདེན་གྲུབ་ཀྱི་གཞི་རྟེན་ཅན་ཡིན་དགོས། དཔེར་ན། ཐོ་ཡོར་དང་ཐག་པ་ལ་མི་དང་སྦྲུལ་མེད་ཀྱང་ཐོ་ཡོར་དང་ཐག་པ་བདེན་པར་ཡོད་དགོས་པ་བཞིན་ནོ། དེ་ལས་ནི་གཞན་དུ་སྟེ་འཁོར་བ་ལ་སོགས་པའི་བཏགས་ཡོད་རྣམས་འཁྲུལ་གཞི་བདེན་པ་ཞིག་ལ་མ་བརྟེན་ན། དེ་དག་བདེན་གྲུབ་ཀྱི་རྟེན་དང་བྲལ་བར་འགྱུར་སྟབས། ནམ་མཁའ་དང་འདྲ་བར་བདེན་པའི་དངོས་པོ་མེད་པར་འགྱུར་རོ་ཞེ་ན། བདེན་པའི་དངོས་པོ་མེད་པའི་བཏགས་ཡོད་རྣམས་འཁྲུལ་གཞི་བདེན་པའི་དངོས་པོ་ཞིག་ལ་བརྟེན་པས་ན། འཁོར་བར་འཆིང་བ་དང་དེ་ལས་གྲོལ་བ་སོགས་ཀྱི་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། བརྫུན་པའི་རྟེན་བདེན་པས་བྱེད་མི་སྲིད་ཅིང་། མ་ཟད་རྟེན་གཞི་དངོས་པོ་བདེན་གྲུབ་ཟེར་བ་ཞིག་ཀྱང་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། ། རྩ་བར། ཁྱོད་ཀྱི་སེམས་ནི་གྲོགས་མེད་པར། །གཅིག་པུ་ཉིད་དུ་འགྱུར་བ་ཡིན། །གང་ཚེ་སེམས་ནི་གཟུང་བྲལ་བ། །དེ་ཚེ་ཐམས་ཅད་དེ་བཞིན་གཤེགས། །དེ་ལྟར་ན་ཡང་སེམས་ཙམ་དུ། །བརྟགས་ལ་ཡོན་ཏན་ཅི་ཞིག་ཡོད། ། གཞན་ཡང་། སེམས་ཙམ་པ་ཁྱོད་རང་གིས་བཞག་པའི་ཁྱོད་ཀྱི་སེམས་ནི་གཟུང་འཛིན་གཉིས་སུ་འཁྲུལ་པ་སོགས་ཀྱི་གྲོགས་མེད་པར། རང་གིས་རང་རིག་པ་དང་རང་གིས་རང་གསལ་བ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་པར་ཐལ་ལ། དེ་ལྟར་འདོད་ན། གང་གི་ཚེ་སེམས་ནི་གཟུང་འཛིན་གཉིས་སུ་སྣང་བའི་རྣམ་རྟོག་གི་དྲི་མ་ངན་པ་དང་བྲལ་བ་དེ་ཚེ། སེམས་ཅན་ཡོད་དོ་ཅོག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དེ་བཞིན་གཤེགས་པར་དང་པོ་ཉིད་ནས་གྲུབ་པ་ཞིག་ཏུ་འགྱུར་ལ། དེ་ལྟར་ན་ཡང་ད་དུང་སངས་རྒྱས་ཀྱི་གོ་ 331 འཕང་འཐོབ་པའི་ཆེད་དུ་ཕྱི་དོན་མ་གྲུབ་པའི་སེམས་ཙམ་དུ་གཏན་ལ་ཕབ་སྟེ་བརྟགས་ཀྱང་དཔྱད་པ་བྱེད་པ་དེའི་རིགས་ལ་ཡོན་ཏན་ལྷག་པ་ཅི་ཞིག་འབྱུང་རྒྱུ་ཡོད་དམ་མེད་དོ། ། རྩ་བར། སྒྱུ་མ་ལྟ་བུར་ཤེས་ན་ཡང་། །ཇི་ལྟར་ཉོན་མོངས་ལྡོག་འགྱུར་ཏེ། །གང་ཚེ་སྒྱུ་མའི་བུད་མེད་ལ། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་འགྱུར། ། དབུ་མ་པ་ཁྱེད་ཅག་གིས་ཆོས་ཐམས་ཅད་སྒྱ་མ་ལྟ་བུར་ཤེས་ན་ཡང་། དེ་ལྟ་བུ་ཤེས་པའི་བློ་ཡུན་ནས་ཡུན་དུ་ཇི་ལྟར་གོམས་པར་བྱས་ཀྱང་ཉོན་མོངས་རྣམས་རྩད་ནས་ལྡོག་པར་མི་འགྱུར་ཏེ། གང་གི་ཚེ་སྒྱུ་མའི་བུད་མེད་དེ་ལ་སྒྱུ་མའི་བུད་མེད་དེ་བྱེད་པ་པོའི་གང་ཟག་རང་ཉིད་ཀྱང་ཆགས་པ་སྐྱེ་བར་འགྱུར་བ་མཐོང་ཆོས་སུ་ཡོད་པས་སོ། ། རྩ་བར། དེ་བྱེད་པ་ནི་ཤེས་བྱ་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམ་ཆུང་ཉིད། ། སྒྱུ་མའི་བུད་མེད་དེ་བྱེད་པ་པོ་སྒྱུ་མའི་མཁན་པོ་དེས་ནི་ཤེས་བྱ་སྒྱུ་མའི་བུད་མེད་ལ། ཉོན་མོངས་པའི་བག་ཆགས་མ་སྤངས་པ་དེས་ན། སྒྱུ་མའི་བུད་མེད་དེ་མཐོང་བ་ན་དེ་ལ་དམིགས་པའི་བདེན་འཛིན་སྐྱེ་ཞིང་། དེའི་དབང་གིས་ཆགས་པ་སྐྱེ་བ་ཡིན་ལ། དེ་ནི་གཙོ་བོ་སྒྱུ་མའི་མཁན་པོ་དེར་སྒྱུ་མའི་བུད་མེད་སྟོང་པ་ཉིད་དུ་མཐོང་བའི་བློའི་གོམས་པའི་བག་ཆགས་ཆེས་ཤིན་ཏུ་ཉམ་ཆུང་བ་ཉིད་ཀྱིས་བྱུང་བ་ཡིན་ནོ། ། རྩ་བར། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། ། སྟོང་ཉིད་བག་ཆགས་གོམས་པས་ནི་སྟེ་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་ནས་ངེས་པ་ཐོབ་པའི་སྒོ་ནས་ཡང་ནས་ཡང་དུ་གོམས་པར་བྱས་པས་ན། དངོས་པོའི་བག་ཆགས་སམ་བདེན་འཛིན་གྱི་རྟོག་ཚོགས་རྣམས་རིམ་གྱིས་སྤོང་བར་འགྱུར་ཞིང་། བདེན་མེད་ཀྱང་བདེན་མེད་དུ་ཅི་ཡང་མེད་ཅེས་གོམས་པས་ནི། གསོར་མི་རུང་ 332 བའི་སྟོང་ཉིད་བདེན་གྲུབ་ཏུ་འཛིན་པའི་འཛིན་པ་དེ་ཡང་ཕྱི་ནས་ཏེ་སྟོང་ཉིད་མངོན་སུམ་རྟོགས་ནས་གོམས་པར་བྱས་རྗེས་སྤོང་བར་འགྱུར་རོ། ། རྩ་བར། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། ། གང་གི་ཚེ་བུམ་པ་ལ་སོགས་པའི་ཆོས་ཅན་གྱི་དངོས་པོ་གང་ཞིག་བདེན་པར་གྲུབ་པ་མེད་དོ་ཞེས་བརྟག་པར་བྱ་བའི་དངོས་པོ་དེ་དག་བདེན་པར་གྲུབ་པ་ཡོད་ན་ངེས་པར་དམིགས་སུ་རུང་བ་ལ་མི་དམིགས་པ་དེའི་ཚེ། བདེན་པའི་དངོས་པོ་མེད་པའི་ཆོས་ཉིད་བདེན་གྲུབ་ཀྱང་རྟེན་ཆོས་ཅན་བདེན་གྲུབ་དང་བྲལ་བ་རྟོགས་པའི་བློ་ཡི་མདུན་ན་ཇི་ལྟར་གནས་ཏེ་མི་གནས་སོ། ། རྩ་བར། གང་ཚེ་དངོས་དང་དངོས་མེད་དག ། བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། ། གང་གི་ཚེ་དངོས་པོ་ཆོས་ཅན་དང་དངོས་མེད་ཆོས་ཉིད་དག དེ་ཁོ་ན་ཉིད་ལ་དཔྱོད་བྱེད་ཀྱི་བློ་ཡི་མདུན་ན་སྟེ་ཡུལ་ན་མི་གནས་པ་དེ་ཡི་ཚེ། བདེན་པར་གྲུབ་པའི་རྣམ་པ་མི་འདྲ་བ་གཞན་གང་ཡང་བློ་ངོར་འཆར་རྒྱུ་མེད་པས། ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་གྱི་དམིགས་པའི་གཏད་སོ་མཐའ་དག་མེད་པར་རྟོགས་པ་སྤྲོས་པ་མཐའ་དག་རབ་ཏུ་ཞི་བ་ཡིན་ནོ། ། རྩ་བར། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །འཇིག་རྟེན་ན་གྲགས་ཆེ་བའི་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལ་སོགས་པར་སེམས་ཅན་འདི་དང་དེ་ཞེས་བྱ་བར་ཕན་འདོགས་དགོས་སྙམ་པའི་བསམ་པ་དེ་འདྲ་གང་ཡང་མེད་ཀྱང་། ཇི་ལྟར་རང་རང་གི་རེ་བ་གང་ཡོད་ཡོངས་སུ་སྐོང་བར་འགྱུར་ 333 བ་དེ་བཞིན་དུ། སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བྱིན་རླབས་ཀྱི་སྟོབས་དང་། གདུལ་བྱ་ཚོར་སྨོན་ལམ་གྱི་དབང་གིས་ཀུན་སློང་དང་རྣམ་རྟོག་གིས་གཡོ་བ་ཅུང་ཟད་ཙམ་ཡང་མེད་ན་ཡང་གང་ལ་གང་འདུལ་གྱི་གདུལ་བྱའི་ངོ་བོར་རྒྱལ་བའི་གཟུགས་ཀྱི སྐུར་སྣང་བ་དང་ཆོས་སྟོན་པ་སོགས་སྐབས་དུ་མར་འབྱུང་ངོ་། ། རྩ་བར། དཔེར་ན་ནམ་མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པར། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། ། དཔེར་ན། སྔོན་དུས་ཤིག་གི་གཏམ་རྒྱུད་དུ། བྲམ་ཟེ་ཤང་ཀུས་དུག་ཞི་བར་བྱེད་པའི་ནམ་མཁའ་ལྡིང་གི་ནི་མཆོད་སྡོང་རིགས་སྔགས་ཀྱིས་བསྒྲུབས་མ་ཐག་ནས་བྲམ་ཟེ་ཁོང་འདས་གྲོངས་སུ་གྱུར་པ་རེད། མ་ཟད་བྲམ་ཟེ་ཤང་ཀུ་དེ་འདས་གྲོངས་སུ་གྱུར་ནས་དུས་ཡུན་ཧ་ཅང་རིང་མོ་ཞིག་ལོན་ན་ཡང་། དེ་སྔར་བྲམ་ཟེ་ཤང་ཀུས་རིགས་སྔགས་ཀྱིས་བསྒྲུབས་པའི་མཆོད་སྡོང་དེས་ད་དུང་དུག་ལ་སོགས་པ་ལྷག་མེད་དུ་ཞི་བར་བྱེད་ནུས་པ་བཞིན་དུ། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་མཐུན་པར་རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ན་ཡང་། ནམ་ཞིག་བྱང་ཆུབ་སེམས་དཔའ་དེ་རྣམས་མི་གནས་པའི་མྱ་ངན་ལས་འདས་ཀྱང་། སེམས་ཅན་གྱི་དོན་རྣམས་ཐམས་ཅད་སྔར་བཞིན་འབད་མེད་ལྷུན་འགྲུབ་ཏུ་མཛད་ཐུབ་པ་ཡིན་ནོ། ། རྩ་བར། སེམས་མེད་པ་ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུ་ལྡན་པར་འགྱུར། །གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། ། ཉན་ཐོས་སྡེ་བ་ཁ་ཅིག་སེམས་མེད་པའམ་སེམས་ཀྱི་རྣམ་པར་རྟོག་པ་ཉེ་བར་ཞི་བའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་པ་བྱས་པས། 334 ཇི་ལྟར་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རམ་ཞེ་ན། རྒྱུ་མཚན་གང་གི་ཕྱིར་ན། དེ་བཞིན་གཤེགས་པ་རྣམས་སྐུ་དངོས་སུ་བཞུགས་པའམ་དེ་དག་མྱ་ངན་ལས་འདས་པའི་སྐུ་གདུང་སོགས་གང་གི་མདུན་ནས་མཆོད་པ་བྱས་ཀྱང་། དེ་གཉིས་ཀྱི་བསོད་ནམས་ཀྱི་ཚོགས་མཚུངས་པ་ཉིད་དུ་བྱམས་པ་སེང་གེའི་སྒྲའི་མདོ་ལས་བཤད་པའི་ཕྱིར་རོ། ། རྩ་བར། ཀུན་རྫོབ་བམ་ནི་དེ་ཉིད་དུའང། །རུང་སྟེ་དེ་འབྲས་ལུང་ལས་ཡིན། །དཔེར་ན་བདེན་པའི་སངས་རྒྱས་ལ། །ཇི་ལྟར་འབྲས་བུ་བཅས་པ་བཞིན། ། དེ་བཞིན་གཤེགས་པ་ལ་མཆོད་པས་བསོད་ནམས་དཔག་ཏུ་མེད་པ་འབྱུང་བ་དེ་ཉིད་ཀུན་རྫོབ་བམ་ནི། ཡང་ན་དེ་བདེན་པ་ཉིད་དུ་འདོད་པའང་རུང་སྟེ། དེ་ལས་འབྲས་བུ་བསླུ་བ་མེད་པ་འབྱུང་བ་གོང་བཤད་ལྟར་ལུང་ལས་གསུངས་པ་ཡིན་ནོ། དཔེར་ན། དངོས་པོར་སྨྲ་བ་ཁྱེད་ཀྱིས་བདེན་པའི་སངས་རྒྱས་ལ་དམིགས་ནས་མཆོད་པས། ཇི་ལྟར་འབྲས་བུ་དང་བཅས་པ་བཞིན་དུ། ངེད་ཀྱིས་ཀྱང་བདེན་མེད་སྒྱུ་མ་ལྟ་བུའི་སངས་རྒྱས་ལ་དམིགས་ནས་མཆོད་པས། ཇི་ལྟར་འབྲས་བུ་དང་བཅས་པ་ཡིན་ནོ། ། རྩ་བར། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་ངེས་པར་དུ་སྟོང་ཉིད་བསྒོམ་དགོས་ན་ཡང་། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་ཐོབ་པ་ལ་སྟོང་ཉིད་བསྒོམ་ག་ལ་དགོས་ཟེར། དེ་ཡང་གསལ་བོར་བཤད་ན། མངོན་པ་གོང་འོག་སོགས་ཀྱི་གཞུང་ནས་བཤད་པའི་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ལ་སོགས་པའི་བདེན་པ་མངོན་སུམ་དུ་མཐོང་བས། འཁོར་བ་ལས་གྲོལ་བའི་ཐར་པ་ཙམ་ཐོབ་པར་འགྱུར་གྱི། དེ་འདྲའི་ཐར་པ་ཙམ་འཐོབ་པ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་མངོན་སུམ་དུ་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་དམིགས་བསལ་གང་ཡང་མེད་དོ་ཞེ་ན། 335 རྩ་བར། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། ། རྒྱུ་མཚན་གང་གི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེའི་ལུང་དུ་མ་ལས་ཡང་ནས་ཡང་དུ་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཉིད་རྟོགས་པའི་ལམ་འདི་ནི་མེད་པར། དུས་ནམ་དུ་ཡང་ཉན་ཐོས་དང་། རང་རྒྱལ། བྱང་ཆུབ་གསུམ་ག་གང་ཡང་འགྲུབ་ཐུབ་པ་མེད་པར་གསལ་བོར་གསུངས་པའི་ཕྱིར་རོ། ། རྩ་བར། གལ་ཏེ་ཐེག་ཆེན་མ་གྲུབ་ན། །ཁྱོད་ཀྱི་ལུང་ནི་ཇི་ལྟར་གྲུབ། ། གལ་ཏེ་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཉིད་སྟོན་པའི་ཐེག་ཆེན་གྱི་མདོ་སྡེ་ཟེར་བ་ཞིག་ཤེས་བྱ་ལ་གཏན་ནས་མ་གྲུབ་པས་ན། དེ་འདྲའི་མདོ་ཞིག་ཁུངས་སུ་དྲངས་ནས་སྒྲུབ་པར་བྱེད་མི་ཐུབ་པོ་ཞེ་ན། འོ་ན། ཐེག་པ་ཆེན་པོའི་མདོ་དེ་སངས་རྒྱས་ཀྱི་བཀའ་མིན་ན། ཁྱེད་ཀྱིས་འདོད་པའི་ཐེག་དམན་གྱི་ལུང་རྣམས་ཀྱང་ནི་སངས་རྒྱས་ཀྱི་བཀར་ཇི་ལྟར་གྲུབ་བམ། རྩ་བར། གང་ཕྱིར་གཉིས་ཀ་ལ་འདི་གྲུབ། །དང་པོ་ཁྱོད་ལ་འདི་མ་གྲུབ། །རྐྱེན་གང་གིས་ནི་དེར་ཡིད་ཆེས། །དེ་ནི་ཐེག་ཆེན་ལ་ཡང་མཚུངས། ། རྒྱུ་མཚན་གང་གི་ཕྱིར། ཐེག་དམན་པ་དང་ཐེག་ཆེན་པ་ཡིན་ཟེར་མཁན་གཉིས་ཀ་ལ་ཐེག་དམན་གྱི་མདོ་འདི་རྣམས་སངས་རྒྱས་ཀྱི་བཀར་གྲགས་ཤིང་གྲུབ་པས། ཐེག་དམན་གྱི་མདོ་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པར་རྩོད་པ་གང་ཡང་མེད་དོ། འོ་ན། ཐེག་དམན་གྱི་མདོ་གཅིག་པུ་མ་གཏོགས་སངས་རྒྱས་ཀྱི་བཀའ་རུ་མི་བརྩི་བ་ཁྱོད་དང་པོ་མིའི་མངལ་ནས་སྐྱེས་ཙམ་ཉིད་ནས་ཁྱོད་ལ་ཐེག་དམན་གྱི་མདོ་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པར་མ་གྲུབ་པ་སྟེ་ཁྱོད་ཀྱིས་དེ་སངས་རྒྱས་ཀྱི་བཀའ་ཡིན་པར་མ་ཤེས་མོད། ཕྱིས་རྒྱུ་དང་རྐྱེན་གང་འདྲ་ཞིག་གི་དབང་གིས་ནི་ཐེག་དམན་གྱི་མདོ་སྡེ་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་པར་ཡིད་ཆེས་སྐྱེས་སམ། རྒྱུ་མཚན་དེ་ནི་ཐེག་ཆེན་ལ་ཡང་ཀུན་ནས་མཚུངས་སོ། ། 336 རྩ་བར། གཞན་གཉིས་འདོད་པས་བདེན་ན་ནི། །རིག་བྱེད་སོགས་ཀྱང་བདེན་པར་འགྱུར། ། གཞན་གཉིས་ཏེ་ཐེག་པ་གོང་འོག་གཉིས་ཀས་ཐེག་དམན་གྱི་མདོ་སྡེ་དེ་དག་སངས་རྒྱས་ཀྱི་བཀར་འདོད་པས། ཐེག་དམན་གྱི་མདོ་སྡེ་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་པར་བདེན་ནོ་ཞེས་སྨྲ་ན་ནི། མང་པོས་འདོད་པས་བདེན་པར་བརྩི་ན་ནི། མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་སོགས་ཀྱང་བདེན་པར་འགྱུར་རོ། ། རྩ་བར། ཐེག་ཆེན་རྩོད་བཅས་ཕྱིར་ཞེ་ན། །ལུང་ལ་མུ་སྟེགས་པ་རྣམས་དང་། །ལུང་གཞན་ལ་ཡང་རང་གཞན་དག ། རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར། ། ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་མིན་རྩོད་པ་དང་བཅས་པའི་ཕྱིར་དོར་བྱ་ཡིན་ནོ་ཞེ་ན། རྩོད་པ་དང་བཅས་པ་ཙམ་གྱིས་ཐེག་ཆེན་གྱི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་མ་ཡིན་པར་མི་འགྱུར་ཏེ། གལ་སྲིད་འགྱུར་ན། སངས་རྒྱས་ཀྱི་བཀའ་ལུང་ཡོད་ཚད་ལ་ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་རྩོད་པ་དང་བཅས་པ་དང་། མ་ཟད་ཐེག་དམན་གྱི་མདོ་ལུང་གི་ཕྱོགས་གཞན་ལ་ཡང་སྡེ་བ་བཅོ་བརྒྱད་ལ་སོགས་པ་རང་དང་གཞན་དག་གཅིག་ཏུ་མཐུན་མིན་གྱི་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར། ཐེག་དམན་གྱི་མདོ་དེ་དག་ཀྱང་དོར་བྱ་དང་། སངས་རྒྱས་ཀྱི་བཀའ་མ་ཡིན་པ་དོར་བྱར་འགྱུར་རོ། ། རྩ་བར། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་དཀའ་བར་གནས། ། བཅོམ་ལྡན་འདས་ཀྱི་བསྟན་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ཉིད་ཡིན་པར་འདོད་པ་དེ་ལྟར་ན། དོན་དམ་པའི་དགེ་སློང་དགྲ་བཅོམ་པ་ཉིད་ཀྱང་དཀའ་བར་གནས་པ་སྟེ་འཇོག་དཀའ་བར་འགྱུར་ཏེ། ཁྱོད་ཀྱི་སེམས་ནི་བདེན་འཛིན་གྱི་དམིགས་པ་དང་བཅས་པ་རྣམས་ཀྱིས་ནི། བདེན་འཛིན་གྱི་དམིགས་གཏད་བཤིག་མི་ཐུབ་སྟབས། སངས་རྒྱས་ 337 ལྟ་ཅི་ཉོན་མོངས་སྤངས་པའི་མྱ་ངན་ལས་འདས་པའང་དཀའ་བར་གནས་པ་སྟེ་དཀའ་བར་འགྱུར་བས་སོ། ། རྩ་བར། ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། ། མངོན་པ་ནས་བཤད་པའི་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་བསྒོམ་པ་ལ་བརྟེན་ནས་དམིགས་རྣམ་ཅན་གྱི་ཉོན་མོངས་སྤངས་པས་དགྲ་བཅོམ་པའི་གོ་འཕང་འཐོབ་ག་ལ་ནུས། གལ་ཏེ་ཁྱོད་རང་གིས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་སྤངས་པ་སྟེ་དེ་མགོ་མནན་ཙམ་དེ་ག་རང་གྲོལ་བ་དགྲ་བཅོམ་པ་ཐོབ་པར་འཇོག་ན། དེའི་དེ་མ་ཐག་ཏུ་དེ་ཉོན་མོངས་ལྷག་མེད་དུ་བཅོམ་པའི་དགྲ་བཅོམ་པར་འགྱུར་དགོས་རྒྱུ་ལ་དེ་ལྟར་མི་འགྱུར་བའི་ཕྱིར་རོ། མངོན་པ་ནས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་རགས་པ་དེ་དག་རེ་ཞིག་གང་ཟག་དེའི་རྒྱུད་ལ་སྐྱེ་རྒྱུ་མེད་པ་ལྟ་བུ་ཞིག་ཡོང་གི་ཡོད་ཀྱང་། གང་ཟག་དེ་དག་ལ་བདེན་འཛིན་ཕྲ་མོས་དྲངས་པའི་ཆགས་སྡང་ཕྲ་མོའི་རིགས་གནས་སྐབས་མངོན་དུ་མི་གྱུར་པ་ཙམ་ཡང་ཡོང་གི་མེད་པས། མངོན་པ་ནས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་མངོན་གྱུར་པ་ཙམ་སྤངས་པའི་གང་ཟག་དེ་དག་ལ་ད་དུང་ཡང་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བའི་ལས་ཀྱི་ནུས་པ་མཐོང་བ་ཡིན་ནོ། ། རྩ་བར། རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང་། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། ། རེ་ཞིག་གམ་སྐབས་ཤིག་ནས་གང་ཟག་དེས་ཕུང་པོ་ཉེ་བར་ལེན་པར་བྱེད་པའི་སྲེད་པའི་རིགས་ནི་སྤངས་ཟིན་པས། གང་ཟག་དེའི་རྒྱུད་ལ་དེ་མེད་ཅེས་ངེས་པ་ཉིད་ཅེ་ན། བདེན་འཛིན་གྱིས་དྲངས་པའི་ཆགས་སྡང་ཕྲ་མོར་བཤད་པའི་སྲེད་པ་འདི། མངོན་པ་ནས་བཤད་པའི་དམིགས་རྣམ་ཅན་གྱི་ཉོན་མོངས་པ་ཅན་མིན་ན་ཡང་། དེ་ཉོན་མོངས་ཡིན་པར་ 338 རྩོད་པ་ག་ལ་ཡོད། གང་ཡིན་ཟེར་ན། ཁྱོད་ཀྱི་ལུགས་ལ་ཀུན་རྨོངས་མ་རིག་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་ཡོད་པ་བཞིན་དུ། སྲེད་པ་ལ་ཡང་ཅི་སྟེ་མངོན་པ་ནས་བཤད་པའི་ཉོན་མོངས་ཅན་ཡིན་མིན་གཉིས་མེད་ཅེས་ཐག་བཅད་ཆོག་གམ། རྩ་བར། ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། ། གང་ཟག་དེས་ཚོར་བ་བདེན་འཛིན་གྱི་མ་རིག་པ་མ་སྤངས་པས། ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བ་ཡིན་ལ། དེ་འདྲ་བའི་ཚོར་བ་བདེན་འཛིན་ནི་གང་ཟག་དེ་དང་དེ་དག་ལ་ཡང་ཡོད་པས། བདེན་འཛིན་གྱི་དམིགས་པ་དང་ནི་བཅས་པའི་སེམས་དེ། གང་ཟག་དེ་དང་དེའི་རིགས་འགའ་ཞིག་ལ་ནི་གནས་པར་འགྱུར་བ་ཡིན་ནོ། ། རྩ་བར། སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །དེས་ན་སྟོང་ཉིད་བསྒོམ་པར་བྱ། ། སྟོང་ཉིད་སྒོམ་པའི་བློ་དང་ནི་བྲལ་བའི་སེམས་དང་ལྡན་པའི་གང་ཟག་དེའི་རྒྱུད་ལ་རེ་ཞིག་ཉོན་མོངས་མངོན་གྱུར་པ་ཙམ་འགགས་པ་ན་ཡང་། སླར་ཡང་སྔར་བཞིན་གང་ཟག་དེའི་རྒྱུད་ལ་ཉོན་མོངས་མངོན་གྱུར་པ་དེའི་རིགས་སྐྱེ་བར་འགྱུར་ཏེ། གནས་སྐབས་ཚོར་འདུ་རགས་པ་མངོན་གྱུར་པ་འགགས་པའི་འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པ་བཞིན་ཡིན་ནོ། རྒྱུ་མཚན་དེས་ན་སྟོང་ཉིད་བསྒོམ་པར་བྱ་རིགས་ཏེ། ལམ་དེས་སྤངས་པའི་ཉོན་མོངས་དག་སླར་ཡང་རྗེས་སུ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། ། རྩ་བར། ངག་གང་མདོ་སྡེ་ལ་འཇུག་དེ། །གལ་ཏེ་སངས་རྒྱས་གསུང་འདོད་ན། །ཐེག་ཆེན་ཕལ་ཆེར་ཁྱེད་ཅག་གི། །མདོ་དང་མཚུངས་འདོད་མིན་ནམ་ཅི། ། གསུང་རབ་ཀྱི་ངག་གང་ཞིག་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག དེ་བཞིན་ཚུལ་ཁྲིམས་དང་ཤེས་རབ་ཀྱི་བསླབ་པ་སྟོན་པ་འདུལ་བ་ལ་གནང་། 339 མངོན་པ་དང་མི་འགལ་བ་དེ་དག་ལ། གལ་ཏེ་སངས་རྒྱས་ཀྱི་གསུང་ཡིན་པར་འདོད་ན། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེ་བ་ལ་དེ་གསུམ་ཀ་ཚང་སྟབས། ཁྱེད་ཅག་གིས་འདོདཔའི་ཐེག་དམན་གྱི་མདོ་སྡེ་དག་དང་མཚུངས་པར་སངས་རྒྱས་ཀྱི་བཀར་ཅིའི་ཕྱིར་འདོད་པ་མིན་ནམ་ཅི། རྩ་བར། གལ་ཏེ་མ་གཏོགས་གཅིག་གིས་ནི། །ཐམས་ཅད་སྐྱོན་དང་བཅས་འགྱུར་ན། །མདོ་མཚུངས་གཅིག་གིས་ཐམས་ཅད་ནི། །རྒྱལ་བས་གསུངས་པ་ཅིས་མ་ཡིན། ། དེར་རྒྱལ་བའི་བཀའི་མཚན་ཉིད་ཡོངས་སུ་ཚང་ཡང་། གལ་ཏེ་མཚན་ཉིད་དེ་ཚང་བ་ཁྱོད་ཀྱིས་མ་གཏོགས་པའི་མདོ་གཅིག་གིས་ནི་རྒྱུ་མཚན་དུ་བྱས་ནས། ཐེག་ཆེན་གྱི་མདོ་ལུང་ཐམས་ཅད་སྐྱོན་དང་བཅས་པར་འགྱུར་ན། ཁྱེད་ཀྱི་འདོད་པའི་མདོ་དང་མཚུངས་པ་གཅིག་གིས་ཐེག་པ་ཆེན་པོའི་མདོ་གཞན་ཐམས་ཅད་ནི། རྒྱལ་བས་གསུངས་པ་ཅིས་མ་ཡིན་ཏེ་ཡིན་ནོ། ། རྩ་བར། ངག་གང་འོད་སྲུང་ཆེན་པོ་ལ། །སོགས་པས་གཏིང་དཔོགས་མ་གྱུར་པ། །དེ་ནི་ཁྱོད་ཀྱིས་མ་གཏོགས་པས། །གཟུང་བྱ་མིན་པར་སུ་ཞིག་བྱེད། ། གསུང་རབ་ཀྱི་ངག་གང་ཞིག་འོད་སྲུང་ཆེན་པོ་ལ་སོགས་པས་གཏིང་དཔོགས་མ་གྱུར་པ་སྟེ་ཇི་བཞིན་མཁྱེན་རྟོགས་མ་བྱུང་ནའང་། དེ་ནི་འོད་སྲུང་ཁྱོད་ཀྱིས་མ་རྟོགས་པ་ཡིན་པས། ནམ་ཡང་གཟུང་བྱ་མིན་ཞེས་འོད་སྲུང་ལ་སོགས་པས་མཁྱེན་རྟོགས་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས་དེ་གཟུང་བྱ་མིན་པ་སུ་ཞིག་གིས་ཐག་གཅོད་བྱེད་ནུས་ཏེ་མི་ནུས་སོ། ། འདི་ཡན་ཆད་ཀྱི་ཤོ་ལོ་ཀ་གསུམ་པོ་དེ་ཕྱོགས་གཅིག་ནས་སྐབས་དང་མ་འབྲེལ་བ་དང་། ཕྱོགས་གཞན་ཞིག་ནས་འོད་སྲུང་ལ་སྨོད་པ་བཏང་བ་སོགས་ཀྱིས་རྒྱལ་སྲས་ཞི་བ་ལྷའི་གསུང་མིན་པ་མཁས་པ་མང་པོས་གཅིག་མཐུན་ལྟ་བུར་བཞེད། ༸གོང་ས་མཆོག་ 340 གིས། འདི་ཡན་ཆད་ཀྱི་ཤོ་ལོ་ཀ་གསུམ་སྐབས་དང་མ་འབྲེལ་བ་སྣང་ཡང་། གོང་གསལ་ཐེག་ཆེན་བཀར་སྒྲུབ་ཀྱི་མཇུག་དེར་མཐུད་ན་འགྲིག་པར་མངོན་ཞེས་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་གནང་སྐབས་སུ་གསུངས། རྩ་བར། རྨོངས་པས་སྡུག་བསྔལ་ཅན་དོན་དུ། །ཆགས་དང་འཇིགས་མཐའ་ལས་གྲོལ་བ། །འཁོར་བར་གནས་པ་འགྲུབ་འགྱུར་བ། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། ། དེ་ཡང་ཕྱིན་ཅི་ལོག་ཏུ་རྨོངས་པས་སྡུག་བསྔལ་བའི་རྣམ་པ་ཅན་དུ་བཟོས་པའི་ཉམ་ཐག་པའི་སེམས་ཅན་རྣམས་ཀྱི་དོན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་བཞིན་སྲིད་པ་བཟུང་བས། སྤྱིར་བཏང་བའི་སེམས་ཅན་ལྟར་ཆགས་སོགས་ཀྱིས་འཁོར་བའི་མཐར་མི་ལྷུང་བ་དང་། ཉན་རང་རྣམས་ལྟར་སྲིད་པ་འཁོར་བའི་སྡུག་བསྔལ་འབའ་ཞིག་ལ་འཇིགས་ནས་ཐར་པ་ཙམ་ཐོབ་པའི་ཞི་བ་མྱང་འདས་ཀྱི་མཐར་མི་ལྷུང་བ་སྟེ་མཐའ་དེ་གཉིས་ལས་གྲོལ་བའི་སྒོ་ནས་འཁོར་བར་གནས་པ་འགྲུབ་པར་འགྱུར་བ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་འབའ་ཞིག་ཡིན་ནོ། ། རྩ་བར། དེ་ལྟར་སྟོང་པ་ཉིད་ཕྱོགས་ལ། །སུན་འབྱིན་པ་ནི་འཐད་མ་ཡིན། །དེས་ན་ཐེ་ཚོམ་མི་ཟ་བར། །སྟོང་པ་ཉིད་ནི་བསྒོམ་པར་བྱ། ། དེ་ལྟར་ཉན་ཐོས་སྡེ་བ་ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་སྟོང་ཉིད་རྟོགས་པས་ཅི་ཞིག་བྱར་ཡོད་ཅེས་སྟོང་པ་ཉིད་ཀྱི་ཕྱོགས་ལ་ཐབས་སྣ་ཚོགས་ཀྱིས་སུན་འབྱིན་པའི་ལས་རྐྱང་རྐྱང་བྱེད་པ་འདི་ནི་ནམ་ཡང་འཐད་པ་མ་ཡིན་པ་གཞུང་འདིའི་གོང་འོག་ཏུ་བསྟན་པའི་རིགས་པ་རྣམས་ཀྱིས་ལེགས་པར་གྲུབ་པ་ཡིན་ནོ། དེས་ན་ཉན་ཐོས་ཀྱི་ཐར་པ་ཙམ་འཐོབ་པ་ལ་ཡང་སྟོང་ཉིད་རྟོགས་དགོས་མིན་ཐད་ཐེ་ཚོམ་མི་ཟ་བར། ཉན་ཐོས་རང་གི་བྱང་ཆུབ་འཐོབ་པའི་ཐབས་སུ་སྟོང་པ་ཉིད་ནི་བསྒོམ་པ་ལ་ཕྱོགས་ཐམས་ཅད་ནས་འབད་པར་བྱ་རིགས་སོ། ། 341 རྩ་བར། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། ། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཡི་མུན་པའི་གཉེན་པོ་མཚན་ཉིད་པ་དེ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་སྟབས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འདོད་པས། འབད་པ་ཆེན་པོའི་སྒོ་ནས་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དེ་ནི་ཇི་ལྟར་བྱས་ཏེ་སྒོམ་པར་མི་བྱེད་པ་ཡིན་ནམ། མྱུར་བར་མྱུར་དུ་སྒོམ་པར་བྱ་རིགས་སོ། ། རྩ་བར། དངོས་གང་སྡུག་བསྔལ་སྐྱེད་བྱེད་པ། །དེ་ལ་སྐྲག་པ་སྐྱེ་འགྱུར་ན། །སྟོང་ཉིད་སྡུག་བསྔལ་ཞི་བྱེད་པ། །དེ་ལ་འཇིགས་པ་ཇི་ལྟར་སྐྱེ། ། ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་ལ་སོགས་པའི་དངོས་པོ་གང་ཞིག་གིས་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ན་ཡང་། དེ་ལ་སྐྲག་པའི་བློ་ནམ་ཡང་སྐྱེ་བར་མི་འགྱུར་ན། ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་གྱི་དངོས་ཀྱི་གཉེན་པོ་བྱེད་ནུས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་སྡུག་བསྔལ་ཕྲ་རགས་ཐམས་ཅད་ཞི་བར་བྱེད་པས་ན། དེ་ལ་ཁྱེད་ཅག་འཇིགས་པ་ཇི་ལྟར་སྐྱེ་སྟེ་སྐྱེ་དོན་མེད་དོ། ། རྩ་བར། གལ་ཏེ་བདག་འགའ་ཡོད་ན་ནི། །ཅི་ཡང་རུང་ལ་འཇིགས་འགྱུར་ན། །དེ་ཉིད་འགའ་ཡང་ཡོད་མིན་པས། །འཇིགས་པར་འགྱུར་བ་སུ་ཞིག་ཡོད། ། གལ་ཏེ་རང་དབང་དུ་གྲུབ་པའི་བདག་འགའ་ཞིག་ཤེས་བྱ་ལ་ཡོད་ན་ནི། དེར་ཞེན་པ་ལས་ཡུལ་ཅི་ཡང་རུང་བ་ལ་འཇིགས་པ་ལྟ་བུ་སྐྱེ་བར་འགྱུར་རུང་ན་ཡང་། དེ་འདྲའི་རང་དབང་དུ་གྲུབ་པའི་བདག་དེ་ཉིད་འགའ་ཡང་ཤེས་བྱ་ལ་གཏན་ནས་ཡོད་པ་མིན་པས། དེ་ལ་འཇིགས་པར་འགྱུར་བ་སུ་ཞིག་ཡོད་དེ་མེད་དོ། ། 342 རྩ་བར། སོ་དང་སྐྲ་སེན་བདག་མ་ཡིན། །བདག་ནི་རུས་པ་ཁྲག་མ་ཡིན། །སྣབས་མིན་བད་ཀན་མ་ཡིན་ཏེ། །ཆུ་སེར་དང་ནི་རྣག་ཀྱང་མིན། །བདག་ནི་ཞག་དང་རྔུལ་མིན་ཏེ། །གློ་མཆིན་དག་ཀྱང་བདག་མ་ཡིན། །ནང་ཁྲོལ་གཞན་ཡང་བདག་མིན་ཏེ། །བདག་ནི་ཕྱི་ས་གཅིན་མ་ཡིན། །ཤ་དང་པགས་པ་བདག་མིན་ཏེ། །དྲོད་དང་རླུང་ཡང་བདག་མ་ཡིན། །བུ་ག་བདག་མིན་རྣམ་ཀུན་ཏུ། །རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། ། ཕུང་པོའི་ཡ་གྱལ་བདག་ཡིན་པ་འགོག་པ་ནི། སོ་དང་། སྐྲ་དང་། སེན་མོ་སོགས་རེ་རེ་ནས་བདག་མ་ཡིན་ལ། བདག་གི་མཚན་གཞི་ནི། རུས་པ་དང་། ཁྲག་སོགས་གང་ཡང་མ་ཡིན། སྣབས་མིན་ལ། བད་ཀན་ཡང་མ་ཡིན་ཏེ། དེ་དག་ལ་བརྟེན་ནས་བདག་ཅེས་རང་ཤེད་ཀྱིས་བཏགས་པ་ཙམ་ཡིན་པའི་ཕྱིར། ད་དུང་ལུས་ཀྱི་ཆུ་སེར་དང་ནི། རྣག་ཀྱང་བདག་གི་མཚན་གཞི་མིན། བདག་གི་མཚན་གཞི་ནི་ལུས་ཀྱི་ཞག་དང་། རྔུལ་ཆུ་ཡང་མིན་ཏེ། དེ་དག་བདག་གི་མཚན་གཞིར་རང་ཤེད་ཀྱིས་བཞག་པ་ཙམ་ཡིན་པའི་ཕྱིར། དེ་བཞིན་གློ་དང་། མཆིན་པ་དག་ཀྱང་བདག་གི་མཚན་གཞི་མ་ཡིན། རྒྱུ་མ་སོགས་པའི་ནང་ནང་ཁྲོལ་ལུས་ཀྱི་ཆ་ཤས་གཞན་གང་ཡང་བདག་གི་མཚན་གཞི་མིན་ཏེ། དེ་དག་ལ་ཡང་གོང་བཞིན་བདག་གི་མཚན་གཞིར་རང་ཤེད་ཀྱིས་བཏགས་པ་ཙམ་དུ་ཟད་པའི་ཕྱིར། བདག་གི་མཚན་གཞི་ནི་ཕྱི་ས་དང་། གཅིན་མ་ཡིན་ལ། ཤ་དང་། པགས་པའི་རིགས་ཀྱང་བདག་གི་མཚན་གཞི་མིན་ཏེ། དེ་དག་ལ་ཡང་གོང་བཞིན་བདག་གི་མཚན་གཞིར་རང་ཤེད་ཀྱིས་བཏགས་པ་ཙམ་ཡིན་པའི་ཕྱིར། ལུས་ཀྱི་དྲོད་དང་། རླུང་ཡང་བདག་གི་མཚན་གཞི་མ་ཡིན། ད་དུང་ཁ་སྣ་དང་བ་སྤུའི་བུ་ག་ཐམས་ཅད་བདག་མིན་ལ། རྣམ་པ་ཀུན་ཏུ་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་རྣམ་ཤེས་དྲུག་ཀྱང་རེ་རེ་ནས་བདག་གི་མཚན་གཞི་མ་ཡིན་སྟབས། ལུས་ཀྱི་ཆ་ཤས་གང་ཞིག་ནས་ཀྱང་བདག་དང་བདག་གི་མཚན་གཞི་ཡང་དག་པ་ཞིག་འཇོག་རྒྱུ་གཏན་ནས་མི་རྙེད་པས། 343 བདེ་སྡུག་མྱོང་མཁན་གྱི་བདག་ཅེས་པ་རང་དབང་གི་ཚུལ་དུ་ཡོད་ཡོད་འདྲ་བ་དེ་འདྲ་ཞིག་རྩ་བ་ཉིད་ནས་མི་འདུག་གོ ། རྩ་བར། གལ་ཏེ་སྒྲ་ཡི་ཤེས་རྟག་ན། །ཐམས་ཅད་ཚེ་ན་སྒྲ་འཛིན་འགྱུར། །ཤེས་བྱ་མེད་ན་ཅི་རིགས་ནས། །གང་གིས་ཤེས་པ་ཞེས་རྗོད་བྱེད། ། གྲངས་ཅན་པས་ཤེས་བྱ་ཉེར་ལྔ་འདོད་ལ། དེའི་ནང་ཚན་ནས་བདག་དེ། ཤེས་པ་དང་། རིག་པ་སྐྱེས་བུ་རྟག་པར་འདོད་པ་ཡིན། གལ་ཏེ་སྒྲ་ཡི་ཤེས་པ་དེ་རྟག་པ་དང་། འགྱུར་མེད་རྟག་པར་འདོད་ན་ནི། སྒྲ་ཡོད་མེད་ཀྱི་གནས་སྐབས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་ཡོད་པར་འགྱུར་དགོས། དེ་ལྟར་འདོད་པ་མི་རིགས་ཏེ། སྒྲ་སྔ་མ་འགགས་ནས་ཕྱི་མ་སྐྱེས་པའི་བར་དེར་ཡུལ་ཤེས་བྱ་སྒྲ་མེད་ན། ཅི་ཞིག་རིག་ནས་མི་གང་གིས་ཡུལ་གང་གི་ཡུལ་ཅན་དུ་གྱུར་པའི་ཤེས་པ་ཞེས་རྗོད་པར་བྱེད་དེ་མི་བྱེད་དོ། གང་ཡིན་ཟེར་ན། དེ་འདྲའི་ཡུལ་ཅན་དེར་རིག་པར་བྱ་བའི་ཡུལ་གང་ཡང་མེད་པའི་ཕྱིར་རོ། ། རྩ་བར། གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཤིང་ཡང་ཤེས་པར་ཐལ་བར་འགྱུར། །དེས་ན་ཤེས་བྱ་ཉེར་གནས་པ། །མེད་པར་ཤེས་པ་མེད་ཅེས་ངེས། ། གལ་ཏེ་ཤེས་པར་བྱ་བའི་ཡུལ་སྒྲ་འགགག་ནས་མེད་ནའང་ད་དུང་སྒྲ་འཛིན་པའི་ཤེས་པ་རྟག་པ་ཞིག་ཡོད་པ་ཡིན་ན། ཤེས་པ་མེད་པའི་ཤིང་ཡང་ཤེས་པར་ཐལ་བར་འགྱུར་ཏེ། ཤེས་བྱ་མེད་པའི་ཤེས་པ་ཁས་བླངས་པས་ཆོག་པའི་ཕྱིར། དེས་ན་ཤེས་བྱའི་ཆོས་ཤིག་ཉེ་བར་གནས་པ་མེད་པར། དེར་འཛིན་པའི་ཤེས་པ་ཡང་མེད་ཅེས་ངེས་ཏེ། ཤེས་པ་འཇོག་བྱེད་ཀྱི་གཞི་གང་ཡང་མེད་པས་སོ། ། རྩ་བར། དེ་ཉིད་ཀྱིས་ནི་གཟུགས་ཤེས་ན། །དེ་ཚེ་ཐོས་པའང་ཅི་སྟེ་མིན། །གལ་ཏེ་སྒྲ་མི་ཉེ་ཕྱིར་ན། །དེས་ན་དེ་ཡི་ཤེས་པའང་མེད། ། སྒྲ་ཡིས་ཁྱད་པར་དུ་བྱས་ནས་བཞག་པའི་སྒྲ་འཛིན་ཤེས་པ་དེ་ཉིད་ཀྱིས་ནི། གཟུགས་ཀྱང་ཤེས་པ་ཡིན་ནོ་ཟེར་ན། 344 དེས་གཟུགས་ཤེས་པ་དེ་ཡི་ཚེ་ན་སྒྲ་ཐོས་པའང་རྒྱུ་མཚན་ཅི་སྟེ་མིན། གལ་ཏེ་གཟུགས་ཤེས་པའི་ཚེ་སྒྲ་མི་ཉེ་བའི་ཕྱིར་ན། སྒྲ་འཛིན་པའི་བྱ་བ་མི་བྱེད་དོ་ཟེར་ན། དེས་ན་དེ་ཡི་སྒྲ་འཛིན་པའི་ཤེས་པའང་མེད་པའི་དུས་ཡོད་པར་ཁས་བླངས་པས། སྒྲ་ཡི་ཤེས་པ་རྟག་པའི་རང་བཞིན་ཡིན་པར་ཐག་བཅད་པ་ལས་ཉམས་སོ། ། རྩ་བར། སྒྲ་འཛིན་རང་བཞིན་གང་ཡིན་པ། །དེ་གཟུགས་འཛིན་པ་ཇི་ལྟར་འགྱུར། །གཅིག་ནི་ཕ་དང་བུ་ཉིད་དུ། །བཏགས་ཡིན་ཡང་དག་ཉིད་དུ་མིན། ། སྒྲ་འཛིན་པའི་ཤེས་པའི་རང་བཞིན་གང་ཡིན་པ་དེ། གཟུགས་འཛིན་པའི་ཤེས་པའི་རང་བཞིན་དུ་ཇི་ལྟར་འགྱུར། གང་ཡིན་ཟེར་ན། དེ་གཉིས་ཀྱི་རང་བཞིན་དང་རྣམ་པ་བྱེད་ལས་སོགས་འགལ་བས་གཅིག་ཏུ་མི་འཐད་པས་སོ། དེ་ལ་གྲངས་ཅན་པ་ན་རེ། དེ་ལྟར་མི་འཐད་པ་གང་ཡང་མེད་དེ། དཔེར་ན། སྐྱེས་བུ་གཅིག་ཉིད་རང་གི་ཕ་ལ་ལྟོས་ནས་བུ་དང་། བུ་ལ་ལྟོས་ནས་ཕར་འཇོག་པ་བཞིན་ནོ་ཟེར་ན། དེ་གཉིས་དཔེ་དོན་མི་མཚུངས་ཏེ། སྐྱེས་བུ་གཅིག་ནི་ལྟོས་ས་མི་འདྲ་བ་ལ་ལྟོས་ནས་ཕ་དང་བུ་ཉིད་དུ་བཞག་པ་ནི། བློས་བཏགས་ཙམ་དང་གྲགས་པའི་སྒོ་ནས་བཞག་པ་ཙམ་ཡིན་གྱི། དེ་ནི་ཡང་དག་པ་ཉིད་དུ་བཞག་པ་ག་ལ་ཡིན་ཏེ། དེ་ལྟར་མིན་པ་ཁྱོད་རང་གིས་ཀྱང་འདོད་པས་སོ། ། རྩ་བར། འདི་ལྟར་སྙིང་སྟོབས་རྡུལ་དང་ནི། །མུན་པ་བུ་མིན་ཕ་ཡང་མིན། །དེ་ནི་སྒྲ་འཛིན་དང་ལྡན་པའི། །རང་བཞིན་དུ་ནི་མཐོང་མ་ཡིན། ། འདི་ལྟར་སྙིང་སྟོབས་ཏེ་བདེ་བ་དང་། རྡུལ་ཏེ་སྡུག་བསྔལ་དང་ནི། མུན་པ་སྟེ་གཏི་མུག་གསུམ་ཆ་མཉམ་པ་སྟེ་གཙོ་བོ་དང་། རང་བཞིན་དང་། དོན་དམ་བདེན་པར་འདོད་ལ། དེ་ལྟར་ན་བུའི་གནས་སྐབས་ཀྱི་རང་བཞིན་དེ་ནི་བུ་མིན་པ་དང་། ཕའི་གནས་སྐབས་ཀྱི་རང་བཞིན་དེ་ནི་ཕ་ཡང་མིན་ཏེ་རང་བཞིན་ཡིན་པའི་ཕྱིར། རང་བཞིན་ཕ་དང་བུ་མིན་དགོས་པའི་རྒྱུ་མཚན་ནི། དངོས་སུ་མཐོང་བཞིན་པའི་ཕ་དང་བུ་ནི་རྣམ་འགྱུར་བརྫུན་ 345 མ་དང་། རང་བཞིན་ནི་ནམ་ཡང་མཐོང་བའི་ལམ་དུ་མི་འགྲོ་བར་འདོད་པའི་ཕྱིར་རོ། དེ་བས་ན། གཟུགས་འཛིན་པ་དང་ལྡན་པའི་རང་བཞིན་དེ་ནི། སྒྲ་འཛིན་པ་དང་ལྡན་པའི་རང་བཞིན་དུ་མེད་དེ། དེ་དེར་ཡོད་ན་ནི་ཚད་མས་མཐོང་དགོས་པ་ལ་མཐོང་བ་མ་ཡིན་ནོ། ། རྩ་བར། གར་མཁན་ལྟ་བུར་ཚུལ་གཞན་གྱིས། །དེ་ཉིད་མཐོང་ན་དེ་རྟག་མིན། །གལ་ཏེ་ཚུལ་གཞན་དེ་ཉིད་ན། །གཅིག་ཉིད་དེ་ནི་སྔོན་མེད་གཅིག ། གར་མཁན་ལྟ་བུར་གཅིག་ཉིད་ཚུལ་ལམ་རྣམ་པ་གཞན་གྱིས་དེ་ཉིད་མཐོང་ན། དེ་རྟག་དངོས་འདོད་པ་མིན་པར་འགྱུར་ཏེ། གལ་ཏེ་ཚུལ་ལམ་རྣམ་པ་གཞན་དང་གཞན་དུ་འགྱུར་ན་ཡང་རང་བཞིན་དེ་ཉིད་འགྱུར་མེད་དུ་གནས་པར་འདོད་ན། གཅིག་ཉིད་དེ་ནི་སྔོན་ཆད་འཇིག་རྟེན་གྱི་ཁམས་འདིར་བྱུང་མྱོང་མེད་པའི་གཅིག་པུ་ཉིད་ཡིན་ནོ། ། རྩ་བར། གལ་ཏེ་ཚུལ་གཞན་བདེན་མིན་ན། །དེ་ཡི་རང་གི་རང་བཞིན་སྨྲོས། །ཤེས་ཉིད་ཅེ་ན་དེ་ལྟ་ན། །སྐྱེས་ཀུན་གཅིག་ཏུ་ཐལ་བར་འགྱུར། ། གལ་ཏེ་ཚུལ་ཏེ་རྣམ་འགྱུར་གཞན་དུ་སྣང་བ་དེ་སྣང་བ་ལྟར་དུ་བདེན་པ་མིན་ནོ་ཞེ་ན། འོ་ན། ཤེས་པ་དེ་ཡི་རང་གི་རང་བཞིན་ཡང་དག་པ་དེ་གང་ཡིན་ལེགས་པར་སྨྲོས་ཤིགབདག་ཤེས་རིག་གི་སྐྱེས་བུའི་རང་བཞིན་ཉིད་དོ་ཅེ་ན། དེ་ལྟར་ན། རྒྱུད་ཐ་དད་པའི་སྐྱེས་བུ་ཀུན་ཀྱང་རང་བཞིན་དེ་དང་འདྲ་བ་གཅིག་ཏུ་ཡོད་པས། སྐྱེས་བུ་ཡོད་དོ་ཅོག་ཀུན་གཅིག་ཏུ་ཐལ་བར་འགྱུར་བའི་སྐྱོན་ཆེན་པོ་ཡོད་དོ། ། རྩ་བར། སེམས་པ་སེམས་མེད་དེ་དག་ཀྱང་། །གཅིག་འགྱུར་གང་ཕྱིར་ཡོད་ཉིད་མཚུངས། །གང་ཚེ་བྱེ་བྲག་ཕྱིན་ཅི་ལོག ། དེ་ཚེ་འདྲ་བའི་རྟེན་གང་ཡིན། ། ཕྱོགས་གཅིག་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐམས་ཅད་འདྲ་བར་བརྗོད་དགོས་ན། སེམས་པ་དང་ལྡན་པའི་སེམས་ཅན་དང་། སེམས་མེད་བེམ་པོ་དེ་དག་ཀྱང་གཅིག་ཏུ་ 346 ཐལ་བར་འགྱུར། གང་གི་ཕྱིར་ཞེ་ན། དེ་གཉིས་ལ་ཆ་མེད་ཀྱི་རང་བཞིན་རྟག་པ་ལ་ཡོད་པ་ཉིད་དུ་མཚུངས་པའི་ཕྱིར་རོ། གང་གི་ཚེ་གཟུགས་ཤེས་པ་དང་། སྒྲ་ཤེས་པ་སོགས་རྣམ་འགྱུར་གྱི་བྱེ་བྲག་རྣམས་ཕྱིན་ཅི་ལོག་གམ་བརྫུན་པ་ཡིན་ན། དེའི་ཚེ་དེ་རྣམས་འདྲ་བའི་རྟེན་སྤྱི་གཙོ་བོ་བདེན་པར་གྲུབ་པ་གང་ཡིན་པ་དེ་ཡང་མེད་པར་ཐལ་བར་འགྱུར་རོ། གང་ཡིན་ཟེར་ན། རྣམ་འགྱུར་རྣམས་བརྫུན་པར་འདོད་པ་སྐབས་དུ་མར་ཁས་བླངས་ཟིན་པའི་ཕྱིར་རོ། ། རྩ་བར། སེམས་མེད་པ་ཡང་བདག་མིན་ཏེ། །སེམས་མེད་ཉིད་ཕྱིར་བུམ་སོགས་བཞིན། ། ཁྱེད་ཅག་གིས་འདོད་པའི་སེམས་མེད་པའི་བེམ་པོ་དེ་ཡང་བདག་མིན་ཏེ། སེམས་མེད་པའི་བེམ་པོ་དེ་སེམས་མེད་པ་ཉིད་ཀྱི་ཕྱིར། དཔེར་ན། བུམ་སོགས་བཞིན་ནོ། །སྐབས་འདིའི་ཡང་སྒྲས་སེམས་བདག་མིན་པ་མ་ཟད། སེམས་མེད་པའི་བེམ་པོ་ཡང་ཞེས་བསྡུའོ་ཞེས་ཡོན་ཏན་བུམ་བཟང་ལས་གསུངས། རྩ་བར། འོན་ཏེ་སེམས་དང་ལྡན་པའི་ཕྱིར། །ཤེས་ན་མི་ཤེས་འཇིག་པར་ཐལ། ། འོན་ཏེ་བདག་དེ་ཉིད་སེམས་མེད་བེམ་པོ་ཡིན་པའི་ཕྱིར་མི་ཤེས་ནའང་། བདག་དེ་རྐྱེན་སེམས་པ་དང་ལྡན་པའི་ཕྱིར་ཡུལ་རྣམས་ཤེས་པར་འགྱུར་རོ་ཞེ་ན། འོ་ན། བདག་དེས་སྔར་མི་ཤེས་པའི་ཡུལ་དེ་དག་ཕྱིས་ཤེས་པར་གྱུར་པས། རྟག་པའི་རང་བཞིན་ལས་འཇིག་པའི་རྣམ་པར་ཁ་ཕྱོགས་པར་ཐལ་ལོ། ། རྩ་བར། ཅི་སྟེ་བདག་ལ་འགྱུར་མེད་ན། །སེམས་པས་དེ་ལ་ཅི་ཞིག་བྱས། །དེ་ལྟར་ཤེས་མེད་བྱ་བྲལ་བ། །ནམ་མཁའ་བདག་ཏུ་བྱས་པར་འགྱུར། ། ཅི་སྟེ་རྟག་པ་དང་གཅིག་པུ་བ་ཁྱབ་པ་དང་རང་དབང་བའི་བདག་དེ་ལ་འགྱུར་བ་སོགས་གང་ཡང་མེད་པར་འདོད་ན། སེམས་པས་སེམས་དང་བྲལ་བའི་བེམ་པོ་དེ་ལ་ཅི་ 347 ཞིག་བྱས་སམ། གང་ཡང་བྱས་པ་དང་བྱེད་དུ་མེད་པར་འགྱུར་རོ། མ་ཟད་དེ་ལྟར་བདག་དེ་ཤེས་པ་མེད་ཅིང་། བྱ་བ་ཐམས་ཅད་དང་ཡོངས་སུ་བྲལ་བའི་ནམ་མཁའ་བདག་ཏུ་བྱས་པར་འགྱུར་བ་དང་ཀུན་ནས་མཚུངས་སོ། ། རྩ་བར། གལ་ཏེ་བདག་ནི་ཡོད་མིན་ན། །ལས་འབྲས་འབྲེལ་བ་རིགས་མིན་ཏེ། །ལས་བྱས་ནས་ནི་ཞིག་པས་ན། །སུ་ཡི་ལས་སུ་འགྱུར་ཞེ་ན། ། གལ་ཏེ་བདག་ནི་སླར་ཡང་སྐྱེ་བ་ལེན་པ་ལ་སོགས་ལ་ཡོད་པ་མིན་ན། ལས་དང་འབྲས་བུའི་འབྲེལ་བ་འདོད་པ་རིགས་པ་མིན་ཏེ། ལས་བཟང་ངན་སྣ་ཚོགས་པ་ཞིག་བྱས་ནས་ནི་ལས་དེ་སྐད་ཅིག་གཉིས་པར་ཞིག་པས་ན། སྔར་ལས་བཟང་ངན་སྣ་ཚོགས་བྱས་པ་དེ་དག་ཕྱིས་སུ་སུ་ཡི་ལས་སུ་འགྱུར་རོ། ངེད་ཅག་གིས་བདག་རྟག་པར་འདོད་པས། ལས་དང་འབྲས་བུའི་འབྲེལ་བ་དེ་ཆེས་ཤིན་ཏུ་ནས་འཐད་དོ་ཞེ་ན། རྩ་བར། བྱ་བ་འབྲས་གཞི་ཐ་དད་དང་། །དེར་བདག་བྱེད་པ་མེད་པར་ཡང་། །འུ་བུ་གཉིས་ཀ་ལ་གྲུབ་པས། །འདིར་བརྩད་དོན་མེད་མ་ཡིན་ནམ། ། རྒྱུ་ལས་སམ་བྱ་བ་བྱེད་པའི་དུས་ཀྱི་གཞི་དང་། ལས་སམ་བྱ་བ་དེའི་འབྲས་བུ་ལ་སྤྱོད་པའི་གཞི་གང་ཟག་གཉིས་རྫས་ཐ་དད་དང་། ལས་སམ་བྱ་བའི་འབྲས་བུ་ལ་ལོངས་སྤྱོད་པའི་དུས་དེར་སྔར་རྒྱུ་དུས་ཀྱི་བདག་སྟེ་ལས་བྱེད་པ་པོ་མེད་པར་ཡང་འུ་བུ་ཅག་གཉིས་ཀ་ལ་གྲུབ་པས། ཁྱོད་ཀྱིས་རྟག་པའི་བདག་ཅིག་མེད་ན། ལས་དང་འབྲས་བུའི་འབྲེལ་བ་མི་འཐད་ཅེས་འདིར་ཡང་ནས་ཡང་དུ་བརྩད་པ་དོན་མེད་དུ་འགྱུར་བ་མ་ཡིན་ནམ། རྩ་བར། རྒྱུ་ལྡན་འབྲས་བུ་དང་བཅས་ཞེས། །མཐོང་བ་འདི་ནི་སྲིད་མ་ཡིན། །རྒྱུད་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། ། རྒྱུ་གང་ཡང་རུང་བ་ཞིག་གསོག་པ་དང་ལྡན་པའི་དུས་དེར་རྒྱུ་དེས་བསྐྱེད་བྱར་གྱུར་པའི་འབྲས་བུ་དང་བཅས་ཞེས་ཚད་མས་མཐོང་བ་འདི་ནི་ཤེས་བྱ་ལ་སྲིད་པ་མ་ཡིན་ལ། 348 གང་འདྲ་ཡིན་ཟེར་ན། ཁ་སང་གི་བདག་དང་དེ་རིང་གི་བདག་གཉིས་ཐ་དད་དང་། ཁ་སང་གི་བདག་འགགས་ནས་དེ་རིང་བདག་གསར་དུ་གྲུབ་མིན་ལ་མ་ལྟོས་པར། ཁ་སང་གི་བདག་དང་དེ་རིང་གི་བདག་གཉིས་ཀྱི་ཤེས་རྒྱུད་གཅིག་རང་ལ་ནི་བརྟེན་ནས་སུ། སྔར་ལས་བྱེད་པ་པོ་དེ་ཉིད་ད་ལྟའི་འབྲས་བུ་ལ་ལོངས་སྤྱོད་པ་པོ་ཡིན་ནོ་ཞེས་ཐ་སྙད་བྱར་རུང་བར་བསྟན་ཏོ། ། རྩ་བར། འདས་དང་མ་འོངས་པ་ཡི་སེམས། །བདག་མིན་དེ་ནི་མེད་པའི་ཕྱིར། །འོན་ཏེ་སྐྱེ་སེམས་བདག་ཡིན་ན། །དེ་ཞིག་ན་ཡང་བདག་མེད་དོ། ། སེམས་ལ་དུས་གསུམ་གྱི་ཆ་ཕྱེས་པའི་འདས་པ་དང་མ་འོངས་པ་ཡི་སེམས་གཉིས་ནི་བདག་མིན་ཏེ། འདས་པའི་སེམས་ནི་ཞིག་ཟིན་པ་དང་། མ་འོངས་པ་ཡི་སེམས་ནི་འབྱུང་བར་འགྱུར་བས། དེ་གཉིས་ནི་ད་ལྟའི་དུས་སུ་མེད་པའི་ཕྱིར། འོན་ཏེ་སྐྱེ་སེམས་ད་ལྟ་བ་དེ་བདག་ཡིན་ནོ་སྙམ་ན། དེ་སྐད་ཅིག་གཉིས་པར་ཞིག་པ་ན་ཡང་བདག་མེད་པས། ཁྱེད་ཀྱིས་བདག་ནམ་ཡང་རྙེད་ཐུབ་པ་མེད་དོ། ། རྩ་བར། དཔེར་ན་ཆུ་ཤིང་སྡོང་པོ་དག །ཆ་ཤས་ཕྱེ་ན་འགའ་མེད་པ། །དེ་བཞིན་རྣམ་པར་དཔྱད་པ་ཡིས། །བཙལ་ན་བདག་ཀྱང་ཡང་དག་མིན། ། དཔེར་ན། སྙིང་པོས་དབེན་པའི་ཆུ་ཤིང་གི་སྡོང་པོ་དག་གི་ཆ་ཤས་རེ་རེ་ཕྱེས་ནས་ཅི་ཙམ་བཙལ་ཡང་ཆུ་ཤིང་གི་སྡོང་པོ་དེའི་སྟེང་ནས་དོན་གྱི་སྙིང་པོ་འགའ་ཡང་རྙེད་དུ་མེད་པ་དེ་བཞིན་དུ། རང་བཞིན་གྱིས་གྲུབ་མ་གྲུབ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྣམ་པར་དཔྱད་པ་ཡིས་ཅི་ཙམ་བཙལ་ན་ཡང་། བདག་ཀྱང་ཡང་དག་པ་སྟེ་རང་དབང་བ་ཞིག་གདགས་གཞིའི་ངོས་ནས་ཚུར་རྙེད་ཐུབ་པ་ཞིག་མིན་ནོ། ། རྩ་བར། གལ་ཏེ་སེམས་ཅན་ཡོད་མིན་ན། །སུ་ལ་སྙིང་རྗེ་བྱ་ཞེ་ན། །འབྲས་བུའི་དོན་དུ་ཁས་བླངས་པའི། །རྨོངས་པས་བཏགས་པ་གང་ཡིན་པའོ། ། 349 གལ་ཏེ་བཏགས་དོན་བཙལ་བའི་ཚེ་ན་བདག་དང་། གང་ཟག་དང་། སེམས་ཅན་དག་ཡོད་པ་མིན་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སུ་ཞིག་ལ་སྙིང་རྗེ་བསྒོམ་པར་བྱ་ཞེ་ན། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་པ་དང་། ལམ་གྱི་རིམ་པ་དག་ལ་སློབ་པར་ཁས་བླངས་པའི་དོན་ལ་མ་བརྟག་མ་དཔྱད་པར་འཇུག་པའི་འཇིག་རྟེན་རང་འགའ་བའི་བློ་རྨོངས་པས་བཏགས་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་སྙི ང་རྗེ་སྒོ མ་པར་བྱའོ། ། རྩ་བར། སེམས་ཅན་མེད་འབྲས་སུ་ཡི་ཡིན། །བདེན་ཏེ་འོན་ཀྱང་རྨོངས་ལས་འདོད། །སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུའི་རྨོངས་པ་བཟློག་མི་བྱ། ། བདེན་པར་གྲུབ་པའི་སེམས་ཅན་མེད་ན། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་སུ་ཡི་འཐོབ་བྱ་ཡིན་ནམ་ཞེ་ན། བདེན་པར་གྲུབ་པའི་འཐོབ་བྱ་རྫོགས་བྱང་དང་། དེ་ཐོབ་པར་བྱེད་མཁན་གྱི་གང་ཟག་གཉིས་མེད་པ་བདེན་ཏེ། འོན་ཀྱང་བདེན་པར་གྲུབ་པའི་དེ་གཉིས་མེད་ཀྱང་བློ་རྨོངས་པ་ཐ་སྙད་པའི་བློས་བཏགས་ཙམ་ལས་སྙིང་རྗེ་གོམས་པ་སོགས་མི་འགལ་བར་འདོད་དོ། །དེར་བརྟེན་རང་དང་གཞན་གྱི་སྡུག་བསྔལ་མཐའ་དག་ཉེ་བར་ཞི་བའི་དོན་དུ། རྫོགས་བྱང་གི་འབྲས་བུ་ཐོབ་པའི་ཆེད་རྨོངས་པའི་བློ་ཐ་སྙད་པ་དེ་འདྲ་ནི་བཟློག་པར་མི་བྱ་སྟེ། གང་ཡིན་ཟེར་ན། དེ་དོན་དམ་བདེན་པ་རྟོགས་པ་ལ་ཉེ་བར་མཁོ་བའི་ཕྱིར་རོ། ། རྩ་བར། སྡུག་བསྔལ་རྒྱུ་ཡི་ང་རྒྱལ་ནི། །བདག་ཏུ་རྨོངས་པས་འཕེལ་བར་འགྱུར། །དེ་ལས་ཀྱང་བཟློག་མེད་ཅེ་ན། །བདག་མེད་སྒོམ་པ་མཆོག་ཡིན་ནོ། ། སྡུག་བསྔལ་གསུམ་གྱི་རྒྱུ་ཡི་བྱེ་བྲག་ངའོ་སྙམ་པའི་ང་རྒྱལ་ནི། གང་ཟག་གི་བདག་ཏུ་འཛིན་པ་དང་། ཆོས་ཀྱི་བདག་ཏུ་འཛིན་པ་ལ་སོགས་པའི་རྨོངས་པས་འཕེལ་བར་འགྱུར་བས་འདོར་དགོས། བདག་འཛིན་དེ་གཉིས་ཀྱིས་ཉོན་མོངས་འཕེལ་བར་བྱེད་པས། 350 དེ་དག་ལྡོག་དགོས་ཤིང་ལྡོག་ནུས་པས་འགལ་བ་མེད་དོ། ངར་འཛིན་པ་དེ་དག་ལས་ཀྱང་བཟློག་ཏུ་མེད་ཅེ་ན། བཟློག་པའི་ཐབས་ཡོད་དེ། བདག་མེད་སྒོམ་པ་ནི་དེ་དག་བཟློག་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། ། རྩ་བར། ལུས་འདི་རྐང་པ་བྱིན་པ་མིན། །བརླ་དང་རྐེད་པའང་ལུས་མ་ཡིན། །ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ། །བྲང་དང་དཔུང་པའང་ལུས་མ་ཡིན། །རྩིབ་ལོགས་ལག་པའང་ལུས་མིན་ཏེ། །མཆན་ཁུང་ཕྲག་པའང་ལུས་མ་ཡིན། །ནང་ཁྲོལ་རྣམས་ཀྱང་དེ་མིན་ལ། །མགོ་དང་མགྲིན་པའང་ལུས་མིན་ན། །འདི་ལ་ལུས་ནི་གང་ཞིག་ཡིན། ། ལུས་འདི་རང་བཞིན་གྱིས་མ་གྲུབ་སྟེ། རྐང་པ་དང་། བྱིན་པ་ལུས་མིན་ལ། བརླ་དང་། རྐེད་པའང་ལུས་མ་ཡིན། ལྟོ་དང་། རྒྱབ་ཀྱང་ལུས་མིན་ཏེ། དེ་དག་ལུས་ཀྱི་མཚན་གཞིར་མི་རུང་བའི་ཕྱིར། གཞན་ཡང་། བྲང་དང་། དཔུང་པའང་ལུས་མ་ཡིན། རྩིབ་ལོག་དང་། ལག་པའང་ལུས་མིན་ཏེ། དེ་དག་ལ་བརྟེན་ནས་ལུས་སུ་བཏགས་པ་ཙམ་དུ་ཟད་པའི་ཕྱིར། ད་དུང་མཆན་ཁུང་དང་། ཕྲག་པའང་ལུས་མ་ཡིན། ནང་ཁྲོལ་རྣམས་ཀྱང་དེ་མིན་ལ་(ལུས་མིན་ལ།)། མགོ་དང་། མགྲིན་པའང་ལུས་མིན་ན། འདི་ལ་སྐྱེས་བུའི་ལུས་ནི་དེ་དག་ཚོགས་པ་ལ་བརྟེན་ནས་བཏགས་ཙམ་ཞིག་མ་གཏོགས་རང་ངོས་ནས་གྲུབ་པའི་ལུས་ཤིག་གང་ཞིག་ན་ཡོད་པ་ཡིན་ནམ་སྟེ་མེད་དོ། ། རྩ་བར། གལ་ཏེ་ལུས་འདི་ཐམས་ཅད་ལ། །ཕྱོགས་རེ་ཡིས་ནི་གནས་གྱུར་ན། །ཆ་རྣམས་ཆ་ལ་གནས་གྱུར་ཡོད། །དེ་རང་ཉིད་ནི་གང་ལ་གནས། ། གལ་ཏེ་ཡན་ལག་ཅན་གྱི་ལུས་ཧྲིལ་པོ་འདི་ལུས་ཀྱི་ཆ་ཐམས་ཅད་ལ་ཕྱོགས་རེ་ཡིས་ནི་སྟེ་མགོ་སྐེ་དང་རྐང་ལག་རེ་རེའི་སྟེང་དུ་གནས་པར་གྱུར་ན། ཆ་ཅན་ལུས་ཀྱི་ཆ་རྣམས་ 351 ཡན་ལག་གི་ཆ་དེ་དང་དེ་ལ་གནས་པར་གྱུར་པ་ཡོད་མོད། ཆ་མེད་བདེན་པའི་ལུས་དེ་རང་ཉིད་ནི་ལུས་ཀྱི་ཆ་ཤས་གང་ལ་གནས་ཏེ་མི་གནས་སོ། ། རྩ་བར། གལ་ཏེ་བདག་ཉིད་ཀན་གྱི་ལུས། །ལག་སོགས་རྣམས་ལ་གནས་ན་ནི། །ལག་སོགས་དེ་དག་ཇི་སྙེད་པ། །དེ་སྙེད་ཀྱི་ནི་ལུས་སུ་འགྱུར། ། གལ་ཏེ་བདག་ཉིད་ཀུན་གྱི་ལུས་དེ་མགོ་སྐེ་རྐང་ལག་སོགས་ཀྱི་ཆ་རྣམས་རེ་རེའི་སྟེང་ལ་ཧྲིལ་གྱིས་གནས་པར་འདོད་ན་ནི། ལག་པ་ལ་སོགས་པ་ཡན་ལག་དེ་དག་ཇི་སྙེད་པ་ཡོད་པ་དེ་སྙེད་ཀྱི་ནི་ལུས་སུ་ཡོད་པ་ཐལ་བར་འགྱུར་རོ། ། རྩ་བར། ཕྱི་དང་ནང་ན་ལུས་མེད་ན། །ཇི་ལྟར་ལག་སོགས་ལ་ལུས་ཡོད། །ལག་སོགས་རྣམས་ལས་གཞན་མེད་ན། །དེ་ནི་ཇི་ལྟར་ཡོད་པ་ཡིན། ། བཏགས་དོན་བཙལ་བའི་ཚེ་ན་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདིའི་ཕྱི་དང་ནང་གང་ན་ཡང་ལུས་སྤྱི་ཙམ་པ་ཞིག་རྙེད་དུ་མེད་ན། ཇི་ལྟར་རྐང་ལག་དང་མགོ་སྐེ་སོགས་ཆ་ཤས་རེ་རེའི་སྟེང་ལ་ལུས་སྤྱི་ཙམ་པ་ཧྲིལ་པོ་རེ་རེ་ཡོད་པར་གྱུར། ཡང་རྐང་ལག་སོགས་རྣམས་ལས་དོན་གཞན་པའི་ལུས་ཀྱང་མེད་ན། ལུས་དེ་ནི་ཇི་ལྟར་ན་རང་བཞིན་གྱིས་གྲུབ་པའི་ཡོད་པ་ཡིན་ཏེ་མིན་ནོ། ། རྩ་བར། དེས་ན་ལུས་མེད་ལག་སོགས་ལ། །རྨོངས་པ་ཡིས་ནི་ལུས་བློར་འགྱུར། །དབྱིབས་སུ་བཀོད་པའི་ཁྱད་པར་གྱིས། །ཐོ་ཡོར་ལ་ནི་མི་བློ་བཞིན། ། དེས་ན་རང་བཞིན་གྱིས་གྲུབ་པའི་ལུས་མེད་ཀྱང་། མགོ་སྐེ་དང་རྐང་ལག་སོགས་ལ་དམིགས་ནས་བདེན་པར་རྨོངས་པ་ཡིས་ནི་ལུས་རང་མཚན་པ་ལྟ་བུ་བློ་ངོར་ཤར་བར་འགྱུར་ཏེ། དཔེར་ན། མིའི་དབྱིབས་གཟུགས་སུ་བཀོད་པའི་ཁྱད་པར་གྱིས་མི་དང་འདྲ་བའི་ཐོ་ཡོར་ལ་ནི་མི་ངོ་མ་ཞིག་རེད་སྙམ་པའི་མིར་འཛིན་གྱི་བློ་སྐྱེ་བ་བཞིན་ནོ། ། རྩ་བར། ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ། །ལུས་ནི་སྐྱེས་བུ་ལྟར་སྣང་བ། །དེ་བཞིན་ཇི་སྲིད་ལག་སོགས་ལ། །དེ་ཡོད་དེ་སྲིད་དེར་ལུས་སྣང་། ། 352 ཇི་སྲིད་སྣང་བ་ཆེར་མི་གསལ་བ་དང་། མིའི་གཟུགས་སུ་བཅོས་པའི་ཐོ་ཡོར་གཉིས་ཀྱི་རྐྱེན་ལྷན་ཅིག་ཏུ་ཚོགས་པ་དེ་སྲིད་དུ། ལུས་ཏེ་ཐོ་ཡོར་ནི་སྐྱེས་བུ་ངོ་མ་ལྟར་སྣང་བ་དེ་བཞིན་དུ། ཇི་སྲིད་ལག་པ་དང་མགོ་སྐེ་སོགས་ལ་བདེན་སྣང་གི་རྐྱེན་གྱི་ཚོགས་པ་དེ་ཡོད་པ་དེ་སྲིད་དུ་དེར་ལུས་སུ་སྣང་བ་མ་ཟད། སྣང་བ་དེ་སྣང་བ་ལྟར་དུ་གྲུབ་པར་འཛིན་པའི་བློ་ཡང་སྐྱེ་བ་ཡིན་ནོ། ། རྩ་བར། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར། །ཚིགས་ཀྱང་རང་གི་ཆ་ཕྱེ་བས། །ཆ་ཡང་རྡུལ་དུ་ཕྱེ་བས་ཏེ། །རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེའང་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་ཡང་མེད། ། དེ་བཞིན་དུ་སོར་མོའི་ཚོགས་འདུས་པར་བརྟེན་ནས་བཞག་པ་ཡིན་ཕྱིར། ལག་པའི་ཆ་ཤས་སོ་སོ་ནས་བསལ་ན་ལག་པའང་རང་བཞིན་གྱིས་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་མི་སྲིད་དོ། མ་ཟད་སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་གསུམ་དང་བཅས་པ་ཡིན་ཕྱིར། རང་བཞིན་གྱིས་གྲུབ་པའི་སོར་མོ་མེད། དེ་བཞིན་ཚིགས་ཀྱང་རང་གི་སྟེ ང་འོག་བར་གསུམ་གྱི་ཆ་སོ་སོར་ཕྱེ་བས་ཏེ་ཕྱེ་ནས་དཔྱད་ན། རང་བཞིན་གྱིས་གྲུབ་པའི་ཚིགས་མེད། མ་ཟད་ཚིགས་ཀྱི་སྟེང་འོག་བར་གསུམ་གྱི་ཆ་དེ་ཡང་རྡུལ་ཕྲན་དུ་ཕྱེ་བས་ཏེ་ཕྱེ་ནས་དཔྱད་ན། རང་བཞིན་གྱིས་གྲུབ་པའི་ཚིགས་ཀྱི་ཆ་མེད། དེ་འདྲའི་རྡུལ་ཕྲན་དེའང་ཕྱོགས་ཀྱི་ཆའི་རྣམ་པར་དབྱེ་བ་ཡིས་ཕྱེ་ནས་དཔྱད་ན། རང་བཞིན་གྱིས་གྲུབ་པའི་རྡུལ་ཕྲན་མེད། ཕྱོགས་ཀྱི་ཆའི་དབྱེ་བའང་བདེན་པའི་ཆ་ཤས་དང་བྲལ་བའི་ཕྱིར། དེ་དག་ཐོགས་རེག་དང་བྲལ་བའི་ནམ་མཁའ་བཞིན་ནོ། དེས་ན་རང་བཞིན་གྱིས་གྲུབ་པའི་རྡུལ་ཡང་མེད་དེ། ཡོད་ན་རྡུལ་ཕྲན་ཆ་མེད་ཁས་ལེན་དགོས་པར་འགྱུར་ལ། དེ་ཁས་བླངས་ན་རྡུལ་ཆ་མེད་འགོག་པའི་རིགས་པས་ཤིན་ཏུ་ནས་གནོད་པའི་ཕྱིར་རོ། ། 353 རྩ་བར། དེ་ལྟར་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས། །གང་ཚེ་དེ་ལྟར་ལུས་མེད་པ། །དེ་ཚེ་སྐྱེས་གང་བུད་མེད་གང་། ། དེ་ལྟར་ཞིབ་ཏུ་དཔྱད་པས་རྨི་ལམ་ལྟ་བུ་ཡི་གཟུགས་སྒྲ་སོགས་ལ་དཔྱོད་ལྡན་སུ་ཞིག་ཆགས་པར་བྱེད། གང་ཚེ་དེ་ལྟར་ཕོ་མོའི་ཁྱད་པར་གྱི་སྒོ་ནས་སྐྱེས་པ་དང་བུད་མེད་ཅེས་ཐ་སྙད་བཏགས་པའི་གདགས་གཞི་ལུས་དེའང་བཏགས་དོན་བཙལ་ན་རྙེད་དུ་མེད་པས་ན། དེ་ཚེ་ལུས་དེ་ལ་བཏགས་པའི་སྐྱེས་པ་གང་དང་བུད་མེད་ཅེས་པའི་ཐ་སྙད་དེ་གང་ལ་བྱེད་དམ། རྩ་བར། སྡུག་བསྔལ་དེ་ཉིད་དུ་ཡོད་ན། །ཅི་སྟེ་རབ་དགའ་ལ་མི་གནོད། །བདེ་ན་མྱ་ངན་གདུངས་སོགས་ལ། །ཞིམ་སོགས་ཅི་སྟེ་དགའ་མི་བྱེད། ། སྡུག་བསྔལ་དེ་ཉིད་དུའམ་རང་བཞིན་གཞན་དུ་མི་འགྱུར་བའི་བཅོས་མེད་ཀྱི་སྡུག་བསྔལ་རང་མཚན་པ་ཞིག་ཡོད་ན། ཅི་སྟེ་རབ་ཏུ་དགའ་བའི་ཚོར་བ་སོགས་འབྱུང་བའི་སྐབས་ལ་ཅིའི་ཕྱིར་མི་གནོད་པ་ཡིན། དེ་བཞིན་དུ་རང་བཞིན་གཞན་དུ་མི་འགྱུར་བའི་བཅོས་མེད་ཀྱི་བདེ་བ་རང་མཚན་པ་ཞིག་ཡོད་ན། རང་གི་བུ་ཤི་བའི་མྱ་ངན་གྱིས་གདུངས་པ་སོགས་འབྱུང་བའི་སྐབས་ལ། རོ་བཅུད་ཤིན་ཏུ་ཆེ་བའི་བཟའ་བཏུང་ཞིམ་པོ་སོགས་ལ་ཅི་སྟེ་དགའ་བར་མི་བྱེད་པ་ཡིན་ནམ། རྩ་བར། སྟོབས་དང་ལྡན་པས་ཟིལ་མནན་ཕྱིར། །གལ་ཏེ་དེ་མྱོང་མ་ཡིན་ན། །གང་ཞིག་ཉམས་མྱོང་བདག་ཉིད་མིན། །དེ་ནི་ཚོར་བ་ཇི་ལྟར་ཡིན། ། དེ་ལ་སྐྱོན་མི་འབྱུང་སྟེ། དེ་ལྟར་མྱོང་བའི་ཚེ་ན་བདེ་བ་ཡོད་ནའང་། མྱ་ངན་གྱིས་གདུངས་པའི་སྡུག་བསྔལ་སྟོབས་དང་ལྡན་པ་ཡིན་པས་བདེ་བ་ཟིལ་གྱིས་མནན་ཕྱིར། གལ་ཏེ་བདེ་བ་དེ་མྱོང་མ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། ཚོར་བ་གང་ཞིག་ཡིན་ན་ཡང་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པས་ཁྱབ་སྟབས། ཉམས་སུ་མྱོང་བ་མིན་ན། དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ་མིན་ནོ། ། 354 རྩ་བར། སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད། །འདི་ཡིས་རགས་པ་བསལ་མིན་ནམ། །དེ་ནི་དེ་ལས་གཞན་དགའ་ཙམ། །ཞེ་ན་ཕྲ་ཉིད་དེ་ཡང་དེའི། ། སྡུག་བསྔལ་གྱི་ཚོར་བ་དེ་ཉམས་སུ་མྱོང་བཞིན་ཡོད་ན་ཡང་། དེ་ནས་སྡུག་བསྔལ་གྱི་ཚོར་བ་དེ་ཤིན་ཏུ་ཕྲ་མོ་ཉིད་དུ་ཡོད་སྟབས། ཉམས་སུ་མ་མྱོང་བ་དང་འདྲ་བ་ཡིན་ནོ་ཞེ་ན། འོ་ན། དེ་དུས་སྡུག་བསྔལ་ཕྲ་མོ་ཞིག་ཡོད་པ་ཁས་བླངས་པས་ན། ཤིན་ཏུ་སྟོབས་དང་ལྡན་པའི་བདེ་ཚོར་དེས་སྡུག་བསྔལ་རྩ་བ་ནས་མ་བསལ་སྟབས། དེས་སྡུག་བསྔལ་ལ་གནོད་པ་ཅི་ཞིག་བྱས་ནས་རང་ཉིད་སྟོབས་ལྡན་དུ་གྱུར་རམ་ཞེས་འདྲི་སྐབས། ཤིན་ཏུ་སྟོ བས་དང་ལྡན་པའི་བདེ་ཚོར་འདི་ཡིས་སྡུག་བསྔལ་རགས་པ་རྣམས་བསལ་བས་གནོད་པ་བྱས་པ་མིན་ནམ་སྟེ་ཡིན་ལ། གོང་བཤད་ལྟར་དེ་དུས་སྡུག་བསྔལ་ཕྲ་མོ་ཙམ་ཡོད་ཀྱང་དེ་ནི་བདེ་ཚོར་གྱིས་བསྒྱུར་ཏེ་དེ་ལས་གཞན་དགའ་བ་ཙམ་སྟེ་དགའ་བ་ཕྲ་མོའི་རྣམ་པར་མྱོང་བ་ཡིན་ནོ་ཞེ་ན། དགའ་ཚོར་གྱིས་བསྒྱུར་བའི་སྡུག་བསྔལ་ཕྲ་མོ་ཉིད་དེ་ཡང་དགའ་བ་དེའི་རིགས་ཡིན་གྱི། སྡུག་བསྔལ་ག་ལ་ཡིན་ཏེ་མིན་ནོ། ། རྩ་བར། གལ་ཏེ་འགལ་རྐྱེན་སྐྱེས་པས་ན། །སྡུག་བསྔལ་སྐྱེས་པ་མིན་ན་ནི། །ཚོར་བ་རྟོག་པ་མངོན་ཞེན་ཉིད། །ཡིན་ཞེས་བྱ་བར་གྲུབ་མིན་ནམ། ། གལ་ཏེ་སྡུག་བསྔལ་གྱི་འགལ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པས་ན། སྡུག་བསྔལ་སྐྱེས་པ་མིན་ནོ་ཟེར་ན་ནི། བདེ་སྡུག་གི་ཚོར་བར་རྟོག་པས་མངོན་པར་ཞེན་ཅིང་བཏགས་པ་ཙམ་ཉིད་ཡིན་གྱི། རང་ངོས་ནས་གྲུབ་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་ཡིན་པར་ཐལ། བཟའ་བཏུང་གཅིག་ཉིད་ཀྱང་རྟོག་པའི་དབང་གིས་བདེ་སྡུག་གཉིས་ཀའི་རྒྱུར་བཏགས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། ། རྩ་བར། དེ་ཉིད་ཕྱིར་ན་འདི་ཡི་ནི། །གཉེན་པོ་རྣམ་དཔྱད་འདི་བསྒོམ་སྟེ། །རྣམ་བརྟགས་ཞིང་ལས་བྱུང་བ་ཡི། །བསམ་གཏན་རྣལ་འབྱོར་པ་ཡི་ཟས། ། 355 གོང་དུ་བཤད་པ་ལྟར་ཚོར་བ་དེ་རང་བཞིན་གྱིས་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ན། ཚོར་བ་བདེན་པར་འཛིན་པའི་བདེན་འཛིན་འདི་ཡི་ནི་གཉེན་པོར་ཚོར་བ་བདེན་མེད་ཉིད་དུ་རྣམ་པར་དཔྱད་པའི་ཤེས་རབ་འདི་ཉིད་ཡང་ནས་ཡང་དུ་བསྒོམ་པར་བྱ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་བརྟགས་ཤིང་དཔྱད་པའི་ཞིང་ས་ལས་བྱུང་བ་ཡི་དཔྱད་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་བསམ་གཏན་དེ་ནི། རྣལ་འབྱོར་པ་ཡི་ཞི་ལྷག་ཟུང་དུ་འབྲེལ་བའི་ཉམས་ལེན་གྱི་ལུས་སྟོབས་རྒྱས་པར་བྱེད་པའི་ཟས་མཆོག་ཏུ་གྱུར་པ་ཞིག་གོ ། རྩ་བར། གལ་ཏེ་དབང་དོན་བར་བཅས་ན། །དེ་དག་གང་དུ་ཕྲད་པར་འགྱུར། །བར་མེད་ན་ཡང་གཅིག་ཉིད་དེ། །གང་ཞིག་གང་དང་འཕྲད་པར་འགྱུར། ། དབང་དོན་གཉིས་འཕྲད་པ་འགོག་པ་ལ། གལ་ཏེ་དབང་པོའི་རྡུལ་དང་དོན་གཟུགས་ཀྱི་རྡུལ་གཉིས་ཆོས་གཞན་གྱིས་བར་ཆོད་པ་དང་བཅས་ན། དབང་དོན་དེ་དག་ཕན་ཚུན་མཉམ་འདུས་ཀྱིས་གང་དུ་ཚུལ་ཇི་ལྟར་འཕྲད་པར་འགྱུར་ཏེ། བར་དང་བཅས་པའི་ཕྱིར། དེ་གཉིས་ལ་བར་མེད་པར་འདོད་པའི་དབང་དུ་བཏང་ན་ཡང་ཆ་མེད་གཅིག་ཉིད་དེ། དེ་ལྟར་ན། དབང་པོ་གང་ཞིག་དོན་གང་དང་། དོན་གང་ཞིག་དབང་པོ་གང་དང་འཕྲད་པར་འགྱུར་བའི་ཚུལ་ཇི་ལྟར་གླེ ང་སྟེ་གླེ ང་ཐབས་བྲལ་ལོ། ། རྩ་བར། རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་མེད། །དེ་ནི་སྐབས་མེད་མཉམ་པ་ཡིན། ། ཆ་མེད་ཀྱི་རྡུལ་ཕྲན་གཅིག་ཆ་མེད་ཀྱི་རྡུལ་ཕྲན་གཞན་ལ་འཇུག་པ་སྟེ་ཐིམ་པ་མེད་དེ། ཆ་མེད་ཀྱི་རྡུལ་ཕྲན་དེ་དག་ནི་བར་སྐབས་སྟོང་པ་མེད་པའི་ཕྱིར་དང་། ནང་ཕན་ཚུན་བོངས་ཚོད་ལ་ཆེ་ཆུང་མེད་པས་མཉམ་པ་ཡིན་ནོ། ། རྩ་བར། མ་ཞུགས་པ་ལ་འདྲེས་མེད་ཅིང་། །མ་འདྲེས་པ་ལ་ཕྲད་པ་མེད། །ཆ་མེད་པ་ལའང་ཕྲད་པ་ཞེས། །བྱ་བ་ཇི་ལྟར་འཐད་པར་འགྱུར། ། 356 རྡུལ་ཕྲན་ལ་རྡུལ་ཕྲན་མ་ཞུགས་པ་ལ་དེ་གཉིས་འདྲེས་པ་མེད་ཅིང་། མ་འདྲེས་པ་ལ་དེ་གཉིས་ཕན་ཚུན་འཕྲད་པའི་སྐབས་མེད། རྡུལ་ཕྲན་ཤིན་ཏུ་ནས་ཕྲ་བའི་མཐར་ཐུག་པའི་སྐབས་ལ་བར་སྟོང་མེད་ན་ཆ་ཤས་ཀྱིས་སྟོང་པའི་ཆ་མེད་དུ་འགྱུར་བས། ཆ་མེད་པ་ལ་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ་མི་འཐད་དོ། ། རྩ་བར། ཕྲད་པ་དང་ནི་ཆ་མེད་པར། །གལ་ཏེ་མཐོང་ན་བསྟན་པར་གྱིས། །རྣམ་ཤེས་ལུས་མེད་པ་ལ་ནི། །ཕྲད་པ་འཐད་པ་མ་ཡིན་ཉིད། ། ཕན་ཚུན་ཕྲད་རྒྱུ་ཡོད་པ་དང་ནི་ཆ་ཤས་ཀྱིས་སྟོང་པའི་ཆ་མེད་པར་ཡོད་པ་ཞིག་གལ་ཏེ་དེ་སྔོན་མཐོང་མྱོང་ཡོད་ན། མཚན་གཞི་དང་བཅས་ལེགས་པར་བསྟན་པར་གྱིས་ཤིག དབང་པོས་བདག་རྐྱེན་དང་། ཡུལ་གྱིས་དམིགས་རྐྱེན། ཤེས་པ་སྔ་མ་སྔ་མས་དེ་མ་ཐག་རྐྱེན་བྱས་ཏེ་སྐྱེས་པའི་རྣམ་པར་ཤེས་པ་ནི་གཟུགས་མེད་ཡིན་པས། དེ་འདྲའི་ལུས་མེད་པའི་རྣམ་པར་ཤེས་པ་ལ་ནི་རང་བཞིན་གྱིས་ཕྲད་པའི་ཐ་སྙད་འཐད་པ་མ་ཡིན་པ་ཉིད་དོ། ། རྩ་བར། ཚོགས་པའང་དངོས་པོ་མེད་ཕྱིར་ཏེ། །སྔར་ནི་ཇི་ལྟར་རྣམ་དཔྱོད་བཞིན། ། རྡུལ་ཕྲན་དུ་མ་ཚོགས་པའི་རགས་པའང་ཕན་ཚུན་ཕྲད་པ་རང་བཞིན་གྱིས་མེད། གང་ཡིན་ཟེར་ན། དེ་དག་ནི་བདེན་པའི་དངོས་པོ་མེད་པའི་ཕྱིར་ཏེ། སྔར་ནི་ལུས་ནི་སྐང་པ་བྱིན་པ་མིན་ཞེས་སོགས་ཀྱི་སྐབས་སུ་ཇི་ལྟར་རྣམ་པར་དཔྱོད་པ་བཞིན་ནོ། ། རྩ་བར། དེ་ལྟར་རེག་པ་ཡོད་མིན་ན། །ཚོར་བ་གང་ལས་འབྱུང་བར་འགྱུར། །ངལ་འདི་ཅི་ཡི་དོན་དུ་ཡིན། །གང་གིས་གང་ལ་གནོད་པར་འགྱུར། ། དེ་ལྟར་གོང་དུ་བཤད་པ་ལྟར་གྱིས་རྣམ་པར་དཔྱད་པས་རྒྱུ་རེག་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ན། འབྲས་བུ་ཚོར་བ་བདེ་བ་ལ་སོགས་བདེན་པར་གྲུབ་པ་རྒྱུ་གང་ལས་འབྱུང་བར་འགྱུར་ཏེ་མི་འགྱུར་ལ། ཚོར་བ་བདེན་གྲུབ་མེད་ན་དེའི་དོན་དུ་ངལ་བ་འདི་འདྲ་ཅི་ཡི་དོན་དུ་བསྟེན་པ་ཡིན། བཏགས་དོན་བཙལ་ན་གནོད་བྱེད་ཀྱི་ཚོར་བ་དང་། 357 གནོད་བྱའི་ཡུལ་གང་ཟག་སོགས་གང་ཡང་རང་བཞིན་གྱིས་གྲུབ་པ་མེད་པས། ཚོར་བ་གང་གིས་ཡུལ་གང་ལ་གནོད་པར་འགྱུར་ཏེ་མི་འགྱུར་རོ། ། རྩ་བར། གང་ཚེ་ཚོར་པོ་འགའ་མེད་ཅིང་། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་ལྡོག་མི་འགྱུར། ། སྣང་སྲིད་ཀྱི་ཆོས་ཀུན་གོང་ལྟར་དཔྱད་ཚུལ་གྱིས་དཔྱད་ན། གང་ཚེ་ཚོར་བ་མྱོང་བ་པོ་འགའ་ཡང་རང་བཞིན་གྱིས་གྲུབ་པ་མེད་ཅིང་། མ་ཟད་ཚོར་བའང་རང་བཞིན་གྱིས་གྲུབ་པའི་ཡོད་པ་མ་ཡིན་པ་དེ་ཚེ། མྱོང་བྱའི་ཚོར་བ་དང་དེ་མྱོང་བ་པོ་གང་ཟག་གཉིས་ཆ་རང་བཞིན་གྱིས་གྲུབ་པའི་ཡོད་པ་མ་ཡིན་པའི་གནས་སྐབས་འདི་ལེགས་པར་མཐོང་བར་བྱས་ནས། སྲེད་པ་ཅི་ཕྱིར་ལྡོག་པར་མི་འགྱུར་རོ། ། རྩ་བར། མཐོང་བ་འམ་ནི་རེག་པ་ཡང་། །རྨི་ལམ་སྒྱུ་འདྲའི་བདག་ཉིད་ཀྱིས། ། མིག་ཤེས་ཀྱིས་གཟུགས་སོགས་མཐོང་བའམ་ནི། ཡང་ན་ལུས་ཤེས་ཀྱིས་རེག་བྱ་ལ་རེག་པ་ལ་སོགས་པའི་ཚོར་བ་སྐྱེད་བྱེད་ཀྱི་ཡུལ་ཐམས་ཅད་ཡང་རྨི་ལམ་དང་སྒྱུ་མ་དང་འདྲའི་བདག་ཉིད་ཀྱིས་བདེན་པར་མེད་པར་གནས་ན། གཟུགས་དང་རེག་བྱ་ལ་སོགས་པའི་དམིགས་རྐྱེན་དེ་དག་གིས་བསྐྱེད་པའི་ཚོར་བ་སོགས་ཀྱང་བདེན་པར་གྲུབ་པའི་ཚུལ་གྱིས་ཇི་ལྟར་གནས་སམ། རྩ་བར། སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར། །ཚོར་བ་དེ་ཡིས་མཐོང་མ་ཡིན། ། ཚོར་བ་དེ་སེམས་དང་མཚུངས་ལྡན་དུ་ལྷན་ཅིག་སྐྱེས་པའི་ཕྱིར། ཚོར་བ་དེ་ཉིད་དང་དུས་མཉམ་པའི་སེམས་དེ་ཡིས། ཚོར་བ་དེ་ཉིད་བདེན་པར་གྲུབ་པའི་ཚུལ་གྱིས་མཐོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་ལ་འབྲེལ་བ་མེད་པའི་ཕྱིར། རྩ་བར། སྔར་དང་ཕྱི་མར་སྐྱེས་པས་ཀྱང་། །དྲན་པར་འགྱུར་གྱི་མྱོང་མ་ཡིན། ། ཚོར་བའི་སྔར་སྐྱེས་པའི་སེམས་ཀྱིས་ཚོར་བ་མྱོང་བར་འདོད་པ་མི་འཐད་དེ། དེ་ 358 དུས་མྱང་བྱའི་ཚོར་བ་དེ་མ་སྐྱེས་པའི་ཕྱིར་དང་། ཕྱི་མར་སྐྱེས་པས་ཀྱང་ཚོར་བ་དེ་ཡིད་ངོར་དྲན་པར་འགྱུར་གྱི་མྱོང་བ་མ་ཡིན་ཏེ། དེ་དུས་མྱང་བྱའི་ཚོར་བ་དེ། ཡོངས་སུ་འགགས་ཟིན་པའི་ཕྱིར་རོ། ། རྩ་བར། རང་གིས་བདག་ཉིད་མྱོང་མིན་ལ། །གཞན་དག་གིས་ཀྱང་མྱོང་མ་ཡིན། །ཚོར་པོ་འགའ་ཡང་ཡོད་མིན་ཏེ། །དེས་ན་ཚོར་བ་དེ་ཉིད་མིན། །དེ་ལྟར་བདག་མེད་ཚོགས་འདི་ལ། །འདི་ཡིས་ཇི་ལྟར་གནོད་པ་བྱས། ། རང་རིག་བཀག་པ་ཉིད་ཀྱིས་ཁེགས་པའི་ཕྱིར་ཚོར་བ་རང་གིས་རང་གི་བདག་ཉིད་དུ་ནི་མྱོང་བ་མིན་ལ། རང་བཞིན་གྱིས་གྲུབ་པའི་མྱོང་བྱེད་གཞན་ཞིག་གིས་ཀྱང་མྱོང་བ་མ་ཡིན་ཏེ། དེ་ལྟར་ཡིན་ན་ཐུག་མེད་དུ་འགྱུར་བའི་ཕྱིར། མ་ཟད་ཚོར་པོ་གང་ཟག་འགའ་ཡང་རང་བཞིན་གྱིས་ཡོད་པ་མིན་ཏེ། གང་ཟག་བདེན་གྲུབ་སྔར་བཀག་ཟིན་པ་དེས་ན་ཚོར་བ་དེ་ཁོ་ན་ཉིད་དུ་གྲུབ་པ་མིན་ནོ། དེ་ལྟར་རྒྱུ་རྐྱེན་གང་ལ་ཡང་མ་ལྟོས་པར་རང་བཞིན་གྱིས་བདག་ཏུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པའི་ཕུང་པོའི་ཚོགས་པ་འདི་ལ། ཚོར་བ་བདེ་སྡུག་འདི་ཡིས་ཇི་ལྟར་བྱས་ཏེ་ཕན་པ་དང་གནོད་པའི་ལས་བྱས་སམ། རྩ་བར། ཡིད་ནི་དབང་རྣམས་ལ་མི་གནས། །གཟུགས་སོགས་ལ་མིན་བར་ནའང་མེད། །ནང་ནའང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། ། སེམས་དྲན་པ་ཉེ་བར་བཞག་པ་བསྟན་པའི་ཕྱིར། ཡིད་ནི་མིག་སྣ་དང་ལྕེའི་དབང་པོ་རྣམས་ལ་མི་གནས་ཤིང་། ཕྱི་རོལ་གཟུགས་སྒྲ་སོགས་ཀྱི་སྟེང་ལ་མིན་ལ། མིག་སྣའི་དབང་པོ་དང་ཕྱི་རོལ་གཟུགས་སྒྲ་སོགས་ཀྱི་བར་ནའང་གནས་པ་མེད། མུ་སྟེགས་པས་ནང་གི་བྱེད་པར་སྐྱེས་བུས་བཏགས་པའི་ནང་ནའང་སེམས་རང་བཞིན་གྱིས་གནས་པ་མིན་ལ། ཕྱིའི་རྐང་ལག་སོགས་ཡན་ལག་རྣམས་ཀྱི་སྟེང་དུ་དེ་བས་ཀྱང་མིན་ཞིང་། དེ་དག་ལས་གཞན་པའི་ཆོས་གང་གི་སྟེང་དུ་ཡང་ནི་སེམས་གནས་པའི་ཚུལ་རྙེད་པ་མ་ཡིན་ནོ། ། 359 རྩ་བར། གང་ཞིག་ལུས་མིན་གཞན་དུ་མིན། །འདྲེས་མིན་ལོགས་སུའང་འགར་མེད་པ། །དེ་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། ། གོང་དུ་རོབ་ཙམ་གསལ་བ་ལྟར། སེམས་གང་ཞིག་ཕྱིའི་ལུས་ཀྱི་སྟེང་ནས་མིན་ལ། ལུས་དེ་ལས་གཞན་དུ་ཚོར་བ་སོགས་ཀྱི་སྟེང་ནས་ཀྱང་མིན། ལུས་དང་འདྲེས་འདྲེས་སུ་གནས་པ་མིན་ལ། ལུས་ལས་ལོགས་སུའང་ཡན་གར་བའི་ཚུལ་གྱིས་གནས་པ་འགར་མེད་པས་ན། སེམས་དེ་ནི་ཅུང་ཟད་ཙམ་ཡང་རྙེད་པའི་གནས་ཡོད་པ་མིན་པ་དེའི་ཕྱིར། སེམས་ཅན་རྣམས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། ། རྩ་བར། ཤེས་བྱ་ལས་སྔར་ཤེས་ཡོད་ན། །དེ་ནི་ཅི་ལ་དམིགས་ནས་སྐྱེ། །ཤེས་དང་ཤེས་བྱ་ལྷན་ཅིག་ན། །དེ་ནི་ཅི་ལ་དམིགས་ནས་སྐྱེ། ། གཟུགས་སྒྲ་ལ་སོགས་པའི་ཤེས་བྱ་སྐྱེས་པ་ལས་སྔར་མིག་གི་རྣམ་པར་ཤེས་པ་སོགས་ཡོད་པར་གྲུབ་ན། ཤེས་པ་དེ་རིགས་ནི་ཡུལ་ཅི་ཞིག་ལ་དམིགས་ནས་སྐྱེ། ཡང་མིག་གི་རྣམ་པར་ཤེས་པ་སོགས་དང་ཤེས་བྱ་གཟུགས་སྒྲ་ལ་སོགས་པ་གཉིས་དུས་སྔ་ཕྱིའི་ཆ་མེད་པར་ལྷན་ཅིག་ཏུ་སྐྱེས་པ་ཡིན་ན། མིག་གི་ཤེས་པ་ལ་སོགས་པ་དེ་དག་ནི་ཡུལ་དང་འབྲེལ་བ་ཡེ་ནས་མེད་པས་ཅི་ལ་དམིགས་ནས་སྐྱེའོ། ། རྩ་བར། འོན་ཏེ་ཤེས་བྱའི་ཕྱིས་ཡོད་ན། །དེ་ཚེ་ཤེས་པ་གང་ལས་སྐྱེ། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་རྟོགས་པར་འགྱུར་མ་ཡིན། ། འོན་ཏེ་མིག་གི་རྣམ་པར་ཤེས་པ་སོགས་གཟུགས་སྒྲ་ལ་སོགས་པའི་ཤེས་བྱའི་ཕྱིས་ཏེ་རྗེས་སུ་སྐྱེས་པ་ཡོད་ན། དེ་ཚེ་མིག་གི་རྣམ་པར་ཤེས་པ་སོགས་དམིགས་རྐྱེན་གང་ལས་དོན་དམ་པར་སྐྱེ་བ་ཡིན་ནམ། སྔར་བཤད་པ་དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་རང་བཞིན་གྱིས་གྲུབ་པ་རྟོགས་པར་འགྱུར་བ་མ་ཡིན་ནོ། ། རྩ་བར། གལ་ཏེ་དེ་ལྟར་ཀུན་རྫོབ་མེད། །དེ་ལ་བདེན་གཉིས་ག་ལ་ཡོད། །དེ་ཡང་ཀུན་རྫོབ་གཞན་གྱིས་ནི། །སེམས་ཅན་མྱ་ངན་ག་ལ་འདའ། ། 360 གལ་ཏེ་དེ་ལྟར་དབུ་མ་པ་ཁྱོད་ཀྱིས་བཏགས་དོན་བཙལ་བའི་ཚེ་ན། གཟུགས་སྒྲ་ལ་སོགས་པ་མེད་པར་འདོད་ན། ཀུན་རྫོབ་ཀྱི་བདེན་པ་མེད་པར་འགྱུར་འགྲོ་བས། དེ་ལ་དོན་དམ་པ་གཅིག་པུ་ལས་བདེན་གཉིས་ག་ལ་ཡོད་དེ་མེད་དོ། དེ་ཡང་ཀུན་རྫོབ་ཀྱི་ཆོས་རྣམས་བློ་གཞན་གྱིས་ཡོད་པར་རློམ་པ་ཙམ་གྱིས་ནི་བཞག་སྟབས། སེམས་ཅན་རྣམས་ཀུན་རྫོབ་ཏུ་ཡང་མྱ་ངན་ལས་ག་ལ་འདའ་བར་འགྱུར་ཏེ་མི་འགྱུར་རོ་ཞེ་ན། རྩ་བར། འདི་ནི་གཞན་སེམས་རྣམ་རྟོག་སྟེ། །དེ་ནི་རང་གི་ཀུན་རྫོབ་མིན། །ཕྱིས་དེ་ངེས་ན་དེ་ཡོད་དེ། །མིན་ན་ཀུན་རྫོབ་མེད་པ་ཉིད། ། རྒྱུན་ལྡོག་ཏུ་མེད་པའི་ཀུན་རྫོབ་ཀྱི་སྣང་བ་འདི་ནི། སེམས་ཅན་གཞན་རང་རང་གི་རྣམ་རྟོག་སྤྲོས་པའི་དབང་གིས་སྣང་བའི་སྐྲ་ཤད་དང་རྨི་ལམ་ལྟ་བུ་སྟེ། དེ་ནི་ཐལ་འགྱུར་བ་རང་གི་ལུགས་ལ་ཀུན་རྫོབ་ཏུ་ཡོད་ཚུལ་ག་ལ་ཡིན་ཏེ་མིན། འོ་ན། ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་ཚད་གྲུབ་འཇོག་སྟངས་ཇི་ལྟར་ཡིན་ཞེ་ན། ཕྱིས་མཉམ་བཞག་དེ་ལས་ལྡང་བའི་རྗེས་སུ་སྟོང་ཉིད་རྟོགས་པའི་སྟོབས་ཀྱིས་སྣང་ཕྱོགས་ཀྱི་ཆོས་རྣམས་མ་བརླག་པར་དེ་དག་ཚད་མས་ངེས་ཤིང་། མ་ཟད་སྣང་སྟོང་གཉིས་གཅིག་ཕན་གཅིག་གྲོགས་ཀྱིས་འགྲོ་ཐུབ་པ་བྱུང་ན། ཀུན་རྫོབ་ཀྱི་ཆོས་རྣམས་ཚད་གྲུབ་ཏུ་བཞག་ཏུ་ཡོད་པས། དེ་ཀུན་རྫོབ་ཏུ་ཡོད་པའི་དོན་ཡིན་གྱི། དེ་ལྟར་མིན་ན་ཀུན་རྫོབ་ཚད་གྲུབ་ཀྱི་རྣམ་གཞག་ཡང་དག་པ་ཞིག་འཇོག་སའི་གནས་མེད་པ་ཉིད་དུ་འགྱུར་རོ། ། རྩ་བར། རྟོག་དང་བརྟག་པར་བྱ་བ་དག ། གཉིས་པོ་ཕན་ཚུན་བརྟེན་པ་ཡིན། །ཇི་ལྟར་གྲགས་པ་ལ་བརྟེན་ནས། །རྣམ་པར་དཔྱད་པ་ཐམས་ཅད་བརྗོད། ། ཡུལ་ཅན་རྟོག་པ་དང་ཡུལ་བརྟག་པར་བྱ་བ་དག་གཉིས་པོ་ཕན་ཚུན་གཅིག་གིས་གཅིག་ལ་རག་ལས་པ་ལྟ་བུའི་ཚུལ་གྱིས་བརྟེན་པ་ཡིན་སྟབས། རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚད་མ་ལ་གྲགས་པ་བཞིན་དུ་མིང་ཙམ་ལ་བརྟེན་ནས་རྣམ་པར་དཔྱད་པ་སྟེ་རྣམ་གཞག་ཐམས་ཅད་བརྗོད་པ་ཡིན་ནོ། ། 361 རྩ་བར། གང་ཚེ་རྣམ་པར་དཔྱད་པ་ཡི། །རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། །དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཕྱིར་ན་ཐུག་པ་མེད། ། གང་ཚེ་གཞི་བུམ་པ་ལྟ་བུ་ལ་རྣམ་པར་དཔྱད་པ་ཡི་རྣམ་དཔྱོད་ཀྱིས་ནི། གཞི་དེ་རང་བཞིན་གྱིས་ཡོད་མེད་དཔྱོད་པར་བྱེད་ན། དེའི་ཚེ་རྣམ་དཔྱོད་དེ་ཡང་ནི་བདེན་པར་ཡོད་མེད་དཔྱོད་བྱེད་ཀྱི་རྣམ་དཔྱོད་གཞན་ཞིག་དགོས་པའི་ཕྱིར་ན། དཔྱོད་བྱེད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། རྩ་བར། དཔྱད་བྱ་རྣམ་པར་དཔྱད་བྱས་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། ། གཞི་བུམ་པ་ལྟ་བུས་མཚོན་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་བྱེད་ཀྱི་ཚད་མ་དེ་ལ་རང་ཉིད་བདེན་མེད་དུ་དཔྱོད་བྱེད་ཀྱི་ཚད་མ་གཞན་མི་དགོས་ཏེ། དཔྱད་བྱའི་ཆོས་གཞན་རྣམས་བདེན་མེད་དུ་རྣམ་པར་དཔྱད་པར་བྱས་ནས། དེ་ལྟར་བདེན་མེད་དུ་ཚད་མས་ངེས་སོང་ན། དེ་དཔྱོད་བྱེད་ཀྱི་རྣམ་དཔྱོད་རང་ཉིད་ལ་ནི། བདེན་འཛིན་གྱི་འཛིན་སྟངས་བཀག་པའི་རྒྱུན་མ་བཏང་བར་སླར་དཔྱད་དགོས་པའི་རྟེན་ཆོས་ཅན་བདེན་གྲུབ་ཀྱི་རྣམ་པ་གང་ཡང་འཆར་རྒྱུ་ཡོད་པ་མིན་པས། དེ་འདྲའི་བློ་ངོར་རྟེན་ཚོས་ཅན་བདེན་གྲུབ་མེད་པའི་ཕྱིར་ན། དགག་བྱ་བདེན་གྲུབ་དང་བཀག་པ་བདེན་མེད་གཉིས་ཀའང་རང་བཞིན་གྱིས་མི་སྐྱེ་སྟེ། དེ་ལྟར་རང་བཞིན་གྱིས་མི་སྐྱེ་བ་དེ་ཡང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ལ། དེ་ཉིད་ཡང་ནས་ཡང་དུ་གོམས་པར་བྱས་ན། མི་རིང་བར་གློ་བུར་དྲི་བྲལ་གྱི་མྱང་འདས་འཐོབ་པ་བརྗོད་ག་ལ་དགོས། རྩ་བར། གང་གི་ལྟར་ན་འདི་གཉིས་བདེན། །དེ་ཉིད་ཤིན་ཏུ་དཀའ་བར་གནས། །གལ་ཏེ་ཤེས་དབང་ལས་དོན་གྲུབ། །ཤེས་ཡོད་ཉིད་ལ་རྟེན་ཅི་ཡོད། །འོན་ཏེ་ཤེས་བྱ་ལས་ཤེས་གྲུབ། །ཤེས་བྱ་ཡོད་ལ་རྟེན་ཅི་ཡོད། །དེ་སྟེ་ཕན་ཚུན་དབང་གིས་ཡོད། །གཉིས་ཀ་ཡང་ནི་མེད་པར་འགྱུར། ། 362 དངོས་སྨྲ་བ་གང་གི་ལུགས་ལྟར་ན། དོན་ཤེས་གཉིས་ལས་ཤེས་པ་དང་། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་འདི་གཉིས་བདེན་གྲུབ་ཏུ་འདོད་པ་དེ་ཉིད་ལ་སྒྲུབ་བྱེད་ཤིན་ཏུ་ནས་དཀའ་བར་གནས་ཏེ། གལ་ཏེ་ཤེས་དབང་ལས་ཏེ་ཤེས་པའི་སྟོབས་ཀྱིས་གཞལ་བྱའི་དོན་བདེན་པར་གྲུབ་པར་འདོད་ན། དེའི་ཚེ་ཤེས་པ་ཡོད་པ་ཉིད་ལ་རྟེན་སྒྲུབ་བྱེད་ཅི་ཞིག་ཡོད་དམ། ཤེས་པ་རང་གིས་རང་རིག་པ་ནི་མེད་ལ། ཤེས་པ་གཞན་ཞིག་འཚོལ་བར་འབད་ན་དེ་ནི་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། འོན་ཏེ་ཤེས་བྱ་བདེན་པ་ལས་ཤེས་པ་བདེན་པར་གྲུབ་ན། ཤེས་བྱ་བདེན་པར་ཡོད་པ་ལ་རྟེན་སྒྲུབ་བྱེད་ཅི་ཞིག་ཡོད། དེ་སྟེ་ཕན་ཚུན་ལྟོས་པའི་དབང་གིས་ནི་ཡོད་པར་འདོད་ན། དེའི་ཚེ་གཉིས་ཀ་ཡང་ནི་རང་བཞིན་གྱིས་གྲུབ་པ་མེད་པར་འགྱུར་ཏེ། རིང་ཐུང་བཞིན་ནོ། ། རྩ་བར། གལ་ཏེ་བུ་མེད་ཕ་མིན་ན། །བུ་ཉིད་གང་ལས་བྱུང་བ་ཡིན། །བུ་མེད་པར་ནི་ཕ་མེད་པ། །དེ་བཞིན་དེ་གཉིས་མེད་པ་ཉིད། ། གལ་ཏེ་བུ་མེད་པའི་སྔ་རོལ་ཏུ་ཕ་ཡོད་པ་མིན་ན། བུ་ཉིད་གང་ལས་བྱུང་བ་ཡིན་ནམ། བུ་མེད་པར་ནི་སྟེ་བུ་མ་སྐྱེས་པར་ཕ་མེད་པར་འདོད་ན། ཕ་བུ་གཉིས་ཕན་ཚུན་གཅིག་ལ་གཅིག་ལྟོས་ནས་འཇོག་དགོས་པས་བདེན་པར་མེད་པ་དེ་བཞིན་དུ། དོན་ཤེས་དེ་གཉིས་ཀྱང་ཕན་ཚུན་གཅིག་ལ་གཅིག་ལྟོས་ནས་འཇོག་དགོས་པས་བདེན་པར་མེད་པ་ཉིད་དོ། ། རྩ་བར། མྱུ་གུ་ས་བོན་ལས་སྐྱེ་ཞིང་། །ས་བོན་དེ་ཉིད་ཀྱིས་རྟོགས་བཞིན། །ཤེས་བྱ་ལས་སྐྱེས་ཤེས་པ་ཡིས། །དེ་ཡོད་པ་ནི་ཅིས་མི་རྟོགས། ། སྐྱོན་སྤོང་གི་ལན་ལ། མྱུ་གུ་ས་བོན་རང་བཞིན་གྱིས་གྲུབ་པ་ལས་སྐྱེ་ཞིང་། ས་བོན་རང་བཞིན་གྱིས་ཡོད་པ་དེ། མྱུ་གུ་དེ་ཉིད་ཀྱིས་རྟགས་ཡང་དག་ལས་རྟོགས་པ་སྟེ་དཔོག་ནུས་པ་བཞིན་དུ། ཤེས་བྱ་གཟུང་བ་ལས་སྐྱེས་པའི་ཡུལ་ཅན་འཛིན་པའི་ཤེས་པ་རང་བཞིན་གྱིས་ཡོད་པ་དེ་ཡིས་ཤེས་བྱ་དེ། རང་བཞིན་གྱིས་ཡོད་པ་ནི་ཅིས་མི་རྟོགས་ཏེ་རྟོགས་དགོས་སོ། ། 363 རྩ་བར། མྱུ་གུ་ལས་གཞན་ཤེས་པ་ཡིས། །ས་བོན་ཡོད་ཅེས་རྟོགས་འགྱུར་ན། །གང་ཕྱིར་ཤེས་བྱ་དེ་རྟོགས་པར། །ཤེས་པ་ཡོད་ཉིད་གང་ལས་རྟོགས། ། མི་མཚུངས་ཏེ། མྱུ་གུ་རང་ཉིད་ལས་དོན་གཞན་པའི་ཤེས་པ་ཡིས། འབྲས་བུ་མྱུ་གུ་དེ་ཉིད་མཐོང་བ་ན། འབྲས་བུའི་རྟགས་ལ་བརྟེན་ནས་རྒྱུ་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ན་ཡང་། རྒྱུ་མཚན་གང་གི་ཕྱིར་ཤེས་བྱ་གཟུགས་སྒྲ་ལ་སོགས་པ་དེ་དག་རྟོགས་པར་བྱེད་པའི་མིག་གི་ཤེས་པ་ལ་སོགས་པ་བདེན་གྲུབ་ཀྱིས་ཡོད་པ་དེ་ཉིད། སྒྲུབ་བྱེད་ཚད་མ་ཡང་དག་པ་གང་ལས་རྟོགས་ཏེ། རང་རིག་ནི་མི་འཐད་པ་སྔར་བཀག་ཟིན་ཅིང་། རིག་བྱེད་གཞན་ཞིག་ཡོད་ན་འཇོག་ཏུ་རུང་བ་ལ། ཁྱོད་ཀྱིས་རིག་གཞན་ཁས་མ་བླངས་པའི་ཕྱིར་རོ། ། རྩ་བར། རེ་ཞིག་འཇིག་རྟེན་མངོན་སུམ་གྱིས། །རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན། །པདྨའི་སྡོང་བུ་སོགས་དབྱེ་ནི། །རྒྱུ་ཡི་དབྱེ་བས་བསྐྱེད་པ་ཡིན། །རྒྱུ་དབྱེ་གང་གིས་བྱས་ཤེ་ན། །སྔར་གྱི་རྒྱུ་དབྱེ་ཉིད་ལས་སོ། །ཅི་ཕྱིར་རྒྱུ་ཡིས་འབྲས་སྐྱེད་ནུས། །སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས། ། རྒྱུ་མེད་དུ་སྐྱེ་བ་དགག་པ་ལ། རེ་ཞིག་འཇིག་རྟེན་པའི་སྐྱེ་བོ་ཡོད་དོ་ཅོག་གིས་ཀྱང་མངོན་སུམ་གྱིས་རང་རང་གི་འབྲས་བུ་སྐྱེད་པའི་ནུས་པ་མི་འདྲ་བའི་སྣ་ཚོགས་པའི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་པས་ན། འདུས་བྱས་ཀྱི་ཆོས་རྣམས་རྒྱུ་མེད་དུ་འདོད་པ་མི་འཐད་དེ། འཇིག་རྟེན་ན་ཤིན་ཏུ་ནས་མཛེས་པར་གྲགས་པའི་མེ་ཏོག་མདྨའི་སྡོང་བུ་དང་། སྡོང་བུ་དེའི་དབྱིབས་མདོག་དང་། ཆེ་ཆུང་སོགས་ཀྱི་ཁྱད་པར་སྣ་ཚོགས་པའི་དབྱེ་བ་རྣམས་ནི་རང་རང་གི་རྒྱུ་མི་འདྲ་བ་ཡི་དབྱེ་བས་བསྐྱེད་པ་ཡིན། དེ་ལྟར་ཡིན་ན། འོ་ན། རྒྱུ་ཡི་དབྱེ་བ་མི་འདྲ་བ་དེ་དག་གང་གིས་བྱས་ཤེ་ན། དེ་ཡང་བྱེད་པ་པོ་ཞིག་གིས་བློའི་གཡོ་བ་སྔོན་དུ་བཏང་ནས་བྱས་པ་ལྟ་བུར་མིན་པར། རང་རང་གི་སྔར་གྱི་རྒྱུ་མི་འདྲ་ 364 བའི་དབྱེ་བ་ཉིད་ལས་སོ། རྒྱུ་མཚན་ཅི་ཕྱིར་རྒྱུ་མི་འདྲ་བའི་དབྱེ་བ་ཡིས་འབྲས་བུ་མི་འདྲ་བ་སྣ་ཚོགས་པ་སྐྱེད་ནུས་པ་ཡིན་ཤེ་ན། རྒྱུ་དེ་དག་རང་རང་སྐྱེད་བྱེད་ཀྱི་སྔར་གྱི་རྒྱུ་ཡི་མཐུ་ནུས་འབའ་ཞིག་ཉིད་ལས་སོ། ། རྩ་བར། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན། །རེ་ཞིག་དབང་ཕྱུག་གང་ཡིན་སྨྲོས། །འབྱུང་རྣམས་ཞེ་ན་དེ་ལྟ་མོད། །མིང་ཙམ་ལ་ཡང་ཅི་ཞིག་ངལ། ། དབང་ཕྱུག་འགྲོ་བའི་རྒྱུར་འཛིན་པ་དགག་པ་ནི། དབང་ཕྱུག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་མཐའ་ཡས་པའི་འགྲོ་བ་འདི་དག་ཐམས་ཅད་བྱས་པ་ཡིན་སྟབས། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ནོ་ཞེས་དབང་ཕྱུག་ལྷར་འཛིན་པའི་རིགས་པ་ཅན་པ་ཁྱེད་ཅག་གིས་སྨྲ་རྒྱུ་ཡིན་ན། རེ་ཞིག་སྟེ་ཐོག་མར་དབང་ཕྱུག་ཟེར་བ་དེ་གང་ཡིན་ལེགས་པར་སྨྲོས་ཤིགདེ་ནི་ས་མེ་ཆུ་སོགས་འབྱུང་བ་རྣམས་ཡིན་ནོ་ཞེ་ན། ངེད་ཅག་གིས་ཀྱང་དེ་ལྟར་འབྱུང་བ་རྣམས་འཕེལ་འགྲིབ་ཀྱི་དབང་གིས་འབྲས་བུ་འཕེལ་འགྲིབ་ཏུ་འགྱུར་བ་འདོད་མོད། དེར་དབང་ཕྱུག་གི་མིང་བཏགས་ཀྱང་མ་བཏགས་ཀྱང་འདྲ། དེ་ནི་མིང་ཙམ་ཞིག་རེད། མིང་ཙམ་ལ་ཡང་ཅི་ཞིག་གི་ཕྱིར་ངལ་བ་དེ་འདྲ་བྱེད་དམ། རྩ་བར། འོན་ཀྱང་ས་སོགས་དུ་མ་དང་། །མི་རྟག་གཡོ་མེད་ལྷ་མིན་ཞིང་། །འགོམ་བྱ་ཉིད་དང་མི་གཙང་བས། །དེ་ནི་དབང་ཕྱུག་ཉིད་མ་ཡིན། ། འོན་ཀྱང་ས་ལ་སོགས་པའི་འབྱུང་བ་འདི་དག་ནི་རིགས་དུ་མ་ཡིན་པ་དང་། འཇིག་པའི་རང་བཞིན་ཅན་གྱི་མི་རྟག་པ་དང་། བློ་ཡི་གཡོ་བ་མེད་པ་དང་། མ་ཟད་འབྱུང་བ་དེ་རྣམས་ལྷ་ཡང་མིན་ཞིང་། འབྱུང་བ་རྣམས་སྐྱེས་བུའི་འགོམ་བྱ་ཉིད་ཡིན་པ་དང་། ཤིན་ཏུ་ནས་མི་གཙང་བ་སྣ་ཚོགས་ཀྱིས་སྤགས་པས་མི་གཙང་བས། དེ་ནི་གཅིག་པུ་དང་། རྟག་པ་དང་། ཀུན་ལ་ཁྱབ་པར་བཤད་པའི་དབང་ཕྱུག་གི་མཚན་ཉིད་དང་ཕྱོགས་གང་ཐད་ནས་འགལ་བས། དེ་དག་ནི་དབང་ཕྱུག་ཉིད་མ་ཡིན་ནོ། ། 365 རྩ་བར། དབང་ཕྱུག་མཁའ་མིན་གཡོ་མེད་ཕྱིར། །བདག་མིན་སྔར་ནས་བཀག་ཟིན་ཕྱིར། །བསམ་མིན་པ་ཡི་བྱེད་པོ་ཡང་། །བསམ་མིན་བརྗོད་པས་ཅི་ཞིག་བྱ། ། འཇིག་རྟེན་བཀོད་པ་པོའི་དབང་ཕྱུག་དེ། ནམ་མཁའ་སྟོང་པར་འཇོག་གོ་སྙམ་ན། དབང་ཕྱུག་ནམ་མཁའ་མིན་ཏེ། ནམ་མཁའ་ལ་བློའི་གཡོ་བ་སྔོན་དུ་གཏོང་ཐུབ་པའི་ནུས་པ་མེད་པའི་ཕྱིར། བདག་རྟག་པའང་དབང་ཕྱུག་མིན་ཏེ། དེ་སྔར་ནས་བཀག་ཟིན་པས་མི་འཐད་པའི་ཕྱིར། ཡང་དབང་ཕྱུག་དེ། བསམ་མིན་པ་ཡི་སྟེ་བསམ་གྱིས་མི་ཁྱབ་པའི་བྱེད་པ་པོ་ཡིན་ཟེར་ན། བསམ་གྱིས་མི་ཁྱབ་པའི་བྱེད་པ་པོ་དེ་ཡང་བསམ་པར་བྱ་བའི་ཡུལ་མིན་པས་ན། ཁོ་བྱེད་པ་པོར་བསམས་ཏེ་ཡང་ནས་ཡང་དུ་བརྗོད་པས། ཁྱོད་ཀྱིས་ཅི་ཞིག་བྱའོ། ། རྩ་བར། དེས་བསྐྱེད་འདོད་པའང་གང་ཞིག་ཡིན། །བདག་ནི་དེ་དང་ས་སོགས་དང་། །དབང་ཕྱུག་ངོ་བོའང་རྟག་མིན་ནམ། ། བྱེད་པོ་དབང་ཕྱུག་དེ་ཡི་ས་བསྐྱེད་པར་འདོད་པའི་ཆོས་དེའང་ཡང་སྙིང་གང་ཞིག་ཡིན། བདག་ཅེས་བྱ་བ་འབྱིན་པར་འདོད་ན། བདག་ནི་སྟེ་བདག་དེ་དང་། ས་ཆུ་མེ་རླུང་ལ་སོགས་པ་ཡང་རྟག་པར་ཁས་བླངས་པ་དང་། དབང་ཕྱུག་རང་གི་ངོ་བོའང་རྟག་པར་ཁས་བླངས་པ་མིན་ནམ་ཅི་ཞིག་ཡིན། རྩ་བར། ཤེས་པ་ཤེས་བྱ་ལས་སྐྱེ་དང་། །ཐོག་མེད་བདེ་སྡུག་ལས་ལས་ཡིན། །དེ་བས་གང་ཞིག་བསྐྱེད་པ་སྨྲོས། ། ཤེས་པའི་བྱེ་བྲག་སྣ་ཚོགས་པ་རྣམས་ཤེས་བྱ་མི་འདྲ་བ་རེ་རེ་ལ་དམིགས་པ་གཏད་སྟོབས་ལས་སྐྱེ་བ་དང་། འཁོར་བ་ཐོག་མ་མེད་པ་ནས་འོང་བའི་བདེ་སྡུག་ཐམས་ཅད་རང་རང་གི་རྒྱུ་དགེ་བ་དང་མི་དགེ་བའི་ལས་ལས་བྱུང་བ་ཡིན། རྒྱུ་མཚན་དེ་བས་ན། ཁྱེད་ཀྱིས་འཇིག་རྟེན་བཀོད་པ་པོར་འདོད་པའི་དབང་ཕྱུག་དེས་ཆོས་གང་ཞིག་ཚུལ་ཇི་ལྟར་བསྐྱེད་པ་ལེགས་པར་སྨྲོས་ཤིག 366 རྩ་བར། རྒྱུ་ལ་ཐོག་མ་ཡོད་མིན་ན། །འབྲས་བུའི་ཐོག་མ་ག་ལ་ཡོད། །རྟག་ཏུ་ཅི་ཕྱིར་བྱེད་མིན་ཏེ། །དེ་ནི་གཞན་ལ་ལྟོས་པ་མིན། ། གཞན་ཡང་། རྒྱུ་དབང་ཕྱུག་དེ་ཉིད་རྟག་པའི་དངོས་པོར་འདོད་པས་དེ་རྟག་ཏུ་གནས་དགོས་པ་མ་ཟད། དེ་ལ་ཐོག་མ་ཡང་ཡོད་པ་མིན་པའི་ཕྱིར་ན། དེས་བསྐྱེད་པའི་འབྲས་བུའི་ཐོག་མ་ཡང་ག་ལ་ཡོད་དེ། དེ་སྐྱེད་བྱེད་ཀྱི་རྒྱུ་དེ་ཐོག་མེད་ནས་ཡོད་པའི་ཕྱིར། མ་ཟད་འབྲས་བུ་རེ་འགའ་བ་ལ་རྒྱུ་རྟག་པ་དང་། རྒྱུ་རྟག་པ་ལ་འབྲས་བུ་རེ་འགའ་བ་ཞིག་མི་འབྱུང་བས། དབང་ཕྱུག་དེས་དུས་རྟག་ཏུ་ཅི་ཕྱིར་རང་གི་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པ་མིན་ཏེ། རང་གི་འབྲས་བུ་སྐྱེད་པ་དེ་ནི་རྐྱེན་གཞན་ལ་ལྟོས་པ་མིན་པ་སྟེ་རྐྱེན་གཞན་ལ་ལྟོས་མི་དགོས་པའི་ཕྱིར་རོ། ། རྩ་བར། དེས་བྱས་མིན་གཞན་ཡོད་མིན་ན། །དེས་འདི་གང་ལ་ལྟོས་པར་འགྱུར། །གལ་ཏེ་ལྟོས་ན་ཚོགས་པ་ཉིད། །རྒྱུ་ཡིན་འགྱུར་གྱི་དབང་ཕྱུག་མིན། ། དབང་ཕྱུག་དེས་བྱས་པ་མིན་པའི་ཆོས་གཞན་ཞིག་རྩ་བ་ནས་བཞག་ཏུ་ཡོད་པ་མིན་ན། དེས་འབྲས་བུ་བསྐྱེད་པ་འདི་རྒྱུ་གང་ལ་ལྟོས་པར་འགྱུར་རམ། གལ་ཏེ་རྒྱུ་རྐྱེན་གཞན་ཞིག་ལ་ལྟོས་པར་འདོད་ན། རྒྱུ་རྐྱེན་ཚོགས་པ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི། དབང་ཕྱུག་རྒྱུ་མིན་པ་ཤིན་ཏུ་ནས་གསལ་ལོ། ། རྩ་བར། ཚོགས་ན་མི་སྐྱེ་དབང་མེད་ཅིང་། །དེ་མེད་པར་ནི་སྐྱེ་དབང་མེད། །གལ་ཏེ་དབང་ཕྱུག་མི་འདོད་བཞིན། །བྱེད་ན་གཞན་གྱི་དབང་དུ་ཐལ། ། རང་གི་འབྲས་བུ་སྐྱེད་པའི་རྒྱུ་རྐྱེན་ཆ་ཚང་ཚོགས་པ་ན་དབང་ཕྱུག་ལ་འབྲས་བུ་མི་སྐྱེ་བར་བྱེད་པའི་དབང་ནུས་མེད་ཅིང་། རང་གི་འབྲས་བུ་སྐྱེད་པའི་རྒྱུ་རྐྱེན་ཆ་ཚང་བ་དེ་མེད་པར་ནི་དབང་ཕྱུག་ལ་འབྲས་བུ་དེ་སྐྱེ་བར་བྱེད་པའི་དབང་ནུས་གང་ཡང་མེད། གལ་ཏེ་དབང་ཕྱུག་མི་འདོད་བཞིན་དུ་འབྲས་བུ་བྱེད་ཀྱི་ཡོད་ན། དེ་ནི་དབང་ཕྱུག་གཞན་ 367 གྱི་དབང་ཅན་དུ་སོང་བ་ཐལ་བར་འགྱུར་བས་རང་དབང་དུ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་ཉམས་སོ། ། རྩ་བར། འདོད་ནའང་འདོད་ལ་རག་ལས་འགྱུར། །བྱེད་ནའང་དབང་ཕྱུག་ག་ལ་ཡིན། ། འཇིག་རྟེན་འདིའི་སྣོད་བཅུད་ཐམས་ཅད་དབང་ཕྱུག་གི་བློའི་གཡོ་བ་སྔོན་དུ་བཏང་སྟེ་གྲུབ་པར་འདོད་ནའང་། དེ་ནི་འདོད་པ་ཙམ་ལ་རག་ལས་པ་འགྱུར་ལ། འདོད་པས་འབྲས་བུ་བྱེད་ནའང་དེ་ནི་དབང་ཕྱུག་ག་ལ་ཡིན་ཏེ། འདོད་པ་མི་རྟག་པ་ཡིན་པས། དེ་རྟག་བརྟན་འགྱུར་མེད་ཀྱི་རང་བཞིན་དང་ཡོངས་སུ་འགལ་བའི་ཕྱིར་རོ ། ། རྩ་བར། གང་དག་རྡུལ་ཕྲན་རྟག་སྨྲ་བ། །དེ་དག་ཀྱང་ནི་སྔར་བཟློག་ཟིན། ། དཔྱོད་པ་བ་གང་དག་རྡུལ་ཕྲན་རྟག་པར་སྨྲ་བ་དེ་དག་ཀྱང་ནི། སྔར་རྡུལ་ཕྲན་ཆ་མེད་འགོག་པའི་རིགས་པས་ལེགས་པར་བཟློག་ཟིན་པ་ཡིན་པས། འདིར་བསྐྱར་དུ་གླེང་དགོས་མ་མཆིས་སོ། ། རྩ་བར། གཙོ་བོ་རྟག་པ་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲངས་ཅན་འདོད། །སྙིང་སྟོབས་རྡུལ་དང་མུན་པ་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་ནི། །གཙོ་བོ་ཞེས་བྱར་རབ་བརྗོད་དེ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། ། གཙོ་བོ་རྟག་པའི་མཚན་ཉིད་དང་ལྡན་པ་དེ་ཉིད། རྣམ་འགྱུར་སྣ་ཚོགས་སུ་སྣང་བའི་འགྲོ་བ་ཡི་རྒྱུ་ཡིན་པར་ནི་གྲངས་ཅན་པ་རྣམས་ཀྱིས་འདོད་པ་ཡིན། འོ་ན། གཙོ་བོ་ཞེས་པ་དེ་གང་ཡིན་ཟེར་ན། བདེ་སྡུག་བཏང་སྙོམས་གསུམ་གྱི་མིང་གི་རྣམ་གྲངས་སྙིང་སྟོབས་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་མཉམ་གནས་ཏེ་ཆ་མཉམ་དུ་གནས་པ་ནི། གཙོ་བོར་ཞེས་བྱར་རབ་ཏུ་བརྗོད་པ་མ་ཟད། དེ་ལྟར་དུ་འདོད་ལ། དེ་གསུམ་ཆ་མི་མཉམ་པའི་གནས་སྐབས་ནི་འགྲོ་བ་སྟེ། རྣམ་འགྱུར་གྱི་སྐབས་ཡིན་པར་བརྗོད་དོ། ། 368 རྩ་བར། གཅིག་ལ་རང་བཞིན་གསུམ་ཉིད་ནི། །རིགས་མིན་དེས་ན་དེ་ཡོད་མིན། །དེ་བཞིན་ཡོན་ཏན་ཡོད་མིན་ཏེ། །དེ་ཡང་སོ་སོར་རྣམ་གསུམ་ཕྱིར། །ཡོན་ཏན་མེད་ན་སྒྲ་སོགས་ཀྱང་། །ཡོད་ཉིད་ཤིན་ཏུ་རྒྱང་རིང་འགྱུར། །སེམས་མེད་གོས་ལ་སོགས་པ་ལ། །བདེ་སོགས་ཡོད་པ་སྲིད་མ་ཡིན། ། ཆ་ཤས་གཏན་ནས་མེད་པའི་གཙོ་བོ་གཅིག་ལ་རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་གསུམ་གྱི་མཚན་ཉིད་དང་ལྡན་པར་བཤད་པ་ནི། བདེན་པའི་ཆ་མེད་གཅིག་ཏུ་ཤོད་བཞིན་དུ་ཡོན་ཏན་གསུམ་ཆ་མཉམ་པའི་རང་བཞིན་ཅན་གྱི་གཙོ་བོ་ཞིག་ཡོང་སྟངས་མེད་པས་རིགས་པ་མིན། དེས་ན་ཆ་ཤས་གཏན་ནས་མེད་པའི་གཙོ་བོ་ཞེས་པ་དེ་ཤེས་བྱ་ལ་ཡོད་པ་མིན་པ་དེ་བཞིན་དུ། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་པོ་ཡང་རེ་རེ་ནས་གཅིག་ཏུ་ཡོད་པ་མིན་ཏེ། དེ་ཡང་དེ་དག་སོ་སོར་ཡང་རྡུལ་གྱི་རྡུལ་དང་། རྡུལ་གྱི་མུན་པ། རྡུལ་གྱི་སྙིང་སྟོབས་སོགས་རྣམ་པ་གསུམ་རེ་ཡོད་པའི་ཕྱིར། ཡོན་ཏན་དེ་དག་མེད་ན། དེ་གསུམ་ཆ་མཉམ་པའི་གཙོ་བོ་ཡང་མེད་དགོས་ལ། དེ་མེད་ན། སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་ཀྱང་ཡོད་པ་ཉིད་ཤིན་ཏུ་རྒྱང་རིང་བོར་འགྱུར། གང་ཡིན་ཟེར་ན། དེ་དག་གཙོ་བོའི་རྣམ་འགྱུར་ཙམ་དུ་འདོད་པས་སོ། སེམས་མེད་པའི་ཟས་གོས་ལ་སོགས་པ་ལ་ནི བདེ་སྡུག་སོགས་ཡོད་པ་སྲིད་པ་མ་ཡིན་ཏེ། དེ་དག་ལ་སེམས་མེད་པའི་ཕྱིར་རོ། ། རྩ་བར། དངོས་རྣམས་དེ་རྒྱུའི་རང་བཞིན་ན། །དངོས་པོ་རྣམ་དཔྱད་ཟིན་མིན་ནམ། །ཁྱོད་ཀྱི་རྒྱུ་ཡང་བདེ་སོགས་ཉིད། །དེ་ལས་སྣམ་སོགས་འབྱུང་བ་མེད། ། ཟས་དང་གོས་ལ་སོགས་པའི་དངོས་པོ་རྣམས་བདེ་སོགས་དེ་དང་དེའི་རྒྱུའི་རང་བཞིན་བདེན་པས་ན། སྐྱོན་གང་ཡང་མི་འབྱུང་ངོ་ཞེ་ན། དོན་དམ་པར་ཟས་དང་གོས་ལ་སོགས་པའི་དངོས་པོ་རྣམས་གོང་གསལ་ལུས་སོགས་འགོག་པའི་སྐབས་སུ་རྣམ་པར་དཔྱད་ནས་མེད་པར་བཀག་ཟིན་པ་མིན་ནམ་སྟེ་བཀག་ཟིན་པས་མི་འཐད་དོ། ཡང་ཁྱོད་ཀྱི་ལུགས་ 369 ལ་གོས་སོགས་ཀྱི་རྒྱུ་ཡང་བདེ་སོགས་ཆ་མཉམ་པའི་གཙོ་བོ་ཉིད་ཡིན་ཟེར་ན་མི་འཐད་དེ། རྒྱུ་དེ་ལས་འབྲས་བུ་སྣམ་སོགས་གང་ཡང་འབྱུང་བ་མེད་དེ། གཙོ་བོ་མི་སྲིད་པའི་ཕྱིར། རྩ་བར། སྣམ་སོགས་ལས་ནི་བདེ་སོགས་ཡིན། །དེ་མེད་ཕྱིར་ན་བདེ་སོགས་མེད། །བདེ་སོགས་རྟག་པ་ཉིད་དུ་ཡང་། །ནམ་ཡང་དམིགས་པ་ཡོད་མ་ཡིན། ། རྒྱུ་སྣམ་བུ་སོགས་ལས་ནི་འབྲས་བུ་བདེ་སོགས་འབྱུང་བ་ཡིན་ཟེར་ན། རྒྱུ་སྣམ་བུ་ལ་སོགས་པ་དེ་དག་མེད་པའི་ཕྱིར་ན། འབྲས་བུ་བདེ་སོགས་ཆ་མཉམ་པའི་གཙོ་བོ་ཉིད་ཀྱང་མེད་པར་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། དེ་ལྟར་འདོད་མི་རིགས་ཏེ། བདེ་སོགས་ཀྱི་རང་བཞིན་རྟག་པ་ཉིད་དུ་ཡང་ཁས་བླངས་པས། དེ་དག་ལ་ནམ་ཡང་དམིགས་པ་ཡོད་པ་མ་ཡིན་ནོ། ། རྩ་བར། བདེ་སོགས་གསལ་བ་ཡོད་ཉིད་ན། །མྱོང་བ་ཅི་ཕྱིར་འཛིན་མ་ཡིན། །དེ་ཉིད་ཕྲ་མོར་གྱུར་ན་དེ། །རགས་དང་ཕྲ་བའང་ཇི་ལྟར་ཡིན། ། བདེ་སོགས་ཀྱི་གསལ་བ་རྟག་པའི་ངོ་བོར་ཡོད་པ་ཉིད་དུ་འདོད་ན། སྡུག་བསྔལ་གྱི་ཚོར་བ་ཤུགས་ཆེན་པོ་འབྱུང་བའི་ཚེ་བདེ་ཚོར་གྱི་མྱོང་བ་ཅི་ཕྱིར་འཛིན་པ་མ་ཡིན་ནམ་སྟེ་མི་འཛིན་པ་ཡིན། གང་ཡིན་ཟེར་ན། བདེ་སོགས་འགྱུར་མེད་རྟག་དངོས་སུ་འདོད་པའི་ཕྱིར། དེའི་ཚེ་བདེ་བ་དེ་ཉིད་ཕྲ་མོར་གྱུར་པར་འདོད་ན། འགྱུར་མེད་རྟག་པའི་རང་བཞིན་ཅན་དེ་ལ་རགས་དང་ཕྲ་བའང་ཇི་ལྟར་བྱུང་བ་ཡིན་ནམ། རྩ་བར། རགས་པ་དོར་ནས་ཕྲར་འགྱུར་བས། །ཕྲ་རགས་དེ་དག་མི་རྟག་ཉིད། །དེ་བཞིན་དངོས་པོ་ཐམས་ཅད་ནི། །མི་རྟག་ཉིད་དུ་ཅིས་མི་འདོད། ། དེ་ལྟར་བདེ་སོགས་དེ་དག་ཕྲ་བའི་གནས་སྐབས་དོར་ནས་རགས་པ་དང་། ཡང་རགས་པའི་གནས་སྐབས་དོར་ནས་ཕྲ་བར་འགྱུར་འགྲོ་བས་ན། བདེ་སོགས་ཕྲ་རགས་དེ་དག་ནི་མི་རྟག་པའི་རང་བཞིན་ཉིད་དུ་འགྱུར་ལ། དེ་བཞིན་དུ་དངོས་པོའི་ཆོས་སུ་ 370 གནས་པ་ཐམས་ཅད་ཀྱི་རང་བཞིན་ནི་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་མངོན་སུམ་གྱིས་གྲུབ་པས་ན། དེ་དག་མི་རྟག་པ་ཉིད་དུ་རྒྱུ་མཚན་ཅི་ཡིས་མི་འདོད་པ་ཡིན་ནམ་ངེས་པར་དུ་འདོད་དགོས་སོ། ། རྩ་བར། རགས་པ་བདེ་ལས་གཞན་མིན་ན། །བདེ་བ་གསལ་བ་མི་རྟག་ཉིད། ། གལ་ཏེ་རགས་པ་དེ། བདེ་བ་ལས་རྫས་གཞན་ཡིན་ན། རགས་པ་འགགས་ཀྱང་བདེ་བ་ཆ་ཚང་མ་ཉམས་པར་ཚོར་བས་མྱོང་དགོས་ལ། རགས་པ་དེ། བདེ་བ་ལས་རྫས་གཞན་མིན་ན། བདེ་བ་གསལ་བ་དེ་ཡང་མི་རྟག་པའི་རང་བཞིན་ཉིད་དུ་འགྱུར་བས་བདེ་སོགས་ཀྱི་རང་བཞིན་རྟག་པ་ཡིན་པར་ཉམས་སོ། ། རྩ་བར། གལ་ཏེ་མེད་པ་འགའ་ཡང་ནི། །སྐྱེ་མིན་མེད་ཕྱིར་ཞེས་འདོད་ན། །གསལ་བ་མེད་པ་སྐྱེ་བར་ནི། །ཁྱོད་མི་འདོད་ཀྱང་གནས་པ་ཉིད། ། གལ་ཏེ་གྲངས་ཅན་ཁྱེད་ལྟར་ན་སྐྱེ་བ་ཡོད་ན། རྒྱུ་དུས་ན་ཡོད་དགོས། རྒྱུ་དུས་ན་མེད་པ་འགའ་ཡང་ནི་རྒྱུས་གསར་དུ་ནི་སྐྱེ་བ་ཡོད་པ་མིན་ཏེ། རྒྱུའི་རང་བཞིན་དུ་མེད་པའི་ཕྱིར་ཞེས་འདོད་ན། མི་འཐད་དེ། གསལ་བའི་ཆོས་རྒྱུ་དུས་ན་མེད་པར་གསར་དུ་སྐྱེ་བར་ནི། ཁྱོད་ཀྱིས་མི་འདོད་ཀྱང་དོན་ལ་གནས་པ་ཉིད་དོ། ། རྩ་བར། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །རས་ཀྱི་རིན་གྱིས་རས་བལ་གྱི། །ས་བོན་ཉོས་ལ་བགོ་བར་གྱིས། ། གལ་ཏེ་ཁྱོད་ཀྱིས་རྒྱུ་ལ་དེའི་འབྲས་བུ་ཧྲིལ་གྱིས་གནས་པར་འདོད་པ་ཡིན་ན། མི་གཙང་བའི་རྒྱུ་ཟན་ཟ་བའི་སྐབས་ལ་མི་གཙང་བ་ཟ་བར་འགྱུར་ཞིང་། རས་ཀྱི་རིན་གྱིས་རས་མི་ཉོ་བར་རས་བལ་གྱི་ས་བོན་ཉོས་ལ། དེ་དག་རང་གི་ལུས་ལ་བགོ་བར་གྱིས་ཤིག། རྩ་བར། འཇིག་རྟེན་རྨོངས་པས་མ་མཐོང་ན། །དེ་ཉིད་ཤེས་ཀྱིས་བཞག་དེ་ཉིད། །ཤེས་དེ་འཇིག་རྟེན་ལ་ཡང་ནི། །ཡོད་པ་ཅི་སྟེ་མཐོང་མ་ཡིན། ། 371 འཇིག་རྟེན་པ་རྣམས་རྨོངས་པས་དམ་དུ་བཅིངས་སྟབས། རྒྱུ་དུས་ནས་རྒྱུ་དེ་ལ་དེའི་འབྲས་བུ་ཧྲིལ་གྱིས་གནས་པ་ཐད་ཀར་མ་མཐོང་ངོ་ཟེར་ན། ཁྱོད་ཀྱི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པ་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པར་འདོད་པ་རྣམས་ཀྱིས་འཇིག་རྟེན་པ་རྣམས་རྨོངས་པར་བཞག་པ་དེ་ཉིད་རང་ཅག་ལའང་གནས་སོ། གང་ཡིན་ཟེར་ན། ཁྱེད་རང་ཚོས་རྒྱུ་དུས་ནས་རྒྱུ་དེ་ལ་དེའི་འབྲས་བུ་ཧྲིལ་གྱིས་གནས་པ་ག་ལ་མཐོང་། མ་ཟད་རྒྱུ་འབྲས་ཀྱི་རྣམ་གཞག་རྟོག་པའི་ཤེས་པ་དེ། འཇིག་རྟེན་པ་རྣམས་ལ་ཡང་ནི་ཡོད་པ་ཞིག་ཡིན་སྟབས། ཁོང་ཚོས་ཅི་སྟེ་རྒྱུ་དུས་ནས་རྒྱུ་དེ་ལ་དེའི་འབྲས་བུ་ཧྲིལ་གྱིས་གནས་པ་མཐོང་བ་མ་ཡིན་ནམ། རྩ་བར། འཇིག་རྟེན་ཚད་མ་ཉིད་མིན་ན། །གསལ་བ་མཐོང་བའང་བདེན་མ་ཡིན། ། འཇིག་རྟེན་པ་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་མཐོང་བ་དེ་ཚད་མ་ཉིད་མིན་པས་ན། རྒྱུ་དུས་ན་འབྲས་བུ་ཧྲིལ་གྱིས་གནས་པ་མི་མཐོང་ངོ་ཞེས་འདོད་ན། དེ་ལྟར་ན་འཇིག་རྟེན་པ་རྣམས་ཀྱིས་གཟུགས་ལ་སོགས་པའི་རྣམ་འགྱུར་གསལ་བ་མཐོང་བའང་བདེན་པ་མ་ཡིན་པར་འགྱུར་ཏེ། འཇིག་རྟེན་པ་རྣམས་ཀྱིས་མཐོང་བ་ཚད་མ་མ་ཡིན་པར་ཁས་བླངས་ཟིན་པའི་ཕྱིར་རོ། ། རྩ་བར། གལ་ཏེ་ཚད་མ་ཚད་མིན་ན། །དེས་གཞལ་བརྫུན་པར་མི་འགྱུར་རམ། །དེ་ཉིད་དུ་ན་སྟོང་པ་ཉིད། །སྒོམ་པ་དེ་ཕྱིར་མི་འཐད་འགྱུར། ། གལ་ཏེ་དབུ་མ་པ་ཁྱོད་ལྟར་ནའང་ཚད་མ་དེ། དོན་དམ་པའི་དབང་དུ་བྱས་ན་ཚད་མ་མིན་པས་ན། ཚད་མ་དེས་རང་ཡུལ་གཞལ་བ་ཡང་བརྫུན་པར་མི་འགྱུར་རམ་ངེས་པར་འགྱུར་དགོས་ལ། རྒྱུ་མཚན་དེ་ཉིད་དུ་ན། སྟོང་པ་ཉིད་སྒོམ་པ་དེ་ཡང་བརྫུན་པར་ཐལ་བའི་ཕྱིར། དེ་སྒོམ་པ་ཕྱིན་ཅི་མ་ལོག་པ་མི་འཐད་པར་འགྱུར་རོ་ཞེ་ན། རྩ་བར། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། ། 372 བརྟགས་པར་བྱ་བའི་དངོས་པོ་དགག་བྱ་བདེན་གྲུབ་ལྟ་བུ་ལ་མ་རེག་པར་ཏེ་གལ་ཏེ་དེ་བདེན་པར་གྲུབ་ན་འདི་ལྟ་བུ་ཞིག་ཡིན་དགོས་ས་རེད་སྙམ་ནས་རྟོག་པས་ལེགས་པར་མ་བཟུང་ན། བདེན་གྲུབ་དེ་ཡི་དངོས་པོ་མེད་པའི་བདེན་སྟོང་འཛིན་པ་མ་ཡིན་ཏེ། དེའི་བདེན་དངོས་བཀག་ནས་བདེན་མེད་དུ་ཚད་མས་ལེགས་པར་ངེས་པ་ལ་དགག་བྱ་བདེན་གྲུབ་ཀྱི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་པའི་ཕྱིར། དེའི་ཕྱིར་བརྫུན་པའི་དངོས་པོ་བདེན་གྲུབ་ལྟ་བུ་གང་ཡིན་པ་དེ་ཤེས་བྱ་ལ་མི་སྲིད་པས། དེ་ཡི་དངོས་མེད་སྟོང་ཉིད་གསལ་བར་ཡང་བདེན་གྲུབ་ཀྱིས་སྟོང་པའི་བརྫུན་པ་འབའ་ཞིག་ཏུ་ཟད་དོ། ། རྩ་བར། དེས་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། ། དེས་ན་གཉིད་ཤུགས་ཀྱིས་ནོན་པའི་རྨི་ལམ་ན་རང་གི་བུ་ཤི་བ་རྨིས་པ་ལ། དེ་ཤི་ནས་མེད་སྙམ་པའི་རྣམ་པར་རྟོག་པ་ནི། བུ་དེ་ད་དུང་ཡོད་སྙམ་པའི་རྣམ་པར་རྟོག་པ་དེ་ཡི་གེགས་ཡིན་ལ། བུ་དེ་ཡོད་དང་མེད་སྙམ་པའི་རྨི་ལམ་གྱི་སྤང་གཉེན་དེ་གཉིས་ཀ་ཡང་བརྫུན་པ་ཡིན་པ་དེ་བཞིན་དུ། གཉེན་པོ་རྫུན་པས་སྤང་བྱ་བརྫུན་པ་འཇོམས་པ་དང་། ཚད་མ་བརྫུན་པས་གཞལ་བྱ་བརྫུན་པ་གཞལ་བའང་དབུ་མ་པར་མི་འགལ་ཏེ། ཤེས་བྱ་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་བརྫུན་པ་ཤ་སྟག་ཡིན་པའི་ཕྱིར་རོ། ། རྩ་བར། དེ་བས་དེ་ལྟར་རྣམ་དཔྱད་ལས། །འགའ་ཡང་རྒྱུ་མེད་ཡོད་མ་ཡིན། །སོ་སོ་བའམ་འདུས་པ་ཡི། །རྐྱེན་རྣམས་ལ་ཡང་གནས་མ་ཡིན། ། རྒྱུ་མཚན་དེ་བས་ན། སྔར་བཤད་པ་དེ་ལྟར་རིགས་པས་ཞིབ་ཏུ་རྣམ་པར་དཔྱད་པ་ལས། དངོས་པོ་འགའ་ཡང་རྒྱུ་མེད་དང་། མི་མཐུན་པའི་རྒྱུ་ལས་སྐྱེ་བ་ཡོད་པ་མ་ཡིན་ཅིང་། འབྲས་བུ་རང་རང་གི་རྒྱུ་རྐྱེན་སོ་སོ་བའམ། དེ་དག་འདུས་པ་ཡི་རྐྱེན་གྱི་ཚོགས་པ་རྣམས་ལ་ཡང་རང་བཞིན་དང་མངོན་པར་མི་གསལ་བའི་ཚུལ་གྱིས་གནས་པ་ཡོད་པ་མ་ཡིན་ནོ། ། རྩ་བར། གཞན་ནས་འོངས་པའང་མ་ཡིན་ལ། །གནས་པ་མ་ཡིན་འགྲོ་མ་ཡིན། །རྨོངས་པས་བདེན་པར་གང་བྱས་པ། །སྒྱུ་མ་ལས་ནི་ཁྱད་ཅི་ཡོད། ། རྒྱུ་རྐྱེན་དེ་རྣམས་གཞན་ཞིག་ནས་འོངས་པའང་མ་ཡིན་ལ། རང་བཞིན་གྱིས་གནས་པ་དེ་བས་ཀྱང་མ་ཡིན། མ་ཟད་རང་བཞིན་གྱིས་གཏན་མེད་དུ་འགགས་འགྲོ་བ་ཡང་མ་ཡིན། ཆོས་དང་གང་ཟག་སོགས་ལ་བདེན་པར་འཛིན་པའི་རྨོངས་པ་མ་རིག་པས་བདེན་པར་སྒྲོ་བཏགས་ཏེ་གང་བྱས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་གང་སྣང་དོན་གྱིས་སྟོང་པ་ཡིན་པས། དེ་དག་སྒྱུ་མ་མཁན་གྱིས་ཆེད་དུ་སྤྲུལ་པའི་སྒྱུ་མའི་རྟ་གླང་སོགས་ལས་ནི་དམིགས་བསལ་ཁྱད་པར་ཅི་ཞིག་ཡོད་དེ་མེད་དོ། ། རྩ་བར། སྒྱུ་མས་སྤྲུལ་པ་གང་ཡིན་དང་། །རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ནས་འོངས་གྱུར་ཅིང་། གང་དུ་འགྲོ་བའང་བརྟག་པར་གྱིས། ། སྒྱུ་མས་ཐབས་སྣ་ཚོགས་ཀྱིས་སྤྲུལ་པའི་ཆོས་གང་ཡིན་པ་རྣམས་དང་། རྒྱུ་ལས་དང་ཉོན་མོངས་པ་རྣམས་ཀྱིས་ནི་གང་སྤྲུལ་པའི་ཆོས་དེ་དག་ཐམས་ཅད་ནི། ཐོག་མར་གང་ནས་རང་བཞིན་གྱིས་འོངས་པར་གྱུར་ཅིང་། མཐར་གང་དུ་རང་བཞིན་གྱིས་འགགས་འགྲོ་བའང་བརྟག་པར་གྱིས་ཤིག་དང་། དེ་དག་འགྲོ་འོངས་རང་རང་གི་རྒྱུ་དང་རྐྱེན་གང་བྱས་ལ་ལྟོས་པ་མ་གཏོགས་ཐོག་མ་ཉིད་ནས་གཏན་ཁེལ་བའི་རང་བཞིན་ཞིག་མེད་དོ། ། རྩ་བར། གང་ཞིག་གང་དུ་ཉེ་བ་ཡིས། །མཐོང་འགྱུར་དེ་མེད་ན་མིན་པ། །བཅོས་བུ་གཟུགས་བརྙན་དང་མཚུངས་པ། །དེ་ལ་བདེན་ཉིད་ཇི་ལྟར་ཡོད། ། རྟེན་འབྲེལ་གྱི་གཏན་ཚིགས་བཤད་པ་ལ། འབྲས་བུ་གང་ཞིག་རྒྱུ་གང་དུ་དང་ཉེ་བ་ཡིས་སྐྱེ་བ་མཐོང་བར་འགྱུར་ལ། རྒྱུ་དེ་མེད་ན། འབྲས་བུ་སྐྱེ་བ་མཐོང་བ་མིན་པས། བཅོས་བུའི་གཟུགས་བརྙན་དང་མཚུངས་པའི་ཆོས་དེ་དག་ལ་བདེན་པའི་ཆ་ཉིད་ཇི་ལྟར་ཡོད་དམ་མེད་དོ། ། 374 རྩ་བར། དངོས་པོ་ཡོད་པར་གྱུར་པ་ལ། །རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད། །འོན་ཏེ་དེ་ནི་མེད་ན་ཡང་། །རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད། །བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་། །དངོས་པོ་མེད་པ་བསྒྱུར་དུ་མེད། ། དངོས་པོ་གང་ཞིག་ཐོག་མ་ཉིད་ནས་རང་བཞིན་གྱིས་ཡོད་པར་གྱུར་པ་ལ། དེ་ལ་་ཡིས་དགོས་པ་ཅི་ཞིག་བྱེད་དུ་ཡོད་དེ། རང་བཞིན་གྱིས་གྲུབ་པའི་ཆོས་ཤིག་ལ་རྒྱུ་ཡིས་གང་ཡང་བྱེད་མི་ནུས་པའི་ཕྱིར། འོན་ཏེ་དངོས་པོ་དེ་དང་དེ་དག་ནི་ཤེས་བྱ་ལ་གཏན་ནས་མེད་པ་ཞིག་ཡིན་ན་ཡང་། དེར་རྒྱུ་ཡིས་དགོས་པ་ཅི་ཞིག་བྱེད་དུ་ཡོད་དེ། གཏན་ནས་ཤེས་བྱ་ལ་མེད་པ་ཞིག་རྒྱ་ཡིས་ཡོད་པ་བཟོ་མི་ཐུབ་པའི་ཕྱིར། དེ་ཡང་བྱེ་བ་བརྒྱ་སྟོང་ཕྲག་གི་རྒྱུ་ཡིས་ཀྱང་དེ་སྔར་གཏན་ནས་མེད་པའི་དངོས་པོ་མེད་པ་ཅིག་དངོས་པོར་བསྒྱུར་དུ་ག་ལ་ཡོད་དེ་མེད་དོ། ། རྩ་བར། གནས་སྐབས་དེ་དངོས་ཇི་ལྟར་ཡིན། །དངོས་འགྱུར་གཞན་ཡང་གང་ཞིག་ཡིན། །མེད་ཚེ་དངོས་ཡོད་སྲིད་མིན་ན། །དངོས་པོ་ཡོད་པར་ནམ་ཞིག་འགྱུར། །དངོས་པོར་སྐྱེས་པར་མ་འགྱུར་བར། །དངོས་མེད་དང་ནི་འབྲལ་མི་འགྱུར། །དངོས་མེད་དང་ནི་མ་བྲལ་ན། །དངོས་པོ་ཡོད་པའི་སྐབས་མི་སྲིད། ། དངོས་མེད་ཀྱི་གནས་སྐབས་མ་བཏང་བ་དེ་དངོས་པོར་ཇི་ལྟར་འགྱུར་བ་ཡིན་ཏེ། དོན་བྱེད་ནུས་པ་དང་མི་ནུས་པ་འགལ་བའི་ཕྱིར། གཉིས་པ་ལྟར་ན་དངོས་མེད་ལས་དངོས་པོར་འགྱུར་བ་གཞན་ཡང་གང་ཞིག་ཡོད་པ་ཡིན། གཞན་ཡང་། དངོས་མེད་མ་བཏང་ན་དངོས་པོ་མེད་པའི་ཚེ་དངོས་པོ་ཡོད་ཅེས་བརྗོད་སྟངས་ཤིག་སྲིད་པ་མིན་ན། དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ། དངོས་པོ་མེད་པའི་དུས་ན་ནི་དངོས་པོ་མ་སྐྱེས་པའི་ཕྱིར། ཡང་དངོས་མེད་ཀྱི་གནས་སྐབས་བཏང་ནས་འགྱུར་ན། དངོས་པོར་སྐྱེས་པར་མ་གྱུར་ན། དངོས་མེད་དང་ནི་འབྲལ་བར་མི་འགྱུར་ལ། དངོས་མེད་དང་ནི་མ་བྲལ་ན། དངོས་པོ་ཡོད་པའི་སྐབས་ནམ་ཡང་མི་སྲིད་དེ་གནས་སྐབས་འགལ་བའི་ཕྱིར། 375 རྩ་བར། དངོས་པོའང་མེད་པར་འགྱུར་མིན་ཏེ། །རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར། ། དེ་ལྟར་རང་བཞིན་གྱིས་གྲུབ་པའི་དངོས་པོའང་ནམ་ཞིག་དངོས་པོ་མེད་པར་འགྱུར་བ་མིན་ཏེ། དེ་ལྟར་ཡིན་ན། གཞི་གང་ཡང་རུང་བ་གཅིག་ལ་ཕྱེད་དངོས་པོ་དང་ཕྱེད་དངོས་མེད་ཀྱི་རང་བཞིན་གཉིས་སུ་ཡོད་པ་ཐལ་བར་འགྱུར་བའི་ཕྱིར་རོ། ། རྩ་བར། དེ་ལྟར་འགག་པ་ཡོད་མིན་ཞིང་། །དངོས་པོའང་ཡོད་མིན་དེ་ཡི་ཕྱིར། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགག་ཉིད། ། དེ་ལྟར་བརྟགས་ཤིང་དཔྱད་པའི་ཚེ་ན་སྐྱེ་བའང་མི་འཐད་ལ། སྐྱེ་བ་མི་འཐད་ན། འགག་པའང་ཡོད་པ་མིན་ཞིང་། སྐྱེ་བ་དང་འགག་པ་མེད་ན། དངོས་པོའང་ཡོད་པ་མིན་པ་དེ་ཡི་ཕྱིར། འགྲོ་བ་འདི་དག་ཐམས་ཅད་ནི། དུས་རྟག་ཏུ་རང་བཞིན་གྱིས་མ་སྐྱེས་པ་དང་མ་འགག་པ་ཉིད་དུ་གྲུབ་བོ། ། རྩ་བར། འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །མྱ་ངན་འདས་དང་མ་འདས་པའང་། །དེ་ཉིད་དུ་ནི་ཁྱད་པར་མེད། ། དེ་ལྟར་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་འགྲོ་བ་རྣམས་རྨི་ལམ་གྱི་དཀྱིལ་ནས་མཐོང་བའི་གཟུགས་བརྙན་ལྟ་བུ་སྟེ། ཞིབ་ཏུ་རྣམ་པར་དཔྱད་ན་ཆུ་ཤིང་དང་འདྲ་བར་སྙིང་པོ་གང་ཡང་མེད་པ་བཞིན་དུ། མྱ་ངན་ལས་འདས་པ་དང་། མྱ་ངན་ལས་མ་འདས་པའི་འཁོར་བ་གཉིས་ཀའང་དེ་ཁོ་ན་ཉིད་དུ་ནི་མ་གྲུབ་པར་ཁྱད་པར་གང་ཡང་མེད་དོ། མདོར་ན། སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་རང་བཞིན་མེད་མཉམ་ཡིན་པའི་ཕྱིར་རོ། ། རྩ་བར། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །གང་གིས་རིམ་གྲོ་བྱས་པའམ། །ཡོངས་སུ་བརྙས་པ་ཅི་ཞིག་ཡོད། །བདེ་བའམ་སྡུག་བསྔལ་གང་ལས་ཡིན། །མི་དགའ་ཅི་ཡོད་དགའ་ཅི་ཡོད། ། 376 དེ་ལྟར་རང་བཞིན་གྱིས་སྟོང་པའི་འཁོར་བར་འཁོར་བ་པོའི་གང་ཟག་རང་ཉིད་དང་། དེས་ཉམས་སུ་མྱོང་བའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་འཁོར་བའི་སྡུག་བསྔལ་དང་། ཐོབ་བྱ་རྣམ་བྱང་ཕྱོགས་ཐར་པས་བསྡུས་པའི་སྣང་ཞིང་སྲིད་པའི་དངོས་པོ་རྣམས་ལ་ཐོབ་པ་ཅི་ཡོད་སྙམ་པ་དང་ཤོར་བ་ཅི་ཡོད་སྙམ་པའི་ཐོག་ནས་རེ་དོགས་བྱེད་རྒྱུ་གང་ཡང་མེད་ལ། མ་ཟད་སེམས་ཅན་གང་ཞིག་གིས་ཤིན་ཏུ་ནས་བསྟོད་ཅིང་རིམ་གྲོ་བྱས་པའམ། ཡང་མིན་ན་བརྙས་པ་ཐམས་ཅད་ཀྱིས་ཡོངས་སུ་བརྙས་པར་བྱས་པའང་ཅི་ཞིག་ཡོད། རང་གི་ལུས་དང་སེམས་ལ་བདེ་བ་ཞིག་བྱུང་ན་དགའ་བར་འགྱུར་བའམ། སྡུག་བསྔལ་ཞིག་བྱུང་ན་མི་བདེ་བ་བྱེད་པ་དེ་རྒྱུ་མཚན་གང་ལས་ཡིན། གཞན་གྱིས་རང་ལ་མི་སྙན་པ་སྣ་ཚོགས་བསྒྲགས་པས་མི་དགའ་རྒྱུ་ཅི་ཡོད། མཚན་དང་གྲགས་པ་འཕེལ་བས་དགའ་བ་ཡང་ཅི་ཞིག་ཡོད་དེ་མེད་དོ། ། རྩ་བར། དེ་ཉིད་དུ་ནི་བཙལ་བྱས་ན། །གང་ཞིག་སྲེད་ཅིང་གང་ལ་སྲེད། །དཔྱད་ན་གསོན་པོའི་འཇིག་རྟེན་འདི། །གང་ཞིག་འདིར་ནི་འཆི་འགྱུར་ཏེ། །འབྱུང་འགྱུར་གང་ཡིན་བྱུང་གྱུར་གང་། །གཉེན་དང་བཤེས་ཀྱང་གང་ཞིག་ཡིན། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་གྱིས། ། དེ་ཁོ་ན་ཉིད་དུ་ནི་བཙལ་བར་བྱས་ན། གང་ཞིག་སྲེད་པ་པོ་མེད་ཅིང་། སྲེད་པའི་བྱ་བ་ཡང་མེད། དེ་བཞིན་གང་ལ་སྲེད་པའི་ཡུལ་ཡང་མེད་དོ། དེ་ལྟར་ལས་དང་ལས་གསོག་པ་པོ་སོགས་ལ་དཔྱད་ན། གསོན་པོའི་འཇིག་རྟེན་འདི་ཡང་གཏན་ནས་མ་གྲུབ་ན། གང་ཞིག་སྲིད་པ་འདིར་ནི་འཆི་བར་འགྱུར་ཏེ། ཕྱི་མར་འབྱུང་བར་འགྱུར་བ་གང་ཞིག་ཡིན་དང་། སྔ་མར་བྱུང་བར་གྱུར་པ་དེ་ཡང་གང་ཞིག་ཡིན། མ་ཟད་རང་གི་གཉེན་དང་མཛའ་བཤེས་རྣམས་ཀྱང་གང་ཞིག་ཡིན། དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དོན་དམ་པར་སྐྱེ་བ་དང་འགགས་པ་མེད་པ་འདི་ནི། བདག་དང་འདྲ་བ་དེ་ཁོ་ན་ཉིད་འཚོལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་གྱིས་ཤིག། 377 རྩ་བར། བདག་ཉིད་བདེ་བར་འདོད་རྣམས་ནི། །འཐབ་དང་སྤྲོ་བའི་རྒྱུ་དག་གིས། །རབ་ཏུ་འཁྲུགས་དང་དགའ་བར་བྱེད། །མྱ་ངན་འབད་རྩོལ་རྩོད་པ་དང་། །ཕན་ཚུན་གཅོད་དང་འབིག་པ་དང་། །སྡིག་དག་གིས་ནི་ཚེགས་ཆེན་འཚོ། ། དུས་དང་རྣམ་པ་ཀུན་ཏུ་བདག་ཉིད་གཅིག་པུ་བདེ་བར་འདོད་པ་རྣམས་ཀྱིས་ནི། དགྲ་ལ་འཐབ་པ་དང་། གཉེན་ལ་སྤྲོ་བའི་རྒྱུ་དག་གིས་སེམས་རབ་ཏུ་འཁྲུགས་པ་དང་དགའ་བར་རེས་ཀྱིས་བྱེད་ཅིང་། ཡང་སྐབས་རེ་བདེ་བ་མ་ཐོབ་པས་མྱ་ངན་ཤུགས་ཆེས་བྱེད་པ་དང་། བདེ་བ་ཞིག་ཐོབ་པའི་ཆེད་དུ་ཐབས་སྣ་ཚོགས་ཀྱིས་འབད་རྩོལ་དང་། ང་རྒྱལ་གྱིས་རྩོད་པ་དང་། ཕན་ཚུན་གྱི་རྐང་ལག་གཅོད་པ་དང་། མཚོན་གྱིས་འབིག་པ་དང་། སྨོད་པ་སོགས་སྡིག་པ་མི་དགེ་བ་དེ་དག་གིས་ནི་ཚེགས་ཆེན་པོས་ཡུན་རིང་བོར་འཚོ་འདོད་བྱེད་དོ། ། རྩ་བར། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྟུང་། ། སྔར་གྱི་དགེ་བའི་ལས་ཀྱིས་བདེ་འགྲོར་ཡང་དང་ཡང་དུ་འོངས་ཏེ། བདེ་བ་མང་པོ་སྤྱད་སྤྱད་ནའང་། ལུས་ཐོག་དེ་ཚོའི་སྟེང་ནས་སྟོང་པ་ཉིད་ཀྱི་དོན་སྒོམ་པ་སོགས་མ་བྱུང་ན། ཤི་བའི་འོག་ནས་སླར་ཡང་ངན་སོང་གི་གནས་རྣམས་སུ་སྡུག་བསྔལ་གྱི་རྣམ་གྲངས་མཐའ་དང་མུ་མེད་པ་དག་ནི། དུས་ཡུན་ཤིན་ཏུ་རིང་བོའི་བར་དུ་ཆེས་ཆེར་མི་བཟད་པ་རྣམས་སུ་ལྟུང་བ་ཡིན་ནོ། ། རྩ་བར། སྲིད་པ་ན་ནི་གཡང་ས་མང་། །དེར་ནི་དེ་ཉིད་མིན་འདི་འདྲ། །དེར་ཡང་ཕན་ཚུན་འགལ་བས་ན། །སྲིད་ན་དེ་ཉིད་འདི་འདྲ་མེད། ། སྲིད་པ་འཁོར་བའི་གནས་ན་ནི་སྡུག་བསྔལ་གྱི་རྣམ་གྲངས་མཐའ་དང་མུ་མེད་པ་སྐྱེད་པར་བྱེད་པའི་གཡང་ས་ཤིན་ཏུ་མང་པོ་ཡོད་ལ། དེ་དང་དེར་ནི་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་བའི་ཐབས་མཆོག་ཏུ་གྱར་པ་དེ་ཁོ་ན་ཉིད་སྒོམ་པ་མིན་པར་བདེན་ 378 ཞེན་འབའ་ཞིག་གིས་བཅིངས་པ་འདི་འདྲ་བའི་སྐབས་དེར་ཡང་། སྲིད་པ་འཁོར་བའི་རྩ་བ་བདག་འཛིན་ནི། ཞི་བ་ཐོབ་བྱེད་ཀྱི་ཐབས་བདག་མེད་རྟོགས་པའི་ཤེས་རབ་དང་ཕན་ཚུན་དངོས་འགལ་དུ་སོང་བས་ན། བདེན་འཛིན་གྱིས་བཅིངས་བཅིངས་པར་ལུས་པའི་སྲིད་པ་འདི་ན། དེ་ཁོ་ན་ཉིད་ཀྱི་དོན་ལ་བསྒོམ་པ་འདི་འདྲ་བ་མེད་དོ། ། རྩ་བར། དེར་ཡང་དཔེ་མེད་མི་བཟད་པའི། །སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས། །དེར་ནི་དེ་ལྟར་སྟོབས་ཆུང་ཞིང་། །དེར་ནི་ཚེ་ཡང་ཐུང་བ་ཉིད། ། བདེ་འགྲོའི་གནས་དེར་ཡང་མཚུངས་ཟླའི་དཔེ་གཞན་རྙེད་དུ་མེད་པའི་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་རྒྱ་མཚོ་ལྟ་བུ་མཐའ་ལས་འདས་པ་མི་འདོད་བཞིན་དུ་ཉམས་སུ་མྱོང་དགོས་པ་མ་ཟད། སྲིད་པ་དེར་ནི་དེ་ལྟར་དགེ་བའི་བཤེས་གཉེན་དང་བླ་མ་སོགས་ལས་ཐེག་པ་ཆེན་པོའི་ཆོས་ཐོས་པའི་སྟོབས་ཆུང་ཞིང་། དེར་ནི་ཚེ་ཡང་ཤིན་ཏུ་ནས་ཐུང་བ་ཉིད་དུ་འགྱུར་བས་ན། ད་ལྟ་ཉིད་ནས་འཁོར་བ་ལས་གྲོལ་བའི་ཐབས་ལ་འབད་པ་བྱེད་དགོས། རྩ་བར། དེར་ཡང་གསོན་དང་ནད་མེད་ཀྱི། །བྱེད་དང་བཀྲེས་དང་ངལ་བ་དང་། །གཉིད་དང་འཚེ་དང་དེ་བཞིན་དུ། །བྱིས་དང་འགྲོགས་པ་དོན་མེད་ཀྱིས། །ཚེ་ནི་དོན་མེད་མྱུར་འདའ་ཡི། །རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ། ། དུས་ཡུན་ཐུང་ཐུང་ཞིག་ཏུ་གནས་པའི་སྐབས་དེར་ཡང་གསོན་པའི་ཆེད་དུ་རིམ་གྲོ་དང་། ནད་ན་ཚ་སོགས་མེད་པར་བྱེད་པ་སོགས་ཀྱི་ཆེད་དུ་གཙང་སྤྲ་དང་འཕྲོད་བསྟེན་བྱེད་པ་དང་། བཀྲེས་པ་དང་། ངལ་བའི་སྡུག་བསྔལ་རྣམས་གསོ་བ་དང་། གཉིད་ལོག་པ་དང་། དགྲའི་འཚེ་དང་། དེ་བཞིན་དུ་བྱ་བ་ངན་པས་དུས་འདའ་བའི་བྱིས་པ་ཚོ་དང་འགྲོགས་པ་སོགས་ཆོས་མི་བྱེད་པའི་དོན་མེད་ཀྱི་བྱ་བ་རྣམས་ཀྱིས་ཚེ་ནི་ཡང་དག་པའི་དོན་གང་ཡང་མེད་པར་མྱུར་དུ་འདའ་ཡི། གནས་ལུགས་ཀྱི་དོན་ལ་རྣམ་པར་དཔྱོད་པའི་གོ་སྐབས་དེ་འདྲ་བ་ནི་ཤིན་ཏུ་ནས་རྙེད་པར་དཀའ་འོ། ། 379 རྩ་བར། དེར་ཡང་རྣམ་གཡེང་གོམས་པ་ནི། །བཟློག་པའི་ཐབས་ནི་ག་ལ་ཡོད། །དེར་ཡང་ངན་སོང་ཆེན་པོར་ནི། །ལྟུང་ཕྱིར་བདུད་ནི་བརྩོན་པར་བྱེད། །དེར་ནི་ལོག་པའི་ལམ་མང་ཞིང་། །ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། ། དེར་ཡང་གལ་སྲིད་སྟོང་པ་ཉིད་ཀྱི་དོན་ལ་སེམས་པ་ཏོག་ཙམ་ཏོག་ཙམ་བྱུང་ན་ཡང་། ཐོག་མ་མེད་པ་ནས་རྣམ་གཡེང་ལ་ཤིན་ཏུ་གོམས་པའི་སྟོབས་ཀྱིས་ནི་མུ་མཐུད་མི་ནུས་ཤིང་། དེ་འདྲའི་གོམས་པ་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་མྱུར་དུ་བཟློག་པའི་ཐབས་ནི་ག་ལ་ཡོད་དེ། དེ་བཟློག་པའི་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བའི་ཕྱིར། ཚེ་སྔོན་མའི་ལས་སྟོབས་ཀྱིས་དགེ་བ་ཅུང་ཟད་རེ་སྒྲུབ་རྒྱུ་བྱུང་བའི་སྐབས་དེར་ཡང་། གློ་བུར་བའི་རྐྱེན་ལྟ་བུས་མི་དགེ་བའི་ཕྱོགས་ལ་གཞོལ་ཏེ་ངན་སོང་ཆེན་པོར་ནི་ལྟུང་བར་བྱ་བའི་ཕྱིར་དུ་ལྷ་བུའི་བདུད་སོགས་ཀྱིས་ནི་མཐུན་རྐྱེན་བརྩོན་པར་བྱེད་པས་ན། དེར་ནི་ལོག་པའི་བཤེས་གཉེན་དང་འཕྲད་པ་སོགས་ཀྱི་ལམ་ངན་པ་མང་ཞིང་། མ་ཟད་སྟོང་པ་ཉིད་ཀྱི་དོན་ལ་ཡང་ངེས་ཤེས་ཡང་དག་པ་ཞིག་མ་བྱུང་བའི་དབང་གིས་ཐེ་ཚོམ་གྱི་བློ་ངན་སྐྱེས་ཏེ། མཐར་དེ་ལས་ཀྱང་བརྒལ་བ་ཤིན་ཏུ་དཀའ་སྟེ། དེ་ལས་བརྒལ་བའི་ཐབས་རྙེད་པའི་སྐབས་ཀྱིས་དབེན་པའི་ཕྱིར་རོ། ། རྩ་བར། སླར་ཡང་དལ་བ་རྙེད་དཀའ་ཞིང་། །སངས་རྒྱས་འབྱུང་རྙེད་ཤིན་ཏུ་དཀའ། །ཉོན་མོངས་ཆུ་བོ་སྤང་དཀའ་སྟེ། །ཨེ་མ་སྡུག་བསྔལ་བརྒྱུད་པར་འགྱུར། ། དེ་ལྟའི་ཚུལ་གྱིས་མི་ཚེ་འདའ་བས། སླར་ཡང་དལ་བ་རྙེད་པར་དཀའ་ཞིང་། སངས་རྒྱས་འབྱུང་བ་རྙེད་པའང་ཤིན་ཏུ་ནས་དཀའ། རྒལ་རབ་མེད་པའི་ཉོན་མོངས་པའི་ཆུ་བོ་དེ་སྤང་བ་དེ་བས་ཀྱང་དཀའ་སྟེ། དེ་མ་སྤངས་པའི་སེམས་ཅན་རྣམས་ནི་ཨེ་མ་སྡུག་བསྔལ་གསུམ་གྱི་རྒྱུན་ཆད་མེད་དུ་བརྒྱུད་པར་འགྱུར་བ་འདི་ནི། ཤིན་ཏུ་ནས་ཡིད་མུག་པ་ཞིག་རེད། 380 རྩ་བར། དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་། །རང་སྡུག་མི་མཐོང་གང་ཡིན་པ། །སྡུག་བསྔལ་ཆུ་བོར་གནས་འདི་དག ། ཀྱི་ཧུད་མྱ་ངན་བྱ་བར་འོས། ། དེ་ལྟར་སྲིད་པ་འཁོར་བའི་གནས་འདིར་ཤིན་ཏུ་སྡུག་བསྔལ་ཡང་། སྡུག་བསྔལ་ལ་བདེ་བར་བཟུང་ནས། སེམས་ཅན་རྣམས་ཆེས་ཆེར་རྨོངས་པའི་དབང་གིས་རང་ཉིད་སྡུག་བསྔལ་བའི་གནས་སྐབས་རང་གིས་མི་མཐོང་བ་གང་ཡིན་པ། སྡུག་བསྔལ་གྱི་ཆུ་བོ་ཆེན་པོར་བྱིང་ནས་གནས་པའི་སེམས་ཅན་འདི་དག་ནི། ཀྱི་ཧུད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱ་ངན་བྱ་བར་འོས་པའི་གནས་སོ། ། རྩ་བར། དཔེར་ན་འགའ་ཞིག་ཡང་ཡང་ཁྲུས། །བྱས་ཏེ་ཡང་ཡང་མེར་འཇུག་པ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་བར། །གནས་ཀྱང་བདག་ཉིད་བདེ་རློམ་བཞིན། ། དཔེར་ན། སྐྱེ་བོ་རྨོངས་པས་རབ་ཏུ་མྱོས་པ་འགའ་ཞིག་ཤིན་ཏུ་གྲང་བའི་ཆུར་ཞུགས་ནས་ཡང་ཡང་ཁྲུས་བྱས་ཏེ། ཡང་ཡང་རབ་ཏུ་ཚ་བའི་མེར་འཇུག་པ་སོགས་དེ་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་། ད་དུང་སྡུག་བསྔལ་དེ་དག་སྡུག་བསྔལ་དུ་ངོས་མི་ཟིན་པར་ཐར་པ་ཐོབ་པའི་ཐབས་སུ་བདག་ཉིད་ཤིན་ཏུ་བདེ་བར་རློམ་པ་བཞིན་ནོ། ། རྩ་བར། དེ་ལྟར་རྒ་དང་འཆི་མེད་པ། །བཞིན་དུ་སྤྱོད་པས་གནས་རྣམས་ལ། །དང་པོ་ཉིད་དུ་བསད་བྱས་ནས། །ངན་སོང་ལྟུང་བ་མི་བཟད་འོང་། ། དེ་ལྟར་ལོ་ཡིས་རྒ་བ་མེད་པ་དང་། སྐྱེས་པའི་འོག་ཏུ་འཆི་བ་མེད་པ་བཞིན་དུ། ཤིན་ཏུ་ནས་མ་རུང་བའི་སྤྱོད་པས་གནས་པ་རྣམས་ལ། དང་པོ་ཉིད་དུ་འཆི་བདག་གིས་འཇམ་མཁས་ཀྱིས་བསད་པར་བྱས་ནས་ངན་སོང་ངན་འགྲོའི་གནས་རྣམས་སུ་ལྟུང་བ་ཤིན་ཏུ་མི་བཟད་པ་ཞིག་འོང་བ་ཡིན་ནོ། ། རྩ་བར། དེ་ལྟར་སྡུག་བསྔལ་མེས་གདུངས་ལ། །བསོད་ནམས་སྤྲིན་ལས་ལེགས་བྱུང་བའི། །རང་གི་བདེ་བའི་ཚོགས་ཆར་གྱིས། །ཞི་བྱེད་པར་བདག་ནམ་ཞིག་འགྱུར། ། 381 དེ་ལྟར་སྡུག་བསྔལ་གྱི་མེས་ཕྱོགས་ཀུན་ནས་ཤིན་ཏུ་གདུངས་པ་རྣམས་ལ་བདག་གི ས་ཚེ་སྔོ ན་བསགས་པའི་བསོད་ནམས་ཀྱི་སྤྲིན་ལས་ལེགས་པར་བྱུང་བའི་རང་གི་བདེ་བའི་རྒྱུར་གྱུར་པའི་ཚོགས་ཆར་གྱིས། མཐའ་དང་མུ་མེད་པའི་ཉམ་ཐག་པའི་སེམས་ཅན་སྐྱབས་དང་། མགོན་དང་། དཔུང་གཉེན་མེད་པ་དག་གི་སྡུག་བསྔལ་དེ་དག་ཞི་བར་བྱེད་པར་བདག་ནམ་ཞིག་འགྱུར་རམ། མི་རིང་བར་དེ་ལྟར་འགྱུར་བ་ཞིག་བྱུང་ན་ཅི་མ་རུང་། རྩ་བར། ནམ་ཞིག་དམིགས་པ་མེད་ཚུལ་དུ། །གུས་པས་བསོད་ནམས་ཚོགས་བསགས་ཏེ། །དམིགས་པས་ཕུང་བར་གྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་འགྱུར། ། ནམ་ཞིག་ཆོས་ཐམས་ཅད་བདེན་མེད་དུ་ངེས་ནུས་པའི་ཤེས་རབ་ཀྱི་སྒོ་ནས། ཆོས་གང་ལའང་འཁོར་གསུམ་དམིགས་པ་མེད་པའི་ཚུལ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་། ཐབས་ཀྱི་ཆ་ལ་གུས་པས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ཏེ། བདེན་འཛིན་གྱི་དམིགས་པས་བཅིངས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཕུང་བར་གྱུར་པའི་སེམས་ཅན་རྣམས་ལ། ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་ཟབ་མོ་སྟོང་པ་ཉིད་ནི་ནན་གྱིས་སྟོན་པར་འགྱུར་སྙམ་དུ་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་ཆེན་པོ་ཡང་ནས་ཡང་དུ་བསྒོམ་པར་བྱའོ། ། ལེའུ་དགུ་པའི་མཚན་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་རབ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དགུ་པའི་འབྲུ་འགྲེལ། 582 ༡༠༽ ལེའུ་བཅུ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བསྔོ་བ་བསྟན་པ་ཞེས་བྱ་བའི་ལེའུའི་འབྲུ་འགྲེལ། རྩ་བར། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག ། བདག་གིས་སྤྱིན་དྲུག་གིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་གཞུང་འདི་ཉིད་རྣམ་པར་བརྩམས་པ་ཡི་དགེ་བའི་ལས་གང་བསགས་པ་དེས། ལྷ་དང་བཅས་པའི་འགྲོ་བ་ཀུན་བླ་ན་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་འདི་ཉིད་ལ་མྱུར་བ་མྱུར་དུ་འཇུག་པར་ཤོག་ཅིག། རྩ་བར། ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག ། ཤར་གླིང་ནུབ་རྒྱུད་ཀྱི་ཕྱོགས་རྣམས་ཀུན་ན་ལུས་དང་སེམས་ཀྱི་སྡུག་བསྔལ་གྲངས་མེད་པས་ཤིན་ཏུ་ཉམ་ཐག་པར་བྱས་པའི་ནད་པ་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ཀྱི་ལུས་དང་སེམས་ལ། བདག་གིས་ཚེ་རབས་སྟོང་ཕྲག་མང་པོའི་རིང་བསོད་ནམས་ཀྱི་ལས་གང་བསགས་པ་རྣམས་ཀྱི་མཐུས་ཟད་མི་ཤེས་པའི་བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག་ཅིག། རྩ་བར། དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བའི་བླ་ན་མེད་པ་ཡི། །བདེ་བ་རྒྱུན་མི་ཆད་ཐོབ་ཤོག ། ཉམ་ཐག་པའི་སེམས་ཅན་དེ་དག་འཁོར་བ་ཇི་སྲིད་ནམ་གནས་ཀྱི་བར་དུ་ནམ་ཡང་འཁོར་བའི་ཕུན་ཚོགས་ཀྱི་བདེ་བ་ཐམས་ཅད་ལས་ཉམས་པར་མ་གྱུར་པར། འགྲོ་བ་དེ་ 383 དག་ཀུན་བྱང་ཆུབ་སེམས་དཔའི་སྤྱོད་པར་ཞུགས་ཏེ། འགྲོ་བའི་བླ་ན་མེད་པ་ཡི་བདེ་བ་རྒྱུན་མི་ཆད་དུ་ཐོབ་པར་ཤོག་ཅིག། རྩ་བར། འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག ། འཇིག་རྟེན་གྱི་ཁམས་འདི་ན་སྡུག་བསྔལ་གྱི་འབྱུང་གནས་དམྱལ་བ་དག་གང་དག་ཇི་སྙེད་ཡོད་པ་རྣམས། དེ་དག་ཏུ་ནི་སྐྱེས་པའི་ལུས་ཅན་རྣམས་རིང་བོར་མི་ཐོགས་པར་སྡུག་བསྔལ་གྱི་གནས་དེ་དག་དང་བྲལ་ནས་བདེ་བ་ཅན་གྱི་བདེ་བས་དགའ་བར་ཤོག་ཅིག། རྩ་བར། གྲང་བས་ཉམ་ཐག་དྲོ་འཐོབ་ཤོག ། བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག ། གྲང་དམྱལ་བརྒྱད་སོགས་སུ་གྲང་བས་ཉམ་ཐག་པའི་སེམས་ཅན་རྣམས་ལ་དྲོ་བའི་བདེ་སྣང་འཐོབ་པར་ཤོག་ཅིག བྱང་ཆུབ་སེམས་དཔའི་ཚོགས་གཉིས་ཀྱི་སྤྲིན་ཆེན་ལས་བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། ཚ་དམྱལ་བརྒྱད་སོགས་སུ་ཚ་བས་ཉམ་ཐག་པའི་སེམས་ཅན་རྣམས་ལ་བསིལ་བའི་སྣང་བ་འཐོབ་པར་ཤོག་ཅིག། རྩ་བར། རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་དགའ་ཚལ་སྡུག་གུར་ཤོག། །ཤལ་མ་ལི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག ། ཉེ་འཁོར་གྱི་དམྱལ་བའི་ནང་ཚན་རལ་གྲིའི་དབྱིབས་ཅན་གྱི་ལོ་མའི་ནགས་ཚལ་དེ ཡང་། དེ་ལ་གནས་པའི་དམྱལ་བའི་སེམས་ཅན་རྣམས་ཀྱི་སྣང་བར་ཤིན་ཏུ་ཡིད་དུ་འོང་བའི་དགའ་ཚལ་སྡུག་གུར་ཤོག ལྕགས་ཤིང་གི་ནགས་ཚལ་དུ་གྲགས་པའི་ཤལ་མ་ལི་ཡི་སྡོང་པོ་དེ་ཡང་། དེར་གནས་སེམས་ཅན་རྣམས་ཀྱིས་ཅི་འདོད་འདོད་དུ་འབྱུང་བའི་དཔག་བསམ་གྱི་ཤིང་དུ་འཁྲུངས་པར་ཤོག་ཅིག། 384 རྩ་བར། མཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན པས་མཛེས་གྱུར་ཅིག ། པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགའ་ཤོག། གནས་དེར་ཆུ་བྱ་མཐིང་རིལ་དང་། ངུར་པ་དག་དང་། ངང་པ་དང་། མི་སྐད་ཀྱི་ལད་མོ་བྱེད་ཤེས་པའི་བཞད་སོགས་ཀྱིས་རྒྱུན་དུ་སྐད་སྙན་འབྱིན་པས་མཛེས་པར་གྱུར་ཅིག མ་ཟད་པདྨ་དྲི་བསུང་དབྱིབས་ལེགས་དང་བཀྲག་མདངས་འདྲ་མིན་གྱི་ཆེ་བ་དང་ལྡན་པའི་མཚོ་དག་གིས་ཀྱང་མི་སྡུག་པའི་རོ་མྱག་གི་འདམ་དང་། དྲི་ང་བ། ལྕགས་བསྲེགས་ཀྱི་ས་གཞིས་འཐེན་པའི་དམྱལ་བའི་ས་ཕྱོགས་དག་ནི་ཤིན་ཏུ་ནས་ཉམས་དགའ་བ་བྱེད་པར་ཤོག་ཅིག། རྩ་བར། སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག ། བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག ། མེ་ཤུགས་ཀྱིས་བཟུང་བའི་སོལ་བའི་ཕུང་པོ་དེ་ཡང་རིན་ཆེན་ཕུང་པོར་གྱུར་པ་མ་ཟད། ས་བསྲེགས་དེ་ལ་ཡང་ཤེལ་གྱི་ས་གཞི་བསྟར་བར་ཤོག། བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི་གཞལ་མེད་ཁང་དུ་གྱུར་ཏེ། དེར་འདས་དང་ད་ལྟའི་བདེ་གཤེགས་རྣམས་ཀྱིས་ཡོངས་སུ་གང་བར་ཤོག་ཅིག། 385 རྩ་བར། མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག ། དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག ། མདག་མ་སྟེ་མེ་རྡོག་དང་། རྡོ་བསྲེགས་དང་། མེ་སྒྱོགས་སོགས་མཚོན་གྱི་ཆར་པ་དག དུས་དེང་ནས་བཟུང་སྟེ་མེ་ཏོག་གི་དབྱིབས་དང་མཚུངས་པའི་ཆར་པར་གྱུར་པ་དང་། ཕན་ཚུན་ཁྱོད་ཤི་ང་གསོན་ལྟ་བུའི་སྒོ་ནས་མཚོན་གྱིས་འདེབས་པ་སྟེ་འཛུགས་རེས་བྱེད་པ་དེ་ཡང་ནི། དེང་ནས་བཟུང་སྟེ་ཕན་ཚུན་རྩེ་འཇོའི་དཔལ་ལ་རོལ་ཕྱིར་མེ་ཏོག་འཕེན་པ་དང་མཚུངས་པར་ཤོག་ཅིག། རྩ་བར། ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག ། ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག ། བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག ། ཆུ་བོ་རབ་མེད་པ་མེ་དོང་དང་འདྲ་བའི་ནང་དུ་བྱིང་བ་སྟེ་ནུབ་པ་དག ཤ་དང་རྩ་རྒྱུས་ཁྲག་རྣག་ལ་སོགས་པ་ཀུན་ཞིག་པར་གྱུར་ནས་རུས་གོང་དཀར་པོ་མེ་ཏོག་ཀུན་དའི་མདོག་དང་ཡོངས་སུ་མཚུངས་པ་དག བདག་གི་དགེ་བའི་སྟོབས་ཀྱིས་དེ་མ་ཐག་ཚེ་འཕོས་ཏེ་ལྷ་ཡི་ལུས་རྟེན་ཁྱད་པར་ཅན་ཐོབ་ནས། ཡུལ་དེའི་ཤིན་ཏུ་མཛེས་པར་གྲགས་པའི་ལྷ་མོ་གཞོན་ནུ་མ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཏེ་སུས་དལ་གྱིས་འཛོམས་ནས་ཡུན་རིང་དགའ་བདེས་གནས་པར་ཤོག་ཅིག། རྩ་བར། ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྭ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག ། 386 རྒྱུ་མཚན་ཅིའི་ཕྱིར་དམྱལ་བའི་གནས་འདིར་ནི་ཤིན་ཏུ་མ་རུངས་པའི་གཤིན་རྗེའི་མི་དང་། ཁྭ་ཏ་དང་། ཤ་ཁྲག་ལ་རྔམ་པའི་བྱ་རྒོད་མི་བཟད་པ་རྣམས་སྐྲག་པར་བྱེད་ཅིང་། ཕྱོགས་ཀུན་ནས་མུན་རྨུགས་འདྲེས་མ་འཐིབས་པ་དག་ཡོངས་སུ་བསལ་ནས་གློ་བུར་བདེ་དགའ་བསྐྱེད་པར་ནུས་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་ཡིན་སྙམ་སྟེ། དམྱལ་བའི་སེམས་ཅན་རྣམས་གྱེན་དུ་བལྟས་པའི་ཚེ་ན། ནམ་མཁའི་དཀྱིལ་ན་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཡ་གྱལ་ཕྱག་ན་རྡོ་རྗེ་དཔལ་དང་གཟི་བྱིན་གྱིས་འབར་པ་བཞུགས་པ་མཐོང་ནས། དམྱལ་བའི་སེམས་ཅན་རྣམས་རབ་ཏུ་དད་པ་དང་དགའ་བའི་ཤུགས་ཀྱིས་སྔོན་གྱི་སྡིག་པ་དག་དང་བྲལ་ནས་རྒྱལ་སྲས་དེ་དང་ལྷན་ཅིག་ཏུ་འགྲོགས་པ་ཞིག་འབྱུང་བར་ཤོག་ཅིག། རྩ་བར། མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨོ་མཐོང་བར་ཤོག ། མེ་ཏོག་གི་དབྱིབས་དང་མཚུངས་པའི་ཆར་པ་དག་དྲི་ཞིམ་སྤོས་ཆུ་དང་འདྲེས་ནས་འབབ་པ་ཡིས། དམྱལ་བའི་ས་ཕྱོགས་ཀུན་ཏུ་མཆེད་པའི་མེ་རླབས་དང་། མདག་མ་སྟེ་མེ་རྡོག་དག་རེ་རེ་ནས་ཆིལ་ཆིལ་ཞེས་སྒྲ་དང་བཅས་གསོད་པ་མཐོང་བར་གྱུར་ནས། གློ་བུར་བདེ་བས་ཡིད་རབ་ཏུ་ཚིམ་པ་འདི་འདྲ་བ་ནི་རྒྱུ་དང་རྐྱེན་ཅི་ཞིག་ལས་བྱུང་བ་ཡིན་བསམ་མ་ཐག་པ་དང་། དེ་ཉིད་དུ་སེམས་ཅན་དམྱལ་བ་པ་རྣམས་ཀྱིས་ཕྱག་ན་པདྨོ་མངོན སུམ་མཐོང་བར་ཤོག་ཅིག། རྩ་བར། གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡི་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དཔའ་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་སུ་ཞིག་ཕྱིན། །ཁྱོད་ཀྱི ས་ལྷ་བརྒྱའི་ཅོད་པན་ 387 དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་། །ཐུགས་རྗེས་བརླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག ། མ་ཟད་དམྱལ་བའི་སེམས་ཅན་རྣམས་ཀྱིས་ཕྱག་ན་པདྨོ་མངོན་སུམ་དུ་མཐོང་སྟབས། སེམས་ཅན་དེ་དག་གཅིག་གིས་གཅིག་ལ་གྲོགས་དག་ཅེས་སྐད་ཤུགས་ཆེན་པོས་བོས་ནས། ཁྱེད་ཅག་འཇིགས་པ་བོར་ལ་རིངས་པར་ཏེ་མྱུར་བར་ཚུར་ཤོག་ཅིག་དང་། འུ་བུའི་ཐད་དུ་ནི་སྟེ་འུ་ཅག་གི་ཐད་དུ་རྗེ་བཙུན་འཇམ་དབྱངས་བཞུགས་པ་གང་གི་མཐུ་ཡིས་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་ཀུན་དང་བྲལ་བས་བདེ་སྣང་དང་ལྡན་ཞིང་། རང་རང་གི་སེམས་ལ་རབ་ཏུ་དགའ་བའི་ཤུགས་ཕྱིན་པར་མཛད་ལ། ངན་སོང་དུ་གནས་པའི་འགྲོ་བ་མ་ལུས་པ་ཀུན་སྡུག་བསྔལ་གྱི་སྒོ་ཀུན་ནས་ཡོངས་སུ་སྐྱོབ་པར་མཛད་པའིབྱང་ཆུབ་སེམས་དཔའ་བརྩེ་བ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པར་གྱུར་པ་གཞོན་ནུ་རལ་བའི་ཟུར་ཕུད་ལྔ་དང་ལྡན་པ་ཅན། མཚན་དང་དཔེ་བྱད་ཀྱི་གཟི་བྱིན་རབ་ཏུ་འབར་ཞིང་། དམྱལ་བའི་འཇིགས་པ་མེད་པར་བྱེད་པ་གང་སུ་ཞིག་རྗེ་བཙུན་འཇམ་པའི་དབྱངས་ཏེ་འདིར་ཕྱིན་པས་ན། དམྱལ་བར་གནས་པའི་སེམས་ཅན་ཁྱོད་རྣམས་ཀྱིས་ལྟོས་དང་། ལྷ་བརྒྱའི་སྟེ་ལྷ་བརྒྱ་ཕྲག་མང་པོས་ཅོད་པན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་། ཐུགས་རྗེས་ཏེ་ཐུགས་བརྩེ་བ་ཆེན་པོའི་ཤུགས་ཀྱིས་སྤྱན་ཆབ་བཞུར་བས་བརླན་པར་གྱུར་པའི་སྤྱན་མཛེས་པ་དང་ལྡན་པའི་དབུ་ལ་རྒྱལ་སྲས་རྣམས་ཀྱིས་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་པ་འབབ་པར་གྱུར་པ་དང་། གཞལ་མེད་ཁང་བརྩེགས་ཡིད་དུ་འོང་བ་དུ་མའི་ནང་ནས་ལྷ་ཡི་བུ་མོ་སྟོང་ཕྲག་མང་པོས་སྐུ་གསུང་ཐུགས་ལ་བསྟོད་པའི་དབྱངས་སྙན་སྒྲོགས་པ་དང་ལྡན་པ་འདི་ལ་ལྟོས་ཞེས་ཕན་ཚུན་བསྐུལ་བའི་མོད་ལ་རྗེ་བཙུན་འཇམ་དབྱངས་དེ་འདྲ་བ་དངོས་སུ་མཐོང་ནས་ད་ 388 ནི་སེམས་ཅན་དམྱལ་བར་གནས་པ་རྣམས་དགའ་བའི་ཤུགས་ཀྱིས་ཅ་ཅོ་སྣ་ཚོགས་འདོན་ཞིང་། དེ་དང་ལྷན་ཅིག་ཇི་སྲིད་བྱང་ཆུབ་མ་འཐོབ་བར་ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ལ་ཅི་འདོད་འདོད་དུ་ལོངས་སུ་སྤྱོད་པར་ཤོག་ཅིག། རྩ་བར། དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་ངད་ལྡང་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགར་གྱུར་ཅིག ། དེ་ལྟར་བདག་གིས་སྔོན་ཆད་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པ་འདིའི་མཐུས་ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ། ས་ཡི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་མེད་པའི་སྤྲིན་ལས་རེག་ན་བདེ་བ་དང་། བསིལ་ཞིང་དྲི་ཞིམ་གྱི་ངད་ལྡང་བའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་དམྱལ་བར་གནས་པ་དེ་དག་མངོན་པར་དགའ་བར་གྱུར་ཅིག། རྩ་བར། དུད་འགྲོ་རྣམས་ནི་གཅིག་ལ་གཅིག ། ཟ་བའི་འཇིགས་དང་བྲལ་བར་ཤོག། སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། ། འབུ་ཆེ་བས་ཆུང་བ་ཟ་བས་མཚོན་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་གིས་ཟ་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་དང་བྲལ་བར་ཤོག་ཅིག སྒྲ་མི་སྙན་པའི་མི་བཞིན་དུ། ཡི་དྭགས་རྣམས་ནི་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་དག་ལས་ཡོངས་སུ་ཐར་ནས་བདེ་བར་གནས་པར་གྱུར་ཅིག། རྩ་བར། འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག ། 389 འཕགས་པ་སྤྱན་རས་གཟིགས་དབང་གི་ཕྱག་ནས་འབབ་པའི་བདུད་རྩི་འོ་མའི་རྒྱུན་གྱིས་ཡི་དྭགས་རྣམས་ནི་བཀྲེས་དང་སྐོམ་ལ་སོགས་པའི་ལུས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་ནས་ཚིམས་པར་བྱས་ཤིང་། ལུས་ལ་ཁྲུས་བྱས་ནས་རྟག་ཏུ་བསིལ་བའི་བདེ་སྣང་མྱོང་བར་ཤོག་ཅིག། རྩ་བར། ལོང་བ་རྣམས་ཀྱིས་གཟིགས་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག། ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག ། ལོང་བ་རྣམས་ཀྱིས་གཟིགས་མཐོང་ཞིང་། འོན་པས་ཀྱང་རྟག་ཏུ་སྒྲ་ཐོས་པར་ཤོག་ཅིག ལྷ་མོ་སྒྱུ་འཕྲུལ་མ་ལས་བྱང་ཆུབ་སེམས་དཔའ་སྐུ་བལྟམས་པ་ཇི་བཞིན་དུ། བུད་མ་མ་རྣམས་ལའང་ཟུག་གཟེར་ལ་སོགས་པའི་གནོད་པ་མེད་པར་བདེ་ཚོར་གྱིས་མེད་ལྦུབུ་དག་བཙའ་བར་ཤོག་ཅིག། རྩ་བར། གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག ། གོས་ཀྱིས་ཕོངས་པའི་གཅེར་བུ་རྣམས་ཀྱིས་གོས་དག་དང་། ཟས་ཀྱིས་དབུལ་བའི་བཀྲེས་པ་རྣམས་ཀྱིས་ཟས་དང་ནི། སྐོམ་པ་རྣམས་ཀྱིས་ཆུ་དག་དང་། ད་དུང་འོ་མ་ལ་སོགས་པའི་བཏུང་བ་ཞིམ་པོའི་རིགས་ཀྱང་ཅི་འདོད་འདོད་དུ་ཐོབ་པར་ཤོག་ཅིག། རྩ་བར། བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག ། མྱ་ངན་ཉམ་ཐག་དགའ་ཐོབ་ཤོག། ཡི་ཆད་རྣམས་ཀྱང་ཡིད་སུས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག ། བཀྲེན་པའི་སྡུག་བསྔལ་གྱིས་མནར་བ་རྣམས་ཀྱིས་ནོར་ཐོབ་པར་ཤོག མྱ་ངན་གྱི་ཤུགས་ཀྱིས་མནན་པའི་ཉམ་ཐག་པའི་སེམས་རྣམས་ལ་དགའ་བའི་སྣང་བ་ཐོབ་པར་ཤོགརྐྱེན་གང་ཡང་རུང་བ་ཞིག་གིས་བྱ་བ་ཆེ་ཆུང་གང་ཡང་བསྒྲུབ་པར་ཡི་ཆད་པའི་སེམས་ཅན་རྣམས་ཀྱང་ཡིད་སུས་ཤིང་། དེ་ཡང་མི་ཉམས་པར་བརྟན་པ་དང་། ཕྱོགས་ཀུན་ནས་ཕུན་སུམ་ཚོགས་པར་ཤོག་ཅིག། 390 རྩ་བར། སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག ། འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག ། མགོན་མེད་སྐྱབས་མེད་ཀྱི་སེམས་ཅན་ནད་པ་ཇི་སྙེད་པ་དག་མྱུར་དུ་ནད་ལས་ཐར་པར་གྱུར་ཅིག དུས་དེ་རིང་ནས་བཟུང་འགྲོ་བའི་ནད་ནི་མ་ལུས་པ་རྟག་ཏུ་འབྱུང་བ་མེད་པར་ཤོག་ཅིག། རྩ་བར། སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་གྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་མཉེན་གྱུར་ཅིག ། རྒྱལ་པོའི་ཁྲིམས་ཆད་ལ་སོགས་པས་སྐྲག་པ་རྣམས་ནི་འཇིགས་པ་མེད་པར་ཤོག བཙོན་དུ་བཅིངས་པ་རྣམས་ནི་རིང་བོར་མི་ཐོགས་པར་གྲོལ་བར་གྱུར་པ་དང་། དཔུང་གི་སྟོབས་ལ་སོགས་པའི་མཐུ་མེད་པ་རྣམས་ནི་མཐུ་དང་ལྡན་ཞིང་། དེ་དག་རྣམས་ཀྱང་སེམས་ནི་ཕན་ཚུན་མཉེན་ཞིང་ཤིན་ཏུ་འཇམ་པའི་རང་བཞིན་དུ་གནས་པར་གྱུར་ཅིག། རྩ་བར། མགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག། གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་གྱུར་ཅིག ། ཁེ་ཚོང་དོན་དུ་གཉེར་པའི་མགྲོན་པོ་དག་ནི་ཐམས་ཅད་ལ། ཕྱོགས་རྣམས་ཐམས་ཅད་ནས་མི་བདེ་བ་མེད་པར་བདེ་བར་ཤོག དགོས་པ་གང་གི་དོན་དུ་འགྲོ་བར་བྱེད་པའི་དོན་རྣམས་ཐོབ་ཕྱིར། དེའི་ཆེད་དུ་འབད་བརྩོན་གྱི་ལས་གཉེར་མི་དགོས་པར་དེ་མ་ཐག་ཏུ་འགྲུབ་པར་གྱུར་ཅིག། རྩ་བར། གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམས་པ་འགྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག ། གྲུ་ཆུང་དང་། གྲུ་ཆེན་པོ་དག་ཏུ་ཞུགས་པ་རྣམས་ཀྱང་རང་རང་གི་ཡིད་ལ་གང་བསམས་པ་ཐམས་ཅད་ཇི་བཞིན་དུ་འགྲུབ་པར་གྱུར་ཏེ། ཆུ་ཡི་ངོགས་སུ་སྟེ་ཆུ་ཆེན་པོའི་ 391 འགྲམ་ཐང་དུ་བདེ་བར་ཕྱིན་ནས། རང་རང་གི་གཉེན་ཉེ་དུ་དག་དང་ལྷན་ཅིག་ཏུ་དགའ་བས་བདེ་བར་གནས་པར་ཤོག་ཅིག། རྩ་བར། མྱ་ངམ་ལམ་གོལ་འཁྱམས་པ་རྣམས། །མགྲོན་པོ་དག་དང་འཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་བར་ཤོག ། བྱེ་ཐང་ལྟ་བུའི་ཆུ་མེད་པའི་མྱ་ངམ་གྱི་ཐང་ཆེན་པོར་ལམ་གོལ་གྱིས་འཁྱམས་པ་རྣམས་ལམ་བཟང་པོ་རྙེད་པའི་རྐྱེན་མགྲོན་པོ་དག་དང་འཕྲད་པར་གྱུར་ནས། ཆོམ་རྐུན་དང་སྟག་གཟིག་སོགས་ཀྱི་འཇིགས་པ་མེད་པར། མི་ངལ་བ་སྟེ་ངལ་ཞིང་དུབ་པ་མེད་པའི་སྒོ་ནས་བདེ་བླག་ངང་རང་ཉིད་གང་དུ་འགྲོ་བར་འདོད་པའི་གནས་དེ་ཉིད་དུ་འདོང་བར་ཤོག་ཅིག། རྩ་བར། དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བར་བྱེད་པར་ཤོག ། དགོན་སོགས་ཏེ་གནས་དབེན་པ་སོགས་སུ་ལམ་མེད་ཅིང་། ཉམ་ང་བར་ཕྱིན་པའི་དབང་པོ་ཡོངས་སུ་མ་སྨིན་པའི་བྱིས་པ་དང་། གཟུགས་གཞིའི་སྟོབས་དང་ནུས་པ་རྒུད་པའི་རྒན་པོ་མགོན་དང་སྐྱབས་མེད་པ་དག་དང་། ལས་ཀྱིས་ངལ་བས་གཉིད་ལོག་པས་མྱོས་ཤིང་། ཆང་སོགས་བཟི་རྫས་ཀྱིས་རབ་ཏུ་མྱོས་པ་རྣམས་སྲོག་ལ་སོགས་པའི་འཇིགས་པ་མི་འབྱུང་ཕྱིར་ལྷ་དག་གིས་རྟག་ཏུ་སྲུང་བར་བྱེད་པར་ཤོག་ཅིག། རྩ་བར། མི་དལ་ཀུན་ལས་ཐར་པ་དང་། །དད་དང་ཤེས་རབ་བརྩེར་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག ། མི་དལ་བ་སྟེ་དུས་རྟག་ཏུ་དོན་མེད་པའི་ལས་ཀྱིས་བྲེལ་བ་ཀུན་ལས་ཐར་པ་དང་། ཐར་ནས་ཀྱང་དད་པ་གསུམ་དང་། ཤེས་རབ་གསུམ། ཐེག་པ་ཆེན་པོའི་སྙིང་རྗེའི་བརྩེ་བ་དང་བཅས་དད་དང་ཤེས་རབ་བརྩེ་བ་གསུམ་གྱི་ཁྱད་པར་དང་ལྡན་ཞིང་། ཕྱིའི་ 392 མཐུན་རྐྱེན་ཟས་དང་། སྤྱོད་པ་ཕུན་སུམ་ཚོགས་པ་བྱུང་ནས་གཞན་གྱི་དོན་བསྒྲུབ་པ་དང་། རང་གི་དོན་ལ་ཡང་འདུན་པ་དང་། མོས་པ། སྙིང་སྟོབས་གསུམ་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་རྟག་ཏུ་ཚེ་རབས་སྔ་མ་རྣམས་ཡང་ཡང་རྗེས་སུ་དྲན་པར་ཤོག་ཅིག། རྩ་བར། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག ། རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག ། སེམས་ཅན་ཐམས་ཅད་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པ་བཞིན་དུདུས་དང་རྣམ་པ་ཀུན་ཏུ་ལོངས་སྤྱོད་ཆད་པ་མེད་པར་ཤོག ལོངས་སྤྱོད་བཟང་པོ་ཐོབ་པའི་ཚེ་ནའང་དེ་དག་ལ་རྩོད་པ་མེད་ཅིང་། དམག་དང་མཚོན་ཆས་འཚེ་བ་མེད་པར་ཕན་ཚུན་འཛའ་ཞིང་མཐུན་པའི་སྒོ་ནས་རང་རང་སོ་སོ་རང་དབང་དུ་ནི་ཅི་དགར་ལོངས་སུ་སྤྱོད་པར་ཤོག་ཅིག། རྩ་བར། སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག།དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག ། སེམས་ཅན་མཚན་སྙན་གྲགས་དང་། སྟོབས་དང་། དཔུང་སོགས་ཀྱི་ཆ་ནས་གཟི་བརྗིད་ཆུང་ངུ་གང་ཡིན་པ་དེ་དག་ཀུན་གྱིས་གཟི་བརྗིད་ཆེན་པོར་ཐོབ་པར་ཤོག་ཅིག ལྷག་པར་དུ་དགོན་པ་དང་། ཕུག་དང་། ལྷ་ཁང་སྟོང་པ་སོགས་ཀྱི་ནང་དུ་ཚེ་དང་སྒྲུབ་པ་སྙོམས་པར་བཞུགས་པའི་དཀའ་ཐུབ་ཅན་གང་དཀའ་ཐུབ་ཀྱི་དབང་གིས་གཟུགས་དང་ལང་ཚོ་ངན་པར་ཆགས་པ་ཀུན་གཟུགས་བཟང་ཞིང་ལང་ཚོ་ཕུན་སུམ་ཚོགས་པ་འབྱུང་བར་ཤོག་ཅིག། རྩ་བར། འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག ། མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག ། 393 འཇིག་རྟེན་ཁམས་ཀྱི་བུད་མེད་ཇི་སྙེད་ཡོད་པ་དེ་དག་ཀུན་སྐྱེས་པ་ཉིད་དུ་གྱུནས་སྙི ང་སྟོབས་དང་ཆོད་སེམས་བརྟན་པོས་ཆོས་ལ་སྤྱོད་པར་གྱུར་ཅིག རྡོལ་བ་ལ་སོགས་པའི་རིགས་དམན་པར་སྐྱེས་པའི་མ་རབས་རྣམས་ནི་གནས་བབ་མཐོ་བོ་ཐོབ་ཅིང་། ཡང་གནས་བབ་མཐོ་བ་སོགས་ཀྱིས་ང་རྒྱལ་སྐྱེ་བའི་ཉེན་ཁ་ཡོད་སྟབས། ང་རྒྱལ་དག་ཀྱང་བཅོམ་སྟེ་ཞི་ཞིང་དུལ་བའི་སྒོ་ནས་གནས་པར་ཤོག་ཅིག། རྩ་བར། བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག ། བདག་གིས་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སོགས་པའི་བསོད་ནམས་འདི་ཡིས་ནི། སྲོག་དབུགས་ཐོགས་ཚད་ཀྱི་སེམས་ཅན་ཐམས་ཅད་མ་ལུས་པས། དངོས་ཤུགས་བརྒྱུད་གསུམ་ནས་སྡིག་པའི་ལས་ཐམས་ཅད་སྤངས་ནས་ནི། རྟག་ཏུ་དགེ་བའི་ལས་འབའ་ཞིག་བྱེད་པར་ཤོག་ཅིག། རྩ་བར། བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག ། བསམ་པ་དུས་དང་གནས་སྐབས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་། སྦྱོར་བ་བྱང་ཆུབ་ཀྱི་སྤྱོད་པ་གྲངས་དང་མུ་མེད་པ་རྣམས་ལ་གཞོལ་བ་དང་། འདས་དང་ད་ལྟའི་སངས་རྒྱས་རྣམས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཡོངས་སུ་བཟུང་ཞིང་། བདུད་ཀྱི་ལས་དང་མཚུངས་པའི་ལྟ་སྤྱོད་ངན་པ་རྣམས་ལྷག་མེད་དུ་སྤོང་བར་ཤོག་ཅིག། རྩ་བར། སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག ། རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲགས་མ་གྱུར། ། དེ་ལྟ་བུའི་སེམས་བཟང་པོ་དང་སྤྱོད་པ་ལེགས་པའི་སེམས་ཅན་དེ་དག་ཐམས་ཅད་ནི། དས་མིན་རྐྱེན་འདས་སོགས་ཀྱི་དབང་ད་མི་འགྲོ་བར་ཚེ་ཡང་དཔག་མེད་རིང་བར་ 394 ཤོག དུས་རྟག་ཏུ་ནད་མེད་བདེ་བར་འཚོ་འགྱུར་ཞིང་། འཆི་བའི་སྒྲ་ལ་སོགས་པའི་སྒྲ་མི་སྙན་པ་ཙམ་ཡང་དེ་དག་གི་རྣ་ལམ་དུ་གྲགས་པར་མ་གྱུར་ཅིག། རྩ་བར། དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག ། དཔག་བསམ་གྱི་ཤིང་གིས་བརྒྱན་པའི་སྐྱེད་མོས་ཚལ་དག་ཏུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་དང་ནི། སངས་རྒྱས་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་དང་། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལས་བརྩམས་པའི་ཐེག་པ་ཆེན་པོའི་ཆོས་སྙན་སོགས་སྒྲོགས་པས་གང་བ་ཡིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་ཡོངས་སུ་གང་བར་ཤོག་ཅིག། རྩ་བར། ཐམས་ཅད་དུ་ཡང་ས་གཞི་དག ། གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བེ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག ། མཐའ་དང་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ས་གཞི་དག་གསེག་མ་སྟེ་བྱེ་མའི་རྡུལ་དང་། རི་དང་། གྲོག་གཡང་ལ་སོགས་པ་མེད་པ་དང་། ལག་པའི་མཐིལ་ལྟར་མཉམ་ཞིང་། བེ་ཌཱུརྱའི་རང་བཞིན་དུ་འཇམ་པོར་གནས་པར་གྱུར་ཅིག། རྩ་བར། འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །གང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག ། འཇིག་རྟེན་ཁམས་ཀུན་གྱི་འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། འཇིག་རྟེན་ལས་འདས་པའི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མང་པོ་དག གང་གི་ལེགས་པའི་ཡོན་ཏན་གྱི་རྣམ་གྲངས་མཐའ་ཡས་པས་ས་སྟེང་དག་བརྒྱན་པར་མཛད་པས་བཞུགས་པར་གྱུར་ཅིག། རྩ་བར། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་ཆད་པར་ཐོས་པར་ཤོག ། 395 ལུས་ཅན་ནམ་སེམས་ཅན་ཀུན་གྱིས་སྤྲུལ་པའི་བྱ་དང་ནི། དེ་བཞིན་ཤིང་དང་། ཉི་མ་དང་། འཇའ་ཚོན་ལ་སོགས་པའི་འོད་ཟེར་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་དུས་རིང་རྒྱུན་མི་ཆད་པར་ཐོས་པར་ཤོག་ཅིག། རྩ་བར། དེ་དག་རྟག་ཏུ་སངས་རྒྱས་དང་། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག། །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག ། སེམས་ཅན་དེ་དག་དུས་རྟག་ཏུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་དང་། སངས་རྒྱས་དེ་དག་གི་སྲས་བྱང་ཆུབ་སེམས་དཔའ་དག་དང་ཕྲད་གྱུར་ཅིག སེམས་ཅན་དེ་དག་གིས་མཆོད་པའི་སྤྲིན་ཚོགས་ནི་མཐའ་ཡས་པས་འགྲོ་བའི་བླ་མ་སངས་རྒྱས་སྲས་དང་བཅས་པ་མཆོད་པས་མཉེས་པར་བྱེད་པར་ཤོག་ཅིག། རྩ་བར། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག། །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག ། འཇིག་རྟེན་དག་ཀྱང་དར་བར་ཤོག ། སེམས་ཅན་དེ་དག་གིས་དགེ་བཅུའི་ཆོས་ལ་སྤྱད་པའི་མཐུས་ལྷ་ཡང་དུས་སུ་ཆར་འབེབས་ཤིང་། དེ་ལ་བརྟེན་ནས་ལོ་ཏོག་སྣ་མང་ཕུན་སུམ་ཚོགས་པ་འབྱུང་བར་ཤོག ལྷག་པར་དུ་ཡུལ་དེ་དང་དེའི་རྒྱལ་པོ་དག་གིས་ཀྱང་ཆོས་བཞིན་དམངས་ཀྱི་བདེ་དོན་དང་མཐུན་པའི་ལས་བྱེད་པར་གྱུར་ཅིག འཇིག་རྟེན་གྱི་ཁམས་དག་ཀྱང་རྒྱུ་ནོར་ལོངས་སྤྱོད་འཛོམས་ལ་ཡུན་ནས་ཡུན་དུ་དར་བར་ཤོག་ཅིག། རྩ་བར། སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག ། སྨན་རྣམས་སྲིན་འབུ་འཁྲུགས་པའི་ནད་ལ་སོགས་པའི་ནད་རྣམས་གསོ་བའི་མཐུ་དང་ལྡན་པ་དང་། མི་འདོད་པའི་རྐྱེན་དང་གེགས་སོགས་སེལ་ཕྱིར་གསང་སྔགས་བཟླས་བརྗོད་དག་གི་བྱིན་རླབས་ཀྱང་མྱར་དུ་འགྲུབ་པར་ཤོག མི་འདོད་པའི་ཉེར་འཚེ་ཐམས་ 396 ཅད་ཀྱི་སྣ་འདྲེན་མཁའ་ལ་འགྲོ་བའི་ཡི་དྭགས་དང་ཤ་ཁྲག་ལ་རྔམ་པའི་སྲིན་པོ་ལ་སོགས་པ་རྣམས་ཀྱང་སྙིང་རྗེའི་སེམས་དང་ལྡན་པར་གྱུར་ཅིག། རྩ་བར། སེམས་ཅན་འགའ་ཡང་སྡུག་མ་གྱུར། །འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར། ། སེམས་ཅན་འགའ་ཡང་སྡུག་བསྔལ་བར་མ་གྱུར་ཅིག གང་ལའང་འཇིགས་པ་མེད་པ་དང་། སུས་ཀྱང་བརྙས་པར་མི་འགྱུར་ཞིང་། འགའ་ཡང་ལ་ཡིད་མི་བདེ་བ་ལ་སོགས་པའི་གནོད་པ་ཡོང་བར་མ་གྱུར་ཅིག། རྩ་བར། གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་ཅན་རྒྱས་ལེགས་གནས་ཤོག། རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག ། དགེ་འདུན་འདུས་པའི་གཙུག་ལག་ཁང་རྣམས་ཀློག་པ་ཐོས་བསམ་དང་སྤོ ོང་བ་བསམ་གཏན་གྱི་འཁོར་ལོ་ལ་བརྩོན་པ་དང་། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་བློ་ངོར་ཆུབ་པའི་ཁ་ཏོན་ཅན་གྱིས་གང་བ་མ་ཟད། དེ་དག་དར་ཞིང་རྒྱས་ནས་ལེགས་པར་གནས་པར་ཤོག་ཅིག རྟག་ཏུ་དགེ་འདུན་འདུས་པ་རྣམས་ཀྱང་ཕན་ཚུན་ཐུགས་མཐུན་པ་དང་ཁྲིམས་གཙང་བའི་སྒོ་ནས་གནས་པ་དང་། དགེ་འདུན་གྱི་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་སོགས་པའི་དོན་ཡང་མི་ཉམས་པར་འགྲུབ་པར་ཤོག་ཅིག། རྩ་བར། བསླབ་པ་འདོད་པའི་དགེ་སློང་དག ། དབེན་པ་དག་ཀྱང་ཐོབ་པར་ཤོག། གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག ། དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤང་བར་ཤོག ། སྒོམ་ཉམས་ལེན་ལ་སོགས་པའི་བསླབ་པ་འདོད་པའི་དགེ་སློང་དག་གིས་འདུ་འཛིས་དབེན་པའི་གནས་བཟང་པོ་དག་ཀྱང་ཐོབ་པར་ཤོག དེ་དག་གིས་ཕྱི་འདུ་འཛི་དང་ནང་བྱིང་ 397 རྒོད་ཀྱི་གཡང་བ་ཐམས་ཅད་སྤངས་ནས་ནི། སེམས་ནི་ལས་སུ་རུང་བས་ཏིང་ངེ་འཛིན་དང་སྟོང་པ་ཉིད་ཀྱི་དོན་སྒོམ་པར་གྱུར་ཅིག དགེ་སློང་མ་རྣམས་ཀྱང་རྙེད་པ་དང་ལྡན་ཞིང་། ཕན་ཚུན་རྒྱུན་དུ་འཐབ་པ་དང་། གཞན་གྱིས་གནོད་པ་ལ་སོགས་པའི་ལས་སྦྱོར་ངན་པ་ཐམས་ཅད་སྤང་བར་ཤོག་ཅིག། རྩ་བར། དེ་བཞིན་རབ་ཏུ་བྱུང་བ་དག །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག། །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག ། དེ་བཞིན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དག་གིས་ཀྱང་ནམ་ཡང་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཉམས་པ་མེད་པར་བསྲུང་བར་གྱུར་ཅིག གལ་སྲིད་ཚུལ་ཁྲིམས་འཆལ་བ་ཡིན་ནའང་། ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས་གཉེན་པོའི་སྟོབས་བསྐྱེད་དེ་རྟག་ཏུ་སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པའི་ཐབས་ལ་འབད་པ་བྱེད་པར་ཤོག་ཅིག དེ་ལྟར་སྔར་བྱས་ཀྱི་སྡིག་པ་དག་ཟད་པའི་མཐུ་ལ་བརྟེན་ནས་ཕྱི་མར་བདེ་འགྲོའི་རྟེན་དག་ཀྱང་ཐོབ་པར་གྱུར་ནས། དེར་ཡང་སྔར་གྱི་རྒྱུན་མཐུན་སྤོང་བའི་བརྟུལ་ཞུགས་མི་ཉམས་པར་ཤོག་ཅིག། རྩ་བར། མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་སྙེད་པར་ཤོག། རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག ། མཁས་པ་དང་། བཙུན་པ། བཟང་པོ་གསུམ་གྱི་ཡོན་ཏན་འཛོམས་ཤིང་། དེ་དག་ལ་བརྟེན་ནས་གཞན་ཕན་གྱི་ལས་རྒྱ་ཆེན་པོ་གཉེར་ཐུབ་མཁན་རྣམས་ནི་སྐྱེ་བོ་ཀུན་གྱིས་བཀུར་བ་དང་། དེས་བསོད་སྙོམས་དག་ཀྱང་འབད་མེད་དུ་ལེགས་པར་རྙེད་པར་ཤོག་ཅིགང་རྒྱལ་ལ་སོགས་པ་སྤངས་ནས་རྒྱུད་ནི་ཡོངས་སུ་དག་པ་དང་། མཁས་པའི་མཚན་དང་སྙན་གྲགས་ཀྱིས་འཇིག་རྟེན་གྱི་ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག་ཅིག། 398 རྩ་བར། ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱོད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་འགྲུབ་ཤོག ། ངན་སོང་དང་ངན་འགྲོའི་གནས་རྣམས་སུ་སྐྱེས་ནས་སྡུག་བསྔལ་མི་མྱོང་ཞིང་། ཡུན་ནས་ཡུན་དུ་ངལ་བས་དཀའ་བ་སྤྱོད་པ་མེད་པར་ཡང་། ལྷ་བས་ལྷག་པའི་དལ་འབྱོར་གྱི་ལུས་རྟེན་བཟང་པོ་རྙེད་པ་ཉིད་ཀྱིས་ནི། བྱིན་རླབས་ཀྱི་ཁྱད་པར་གཞན་དང་མི་མཚུངས་པའི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཏེ། དེ་དག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འགྲུབ་པར་ཤོག་ཅིག། རྩ་བར། སེམས་ཅན་ཀུན་གྱི་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག ། སེམས་ཅན་ཀུན་གྱིས་ལན་མང་དུ་དད་འདུན་ཆེན་པོས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ལ་མཆོད་པར་བྱེད་ཅིང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བདེ་བ་བསམ་ཡས་ཀྱིས། རྟག་ཏུ་སེམས་ཅན་དེ་དག་བདེ་བ་དང་ལྡན་པར་གྱུར་ཅིག། རྩ་བར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག ། མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག། ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། འགྲོ་དོན་ཐུགས་ལ་གང་དགོངས་པ་རྣམས་མྱུར་དུ་འགྲུབ་པར་ཤོག་ཅིག་དང་། མགོན་པོ་ཡིས་ནི་སྟེ་སངས་རྒྱས་བཅོམ་ལྡན་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཐུགས་ལ་གང་དགོངས་པ་རྣམས་ཀྱང་རེ་རེ་ནས་སེམས་ཅན་རྣམས་ཀྱི་རྒྱུད་ལ་དེ་འབྱོར་ཤོག་ཅིག། རྩ་བར། དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱར་ཅིག། དེ་བཞིན་རང་སངས་རྒྱས་རྣམས་དང་། ཉན་ཐོས་ (ཐེག་པ་གསུམ་གྱི་ནང་ཚན་ཉན་ཐོས་ 399 ཀྱི་ཐེག་པ་ལ་ཞུགས་པའི་གང་ཟག་ཐེག་ཆེན་གྱི་སྡེ་སྣོད་རང་གིས་གཙོ་བོར་ཉམས་སུ་མི་ལེན་པ་དང་། སངས་རྒྱས་སོགས་ལས་ཉན་ཞིང་ཐོས་པར་བྱེད་པས་ན། ཉན་ཐོས་དང་། ཐོས་ནས་གཞན་ལ་སྒྲོག་པར་བྱེད་པས་ན། ཐོས་སྒྲོག་ཀྱང་ཟེར།) རྣམས་ཀྱང་སངས་རྒྱས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག། རྩ་བར། བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག ། གཞུང་འདི་མཛད་པ་པོ་ཞི་བ་ལྷ་རང་གི་ཆེད་དུ་བསྔོ་བ་ལ། ཞི་བ་ལྷ་བདག་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་དྲིན་གྱིས་ས་དང་པོ་རབ་ཏུ་དགའ་བ་མ་ཐོབ་བར་དུ། དུས་རྟག་ཏུ་རང་གི་ཚེ་རབས་སྔ་མ་སྔ་མ་རྣམས་རྗེས་སུ་དྲན་པ་དང་། སྐྱེ་བ་ཐམས་ཅད་དུ་རབ་ཏུ་བྱུང་བའི་རྟེན་བཟང་པོ་འབའ་ཞིག་ཐོབ་པར་ཤོག་ཅིག། རྩ་བར། བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་དབེན་གནས་པ། །ཕུན་སུམ་ལྡན་པ་འཐོབ་པར་ཤོག ། ཞི་བ་ལྷ་བདག་ནི་ཁ་ཟས་ཅི་ནས་ཀྱང་སྟེ་ཁ་ཟས་ཕལ་བ་ཞིག་གིས་ཀྱང་ཉམས་དང་ལྡན་ཞིང་ལེགས་པར་འཚོ་བར་ཤོག་ཅིག་དང་། ཚེ་དང་སྒྲུབ་པ་མཉམ་པའི་ཕྱིར་དུ་ཚེ་རབས་ཀུན་ཏུ་དབེན་གནས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཤ་སྟག་འཐོབ་པར་ཤོག་ཅིག། རྩ་བར། གང་ཚེ་ལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག ། དུས་གང་ཞིག་གི་ཚེ་བདག་གི་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ལ་ལྟ་བར་འདོད་པའམ། ཐེག་པ་ཆེན་པོའི་ཆོས་ཀྱི་དཀའ་གནས་ཅུང་ཟད་དྲི་བར་འདོད་ན་ཡང་། མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་དེ་ཉིད་ནི། གེགས་དང་བར་ཆད་མེད་པར་ཡང་དེ་མ་ཐག་མངོན་སུམ་དུ་མཐོང་བར་ཤོག་ཅིག། 400 རྩ་བར། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་དོན་ཀུན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང་མུ་མེད་པ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ཀྱི་བདེ་དོན་ཀུན་མ་ཚང་བ་མེད་པ་བསྒྲུབ་པར་བྱ་བའི་ཕྱིར་དུ། ཇི་ལྟར་བདག་གི་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྱོད་པ་སྣ་ཚོགས་པའི་མཛད་པ་བཟང་པོ་ཇི་འདྲ་བར། བདག་གི་སྤྱོད་པའང་དེ་དག་དང་ཡོངས་སུ་འདྲ་བར་ཤོག་ཅིག། རྩ་བར། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཇི་སྲིད་ནམ་མཁའ་འཇིག་པར་མེད་པར་གནས་པ་དང་། འགྲོ་བ་རྣམས་ཀྱང་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ། ཞི་བ་ལྷ་བདག་ཀྱང་ནི་གནས་པར་གྱུར་ནས། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་འགྲོ་བའི་སྡུག་བསྔལ་གྲངས་དང་མུ་མེད་པ་དག་སེལ་བར་ཤོག་ཅིག། རྩ་བར། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག། །བྱང་ཆུབ་སེམས་དཔའི་དགེ་ཚོགས་ཀྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག ། མཐའ་དང་མུ་མེད་པའི་སེམས་ཅན་རྣམས་ལ་འགྲོ་བའི་རིགས་དྲུག་གི་སྡུག་བསྔལ་གང་ཅིའང་བྱུང་བ་ཡིན་ན་ཡང་རུང་། སྡུག་བསྔལ་དེ་དག་ཀུན་བདག་གི་མགོ་ཐོག་ལ་དེ་མ་ཐག་ཏུ་སྨིན་པར་གྱུར་ཅིག རྒྱལ་སྲས་བྱང་ཆུབ་སེམས་དཔའི་དགེ་བའི་ཚོགས་ཀྱིས་འགྲོ་བ་རྣམས་མྱུར་བ་མྱུར་བར་བདེ་བའི་དཔལ་ལ་སྤྱོད་པར་ཤོག་ཅིག། རྩ་བར། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱར་ཅིག ། 401 འགྲོ་བའི་སྡུག་བསྔལ་ཕྲ་རགས་ཀུན་ལེགས་པར་སེལ་བའི་སྨན་གཅིག་པུ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་མ་ལུས་པ་ཐམས་ཅད་འབྱུང་བའི་གནས་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་དེ་ཉིད། རྙེད་པ་དང་། བཀུར་སྟི་དང་བཅས་ཏེ་ཇི་སྲིད་བསྟན་པའི་གནས་ཚད་མ་རྫོགས་པ་དེ་སྲིད་དུ་ཡུན་རིང་བོར་ཚང་ལ་མ་ནོར་བའི་སྒོ་ནས་གནས་པར་གྱུར་ཅིག། རྩ་བར། གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། ། བཀའ་དྲིན་རྗེས་དྲན་གྱི་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་ཞི་བ་ལྷ་བདག་གི་རྒྱུད་ལ་དགེ་བའི་བློ་བྱུང་དང་འབྱུང་བཞིན་པས་ན། བདག་གི་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ལ་ལུས་ངག་ཡིད་གསུམ་གྱིས་ཤིན་ཏུ་གུས་པས་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་ཞི་བ་ལྷ་བདག་གི་རྒྱུད་ཀྱི་དགེ་བའི་བློ་ཕྱོགས་ཐམས་ཅད་ནས་དར་བར་བྱས་པས་ན། བདག་གི་དགེ་བའི་བཤེས་གཉེན་དག་ལའང་བདག་གིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཕྱག་འཚལ་ལོ། ། ལེའུའི་མཚན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསྔོ་བ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཅུ་པའི་འབྲུ་འགྲེལ་ལོ།། །། གསུམ་པ། ཐ་མར་དགེ་བ་བསྟན་བཅོས་ཀྱི་མཇུག་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤཱནྟ་དེ་ཝས་མཛད་པ་རྫོགས་སོ། །ཞེས་པ་མཛད་བྱང་དང་། རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་ཝ་སྟེ་ཐམས་ཐད་མཁྱེན་པའི་ལྷ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བརྗེ་དཔལ་བརྩེགས་ཟུང་གིས་ཁ་ཆེའི་དཔེ་དང་བསྟུན་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྒྱུར་ཞུས་མཛད། ཕྱིས་མངའ་བདག་ཁྲི་རལ་གྱི་དུས་གཞུང་དེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། སླར་ཡང་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་སྟེ་ཆོས་དཔལ་བཟང་པོ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བཉཱེ་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་སོགས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་བསྟུན་ཏེ་བསྒྱུར་ལ། དེ་ཕྱིས་སུ་པཎྜི་ཏ་སུ་མ་ཏི་ཀིརྟི་སྟེ་ལེགས་པའི་བློ་གྲོས་གྲགས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཟུང་གིས་འགྲེལ་པ་དང་བསྟུན་ནས་འགྱུར་བཅོས་སོགས་མཛད་པ་བཅས་སོ། ། སྨྲས་པ། ལྷག་བསམ་དག་པས་ཕན་དུ་རེ་འདོད་ཀྱིས། །རྒྱལ་སྲས་སྤྱོད་པའི་གནད་ཀུན་ལེགས་བསྡུས་པའི། །ཟབ་མོའི་གཏམ་གྱིས་བརྒྱངས་པའི་སྤྱོད་འཇུག་འདི། །མཆན་གྱིས་གསལ་དུ་བཏང་བར་འཁྲུལ་མཆིས་བཤགས། ། འདིར་འབད་དགེ་བས་ནད་མཚོན་མུ་གེ་དང་། །མ་རྟོགས་ལོག་རྟོག་ཐེ་ཚོམ་ཕྱོགས་འཛིན་གྱི། །འཇིག་པའི་རྒུད་ཚོགས་མཐའ་དག་རབ་ཞི་ནས། །འཚེ་མེད་ཞི་བདེའི་དཔལ་ཡོན་རྒྱས་གྱུར་ཅིག ། དེ་ལ་འདིར་ཕྲན་གྱིས་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་ 403 གཟིགས་པ་ཆེན་པོ་མཆོག་གི་མདུན་ནས་སྤྱོད་འཇུག་ཆེན་པོ་འདི་ཉིད་ཀྱི་དབུ་ནས་མཇུག་བར་ཞིབ་ཚགས་ཀྱིས་ཆོས་གྲོགས་གཞན་དང་མཉམ་འདུས་ཀྱིས་ཚར་བདུན་ཙམ་བཀའ་ཁྲིད་ཞུ་རྒྱུ་བྱུང་བ་མ་ཟད། དགེན་དགེ་བཤེས་བློ་བཟང་ཟླ་བ་མཆོག་གི་མདུན་ནས་ཀྱང་སྤྱོད་འཇུག་ཆེན་མོའི་ལེའུ་ཕལ་མོ་ཆེ་ཞིབ་ཁྲིད་ཞུ་རྒྱུའི་སྐལ་བ་བྱུང་། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དགེ་བཤེས་བློ་བཟང་ཟླ་བ་སོགས་ཀྱི་མདུན་ནས་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཞུ་བའི་སྐབས་ཐོག་སོ་སོར་འབད་བརྩོན་ཡོད་རྒུས་སྤྱོད་འཇུག་ཆེན་མོའི་རྩ་ཚིག་སོ་སོའི་དཀྱུས་ཟུར་དུ་གལ་གནད་ཆེ་བའི་གསུང་གི་གནད་རྣམས་ཟིན་བྲིས་འདེབས་ལས་བྱས་པ་མ་ཟད། ཟིན་བྲིས་དེ་དག་དོན་མེད་དུ་ནམ་ཞིག་བརླག་ཉེན་ཆེ་བར་བསམས་ཏེ། ཕངས་སེམས་ཀྱིས་མ་བཟོད་པར་ཟིན་བྲིས་དེ་དག་གི་རྨང་གཞིའི་སྟེང་མཁས་པ་གཞན་གྱི་གསུང་འགྲོས་ཀྱིས་ཟུར་བརྒྱན་ཏེ་སྤྱོད་འཇུག་ཆེན་མོའི་མཆན་འགྲེལ་གནད་བསྡུས་ཤིག་འབྲི་ཐུབ་ན་བསམས་ནས་ལོ་བཞིའི་གོང་དུ་འགོ་འཛུགས་ཙམ་བྱས་མོད། འོན་ཀྱང་སྐབས་དེར་གུས་པས་ཕྱོགས་གཅིག་ནས་དབུ་མའི་གཞུང་ལ་དཔེ་ཁྲིད་ཞུ་བ་དང་ནང་སྦྱོང་བྱེད་པའི་གཞི་སྒང་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བཞུགས་སྒར་ཀིརྟི འི་བྱེ ས་པ་གྲྭ་ཚང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་གནས་བཟུང་ཡོད་སྟབས། ལས་གནས་ཐོག་དུས་རྒྱུན་དུ་ནས་ལས་བྲེལ་ཤིན་ཏུ་ཆེ་བ་སོགས་ཀྱིས་ལོ་ངོ་ཧྲིལ་པོ་བཞིའི་རིང་མཇུག་སྐྱོང་མ་ཐུབ་པར་དེ་མུར་ནར་འགྱངས་སུ་ལུས། ད་ལམ་འདི་ལོའི་གཞུང་འབྲེལ་དགུང་གསེང་ཡོད་ཚད་དང་། ཐ་ན་གཟའ་ཉི་མའི་ཉིན་ཡང་རང་བཞིན་ལྷོད་སྡོད་མ་བྱས་པར་ཉིན་མཚན་མཐུད་དེ་སྤྱོད་འཇུག་ཆེན་མོའི་མཆན་འགྲེལ་འདིའི་མཇུག་ཡོངས་སུ་རྫོགས་ཐུབ་པར་བྱས་ཀྱང་། ཕྲན་ལ་མཚོན་ན་སྐྱེ སྦྱང་གི་ཡོན་ཏན་ཤིན་ཏུ་དམན་པ་དང་། བརྩོན་པ་དང་སྙིང་རུས་ཆུང་བ་སོགས་ཀྱིས་ཡང་ 404 ནས་ཡང་དུ་བསྐྱར་ཞིབ་ཀྱི་ལས་དོན་གཉེར་རྒྱུ་མ་བྱུང་སྟབས། གཞུང་གི་དཀའ་གནད་རྣམས་ཇི་བཞིན་མ་འཁྲོལ་བ་དང་། ལོག་འགྲེལ་བྱས་པ། སླ་སར་ཉོག་བཤད། དཀའ་སར་གཡོལ་ཐབས་བྱས་པ་སོགས་ཤིན་ཏུ་ནས་མི་མཛེས་པའི་རིགས་མང་དུ་ཡོད་ངེས་སྟབས། བདག་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབུས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་་རྣམས་ཀྱི་མདུན་སར་སྙིང་ཐག་པ་ནས་བཟོད་གསོལ་ཞུ་རྒྱུ་བཅས།། བཞི་པ། ཁ་གསབ། ༡༽ དྲི་བ་དྲིས་ལན་དང་འབྲེལ་བའི་སྟབས་བདེའི་སྦྱོང་ཚན། སྤྱོད་འཇུག་ཆེན་མོ་དང་དངོས་ཤུགས་འབྲེལ་བའི་གནད་དོན་འགའ་དྲི་བ་དང་དྲིས་ལན་གྱི་ཚུལ་དུ་བཀོད་པ། དྲི་བ། སྤྱོད་འཇུག་ཆེན་མོ་མཛད་པ་པོ་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་སྙིང་བསྡུས་གང་། དྲིས་ལན། རྒྱལ་སྲས་ཞི་བ་ལྷ་ཁོང་རྗེ་བཙུན་འཇམ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བའི་སྐྱེས་བུ་དམ་པ་ཞིག་རེད། ཕྱི་ལོའི་དུས་རབས་བདུན་པའི་དཀྱིལ་སྨད་ཙམ་ཞིག་ལ་བཅོམ་ལྡན་འདས་སངས་རྒྱས་སའི་གནས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་པའི་སྲས་སུ་སྐུ་འཁྲུངས། མཚན་ལ་ཞི་བའི་གོ་ཆ་བཏགས། སྐུའི་ན་ཚོད་ཤིན་ཏུ་ཕྲ་མོའི་དུས་ནས་རིག་པའི་གནས་ཕལ་མོ་ཆེར་མཁས་པའི་ཕུལ་དུ་ཕྱིན། སྔ་ཕྱིར་མུ་སྟེགས་པའི་མཁས་པ་མང་པོ་ཞིག་མཐུ་དང་རིགས་པས་ལེགས་པར་བཏུལ་ཏེ་ནང་པར་བསྒྱུར་བ་མ་ཟད། ཕྱིས་ནཱ་ལནྡཱར་པཎྜི་ཏ་ལྔ་བརྒྱའི་གཙུག་རྒྱན་རྒྱལ་བའི་ལྷ་ལས་རབ་ཏུ་བྱང་རྗེས་མཚན་ལ་ཞི་བ་ལྷ་ཞེས་བཏགས། མཁན་པོ་ལས་ནང་པའི་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་རྒྱས་པར་བསྟན་པ་མདོ་ཀུན་ལས་བཏུས་པ་དང་། དེ་ལས་ཅུང་ཟད་བསྡུས་ཏེ་བསྟན་པ་བསླབ་པ་ཀུན་ལས་བཏུས་པ། དོན་རྒྱས་ལ་ཚིག་ཤིན་ཏུ་བསྡུས་པས་བསྟན་པ་སྤྱོད་འཇུག་ཆེན་མོ་སོགས་མདོ་ཡི་དགོངས་པ་འགྲེལ་པའི་བསྟན་བཅོས་གྲགས་ཅན་མང་དུ་མཛད། ཁག་ཅིག་གིས་མདོ་བཏུས་དང་བསླབ་བཏུས་གཉིས་གཞུང་གཅིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་སྔོན་གྱི་མཁས་པ་མང་པོའི་འདོད་ཕྱོགས་དང་སྤྱོད་འཇུག་རང་གི་ཚིག་ཟིན་འགར་བལྟས་ན་དེ་གཉིས་གཞུང་གཅིག་མིན་པ་གསལ་བོར་མཁྱེན་ཐུབ་པ་ཞིག་རེད། 406 དྲི་བ། དཔལ་ལྡན་ཟླ་བ་གྲགས་པ་དང་རྒྱལ་སྲས་ཞི་བ་ལྷ་གཉིས་སྐབས་དེའི་ནཱ་ལནྡཱའི་མཁས་པའི་ཁྲོད་དམིགས་བསལ་མཚན་སྙན་རྒྱས་པ་བྱུང་བའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་པ་ཞིག་ཡིན་ནམ། དྲིས་ལན། ནཱ་ལནྡ་ནི་སྐབས་དེའི་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་ཐེག་པ་ཆེ་ཆུང་གི་གཞུང་ལུགས་སློབ་གཉེར་བྱེད་སའི་གཙུག་ལག་སློབ་གཉེར་ཁང་གྲགས་ཆེན་ཞིག་ཡིན་པ་མ་ཟད། སློབ་གཉེར་ཁང་དེ་ནས་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ལྷ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང་། ཡོན་ཏན་འོད། ཤཱཀྱ་འོད། ཆོས་གྲགས། ཞི་བ་འཚོ། སེངྒེ་བཟང་པོ། ཞི་བ་ལྷ། རྣམ་གྲོལ་སྡེ། པདྨའི་ངང་ཚུལ། ཨ་ཏི་ཤ་སོགས་ནང་བསྟན་རྗེས་འཛིན་པའི་སློབ་དཔོན་བརྒྱ་ཕྲག་མང་པོ་བྱོན་ཡོད། ངའི་བསམ་ཚུལ་ལྟར་བྱས་ན། སློབ་དཔོན་དེ་ཚོའི་གྲས་ནས་སློབ་དཔོན་ཟླ་གྲགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་ཤེར་འགྲེལ་སྟངས་དམིགས་བསལ་བ་ཞིག་གི་འོག་ནས་ཚིག་ཉུང་ལ་དོན་གྱི་གནད་ལུང་རིགས་ཀྱི་འགྲོས་དང་སྦྱར་ནས་དབུ་མ་ལ་འཇུག་པ་བརྩམས་པ་དང་། རྒྱལ་སྲས་ཞི་བ་ལྷས་སྔོན་མེད་ཀྱི་ལེགས་བཤད་སྤྱོད་ཕྱོགས་ཀྱི་གནད་བསྡུས་པའི་སྡོམ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བརྩམས་སྟབས། སློབ་དཔོན་དེ་གཉིས་ནཱ་ལནྡའི་མཁས་པའི་ཁྲོད་དམིགས་བསལ་མཚན་སྙན་རྒྱས་པ་ཞིག་བྱུང་བ་མིན་ནམ་སྙམ། དྲི་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་གཞུང་འདིའི་མཚན་འདོག་ཚུལ་དང་དེ་ལྟར་བཏགས་པའི་དགོས་པ་ཇི་ལྟར་ཡིན་ནམ། དྲིས་ལན། སྤྱིར་གཞུང་གི་མཚན་འདོག་ཚུལ་ལ་དཔེ་དང་རྗོད་བྱེད་ཀྱི་གཞུང་ཚད་དང་ཞུ་བ་པོ་དང་གནས་ལས་བཏགས་པ་སོགས་མང་དུ་ཡོད་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་མཚན་འདི་བརྗོད་བྱའི་སྒོ་ནས་བཏགས་པ་ཞིག་ཡིན། 407 འདིར་ཆེད་དུ་གཉེར་ནས་བརྗོད་བྱ་དང་བསྟུན་ནས་བཏགས་པའི་དགོས་པ་ནི། མིང་ཙམ་ལ་བརྟེན་ནས་ཀྱང་བསྟན་བཅོས་ཀྱི་དོན་རགས་པ་ཙམ་གོ་བའམ། དབང་པོའི་ཁྱད་པར་གྱིས་བརྗོད་དོན་ཅི་རིགས་རྟོགས་ནུས་པའི་ཆེད་དུ་ཡིན་པ་རྒྱ་བོད་མཁས་པའི་སྤྱོད་འཇུག་གི་གཞུང་འགྲེལ་མང་པོར་གསལ། དྲི་བ། སྤྱོད་འཇུག་ཆེན་མོ་རྩོམ་སྟངས་ཐད་བཞེད་པ་མི་མཐུན་པ་དེ་འདྲ་ཡོད་དམ། དྲིས་ལན། གཞུང་འདི་གནས་གང་དང་དུས་གང་ཞིག་ཏུ་བརྩམས་མིན་ཐད་བཤད་སྒྲོས་འདྲ་མིན་སྣང་། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་མཁས་པ་ཆེན་པོ་ཤྲཱི་བེབྷཱུཏིཙནྡྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཡང་མདོ་བཏུས་དང་བསླབ་བཏུས་བཞིན་སྔོན་དུས་ཤིག་ནས་ཡིག་ཐོག་ཏུ་བརྩམས་ཟིན་པར་འདོད་པ་དང་། བུ་སྟོན་རིན་ཆེན་གྲུབ་དང་། ས་བཟང་མ་ཏི་པཎ་ཆེན། རྒྱལ་ཚབ་དར་མ་རིན་ཆེན། དཔའ་བོ་གཙུག་ལག་འཕྲེང་བ་སོགས་ཀྱིས་སྤྱོད་འཇུག་ཆེན་མོ་འདི་ཡོངས་གྲགས་བྱས་ནས་མ་གསུངས་པའི་སྔོན་དུ་ཡིག་ཐོག་ཏུ་གླེགས་བམ་གྱི་རྣམ་པར་བརྩམས་མེད་པར་བཞེད་ཀྱི་ཡོད། ལུགས་དེ་གཉིས་ལས་གང་ཞིག་འཐད་ཕྱོགས་སུ་འཛིན་དགོས་མིན་ཐག་གཅོད་དཀའ་ཡང་། རྒྱ་བོད་ཀྱི་མཁས་པ་མང་ཆེ་བའི་བཞེད་ཕྱོགས་ལ་བསམ་ནས་བཤད་ན་འདོད་ཚུལ་ཕྱི་མ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཤས་ཆེ་བ་ལྟ་བུ་ཞིག་རེད། དྲི་བ། སྤྱོད་འཇུག་ཆེན་མོ་རྩོམ་པའི་སྐབས་སུ་མདོ་སྡེ་གང་དང་གང་ཞིག་གཙོ་གནད་དུ་བཟུང་ནས་བརྩམས། དྲིས་ལན། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ཞེས་པའི་གཞུང་འདི་མཛད་པའི་སྐབས་སུ་མདོ་སྡེ་ཕལ་བོ་ཆེ་དང་། སྡོང་པོ་བཀོད་པའི་མདོ་གཉིས་གཙོ་གནད་དུ་བཟུང་ནས་བརྩམས་པ་ཞིག་ཡིན། དེའི་སྟབས་ཀྱིས་སྤྱོད་འཇུག་ཆེན་མོའི་དབུར་ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །ཞེས་སོགས་གསུངས་གནང་བ་རེད། 408 དྲི་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ཞེས་པའི་གཞུང་འདིའི་སྔོན་འགྲོའི་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བཞི་གང་ཡིན་ནམ། དྲིས་ལན། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ཞེས་པའི་གཞུང་འདིའི་སྔོན་འགྲོའི་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བཞི་ནི། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ། ཁེངས་པ་སྐྱུང་བ། སྤྲོ་བ་བསྐྱེད་པ་བཅས་བཞི་ཡིན། སྤྱོད་འཇུག་གི་འགྲེལ་པ་ལ་ལར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་བཞི་ཞེས་བཀོད་འདུག། དྲི་བ། སྤྱོད་འཇུག་ཆེན་མོའི་བརྗོད་བྱའི་གཙོ་བོ་གང་ཡིན་ནམ། དྲིས་ལན། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྡོམ་པ་བླངས་རྗེས། བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཚུལ་དེ་གཞུང་འདིའི་བརྗོད་བྱའི་གཙོ་བོ་ཡིན། ཞོར་འཕྲོས་ཀྱི་ཚུལ་དུ་མུ་སྟེགས་བྱེ་བྲག་པ་དང་། གྲངས་ཅན་པ་སོགས་ཀྱི་འདོད་པ་རིགས་པས་སུན་འབྱིན་གཏིང་ཟབ་བྱས་ཡོད་པ་མ་ཟད། མདོ་སྡེ་པ་སོགས་དངོས་སྨྲ་བ་སྤྱི་དང་། སེམས་ཙམ་པས་གཏན་ལ་ཕབ་པའི་འདོད་ཚུལ་མང་པོ་ཞིག་བྱེ་བྲག་ཏུ་བྱས་ནས་བཀག་ཡོད་སྟབས། བསྟན་བཅོས་འདིས་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཐུབ་པ་བྱུང་། རྒྱལ་ཚབ་རིན་པོ་ཆེས། སྤྱོད་འཇུག་འགྲེལ་པར། བསྟན་བཅོས་འདིས་སྐྱེས་བུ་ཆེན་པོའི་བསམ་པ་སྦྱོང་བའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་བ་སྔོན་དུ་བཏང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྤྱོད་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ནས་སངས་རྒྱས་པའི་ལམ་གྱི་རིམ་པ་རྫོགས་པར་བསྟན་ཞེས་བཀའ་གནང་འདུག། དྲི་བ། སྤྱོད་འཇུག་ཆེན་མོ་རྩོམ་བསྒྱུར་གྱི་ལས་རིམ་འགྲོ་སྟངས་ཅི། དྲིས་ལན། གཞུང་འདི་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་སྟེ་ཐམས་ཐད་མཁྱེན་པའི་ལྷ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཟུང་གིས་ཁ་ཆེའི་དཔེ་དང་ 409 བསྟུན་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྒྱུར་ཞུས་མཛད། ཕྱིས་མངའ་བདག་ཁྲི་རལ་གྱི་དུས་གཞུང་དེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། སླར་ཡང་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་སྟེ་ཆོས་དཔལ་བཟང་པོ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བདྡྷེ་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་སོགས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་བསྟུན་ཏེ་བསྒྱུར་ལ། དེ་ཕྱིས་སུ་པཎྜི་ཏ་སུ་མ་ཏི་ཀིརྟི་སྟེ་ལེགས་པའི་བློ་གྲོས་གྲགས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཟུང་གིས་ཀྱང་འགྲེལ་པ་དང་བསྟུན་ནས་འགྱུར་བཅོས་ཐེངས་མང་མཛད་པ་ཞིག་ཡིན། དྲི་བ། བོད་འགྱུར་སྤྱོད་འཇུག་ཆེན་མོ་འདི་བམ་པོ་དང་ལེའུའི་གྲངས་ཅི་ཙམ་གྱིས་བསྡུས། དྲིས་ལན། གཞུང་འདི་བམ་པོ་གཉིས་དང་། ལེའུ་བཅུས་བསྡུས་པ་ཞིག་ཡིན། དེ་ཡང་སྤྱོད་འཇུག་ཆེན་མོའི་དབུ་ནས་བཟོད་པའི་ལེའུའི་ལྷན་ཅིག་འགྲན་པར་བྱེད་འདོད་དམ། །ཞེས་པའི་བར་བམ་པོ་དང་པོ་དང་། གལ་ཏེ་དགྲ་ཞིག་མི་དགའ་ནའང་། །ཞེས་པ་ནས་མཇུག་བར་བམ་པོ་གཉིས་པས་བསྡུས་པ་དང་། ལེའུའི་དབང་དུ་བྱས་ན་ལེའུ་བཅུས་བསྡུས་པ་ཞིག་རེད། དེ་ཡང་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། དེའི་ཕན་ཡོན་དག་ལེགས་པར་བསམས་ནས་སྤྲོ་ཤུགས་འཕེལ་དགོས་སྟབས། ལེའུ་དང་པོས་བྱང་ཆུབ་སེམས་དཔའི་ཕན་ཡོན་བསྟན་པ་དང་། སེམས་བསྐྱེད་པ་ལ་འགལ་རྐྱེན་སྡིག་སྒྲིབ་བཤགས་པ་དང་། མཐུན་རྐྱེན་ཚོགས་བསགས་ནས་བྱང་ཆུབ་ཀྱི་སེམས་གཉིས་གཟུང་དགོས་པས། དེ་གཉིས་རིམ་བཞིན་ལེའུ་གཉིས་པ་དང་གསུམ་པས་བསྟན། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པ་ལ་བག་ཡོད་བསྟེན་དགོས་པས། ལེའུ་བཞི་པས་བག་ཡོད་དང་། དྲན་ཤེས་བསྲུང་བའི་སྒོ་ནས་ཚུལ་ཁྲིམས་ལ་སློབ་ཚུལ་རྒྱས་པ་ལེའུ་ལྔ་པས་བསྟན། དེ་ནས་ལེའུ་བཞིས་བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ལ་སློབ་ཚུལ་སོགས་རིམ་བཞིན་བསྟན་ལ། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཞན་ལ་གཏོང་བའི་སེམས་སྦྱོང་ཚུལ་བསྔོ་བའི་ཁྱད་པར་དུ་བྱས་ནས་སྦྱིན་པ་ལ་སློབ་ཚུལ་ལེའུ་བཅུ་པས་བསྟན། འབྲས་བུ་སངས་རྒྱས་ཀྱི་གནས་ཚུལ་ལེའུ་དགུ་པས་བསྟན་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཊིཀྐ་རིན་པོ་ཆེའི་འཕྲེང་བ་སོགས་སུ་གསལ་བ་ལྟར་རེད། དྲི་བ། བམ་པོ་དང་ལེའུ་གཉིས་ཀྱི་ཁྱད་པར་ཅི་ཞིག་ཡིན་ནམ། དྲིས་ལན། རྒྱ་གར་དུ་གསུང་རབ་རྣམས་ཤོ་ལོ་ཀ་དང་ལེའུས་བསྡུས་པ་མ་གཏོགས། བམ་གྲངས་ཀྱིས་བསྡུས་པ་ཞིག་འདས་དང་ད་ལྟའི་ཆར་བྱུང་མྱོང་མེད་སྟབས། གསུང་རབ་རྣམས་བམ་གྲངས་ཀྱིས་བསྡུ་སྟངས་དེ་བོད་ཀྱི་ལོ་ཙཱ་བ་ཚོས་གསར་བཏོད་བྱས་པ་ཞིག་ཕལ་ཆེར་རེད། བམ་པོ་ཞེས་པ་ནི་གཞུང་གི་ཆ་མང་པོ་ཞིག་ཕྱོགས་གཅིག་ཏུ་སྡོམ་པའི་མིང་ཞིག་ཡིན་ཞིང་། བམ་གྲངས་སྨོས་པའི་དགོས་དོན་གཙོ་བོ་ནི། གཞུང་གི་ཚད་གཞི་ལ་སྒྲོ་སྐུར་མི་ཡོང་བའི་ཆེད་དུ་ཡིན། རང་རེའི་བོད་ཀྱི་གསུང་རབ་མང་ཆེ་བའི་ནང་བམ་པོ་ནི། ཁ་ཐུར་བལྟ་ཞེས་པ་སྟེ། དང་པོ་ནས་བརྩི་བ་དང་། ལེའུ་ནི་ཁ་གྱེན་བལྟ་སྟེ། གྲངས་སོང་ཟིན་པ་བརྩི་བ་ཡིན་ཞེས་གསལ་བོར་གསུངས་འདུག དྲི་བ། བམ་པོའི་གྲངས་ཚད་འཛིན་སྟངས་ཐད་བཞེད་པ་མི་མཐུན་པ་ཡོད་དམ། དྲིས་ལན། བམ་པོའི་གྲངས་ཚད་འཛིན་སྟངས་ཐད་བཞེད་པ་མི་མཐུན་པ་མང་པོ་ཞིག་ཡོད་ས་རེད། དཔེར་ན། ཤོ་ལོ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། སློབ་དཔོན་སེངྒེ་བཟང་པོས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་མཛད་པར་གྲགས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་འགྲེལ་ཆུང་དོན་གསལ་དང་། ཤོ་ལོ་ཀ་ཉེར་ལྔ་ལ་བམ་པོ་རེ་བྱས་པ་མདོ་ཤེས་རབ་སྙིང་པོ་དང་། ཚེག་པར་བརྒྱད་རེ་ལ་ཤོ་ལོ་ཀ་རེ་དང་། དེ་འདྲའི་ཤོ་ལོ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པ་དཀར་ཆག་འཕང་ཟང་མ་ལྟ་བུ་ཡིན། སྐབས་ལ་རེར་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུ་དང་། བཞི་བརྒྱ་ཙམ་ལ་བམ་ 411 པོ་རེར་བརྩིས་པའང་ཡོད་སྟབས། བམ་གྲངས་བརྩི་སྟངས་དེ་གསུང་རབ་ཀྱི་བམ་ཆེ་ཆུང་ལ་འབྲེལ་བ་ཏོག་ཙམ་མེད་དམ་སྙམ་པ་ཤར། དྲི་བ། ལེའུ་ཞེས་པའི་གོ་དོན་ཅི་ཞིག་ཡིན་ནམ། དྲིས་ལན། ལེའུའི་སྐད་དོད་ལ་ལེགས་སྦྱར་སྐད་དུ་པ་རི་ཆེ་ད་ཟེར་ཞིང་། བོད་སྐད་དུ་ཡོངས་སུ་གཅོད་པར་གོ། དེ་ནི་བརྗོད་བྱའི་དོན་ཚན་སོ་སོར་ཡོངས་སུ་གཅོད་པ་ཞེས་པའི་དོན་ཡིན། ཡང་ལེའུའི་སྐད་དོད་གཞན་ཞིག་ལ་ཀྲ་མ་བྷད་ཟེར། བོད་སྐད་དུ་རིམ་པར་ཕྱེ་བར་གོ། དེ་ནི་བརྗོད་བྱའི་དོན་གྱི་རིམ་པ་སོ་སོར་ཕྱེ་སྟེ་སྟོན་པ་ཞེས་པའི་དོན་ཡིན། གང་ལྟར་ལེའུའི་སྐད་དོད་ལ་ལེགས་སྦྱར་སྐད་ཐོག་མི་འདྲ་བ་མང་དུ་ཡོད་སྟབས། མཐའ་གཅིག་ཏུ་འདི་རང་ཡིན་ཟེར་བ་ཞིག་ཡོད་ས་མ་རེད། དེ་འདྲ་སོང་ཙང་སོ་སོས་སྐབས་དང་དུས་སོ་སོ་དང་བསྟུན་ནས་གོ་བ་ལེན་ཤེས་དགོས་པ་ཞིག་རེད་སྙམ། དྲི་བ། སྤྱོད་འཇུག་ཆེན་པོ་འདི་པེ་སྣར་སྡེ་ཅོ་བཞི་སོ་སོའི་དཔེ་རྟགས་དང་དབུ་ཕར་མདོ་སོགས་ཀྱི་སྡེ་ཚན་གང་གི་ཁོངས་སུ་བཅུག་ཡོད། དེ་དག་ཏུ་བཅུག་པའི་སྤྱོད་འཇུག་ཆེན་པོའི་རྩ་བ་ནང་ཕན་ཚུན་དབར་ཚེག་བར་མང་ཉུང་སོགས་ཀྱི་ཁྱད་པར་ཤོར་བ་དེ་འདྲ་ཡོད་དམ། དྲིས་ལན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད། པེ་སྣར་སྡེ་ཅོ་བཞིའི་དཔེ་རྟགས་ལའི་སྡེ་ཚན་དང་། སྡེ་དགེའི་བསྟན་འགྱུར་དང་ཅོ་ནེའི་བསྟན་འགྱུར་གཉིས་ཀྱིས་དབུ་མའི་སྡེ་ཚན་དང་། སྣར་ཐང་གིས་མདོའི་སྡེ་ཚན་དུ་བསྡུས་ཡོད། པེ་ཅིན་བསྟན་འགྱུར་གྱིས་སྤྱོད་འཇུག་སྐོར་ལ་སྡེ་ཚན་ཟུར་དུ་བྱས་ནས་བཞག་འདུག པེ་ནར་སྡེ་ཅོ་བཞི་གར་སྤྱོད་འཇུག་ཆེན་པོ་འདི་ཉིད་ལེའུ་བཅུ་དང་། བམ་པོ་གཉིས་ཀྱིས་བསྡུས་པ་མཚུངས། མ་ཟད་པེ་ནར་སྡེ་ཅོ་བཞིར་ཚིག་རྐང་བདུན་ཅན་༣༣༥༢ དང་། ཚིག་རྐང་དགུ་ཅན་༡༥༩ ། ཚིག་རྐང་བཅུ་གཅིག་ཅན་༣༣ ། ཚིག་རྐང་བཅོ་ལྔ་ཅན་ 412 ༡༧ ། ཚིག་རྐང་བཅུ་བདུན་ཅན་༤ ། ཚིག་རྐང་བཅུ་དགུ་ཅན་༢ ཡོད། ཚེག་ཁྱིམ་༤ ། ༢ གྱི་ཐོག་ནས་སྡེ་དགེར་ཚིག་ཁྱིམ་༢༦༦༠༩ དང་། པེ་སྣར་ཚེག་ཁྱིམ་267༧༧ ། ཅོ་ནེར་ཚེག་ཁྱིམ་༢༦༧༨༢ ཡོད་སྟབས། ཚེག་ཁྱིམ་ཐད་པེ་ཅིན་དང་སྣར་ཐང་བསྟན་འགྱུ ར་གཉིས་ཀྱི་ནང་དུ་བཞུགས་པའི་སྤྱོད་འཇུག་ཆེན་མོའི་ཚེག་ཁྱིམ་མང་ཉུང་དོ་མཉམ་ཡང་། སྡེ་དགེ་དང་ཅོ་ནེའི་བསྟན་འགྱུར་ནང་དུ་བཞུགས་པའི་སྤྱོད་འཇུག་གཉིས་ཀྱི་ཚེག་ཁྱིམ་ཐད་ཁྱད་པར་ཆེན་པོ་ཤོར་འདུག རྒྱས་པར་ཤེས་འདོད་ན་བསྟན་འགྱུར་དཔེ་བསྡུར་མའི་སྤྱོད་འཇུག་རྩ་བའི་མཇུག་ཤོག་ཐོག་གཟིགས་ན་ཞིབ་ཏུ་ཤེས་ཐུབ། དྲི་བ། སྤྱོད་འཇུག་ཆེན་མོའི་དབུ་མཇུག་བར་གསུམ་དུ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་སྐོར་ཟུར་ཙམ་ཡང་མ་གསུངས་པའི་རྒྱུ་མཚན་ཅི། དྲིས་ལན། མཁས་པ་མང་པོ་ཞིག་གིས་སྤྱོད་འཇུག་ཆེན་མོ་འདི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེས་ཟིན་པ་ཞིག་གིས་བྱང་ཆུབ་ཀྱི་སྤྱོད་པར་སློབ་པའི་སྐབས་ཀྱི་ཉམས་ལེན་གཙོ་བོར་སྟོན་པའི་གཞུང་ཞིག་ཡིན་སྟབས། མར་ཤེས་སོགས་སྔོན་དུ་སོང་ཟིན་པའི་དབང་དུ་བྱས་ནས་མ་བསྟན་པར་ངོས་འཛིན་བྱས་ཡོད། ངས་བལྟས་ན་ཞི་བ་ལྷས་གཞུང་འདི་ཐོག་མར་གསུངས་པའི་སྐབས་མདོ་སྡེ་ཕལ་བོ་ཆེ་དང་སྡོང་པོ་བཀོད་པའི་མདོ་གཉིས་གཙོ་གནད་དུ་བཟུང་ནས་གསུངས་པ་ཞིག་ཡིན་སྟབས། མདོ་སྡེ་དེ་གཉིས་ཀྱིས་བརྗོད་བྱ་སྟོན་ཚུལ་དང་མཐུན་པར་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ་དམིགས་སུ་བཀར་ནས་གསུངས་པ་ཞིག་མིན་ནམ་སྙམ། དྲི་བ། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང་། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། དྲིས་ལན། དེ་གཉིས་ཀྱི་གཞི་རྩའི་ཁྱད་པར་གཙོ་བོ་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ངེས་པ་སྔོན་ད་འགྲོ་དགོས་མི་དགོས་ཀྱིས་འབྱེད་པ་ཡིན། དེ་ཡང་བདག་གཞན་མཉམ་བརྗེའི་ 413 སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ངེས་པ་སྔོན་དུ་འགྲོ་མི་དགོས་ཀྱང་། རྟེན་གྱི་གང་ཟག་དེ་སྙིང་སྟོབས་དང་ཆོད་སེམས་སོགས་གཞན་དང་མ་འདྲ་བའི་བརྟན་པོ་ཡོད་མཁན་ཞིག་ཡིན་དགོས། རྒྱ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་རྟེན་གྱི་གང་ཟག་དེས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཞིབ་ཕྲ་ངེས་པ་སྔོན་དུ་འགྲོ་དགོས་པ་མ་ཟད། སྐྱེ་བ་སྔ་ཕྱི་ཡོད་པར་ངེས་པ་རྙེད་པའི་ཡིད་ཆེས་གཙང་མ་ཡོད་པ་ཞིག་ཀྱང་ཡིན་དགོས་ས་རེད། དྲི་བ། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང་། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་གཉིས་ཀྱི་བརྒྱུད་པའི་ཐོག་མའི་འཕེལ་རིམ་ཅི། དྲིས་ལན། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ། རྗེ་བཙུན་འཇམ་པའི་དབྱངས་དང་། འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་ཞི་བ་ལྷ་སོགས་བརྒྱུད་ནས་བྱུང་བ་ཞིག་ཡིན། མཁས་པ་ལ་ལས་རྗེ་བཙུན་འཇམ་པའི་དབྱངས་ནས་རྒྱལ་སྲས་ཞི་བ་ལྷར་ཉེ་བརྒྱུད་ཀྱིས་བྱུང་བ་ཞིག་ཡིན་པར་ཡང་བཤད། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ། རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་བྱམས་པ་མགོན་པོ་དང་། འཕགས་པ་ཐོགས་མེད། ཇོ་བོ་རྗེ་སོགས་བརྒྱུད་ནས་དར་སྤེལ་བྱུང་བ་ཞིག་ཡིན། དྲི་བ། འགྲོ་བ་རིགས་དྲུག་ག་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྟེན་དུ་རུང་ངམ། དྲིས་ལན། འགྲོ་བ་རིགས་དྲུག་གའི་རྟེན་ལ་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བ་ཡོད་སྟབས། དེ་དག་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བའི་རྟེན་དུ་རུང་མིན་ལ་ཁྱད་པར་གང་ཡང་མེད། ཡིན་ན་ཡང་། མིའི་འགྲོ་བ་མ་ཡིན་པའི་དུད་འགྲོ་སོགས་འགྲོ་བ་གཞན་དག་རྣམས་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བའི་རྟེན་དུ་རུང་ཙམ་ལས། དེ་དག་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བའི་རྟེན་ཕུན་སུམ་ཚོགས་པ་ཞིག་མིན་པ་གཞུང་ཆེན་མོ་རྣམས་ 414 སུ་བཤད་འདུག བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བའི་རྟེན་ཕུན་སུམ་ཚོགས་ཤོས་དེ། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མིའི་ལུས་རྟེན་འདི་ཉིད་ཡིན་པ་མ་ཟད། མིའི་ལུས་རྟེན་འདི་ལྷ་བས་ཀྱང་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་བའི་རྟེན་ཕུན་སུམ་ཚོགས་པ་ཞིག་ཡིན་པར་བཤད། དྲི་བ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གཙོ་ཆེ་བ་རྣམས་གང་དང་གང་ཡིན་ནམ། དྲིས་ལན། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གཙོ་ཆེ་བ་རྣམས་གང་དང་གང་ཞིག་ཡིན་ཞིབ་ཏུ་བཤད་ཐུབ་པ་དཀའ་ཡང་། བཤེས་གཉེན་བརྒྱ་རྩ་བཅུས་ཡོངས་སུ་བཟུང་བའི་གཞོན་ནུ་ནོར་བཟང་ལ་རྗེ་བཙུན་བྱམས་པ་མགོན་པོས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན གསུང་སྐབས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་དང་། འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུ་དང་། འཇིག་རྟེན་ཐམས་ཅད་རབ་ཏུ་རྟེན་པས་ས་ལྟ་བུ་དང་། དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པའི་རྣམ་ཐོས་ཀྱི་བུ་ལྟ་བུ་དང་། དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུ་དང་། ཉོན་མོངས་པའི་མགོ་ལྷུང་བར་བྱེད་པས་རལ་གྲི་ལྟ་བུའོ་ཞེས་སོགས་མང་དུ་གསུངས་པ་ལྟ་བུ་རེད། དེ་ཡང་བྱང་ཆུབ་ཀྱི་སེམས་དང་མ་འབྲེལ་བའི་ཐོག་ནས་མི་ཚེ་ཧྲིལ་པོར་དགེ་བར་འབད་པའི་འབྲས་བུ་ལས་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་སྒོ་ནས་དུས་སྐད་ཅིག་ཙམ་ཞིག་ལ་བྱས་པའི་དགེ་བར་འབྲས་བུ་ལྡབ་འགྱུར་གྱིས་ཆེ་བ་ཡོད་ཚུལ་མདོ་དང་བསྟན་བཅོས་མང་པོར་ལུང་རིགས་དུ་མས་རྒྱས་བཤད་བྱས་ཡོད་པ་ལྟ་བུ་རེད། དྲི་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ཞེས་པའི་གཞུང་འདིར་ཕར་ཕྱིན་དྲུག་གི་ནང་ནས་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གཉིས་ཕར་ཕྱིན་གཞན་དག་ནང་བཞིན་ལོགས་སུ་མ་བསྟན་པའི་རྒྱུ་མཚན་གང་། 415 དྲིས་ལན། སྤྱོད་འཇུག་ཆེན་མོའི་ལེའུ་སྔ་ཕྱི་མང་ཆེ་བའི་ནང་སྦྱིན་པའི་སྐོར་ཡང་ཡང་གསུང་གནང་གི་ཡོད་སྟབས། སྦྱིན་པའི་ཕར་ཕྱིན་ལོགས་སུ་མ་བསྟན་པ་དང་། ལེའུ་བཞི་པ་དང་ལྔ་པར་ཚུལ་ཁྲིམས་དག་བྱེད་ཀྱི་ཐབས་བག་ཡོད་དང་ཤེས་བཞིན་གྱི་ལེའུ་གཉིས་ཞིབ་པར་བསྟན་པས། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཟུར་དུ་མ་བསྟན་པ་ཞིག་མིན་ནམ། སློབ་དཔོན་ནག་པོ་པས། ལེའུ་དང་པོ་གསུམ་དང་བཅུ་པ་བསྔོ་བའི་ལེའུས་སྦྱིན་པ་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པར་འདོད་པ་དང་། བུ་སྟོན་དང་། བོང་དུང་པཎ་ཆེན། ཐུབ་བསྟན་ཆོས་ཀྱི་གྲགས་པ་སོགས་ཀྱིས་ལེའུ་དང་པོ་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་སོགས་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པ་ལས་སྦྱིན་པའི་ཕར་ཕྱིན་བརྗོད་བྱའི་གཙོ་བོར་བྱས་ནས་མ་བསྟན་པར་འདོད་ཀྱི་ཡོད། དྲི་བ། སེར་སྣ་ས་བོན་དང་བཅས་པ་ཡོངས་སུ་སྤངས་པ་དེ་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཚད་ཡིན་ནམ། དྲིས་ལན། སེར་སྣ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཞིག་ཡིན་སྟབས། ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་ཚོས་ཀྱང་དེ་ས་བོན་དང་བཅས་པ་ཡོངས་སུ་སྤངས་ཟིན་པ་རེད། དེར་བརྟེན་དེ་ཙམ་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པའི་ཚད་དུ་འཇོག་མི་རུང་། སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པའི་ཚད་དངོས་ནི། རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེ་བར། དེ་ལ་སྦྱིན་པའི་ཕར་ཕྱིན་རྫོགས་པ་ནི། སྦྱིན་པའི་རྫས་གཞན་ལ་བཏང་བས་འགྲོ་བ་རྣམས་ཀྱི་དབུལ་བ་བོར་བ་ལ་མི་ལྟོས་ཏེ། དེ་ལྟ་མ་ཡིན་ན། ད་དུང་འགྲོ་བ་བཀྲེན་པོ་དུ་མ་ཡོད་པས་སྔར་བྱོན་པའི་རྒྱལ་བ་རྣམས་སྦྱིན་པ་མཐར་མ་ཕྱིན་པར་འགྱུར་རོ། དེས་ན་ལུས་དང་ངག་མི་གཙོ་ཡི། སེམས་གཙོ་བོར་གྱུར་པ་སྟེ་འདི་ལྟར་རང་ལ་བདོག་པའི་ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་ལ་སེར་སྣའི་འཛིན་པ་བཅོམ་ནས་གཞན་ལ་བསམ་པ་ཐག་པ་ནས་གཏོང་ཞིང་། དེ་ཙམ་དུ་མ་ཟད་བཏང་བའི་འབྲས་སུ་རྣམས་ཀྱང་ 416 སེམས་ཅན་ལ་བདར་བའི་བློ་གོམས་པ་ཡོངས་སུ་རྫོགས་པ་ལས་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བའི་ཕྱིར་རོ་ཞེས་ཇི་སྐད་གསུངས་པ་ལྟར་བསམ་དགོས་པ་ཡིན། དེ་དང་ཕྱོགས་མཚུངས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་སོགས་ཕར་ཕྱིན་ལྷག་པ་རྣམས་རྫོགས་པའི་ཚད་ཀྱང་བྱང་ཆུབ་ལམ་ཆེན་མོར་ཞིབ་ཏུ་གསལ་བས་དེར་གཟིགས་དགོས། དྲི་བ། སྤྱོད་འཇུག་ལས་དངོས་སུ་བསྟན་པའི་ཕར་ཕྱིན་དྲུག་གི་སྟེང་ཐབས་མཁས་ཀྱི་ཕར་ཕྱིན་དང་། སྨོན་ལམ་གྱི་ཕར་ཕྱིན། སྟོབས་ཀྱི་ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་བཅས་བསྣན་པས་ཕར་ཕྱིན་བཅུ་པོ་འདི་དག་ལས་ཕར་ཕྱིན་གང་དང་གང་ཞིག་ས་གང་དང་གང་གི་གནས་སྐབས་སུ་ལྷག་པར་འགྱུར་བ་ཡིན་ནམ། དྲིས་ལན། ས་དང་པོར་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ཆེས་ལྷག་པ་དང་། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་། ས་གསུམ་པར་བཟོད་པའི་ཕར་ཕྱིན། ས་བཞི་པར་བརྩོན་འགྲུས་ཀྱི་ཕར་ཕྱིན། ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན། ས་དྲུག་པར་ཤེས་རབ་ཀྱི་ཕར་ཕྱིན། ས་བདུན་པར་ཐབས་མཁས་ཀྱི་ཕར་ཕྱིན། ས་བརྒྱད་པར་སྨོན་ལམ་གྱི་ཕར་ཕྱིན། ས་དགུ་པར་སྟོབས་ཀྱི་ཕར་ཕྱིན། ས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ཆེས་ལྷག་པ་ཡིན་པ་གཞུང་ཆེན་མང་ཆེ་བའི་ནང་ཞིབ་ཏུ་གསལ་བ་ལྟར་རེད། དྲི་བ། ཐེག་པ་ཆེན་པོའི་ལམ་ལ་ས་ཞེས་བརྗོད་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ། དྲིས་ལན། ཐེག་པ་ཆེན་པོའི་ལམ་ལ་ས་ཞེས་བརྗོད་པའི་ས་ནི་ས་མཚན་ཉིད་པ་མིན། དེ་ས་བཏགས་པ་ཞིག་རེད། དེ་ལ་ས་ཞེས་བརྗོད་པའི་རྒྱུ་མཚན་ནི། སྲ་ཞིང་འཐས་པའི་མཚོན་བྱར་གྱུར་པའི་ས་མཚན་ཉིད་པ་དང་བྱེད་ལས་སོགས་ཀྱི་ཆ་ནས་ཆོས་མཚུངས་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པ་ཞིག་རེད། འོ་ན་ས་མཚན་ཉིད་པའི་བྱེད་ལས་ཅི་ཞིག་ཡིན་སྙམ་ན། དེའི་བྱེད་ལས་ནི། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་ཀྱི་རྟེན་བྱེད་པ་ལྟར། ཐེག་པ་ཆེན་པོའི་ལམ་འདིས་ཀྱང་ཡོན་ཏན་གྲངས་དང་དཔག་ཏུ་མེད་པ་དུ་ 417 མའི་རྟེན་བྱེད་པའི་རྒྱ་མཚན་གྱིས་དེ་ལྟར་བཏགས། དེ་ཡང་སྙིང་རྗེ་ཆེན་པོ་སོགས་ཐབས་ཁྱད་པར་ཅན་དུ་མས་ཟིན་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉག་གཅིག་ལ་གོ། དེ་འདྲ་བའི་མཁྱེན་པ་དེ། བྱང་སེམས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པ་ཞིག་ལས། ཉན་རང་སོགས་ཀྱི་རྒྱུད་ལ་མེད། དྲི་བ། ས་དང་པོའི་གནས་སྐབས་སུ་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་མ་གཏོགས་ཕར་ཕྱིན་གཞན་རྣམས་ཉམས་སུ་མི་ལེན་པ་ཡིན་ནམ། དྲིས་ལན། དེ་ལྟར་མིན། གང་ཡིན་ཟེར་ན། ས་བཅུ་པའི་མདོ་ལས། ས་དང་པོའི་ཐད་དུ། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ལ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་མི་སྒྲུབ་པ་ནི་མ་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར། ས་བཅུ་པོ་སོ་སོར་གནས་པའི་སྐབས་སུ་བྱང་སེམས་འཕགས་པ་དེས་ཕར་ཕྱིན་བཅུ་ག་ཉམས་སུ་ལེན་ཡང་། དེ་དག་ལས་གང་རུང་རེ་རེ་ལྷག་པར་ཉམས་སུ་ལེན་པ་ཡིན། དྲི་བ། ཉན་ཐོས་དང་རང་སངས་རྒྱས་དེ་ཚོ་ཐུབ་དབང་ལས་འཁྲུངས་པ་དང་། ཐུབ་དབང་རྣམས་བྱང་སེམས་ལས་འཁྲུངས་པར་འདོད་ན། བྱང་སེམས་རྣམས་རྒྱུའི་གཙོ་བོ་གང་ཞིག་ལ་བརྟེན་ནས་འཁྲུངས་པ་རེད། དྲིས་ལན། བྱང་ཆུབ་སེམས་དཔའ་རྣམས་ཐབས་དང་ཤེས་རབ་ཁྱད་པར་ཅན་ལ་བརྟེན་ནས་འཁྲུངས་པ་ཞིག་ཡིན། དེ་འདྲའི་ཐབས་དང་ཤེས་རབ་ཁྱད་པར་ཅན་དེ་དག་གང་ཡིན་སྙམ་ན། རིན་ཆེན་འཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་ཇི་སྐད་གསུངས་པ་ལྟར། སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད་རྟོགས་པའི་ཤེས་རབ་འདི་གསུམ་བྱང་སེམས་རྣམས་ཀྱི་རྒྱུའི་གཙོ་བོ་ཡིན་པ་མ་ཟད། ནང་ 418 བསྟན་ཐེག་པ་ཆེན་པོའི་ཆོས་ཀྱི་བླ་སྲོག་ལྟ་བུ་རེད། ཁྱད་པར་གྱི་ཆོས་འདི་གསུམ་མེད་ན། ནང་པ་སངས་རྒྱས་པའི་ཆོས་དེ་ཡང་ཆོས་ལུགས་གཞན་པ་ཚོ་ནང་བཞིན་དམངས་ཁྲོད་རང་བཞིན་ཅན་གྱི་ཆོས་ལུགས་སྤྱིར་བཏང་བ་ཞིག་ཏུ་འགྱུར་འགྲོ་གི་རེད། དེ་ཡང་གསལ་བོར་བཤད་ན། ཕྱིའི་རྣམ་པ་སྟོན་སྟངས་ཙམ་གཙོ་བོར་འཛིན་པའི་ཆོས་ལུགས་ཤིག་ཏུ་ཆགས་འགྲོ་གི་རེད། དཔེར་ན། ཧིན་དུ་དང་། ཡེ་ཤུ། ཁ་ཆེའི་ཆོས་ལུགས་ལྟ་བུ་རེད། ཆོས་ལུགས་དེ་ཚོའི་རྗེས་འབྲང་བ་ཚོས་རང་རང་སོ་སོར་ནད་ན་ཚ་འདྲ་ཞིག་བྱུང་བའམ། བྱ་བའི་ཐོག་ནས་ལམ་འགྲོ་དེ་ཙམ་མ་རྒྱུག་པའི་སྐབས་ལ། སོ་སོའི་ལྷ་ཁང་དུ་སོང་ནས་ཕྱག་མཆོད་འབུལ་བྱེད་རྒྱུ་ཙམ་ཞིག་རེད། སོ་སོ་ཕྱོགས་ཡོངས་ནས་བདེ་བླག་ཡིན་པའི་སྐབས་ལ་རེར་ཁོང་ཚོས་སོ་སོ་རང་ཉིད་ཆོས་ལུགས་པ་ཞིག་ཡིན་པའི་ཚོར་སྣང་དེ་ཡང་རྦད་དེ་བརླག་འགྲོ་གི་ཡོད་པ་རེད། དྲི་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་དལ་བ་ལ་འབྱོར་བས་ཁྱབ་པར་འདོད་ཀྱི་ཡོད་དམ། དྲིས་ལན། རྒྱ་བོད་མཁས་པའི་ཁྲོད་དལ་བ་ལ་འབྱོར་བས་ཁྱབ་པར་འདོད་པ་དང་མ་ཁྱབ་པར་འདོད་མཁན་གཉིས་ཀ་ཡོད། དལ་བ་ལ་འབྱོར་བས་མ་ཁྱབ་པར་འདོད་མཁན་གྱི་མཁས་པ་ཚོས། དེ་ལྟར་མ་ཁྱབ་པའི་སྐྱོན་དུ། སུམ་ཅུ་རྩ་གསུམ་པའི་ལྷ་དང་། མཚམས་མེད་ཀྱི་ལས་ངན་བྱས་པའི་མི། མིག་གི་དབང་པོ་དང་མི་ལྡན་པའི་མི་སོགས་བཞག་འདུག རྒྱ་གར་གྱི་སློབ་དཔོན་འགས། མི་ཁོམ་པ་བརྒྱད་སྤངས་པའི་འབྱོར་བ་བཅུ་ལ། དལ་འབྱོར་དུ་གསུང་གི་ཡོད་སྟབས། དལ་བ་བརྒྱད་དེ་འབྱོར་བ་བཅུའི་ནང་དུ་འདུས་པར་བཤད། བི་བྷུ་ཏི་སོགས་ཀྱིས་མི་ཁོམ་པ་བརྒྱད་སྤངས་ཤིང་འབྱོར་བ་བཅུ་དང་ལྡན་པ་ལ། དལ་འབྱོར་དུ་བཤད་པ་སོགས་ཡིན། 419 དྲི་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ལས། ངག་གང་མདོ་སྡེ་འཇུག་དེ། ཞེས་སོགས་ཤོ་ལོ་ཀ་གསུམ་རྒྱ་བོད་མཁས་པ་མང་ཆེ་བས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ཞིག་མིན་པར་བཞེད་ཀྱི་འདུག དེའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ། དྲིས་ལན། ངག་གང་མདོ་སྡེ་ལ་འཇུག་དེ། ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་སྟོན་བཞིན་ཡོད། རྒྱ་བོད་མཁས་པ་མང་ཆེ་བས་ཤོ་ལོ་ཀ་དེ་གསུམ་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ཞིག་ཡིན་པར་མི་འདོད་པ་དེ་བདེན་པ་རེད། རྒྱུ་མཚན་ནི། གཅིག་ནས་ཤོ་ལོ་ཀ་དེ་གསུམ་གྱིས་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་བསྟན་སྟབས། རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར། ཞེས་པའི་ཚིག་རྐང་གི་གོང་འོག་གང་རུང་ཞིག་ཏུ་འཇུག་དགོས་རྒྱུ་ལ་དེར་བཅུག་མེད་པས་འཇུག་སའི་གནས་ནོར་བ་དང་། གཉིས་ནས་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་འོད་སྲུངས་ཆེན་པོ་ཞིག་ལའང་སྟོང་ཉིད་སྟོན་པའི་མདོའི་དངོས་བསྟན་ཙམ་ཡང་ཁོང་དུ་ཆུད་ཐུབ་ཀྱི་མེད་པ་སོགས་ཀྱིས་དམའ་འབེབས་ཤུགས་ཆེན་པོ་བྱས་པས་རེད། ༸གོང་ས་མཆོག་ནས་ཤོ་ལོ་ཀ་དེ་གསུམ་གོང་གསལ་ཐེག་ཆེན་བཀར་སྒྲུབ་ཀྱི་གཞུང་གི་དཀྱུས་སུ་བཀོད་ཚེ་མི་འཐད་པ་མེད་པར་གསུངས། དྲི་བ། མཁས་པ་འགས་རྒྱལ་སྲས་ཞི་བ་ལྷས། བདག་མེད་གཉིས་ལ་ཐོག་མར་འཇུག་པའི་ཚེ། དང་པོར་གང་ཟག་གི་བདག་མེད་རྟོགས་ནས་དེ་རྗེས་ཆོས་ཀྱི་བདག་མེད་རྟོགས་དགོས་པ་སོགས་བདག་མེད་གཉིས་ཐོག་མར་རྟོགས་པའི་གོ་རིམ་ངེས་ཅན་དུ་གསུངས་ཚུལ་བརྗོད་པ་དེ་དོན་ལ་གནས་སམ། དྲིས་ལན། ཁ་ཅིག་གིས། བདག་མེད་གཉིས་ལ་འཇུག་པའི་ཚེ་ཐོག་མར་གང་ཟག་བདག་མེད་རྟོགས་པའི་ལྟ་བ་རྒྱུད་ལ་བསྐྱེད་ནས་དེའི་འོག་ཏུ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་རྒྱད་ལ་བསྐྱེད་དགོས་པར་འདོད་པ་དང་། ཡང་ཁ་ཅིག་གིས། གང་ཟག་ 420 གི་བདག་མེད་རྟོགས་པའི་གང་ཟག་ཡིན་ན། ཆོས་ཀྱི་བདག་མེད་རྟོགས་པའི་གང་ཟག་ཡིན་པས་ཁྱབ་པར་འདོད་པ་དང་། ལ་ལས། སྤྱིར་བདག་མེད་གཉིས་ཐོག་མར་རྟོགས་པའི་གོ་རིམ་ངེས་མེད་དུ་འདོད་པ་སོགས་འདོད་ཚུལ་མི་མཐུན་པ་མང་དུ་ཡོད་ས་རེད། རྒྱལ་སྲས་ཞི་བ་ལྷས་དེ་ལྟར་གསུངས་པ་དེ་ལྟ་བ་ཐོག་མར་འཚོལ་སྐབས་དགག་བྱ་ངོས་འཛིན་པ་ན་གང་ཟག་གི་སྟེང་དུ་ངོས་འཛིན་སླ་བ་དང་བདག་མེད་གཉིས་ལས་གང་ཟག་གི་བདག་མེད་ངེས་སླ་བར་དགོངས་ནས་གསུངས་པ་ཞིག་མིན་ནམ། པཎ་ཆེན་བསོད་གྲགས་སོགས་མཁས་པ་མང་ཆེ་བས་བདག་མེད་གཉིས་ཐོག་མར་རྟོགས་པའི་གོ་རིམ་ངེས་མེད་དུ་བཞེད་པ་ཡིན། དྲི་བ། རྒྱལ་སྲས་ཞི་བ་ལྷས། ཆོས་རྣམས་རྟོག་པས་བཏགས་ཚུལ་དང་། རྟོག་པས་བཏགས་ཙམ་ལ་བྱ་བྱེད་འཐད་ཚུལ་སྐོར་དཔེ་དང་སྦྱར་ནས་གསུངས་ཚུལ་ཅི། དྲིས་ལན། ཆོས་རྣམས་རྟོག་པས་བཏགས་ཚུལ་དང་། རྟོག་པས་བཏགས་ཙམ་ལ་བྱ་བྱེ ད་འཐད་ཚུལ་སོགས་ཀྱི་སྐོར་ལ་མཁས་པ་མང་པོས་དཔེ་འདྲ་མིན་བཀོད་ཡོད། དཔེར་ན། རྩིག་ངོས་ཀྱི་རི་མོ་དང་། ཤིང་རྟ། རྡེའུ་ཤིང་སོགས་ལྟ་བུ་ཡིན། དཔེ་འདི་གསུམ་གྲགས་ཆེ་ཤོས་ཀྱི་དཔེ་གསུམ་ཡིན། རྒྱལ་སྲས་ཞི་བ་ལྷས། དགེ ན་རྣམ་རྒྱལ་དབང་ཆེ ན་གྱི་ཟབ་མོ་དབུ་མའི་དྭོགས་གཅོད་དུ་གསལ་བ་ལྟར། སྤྲུལ་གཞི་རྡེའུ་དང་ཤིང་སོགས་ཚོགས་པ་ལ་སྔགས་རྫས་ཀྱིས་མིག་བསླད་པའི་ཤེས་པ་ལ་རྟ་དང་གླང་པོ་སོགས་ཀྱི་སྣང་བ་འཆར་ཞིང་། དེ་ལྟར་སྣང་བ་དེ་ནི་འཁྲུལ་པའི་ཤེས་པས་ཕར་བཏགས་པ་ཙམ་ཞིག་ལས་མེད་པ་ལྟར། ཕུང་པོ་དང་། ཁམས་དང་། སྐྱེད་མཆེད་སོགས་གདགས་གཞི་དུ་མ་འདུས་པ་ལ་བརྟེན་ནས་བདག་གོ་ཞེས་སྣང་བ་ན་ཡང་། བདག་དེ་ནི་རྟོག་པས་ཕར་བཏགས་པ་ཙམ་ཞིག་ལས་མེད་པར་མཚུངས་ཀྱང་སྒྱུ་མའི་རྟ་གླང་གསོད་པ་ལ་ཞུགས་པ་ལ་རྟ་གླང་གསོད་པའི་སྡིག་པ་མི་འབྱུང་ཞིང་། 421 ཕུང་ཁམས་སྐྱེད་མཆེད་ལ་བཏགས་པའི་སྐྱེས་བུ་བསད་པ་ལ་སྲོག་ཆགས་བསད་པའི་སྡིག་པ་འབྱུང་བས་བཏགས་དོན་ལ་བྱ་བྱེད་འཐད་ཅེས་གསུངས་པ་ལྟར་རེད། དྲི་བ། སྤྱོད་འཇུག་གི་འགྲེལ་མཛད་པ་འགས་སྤྱོད་འཇུག་གི་གཞུང་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བསྟན་སྟབས། རྒྱལ་སྲས་ཞི་བ་ལྷས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཀྱི་ཡོད་པར་བརྗོད་པ་དེ་རྒྱལ་སྲས་ཞི་བ་ལྷའི་དགོངས་གཞི་དང་མཐུན་པ་ཞིག་ཡིན་ནམ། དྲིས་ལན། དེ་ལྟར་གསུངས་པ་དེ་རྒྱལ་སྲས་ཞི་བ་ལྷའི་དགོངས་གཞི་དངོས་དང་གཏན་ནས་མི་མཐུན་པ་ཞིག་ཡིན། གང་ཡིན་ཟེར་ན། རྒྱལ་ཚབ་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས་སུ། གཞན་རྒྱུད་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་དགོས་པས། དེ་ཁོ་ན་ཉིད་རྟོགས་དགོས་ཀྱང་། རང་རྒྱུད་ཀྱི་སྡུག་བསྔལ་ཞི་བ་ལ་དེ་ཁོ་ན་ཉིད་རྟོགས་ཅི་དགོས་སྙམ་ན། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་ཕུང་པོ་བདེན་འཛིན་ཡོད་པ་དེ་སྲིད་དུ་ང་དང་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟ་མི་ལྡོག་པར་གསུངས་པས། ཉན་རང་དགྲ་བཅོམ་པའི་འཇིག་ལྟ་ཟད་པར་མ་སྤངས་པ་སུའང་མི་འདོད་ཅིང་། དེ་ལ་ཕུང་པོ་བདེན་འཛིན་ཟད་དགོས་པས། ཉན་རང་འཕགས་པས་ཀྱང་ཕུང་པོ་བདེན་མེད་དུ་རྟོགས་པར་བཞེད་པ་ལྟར། སློབ་དཔོན་འདིས་(རྒྱལ་སྲས་ཞི་བ་ལྷ། )ཀྱང་འཁོར་བའི་སྡུག་བསྔལ་ཞི་བ་ལ་དེ་ཁོ་ན་ཉིད་རྟོགས་དགོས་པར་བཞེད་ཅེས་གསུངས་པ་མ་ཟད། ཤེས་རབ་ལེའུའི་དཀྱུས་སུ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་ཞིབ་ཚགས་དང་ཞལ་གསལ་བོས་གསུངས་ཡོད་སྟབས། སློབ་དཔོན་འདི་བས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་མིན་ཐད་དཔྱད་གླེང་བྱེད་དགོས་དོན་མེད། 422 དྲི་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་མཚོན་རྒྱ་གཞུང་མང་པོའི་ནང་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་མང་དུ་མཛད་ཡོད་པ་འདྲ། དེ་དག་ལས་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་ཟབ་ཤོས་དང་རྒྱས་ཤོས་དེ་གང་ཡིན་ནམ། དྲིས་ལན། རྒྱ་གཞུང་མང་པོའི་ནང་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་མང་དུ་མཛད་ཡོད་པ་དངོས་ཡོད་གནས་ཚུལ་ཞིག་རེད། དེ་དག་ལས་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་ཟབ་ཤོས་དང་རྒྱས་ཤོས་དེ་གང་ཡིན་ངས་གསལ་བོ་ཞིག་ཤེས་ཀྱི་མེད། ཡིན་ན་ཡང་༸གོང་ས་མཆོག་གིས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྟོག་གེ་འབར་བ་དེ་ཐེག་ཆེན་བཀར་སྒྲུབ་ཀྱི་གཞུང་ཟབ་ཤོས་དང་རྒྱས་ཤོས་ཡིན་པ་བཀའ་གནང་འདུག སྤྱིར་རྒྱ་གར་དུ་གོང་དུ་བཤད་པ་ལྟར་རྒྱ་གཞུང་མང་པོའི་ནང་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་མང་དུ་མཛད་ཡོད། དཔེར་ན། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་ཞིབ་མོ་རྣམ་འཐག ཨརྱ་དེ་བས་མཛད་པའི་དབུ་མ་བཞི་བརྒྱ་པ། ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་སུ་མུ་སྟེགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་དང་། ཐེག་ཆེན་སངས་རྒྱས་བཀར་མི་འདོད་པའི་ཉན་ཐོས་དངོས་སྨྲ་བ་རྣམས་ཞིབ་ཚགས་ཀྱིས་བཀག་གནང་མཛད་ཡོད་པ་ལྟ་བུ་རེད། དེང་སང་ཡང་ལོ་རྒྱུས་རྐྱང་པའི་ཐོག་ནས་ལྟ་མཁན་མང་པོ་ཞིག་གིས་ཐེག་ཆེན་གྱི་ཆོས་དེ་སངས་རྒྱས་མྱ་ངན་ལས་འདས་རྗེས་ནང་བསྟན་མཁས་པ་ཚོས་ལེགས་སྦྱར་སྐད་ཐོག་གསར་རྩོམ་མཛད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དྲི་བ། ཉན་ཐོས་དངོས་སྨྲ་བ་དང་། ལོ་རྒྱུས་རྐྱང་པའི་ཕྱོགས་ནས་ལྟ་མཁན་ཚོས་གཅིག་མཐུན་གྱིས་ཐེག་ཆེན་གྱི་ཆོས་སྐོར་དག་སངས་རྒྱས་ཀྱི་བཀར་ཁས་མི་ལེན་པའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་པ་ཞིག་ཡིན་ནམ། 423 དྲིས་ལན། བདག་ཅག་གི་སྟོན་པ་ཕྱི་ལོའི་སྔོན་གྱི་ ༩༦༡ ལོར་རྒྱ་གར་དུ་སྐུ་འཁྲུངས་པ་ནས་དུས་ཡུན་ངེས་ཅན་ཞིག་གི་རིང་མི་སྤྱིར་བཏང་བ་ཞིག་ནང་བཞིན་བྱས་ནས་རྒྱལ་སྲིད་ཀྱི་འདོད་ཡོན་ལྔ་ལ་ལོངས་སུ་སྤྱོད་བཞིན་བཞུགས་པ་རེད། རྗེས་སུ་དམངས་ཁྲོད་ནས་ན་རྒ་འཆི་བའི་འཇིགས་པ་སྐི་གཡའ་བའི་གནས་འདྲ་མིན་གཟིགས་པའི་རྐྱེན་གྱིས་ཐུགས་ལ་བཟོད་དཀའ་བའི་ངེས་འབྱུང་གི་བསམ་པ་ཁྱད་པར་ཅན་འཁྲུངས་ནས་སྐྲ་མེད་པའི་རིགས་སུ་རབ་ཏུ་བྱུང་བ་མ་ཟད། སྣང་ངོར་དཀའ་སྤྱད་སྡིག་རུས་བསམ་ཡུལ་ལས་འདས་པ་མཛད་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་དང་། དེ་རྗེས་རྒྱ་གར་ཡུལ་གྱི་ས་གནས་འདྲ་མིན་གྱི་ཡུལ་མི་དཀྱུས་མའི་ཁྲོད་དུ་ཕེབས་བཞུགས་ཀྱིས་ཕྱི་ལོའི་སྔོན་གྱི་ལོ་༨༧༩ བར་མི་ལོ་ཧྲིལ་པོ་བཞི་བཅུ་ལྷག་གི་རིང་མཛོད་ནས་གསུང་སྟངས་གཞིར་བཟུང་བྱས་ན་གནས་ཆེན་མི་འདྲ་བ་ཉེར་བརྒྱད་ནས་ཟབ་རྒྱས་ཀྱི་ཆོས་ཕུང་གྲངས་ལས་འདས་པ་གསུངས་གནང་བ་དང་། ཕྱིས་རྗེས་འཇུག་གདུལ་བྱ་མཁས་པ་ཚོས་ཁོང་གི་གསུང་རྣམས་ཕྱོགས་ཐེངས་དྲུག་མཛད་དེ་ཡོངས་སུ་གཏན་འབེབས་གནང་བ་ཞིག་རེད། ཁོང་སྐུ་འཚོ་བཞུགས་ཀྱི་སྔ་གཞུག་ཏུ་དར་བའི་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་མང་ཆེ་བ་ཞིག་གྲལ་རིམ་ངེས་ཅན་ཡོད་པའི་ཆོས་ལུགས་གྲུབ་མཐའ་རྐྱང་རྐྱང་ཡིན་སྟབས། གཞི་རིམ་མང་ཚོགས་དང་འབྲེལ་མེད་ལྟ་བུར་ཆགས་ཀྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཆེད་དུ་གཉེར་ནས་མིན་ཡང་གསུངས་སྟངས་ཤིག་གིས་གྲལ་རིམ་ལ་གཙིགས་ཆེན་བྱེད་པའི་ཆོས་ལུགས་གྲུབ་མཐའ་ཁག་ལ་རྡུང་རྡེག་བྱེད་པའི་ཆོས་ལུགས་ལྟ་བུར་ཆགས་སྟབས། རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་མང་ཆེ་བ་དང་སངས་རྒྱས་ཆོས་ལུགས་གཉིས་མདུང་རྩེ་ཁ་སྤྲོད་ལྟ་བུར་ཆགས་པ་རེད། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་ཆོས་ལུགས་གྲུབ་མཐའ་གཞན་པའི་དབར་དུ་བྱུང་བའི་སྤྱིར་བཏང་གི་འགྲན་རྩོམ་ཙམ་ཞིག་མ་ཡིན་པར་རྣོ་ངར་ཤིན་ཏུ་ཆེ་བའི་འགྲན་རྩོད་ཅིག་རེད། 424 འགྲན་རྩོད་དེའི་བརྒྱུད་རིམ་ཁྲོད་སངས་རྒྱས་ཆོས་ལུགས་རང་སྟེང་གི་སྤུས་ཚད་དེ་ཧ་ཅང་གི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་ནི་ཛ་དྲག་གིས་གདོང་ལེན་བྱེད་དགོས་པའི་ལས་དོན་ཅི་ཙམ་མང་བ་དེའི་ཚོད་ཀྱིས་ཤེས་རབ་དང་ནུས་པའང་དེ་བཞིན་འཕེལ་ཡོང་གི་ཡོད་པའི་རྟགས་མཚན་ཞིག་རེད། བརྒྱུད་རིམ་དེ་དག་གི་ཁྲོད་ནས་སངས་རྒྱས་ཆོས་ལུགས་ཁྱབ་སྤེལ་བྱེད་པར་འགལ་རྐྱེན་སྣ་མང་ཞིག་འཕྲད་པ་མ་ཟད། མཚམས་ལ་རེར་འཇིག་ཉེའི་དུས་སྐབས་ཀྱང་བྱུང་མྱོང་ཡོད། སྐབས་དེ་དག་གི་སྔ་རྗེས་སུ་བྱུང་བའི་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་སྨྲ་བ་འགས་མེ་ལྔ་ལ་བསྟེན་པ་དང་། རྩེ་གསུམ་ལ་མཆོང་བ། ལུས་གཅེར་བུར་རྒྱུ་བ། རང་གི་བུ་མོ་ཆུང་མར་ལེན་པ་སོགས་བྱེད་ཀྱི་ཡོད། བྱ་སྤྱོད་དེའི་རིགས་ཀྱིས་སོ་སོ་སོ་སོའི་ཆོས་དང་སྟོན་པར་ལྷག་བསམ་རྣམ་དག་ཡིན་པར་མཚོན་པ་ཙམ་ཞིག་དང་། མི་ཆོས་རང་ལུགས་ལ་ཆེད་དུ་དམའ་འབེབས་བྱས་པ་མཚོན་པ་ཙམ་ཞིག་ལས་གཞན་ཅི་ཞིག་ཡོད། རང་རེའི་བོད་དུའང་སྐབས་ཤིག་རིང་གསང་སྔགས་འཆར་སྤྱོད་དུ་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་དོན་གསང་སྔགས་ཀྱི་ཆོས་ལ་གོ་རྟོགས་རྩ་བ་ནས་མེད་པའི་སྔགས་པ་རེ་ཟུང་གིས་བུད་མེད་མཐོང་ཚད་ལ་ལུས་ཐོག་ནས་འབྲེལ་བ་འཛུགས་རེས་བྱེད་པ་དང་། ཆང་ཚོད་མེད་འཐུང་བ། གསང་སྔགས་ཀྱི་གཞུང་དང་མི་མཐུན་པའི་ཆོས་ལོག་འབྲི་རྩོམ་བྱས་པ་སོགས་ཀྱིས་གསང་སྔགས་ཀྱི་བསྟན་པར་བསམ་ཡུལ་ལས་འདས་པའི་ཤུགས་རྐྱེན་ངན་པ་ཐེབས་པ་རེད། དེ་མིན་བདག་ཅག་གི་སྟོན་པས་ཐེག་དམན་གྱི་ཆོས་སྐོར་མང་ཆེ་བ་ཞིག་པཱ་ལིའི་སྐད་དུ་གསུངས་པ་དང་། ཐེག་ཆེན་གྱི་ཆོས་སྐོར་མང་ཆེ་བ་ཞིག་ལེགས་སྦར་གྱི་སྐད་དུ་གསུངས་པ་མ་ཟད། མདོ་སྔགས་གཉིས་ཀྱིས་བསྡུས་པའི་ཐེག་ཆེན་གྱི་ཆོས་སྐོར་དེ་དག་གདུལ་བྱ་ཤིན་ཏུ་ནས་ལས་དག་དང་སྣོད་རུང་རེ་གཟིགས་ན་མ་གཏོགས། ཐེག་ 425 དམན་གྱི་ཆོས་སྐོར་ནང་བཞིན་ཡོངས་གྲགས་རང་བཞིན་བྱས་ནས་མ་གསུངས་པ་མ་ཟད། དེ་ཡང་ཧ་ཅང་སྦས་པའི་ཟོལ་གྱིས་གསུངས་པ་ཞིག་ཡིན་སྟབས། སྐབས་དེའི་ནང་པའི་རྗེས་འཇུག་གི་ཆོས་པ་བརྒྱ་ཆའི་གོ་དགུ་ཙམ་གྱིས་བདག་ཅག་གི་སྟོན་པས་ཐེག་དམན་གྱི་ཆོས་སྐོར་ལས་གཞན་པའི་ད་དུང་ཐེག་ཆེན་གྱི་ཆོས་སྐོར་ཞིག་གསུངས་ཡོད་པ་རྨི་ལམ་ཙམ་དུ་ཡང་རྨས་མྱོང་མེད། དེར་བརྟེན་བདག་ཅག་གི་སྟོན་པས་གསུངས་པའི་ཐེག་དམན་གྱི་ཆོས་སྐོར་ལས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་གནས་ཚད་མཐོ་བའི་ཐེག་ཆེན་གྱི་ཆོས་སྐོར་དག་ཐེག་ཆེན་གྱི་སློབ་དཔོན་དེ་ཚོས་སངས་རྒྱས་ཀྱིས་དངོས་སུ་བཀའ་གནང་བ་ཞིག་ཡིན་ཚུལ་གློ་བུར་ལྟ་བུས་དྲིལ་བསྒྲགས་བྱས་ཡོང་དུས་ཁོང་ཚོའི་སེམས་ནང་དེ་ནི་དུས་ནམ་ཡང་དང་ལེན་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་པ་རེད། མ་ཟད་ཁོང་ཚོས་ཐེག་ཆེན་གྱི་ཆོས་སྐོར་དག་ནང་པ་སངས་རྒྱས་པའི་ཆོས་ལས་ཕྱི་རོལ་དུ་གྱུར་པའི་ཆོས་ལུགས་ཤིག་ཡིན་པ་ངོས་འཛིན་བྱས་པ་མ་ཟད། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཁ་གཏད་དུ་བསམ་བཞིན་བཟོ་བའི་ཆོས་བརྫུས་ཤིག་ཡིན་པའི་བསམ་ཚུལ་ཡང་ལན་གཅིག་མིན་པར་བྱུང་སྟབས། ཁོང་ཚོས་བློ་ཐག་རྦད་བཅད་ཀྱིས་ཐེག་ཆེན་གྱི་གསུང་རབ་དག་བདག་ཅག་གི་སྟོན་པའི་གསུང་ཡིན་པར་དགག་རྩོམ་བརྒྱ་ཕྲག་མང་པོ་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས་པ་མ་ཟད། ཐེག་ཆེན་གྱི་ཆོས་སྐོར་མཐོང་ཚད་མེར་བསྲེགས་པ་དང་། ཆུར་སྐྱུར་པ། ས་འོག་ཏུ་སྦས་པ་སོགས་ཀྱི་ཐབས་ཚུལ་སྣ་ཚོགས་བརྩམས་པ་དང་། ཐེག་པ་ཆེན་པོའི་ཆོས་བྱེད་མཁན་གྱི་དགེ་འདུན་པ་ཚོ་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་རྒྱུའི་དམ་བཅའ་ཡང་བཞག་ཡོད་ས་རེད། གོང་གསལ་གྱི་རྒྱུ་རྐྱེན་དེ་དག་དང་། ལྷག་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེ་ཆུང་བྱུང་འཕེལ་གྱི་ལོ་རྒྱུས་དེ་དག་ལོ་རྒྱུས་སྤྱིར་བཏང་བ་ཞིག་གི་བྱུང་འཕེལ་དང་མཚུངས་པར་བལྟས་ནས་དེང་གི་ལོ་རྒྱས་རྐྱང་པའི་ངོས་ནས་གཟིགས་མཁན་གྱི་ལོ་རྒྱུས་སྨྲ་བ་མང་པོ་ 426 ཞིག་གིས་མདོ་སྔགས་གཉིས་ཀྱིས་བསྡུས་པའི་ཐེག་ཆེན་གྱི་ཆོས་སྐོར་དག་བདག་ཅག་གི་སྟོན་པས་དངོས་སུ་བཀའ་གནང་བ་ཞིག་ཡིན་པར་རྩ་བ་ནས་ཡིད་ཆེས་བྱེད་ཀྱི་མེད། མ་ཟད་ལོ་རྒྱུས་སྨྲ་བ་འགས་བདག་ཅག་གི་སྟོན་པས་རྒྱུན་སྤྱོད་ཀྱི་སྐད་དེ་པཱ་ལིའི་སྐད་གནང་གི་ཡོད་སྟབས། ཁོང་གིས་ལེགས་སྦྱར་གྱི་སྐད་མཁྱེན་གྱི་མེད་པར་བརྗོད་བཞིན་ཡོད། གང་ལྟར་བདག་ཅག་གི་སྟོན་པ་སྐུ་མྱ་ངན་འདས་རྗེས་ཐེག་ཆེན་གྱི་སློབ་དཔོན་ཚོས་གཅིག་རྗེས་གཉིས་མཐུད་དུ་ཐེག་ཆེན་གྱི་ཆོས་སྐོར་དག་ཡོངས་ཁྱབ་རང་བཞིན་གྱིས་དར་སྤེལ་བྱས་པའི་བརྒྱུད་རིམ་ཁྲོད་བདག་ཅག་གི་སྟོན་པའི་རྗེས་འཇུག་པ་ནང་ཁུལ་ནས་དང་། ལྷག་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་རོལ་དུ་གྱུར་པའི་ཆོས་ལུགས་གྲུབ་མཐའ་འདྲ་མིན་གྱི་འགལ་རྐྱེན་སྣ་ཚོགས་ཤིག་གི་འོག་ནས་སངས་རྒྱས་ཆོས་ལུགས་ཀྱི་སྤྱི་བྲེའི་ནང་དོན་མང་པོ་ཞིག་ཧ་ལམ་འཇིག་ལ་ཉེ་བ་ཐེངས་མང་བྱུང་བ་དང་། མཐར་ཡུལ་དེ་ནས་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་རྦད་དེ་བཛུམ་མོ་འཛུགས་ས་མེད་པ་ལྟ་བུའི་ཉམས་དམས་སུ་བུད་སོང་བ་ཞིག་རེད། དེ་ཡང་གསལ་བོར་བཤད་ན། ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས། དེ་ལྟར་མི་ཡུལ་དུ་སྔར་བྱུང་བའི་ཐེག་ཆེན་གྱི་སྡེ་སྣོད་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་རེ་དགྲ་སྔ་མ་གཉིས་ཀྱི་དུས་དང་། ཆ་དགུ་དགྲ་ཕྱི་མའི་དུས་དང་། ཉུང་ཙམ་དགྲ་ལ་མ་ལྟོས་པར་ཡང་ནུབ་པས་ད་ལྟར་ཆ་གཅིག་ལུས་ཏེ། དཔེར་ན། དཀོན་བརྩེགས་འདུས་པ་སྟོང་ལས་ཞེ་དགུ་དང་། ཕལ་ཆེན་ལེའུ་སྟོང་ལས་སོ་བརྒྱད། ལང་གཤེགས་ལས་བདེར་གཤེགས་སྙིང་པོའི་ལེའུ་ཉི་ཚེ་བ་ལུས་པ་བཞིན་ནོ་ཞེས་བཤད་པ་ལྟ་བུ་རེད། དྲི་བ། ཁྱེད་ཀྱིས་གོང་དུ་ཐེག་དམན་གྱི་ཆོས་སྐོར་མང་ཆེ་བ་ཞིག་པཱ་ལིའི་སྐད་དུ་གསུངས་པ་རེད་ཅེས་བཤད་བྱུང་། དེས་ན་པཱ་ལིའི་སྐད་ཅེས་པ་དེ་སྐབས་དེའི་རྒྱ་གར་གྱི་ཡུལ་ལུང་གང་ཞིག་ནས་སྤྱོད་བཞིན་ཡོད། 427 དྲིས་ལན། པཱ་ལིའི་སྐད་འདི་བདག་ཅག་གི་སྟོན་པ་ཆེན་པོ་ཞལ་བཞིན་སྐབས་སུ་མ་ག་ངྷའི་སྤྱི་སྐད་ལྟ་བུར་སྤྱོད་བཞིན་ཡོད་ས་རེད། རྒྱུན་ཆགས་ཞེས་པ་པཱ་ལིའི་སྐད་དོད་ཡིན། མཁས་པ་ལ་ལས་བཤད་སྟངས་བྱས་ན་སྐབས་དེའི་རྒྱ་གར་ན་སྤྱོད་བཞིན་པའི་ལེགས་སྦྱར་སྐད་དང་། ཡུལ་མི་རང་བཞིན་པའི་སྐད། ཤ་ཟའི་སྐད། ཟུར་ཆག་གི་སྐད་བཅས་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་པཱ་ལིའི་སྐད་དེ་པྲ་ཀྲི་ཏ་སྟེ་ཡུལ་མི་རང་བཞིན་པའི་སྐད་ཡིན་ཟེར་བ་ཡང་ཡོད། གང་ལྟར་གསལ་བོ་ཞིག་བཤད་མི་ཐུབ། ཁག་ཅིག་གིས་པཱ་ལིའི་སྐད་ཐོག་ཏུ་བཞུགས་པའི་སངས་རྒྱས་ཀྱི་གསུང་རབ་དག་ཐད་ཀར་བོད་སྐད་དུ་བསྒྱུར་བ་མེད་པར་བཤད་ཀྱང་། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ནང་དུ་ཡོད་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་པ་དེ་ཁོང་གིས་པཱ་ལིའི་སྐད་ཐོག་ནས་བོད་སྐད་དུ་བསྒྱུར་པ་ཞིག་ཡིན་པར་གྲགས། མ་ཟད་བོད་འགྱུར་རྒྱ་གཞུང་ནང་གི་གཟུངས་དང་སྔགས་དེ་ཚོའི་ནང་ལའང་པཱ་ལིའི་སྐད་ཧ་ཅང་མང་པོ་ཡོད་ས་རེད། དྲི་བ། ཐེག་པ་ཆེ་ཆུང་གི་ཐ་སྙད་དེ་སངས་རྒྱས་ཞལ་བཞུགས་དུས་ཤིག་ནས་བྱུང་བ་ཞིག་ཡིན་ནམ། དེའི་རྗེས་སུ་བྱུང་བ་ཞིག་ཡིན། དྲིས་ལན། ཐེག་ཆེན་དང་ཐེག་དམན་གྱི་ཐ་སྙད་དེ་དུས་གང་ཞིག་ནས་བྱུང་བ་ངས་ཤེས་ཀྱི་མེད། གང་ཡིན་ཟེར་ན། ངས་དེའི་སྐོར་ཆེད་དུ་གཉེར་ནས་ཞིབ་འཇུག་དེ་འདྲ་བྱས་མྱོང་མེད། ཡིན་ན་ཡང་མཁས་པ་འགས། ཐེག་པ་ཆེ་ཆུང་གི་ཐ་སྙད་དེ་ཕྱི་ལོ་མ་ཚུགས་པའི་གོང་དུ་མེད་པར་འདོད། ཕྱི་ལོ་ ༡༧༨ ཡས་མས་ཤིག་ནས་ཐེག་ཆེན་ཞེས་པའི་ཐ་སྙད་དེ་བྱུང་བ་དང་། ཐེག་དམན་ཞེས་པའི་ཐ་སྙད་དེ་དེ་བས་ཀྱང་ཕྱིས་སུ་མ་གཏོགས་བྱུང་མེད་པར་བཤད། ཕལ་ཆེར་ཕྱི་ལོ་ ༡༩༠ ཡས་མས་ཤིག་ཡིན་རྒྱུ་རེད། གང་ལྟར་ཐེག་པ་ཆུང་ངུའི་ལམ་ནི་ཐུན་མོང་བའི་ལམ་སྔོན་འགྲོ་ལྟ་བུ་དང་། ཐེག་དམན་ཐུན་མོང་བའི་ལམ་ལ་བརྟེན་ནས་ཚེ་འདིའི་སྣང་ཤས་ལོག་པ་དང་། ཕྱི་མའི་སྣང་ཤས་ལོག་ 428 པའི་ཐོག་ནས་ངེས་འབྱུང་གི་བསམ་པ་སྐྱེ་བ་དང་། ཐེག་པ་ཆེན་པོའི་ལམ་གྱིས་བྱམས་པ་དང་སྙིང་རྗེ་རྩལ་དུ་བཏོན་ནས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་སྐོར་གསུང་གི་ཡོད་པ་ྋགོང་ས་མཆོག་ནས་ཞིབ་ཏུ་བཀའ་གནང་བ་ལྟར་རེད། དྲི་བ། ཐེག་དམན་པའི་བསྟན་པ་བོད་དུ་དར་སྤེལ་ཤུགས་ཆེན་པོ་མ་བྱུང་བའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་པ་ཞིག་ཡིན་ནམ། དྲིས་ལན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སྟོན་རྩེན་གཉིས་ཀྱི་རྩོད་པ་བྱུང་སྟེ། སྟོན་མིན་པ་རྣམས་ལ་བསམ་ཡུལ་ལས་འདས་པའི་ཕམ་ཉེས་ཆེན་པོ་བྱུང་བའི་རྗེས། བཙན་པོ་མཆོག་གིས་ད་ཕྱིན་ཆད་བོད་དུ་ལྟ་བ་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་དང་། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་དགོས་པ་སོགས་བཀས་བཅད་པ་དང་། བཀས་བཅད་དེའི་རྗེས་སུ་གཞུང་དང་མི་སྒེར་གྱིས་གདན་འདྲེན་ཞུས་པའི་རྒྱ་གར་གྱི་སློབ་དཔོན་དང་ལོ་ཙྭ་བ་ཕལ་མོ་ཆེ་ཞིག་ཐེག་པ་ཆེན་པོའི་རྗེས་འབྲང་བ་ཤ་སྟག་དང་། ནང་ཆོས་ཀྱི་འགྱུར་རྩོམ་ཕལ་མོ་ཆེ་ཐེག་ཆེན་གྱི་མདོ་དང་དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་རྐྱང་རྐྱང་ཡིན་པ་དང་། མ་ཟད་སྐབས་དེ་དང་དེའི་ཕྱིས་སུ་བྱུང་བའི་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་རྐང་འཛིན་པ་དག་དང་ཁོང་ཅག་གི་རྩ་བ་དང་བརྒྱུད་པའི་བླ་མ་ཕལ་མོ་ཆེ་ཐེག་པ་ཆེན་པོའི་རྗེས་འབྲང་བ་རྐྱང་རྐྱང་ཡིན་སྟབས། ཐེག་དམན་གྱི་གྲུབ་མཐའ་རྐྱང་པ་འཛིན་པའི་དགོན་སྡེའི་ལམ་ལུགས་དང་དགེ་འདུན་པའི་སྡེ་སོགས་བོད་དུ་མ་བྱོན་པ་མིན་ནམ་སྙམ། གོང་དུ་བཤད་མ་ཐག་པ་ལྟར་ཐེག་དམན་པའི་གྲུབ་མཐའ་རང་སྐྱ་ཐུབ་པ་སྟོན་པའི་གཞུང་དང་། དེ་གཅིག་པུ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགོན་སྡེའི་ལམ་ལུགས་བོད་དུ་ལོགས་སུ་མ་བྱུང་བ་མ་གཏོགས། ཐེག་དམན་པའི་གྲུབ་མཐའི་འདོད་ཚུལ་ཕལ་མོ་ཆེ་ཞིག་མཛོད་རང་འགྲེལ་དང་། མངོན་པ་ཀུན་བཏུས་རྩ་འགྲེལ། ཚད་མའི་བསྟན་ 429 བཅོས་སྡེ་བདུན་མདོ་དང་བཅས་པ་རྣམས་ལས་མང་དུ་འབྱུང་བཞིན་ཡོད་པ་མ་ཟད། ཞི་འཚོ་ཡབ་སྲས་ཀྱི་གཞུང་དག་ཏུའང་ཐོར་བུའི་རིགས་མང་དུ་འབྱུང་བཞིན་ཡོད་པ་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཞིབ་ཏུ་བཀའ་གནང་འདུག། དྲི་བ། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ལ་བོད་ཀྱི་མཁས་པ་ཚོས་ཐོས་བསམ་དང་ཉམས་ལེན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་འདྲ། དྲིས་ལན། ཇོ་བོ་རྗེས། ཆོས་ནི་ཤེས་པ་ཙམ་གྱིས་འཚང་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས། སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིང་རྟག་ཏུ་དགེ་བ་འཕེལ་སར་སྡོད། ཅེས་སོགས་གསུངས་པ་ནང་བཞིན་ནང་པ་སངས་རྒྱས་པའི་ཆོས་ཞེས་པ་དེ་རྒྱལ་རབས་དང་ལོ་རྒྱུས་ནང་བཞིན་སེམས་ལ་ངེས་པ་ཙམ་གྱིས་མི་ཆོག་པ་ཞིག་ཡིན། གང་ཡིན་ཟེར་ན་ནང་པ་སངས་རྒྱས་པའི་ཆོས་དེ་སེམས་ཀྱི་ཆོས་ཤིག་ཡིན་དུས་དེ་སེམས་སྟེང་ནས་བྱེད་དགོས་པ་ཞིག་རེད། སེམས་གཏིང་དུ་དད་པ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཐོག་ནས་ཆོས་བྱེད་པ་ཡིན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། སྔོན་ལྕང་སྐྱ་རོལ་བའི་རྡོ་རྗེ་དམ་བཅར་བཞུགས་པའི་སྐབས་ཤིག་ལ། རིགས་ལུང་པ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུའི་པ་སྤུའི་བུ་ག་རེ་རེས་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པར་ཐལ། ཞེས་རྟགས་བསལ་བཏང་བའི་སྐབས་ལ། ཁོང་གིས་སེམས་གཏིང་ནས་དེ་ལྟར་འདོད་པས་ལན་བརྒྱབས་པར་བརྟེན་ནས། མཐོང་ཆོས་མྱོང་གྱུར་གྱི་ལས་དུས་སུ་སྨིན་ཏེ་ཁོང་གིས་ངའི་མཛུབ་མོས་གཟིགས་མཐོང་གི་ཡོད་ཅེས་ཁོང་གི་སློབ་མ་ཞིག་བཀའ་གནང་འདུག ཁོང་དགུང་ལོ་བགྲེས་པའི་སྐབས་ལ་སྤྱན་གྱིས་གཟིགས་ཐུབ་ཀྱི་མེད་སྟབས། མཛུབ་མོས་ཡིག་འཕྲེང་དེད་དེ་དཔེ་ཀློག་གནང་གི་ཡོད་ས་རེད། བོད་རང་གི་སྔོན་གྱི་མཁས་པ་དང་སྐྱེས་ཆེན་དམ་པ་ཚོས་ཐོག་མར་ནང་པའི་བསྟན་པ་སྤྱི་བྱེ་དུ་མར་ཐོས་བསམ་དཔྱིས་ཕྱིན་པ་བྱས་རྗེས། དབེན་པའི་ནགས་ཁྲོད་སོགས་བསྟེན་ནས་རྩེ་གཅིག་ཏ་སྒྲུབ་པ་ཉམས་ལེན་ཤགས་ཆེན་པོ་བྱེད་ཀྱི་ཡོད། 430 དེ་འདྲ་ཡིན་སྟབས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་ལུས་ལྟ་བུའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་གཞུང་དེར་ཡང་བོད་ཀྱི་མཁས་པ་ཚོས་གཞུང་འགྲེལ་བརྒྱ་ཕྲག་ལྷག་བྱས་ཡོད་པ་མ་ཟད། རྫ་དཔལ་སྤྲུལ་སོགས་ཀྱིས་མཚོན་བོད་རང་གི་སྐྱེས་ཆེན་དམ་པ་ཁྲི་ཕྲག་དུ་མས་ཐོས་བསམ་དང་ཉམས་ལེན་ཤུགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད། དེ་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་དབུས་བོད་ཕྱི་རབས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དག་གིས་ཉིན་ལྟར་ཆག་མེད་དུ་སྤྱོད་འཇུག་ཆེན་པོ་ཆ་ཚང་བ་རེ་ཞལ་འདོན་གནང་བཞིན་ཡོད་པ་མ་ཟད། བོད་སྔ་རབས་པའི་མཁས་པ་ཕལ་མོ་ཆེས་ཀྱང་སྤྱོད་འཇུག་ཆེན་མོའི་གཞུང་ཡོངས་རྫོགས་སམ། མ་མཐའ་ཡང་བག་ཡོད་ཡན་གྱི་ལེའུ་བཞི་དང་། བསྔོ་བའི་ལེའུ་བཅས་ལེའུ་ལྔ་ཉིན་ལྟར་ཆག་མེད་དུ་ཞལ་འདོན་གནང་བཞིན་ཡོད་འདུག། དྲི་བ། སྤྱོད་འཇུག་ཆེན་མོའི་རྒྱ་འགྲེལ་བོད་དུ་ཅི་ཙམ་ཞིག་འགྱུར་ཡོད་དམ། དྲིས་ལན། ད་ལྟའི་ཆར་དངོས་སུ་མཇལ་དུ་ཡོད་པ་གཞིར་བཟུང་བྱས་ནས་བཤད་ན། ཤེར་འབྱུང་བློ་གྲོས་ཀྱི་སྤྱོད་འཇུག་འགྲེལ་ཆེན་དང་། བཻ་རོ་ཙ་ན་རཀྵི་ཏ་དང་། དགེ་བ་ལྷ། བི་བྷུ་ཏི་ཙནྡྲས་མཛད་པའི་འགྲེལ་པ། ནག་པོ་པའི་འགྲེལ་པ། ལེའུ་དགུའི་དཀའ་འགྲེལ་མཛད་བྱང་མེད་པ། གསེར་གླིང་པས་མཛད་པའི་འགྲེལ་པ། ཇོ་བོ་རྗེས་མཛད་པའི་འགྲེལ་པ་བཅས་འགྲེལ་པ་མི་འདྲ་བ་བརྒྱད་ཙམ་དང་། དེའི་ཐོག་ཤེར་ལེའུའི་འགྲེལ་པ་རྐྱང་པ་རྔོག་ལོས་བསྒྱུར་པ་རྣམས་ཡོད། ༢༽ སྤྱོད་འཇུག་ཆེན་མོར་སློབ་གཉེར་ཚད་ལྡན་ཞིག་བྱས་ཐུབ་ཡོད་མེད་ཀྱི་ཚོད་ལྟའི་དྲི་བ། གཤམ་གྱི་དྲི་བ་ཁག་ལ་རང་སྐྱ་ཐུབ་པའི་ཐོག་ནས་ལན་འདེབས་ཤིག་བྱེད་མ་ཐུབ་ཚེ། ཁྱེད་ཀྱིས་སྤྱོད་འཇུག་ཆེན་མོར་སློབ་སྦྱོང་བྱས་པའི་ཆེས་གཞི་རིམ་གྱི་དགོས་དམིགས་ཙམ་ཡང་མ་འགྲུབ་པ་ཞིག་ཡིན། དེའི་སྟབས་ཀྱིས་དྲི་བ་དེ་ཚོར་ལན་འདེབས་སྲ་ཐག་ཐག་ཅིག་བྱེད་མ་ཐུབ་ཀྱི་བར་དུ་ཡང་ནས་བསྐྱར་དུ་སྔར་ལས་ཀྱང་ཧུར་བརྩོན་ཆེན་པོས་གཞུང་འདིར་ཐོས་བསམ་སློབ་གཉེར་བྱེད་དགོས་ངེས་ཡིན། དྲི་བ། གཞུང་འདིའི་བརྗོད་བྱའི་གཙོ་བོ་དག་གང་དང་གང་ཡིན། དྲི་བ། ལེའུ་འོག་མ་འོག་མའི་ཡོན་ཏན་རྣམས་ལེའུ་གོང་མ་གོང་མའི་ཡོན་ཏན་སྐྱེད་བྱེད་ཀྱི་གཞི་རྟེན་དུ་འགྲོ་ཚུལ་ཅི། དྲི་བ། གཞུང་འདིས་ཐེག་ཆེན་རིགས་ཅན་གྱི་གང་ཟག་ཅིག་སངས་རྒྱ་བའི་ལམ་གྱི་ཡན་ལག་རྣམས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཞིབ་ཕྲས་གཏན་ལ་འབེབས་སྟངས་ཅི། དྲི་བ། དེ་ལྟར་གཏན་པ་ཕབ་པའི་ལམ་གྱི་ཡན་ལག་དག་ས་དང་ལམ་གྱི་ཡོན་ཏན་དང་སྦྱོར་ཚུལ་ཅི། དྲི་བ། སྦྱིན་སོགས་ཡན་ལག་འདི་དག་ཐམས་ཅད་ཐུབ་པས་ཤེས་རབ་ཀྱི་དོན་དུ་གསུངས་པའི་དགོས་པ་དང་། ཡན་ལག་དེ་དག་ཤེས་རབ་ཀྱི་དོན་དུ་འགྲོ་ཚུལ་ཅི། དྲི་བ། སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་གཅིག་ཕན་གཅིག་གྲོགས་སུ་འཁྱེར་སྟངས་ཇི་ལྟར་ཡིན། དེ་ལྟར་འཁྱེར་དགོས་པའི་དགོས་དམིགས་གཙོ་བོ་གང་ཡིན། དྲི་བ། གཞུང་འདིར་ཐོས་བསམ་སློབ་གཉེར་བྱས་པས་ཁྱེད་ཀྱི་སེམས་ནང་བཞག་པའི་བག་ཆགས་བཟང་ཤོས་དེ་གང་ཡིན་ནམ། 432 ༣༽ སྤྱོད་འཇུག་ཆེན་མོའི་བརྡ་བཀྲོལ། ཀེང་རུས། ཤ་པགས་བཀོག་པའི་མི་ཕྱུགས་ཀྱི་རུས་སྒྲོམ་ཆ་ཚང་བ། ཀླན་ཀ རྩོད་པ། བསྐལ་པ། ཧ་ཅང་རིང་བའི་ཡུལ་དང་དུས་ཀྱིས་བར་ཐག་ཆོད་པ། སྐད་ཅིག སྤྱིར་སྐད་ཅིག་མ་ལ་དུས་མཐའི་སྐད་ཅིག་མ་དང་། བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་ཡོད་པ་ལས། འདི་དུས་མཐའི་སྐད་ཅིག་མའི་དབང་དུ་བྱས་པ་ཡིན། དུས་ཆུང་ཞིང་ཐུང་བའི་མཐར་ཐུག་པ་དེ། དུས་མཐའི་སྐད་ཅིག་མའི་མཚན་ཉིད་ཡིན། དེ་ཡང་དུས་ཀྱི་མཐའ་ཤིན་ཏུ་ཕྲ་བས་ཆ་སོ་སོར་དབྱེར་མེད་པ། སྐྱོར་འབྱིན། གཡོ་སྒྱུ། ཁ་ཏ། གཅེས་པར་འཛིན་པ། ཁ་ན་མ་ཐོ་བ། རང་གི་ཉེས་པ་ཁོག་ཏུ་སྦས་ནས་ཁ་ནས་མི་ཐོན་པ། འཁོར་ལོས་བསྒྱུར་བ། འཁོར་ལོས་སྐྱེ་བོའི་ཚོགས་རྣམས་དབང་དུ་བསྒྱུར་བ། འཁོར་བ། ལས་ཉོན་གྱི་དབང་གིས་ཁམས་གསུམ་དང་འགྲོ་བ་རིགས་དྲུག་ཏུ་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་བླངས་ཏེ་འཁོར་བ། མཁའ། དངོས་པོ་ཐམས་ཅད་གནས་པའམ་འགུལ་བའི་གོ་འབྱེད་པའི་བར་སྣང་། ཁྱུད་འཁོར་ལོ། ལོ་སྐོར་རམ་ལོ་རེ་བཞིན། གླགས། འོས་ཤིང་འཚམ་པའི་དུས་སྐབས། ག་ཤེད། ཡུལ་ངེས་མེད། ག་ཞ།། བཞད་གད་ཀྱི་སྒྲ། 433 ག་ཆད། ཐང་ཆད་ཆད་བར། གུད་དུ། ལོགས་སུ། གོད། འབྲི་བའམ་ཟད་པར་འགྱུར་བ། འདི་ལ་འགོད་བྲིས་པའང་སྣང་། ཡང་ཡིག་ཆ་འགར། གོད་དང་འགོད་གཉིས་ཀྱི་གོ་དོན་ལོགས་སུ་བཤད་འདུག དེ་ཡང་གོད་ཅེས་པའི་གོ་དོན་གོང་གསལ་ལྟར་དང་། འགོད་ཅེས་པ་ནི་ཉིན་དང་མཚན་གྱི་ཚེ་སོ་སོར་འགོད་པའི་དོན་དུ་བཀྲལ་འདུག། འགྲོན་པོ། ཚོང་པ། འགྲོ་བའི་དེད་དཔོན། སྐབས་འདིར་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་གོ་དགོས། དགེ་བ་གཞན། སྐབས་འདིར་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་འཇིག་རྟེན་ལས་འདས་མ་འདས་ཀྱི་དགེ་བར་གོ་དགོས། དེ་ཡང་དཔེར་ན། རང་ཉིད་མངོན་མཐོ་ཙམ་འཐོབ་བྱེད་དུ་བསགས་པའི་དགེ་རྩ་དང་། རང་ཉིད་དམན་པའི་མྱང་འདས་ཙམ་འཐོབ་བྱེད་དུ་བསགས་པའི་དགེ་རྩ་ལྟ་བུ་ཡིན། ཐུབ་བསྟན་ཆོས་གྲགས་ཀྱིས། མངོན་མཐོ་འཐོབ་བྱེད་ཀྱི་དགེ་རྩ་རྣམས་ཀྱིས་རང་འབྲས་ལྷ་མི་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་བསྐྱེད་དེ་རྣམ་སྨིན་ཕྱུངས་ནས་འཛད་ལ། དམན་པའི་མྱང་འདས་འཐོབ་བྱེད་ཀྱི་དགེ་རྩ་རྣམས་ཀྱིས་རང་གི་འབྲས་བུ་ཉན་རང་གི་བྱང་ཆུབ་ལྟ་བུ་སོ་སོར་བསྐྱེད་ནས་མཐར་ལྷག་མ་མེད་པར་ཟད་པར་གྱུར་ནས་སླར་འབྲས་བུ་སྐྱེད་པའི་ནུས་པ་རྒྱུན་ཆད་པར་འགྱུར་བ་ཉིད་ཡིན་ལ་ཞེས་སོགས་གསུངས་པ་ལྟ་བུ་རེད། གྱི་ན། དམན་པ་དང་དོན་མེད། གྱི་ནར། ཅི་བདེ། གླིང་དོན་གཉེར་ལ། ཚིག་འདི་སྤྱོད་འཇུག་གི་ལེའུ་གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་སྐབས་ནས་ཡིན། ཚིག་འདི་རྒྱ་དཔེ་དང་འགྲེལ་པར་མེད་ལ། མར་མེའི་སྐད་ 434 དོད་དཱི་བ་ཞེས་པ་གླིང་གི་སྐད་དོད་དྷཱིཿ་བ་ཞེས་པར་བཀླགས་ནས་འགའ་ཞིག་གིས་བཅུག་པའང་སྲིད་ཅེས་ས་བཟང་གིས་གསུངས་པ་ཞིག་སྤྱོད་འཇུག་ཡོན་ཏན་བུམ་བཟང་དུ་དྲངས་འདུག ཡང་དེར་མར་མེ་འདོད་པ་ཞེས་པ་དཔེ་ཁ་ཅིག་ལ་མེད་པར་གསུངས་པས་སྐད་དོད་ཀྱི་དབང་གིས་དེ་གཉིས་གང་རུང་གཅིག་ལས་མེད་པར་ངེས་ཏེ། ཚིག་རྐང་གི་གྲངས་ཀྱིས་ཀྱང་ཤེས་པས་སོ་ཞེས་ཐུབ་བསྟན་ཆོས་གྲགས་ཀྱིས་གོང་གསལ་གྱི་གཞུང་དུ་བཤད། རྒོད་པ། ཡུལ་ཡིད་དུ་འོང་བ་ལ་སྲེད་པའི་རྣམ་པས་ཕྱིར་འཕྲོ་བའི་སེམས་བྱུང་། སྒྱུ་མ། མིག་འཕྲུལ་བར་བྱེད་པའི་རྩེད་རིགས་ཤིག། སྒྲ་མི་སྙན། གླིང་བཞིའི་གྲས་རི་རབ་བྱང་ངོས་སུ་ཡོད་པའི་གླིང་ཕྲན་དང་། གླིང་ཕྲན་བརྒྱད་ཀྱི་གྲས་བྱང་གླིང་གི་གླིང་ཕྲན་ཤར་མར་གནས་པའི་མི་རྣམས། རྒྱལ་སྲས། ཐེག་ཆེན་ཚོགས་སྦྱོར་དང་ས་བཅུ་གང་རུང་ལ་གནས་པའི་བྱང་སེམས་འཕགས་པ། འགྱིང་བག ལུས་ཀྱི་རྣམ་འགྱུར་ཁྱད་པར་པ། བསྒྲིམས། དོག་ཟོན་བྱེད་པ། སྒྲེན་མོ། ཤིན་ཏུ་ནས་དབུལ་ཞིང་འཕོངས་པ། ངོ་ཚ། ངོ་གནོང་བ། སྔགས། སྔགས་ཞེས་པའི་རྒྱ་གར་གྱི་སྐད་ལ་མནྟྲ་ཡང་ཟེར་ཞིང་། མ་ནཱ་ནི་ཡིད་དང་། ཏྲ་ཡ་ནི་སྐྱོབ་པ་སྟེ། ཡིད་སྐྱོབ་པའི་དོན་ཡིན། དེ་ཡང་རང་གི་ཡིད་ཐ་མལ་རང་དགའ་བའི་སྣང་བ་དང་ཞེན་པ་ལས་སྐྱོབ་པར་བྱེད་ཐུབ་པའི་དོན་ནོ།། སྔས། མགོ་རྟེན་སའི་འབོལ། ཅིའི་ཕྱིར། རྒྱུ་མཚན་འདྲེན་པ། ཅོ་འདྲི། ཐབས་དང་ནུས་པས་གཞན་ལ་འགྲན་རྩོད་བྱེད་པ། གཅོམ་སྐྱུངས། འཇིགས་ནས་སྐད་ཆུང་ངུས་སྨྲ་བ། 455 ཆོ་ག ནུས་མཐུ་དང་བྱ་སྤྱོད། ཆོམ་པོ། གཞན་གྱི་དངོས་ནོར་འཕྲོག་བཅོམ་བྱེད་མཁན། འཇུག་སེམས། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་ལྟོས་དགོས་པའི་སེམས་བསྐྱེད། ཉམ་ཐག སྟོབས་ནུས་ཉམས་གསུམ་དམན་པ། ཉོན་མོངས། འདོད་པའི་ལོངས་སྤྱོད་སོགས་ལ་ཤིན་ཏུ་སྲེད་པའི་བསམ་པ། ཉན་ཐོས། ནང་པའི་ཐེག་པ་ཆུང་ངུའི་གྲུབ་མཐའ་ལ་ཞུགས་པའི་ཆོས་པ། གཉའ་ཤིང་། ཞིང་རྨོ་བའི་སྐབས་སུ་གླང་གི་གཉའ་བར་སྒྲོག་རྒྱུའི་ཤིང་། གཉའ་དྲག རྩུབ་ཅིང་ཐོད་བརྒལ། གཉིད། སེམས་རགས་པའི་འཇུག་པ་དབང་མེད་དུ་ནང་དུ་སྡུད་པར་བྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང་། བསྙེན་བཀུར། སེམས་ཐག་ཉེ་བོའི་ཐོག་ནས་སྐྱབས་ཡུལ་ལ་མཆོད་པ་བྱས་པ། སྙོམ་ལས། ལུས་སེམས་དགེ་བ་ལ་མི་འཇུག་པ། བསྙོད་པ། གཅེས་ཉལ་བྱེད་པ། ཏིང་ངེ་འཛིན། ཡུལ་གཅིག་གི་སྟེང་དུ་སེམས་དམ་པོས་བརྟན་པོར་བཟུང་བ་ཞིག་ལ་གོ། དེ་ཡང་ཏིང་ངེ་འཛིན་སྒོམ་བཞིན་པའི་སྐབས་སུ་གང་མཚམས་ཤིག་ནས་ཕྱི་རོལ་གྱི་ཡུལ་ལ་གཡེངས་པའི་རྣམ་རྟོག་ཆ་ཚང་འགག་འགྲོ་གི་ཡོད། ཕྱི་རོལ་གྱི་ཡུལ་ལ་གཡེངས་པའི་རྣམ་རྟོག་ཆ་ཚང་འགགས་ནས་གཙང་མར་ཆགས་རྗེས། ང་ཚོ་གནས་སའི་འདོད་ཁམས་ཀྱི་སེམས་དེ་ལས་བརྒལ་ནས་གཟུགས་ཁམས་ཀྱི་སེམས་ཀྱི་ཡོན་ཏན་ཐོབ་པ་དང་། དེ་ལས་ཀྱང་ཡར་བརྒལ་ན་གཟུགས་མེད་ཁམས་ཀྱི་སེམས་ཀྱི་ཡོན་ཏན་ཐོབ་ཡོང་གི་ཡོད། གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན་ཆ་ཚང་སྒྲུབ་ཐབས་ཀྱི་ཆ་ནས་ 436 ཕྱི་པ་དང་ནང་པར་ཁྱད་པར་གང་ཡང་མེད། ཡིན་ན་ཡང་ཕྱི་རོལ་པའི་ཏིང་ངེ་འཛིན་དེ་ངེས་འབྱུང་གི་བསམ་པས་མ་ཟིན་པ་ཞིག་ཡིན་སྟབས། དེ་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་སྐྱེ་བ་ལེན་པའི་རྒྱུར་འགྲོ་བ་དང་། ནང་པའི་ཏིང་ངེ་འཛིན་དེ་ངེས་འབྱུང་གི་བསམ་པས་ཟིན་པ་ཞིག་ཡིན་སྟབས། དེས་ཤེས་རབ་ཀྱི་རྟེན་བྱས་ནས་ཉོན་མོངས་སྤོང་བྱེད་ཀྱི་རྒྱུ་བྱེད་ཀྱི་ཡོད། དེ་ཙམ་གྱིས་ཕྱི་པ་དང་ནང་པའི་ཏིང་ངེ་འཛིན་གྱི་ཁྱད་པར་འབྱེད་དགོས་པ་ཞིག་ཡིན་ཞེས་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་གནང་འདུག། གཏི་མུག གཉིད་ཀྱི་མིང་གཞན་དང་། རིག་པ་མི་གསལ་བ། གཏོལ་མེད། ཆ་མེད་དང་། རྒྱུས་མེད། ཐབས་མེད་པ། བཏང་སྙོམས། རང་སེམས་བྱིང་རྒོད་གཉིས་ཀྱིས་མི་མཉམ་པ་མེད་པར་བྱེད་པའི་སེམས་བྱུང་། བརྟུལ་ཞུགས། ལུས་ངག་གི་ཆ་ལུགས་ངེས་མེད་རྣམས་བསྡུས་ནས་གཅིག་ཏུ་ངེས་པའི་ཆ་བྱད་འཆང་བ། རྟོག་ཆེན་པ། ལྐོག་ཏུ་ལྟ་རྟོག་བྱེད་མཁན་གྱི་སོ་བ། སྟེས་དབང་། སྟབས་ལེགས་པ། སྟོང་གསུམ། གླིང་བཞི་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་དུ་བསྒྲེས་པ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ནི་སྟོང་གསུམ་པ་སྟོང་ཆེན་པོའི་འཇིག་རྟེན་ནོ།། བསྟར་བ། གྲལ་བསྒྲིགས་པ་སོགས། ལྟུང་བ། ཆོས་ཀྱི་རྩ་བའི་བཅས་ཁྲིམས་དང་འགལ་བའི་ཉེས་བྱས། ཐེག་ཆེན། རང་ཉིད་གཅིག་པུ་འཁོར་བའི་གནས་ལས་ཐར་པར་འདོད་པའི་ཞི་བ་ཕྱོགས་གཅིག་པ་དོན་གཉེར་གྱི་བསམ་པ་སྤངས་ཏེ། སེམས་ཅན་འབུ་སྲིན་ཚུན་ཆད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་ཁུར་ཆེན་པོ་རང་མོས་ཀྱིས་འཁྱེར་བ། 437 ཐུབ་དབང་། འཁོར་བར་སྐྱེད་བྱེད་ཀྱི་རྒྱུ་བཅོམ་པ་དང་། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ། དབུ་མ་དགོངས་པ་རབ་གསལ་ལས། ཐུབ་པའི་སྒྲ་ནི་ཉན་རང་དགྲ་བཅོམ་ལ་འཇུག་མོད་ཀྱང་། ཐུབ་པའི་དབང་པོ་མིན་པས། སངས་རྒྱས་ཉིད་ལ་ཐུབ་པའི་དབང་པོ་ཞེས་བྱ་སྟེ། ཉན་རང་དང་བྱང་སེམས་རྣམས་ལས་ཀྱང་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་དམ་པ་བརྙེས་པ་དང་། གང་ཟག་གསུམ་པོ་དེ་སངས་རྒྱས་ཀྱི་བཀས་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་བའི་རོ། ཞེས་གསུངས་པ་ལྟར། ཐུབ་པའི་དབང་པོ་ཞེས་པ་ནི་སངས་རྒྱས་ཁོ་ནའི་མཚན་གྱི་རྣམ་གྲངས་ཤིག་ཡིན། ཐོ་ཡོར། མིའི་འདྲ་གཟུགས་དང་མཚུངས་པར་བཟོས་པའི་དབྱིབས། ཐ་ཚིག མནའ་ཚིག་དང་། དམ་ཚིག་སྟེ་དམ་བཅས་པའི་ཚིག གཡེལ་བ་མེད་པ། ལྷོད་གཡེང་མེད་པ། དྲན་པ། འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན། དུས་མཐའི་མེ། བསྐལ་པ་འཇིག་པའི་དུས་ཀྱི་མཐའི་སྐབས་སུ་ཉི་མ་བདུན་ཤར་པའི་མེ། དུར་ཁྲོད། མི་ཤི་བའི་བེམ་པོ་འཇོག་སའི་གནས། གདོལ་བ། རྒྱ་གར་གྱི་རིགས་བཞིའི་ཐ་མ་དམངས་རིགས་ལས་ཀྱང་དམན་པའི་མི། བདེ་གཤེགས། ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཟིན་པ། བདེ་བླག དཀའ་ཚེགས་མེད་པ། མདག་མེ། ཐལ་ཚན་ནམ་དམར་ལམ་དུ་འབར་པའི་མེ་ཐལ། དེས་ཀོ། དེ་ཡིས་ནི། དྲང་སྲོང་། ལུས་ངག་ཡིད་གསུམ་ལ་གཡོ་སྒྱུ་མེད་པར་དྲང་བོའི་ཕྱོགས་སུ་སྲོང་བ། འདོད་ཆགས། ཡུལ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ནས་དེ་ལ་སེམས་ཆགས་ཤིང་འབྲལ་དཀའ་བའི་རྣམ་པ་ཅན་གྱི་སེམས་བྱུང་། 438 སྡུག་བསྔལ། ལུས་སེམས་ཀྱི་མི་བདེ་བའི་ཚོར་སྣང་དང་། ཡིད་དུ་མི་འོང་བའི་བྱ་ལས་སྣ་ཚོགས། ལྡོངས་པ། ལོང་བ། སྡེབ་སྦྱོར། རྒྱ་གར་གྱི་སྐད་ལྕི་ཡང་གི་སྒྲ་སྡེབ་པའི་ཚིག་རྩོམ་སྟངས་ཤིག། བསྡོགས་པ། སྟ་གོན་ནམ་གྲབས་གཤོམ་བྱེད་པ། སྡིག་པ། ཚུལ་དང་མི་མཐུན་པའི་བྱ་སྤྱོད་ངན་པའི་རིགས། སྡར་མ། སྙིང་སྟོབས་ཆུང་བ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན། ས་དང་པོའི་གནས་སྐབས་ཐོབ་པའི་སྦྱིན་པ་ལ་དབང་འབྱོར་བའི་ཏིང་ངེ་འཛིན། མནོག་ཆུང་། ཁེ་ཕན། རྣལ་འབྱོར། ཡང་དག་པའི་ལམ་དབང་དུ་གྱུར་པ། དཔྱིས་འབྱིན་པ། རྩ་བ་ནས་འབྱིན་པ། དཔའ་བརྟན། སེམས་ཀྱི་སྤོབས་པ་སོགས་ཞིམ་མེད་བརྟན་པོར་གནས་པ། སྤྲུལ་པ། དེ་དང་དེའི་རྣམ་པར་བརྫུས་པའམ་བཞེངས་པ། སྤྱི་བརྟོལ། སྙིང་ཁམས་ཆེ་བ། སྤྱི་སྟེགས། བཟང་ངན་དང་མཐོ་དམན་ཀུན་གྱི་ཐུན་མོང་བའི་སྟེགས་སམ་ཟམ་པ། དཔེ། མཚོན་དོན་གྱི་མིང་། ཕྲག་དོག། གཞན་གྱི་འཕེལ་རྒྱས་སོགས་ལ་མི་དགའ་བའི་བསམ་པ་ངན་པ། ཕྲན་ཚེགས། ཆུང་ངུའམ་ཉུང་ངུ་། ཕྱར་ཀ། འཕྱ་བ། བྱིང་བ། ཡུལ་དགེ་བའི་དམིགས་པ་ལ་སེམས་ཀྱི་གསལ་ངར་ཞུམ་པའི་སེམས་བྱུང་ནང་གི་གཡེང་བ། 439 བྱང་ཆུབ། སྐྱོན་ཐམས་ཅད་བྱང་ནས་དག་པ་དང་། ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པ། བག་མེད། ངོ་གནོང་མི་ཤེས་པ། བབ་ཅོལ། བྱ་བ་གང་ཞིག་སྐྱོན་ཡོན་ཡེ་མ་བརྟགས་ཤིང་མ་དཔྱད་པ། བུད་མེད། གཉེན་བསྒྲིགས་བྱས་ཟིན་པའི་སྐྱེས་མའི་མིང་། ཡིག་ཆར་འགར་ཤེས་འཇོན་ནུས་གསུམ་གང་གི་ཆ་ནས་ཀྱང་རང་རང་གི་ཁྱོ་གའི་གོང་དུ་བུད་མྱོང་མེད་པའི་རྒྱུ་མཚན་གྱིས་བུད་མེད་ཅེས་བཏགས་པར་བཤད། བོག། བརྒྱལ་པའམ་མྱོས་པ། བག་ཆགས། ནུས་པའམ་རང་གཤིས། འབྱེར་བ། འགྲོ་བའམ་འབྲོས་པ། བླ་བྲེ། ཁྲིའི་གནམ་རྒྱན་དུ་བརྒྱངས་པའི་ཡོལ་བ། བླ་ན་མེད་པ། གོང་ན་གཞན་མེད་པ། བྲེད་ཤ་ཐོན་པ། ཧ་ཅང་སྐྲག་པའི་རྣམ་འགྱུར། བག་ཡངས། དོགས་ཟོན་མེད་པ། བག་མ། གསར་དུ་གཉེན་སྒྲིག་བྱས་པའི་བུད་མེད། བྱིན་རླབས། སངས་རྒྱས་ཀྱི་གཟི་བྱིན་གྱིས་ལུས་སེམས་ཀྱི་མ་རུང་བའི་རིགས་བཟང་ཕྱོགས་སུ་བསྒྱུར་བ། སྦྲེལ་བ། ཕན་ཚུན་མཐུད་སྦྱོར་བྱེད་པ། བག་ཡོད། ཀུན་བཏུས་ལས། བག་ཡོད་པ་ནི་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ། བརྩོན་འགྲུས་དང་བཅས་པ་ལ་གནས་ནས་གང་དགེ་བའི་ཆོས་རྣམས་སྒོམ་པ་དང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་ 440 བྱེད་པ་དང་ཡོངས་སུ་སྒྲུབ་པར་བྱེད་པའི་ལས་ཅན་ནོ། ཞེས་གསུངས་པ་ལྟར། ཉོན་མོངས་པའི་དབང་དུ་མ་སོང་བར་བརྩོན་འགྲུས་ལ་གནས་ནས་དགེ་བ་སྒྲུབ་ཅིང་ཟག་པ་རྣམས་ལས་སེམས་སྲུང་བའི་བློ། བྱད་མ། མཐུ་གཏད་བྱེད་མཁན། བབ་ཅོལ། བརྟག་དཔྱད་སོགས་མ་བྱས་པར་བཤད་པའི་གཏམ། བྲེ་མོའི་གཏམ། འཁྱལ་གཏམ། བག་ཅན། ཤེས་བཞིན་དང་ལྡན་པ། བྱིས་པ། སོ་སོ་སྐྱེ་བོ། མ་དྲངས་གྲོལ་བ། མ་དྲངས་ནི་དྲན་ཤེས་མེད་པའི་སྐྱེ་བོ་རྒོད་བག་ཅན་དང་གྲོལ་ནི་སེམས་རྣམ་པར་གཡེངས་ནས་སྤྱོད་ལམ་ལེགས་པར་མ་བསྡམས་པ། འདི་རྒྱ་གར་ལ་སྐད་དོད་གཅིག་ཡིན་ཡང་བོད་སྐད་དུ་གཉིས་སུ་བསྒྱུར་ཚུལ་ཐུབ་བསྟན་ཆོས་གྲགས་ཀྱིས་བཤད། མོ་ཚོགས། བུད་མེད། སྤྱོད་འཇུག་གི་འགྲེལ་པ་འགར་མོ་ཚོགས་ལ་མེ་ཚོགས་ཞེས་བྲིས་ཡོད་ཀྱང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་༸གོང་ས་མཆོག་ལ་ལེགས་སྦྱར་ནང་མོ་ཚོགས་ལས་མེ་ཚོགས་ཞེས་པ་ཞིག་མི་གསལ་སྟབས། མེ་ཚོགས་ཞེས་བྲིས་པ་དེ་མ་དག་པ་ཡིན་ཞེས་གསུངས་འདུག། མྱ་ངན། སྐྱོ་སེམས་དང་འདྲེས་པའི་སྡུག་བསྔལ། མུ་སྟེགས། མུ་ཞེས་པ་མཐའ་དང་། སྟེགས་ཞེས་པ་སྡོད་སྟེགས། དོན་ལྟ་བ་ངན་པའི་མུ་ལ་སྡོད་སའི་སྟེགས་བྱེད་པ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། མུ་སྟེགས་པ་ཟེར་བ་ནི། སངས་རྒྱས་ཆོས་ལུགས་པས་དམའ་འབེབས་ཀྱི་ཐོག་ནས་བཏགས་པའི་མིང་ཞིག་ཡིན། དེའི་གོ་དོན་ཆ་ཚང་བ་ནི་ལྟ་བ་ངན་པའི་མུ་ལ་སྟེགས་སུ་བྱས་ནས་ལྟ་བ་ངན་པ་དེ་ཐར་པའི་ལམ་ལ་འཁྲུལ་པས་མུ་སྟེགས་པ་བརྗོད་ཅེས་བཀའ་གནང་འདུག། 441 མུ་ཅོར། རིགས་པ་དང་མི་ལྡན་པའི་སྨྲ་བ་ངན་པ། རྨི་ལམ། གཉིད་འོག་ནས་ཤར་པའི་སྣང་བ་སྣ་ཚོགས། དམྱལ་བ། ན་ར་ཀ་ཞེས་སྡུག་བསྔལ་གྱིས་ཤིན་ཏུ་མནར་པ། མོ་གཤམ། ཕྲུ་གུ་སྐྱེ་བའི་ནུས་པ་མེད་པའི་སྲོག་ཆགས་མོའི་རིགས། སྨོན་སེམས། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་ལྟོས་མི་དགོས་པའི་སེམས་བསྐྱེད། མིག་སྨན། མིག་ཤིན་ཏུ་རྣོ་བར་བྱེད་པའི་རྫས་སྦྱོར། མ་ཧེ། ཚ་ཁུལ་དུ་གནས་པའི་སྒོ་ཕྱུགས། ཚོར་བ། གཙོ་བོ་ཕྱིའི་རྐྱེན་བཟང་ངན་འདྲ་མིན་གྱིས་ལུས་སེམས་ལ་བསྐྱེད་པའི་མྱོང་བ། ཚུལ་ཁྲིམས། དགེ་ཚུལ་སློང་གི་བསྲུང་བྱ་ཁྱད་པར་ཅན་གྱི་སྤྱི་མིང་། འཚེངས་པ། བསམ་དོན་འགྲུབ་པ། འཚེད། བཙོ་བ། མཛའ་བཤེས། སྙིང་ཉེ་བ། ཞེ་སྡང་། འཁོན་འཛིན་གྱི་སེམས་དང་བྱ་སྤྱོད། ཞལ་ཞལ། འདམ་སོགས་རྩིག་ངོས་སུ་བྱུགས་པ། གཞོན་ཤ།། གཞོན་ནུའི་ཤ་ཚུགས་ཅན། གཟུགས་བརྙན། ཡུལ་གྱི་དོན་སྤྱི་བློ་ངོར་ཤར་པ། ཟུག་རྔུ་། སྡུག་བསྔལ་གྱི་མྱོང་ཚོར། བཟེ་རེ་ཅན། བཟོད་བསྲན་ཤིན་ཏུ་ཆུང་བ། འུ་བུ། ངེད་ཅག་གམ་ང་ཚོ། ཡོངས་འཛིན། བླ་སྤལ་རྣམ་པའི་དགེ་རྒན་གྱི་མཚན་གནས་བཟུང་བའི་མཁས་པ། 442 གཡན་པ། འབྲུམ་བུ་ཆུང་ངུའི་ནད་ཅིག་གི་མིང་། ཡོན་ཏན། ཤེས་བྱ་རིག་པའི་གནས་ཅི་རིགས་ལ་བསླབས་ནས་ངེས་པའི་བློའམ་ནུས་པ། ཡུ་བུ། ངེད་ཅག། རབ་འབྱམས། གྲངས་གནས་ཤིན་ཏུ་མཐོ་བ་ཞིག། རལ་ཁ་ལྷགས་པ། གཡུལ་ངོར་མཚོན་ཆ་གཡུག་རེས་བྱེད་པ། རོ་ལངས། མི་ཤི་བའི་བེམ་རོ་སླར་ལངས་པ། ལག་པ་མཉམ་པ། ལག་པ་མཉམ་པ་ཞེས་པ་ནི་དཔུང་པ་མཉམ་པ་ལ་གོ་དགོས་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་༸གོང་ས་མཆོག་ལ་བཀའ་གནང་བ་ཞིག ༸གོང་ས་མཆོག་གིས་སྤྱོད་འཇུག་གི་བཀའ་ཁྲིད་སྐབས་ཤིག་ལ་ཞོར་འཕྲོས་ཀྱི་ཚུལ་དུ་གསུངས་སོང་། ལན་ལྡོན། དྲིན་ལན་གསབ་པ། ལ་ལོན། ལན་ལྡོན་པ་དང་དོན་འདྲ། ལོག་འཚོ། རྫུན་དང་རྐུན་དངོས་ཀྱིས་འཚོ་བ། ཤ་ཚུགས། ཤ་རུས་གདོས་བཅས་ཀྱི་ལུས་ཀྱི་ཕུང་པོའི་བཟོ་ལྟ། ཤེས་བཞིན། ལུས་དང་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་ནས་ཡང་དག་པར་ཤེས་པ། བཤོལ། ཕྱིར་ཤུགས་བརྒྱབ་པ། བཤལ་བ། དྲུད་པ། སེམས་ཀྱི་གསང་། སྐབས་འདིར་སེམས་ཀྱི་སྟེང་གི་ཆོས་ཉིད་ལ་གོ་དགོས། བསོད་ནམས། དགེ་བ་བསགས་པའི་ལེགས་བྱས་དང་ནུས་པ། སངས་རྒྱས། ཉོན་ཤེས་གཉིས་སྤངས་པའི་སྒོ་ནས་ཤེས་བྱ་མ་ལུས་པ་མངོན་སུམ་དུ་མཁྱེན་པ། 443 སོ་སོ་སྐྱེ་བོ། འཕགས་ལམ་མ་ཐོབ་པའི་གང་ཟག། གསེག་མ། བྱེ་མའི་རྡུལ། གསེར་འགྱུར་རྩི། དངུལ་ཆུའི་རིགས་གསེར་འགྱུར་གྱི་རྩི། དེ་ཡང་སྡོང་པོ་བཀོད་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་དེས་ཟད་པར་བྱེད་པའམ་ལྕགས་སུ་བསྒྱུར་བར་བྱེད་མི་ནུས་སོ་ཞེས་སོགས་གསུངས་པ་ལྟ་བུའོ། ། གསོ་དཔྱད། སྨན་བཅོས་ཀྱི་སྒོ་ནས་ནད་འདྲ་མིན་གསོ་བའི་ཐབས། ས་རིས་འདྲི་བ། རྐང་ལག་དང་ཤིང་ཐུར་འདྲ་མིན་གྱིས་ས་ལ་རི་མོ་སྣ་ཚོགས་འདྲི་བ། བསམ་གཏན། སེམས་ཕྱི་ཡུལ་ལ་གཡེངས་པ་ཞི་ནས་རང་གི་དམིགས་རྟེན་སྟེང་རྩེ་གཅིག་ཏུ་གནས་པ། སེམས་དཔའ། བྱ་དཀའ་བའི་སྤྱོད་པ་གང་ལ་ཡང་སེམས་ཀྱི་དཔའ་མི་ཞུམ་པ། ལྷ། མི་ལས་ཀྱང་རིག་པ་དང་སྟོབས་ཆེ་བའི་སྲོག་ལྡན་ཞིག། ལྷུང་བཟེད། དགེ་སློང་རྣམས་ཀྱིས་བསོད་སྙོམས་སློང་བའི་སྣོད། མིང་གཞན་ལ་དྲང་སྲོང་གི་སྣོད་ཟེར། དེ་བཟོ་བྱེད་ཀྱི་རྒྱུ་ནི། ལྕགས་དང་འཇིམ་པ་གང་རུང་ཡིན། བཟོ་དབྱིབས་སྒོ་ང་ཕྱེད་དང་འདྲ། དེ་ལ་ཆེ་འབྲིང་ཆུང་གསུམ་ཡོད། དགེ་སློང་ཕའི་ལྷུང་བཟེད་ཆུང་ཚད་དེ་དགེ་སློང་མའི་ལྷུང་བཟེད་ཆེ་ཚད་ཀྱི་ཚད་ཡིན། 444 ཟུར་ལྟའི་ཡིག་ཆ་ཁག་ཅིག་གི་མཚན་བྱང་། ༡༽བསྟན་འགྱུར་ནང་གསལ་སྤྱོད་འཇུག་གི་རྩ་བ་དང་རྒྱ་འགྲེལ་སོགས་ཀྱི་སྐོར། ། ༢༽ཐུབ་བསྟན་བཤད་སྒྲུབ་ཀྱི་སྤྱོད་འཇུག་ཤེར་ལེའུའི་དཀའ་འོད། ༣༽བསོད་རྒྱལ་གྱི་སྤྱོད་འཇུག་གི་རྣམ་བཤད་དགོངས་པ་ངེས་གསལ། ༤༽མཁས་གྲུབ་ཀྱི་སྤྱོད་འཇུག་ལམ་བཟང་རབ་གསལ། ༥༽ངག་དབང་ཉི་མའི་སྤྱོད་འཇུག་གི་སྨོན་ལམ་ས་བཅད། ༦༽བར་ཞི་ཕུན་དབང་གི་སྤྱོད་འཇུག་གི་ལུང་ཁྲིད་ཐོབ་བརྒྱུད། ༧༽བར་ཞི་ཕུན་དབང་གི་སྤྱོད་འགྲེལ་བླ་མའི་ཞལ་ལུང་། ༨༽རྫ་དཔལ་སྤྲུལ་གྱི་སྤྱོད་འཇུག་གི་སྒོམ་རིམ། ༩༽མཁན་པོ་ཀུན་དཔལ་གྱི་སྤྱོད་འཇུག་གི་ཚིག་འགྲེལ་བླ་མའི་ཞལ་ལུང་། ༡༠༽སྤྱོད་འཇུག་གི་ས་བཅད་དོན་གསལ་མེ་ལོང་། ༡༡༽ཨ་ཅརྱ་ངག་དབང་བློ་བཟང་གི་སྤྱོད་འཇུག་གི་འགྲེལ་བཤད་བློ་གསལ་སྒྲོན་མེ། ༡༢༽ས་བཟང་མ་ཏི་པཎ་ཆེན་གྱི་སྤྱོད་འཇུག་གི་རྣམ་བཤད་གཞུང་དོན་རབ་གསལ། ༡༣༽ཐུབ་བསྟན་ཆོས་གྲགས་ཀྱི་སྤྱོད་འཇུག་གི་འགྲེལ་པ་རབ་གསལ་ཉེར་མཁོ། ༡༤༽རིན་ཆེན་དཔལ་གྱི་སྤྱོད་འཇུག་གི་ཟིན་བྲིས་འཇམ་དཔལ་ཞལ་ལུང་། ༡༥༽མཁན་པོ་ཀུན་དཔལ་གྱི་སྤྱོད་འཇུག་གི་འགྲེལ་པ། ༡༦༽ཕ་བོང་ཁ་བདེ་ཆེན་སྙིང་པོའི་སྤྱོད་འཇུག་བཤད་ཁྲིད་ཀྱི་ས་བཅད། ༡༧༽ཕ་བོང་ཁ་བདེ་ཆེན་སྙིང་པོའི་སྤྱོད་འཇུག་གི་ཟབ་ཁྲིད་མནོས་སྐབས་ཀྱི་ཟིན་བྲིས། ༡༨༽གཞན་ཕན་བྱམས་པའི་གོ་ཆའི་སྤྱོད་འཇུག་གི་མཆན་འགྲེལ། ༡༩༽མཁན་ཆེན་ཀུན་དགའ་དབང་ཕྱུག་གི་སྤྱོད་འཇུག་གི་འགྲེལ་པ། ཟུར་ལྟའི་ཡིག་ཆ་ཁག་ཅིག་གི་མཚན་བྱང་། 445 ༢༠༽ཐུབ་བསྟན་ཆོས་དར་གྱི་སྤྱོད་འགྲེལ་ལེགས་བཤད་རྒྱ་མཚོའི་རྩ་འགྲེལ་ས་བཅད། ༢༡༽ཁྲ་འགུ་རིན་པོ་ཆེའི་སྤྱོད་འཇུག་གི་འགྲེལ་བཤད། ༢༢༽མཚོ་སྣ་ཐུབ་བསྟན་འཇམ་ངག་གི་སྤྱོད་འཇུག་གི་གཞུང་དོན་བསྡུས་པ། ༢༣༽ཨ་པུ་ཧྲལ་པོའི་སྤྱོད་འཇུག་གི་སྒོ་རིམ་རབ་གསལ་ཉི་མ། ༢༤༽འཇམ་དབྱངས་བློ་རྒྱམ་གྱི་སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ། ༢༥༽འཇུ་མི་ཕམ་པའི་ཤེར་འགྲེལ་ཀེ་ཏ་ཀ། ༢༦༽ཁྲ་འགུ་རིན་པོ་ཆེའི་སྤྱོད་འཇུག་གི་ཚིག་འགྲེལ་གཅེས་བསྡུས། ༢༧༽སྒྲོས་རྙིང་པ་འོད་ཟེར་མགོན་པོའི་སྤྱོད་འཇུག་རྣམ་བཤད་རིན་ཆེན་སྣང་བ། ༢༨༽ཀརྨ་ཚེ་དབང་དཔལ་ལྡན་གྱི་སྤྱོད་འགྲེལ་ངེས་ལེགས་མཛོད།

༢༩༽༧གོང་ས་མཆོག་གིས་བཀའ་ཁྲིད་གནང་བའི་སྤྱོད་འཇུག་གི་འཁོར་ཐག་ཁག།