ཞི་བ་ལྷ་༼དཔག་བསམ་ལྗོན་བཟང་༽
FULL TEXT


Description

ཡོ་བྱད་འཐོན་གྲབས་ཡོད། ཐུགས་ལྷོད་མཛོད།

Citationzhi ba lha (dpag bsam ljon bzang) [ཞི་བ་ལྷ་༼དཔག་བསམ་ལྗོན་བཟང་༽].
AuthorSumpa Khenpo Yeshe Paljor



[edit]
Input by Khenpo Tamphel for Tsadra Foundation
Source BDRC MW1KG20788
Date 2026-02-26
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
ཞི་བ་ལྷ་ནི། ལྷོའི་སཽར་ཥྚར་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས་ནས་མིང་ཞི་བའི་གོ་ཆར་བཏགས་ཤིང་ཕྱིས་སུ་མནལ་ལམ་དུ་འཇམ་དཔལ་རྒྱལ་བོའི་ཁྲི་ལ་བཞུགས་པ་དང་སྒྲོལ་མས་སྤྱི་བོ་ནས་ཆུ་བླུག་ཅིང་རྒྱལ་སྲིད་དམྱལ་བའི་ཆུ་ཚན་དང་འདྲ་སོགས་གསུངས་པས་རྒྱལ་སྲིད་བཟུང་མི་རུང་བར་གོ་ནས་སང་རྒྱལ་སཪ་འཇོག་པའི་དོ་ནུབ་བྲོས་ཏེ་ཞག་ཉེར་གཅིག་སོང་བའི་ལམ་དུ་ནགས་གཅིག་གི་ཆུ་མིག་ལས་ཆུ་འཐུང་འདོད་ཚེ་བུ་མེད་ (ཏ་རཱ་)ཞིག་གིས་ཆུ་ཞིམ་པོ་གཞན་བླུད་ནས་ནགས་ཀྱི་ཕུགས་སུ་རྣལ་འབྱོར་པ་ (འཇམ་དཔལ་) གཅིག་འདུག་པའི་དྲུང་དུ་ཁྲིད་དེ་གདམས་པ་ཉན་ནས་བསྒོམ་པས་ཏིང་འཛིན་བཟང་པོ་འཁྲུངས། ཤར་དུ་རྒྱལ་བོ་སེང་གེ་ལྔ་བའི་གམ་དུ་སོང་ནས་ལོ་བཅུ་གཉིས་སུ་བློན་མཛད་ཚེ་ལྷའི་ཕྱག་མཚན་ཤིང་གི་རལ་གྲི་ཞིག་འཆང་ཡོད་པ་རྒྱལ་པོས་དབང་ཡོན་དུ་སྟོན་ཟེར་ནས་གཟིགས་ (གཡས་བཀབ་) པས་སྤྱན་གཡོན་པ་ལྷུང་ཚེ་གྲུབ་ཐོབ་ཏུ་ཤེས་ཏེ་མཆོད། དེ་ནས་དབུས་སུ་ནཱ་ལནྡར་བྱོན་ནས་རྒྱལ་བའི་ལྷ་ལས་རབ་དུ་བྱུང་སྟེ་མཚན་ཞི་བ་ལྷ་ཞེས་བཏགས་ཤིང་བསླབ་བཏུས་དང་མདོ་བསྡུས་བརྩམས་ཏེ་ནང་དུ་ཏིང་འཛིན་ལ་བརྩོན་ཞིང་སྤྲོས་མེད་ཀྱི་སྤྱོད་པ་མཛད་ཀྱང་ཕྱི་རུ་འབྲས་བྲེ་ཆུང་ལྔ་རེ་གསོལ་ཏེ་རྒྱུན་དུ་ཉལ་སྡོད་པ་ལྟར་མཐོང་ (དེ་པ་ལཱ་ཟེར་) ནས་རྒྱལ་བོ་སོགས་ཀྱིས་འདུ་གསུམ་པར་བཏགས་ཤིང༌། དགེ་འདུན་གྱི་གནས་ལས་བསྐྲད་འདོད་དེ་མདོ་འདོན་པ་རེས་མོས་སུ་བྱས་ནས་ཁོང་ལ་བབས་ཚེ་ཁྲི་ལ་འཁོད་ནས་སྔར་བྱུང་བ་ཞིག་འདོན་ནམ་མ་བྱུང་བ་ཞིག་འདོན་ཅེས་དྲིས་པས་ཐམས་ཅད་ཀྱིས་མ་བྱུང་བ་ཞིག་ཐོན་ཅེས་ཟེར་བས་ཐེག་ཆེན་གྱི་སྡེ་སྣོད་ཀུན་གྱི་དོན་འདུས་པའི་སྤྱོད་འཇུག་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །ཞེས་པའི་མཚམས་ནས་འཕུར་ཏེ་གཟུགས་མི་སྣང་ཡང་གསུངས་མ་ཆད་པས་པཎྚི་ཏ་གཟུངས་ཐོབ་པ་དག་གིས་ལྷག་མ་བློར་བཟུང་ངོ། །དེ་ནས་དྲི་ལངྒའི་ཆར་གཏོགས་གྲོང་ཁྱེར་ (བོད་མང་གིས་དཔལ་ཡོན་ཟེར་) ཀ་ལིངྒར་བྱོན་ཚེ་པཎྚི་ཏ་གསུམ་དེར་སོང་ནས་དབུས་སུ་སྤྱན་དྲངས་ཀྱང་མ་བྱོན་པར་མདོ་བཏུས་བསླབ་བཏུས་གྲང་ཁང་གི་སྐར་ཁུང་ན་ཤིང་ཤུན་ལ་པཎྚི་ཏའི་ཡི་གེ་ཕྲ་མོས་བྲིས་ཡོད་གསུངས། དེར་ཡང་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་བཞུགས་དུས་རི་དྭགས་མང་པོ་ཁོང་གི་གྲང་ཁང་དུ་སོང་ཡང་ཕྱིར་མ་བྱུང་བས་རྒྱལ་པོ་དང་དགེ་འདུན་གྱིས་གཅོ་དྲི་ 〔ཅོ་འདྲི་〕 བར་བརྩམས་ཚེ་རི་དྭགས་ཐམས་ཅད་ཐོན་ནས་སོང་བ་དང༌། དེ་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་ཨུ་ཙུཥྨའི་སྤྱོད་པས་བྱོན་ཚེ་མུ་སྟེགས་པའི་སྟོན་པ་ཤད་དཀར་དེ་བས་ནམ་མཁར་དབང་ཕྱུག་གི་དཀྱིལ་འཁོར་བྲིས་པ་ཁོང་གིས་རླུང་ཆེན་པོ་བཏང་སྟེ་མུ་སྟེགས་བཅས་ཆུའི་ཕར་འགྲམ་དུ་འཕངས་པ་སོགས་ཀྱིས་མུ་སྟེགས་སྣུབ་ནས་ནང་བ་དར་བར་མཛད་སོགས་མདོར་ན། ལྷག་པའི་ལྷ་མཉེས། །བཀོད་པ་ཕུན་སུམ་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་བོ་མུ་སྟེགས་བཏུལ་དང་བདུན། །ཞེས་པའི་རྣམ་ཐར་བདུན་ཀྱང་བོད་དུ་གྲགས་ཤིང་ཤེར་འབྱུང་བློས་འདི་འཕགས་པར་ཤད་ཅིང་ལོ་བརྒྱ་བཞུགས་པའོ། །