Texts/Bdag gzhan mnyam brje sgom tshul/Full text: Difference between revisions

From Bodhicitta
< Texts‎ | Bdag gzhan mnyam brje sgom tshulTexts/Bdag gzhan mnyam brje sgom tshul/Full text
No edit summary
No edit summary
Tag: Reverted
Line 1: Line 1:
{{FullTextSubpage
{{FullTextSubpage
|FullTextVersions={{FullTextVersion
|VersionLanguage=Sanskrit
|IsTsadraVersion=Yes
|VersionSource=Lorem ipsum dolor sit amet, consectetur adipiscing elit, sed do eiusmod tempor incididunt ut labore et dolore magna aliqua.
|VersionDate=2026-05-05
|VersionContent=Ut enim ad minim veniam, quis nostrud exercitation ullamco laboris nisi ut aliquip ex ea commodo consequat. Duis aute irure dolor in reprehenderit in voluptate velit esse cillum dolore eu fugiat nulla pariatur. Excepteur sint occaecat cupidatat non proident, sunt in culpa qui officia deserunt mollit anim id est laborum.
}}
|TsadraVersion=Yes
|TsadraVersion=Yes
|FullTextSource=[https://library.bdrc.io/show/bdr:MW22112_C82859?s=%2Fshow%2Fbdr%3AMW22112%3Froot%3Dbdr%3AMW22112%26osearch%3D%2522bdag%2520gzhan%2520mnyam%2520brje%2520sgom%2520tshul%2522~1%40bo-x-ewts#open-viewer BDRC]
|FullTextSource=[https://library.bdrc.io/show/bdr:MW22112_C82859?s=%2Fshow%2Fbdr%3AMW22112%3Froot%3Dbdr%3AMW22112%26osearch%3D%2522bdag%2520gzhan%2520mnyam%2520brje%2520sgom%2520tshul%2522~1%40bo-x-ewts#open-viewer BDRC]

Revision as of 18:43, 6 May 2026

བདག་གཞན་མཉམ་བརྗེ་སྒོམ་ཚུལ།
FULL TEXT


Description

Meditational instruction; written at the behest of Dkon mchog sangs rgyas, a monk of Urga. (Source: BDRC)

Referencebdag gzhan mnyam brje sgom tshul [བདག་གཞན་མཉམ་བརྗེ་སྒོམ་ཚུལ།].
PeopleGuntang Könchok Tenpai Drönme



[edit]
Input by Khenpo Tamphel for Tsadra Foundation
Source BDRC
Date 2025-10-13
W22112-v3 img511-522.pdf
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །བདག་གཞན་མཉམ་བརྗེ་སྒོམ་ཚུལ་བཞུགས་སོ།།

༄༅། །ན་མོ་གུ་རུ་བྷྱེཿ བདག་གཞན་མཉམ་བརྗེ་བསྒོམ་པ་ལ།
མཉམ་པ་བསྒོམ་པ། བརྗེ་བ་བསྒོམ་པ་གཉིས། དང་པོ་ནི།
རང་གཅེས་པར་བཟུང་། གཞན་ཡལ་བར་དོར་ཏེ་རང་གཞན་གཉིས་གཅེས་མི་གཅེས་མི་མཉམ་པ་འདི་མི་རིགས་ཏེ། རང་དང་སེམས་ཅན་ཐམས་ཅད་རྨི་ལམ་ཚུན་ཆད་དུ་བདེ་བ་འདོད་པར་མཉམ། སྡུག་བསྔལ་མི་འདོད་པར་མཉམ་པའི་ཕྱིར།
བདག་འཛིན་ན་རེ། དེ་ལྟར་འདོད་པ་མཉམ་ནའང་སོ་སོའི་བདེ་བ་རང་རང་གིས་བསྒྲུབ་དགོས་ཀྱི། རྒྱུད་ཐ་དད་ཡིན་པས་རང་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་དོན་མེད་ཟེར་ན། རྒྱུད་ཐ་དད་ཡིན་ཀྱང་གཞན་གྱི་གནོད་པ་སེལ་བ་དང་བདེ་བ་སྒྲུབ་དགོས་པ་ཡོད་དེ། མ་བུ་གཉིས་རྒྱུད་ཐ་དད་ཡིན་ཀྱང་གཅིག་གི་དོན་གཅིག་ཤོས་ཀྱིས་སྒྲུབ་དགོས་པ་བཞིན་ནོ།།
བདག་འཛིན་ན་རེ། དེ་གཉིས་ཕན་ཚུན་གཅེས་པའི་དབང་གིས་ཡིན་པས། སེམས་ཅན་གཞན་ལ་དེ་ལྟར་བྱེད་དོན་མེད་ཟེར་ན། སེམས་ཅན་ཐམས་ཅད་ཀྱིས་སྔོན་འཁོར་བ་ཐོག་མ་མེད་པར་སྐྱེ་བའི་ཡ་མཐའ་ཐུག་པ་མེད་པ་བླངས་པའི་དུས་སུ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ཏེ། ད་ལྟའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན་དུ་ཕན་པ་ཐམས་ཅད་ལ་སྦྱར། གནོད་པ་ཐམས་ཅད་ལས་བསྐྱབས། རང་སྲོག་ལས་ཀྱང་གཅེས་པར་བྱས་ཏེ། ཐ་ན་ནུ་ཞོ་འཐུངས་པའང་རྒྱ་མཚོའི་ཆུ་ལས་ལྷག་པ་ཞིག་བཏུང་ཡོད་པས་ད་ལྟའི་མ་བཞིན་དུ་གཅེས་པར་བྱེད་དགོས་སོ།།
བདག་འཛིན་ན་རེ། དེའི་དུས་སུ་གཅེས་ཡོད་ཀྱང་ད་ལྟ་ཕན་ཚུན་ངོ་མི་ཤེས་ལ། དེར་མ་ཟད་འགའ་ཞིག་གིས་དགྲར་བཟུང་ནས་གནོད་པ་ཅི་འཁྱོལ་བྱེད་པས་གཅེས་པའི་འོས་མེད་དོ་ཟེར་ན། སྔོན་གྱི་དུས་རིང་པོ་མུ་མཐའ་ཡས་པ་ཞིག་ཏུ་གཅེས་པར་བསྐྱངས་པའི་རྩིས་མེད་པར་ད་ལྟའི་ཡུད་ཙམ་ཞིག་གི་དགའ་མི་དགའི་རྐྱེན་ཕྲན་ཚེགས་ལ་ཁོན་དུ་འཛིན་པ་མ་རབས་ཀྱི་སྤྱོད་པ་ཡིན་ཏེ། མ་བུ་ཚེ་ཧྲིལ་པོར་ཕན་ཚུན་ཤིན་ཏུ་གཅེས་ཀྱང་། རྒས་དུས་ཉིན་གཅིག་ནད་དང་གདོན་གྱིས་འཁྲུལ་ཏེ་ཚིག་ངན་སོགས་གནོད་འཚེ་བྱེད་ནའང་བུ་དེས་ལྷག་པར་གཅེས་སྤྲས་བྱེད་དགོས་ཀྱི། དེ་རིང་བདག་ལ་མི་གཅེས་པར་འདུག་ཅེས་ཡལ་བར་དོར་ན་འཇིག་རྟེན་ཐམས་ཅད་ཀྱིས་གལ་ཆེ་བའི་དུས་ཕན་མི་ཐོགས་པའི་བུ་ངན་ཞེས་ཁྲེལ་མེད་དུ་བརྩི་བ་བཞིན་ནོ།།
བདག་འཛིན་ན་རེ། གལ་ཏེ་གཅེས་པའི་དབང་དུ་བཏང་ཡང་དེས་ཕ་རོལ་ལ་ཕན་ཐོགས་རྒྱུ་མེད་པས་རང་གི་སེམས་ངལ་བ་ཙམ་དུ་ཟད་དོ་ཟེར་ན། ཕན་སེམས་བསྐྱེད་པ་ཙམ་གྱིས་ཆུས་སྐོམ་སོད་པ་བཞིན་འཕྲལ་དུ་ངོམས་རྒྱུ་མེད་ཀྱང་སྤྱིར་མི་ཕན་པ་མིན་ཏེ། སྔར་ཕན་སེམས་ཀྱི་སྒོ་མ་དོད་པས་སུ་ལའང་ཕན་མ་ཐོགས་པ་ཡིན། ཕན་སེམས་སྦྱོང་ཐུབ་ན་ལེགས་ཉེས་ཐམས་ཅད་སེམས་ཀྱི་རྗེས་སུ་འབྲང་ཡོང་བས། སེམས་དེའི་སྟོབས་ཀྱིས་ནུས་པའང་ཇེ་ཆེར་འགྲོ། བསམ་སྦྱོར་གཉིས་གཅིག་གྲོགས་སུ་གཅིག་སོང་ནས་སྟོབས་རྒྱས་ཏེ་ནམ་ཞིག་དུས་སྐད་ཅིག་མ་གཅིག་ལ་སྐུའི་འོད་ཟེར་རེ་རེས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་འདོགས་ནུས་པ་ཞིག་འབྱུང་། ད་ལྟ་འགྲོ་བ་ཀུན་གྱི་སྐྱབས་གནས་སུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྔོན་རང་ཅག་དང་སྐལ་བ་མཉམ་པ་འཆིང་བ་ཀུན་ལྡན་ནུས་པ་ཅི་ཡང་མེད་པ་རེས་བློ་སྦྱངས་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་འདི་ལྟ་བུར་གྱུར་པ་ཡིན་ནོ།།
བདག་འཛིན་ན་རེ། དེ་ལྟར་སྦྱངས་ན་མཐའ་ཞིག་ཏུ་ཕན་རྒྱུ་ཡོད་སྲིད་ཀྱང་དེའི་བར་དུ་འགྲོ་ཐུབ་པའི་གདེང་མེད། གནས་སྐབས་ཕན་སེམས་བྱས་པ་ཙམ་གྱིས་ཕ་རོལ་པོའི་ལུས་སེམས་གང་ལའང་ཕན་ཐོགས་རྒྱུ་མེད་པས་བྱེད་མི་སྤྲོ་ཟེར་ན། གནས་སྐབས་སུའང་ཕན་རྒྱུ་ཡོད་དེ། རང་ལ་དཔལ་འབྱོར་ཕུན་སུམ་ཚོགས་པ་བྱུང་བར་མི་གཞན་ཞིག་དགའ་བར་བྱས་ན་རང་གི་སེམས་ལ་ཕན་པ་བཞིན། སེམས་ཅན་ཐམས་ཅད་བདེ་བ་ལ་རང་གིས་དགའ་བ་བསྒོམ་ན་དེས་སེམས་ཅན་ཐམས་ཅད་མགུ་བར་འགྱུར་ཞིང་། སེམས་དགའ་བ་དེའང་ཕན་བཏགས་པ་ཡིན་པའི་ཕྱིར།
བདག་འཛིན་ན་རེ། རང་གིས་ཕན་སེམས་བྱས་ཀྱང་སེམས་ཅན་གྱིས་དེ་མི་ཤེས་པས་དགའ་བའང་མི་སྐྱེའོ་ཟེར་ན། དཀར་ཕྱོགས་སྐྱོང་བའི་ལྷ་སོགས་དེ་ཤེས་མཁན་ཡང་གྲངས་མེད་པ་ཞིག་ཡོད་ལ། དངོས་སུ་མ་ཤེས་ཀྱང་རྟེན་འབྲེལ་གྱི་ཆེ་བས་བྱམས་པ་བསྒོམས་པའི་གང་ཟག་དེ་མཐོང་ཙམ་ཉིད་ནས་མི་མ་ཡིན་གདུག་པ་ཅན་རྣམས་ཀྱང་དགའ་བ་སྐྱེ་བའི་ལོ་རྒྱུས་མང་ལ། སྦྲུལ་གདུག་པས་གནོད་པ་མ་བྱས་ཀྱང་མཐོང་ཙམ་ནས་མི་དགའ་བ་ནང་གི་ཁོང་ཁྲོའི་སྟོབས་ཡིན་པ་བཞིན་ནོ།།
ཡང་བདག་འཛིན་ཁྱོད་ཀྱིས་ཕན་སེམས་དེས་ལུས་སེམས་གང་ལའང་ཕན་རྒྱུ་མེད་པས་བྱེད་དོན་མེད་ཟེར་བ་བདེན་ན། ཚིག་རྩུབ་ལ་སོགས་པས་ལུས་ལ་གནོད་རྒྱུ་མེད་ཅིང་། སེམས་གཟུགས་ཅན་མ་ཡིན་པ་ལ་དེ་ལས་ཀྱང་གནོད་རྒྱུ་མེད་པས་དེ་ལ་ཁོང་ཁྲོ་བྱ་དོན་མི་འདུག་སྙམ་དུ་སྔོན་ལ་བསམ་དགོས་སོ།།
བདག་འཛིན་ན་རེ། ཕན་སེམས་ཀྱིས་ལུས་སེམས་གང་ལའང་གནས་སྐབས་ཕན་རྒྱུ་མེད་པ་དང་། ཚིག་རྩུབ་ཀྱིས་གནོད་རྒྱུ་མེད་པ་གཉི་ག་མགོ་མཚུངས་པས་གཉི་ག་བཏང་སྙོམས་སུ་བྱོས་ཤིག་ཟེར་ན། དེ་གཉིས་མི་མཚུངས་ཏེ། གནོད་པ་ལ་ཁོན་དུ་བཟུང་བའི་རྣམ་སྨིན་དང་རྒྱུ་མཐུན་གྱིས་སྡུག་བསྔལ་ཁོ་ན་འདྲེན་ལ། ཕན་སེམས་ཀྱིས་དགའ་བ་བརྒྱུད་མར་འཕེལ་བས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ན་རང་གཅེས་པ་བཞིན་དུ་གཞན་ལ་གཅེས་པར་བཟུང་སྟེ་ཕན་སེམས་སྦྱོང་དགོས་སོ།།
༈ གཉིས་པ་བརྗེ་བ་བསྒོམ་པ་ནི།
རང་གཞན་གཉིས་གཅེས་པར་མཉམ་པ་ཙམ་གྱིས་མི་ཆོག་སྟེ། སྔར་རང་ཁོ་ན་གཅེས་པར་བཟུང་། གཞན་ཡལ་བར་དོར་བས་འཁོར་བའི་ཉེས་དམིགས་འདི་ཐམས་ཅད་བྱུང་བ་ཡིན། གཟོད་འཁོར་བ་ཕྲ་རགས་ཀྱི་ཉེས་དམིགས་ཟད་པར་སྤངས་པའི་བླ་མེད་བྱང་ཆུབ་འཐོབ་པ་ལ་སྲང་མདའི་མགོ་མཇུག་གཉིས་མཐོ་དམན་གོ་བཟློག་པ་བཞིན། སྔར་གཅེས་པར་འཛིན་རྒྱུ་དང་ཡལ་བར་འདོར་རྒྱུའི་བསམ་ཚུལ་དེ་གཉིས་གོ་ས་བརྗེས་ནས། རང་ཡལ་བར་དོར་ཞིང་གཞན་ཁོ་ན་གཅེས་པར་འཛིན་དགོས་སོ།།
རང་གཅེས་པར་བཟུང་ནས་རང་བདེ་བའི་ཐབས་སྒྲུབ་མོད། དེས་སྡུག་བསྔལ་ཐམས་ཅད་ཇི་ལྟར་སྐྱེད་སྙམ་ན། གཅེས་ཞིང་ཕན་པའི་ཟོལ་གྱིས། གནོད་པ་ཁོ་ན་སྒྲུབ་པ་ཡིན་ཏེ། རང་གཅེས་འཛིན་གྱི་དབང་གིས་རང་གི་ལུས་ལོངས་སྤྱོད། གཉེན་མཛའ་བཤེས། གཡོག་འཁོར་ཡུལ་ཁམས་སོགས་ཐམས་ཅད་ལ་ཞེན་ཆགས་སྐྱེད། དེ་ཇི་ཙམ་རྒྱ་ཆེ་བ་བཞིན་དེ་དག་ལ་གནོད་པ་དང་གནོད་ཀྱིས་དོགས་པའི་ཞེ་སྡང་ཕྲག་དོག་གཡོ་སྒྱུ་སོགས་ཉོན་མོངས་པ་མཐའ་དག་འདྲེན་ཞིང་། ལས་ངན་པ་སྣ་ཚོགས་བསགས་ཏེ་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱེད་པ་ཡིན། སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་དགྲར་ལངས་ཀྱང་དམྱལ་བའི་མེ་ནང་དུ་འཕེན་མི་ནུས། དམྱལ་བའི་མེ་ནང་དུ་འཁྲིད་མཁན་ཡང་རང་གཅེས་འཛིན་འདི་ཉིད་ཡིན་ཏེ། དང་པོར་དེའི་དབང་གིས་ལས་བསགས་པར་མ་ཟད། འཆི་ཁའི་ཚེའང་གྲང་བའི་སྣང་བ་བྱུང་སྟེ་རང་གཅེས་འཛིན་གྱིས་དྲོ་བར་འདོད་ནས་དམྱལ་བའི་མེ་ནང་དུ་འཇུག་ཚུལ་མདོ་སྡེ་ལས་གསུངས་པ་བཞིན་ནོ།།
དེར་མ་ཟད་རང་གཅེས་འཛིན་མངོན་གྱུར་ཤུགས་དྲག་པོ་ཞིག་སྐྱེས་ཕྱིན་ཕུང་ཁྲོལ་ཆེན་པོ་ཞིག་ངེས་པར་སྐྱེད་པས། བཀའ་གདམས་གོང་མ་རྣམས་རང་གཅེས་འཛིན་ལ་ཕུང་བྱེད་འུག་པའི་མགོ་ཅན་ཞེས་ལྟས་ངན་གྱི་མཐར་ཐུག་ཏུ་བརྩི་ཞིང་། བློ་སྦྱོང་མཚོན་ཆ་འཁོར་ལོ་ལས་ཀྱང་།
ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ།། དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ།།
ཞེས་ཕན་བདེའི་སྲོག་ལ་རྒོལ་བའི་བཤེད་མ་རང་གཅེས་འཛིན་ཡིན་པར་གསུངས་སོ།།
གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པ་ལ་སྔོན་དུ་ལས་འབྲས་ལ་ཡིད་ཆེས་རྙེད་དགོས་པས། དེའི་ཚུལ་ནི།
སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།།
ཞེས་སོགས་ལྟ་བུའི་ལུང་གིས་ཀྱང་སྒྲུབ་ཏུ་ཡོད་མོད། ལུང་ཙམ་མ་གཏོགས་དཔྱད་པས་ངེས་པ་མ་རྙེད་ན་ཡིད་ཆེས་བརྟན་པོ་མི་འབྱུང་བས། ད་ལྟ་མཐོང་བ་མངོན་གྱུར་ལའང་དཔྱིད་ས་བོན་ཕར་མ་བཏབ་ན་སྟོན་ལོ་ཏོག་ཚུར་སྡུད་རྒྱུ་མི་ཡོང་བ་དང་། ས་བོན་མ་ཚིག་མ་རུལ་བ་དགོས་ལ། དེའང་ནས་བཏབ་པ་ལས་ནས། གྲོ་བཏབ་པ་ལས་གྲོ་འབྱུང་བ་མ་གཏོགས་འཆོལ་ནས་མི་སྐྱེ་བ་བཞིན་དུ། གཞན་ལ་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་བསྲུངས་ཏེ་རང་གི་སྒོ་གསུམ་གཙང་མར་བྱས་པས་བདེ་འགྲོའི་རྟེན་གཙང་མ་ཐོབ་པ་དང་། བཟོད་པ་བསྒོམས་ཏེ་སེམས་ཅན་ལ་གནོད་འཚེ་སྤངས་པས་སེམས་ཅན་གྱི་ཡིད་དུ་འོང་བའི་གཟུགས་མཛེས་པ་འགྲུབ་པ་སོགས་རྒྱུ་སྔོན་སོང་ལས་དེ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་སྟེ། འདི་རང་སྡེ་ཐམས་ཅད་དང་། ཆད་སྨྲ་རྒྱང་འཕེན་པ་མ་གཏོགས་པའི་གཞན་སྡེ་རྣམས་ཀྱང་ཁ་མཐུན་ནོ།།
དེ་ལྟར་ན་སྦྱིན་པའི་ས་བོན་འདེབ་པ་ལ་ཞིང་ས་ལྟ་བུ་གཏོང་ཡུལ་གྱི་སེམས་ཅན་ལ་ལྟོས་ཤིང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱིས་གཞན་གནོད་གཞི་བཅས་ལས་ལྡོག་པ་དང་། བཟོད་པས་དགེ་སྦྱོང་གི་ཆོས་བཞི་དང་དུ་ལེན་པ་སོགས་ཕྱིན་དྲུག་དང་ཚོགས་གཉིས་ཀྱི་སྤྱོད་པ་ཐམས་ཅད་གཞི་སེམས་ཅན་ལ་བརྟེན་ནས་འགྲུབ་དགོས་པས། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱང་སེམས་ཅན་གྱི་བཀའ་དྲིན་ལ་བརྟེན་ནས་འཐོབ་དགོས་པར་ཤེས་སོ།།
མདོར་ན་སྟོན་པ་ཤཱཀྱའི་རྒྱལ་པོ་དང་རང་ཅག་རྣམས་གདོད་མ་ནས་མཆོག་དམན་དུ་གྲུབ་པ་ཞིག་མ་ཡིན་པར། སྔོན་འཁོར་བ་ཐོག་མ་མེད་པའི་དུས་ནས་ཁྱད་མེད་དུ་འཁོར་བར་འཁྱམས་ཏེ། རེས་འགའ་རང་ཅག་རྣམས་རྒྱལ་པོ་དང་ཁོང་དེའི་བྲན་བཞོན་པ་ཚུན་ཆད་དུ་གྱུར། རེས་འགའ་དེ་ལས་གོ་བཟློག་སྟེ་ཆུ་ཁོལ་བ་བཞིན་བླ་འོག་ཡང་ཡང་བརྗེས་པའི་མཚམས་ཤིག་ནས་ཁོང་ཐེག་པ་ཆེན་པོའི་རིགས་སད་དེ་གཞན་གཅེས་འཛིན་གྱི་བློ་སྐྱེས། ཁྱད་པར་དུ་རང་གི་ཟླ་བོས་དམྱལ་བར་མེའི་ཤིང་རྟ་འདྲེན་མ་ནུས་པར་ཡོད་པ་དེ་བརྩེ་བས་མ་བཟོད་པར་རང་གི་སྟེང་དུ་ལེན་པར་བརྩམས་པས་སྡིག་པ་ཟད་དེ་མཐོ་རིས་སུ་སྐྱེས། དེ་ནས་བཟུང་བདེ་ནས་བདེ་བར་འགྲོ་བའི་མགོ་ཚུགས་ཏེ་ད་ལྟ་དོན་གཉིས་ལྷུན་གྱིས་གྲུབ་པ་མ་ལུས་འགྲོ་བའི་མགོན་སྐྱབས་གཅིག་པུར་གྱུར་པ་འདི་བྱུང་ཡིན། རང་ཅག་རྣམས་རང་གཅེས་འཛིན་གྱི་དབང་དུ་གྱུར་ཏེ་འཇིག་རྟེན་ཁམས་ན་ཟས་ནོར་ལོངས་སྤྱོད་མངའ་ཐང་སྙན་གྲགས་སོགས་ཕུན་སུམ་ཚོགས་པ་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ཐམས་ཅད་རང་གཅིག་པུས་ཐོབ་ན་སྙམ་སྟེ་དེ་ཁོ་ན་འདོད་ཀྱང་། བདེ་སྐྱིད་ཐམས་ཅད་འཇའ་ཚོན་བསྙེགས་པ་བཞིན་ཇེ་རིང་དུ་སོང་། སྡིག་སྡུག་ཐམས་ཅད་ཉི་རྒས་ཀྱི་གྲིབ་སོ་བཞིན་ཚུར་འདུས། སྡུག་བསྔལ་མངོན་གྱུར་པ་དང་སྡུག་བསྔལ་གྱི་བག་ལ་ཉལ་སྣ་ཚོགས་པའི་ཁུར་གྱིས་ནོན་ཅིང་གར་འགྲོའི་གཏོལ་མེད་པ་འཁོར་བའི་གཏིང་རྡོར་གྱུར་ནས་ཤིན་ཏུ་ཉམ་ཐག་པ་འདི་བྱུང་བ་ཡིན། དེ་ལྟར་ན་རང་གཅེས་པར་བཟུང་བ་དང་གཞན་གཅེས་པར་བཟུང་བ་གཉིས་ཀྱི་གདམ་ག་མ་ནོར་བ་གང་ཡིན་དང་། སྐྱོན་ཡོན་གྱི་ཁྱད་པར་རྫོགས་པའི་སངས་རྒྱས་རྣམས་དང་རང་ཅག་ལ་མཆོག་དམན་གྱི་ཁྱད་ཅི་ཙམ་དོད་ཡོད་པ་འདིས་ཤེས་སོ།།
མངོན་པར་རྫོགས་པར་སངས་རྒྱས་ཞེས་པའང་ཉི་མའི་འོད་དང་འཇའ་ཚོན་བཞིན་གསལ་ལམ་མེ་བ། འོད་ལྷང་ངེ་བ་ཞིག་ཏུ་སོང་ནས་ནམ་མཁའི་དཀྱིལ་ན་འཇའ་གུར་འཁྱིལ་ལེ་བཞུགས་ཡོད་པ་ལྟ་བུ་ཞིག་ཏུ་ཕལ་ཆེར་གྱིས་གོ་འདུག་པ་དོན་མེད། གཞན་ཕན་གྱི་བསམ་པ་ཡོངས་སུ་རྫོགས་པ་རང་ལ་སངས་རྒྱས་སུ་བཞག་པ་ཡིན་ཏེ། སྡུད་པ་ལས།
དེ་བཞིན་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པ།། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ།།
ཞེས་འགྲོ་བའི་དོན་ཁོ་ནར་གཞོལ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མཐར་ཐུག་པ་ལ་སྐད་ཅིག་མའི་སྦྱོར་བར་གསུངས་ཤིང་།
བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས།།

སེམས་ཅན་གཞན་གྱི་དགོས་ལ་ཉིན་མཚན་མངོན་པར་བརྩོན།། བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པ་ལྟར།།

བསམ་པ་ཐག་པས་རྣམ་པར་སྐྱོ་མེད་གནས་པར་བྱ།།
ཞེས་བརྒྱད་པ་ཆོས་སྐུའི་དོན་ཡང་གཏོང་ལེན་མཐར་ཕྱིན་ཏེ་འཁོར་བ་མ་སྟོངས་བར་དུ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་ལ་སྐྱོ་བ་མེད་པར་བཞུགས་པ་གཙང་བདེ་རྟག་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ལ་གསུངས་སོ། །སྡུད་འགྲེལ་གཞན་ལ་སྣ་ཚོགས་ཡོད་ཀྱང་། སྐབས་ཕྱི་མ་གཉིས་མཚམས་འབྱེད་ཚུལ་སློབ་དཔོན་གྱིས་འདི་ལྟར་མཛད་པ་ཤིན་ཏུ་ངོ་མཚར་ཆེའོ།།
དེ་ལྟར་རང་གཅེས་འཛིན་རྒུད་པ་ཀུན་གྱི་འབྱུང་གནས་དང་། གཞན་གཅེས་འཛིན་ཡོན་ཏན་ཀུན་གྱི་གཏེར་དུ་མཐོང་བཞིན་དུ་ཐར་པའི་དགའ་ཚལ་ལ་རྒྱབ་ཀྱིས་ཕྱོགས་ནས་དམྱལ་བའི་མེ་འོབས་སུ་མཆོང་ན་གདོན་གྱིས་བརླམས་ཏེ་སྨྱོས་པ་དང་སྙིང་ལ་བདུད་ཞུགས་པ་ཡིན་པས། རྒྱལ་བ་སྲས་དང་བཅས་པ་ལ་གདུང་དབྱངས་དྲག་པོས་འོ་དོད་ཀྱིས་བོས་ཏེ། བདག་རྣམས་ཀུན་ཏུ་ཕུང་བར་བྱེད་པའི་དགྲ་བོ་གདུག་པ་ཅན་འདི་ཐལ་བར་བརླག་པར་མཛོད་ཅིག་ཅེས་གསོལ་བ་བཏབ་པ་ན། དེ་དག་གི་མཁྱེན་བརྩེ་ནུས་གསུམ་གྱི་སྤྲིན་ཕུང་འཁྲིགས་པ་ལས་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་གནམ་ལྕགས་འབར་བའི་ཐོག་མདའ་བརྒྱུད་མར་སྤྲོས་ཏེ་བདག་འཛིན་འགོང་པོ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག།
ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་སྙིང་རྗེའི་རང་བཞིན་གྱི་བདུད་རྩིའི་རྒྱུན་བབ་སྟེ་རང་གི་ཤེས་རྒྱུད་ལ་ཞུགས་པས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ལྷན་གྱིས་སོང་། དེ་དག་གི་ཐུགས་རྗེ་བྱིན་རླབས་དང་རང་གི་རླུང་སེམས་དབྱེར་མེད་དུ་འདྲེས་པས་གཏོང་ལེན་སོགས་ཇི་ལྟར་འདོད་པ་བཞིན་བྱེད་པ་ལ་ལས་སུ་རུང་ཞིང་། ནམ་མཁའི་མཐའ་ཁྱབ་ཏུ་སྤྲོས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ནུས་པ་ཅན་དུ་གྱུར་ཏེ། རང་གི་བདེ་དགེ་ཐམས་ཅད་སེམས་ཅན་སོ་སོ་ལ་དོན་དུ་གང་འགྱུར་གྱིས་ཟས་གོས་གནས་མལ། གྲོགས་མཛའ་བཤེས། ཆོས་སྟོན་པའི་སློབ་དཔོན་སོགས་རྣམ་པ་སྣ་ཚོགས་སུ་གྱུར་ནས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ལ་བཀོད། དེ་དག་གི་སྡིག་སྡུག་ལས་ཉོན་བག་ཆགས་དང་བཅས་པ་དབུགས་རྔུབ་པ་དང་ལྷན་དུ་ཚུར་དྲངས་ཏེ་རང་གི་སེམས་སྟེང་དུ་སྤུང་བའི་དམིགས་པ་སོགས་གཏོང་ལེན་གཉིས་པོ་སྤེལ་མར་བྱའོ།།
འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་པ་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་སངས་རྒྱས་ཀྱིས་བདག་གཞན་མཉམ་བརྗེ་སྒོམ་ཚུལ་ཞིག་དགོས་ཟེར་བར། སྤྱོད་འཇུག་གི་བསམ་གཏན་ལེའུ་བཞིན་ལུས་བྱ་ཁྱིའི་ཟས་ལ་གཅེས་པར་བྱེད་དོན་མེད་པས་གྲུའི་བློ་བཞག་སྟེ་སྙིང་པོ་ལེན་ཚུལ་དང་། རང་གི་ཕུན་ཚོགས་ལ་ཕྲག་དོག་འགྲན་སེམས་སྒོམ་ཚུལ་སོགས་དམིགས་སྐོར་མི་འདྲ་བ་མང་ཞིང་། སང་གི་སྡུག་བསྔལ་དེ་རིང་ལ་ལེན་པ་སོགས་བློ་སྦྱོང་བའི་མན་ངག་གི་སྐྱོང་ཚུལ་དུ་མ་ཡོད་ཀྱང་། འདི་ནི་ཤར་སྒོམ་ཐུན་གཅིག་གི་སྐྱོང་ཚུལ་ཙམ་ཞིག་གྱུ་རུ་ལུགས་སུ། ༧བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམ་པ་དཀོན་མཆོག་ཀུན་དགའོ།། །།