Zhen pa bzhi bral gyi brgyud 'debs/Full text

From Bodhicitta
Texts/Zhen pa bzhi bral gyi brgyud 'debs/Full text


Description

ཡོ་བྱད་འཐོན་གྲབས་ཡོད། ཐུགས་ལྷོད་མཛོད།

Referencezhen pa bzhi bral gyi brgyud 'debs [ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས།].
PeopleNgorchen Kunga Zangpo


[edit]
Input by Khenpo Tamphel for Tsadra Foundation
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས།

ན་མཿཤྲཱི་གུ་རུ་ཝེ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། ། རྒྱལ་སྲས་ཐུ་བོ་མགོན་པོ་འཇམ་པའི་དབྱངས། ། དེ་ཡིས་རྗེས་བཟུང་རྗེ་བཙུན་ས་སྐྱ་པ། ། སྐྱབས་མཆོག་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །

རིག་པའི་གནས་ལྔ་མཐར་ཕྱིན་བསོད་ནམས་རྩེ། ། མདོ་རྒྱུད་ཀུན་མཁྱེན་རྗེ་བཙུན་རིན་པོ་ཆེ། ། ཐུབ་དབང་གཉིས་པ་ས་སྐྱ་པཎྜི་ཏ། ། རྒྱལ་བའི་རྒྱལ་ཚབ་གསུམ་ལ་གསོལ་བ་འདེབས། །

བསྟན་པའི་མངའ་བདག་འཕགས་པ་རིན་པོ་ཆེ། ། ཐོས་བསམ་བསྒོམས་པས་རྒྱུད་ཕྱུག་དཀོན་མཆོག་དཔལ། ། དངོས་གྲུབ་མཆོག་བརྙེས་ཆོས་རྗེ་བྲག་ཕུག་པ། ། མཁས་གྲུབ་དམ་པ་གསུམ་ལ་གསོལ་བ་འདེབས། །

སྐྱེ་དགུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་དཔལ། ། གདམས་པའི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་ཞབས། ། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་ཏེ། ། འདྲེན་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །

དཔལ་ལྡན་བླ་མའི་ཚོགས་ལ་གསོལ་འདེབས་ཀྱི།་། མྱུར་མགྱོགས་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། ། ཕུང་ཁྲོལ་གཞི་གྱུར་ཚེ་འདིའི་སྣང་བ་ལ། ། ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །

ཅུང་ཟད་ཙམ་ཡང་བདེ་བའི་སྐབས་མེད་ཅིང་། ། བཟོད་དཀའི་སྡུག་བསྔལ་ཤིན་ཏུ་མི་བཟད་པས། ། རྒྱུན་དུ་གདུང་བྱེད་ཁམས་གསུམ་འཁོར་བ་ལས། ། ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །

སྲས་བཅས་རྒྱལ་བའི་བགྲོད་པ་གཅིག་པའི་ལམ། ། བདག་གཞན་མཉམ་དང་བརྗེ་བའི་བྱང་ཆུབ་སེམས། ། མ་གྱུར་འགྲོ་བའི་དོན་དུ་ལེགས་བསྒོམས་པས། ། རང་དོན་ཡིད་བྱེད་བྲལ་བར་བྱིན་གྱིས་རློབས། །

ཆོས་ཀུན་གདོད་ནས་རྨི་ལམ་སྒྱུ་མ་ལྟར། ། སྣང་ཡང་བདེན་པས་སྟོང་པས་ཐག་ཆོད་ནས། ། ཕྱོགས་འཛིན་ཀུན་བྲལ་ཟུང་འཇུག་དབུ་མའི་ལམ། ། ཡང་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཞེན་པ་བཞི་བྲལ་གྱི་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ཤཱཀྱའི་དགེ་སློང་ཀུན་དག་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག། །།


བསྡུས་དོན།

ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་ནི། གཙོ་བོར་སྟོན་པ་ཤཱཀྱའི་རྒྱལ་པོ་ནས་བཟུང་ས་སྐྱའི་མཁས་གྲུབ་ཡོངས་འཛིན་རིམ་བྱོན་གྱི་མཛད་པ་དང་རྟོགས་པའི་ཡོན་ཏན་ལ་གུས་འདུད་དང་གསོལ་བ་བཏབ་སྟེ། རིམ་བཞིན་ཚེ་འདིའི་སྣང་ཞེན་སྤོང་བ། འཁོར་བའི་སྡུག་བསྔལ་ལས་ངེས་འབྱུང་སྐྱེ་བ། གཞན་དོན་དུ་བྱང་ཆུབ་ཀྱི་སེམས་མཆོག་སྦྱང་བ། ཆོས་ཀུན་སྒྱུ་མ་དང་སྟོང་པ་ཉིད་དུ་རྟོགས་པའི་ཟུང་འཇུག་དབུ་མའི་ལྟ་བ་རྒྱུད་ལ་འཁྲུངས་པར་བྱིན་གྱིས་རློབ་པར་ཞུ་བའི་ཉམས་ལེན་གྱི་སྙིང་པོ་མཐར་ཐུག་པ་མངོན་པར་མཚོན། འདི་ལྟ་བུའི་བརྒྱུད་འདེབས་ནི་ཤཱཀྱའི་དགེ་སློང་ཀུན་དག་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་ཡིན་པར་མཛད་བྱང་དུ་གསལ།