Spyod 'jug shes rab le'u'i 'grel pa/Full text

From Bodhicitta
Texts/Spyod 'jug shes rab le'u'i 'grel pa/Full text

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ
A Detailed Explanation on Entering into the Conduct of the Bodhisattva
FULL TEXT


Description
There are sporadic annotations in this commentary. The dedication chapter is briefly introduced at the end, but there is no elaborate commentary on it. Type of Commentary: a topical-outline-based meaning commentary
Length: 168
Tradition: Kadam
ReferenceByang chub skyabs (བྱང་ཆུབ་སྐྱབས). byang chub sems dpa'i spyod pa la 'jug pa'i rnam par bshad pa [བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ]. [A Detailed Explanation on Entering into the Conduct of the Bodhisattva].
PeopleJangchub Kyap



[edit]
Source Inputted by Khenpo Tamphel
Date 2024-06-10
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་བཞུགས་སོ། །

བྱང་ཆུབ་སྐྱབས་ཀྱིས་མཛད།

༈ བ​​དག་མེད་པ་རྟོགས་པའི་ཤེས་རབ་སྤྱོད་པའི་བསམ་གཏན་ཙམ་གྱིས་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བར་མི་ནུས་ཤིང་། སེམས་མཉམ་པར་བཞག་པའི་བསམ་གཏན་ལ་བརྟེན་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་འབྱུང་བས། བསམ་གཏན་གྱི་རྗེས་ལ་ལྷག་མཐོང་གི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཅུང་ཟད་བཤད་པར་བྱའོ། །འདི་ལ་དོན་རྣམ་པ་ལྔ་ལས་ཤེས་རབ་གཙོ་བོར་བསྟན་པས་དེ་ལ་སྤྲོ་བ་བསྐྱེད་པ་ནི། ཡན་ལག་འདི་དག་ཅེས་པའི་ཚིགས་སུ་བཅད་པ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་སྒྲིབ་པ་སྤངས་པའི་སྒོ་ནས་ཐར་པ་ལ་དངོས་སུ་སྦྱར་བའི་རྒྱུ་ནི། ཤེས་རབ་ཡོངས་སུ་དག་པ་ཁོ་ན་སྟེ། བྱམས་པའམ་སྦྱིན་པ་ལ་སོགས་པ་དག་ནི། སྒྲིབ་པ་ལ་འགལ་བ་མེད་པའི་ཕྱིར་རོ། །ཤེས་རབ་དེ་ཡང་སེམས་མཉམ་པར་བཞག་པར་ལྟོས་ཤིང་། དེ་ཡང་བརྩོན་འགྲུས་ལ་ལྟོས་ལ། དེ་ཡང་བཟོད་པ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་སེམས་ཡང་དག་པར་ལེན་པའི་མཐར་ཐུག་པ་སྔར་བསྟན་པ་ཐམས་ཅད་ཀྱིས་སྒྲུབ་པར་བྱ་བ་ནི་ཤེས་རབ་ཀྱི་དོན་ཏོ། །དེ་བས་ན་བསམ་གཏན་ལ་སོགས་པ་བསོད་ནམས་ཀྱི་རྟེན་ཕ་རོལ་ཏུ་ཕྱིན་པ་ལྔས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱ་བ་ཡིན་ལ། དེས་ནི་སྒྲིབ་པ་ཐམས་ཅད་སྤོང་བའི་ཕྱིར་གཙོ་བོ་ཉིད་དུ་གྲུབ་སྟེ། རྒྱལ་བའི་ཡུམ་ལས། དམུས་ལོང་དམིགས་པ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། །

-1-

ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་དམིགས་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་པ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་ཞིང་། མཁས་པ་དག་གིས་ཀྱང་། སྟོང་ཉིད་རྟོགས་པས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་བཤད་དོ། །དེའི་ཕྱིར་ཤེས་རབ་ནི་ཐམས་ཅད་ཀྱི་བསྒྲུབ་བྱའི་གཙོ་བོ་ཡིན་ལ་དེའི་ཕྱིར་རོ། །སྡུག་བསྔལ་དག་ཅེས་པ་ནི་རང་དང་གཞན་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ནོ། །དེའི་རྩ་བ་ལས་དང་ཉོན་མོངས་པ་ཡིན་ཞིང་། ཉོན་མོངས་པའི་རྩ་བ་ཡང་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་པས། དེའི་གཉེན་པོ་བདག་མེད་པ་རྟོགས་པའི་ཤེས་རབ་བསྐྱེད་ན། དེ་དང་འགལ་བའི་བདག་འཛིན་ལྡོག་ལ། དེ་ལོག་ན་དེའི་འབྲས་བུ་ཉོན་མོངས་པ་དེ་ལས་ལྡོག་ཅིང་། དེའི་འབྲས་བུ་སྡུག་བསྔལ་ངེས་པར་ལྡོག་པར་མདོ་དང་བསྟན་བཅོས་ལས་གསུངས་ཤིང༌། རིགས་པས་ཀྱང་གྲུབ་བོ། ། དེ་ལྟར་ཉོན་མོངས་ཤེས་རབ་ཀྱི་མིག་གིས་རང་གི་རྒྱུད་ལས་བསལ་ནས་རང་གྲོལ་ན། གཞན་ཡང་སྒྲོལ་ནུས་པས་སྡུག་བསྔལ་དག་ཅེས་པ་ནི་རང་གཞན་མཐའ་དག་གི་སྡུག་བསྔལ་ལོ། །འོ་ན་ཤེས་རབ་ཁོ་ན་སྐྱེད་པའི་ཕྱིར་ཐོས་བསམ་ལ་སོགས་པ་ཉིད་བྱའི། སྦྱིན་པ་ལ་སོགས་པ་མི་བྱ་ཞེ་ན། ཤེས་རབ་ཀྱི་ཆ་རྐྱེན་དེ་དག་མེད་དུ་མི་རུང་བར་བསྟན་མ་ཐག་པ་ཡིན་ནོ། ། གཞན་ཡང་ཉོན་མོངས་པ་རྩ་བ་ནས་སྤོང་བ་ནི་ཟག་པ་མེད་པའི་ཤེས་རབ་ཁོ་ན་ཡིན་པས་ན། དེ་ནི་སྐྱེ་བ་བརྒྱུད་པ་དུ་མར་བསྒོམས་པས་ཐོབ་པར་བྱ་བ་ཡིན་པས། སྒོམ་པའི་རྟེན་སྐྱེ་བ་བཟང་པོ་བརྒྱུད་པ་ཡང་ཕ་རོལ་ཏུ་ཕྱིན་པ་གཞན་ལ་རག་ལས་པའི་ཕྱིར་རོ། ། གཞན་ཡང་རང་དོན་ཆོས་སྐུའི་རྒྱུ། ཤེས་རབ་ཡིན་ཡང་གཞན་དོན་གཟུགས་སྐུ་གཉིས་འབྱུང་བ་ནི་བསོད་ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་ལྔ་སྨོན་ལམ་དང་བཅས་པ་ལ་ཡང་རག་ལུས་པའི་ཡང་ཕྱིར་རོ། །འདི་དག་ལ་ཤེས་པར་བྱེད་པའི་ལུང་དང་རིགས་པ་མང་དུ་ཡོད་མོད་ཀྱི་རེ་ཤིག་སྐབས་ཉིད་བརྩམ་མོ། །དེ་ལྟར་ཕ་

-2-

རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་ཀྱིས་སྒྲུབ་པར་བྱ་བའི་ཕྱིར་དང༌། མྱ་ངན་ལས་འདས་པའི་འབྲས་བུ་སྒྲུབ་པའི་གཙོ་བོ་ཡིན་པར་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་བསྟན་ནོ། ། ཤེས་རབ་དེའི་རང་བཞིན་གང་ཡིན་ཞེ་ན། བདེན་པ་གཉིས་ལེགས་པར་ཤེས་པས། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་མཚན་མ་རྡུལ་ཙམ་ཡང་མ་དམིགས་པ་སྟེ། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་དམིགས་དེ་དང་འདྲ། །ཞེས་གསུངས་པས་སོ། ། དེ་བཤད་པ་ལ་གཉིས་ཏེ། ཡུལ་ཆོས་ཐམས་ཅད་སྟོང་པར་སྒྲུབ་པ་དང་། ཡུལ་ཅན་ལམ་དུ་སྒྲུབ་པའོ། །དང་པོ་ལ་ཡང་བདེན་པ་གཉིས་ཀྱི་རང་བཞིན་རྣམ་པར་བཞག་པ་དང་། དེ་ལ་ཀུན་རྫོབ་ཀྱི་སྒོ་ཅན་གྱི་གནོད་པ་སྤང་བ་དང་། དོན་དམ་པའི་སྒོ་ཅན་གྱི་གནོད་པ་སྤང་བ་སྟེ་གསུམ་གྱིས་འཆད་དོ། ། འོ་ན་ཤེས་རབ་ཀྱི་རང་བཞིན་འཆད་པའི་སྐབས་སུ་བདེན་པ་གཉིས་རྩོད་པ་སྤང་བ་དང་བཅས་པ་འཆད་པ་ནི་སྐབས་སུ་མ་བབ་བོ་ཞེ་ན། བདེན་པའི་ངོ་བོ་སྟོང་པའི་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་པའི་བདེན་པ་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། ཤེས་བྱའི་གནས་ལུགས་སོ། ། དེ་ལྟ་བུའི་སྟོང་པ་ཉིད་དེ་རྟོགས་པའི་བློ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས། ཡུལ་གྱི་སྒོ་ནས་ཡུལ་ཅན་ངོས་གཟུང་བར་བྱའོ། དེ་ལྟ་མ་ཡིན་ན་ཤེས་པའི་རང་གི་ངོ་བོ་བདེ་སྡུག་ལ་སོགས་པ་ལྟ་བུས་ཤེས་རབ་ངོས་མི་ཟིན་པའི་ཕྱིར་རོ། ། བདེན་པ་གཉིས་ཀྱི་རང་བཞིན་རྣམ་པར་བཞག་པ་ལ་གསུམ་ལས། བདེན་པ་གཉིས་ཀྱི་དབྱེ་བ་བརྗོད་པ་ནི། ཀུན་རྫོབ་དང་ནི་ཞེས་པ་རྩ་བ་གཉིས་སོ། །འདི་ལ་དབྱེ་བའི་གཞི་དང་། དོན་དང༌། མིང་གི་དོན་དང་། གྲངས་ངེས་པ་བཞིའོ། །དང་པོ་ནི་བདེན་པའི་སྒྲས་

-3-

བརྗོད་པར་བྱ་བ་ཙམ་སྟེ། ཐམས་ཅད་མཁྱེན་པ་ནས་འཇག་མག་གི་སྲིན་བུ་ཡན་ཆད་ཀྱི་ཐུགས་སམ་བློའི་ཡུལ་དུ་བྱ་བའི་ཤེས་བྱ་ཙམ་མོ། །དབྱེ་བའི་དོན་ནི་བདེན་པ་གཉིས་གཅིག་གམ་ཐ་དད་ཞེ་ན། འདི་ལ་ཁ་ཅིག་ན་རེ་བདེན་པ་གཉིས་བྱས་པ་དང་མི་རྟག་པ་ལྟར་ངོ་བོ་གཅིག་ན་ཉེས་པ་བཞི་སྟེ། སོ་སོའི་སྐྱེ་བོ་མཐའ་དག་གིས་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་ན་དོན་དམ་པའི་བདེན་པ་ཡང་མཐོང་བས། དེ་དག་མྱ་ངན་ལས་འདས་པ་ཐོབ་ཟིན་པར་འགྱུར་བའི་ཕྱིར་ལམ་སྒོམ་པའི་འབད་པ་ལ་མི་ལྟོས་པར་འགྱུར་རོ། ། གཉིས་པ་ནི་ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར་དོན་དམ་པའི་བདེན་པར་དམིགས་པ་ལ་བརྟེན་ནས་ཀྱང་ཟག་པ་འཕེལ་བར་འགྱུར་བས། ཀུན་རྫོབ་བཞིན་དུ་དོན་དམ་པ་ཡང་ཀུན་ནས་ཉོན་མོངས་པའི་དམིགས་པར་ལྟུང་བར་འགྱུར་རོ། ། གསུམ་པ་ནི་དོན་དམ་པ་ལ་ཕན་ཚུན་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལ་ཡང་དབྱེ་བ་མེད་པར་འགྱུར་བས་བུམ་པ་དང་སྣམ་བུ་ལ་སོགས་པ་རིལ་གྱིས་རྫས་གཅིག་ཏུ་འགྱུར་རོ། ། བཞི་པ་ནི་ཀུན་རྫོབ་ཇི་ལྟར་མཐོང་བ་དང་ཐོས་པ་ལོགས་སུ་བཙལ་མི་དགོས་པ་ལྟར། དོན་དམ་པ་ཡང་མཐོང་བ་དང་ཐོས་པ་ལས་ཐོས་བསམ་ལ་སོགས་པས་ལོགས་སུ་བཙལ་མི་དགོས་པར་འགྱུར་རོ། ། ཡང་བདེན་པ་གཉིས་བུམ་པ་སྣམ་བུ་ལྟར་ངོབོ་ཐ་དད་ན་ཡང་ཉེས་པ་བཞི་སྟེ། དོན་དམ་པ་སྟོང་པ་ཉིད་ལོགས་སུ་དམིགས་ཀྱང་། ཀུན་རྫོབ་དེར་མ་འདུས་པ་ལས་ལོགས་སུ་དམིགས་པར་འགྱུར་ལ། དེ་ལྟ་ན་ཡང་དོན་དམ་པ་སྟོང་པ་ཉིད་བསྒོམས་པས་ཉོན་མོངས་པའི་མཚན་མ་ཟིལ་གྱིས་མི་ནོན་ཅིང་གནས་ངན་ལེན་གྱི་འཆིང་བ་ལས་མ་གྲོལ་བས་མྱ་ངན་ལས་འདས་པ་མི་ཐོབ་པར་འགྱུར་ཏེ། བུམ་པ་མི་རྟག་པར་མཐོང་ཡང་སྒྲ་ལ་ཕྱིན་ཅི་ལོག་ཏུ་རྟག་པར་འཛིན་པ་མི་ལྡོག་པ་བཞིན་ནོ། །དེས་ན་དོན་དམ་མངོན་དུ་མཐོང་བའི་རྒྱུ་མཚན་གྱིས་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དེ་མི་ཐོབ་པར་འགྱུར་རོ། །གཉིས་པ་ནི་ཐ་དད་པས་རྟ་གླང་པོའི་ཆོས་ཉིད་དུ་མི་རུང་བ་ལྟར། དོན་དམ་ཡང་ཀུན་རྫོབ་ཀྱི་

-4-

ཆོས་ཉིད་མ་ཡིན་པར་འགྱུར་བའོ། །གསུམ་པ་ནི། བུམ་པ་མ་གྲུབ་པ་ཙམ་སྣང་བུ་མ་ཡིན་པ་ལྟར། ཀུན་རྫོབ་བཙལ་ན་མ་རྙེད་པ་ཙམ་དོན་དམ་མ་ཡིན་པར་འགྱུར་བའོ། །བཞི་པ་ནི་གང་ཟག་གཅིག་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་གཅིག་ཅར་འབྱུང་བར་འགྱུར་དེ། ཀུན་ནས་ཉོན་མོངས་པའི་དམིགས་པ་ཀུན་རྫོབ་དང་། རྣམ་པར་བྱང་བའི་དམིགས་པ་དོན་དམ་པ་གཉིས་ཐ་དད་པ་སོ་སོར་དམིགས་སུ་རུང་བའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་སོ་སོར་དམིགས་པ་བཞིན་ནོ། །དེའི་ཕྱིར་ཆགས་པ་ཟད་པ་ཉིད་ཀྱི་ཚེ་ཆགས་པ་དང་བཅས་པར་འགྱུར་རོ། །ཞེས་གཅིག་པ་དང་ཐ་དད་པའི་ཕྱོགས་ལ་སྐྱོན་བཞི་བཞི་མདོ་སྡེ་དགོངས་པ་ངེས་འགྲེལ་ནས་གསུངས་པར་བཞེད་དོ། ། འོན་ཀྱང་གཅིག་པའི་ཕྱོགས་ཀྱི་སྐྱོན་བཞི་པོ་ནི་དངོས་པོ་གཅིག་ཏུ་འདོད་པ་ཙམ་ལ་ཡོད་པ་མ་ཡིན་ཏེ། ཡིན་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བུམ་པ་ལ་སོགས་པའི་འདུས་བྱས་མཐོང་བ་ན་སྐད་ཅིག་མའང་མཐོང་བས་འཕགས་པའི་བདེན་པ་མཐོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད། བྱས་པ་དང་སྐད་ཅིག་མ་དངོས་པོ་གཅིག་པ་ལ་ཡང་ཉེས་པ་བཞི་པོ་མཚུངས་སོ། །གལ་ཏེ་བྱས་པ་དང་སྐད་ཅིག་མ་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པས་ཉེས་པ་བཞི་པོ་དེ་མེད་དོ་ཞེ་ན། སྒྱུ་མ་རིགས་གྲུབ་ཏུ་འདོད་པ་ལྟར་བདེན་པ་གཉིས་ཀྱང་དངོས་པོ་གཅིག་ལ་ལྡོག་པ་ཐ་དད་པར་ཁས་ལེན་པ་ལ་ཉེས་པ་བཞི་པོར་མི་འགྱུར་རོ། །དེས་ན་བདེན་པ་གཉིས་མཚན་ཉིད་ཀྱང་ཐ་དད་མེད་པར་འདོད་པ་ལ་གཅིག་པའི་ཕྱོགས་ཀྱི་སྐྱོན་བཞི་བརྗོད་ལ། བདེན་པ་གཉིས་དངོས་པོ་ཐ་དད་པར་འདོད་པ་ལ་ཐ་དད་པའི་ཕྱོགས་ཀྱི་སྐྱོན་བཞི་སྟེ་བརྒྱད་མདོ་ནས་གསུངས་པ་བཞིན་ནོ། ། འོ་ན་བདེན་པ་གཉིས་དངོས་པོ་གཅིག་ལ་མཚན་ཉིད་ཐ་དད་པར་འདོད་པ་ལ་ཉེས་པ་ཅི་ཡོད་ཅེ་ན། འདིར་དངོས་པོ་དེ་ཉིད་དང་གཞན་ཡིན་པ་ལ་ནི་དངོས་པོ་ཡིན་པས་ཁྱབ་ལ། དོན་དམ་པའི་བདེན་པ་ནི་དངོས་པོར་མ་གྲུབ་པའི་ཕྱིར་ཏེ། འདི་ལྟར་ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་

-5-

ཐམས་ཅད་དབེན་པ་སྟེ་ཞེས་པ་དང་། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་པས་ཀྱང་གང་མ་གཟིགས། །དེའི་དངོས་པོ་འདི་འདྲ་ཞིག ། ཤིན་ཏུ་ཞིབ་བའི་ལྟ་བས་དཔྱོད། །ཅེས་གསུངས་པ་དང་། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ལ་བརྟེན་པའི་རྗེས་དཔག་གིས་དཔྱད་ན་བདེན་པའི་དངོས་པོ་འགའ་ཡངརྣམ་པར་གནས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཀུན་རྫོབ་ཀྱི་བདེན་པ་ནི། རྫུན་པའི་ངོ་བོ་བརྟག་མི་བཟོད་པ་ཡིན་ལ། དོན་དམ་པའི་བདེན་པ་ནི་བདེན་པ་ཡིན་པས་དེ་གཉིས་གཅིག་པ་ག་ལ་སྲིད། དེ་གཉིས་གཅིག་ན་ནི་ཐ་སྙད་ཙམ་དུ་དཀར་པོ་དང་ནག་པོ་ཡང་གཅིག་གོ་ཞེས་བརྗོད་ན་ཅི་སྟེ་མི་མཚུངས། ཞེས་རྣམ་པ་ཐ་དད་དུ་མགོ་མཚུངས་པ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་ཞེ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་གཅིག་པ་བཀག་པ་ཙམ་གྱི་རང་བཞིན་ཏེ། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་དང་། སྐྲ་ཤད་ཀྱིས་དབེན་པ་དག་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཏེ། སྐྲ་ཤད་དུ་སྣང་བ་དེས་དབེན་པ་ལྷན་ཅིག་ཏུ་མ་དམིགས་པའི་ཕྱིར་དང་། སྐྲ་ཤད་ཀྱིས་དབེན་པར་མ་འདུས་པའི་སྐྲ་ཤད་དུ་སྣང་བ་མེད་པའི་ཕྱིར་རོ། །དེས་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་དུ། ཚུ་རོལ་མཐོང་བའི་བློས་ཡུལ་དུ་བྱས་པའི་ཤེས་བྱ་འདི་མཐའ་དག་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཉིད་ལ་རིགས་པས་དཔྱད་ན་ཡོད་མེད་ལ་སོགས་པ་ཅིར་ཡང་མ་རྙེད་པ་ནི་དོན་དམ་པའི་བདེན་པ་སྟེ། འཁྲུལ་པ་ཟད་པའི་བློ་ངོ་ན་སྟོང་པའི་དུས་ཉིད་ན། འཁྲུལ་པ་ཅན་ལ་སྣ་ཚོགས་སུ་སྣང་། དེ་ལ་སྣང་ཙམ་ཉིད་ན་འཁྲུལ་པ་ཟད་པ་ལ་དེས་སྟོང་པས། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཆོས་ཅན་དང་ཆོས་ཉིད་ལ་བདེན་པ་གཉིས་ཞེས་བྱའོ། །བདེན་པ་གཉིས་ཀྱི་མཚན་ཉིད་ཀྱང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དོན་དམ་པའི་བདེན་པ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མཚན་ཉིད་མེད་ཅེས་བྱ་བ་ལ་སོགས་པ་མཚན་ཉིད་མེད་པ་ཞེས་བྱ་བའི་མཚན་ཉིད་འགའ་

-6-

ཞིག་འཇོག་པ་ནི་མ་ཡིན་གྱི། འོན་ཀྱང་བརྗོད་པའི་ཀུན་རྫོབ་ཉེ་བར་བཟུང་ནས་མཚན་ཉིད་དུ་གྲུབ་པར་འདོད་པ་འགའ་ཞིག་དགག་པའི་ཕྱིར་དེ་ལྟར་བརྗོད་པར་ཟད་དེ། མཚན་ཉིད་མེད་པ་ཞེས་བྱ་བ་གྲུབ་པ་ནི་མི་འདོད་དོ། །དེས་ན་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་གཅིག་པ་བཀག་པ་ཙམ་མོ། །མིང་གི་དོན་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་ཞེས་བྱ་བའི་སྒྲ་བཤད་པའི་དོན་ཏེ། དེ་ལ་ཀུན་རྫོབ་ཅེས་པ་ནི་འཁྲུལ་པའི་ཤེས་པ་མཐའ་དག་སྟེ། དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེས་ན་གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད་ཅེས་པ་ལྟར་རོ། །འཁྲུལ་པའི་ཤེས་པ་དེའི་ངོ་ན་བདེན་པས་ན་ཀུན་རྫོབ་ཀྱི་བདེན་པ་སྟེ། གཟུགས་ལ་སོགས་པ་བློའི་ཡུལ་ཐམས་ཅད་དོ། །དེའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད་ཅེས་གསུངས་སོ། །དོན་དམ་པ་ཞེས་པ་ནི་རིགས་པའི་ཤེས་པ་སྟེ། སྤྲོས་པ་གཅོད་པའི་རྗེས་དཔག་གམ་རྣལ་འབྱོར་གྱི་མངོན་སུམ་མོ། །དེ་ཡང་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཉིད་ཡིན་པས་དོན་ཡང་ཡིན་ལ། དེའི་ཡུལ་ལ་བློ་གཞན་གྱིས་གནོད་པ་མི་འབབ་པའི་ཕྱིར་མི་སླུ་བས་དམ་པ་ཡང་ཡིན་ནོ། །དེས་ན་སླུ་བ་མེད་པའི་རིགས་པ་ནི། དོན་དམ་ཡིན་ཏེ་ཞེས་བཤད་དོ། །དེ་ལྟར་རིགས་པའི་ཤེས་པའི་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །བདེན་པ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ་སྟེ། རིགས་པ་དེའི་ངོར་བདེན་པའི་ཕྱིར་རོ། །དེ་ཡང་རིགས་པས་སྤྲོས་པ་བཅད་པ་ཙམ་ལ་དེའི་ངོར་བདེན་པ་ཞེས་བྱའི། བདེན་པའི་ཤེས་བྱ་ཡུལ་དུ་བྱས་པ་ནི་ཅི་ཡང་མེདདོ། །གྲངས་ངེས་པ་ནི་ཤེས་བྱ་ལ་འཇུག་པའི་བློ་མཐའ་དག་གཉིས་སུ་ངེས་པ་སྟེ། ཡུལ་

-7-

ལ་ནོར་བར་འཇུག་པ་འཁྲུལ་པའི་ཤེས་པ་དང་། མ་ནོར་བར་འཇུག་པ་མ་འཁྲུལ་པའི་ཤེས་པའོ། །དེའི་ཕྱིར་དེ་དག་གི་ཡུལ་ཡང་བདེན་པ་གཉིས་སུ་ངེས་ཏེ། འཁྲུལ་པའི་བསམ་ངོར་བདེན་པ་ཀུན་རྫོབ་ཀྱི་བདེན་པ་དང༌། རིགས་པའི་ངོར་བདེན་པ་དོན་དམ་པའི་བདེན་པའོ། །དེ་ཉིད་ལ་དོན་དམ་པའི་བདེན་པ་ནི་བློ་དང་སྒྲ་གཞན་དང་རྒྱུ་རྐྱེན་གཞན་གྱིས་སྒྱུར་དུ་མེད་པས་རྟག་ཅེས་བྱ་ལ། ཀུན་རྫོབ་ནི་དེ་ལས་བཟློག་པས་མི་རྟག་པ་ཞེས་བྱའོ། །རྟག་པ་དང་མི་རྟག་པ་གཉིས་སུ་ནི་ཁ་ཚོན་ཆོད་པས་བདེན་པ་གཉིས་ཁོ་ནའོ། ། དེ་ལྟར་དབྱེ་བ་བསྟན་ནས་དེ་དག་གི་མཚན་ཉིད་སྟོན་པ་ནི་དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་པ་རྩ་བ་གཉིས་སོ། །དེ་ལ་བློའི་སྤྱོད་ཡུལ་མ་ཡིན་པ་ནི། རྟོག་པ་དང་རྟོག་པ་མེད་པའི་བློའི་ཡུལ་ལས་འདས་པའོ། །སྤྲོས་པ་མེད་པ་ཡང་ཡིན་ཏེ་སྒྲ་དང་རྣམ་པར་རྟོག་པའི་ཞེན་ཡུལ་མ་ཡིན་པའི་ཕྱིར་རོ། གཉིས་སུ་མེད་པ་ཡང་ཡིན་ཏེ། ཡོད་པ་དང་མེད་པ་གཉིས་སམ་རྟག་པ་དང་མི་རྟག་པ་སོགས་པར་མ་གྲུབ་པས་སོ། །མདོར་ན་མཚན་ཉིད་ཐམས་ཅད་ལས་འདས་པ་ལ་དོན་དམ་པའི་མཚན་ཉིད་དུ་ཐ་སྙད་བྱས་པ་སྟེ། ཆོས་གང་གིས་ཀྱང་མཚོན་པར་བྱར་མེད་པས་མཚན་ཉིད་མེད་པ་ཉིད་དོན་དམ་པ་ཡིན་པས་བློའི་ཡུལ་མིན་ཞེས་བྱའོ། །དེའི་ཕྱིར་གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅི་ཡང་མེད། །དེའི་ཕྱིར་ན་དྲིས་ཀྱང་དོན། །མི་གསུང་བཞུགས་པར་རྒྱ་ཆེར་བཤད། །ཅེས་པ་དང་། དོན་དམ་པ་ལ་ནི་སེམས་ཀྱི་རྒྱུ་བ་ཡང་མེད་ལ་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་པ་ལ་སོགས་པ་གསུངས་སོ། །འོ་ན་དོན་དམ་བློའི་སྤྱོད་ཡུལ་མ་ཡིན་པ་དེ་ཅིའི་ཕྱིར་ཞེ་ན། བློ་ནི་ཀུན་རྫོབ་ཡིན་པར་བརྗོད་ཅེས་སྨོས་ཏེ། བློ་ཐམས་ཅད་ནི་འཁྲུལ་པ་སྟེ་སྒྲིབ་པའི་ཕྱིར་ཀུན་རྫོབ་ཡིན་ལ། དེའི་ཡུལ་མཐའ་དག་ཀྱང་ཀུན་རྫོབ་ཡིན་པས། ཀུན་རྫོབ་ཀྱི་བདེན་པ་ལས་བཟློག་པ་དོན་དམ་པའི་བདེན་པ་ནི་བློའི་ཡུལ་མ་ཡིན་པར་གྲུབ་བོ། །འདིས་ནི་དོན་དམ་བློའི་ཡུལམ་ཡིན་པའི་འཐད་པ་དངོས་སུ་བརྗོད་པས། བློའི་ཡུལ་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའི་

-8-

མཚན་ཉིད་དུ་འཇུག་པ་གཅིག་གིས་གྲུབ་བོ། །དེ་ལྟར་ན་དབུ་མ་བདེན་གཉིས་སུ་ཡང་བཤད་དེ། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་སོ། །ཞེས་བློ་ཡུལ་དུ་ཇི་ལྟར་སྣང་བ་འདི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་དེ་ལས་གཞན་བློའི་ཡུལ་དུ་འདས་པ་ནི་ཅིག་ཤོས་དེ་དོན་དམ་པའི་བདེན་པའི་མཚན་ཉིད་དེ། དེ་ལྟ་བུའི་བདེན་པ་གཉིས་ཀྱི་མཚན་ཉིད་ཡང་དག་པར་བྱེད་པའི་ཚད་མ་གང་ཡིན་ཞེ་ན་གཉིས་ཏེ། འཕགས་པའི་དང༌། ཚུ་རོལ་མཐོང་བའི་ཚད་མའོ། །དང་པོ་ལ་ཡངགཉིསཏེ། རྣལ་འབྱོར་གྱི་མངོན་སུམ་ཞེས་བྱ་བ། སྣང་བ་མེད་པའི་ཤེས་རབ་ཀྱིས་ནི། འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡུལ་དུ་བྱེད་དེ། དེ་ནི་ཇི་ལྟ་བ་མཁྱེན་པའི་མངོན་སུམ་གྱིས་དོན་དམརྟོགས་པའི་ཚུལ་ཡིན་ལ། སྣང་བ་དང་བཅས་པའི་ཡེ་ཤེས་ཀྱིས་ཤེས་བྱའི་དངོས་པོ་ཐམས་ཅད་ཡིད་ཀྱི་རྒྱལ་སྲིད་ལ་སོགས་པ་ལྟར་ཡུལ་དུ་བྱེད་པ་སྟེ། དེ་ནི་ཇི་སྙེད་པ་མཁྱེན་པའི་མངོན་སུམ་གྱིས། ཀུན་རྫོབ་ཀྱི་བདེན་པ་ངེས་པའི་ཚུལ་ཡིན་ནོ། །ཚུ་རོལ་མཐོང་བས་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་བློས་རྣམ་པར་བཞག་པའི་དོན་ལ་གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ཀྱི་རྗེས་སུ་འབྲང་བའི་སྤྲོས་པ་གཅོད་པའི་རྗེས་དཔག་གི་ཚད་མས་བདེན་པར་ཡོད་པའི་ཚད་བཀག་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ངེས་ཏེ། དེ་ལྟ་བུའི་དོན་ཐམས་ཅད་ཚད་མས་བཀག་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཚད་མས་གྲུབ་པས་བརྗོད་པའི་ཕྱིར་ཏེ། ཚད་མའི་ཡུལ་དུ་རྣམ་པར་གནས་པའི་དོན་དམ་ནི་ཁས་མི་ལེན་པས་དེའི་ཚད་མ་ཡང་མི་འཚོལ་ལོ། །ཀུན་རྫོབ་སྒྱུ་མ་ལྟ་བུ་ནི་ཚད་མ་གཉིས་ཀྱི་ཤུགས་ལ་ངེས་ཏེ། དངོས་པོ་ཡང་དག་ཏུ་ཡོད་པ་འགོག་པའི་ཚད་མེད་ཉིད་དང༌། སྣང་བ་ཙམ་དུ་མྱོང་བ་མངོན་སུམ་གྱིས་གྲུབ་པས་སོ། །དེས་ན་སྣང་ལ་རང་བཞིན་མེད་པ་ཉིད་སྒྱུ་མའི་དོན་ཡིན་ལ། དེ་ནི་སྤྲོས་པ་འགོག་པའི་རྗེས་དཔག་ལ་ལྟོས་པས་མངོན་སུམ་གཅིག་པུས་ནི་གྲུབ་མ་ཡིན་ནོ། །གཞུང་འདིར་ནི་སློབ་

-9-

དཔོན་གྱིས་བློ་ཐམས་ཅད་འཁྲུལ་པར་བསྒྲུབས་པས། དོན་དམ་པའི་བདེན་པ་བློའི་ཡུལ་ལས་འདས་པ་དང་། ཀུན་རྫོབ་ཀྱི་བདེན་པ་བློ་འཁྲུལ་པའི་ཡུལ་ཙམ་དུ་བཞེད་དོ། །དེ་ཡང་འདི་ལྟར་གལ་ཏེ་བློ་ནི་ཀུན་རྫོབ་ཡིན་པར་བརྗོད་ཅེས་བློ་ཐམས་ཅད་འཁྲུལ་པ་ཀུན་རྫོབ་ཡིན་པར་བརྗོད་པ་དེ་གྲུབ་ན། འཁྲུལ་པ་དེའི་ཡུལ་མཐའ་དག་ཀུན་རྫོབ་ཀྱི་བདེན་པར་འགྲུབ་ལ། དེའི་ཕྱིར་དོན་དམ་པའི་བདེན་པ་བློ་འཁྲུལ་པ་དེའི་ཡུལ་ལས་འདས་པར་ཡང་གྲུབ་པ་ཞིག་ན། བློ་ཐམས་ཅད་འཁྲུལ་པ་ཉིད་དུ་ཇི་ལྟར་གྲུབ་ཅེ་ན། ། བློ་ཐམས་ཅད་འཁྲུལ་པར་བསྒྲུབས་པས་བདེན་པ་གཉིས་ཀྱི་མཚན་ཉིད་སྒྲུབ་པ་ནི་གསུམ་ལས། དང་པོ་གནོད་པའི་ཡུལ་བློའི་རྣམ་པར་དབྱེ་བ་སྔོན་དུ་བྱེད་པ་ནི་དེ་ལ་ཞེས་པ་ནས་རྩ་བ་གཉིས་སོ། །དེ་ལ་ཞེས་པ་ནི་གློ་བུར་ཀུན་རྫོབ་ཡིན་པ་དེ་ལའོ། །བློ་དང་ལྡན་པའི་འཇིག་རྟེན་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་པ་དང༌། འཇིག་རྟེན་ཕལ་པའོ། །དེ་ལ་རྣལ་འབྱོར་པ་ནི། གྲུབ་མཐའི་སྒོར་ཞུགས་ནས་ཐར་པ་འཚོལ་བའོ། །ཕལ་པ་ནི་དེ་ལས་གཞན་པའོ། །ཡང་ན་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་ནི་རྣལ་འབྱོར་པ་ཡིན་ལ། དེ་ལ་མ་ཞུགས་པ་ཕྱི་རོལ་པའམ་ཐ་མལ་པ་ནི་ཕལ་པའོ། །འགྲེལ་པས་ནི་འཕགས་པ་དང་སོ་སོའི་སྐྱེ་བོ་ལ་བཤད་དོ། །གང་ལྟར་ཡང་རུང་སྟེ་བློ་ཐམས་ཅད་ནི་གཉིས་སུ་འདུས་། དེ་དག་ལ་གནོད་བྱེད་གང་གིས་གནོད་པའི་རིམ་པ་ནི་དེ་ལ་ཞེས་པ་ནས་ཚིགས་སུ་བཅད་པ་གཅིག་གོ ། དེ་ལ་ཕལ་པ་དག་ནི་བློས་འདི་ལྟར་སྣང་བ་འདི་རྟག་པ་དང་གཅིག་པུ་དང་གཙང་བ་ལ་སོགས་པར་ངེས་པར་བྱས་པ་ལ་རྣལ་འབྱོར་གྱི་འཇིག་རྟེན་གྱིས་བྱས་པའི་ཕྱིར་མི་རྟག་ཅེས་པ་དང་། ཆ་སྣ་ཚོགས་དང་བཅས་པའི་ཕྱིར་གཅིག་མ་ཡིན་ཞེས་པ་ལ་སོགས་པས་ཡུལ་ལ་གནོད་པ་ན་ཡུལ་ཅན་ཕལ་པའི་བློ་སྟེ་འཁྲུལ་པར་གྲུབ་བོ། །རྣལ་འབྱོར་པའི་བློ་ཐམས་ཅད་ཀྱང་ཡུལ་མི་བདེན་པས་འཁྲུལ་པ་ཀུན་རྫོབ་ཏུ་གྲུབ་སྟེ། གོང་མ་གོང་མ་རྣམས་ཀྱིས་གནོད་པའི་ཕྱིར་རོ། །

-10-

འདི་ལྟར་མུ་སྟེགས་ཀྱི་རྣལ་འབྱོར་གྱིས་བདག་དང་དབང་ཕྱུག་ལ་སོགས་པ་ཡོད་པར་ངེས་པར་བྱས་པ་ལ་ནི། སངས་རྒྱས་པའི་རྣལ་འབྱོར་གྱིས་བདག་ལ་སོགས་པ་རྟག་པ་དེ་དག་ཆོས་ཅན། རིམ་དང་གཅིག་ཅར་གྱིས་དོན་བྱེད་པས་སྟོང་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གཞུང་གཞན་དུ་བཤད་པ་དང༌། འདི་ཉིད་དུ་ཡང་ཡུལ་ལ་རྟག་ཏུ་གཡེངས་གྱུར་པས། །འགག་པར་འགྱུར་བ་མ་ཡིན་ནོ་ཞེས་པ་ལ་སོགས་པས་བློའི་ཡུལ་ལ་གནོད་པས་མུ་སྟེགས་པའི་བློ་འཁྲུལ་པར་གྲུབ་བོ། །སངས་རྒྱས་པའི་རྣལ་འབྱོར་པ་ཡང་། བྱེ་བྲག་ཏུ་སྨྲ་བས་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་དོན་དང་། དེ་འཛིན་པའི་ཤེས་པ་གཉིས་དུས་མཉམ་པའི་གཟུང་འཛིན་འགོག་པའི་རིགས་པ་དུ་མ་ཚད་མའི་བསྟན་བཅོས་ནས་བཤད་པས་གནོད་དེ། དུས་མཉམ་པའི་དོན་དམ་དང་ཤེས་པ་ཆོས་ཅན། གཟུང་འཛིན་དུ་མི་འཐད་དེ། འབྲེལ་བ་མེད་པའི་ཕྱིར་གོ ། འབྲེལ་བ་མེད་པ་ནི་ཐ་དད་པས་དོན་དང་ཤེས་པ་ལ་བདག་གཅིག་པ་མེད་ལ། དོན་དང་ཤེས་པ་དུས་མཉམ་པས། དེ་ལས་བྱུང་པའི་འབྲེལ་བ་ཡང་མེད་པའི་ཕྱིར་རོ། །འབྲེལ་བ་མེད་ཀྱང་འཛིན་པའི་ཅི་འགལ་ཞེ་ན། འོ་ན་མིག་གི་རྣམ་པར་ཤེས་པས་ཀྱང་སྒྲ་འཛིན་ནུས་པར་ཐལ་བ་ལ་སོགས་པའི་ཉེས་པ་ཡོད་དོ། །གཞན་ཡང་ལྷན་ཅིག་དམིགས་པ་ངེས་པ་དང་། གསལ་ཞིང་རིག་པའི་གཏན་ཚིགས་ལ་སོགས་པས་ཀྱང་གཟུང་ཆ་ཕྱི་རོལ་གྱི་དོན་ཡིན་པ་བཀག་གོ ། དེས་ན་བྱེ་བྲག་ཏུ་སྨྲ་བའི་བློ་ཡང་འཁྲུལ་པར་གྲུབ་བོ། །ཡང་མདོ་སྡེ་པས་འདི་ལྟར་སྣང་བ་འདི་རྣམས་ཤེས་པའི་སྣང་བ་ཡིན་ལ། ཕྱི་རོལ་གྱི་དོན་ནི་ཤེས་པའི་རྣམ་པ་དེ་སྐྱེད་པའི་རྒྱུ་ཡིན་པས་དོན་སྐད་ཅིག་གིས་སྔ་ལ་ཤེས་པ་སྐད་ཅིག་གིས་ཕྱི་བས་དུས་ཐ་དད་པའི་གཟུང་འཛིན་དུ་ངེས་པར་འདོད་པ་ལ། འདྲ་བར་སྐྱེད་པ་ཙམ་དམིགས་པའི་ཡུལ་གྱི་མཚན་ཉིད་ཡིན་ན། མཚུངས་པ་དེ་མ་ཐག་པའི་ཤེས་པ་སྔ་མ་ཡང་ཕྱི་མའི་དམིགས་པར་འགྱུར་ཏེ་མིག་གི་རྣམ་ཤེས་སྔོ་སྣང་སྔ་མ་དང་མིག་གི་རྣམ་ཤེས་སྔོ་སྣང་ཕྱི་མ་ཡང་འདྲ་ཞིང་སྔ་མ་ལས་ཕྱི་མ་སྐྱེས་པས་སྔ་མ་ཕྱི་མའི་

-11-

ཡུལ་དུ་འགྱུར་རོ། །ཞེས་པ་ལ་སོགས་པ་སེམས་ཙམ་པས་གཟུང་འཛིན་འགོག་པའི་རིགས་པ་དུ་མ་བཀོད་པས་གནོད་པས་མདོ་སྡེ་པའི་བློ་འཁྲུལ་པརགྲུབ་བོ། །སེམས་ཙམ་པ་ཡང་གཉིས་ལས་རྣམ་བདེན་པས་སྣང་བ་ཐམས་ཅད་ཤེས་པའི་རྣམ་པར་བདེན་ནོ་ཞེས་འདོད་པ་ལ། རྣམ་བརྫུན་པས་འདི་སྐད་བརྗོད་དེ། དཔེར་ན་ཕྱི་རོལ་གྱི་དོན་ནི་ཆ་དུ་མར་སྣང་བས་གཅིག་ཏུ་བདེན་པ་མེད་པ་ལྟར། རྣམ་པ་ཡང་དཀར་དམར་སྣ་ཚོགས་སུ་སྣང་བའི་ཕྱིར་ཤེས་པ་ཡིན་པར་འགལ་ལོ། །ཞེས་པས་གནོད་པའམ། ཡང་རྣམ་བརྫུན་པས་གཟུགས་ལ་སོགས་པ་ཕྱི་རོལ་ན་གང་སྣང་བ་ཐམས་ཅད་ནི། གཏན་མེད་པའི་དོན་སྣང་བ་བརྫུན་པ་ཁོ་ན་ཡིན་ལ་འཛིན་ཆར་སྣང་བའི་ཤེས་པ་བདེ་སྡུག་ལ་སོགས་པ་ནི་དོན་དམ་པར་ཡོད་དོ་ཞེས་འདོད་པ་ལ། དབུ་མ་པས་ཤེས་པའི་སྐད་ཅིག་ལ་ཐོག་མ་དང་དབུས་དང་ཐ་མ་གསུམ་དུ་ཕྱེ་ཞིང་དེ་རེ་རེ་ལ་ཡང་ཕྱེ་བས། མཐར་བདེན་པའི་རང་བཞིན་ཐམས་ཅད་ཁེགས་པས་གནོད་ཅིང་། ཡང་འོག་ནས་ཀྱང་རྡོ་རྗེ་གཟེགས་མ་ལ་སོགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཀྱང་གནོད་པར་བཤད་པས་ཡུལ་བདེན་པ་ཁེགས་པ་ན་རྣམ་བརྫུན་པའི་བློ་ཡང་འཁྲུལ་པར་གྲུབ་བོ། །འོ་ན་དབུ་མ་པའི་བློ་འཁྲུལ་པར་སྒྲུབ་བྱེད་ཡོད་དམ་མེད། མེད་ན་བློ་ཐམས་ཅད་འཁྲུལ་པར་འདོད་པ་ཉམས་སོ། །འཁྲུལ་པར་སྒྲུབ་བྱེད་ཡོད་ན་ཡང་རྟེན་ལུས་དང་བསམ་པ་ནས་བཟུང་སྟེ་བསམ་གཏན་གྱི་བར་ཐམས་ཅད་ཀྱི་བསྒྲུབ་བྱ་ནི་ཤེས་རབ་ཡིན་ན། སྟོང་པ་ཉིད་འཇལ་བའི་ཤེས་རབ་དེ་འཁྲུལ་ན་ཡང་སྟོང་ཉིད་མི་བདེན་པར་འགྱུར་བས། མི་འདོད་ཀྱང་ཆོས་ཐམས་ཅད་བདེན་པའི་རང་བཞིན་ཡོད་པར་འགྱུར་ཏེ་མཚོན་ཁའི་སྦྱོར་བ་ཉེས་པ་ལྟར་རང་ཉིད་ལ་ཉེས་པ་དང་བཅས་སོ་ཞེ་ན། ཁོ་བོ་ཅག་དབུ་མ་པ་ནི་བདེན་པ་ཡུལ་དུ་བྱེད་པའི་བློ་མ་འཁྲུལ་བ་ཡོད་པར་འདོད་པས་འཁྲུལ་པར་སྒྲུབ་པ་ཅི་དགོས། ཤེས་རབ་ཀྱི་ཡུལ་ཡང་སྟོང་པ་ཉིད་ཅེས་པ་ཡིན་པར་མི་འདོད་དེ། དངོས་པོ་མ་གྲུབ་པས་དེའི

་-12-

སྟོང་ཉིད་ཀྱང་ག་ལ་འགྲུབ། འོག་ཏུ་དེ་ཚེ་དངོས་མེད་རྟེན་བྲལ་བ། །བློའི་མདུན་ན་ཇི་ལྟར་གནས་ཞེས་པ་དང་། དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལྟར། དམིགས་པ་ཐམས་ཅད་རབ་ཏུ་ཞི་བས་ཡུལ་མེད་པ་ལ་ཡུལ་ཞེས་པ་བསྙད་པ་ཙམ་དུ་ཟད་དོ། །དེས་ན་སློབ་དཔོན་གྱིས་ཀྱང་གང་གི་ཕྱོགས་ལ་ཡོད་པ་དང་། །མེད་དང་ཡོད་མེད་མི་འགྲུབ་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱར་མི་ནུས། །ཞེས་གསུངས་སོ། ། འདིར་འགྲེལ་ཆེན་མཁན་པོ་ན་རེ། རྣལ་འབྱོར་པ་ནི་འཕགས་པའོ། །ཕལ་པ་ནི་སོ་སོའི་སྐྱེ་བོ་ལ། སོ་སོའི་སྐྱེ་བོས་བདག་ཏུ་འཛིན་པ་ལ། འཕགས་པས་བདག་མེད་རྟོགས་པས་གནོད་ཅིང་། འཕགས་པ་ཡང་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ཀྱང་། མཆོག་གི་དོན་དུ་མ་རྟོགས་པས། དེ་ལ་གཉིས་པས་མཆོག་གི་དོན་དུ་རྟོགས་པས་གནོད་ལ། ས་གཉིས་པས་མཆོག་གི་དོན་དུ་རྟོགས་ཀྱང་རྒྱུ་མཐུན་པའི་དོན་དུ་མ་རྟོགས་པ་ལ། ས་གསུམ་པས་རྒྱུ་མཐུན་པའི་དོན་གྱི་མཆོག་ཏུ་རྟོགས་པས་གནོད་པ་ལ་སོགས་པ་ནི་གོང་མ་གོང་མས་གནོད་པའི་ཚིག་གི་དོན་ནོ་ཞེའོ། །འོ་ན་དེ་དག་ནི་མངོན་སུམ་གྱིས་གནོད་པ་ཡིན་ལ། གཞུང་འདིར་ནི་རྗེས་དཔག་གིས་གནོད་བྱེད་དུ་བཤད་དེ། གཉིས་ཀ་ཡང་ནི་འདོད་པའི་དཔེས་གནོད་ཅེས་པ་དང་མི་འགལ་ལམ་ཞེ་ན། འདིར་ནི་རྗེས་དཔག་མ་ཡིན་གྱི་རྩོད་པ་སྤོང་བར་འདོད་པའི་དཔེ་ཡིན་པས་འགལ་བ་མེད་དོ་ཞེས་འཆད་པ་ནི་འདི་ལ་མི་རིགས་པ་མེད་དོ། ། ཡང་ཁ་ཅིག་ན་རེ། རྣལ་འབྱོར་པ་ནི་འཕགས་པ་རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་རོ། །ཕལ་པ་ནི་སོ་སོའི་སྐྱེ་བོའོ། །དེ་ལ་ཕལ་པས་བདག་ལ་སོགས་པ་ཡོད་པར་འདོད་པ་ལ་ནི་བདག་མེད་གཟིགས་པས་གནོད་ལ། རྣལ་འབྱོར་པ་ལ་ཡང་ཆོས་ཀྱི་བདག་ཏུ་མཐོང་བ་ལ། གཟུང་འཛིན་མེད་པར་མཐོང་བས་གནོད་ཅིང་རྣམ་རིག་ཙམ་དུ་མཐོང་བ་ལ་ཡང་སྣང་མེད་པའི་ཡེ་ཤེས་ཀྱིས་གནོད་པས་བློ་འཁྲུལ་པར་གྲུབ་པ་ན། དོན་དམ་པའི་བདེན་པ་བློའི་ཡུལ་མ་ཡིན་པར་གྲུབ་ལ། དེས་

-13-

ན་བདེན་པ་གཉིས་ཀྱི་མཚན་ཉིད་རྣམ་པར་བཞག་པ་གྲུབ་བོ། །འོ་ན་དེ་ལྟར་གནོད་པ་དེ་སོ་སོའི་སྐྱེབོས་ཇི་ལྟར་ཤེས་ཞེ་ན། རྗེས་དཔག་གིས་ཏེ་སེར་སྐྱ་ལ་སོགས་པས་བརྟགས་པའི་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་ཏུ་གཟུང་འཛིན་དང་། །རྣམ་རིག་ཙམ་ཉིད་མེད་པར་ནི་གཉི་ག་ཡང་ནི་འདོད་པའི་དཔེས་དེ་དཔེ་དང་ལྡན་པའི་རྗེས་དཔག་གིས་དེ་ལྟར་ངེས་སོ་ཞེས་པ་ནི་ཚིག་གི་ལྷག་མའོ། །འོ་ན་ཚད་མ་དེ་ཡིན་པས་རྣལ་འབྱོར་གྱི་བློ་གནོད་བྱེད་དུ་བཀོད་པ་ཇི་ལྟར་ཡིན་ཞེ་ན། རྣལ་འབྱོར་གྱི་བློ་གནོད་བྱར་ངེས་པར་བྱ་བའི་ཕྱིར་བཀོད་པའམ་ཡང་ན་འཕགས་པའི་གནོད་བྱེད་གོང་མ་གོང་མ་ཉིད་ཡིན་པ་ལ་འགལ་བ་ཅི་ཡོད་དེ། སོ་སོའི་སྐྱེ་བོས་ནི་རྗེས་དཔག་གིས་གནོད་པར་བརྗོད་ཟིན་པའི་ཕྱིར་རོ་ཞེས་ཀྱང་འཆད་དོ། །དེ་ལྟར་ན་བཤད་པ་དང་པོ་དང་ཐ་མ་གཉིས་ཀའི་སྐབས་སུ་གོང་མ་གོང་མ་རྣམས་ཀྱིས་གནོད་ཅེས་པའི་གནོད་བྱེད་ཀྱི་ཚད་མའི་ཕྱོགས་ཙམ་ཞིག་སྟོན་པ་ནི། གཉིས་ཀ་ཡང་ནི་འདོད་པའི་དཔེས་ཞེས་པ་སྟེ། རྒོལ་བ་དང་ཕྱི་རྒོལ་བ་གཉི་ག་བརྫུན་པ་ཉིད་དུ་འདོད་པའི་རྨི་ལམ་དང་། སྒྱུ་མ་ལ་སོགས་པ་ལ་ཁྱབ་པ་གྲུབ་པ་ལ་ཞུགས་པའི་རྗེས་དཔག་ཚད་མས་གནོད་ཅེས་པའི་དོན་ནོ། ། དེ་ཡང་གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི། དངོས་པོར་མེད་དེ་སྒྱུ་མ་ལ་སོགས་པ་བཞིན་ནོ། །འདི་ལྟར་སྣང་བ་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དངོས་པོར་མེད་དོ་ཞེས་པ་ལ་སོགས་པ་ལྟ་བུ་སྟེ་དེ་ལྟར་གཉི་ག་ཡང་ནི་འདོད་པའི་དཔེས་གནོད་ཅེས་སྦྱར་རོ་ཞེས་ཁ་ཅིག་འཆད་པ་ནི། མི་བདེན་དེ། འདིར་གནོད་བྱེད་ནི་གོང་མ་གོང་མ་རྣམས་ཀྱིས་གནོད་ཅེས་རྣལ་འབྱོར་པའི་བློ་གོང་མ་གོང་མ་ཉིད་ཡིན་པར་བཤད་པས་སོ། །དེའི་ཕྱིར་དེ་ལ་རྩོད་པ་སྤང་བ་ནི་འདི་ནསཏེ། །གཞན་དག་ནི་ཁྱེད་དབུ་མ་ལྟར་ན་དོན་ཐམས་ཅད་མི་བདེན་པ་དང༌། བློ་ཐམས་ཅད་འཁྲུལ་པར་འདོད་ན་ས་དང་པོ་ཡན་ཆད་ཐོབ་པའི་འཕགས་པ་རྣམས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་། སེམས་ཅན་སྨིན་པརབྱེད་པ་ལ་

-14-

སོགས་པ་སྣང་བཅས་ཀྱི་སྤྱོད་པ་དེ་དག་ཐམས་ཅད་འདོར་བར་འགྱུར་ཏེ། དོན་ཐམས་ཅད་མི་བདེན་པ་དང་བློ་ཐམས་ཅད་འཁྲུལ་པར་མཁྱེན་པའི་ཕྱིར་རོ་ཞེ་ན། དེའི་ལན་དུ་གཉི་ག་ཡང་ནི་ཞེས་པ་ནས་ཚིགས་རྐང་གཉིས་ཏེ། དཔེར་ན་སྒྱུ་མའི་མཁན་པོ་འགའ། །སྤྲུལ་པ་ཐར་བར་བྱ་ཕྱིར་བརྩོན། །གང་ཕྱིར་དེས་འདི་སྔོན་ཤེས་པ། །དེ་ནི་སྤྲུལ་ལ་ཆགས་པ་མེད་ཅེས་གསུངས་པའི་ཚུལ་གིས་དེ་ལྟར་ཁྱེད་དང་ཁོ་བོ་ཅག་གཉི་ག་བརྫུན་པར་འདོད་པའི་དཔེས་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་མི་བདེན་པར་ཤེས་ཀྱང༌། དགོས་པ་ཉེ་བར་བཟུང་ནས་མ་དཔྱད་པར་བསྟན་པ་བཞིན་དུ། རྣལ་འབྱོར་པ་ཆོས་ཐམས་ཅད་མི་བདེན་པར་རྟོགས་པ་དག་ཀྱང༌། འབྲས་བུའི་དོན་དུ་མ་དཔྱད་པར་འཇུག་སྟེ། དེ་ལ་འབྲས་བུ་ནི་ཚོགས་རྫོགས་པ་དང་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར། མ་དཔྱད་པ་སྟེ་བརྟག་དཔྱད་མ་བྱས་པའི་བློའི་ཡུལ་སྣ་ཚོགས་དང་བཅས་པའི་བློ་མི་འདོར་བ་ལ་འགལ་བ་ཅི་ཡོད་དེ་དཔྱད་ན་དེ་དག་ཀྱང་མི་གནས་པའི་ཕྱིར་རོ། །དེས་ན་འཁྲུལ་པ་ཡིན་ཡང་འབྲས་བུ་དང་བཅས་ན་འཇུག་སྟེ། ཕ་དང་མ་དང་ཆུང་མར་བཅས་པ་ཡོངས་བསྡུས་ནས། །དགྲ་བྱེད་མང་པོ་དགོན་པའི་ལམ་དུ་ཕྱིན་པ་དང་། །དེའི་དཔའ་ཞིང་རྟུལ་ཕོད་སྐྱེད་བུ་མང་སྤྲུལ་ཏེ། །བདེ་བར་སོང་ཞིང་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། །ཞེས་པ་ལ་སོགས་པ་བཤད་པ་བཞིན་ནོ། །དེ་ལྟར་ན་འཇིག་རྟེན་པ་དང་རྣལ་འབྱོར་པ་ལ་རྟོགས་པའི་ཁྱད་ཅི་ཡོད་དེ་འཇིག་རྟེན་པ་ཡང་སྣང་བ་དང་བཅས་པ་འདི་ཁས་ལེན་པས་སོ་ཞེ་ན། འཇིག་རྟེན་པས་ནི་གཟུགས་ལ་སོགས་པ་དངོས་པོར་མཐོང་ཞིང་། དེ་ཡང་ཡང་དག་ཉིད་དུ་རྟོགས་པར་བྱེད་ཀྱི། སྒྱུ་མ་ལྟ་བུར་མི་རྟོགས་པསརྣལ་འབྱོར་པ་དང་འཇིག་རྟེན་པ་མི་མཐུན་པས་རྩོད་པར་བྱེདདོ། །དེའི་ཕྱིར་རྟོགས་པ་ལ་ཁྱད་པར་མེད་པར་ག་ལ་འགྱུར། དེ་ལྟར་བདེན་པ་གཉིས་ཀྱི་རང་བཞིན་རྣམ་པར་བཞག་པ། དེ་ནས་དེ་ལ་རྩོད་པ་སྤང་བ་འཆད་དོ། །དེ་ལས་དང་པོ་ཆོས་ཐམས་ཅད་ཀུན་རྫོབ་སྒྱུ་མ་ལྟ་བུར་ཁས་བླངས་པ་ལ།

-15-

མདོ་སྡེ་པ་ལ་སོགས་པ་ན་རེ། ཤེས་པ་ལྔའི་སྤྱོད་ཡུལ་གཟུགས་ལ་སོགས་པ་བདེན་པར་མངོན་སུམ་གྱིསགྲུབ་པས་སྒྱུ་མ་འདོད་པ་ལ་གནོད་དོ་ཞེ་ན་ཞེས་རྩོད་པ་ལ། དེའི་ལན་དུ་གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། མ་དཔྱད་པར་འཇུག་པའི་བློའི་ཡུལ་དུ་གྲགས་པ་ཙམ་གྱིས་གྲུབ་པ་ཡིན་གྱི། དེ་ཁོ་ན་ཉིད་ཀྱི་ཚད་མས་གྲུབ་པ་ནི་མ་ཡིན་ཏེ། བརྟགས་ནགཟུགས་ལ་སོགས་པ་རང་བཞིན་མེད་པའི་ཕྱིར་རོ། །དེ་ཡང་དཔེར་ན་བུད་མེད་ཀྱི་ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་བདག་ཉིད་ལ་སྐྱེས་བུ་འདོད་པ་ཅན་དག ། གཙང་བའི་མཚན་ཉིད་དུ་མངོན་སུམ་དུ་གྲུབ་བོ་ཞེས་མ་དཔྱད་པའི་བློས་བརྟགས་པ་ཙམ་ཡིན་པ་བཞིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པ་བདེན་པ་བཞི་དང་། མི་རྟག་པ་ལ་སོགས་པ་ཆོས་ཙམ་དུ་གསུངས་པས། ཁྱེད་ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུར་འདོད་པ་ལ་གནོད་དོ་ཞེ་ན། ལུང་གི་གནོད་པ་སྤང་བ་ལ་གཉིས་ལས་དང་པོ་ཆོས་ཐམས་ཅད་དངོས་པོར་ཡོད་པར་གསུངས་པའི་ལུང་དགོངས་པ་ཅན་དུ་བསྟན་པའི་ཕྱིར། དགོངས་ཏེ་གསུངས་པའི་དགོས་པ་བསྟན་པ་ནི་འཇིག་རྟེན་ཞེས་པ་སྟེ། དངོས་པོར་འཛིན་པ་ཤས་ཆེ་བ་བློ་གྲོས་དམན་པ་རྣམས་དོན་དམ་པར་རང་བཞིན་མེད་པ་ལའམ། བསྟན་པ་ལ་རིམ་གྱིས་གཞུག་པའི་དོན་དུ་མགོན་པོས་ཕུང་པོ་ལ་སོགས་པའི་དངོས་པོ་དང་སྐད་ཅིག་མ་ལ་སོགས་པ་དག་བདེན་པར་ཡོད་པ་སྐད་དུ་བསྟན་པར་ཟད་ཀྱི་ཡང་དག་པ་ནི་མེད་དོ། །དེའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་གྱིས། དེ་ཉིད་འཚོལ་བ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པའོ་ཞེས་གསུངས་སོ། ། གཉིས་པ་དངོས་ཀྱི་དོན་ལ་གནོད་པས་དེ་བསྒྲུབ་པ་ལ་གནོད་པ་དངོས་བརྗོད་པ་ནི། དེ་ཉིད་དུ་དེ་དག་སྐད་ཅིག་མ་ཉིད་མིན་ཞེས་པ་སྟེ། དེ་ཁོ་ན་སྐད་ཅིག་མ་ཆ་ཤས་མེད་པར་ཡོད་ན། དུས་རིང་པོའི་རྩ་བྱེད་དུ་འགལ་ཏེ། བསྐལ་པའམ་སྐད་ཅིག་གི་ཚད་ཙམ་དུ་འགྱུར་བས་

-16-

སོ། །དེ་བས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས་ཞེས་གསུངས་ཏེ། དུས་ཀྱི་ཆ་ཤས་བཞིགས་ན་སྐད་ཅིག་མ་མ་གྲུབ་པར་དགོངས་པའོ། ། འོ་ན་བདེན་པ་བཞི་པོ་སྐད་ཅིག་མ་ལ་སོགས་པ་གསུངས་པ་དེ་དོན་དམ་པར་ཀུན་རྫོབ་ཡིན་དགོས་ན། ཀུན་རྫོབ་ནི་བློ་ལ་ཇི་ལྟར་སྣང་བ་ལྟར་ཡིན་པ་ལས། སྐད་ཅིག་མ་འཇིག་རྟེན་པའི་སྣང་བའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ་སྙམ་ནས་ཀུན་རྫོབ་དུ་ཡང་འགལ་ལོ་ཞེ་ན། ཞེས་རྩོད་པ་ལ། དེའི་ལན་དུ་རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ་ཞེས་པ་སྟེ་འཇིག་རྟེན་པའི་བློ་ལ་སྣང་བས་ཀུན་རྫོབ་ལས་མ་འདས་སོ། །དེ་ལྟར་སྐད་ཅིག་མ་ཀུན་རྫོབ་ཡིན་ན་སྐད་ཅིག་མ་མངོན་སུམ་དུ་མཐོང་བ་དེ་ཁོ་ན་མཐོང་བ་ཡིན་པར་བཤད་པ་དང་འགལ་ལོ་ཞེ་ན། འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་ཞེས་གསུངས་ཏེ། འཇིག་རྟེན་པ་རྟག་པ་ལ་སོགས་པར་འཛིན་པའི་ཕྱིན་ཅི་ལོག་བློ་ཅན་ལ་ལྟོས་ནས། སྐད་ཅིག་མ་མཐོང་བ་དེ་དེ་ཁོ་ན་ཉིད་མཐོང་བར་བཞག་སྟེ། ཡང་དག་པའི་ཀུན་རྫོབ་རྣམ་གྲངས་ཀྱི་དོན་དམ་དུ་གནས་པའོ། །དེ་ལས་གཞན་དུ་སྟེ། རྟག་པར་འཛིན་པ་དང་སྐད་ཅིག་ཏུ་རྟོགས་པ་གཉིས་དོན་དམ་པར་འཁྲུལ་པར་ཁྱད་མེད་པ་བཞིན་དུ། ཀུན་རྫོབ་ཏུ་ཡང་འཁྲུལ་པར་ཁྱད་མེད་པར་ཁྱེད་འདོད་པ་ལ། དེས་ན་འཁྲུལ་པར་ཁྱད་མེད་པ་ཙམ་གྱིས་རྟག་པར་འཛིན་པ་ལ་སོགས་པའི་འཇིག་རྟེན་པ་ལ་ལྟོས་ཀྱང་། སྐད་ཅིག་མ་རྟོགས་པ་དེ་ཁོ་ན་ཉིད་མ་མཐོང་སྟེ་ཕྱིན་ཅི་མ་ལོག་པའི་བློ་མ་ཡིན་ན། སྐད་ཅིག་མ་རྟོགས་པ་དེས་རྟག་འཛིན་མི་གནོད་པར་འགྱུར་ཏེ་དེ་གཉིས་སྟོབས་མཚུངས་པས་སོ། །ཡང་ན་དེ་གཉིས་ཕན་ཚུན་གནོད་པས་འཆོལ་བར་འགྱུར་རོ། །དེ་ལྟར་ན་ཡང་རྣལ་འབྱོར་པས་བུད་མེད་མི་གཙང་བར་ངེས་པར་རྟོགས་པའི་བློ་ལ་ཡང་། འཇིག་རྟེན་པས་བུད་མེད་གཙང་བར་འཛིན་པས་གནོད་པར་འགྱུར་ན། བུད་མེད་མི་གཙང་བར་སྒོམ་པ་ནི་གཙང་བར་རྟོག་པའི་གཉེན་

-17-

པོར་ཁྱེད་རང་ཡང་འདོད་པ་ནི་ཡིན་ནོ། །དེ་བས་ན་དོན་དམ་པར་གང་ཡང་མ་གྲུབ་པར་མཚུངས་ཀྱང༌། ཀུན་རྫོབ་ཏུ་འཁྲུལ་པ་དང་མ་འཁྲུལ་བའི་ཁྱད་པར་གྲུབ་པས་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་བར་གསུངས་ཀྱི། ཡང་དག་པར་ན་སྐད་ཅིག་མར་སྣང་བ་དེ་ཡང་མི་བདེན་པའི་དོན་སྣང་བ་ཡིན་པས་འཁྲུལ་པ་ལས་ག་ལ་འདས། དེ་ལ་ལུང་གཞན་གྱིས་གནོད་པ་སྤང་བ་ལ་བཞི་ལས་དང་པོ་ཚོགས་ཀྱི་རྟེན་གསུངས་པས་མི་གནོད་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟར་མི་བདེན་ན་སངས་རྒྱས་ཀྱང་བརྫུན་པས། དེ་ལ་མཆོད་པ་ལ་སོགས་པས་ཚོགས་རྫོགས་པར་བཤད་པ་དེ་མི་རུང་ངོ་སྙམ་ན། སྒྱུ་འདྲའི་ཞེས་པ་རྩ་བ་གཉིས་ཏེ། ཁྱེད་ཀྱི་ལྟར་དོན་དམ་པར་སངས་རྒྱས་ཡོད་ཀྱང་དེ་ཙམ་གྱིས་ཚོགས་རྫོགས་པ་མ་ཡིན་གྱི། བསམ་པའི་ཁྱད་པར་གྱིས་ཏེ་ཞིང་དམ་པར་མོས་ཞིང་མཆོད་པ་ལ་སོགས་པའི་ལས་བྱས་པ་ལས་ཡིན་ན། དེ་ནི་ཁོ་བོ་ཅག་དབུ་མ་པའི་སངས་རྒྱས་སྒྱུ་མ་ལྟ་བུ་ལ་ཡང་མཚུངས་ཏེ། རབ་འབྱོར་སྤྲུལ་པ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་ཡོངས་སུ་སྦྱོང་བ་ལ་སོགས་པ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་བསོད་ནམས་ལ་སོགས་པའི་ཐམས་ཅད་སྒྱུ་མ་ལྟ་བུར་ཡོད་དོ། །གལ་ཏེ་ཆོས་ཐམས་ཅད་སྒྱུ་མ་དང་མཚུངས་ན་བཅོམ་ལྡན་འདས་ཀྱིས་སྲིད་པ་འདི་ནས་ཤི་ནས། སྲིད་པ་གཞན་རྗེས་སུ་འཛིན་པའི་རྒྱུན་རྗེས་སུ་འཇུག་པར་ལྟར་གསུངས་པ་ཡིན་ལ་སྒྱུ་མའི་རྟ་གླང་ནི་ཤི་ནས་ཡང་མི་སྐྱེ་བ་ཡིན་པས་ཇི་ལྟར་འཐད་སྙམ་ནས་རྒོལ་བ་ནི་གལ་ཏེ་ཞེས་པའོ། །དེའི་ལན་དུ་གཉིས་པ་ཉིང་མཚམས་སྦྱོར་བ་གསུངས་པས་མི་གནོད་པ་ནི་ཇི་སྲིད་ཅེས་པ་ལ་སོགས་པ་སྟེ། དཔེར་ན་རྡེའུ་དེར་སྔགས་ལ་སོགས་པ་སྒྱུ་མའི་རྐྱེན་ཚོགས་པ་ཇི་སྲིད་གནས་ཀྱི་བར་དུ་སྒྱུ་མའི་རྟ་གླང་ལ་སོགས་པའི་རྒྱུན་རྗེས་སུ་འཇུག་པ་ལྟར། མ་རིག་པ་དང་སྲེད་པ་ལ་སོགས་པ་སེམས་སྒྱུ་མ་ལྟ་བུ་ནི་རྒྱུ་རྐྱེན་ཚང་བ་དེ་སྲིད་དུ། སེམས་ཅན་ཡང་སྐྱེ་བ་ལེན་པས་སེམས་ཅན་གྱི་རྒྱུན་རྗེས་སུ་

-18-

འཇུག་པ་མི་འགལ་ལོ། །གལ་ཏེ་དེ་ལྟ་ན་ཚེ་ཐོག་མ་མེད་པས་སྐྱེ་བ་དང་འཆི་བ་རྒྱུད་པ་རྒྱུན་མ་ཆད་པར་འབྱུང་ན་སེམས་ཅན་གྱི་རྒྱུན་རྒྱུད་བདེན་པར་འགྱུར་རོ་ཞེ་ན། རྒྱུན་རིང་བ་ཙམ་གྱིས་བདེན་པར་མི་འགྲུབ་ལ་རྒྱུན་ཐུང་བ་ཙམ་གྱིས་བརྫུན་པར་མི་འགྲུབ་པ་ནི། རྒྱུན་རིང་ཙམ་གྱིས་ཞེས་པ་སྟེ། སྒྱུ་མ་ལོ་ཙམ་དུ་གནས་པ་དང་སེམས་ཅན་ཉིན་ཕྱེད་ཙམ་གནས་པའང་སྔ་མ་བདེན་ཞིང་ཕྱི་མ་བརྫུན་པར་ཐལ་བས་ན་རྟོག་པ་འདི་ནི་ཤེན་ཏུ་མི་རིགས་སོ། །གལཏེ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། སེམས་ཅན་བསད་པ་དང་ཕན་བཏགས་པ་ལ་སོགས་པ་ལས་སྡིག་པ་དང་བསོད་ནམས་མི་འབྱུང་བར་འགྱུར་ཏེ། སེམས་ཅན་ཡང་སྒྱུ་མ་ལྟར་བརྫུན་པའི་ཕྱིར། དཔེར་ན་སྒྱུ་མའི་སྐྱེས་བུ་དང་སྒྱུ་མའི་རྟ་གླང་ལ་སོགས་པ་བསད་པ་ལ་སྡིག་པ་མི་འབྱུང་བ་བཞིན་ནོ། །དེས་ན་མདོ་དང་འགལ་ལོ་ཞེན། །གསུམ་པ་ལས་ཀྱི་རྟེན་གསུངས་པས་མི་གནོད་པ་ནི་སྒྱུ་མའི་ཞེས་པ་སྟེ། སྒྱུ་མ་ཙམ་དུ་འདྲ་ཡང་སྒྱུ་མའི་སེམས་ཡོད་མེད་མི་འདྲ་བས་སྒྱུ་མའི་སེམས་ལ་བསད་ན་སྡིག་པ་དང་། ཕན་བཏགས་ན་བསོད་ནམས་འབྱུང་བ་ལ་སྒྱུ་མ་སེམས་མེད་པ་ལ་དེ་ལྟ་མ་ཡིན་པས་སོ། །འོ་ན་སྒྱུ་མར་འདྲ་བ་ལ་སེམས་ཡོད་མེད་ཉིད་མི་རིགས་སོ་ཞེ་ན། སྔགས་སོགས་ཞེས་པ་སྟེ་རྒྱུའི་ནུས་པ་མི་འདྲ་བས་འབྲས་བུའི་རྣམ་པར་དབྱེ་བ་སེམས་ཡོད་པ་དང་མེད་པ་འཐད་དོ། །རྒྱུའི་ནུས་པ་མི་འདྲ་བ་ལས་འབྲས་བུའི་རྣམ་པར་དབྱེ་བ་འགྲུབ་པའི་དཔེ་ནི། སྣ་ཚོགས་རྐྱེན་ལས་བྱུང་བའི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད་ཅེས་པ་སྟེ། དཔེར་ན་རྡེའུ་དང་ཤིང་བུ་ལ་སོགས་པ་སྒྱུ་མའི་རྒྱུ་རྐྱེན་མི་འདྲ་བ་ལས་འབྲས་བུ་སྒྱུ་མའི་རྟ་གླང་ལ་སོགས་པ་ཐ་དད་པ་འབྱུང་བ་བཞིན་ནོ། ། བཞི་པ་འཁོར་བདང་མྱ་ངན་ལས་འདས་པ་ཐ་སྙད་ཡོད་པས་མི་གནོད་པ་ལས་དང་པོ་རྒོལ་བ་དགོད་པ་ནི་གལ་ཏེ་ཞེས་པ་ནས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་མྱ་ངན་ལས་འདས་པ་དང་། འཁོར་བ་གློ་བུར་གྱི་སྒྲིབ་པ་ཀུན་རྫོབ་འདི་གཉིས་འགལ་

-19-

ལམ་མི་འགལ། འགལ་ན་འཁོར་བ་ལ་རང་བཞིན་གྱིས་རྣམ་པར་དག་པ་ཡོད་དམ་མེད། མེད་ན་དེ་འཁོར་བ་བས་འབད་ཀྱང་མྱ་ངན་ལས་འདས་པ་མི་ཐོབ་པར་འགྱུར་ཏེ་སོལ་བ་བསྡར་བས་དཀར་པོར་མི་འབྱུང་བ་བཞིན་དུ་འབད་པ་དོན་མེད་དོ། །འཁོར་བ་ལ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཡོད་ན་ནི་དེ་གཉིས་འགལ་བས། གློ་བུར་གྱི་ཉེས་པས་མ་གོས་པའི་ཕྱིར་འབད་མི་དགོས་པར་ཐར་པ་ཐོབ་པར་འགྱུར་རོ། །འོན་ཏེ་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པར་མྱ་ངན་ལས་འདས་པ་དང་། འཁོར་བ་གློ་བུར་གྱི་སྒྲིབ་པ་ཀུན་རྫོབ་འདི་མི་འགལ་ན། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་དེ་ལྟ་ན་སྟེ་གལ་བ་མེད་ན། སངས་རྒྱས་ཀྱང་ནི་འཁོར་བར་འགྱུར་རོ། །འདིའི་དོན་ནི་དོན་དམ་པར་ཆོས་ཐམས་ཅད་མ་གྲུབ་པས་རང་བཞིན་གྱིས་མྱ་ངན་ལས་འདས་ཀྱང་། ཀུན་རྫོབ་ཏུ་འཁོར་བའི་སེམས་ཅན་ཡོད་པ་མི་འགལ་ན་སངས་རྒྱས་དོན་དམ་པར་མྱ་ངན་ལས་འདས་ཀྱང་ཀུན་རྫོབ་ཏུ་འཁོར་བ་མི་འགལ་བས་འཁོར་བར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སྤྱོད་པ་དོན་མེད་དོ་སྙམ་དུ་བསམ་ནས་རྒོལ་བའོ། །ལན་ཡང་འདི་ནི་ཁྱབ་པ་མ་གྲུབ་པ་སྟེ་དོན་དམ་པར་ཆོས་ཐམས་ཅད་མ་གྲུབ་པས་སེམས་ཅན་རང་བཞིན་གྱིས་མྱ་ངན་ལས་འདས་ཀྱང་། དེ་མ་ཤེས་པས་མ་རིག་པ་ལ་སོགས་པའི་རྒྱུ་རྐྱེན་མི་འཆད་ལ། རྐྱེན་རྣམས་རྒྱུན་ནི་མ་ཆད་ན། །འཁོར་བའི་རང་བཞིན་སྒྱུ་མའང་ལྡོག་པར་མི་འགྱུར་གྱི། གང་གི་ཚེ་ཡེ་ཤེས་ཀྱི་མེས་འཁོར་བའི་རྐྱེན་རྣམས་རྒྱུན་བཅད་པ་ན། མ་རིག་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་གསུམ་གྱི་རྒྱུན་ཆད་པས་འཁོར་བ་ཀུན་རྫོབ་ཏུ་ཡང་མི་འགྱུར་རོ་ཞེས་ལན་བཏབ་པའོ། །ཡང་ན་གལ་ཏེ་བློ་ཐམས་ཅད་འཁྲུལ་པ་ཀུན་རྫོབ་ཡིན་ན། འཁྲུལ་པ་ནི་འཁོར་བ་ཡིན་པས་འཁོར་བ་དང་ཀུན་རྫོབ་གཅིག་ཡིན་ནོ། །དེས་ན་འཁོར་བ་ལས་བཟློག་པ་མྱ་ངན་ལས་འདས་པ་དང་། ཀུན་རྫོབ་ལས་བཟློག་པས་དོན་དམ་པ་ཡང་གཅིག་ཡིན་པས། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་ཡིན་པ་དེ་ལྟ་

-20-

ནའོ། །འོ་ན་བློ་ཐམས་ཅད་འཁྲུལ་པ་ཀུན་རྫོབ་འཁོར་བ་ཡིན་པས་སངས་རྒྱས་བློ་དང་ལྡན་པའི་ཕྱིར་འཁོར་བར་འགྱུར་བ་ནས། བྱང་ཆུབ་ཀྱི་སྤྱོད་པ་བྱས་པ་དོན་མེད་པས་ཅི་ཞིག་བྱ་ཞེ་ན། ཞེས་པ་ཡང་མདོ་དང་འགལ་བར་རྩོད་པའོ། །འདིའི་ལན་ཡང་ཡེ་ཤེས་རྒྱུན་ཆད་དུ་འདོད་པ་ལྟར་ན་བློ་ཐམས་ཅད་འཁྲུལ་པ་ཀུན་རྫོབ་ཡིན་པས་འཁོར་བ་དང་གཅིག་ཀྱང་། སངས་རྒྱས་ལ་བློ་ཉིད་མེད་པས་འཁོར་བར་མི་འགྱུར་རོ་ཞེས་གཏན་ཚིགས་མ་གྲུབ་པས་ལན་འདེབས་སོ། །དེས་ན་གཞུང་དུ་ཡང་མ་རིག་པ་ལ་སོགས་པ་རྐྱེན་རྣམས་རྒྱུན་ནི་མ་ཆད་ན་འཁོར་བའི་རང་བཞིན་སྒྱུ་མའང་ལྡོག་པར་མི་འགྱུར་གྱི། སངས་རྒྱས་པའི་ཚེ་མ་རིག་པ་དང་སྲེད་པ་ལ་སོགས་པ་རྐྱེན་རྣམས་རྒྱུན་ནི་ཆད་པས་ན། ཀུན་རྫོབ་ཏུ་ཡང་ཡེ་ཤེས་མི་འབྱུང་བས་བློ་དང་ལྡན་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པས་འཁོར་བར་མི་འགྱུར་རོ་ཞེས་འཆད་དོ། །ཡེ་ཤེས་རྒྱུན་མ་ཆད་པ་ལྟར་ན་འདིའི་ལན་ནི་འདི་ལྟར་འཆད་དོ། །བློ་ཐམས་ཅད་འཁྲུལ་པ་ཀུན་རྫོབ་ཡིན་ཡང་དེ་ལ་འཁོར་བ་ཁོ་ན་ཡིན་པས་མ་ཁྱབ་པའི་ཕྱིར། སངས་རྒྱས་ཀྱི་བློ་ཀུན་རྫོབ་པ་དང་ལྡན་ཡང་འཁོར་བར་མི་འགྱུར་རོ་ཞེས་སོ། །དེ་ལྟར་ན་གཞུང་གི་དོན་ནི་འཁོར་བས་བསྡུས་པའི་རྐྱེན་རྣམས་རྒྱུན་ནི་མ་ཆད་ན་འཁོར་བས་བསྡུས་པའི་སྒྱུ་མ་ལྡོག་པར་མི་འགྱུར་གྱི། སངས་རྒྱས་པའི་ཚེ་འཁོར་བས་བསྡུས་པའི་རྐྱེན་རྣམས་རྒྱུན་ནི་ཆད་པས་ན་འཁོར་བས་བསྡུས་པ་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་ཞེས་བྱ་བ་སྟེ་འགྲེལ་པས་ཀྱང་ཕྱི་མ་ལྟར་འཆད་དོ། །དེས་ན་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ནི་མི་ལེགས་ཏེ། ཅི་རྒྱུ་ལོག་པའི་གཉེན་པོས་བཅོམ་སྟེ་རྒྱུན་ཆད། རྒྱུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མན་ཆད་ཀྱི་ཡེ་ཤེས་ཡོད་པས་མ་ལོག་པའི་ཕྱིར་རོ། །དེ་དག་ལོག་ན་སྒྲིབ་པ་མཐའ་དག་མ་སྤངས་པར་འགྱུར་ཏེ། གཉེན་པོ་མེད་པའི་ཕྱིར་རོ། །གཉེན་པོས་བཅོམ་པ་ནི་མི་སྲིད་དེ་དེ་འཇོམས་པའི་གཉེན་པོ་ཉིད་མེད་པའི་ཕྱིར་རོ། །གཞན་ཡང་སེམས་མེད་ན་སངས་རྒྱས་ཉིད་མེད་པས་དེའི་བསྟན་པ་མེད་ཅིང་། དེ་

-21-

སྒྲུབ་པའི་དགེ་བདུན་མེད་པའི་ཕྱིར་སྐྱབས་གནས་མེད་པས་སྐྱབས་འགྲོ་མེད་དང་། དཀོན་མཆོག་དོན་དུ་གཉེར་བའི་སེམས་བསྐྱེད་མེད་པར་ཡང་འགྱུར་ཏེ། རི་བོང་གི་རྭ་ལ་སྐྱབས་སུ་འགྲོ་བ་དང་དོན་དུ་གཉེར་བ་མེད་པ་བཞིན་ནོ། ། ཁ་ཅིག་ཡེ་ཤེས་ཡོད་མ་མྱོང་བས་རྒྱུན་ཆད་པ་དང་མ་ཆད་པའི་བརྟག་པ་འཇུག་པའི་གནས་མེད་དོ་ཞེས་པ་ནི་ལྷ་རྣམས་དགའ་བ་ཡིན་ཏེ། དོན་དམ་པར་ཡེ་ཤེས་ཡོད་པ་དང་དེ་རྒྱུན་ཆད་པར་འདོད་པའི་དབུ་མ་པ་དེ་སུ་ཡིན། དོན་དམ་པར་ལམ་སྒྲུབ་པ་ལ་སོགས་པ་ཐམས་ཅད་མེད་པས་ས་བཅུའི་བྱང་ཆུབ་སེམས་དཔའ་སོགས་པའང་མེད་པས། སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ལ་རྒྱུན་ཆད་མ་ཆད་ཀྱི་བརྟག་པ་བྱེད་པའི་རྒྱུ་བའི་ཡིན། དེས་ན་ཀུན་རྫོབ་ཏུ་སངས་རྒྱས་ཀྱི་ཡེ་ཤེས་ཡོད་མ་མྱོང་བས་རྒྱུན་ཆད་མ་ད་ཀྱི་བརྟག་པ་མི་འཇུག་ན། དཀོན་མཆོག་གསུམ་ཀུན་རྫོབ་ཏུ་ཡོད་མ་མྱོང་བས་སྔར་བརྗོད་པའི་ཉེས་པ་སྤོངས་ཤིག ། འོན་ཀྱང་བློ་ཐམས་ཅད་འཁྲུལ་པ་ཡིན་པས་འཁྲུལ་པ་ཟད་པའི་ཚེ་བློ་ཉིད་མེད་པས་ཡེ་ཤེས་རྒྱུན་ཆད་དོ་ཞེས་ཀུན་རྫོབ་ཙམ་དུ་ཡང་ཡེ་ཤེས་མེད་པར་དབུ་མ་པ་ཁ་ཅིག་འདོད་པ་ལ་དེ་ནི་མི་རིགས་ཏེ། དོན་དམ་པར་བློ་ཐམས་ཅད་ཀྱི་ཡུལ་བདེན་པར་མ་གྲུབ་པས་འཁྲུལ་ཞེས་ཐ་སྙད་དུ་བྱས་ལ། སྣང་གྲགས་ཀྱི་རྟེན་འབྲེལ་དོན་དམ་པར་མ་གྲུབ་པའི་སྒྱུ་མ་ལྟ་བུ་ལ་དེ་ལྟར་མཁྱེན་པའི་ཐུགས་ཀུན་རྫོབ་ཏུ་མ་འཁྲུལ་བ་ཉིད་ཡིན་པས། འཁྲུལ་པ་ཟད་ཀྱང་ཡེ་ཤེས་མི་ལྡོག་གོ །དེས་ན་འཚེ་བ་མེད་ལ་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཁྱེན་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་། སྤྲོས་པ་ཐམས་ཅད་དང་བྲལབའི་ཆོས་ཉིད་ཐུགས་སུ་ཆུད་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེསཏེ་ཡེ་ཤེས་དེ་གཉིས་ནི་སངས་རྒྱས་ལ་མངའ་བ་ཁོ་ན་སྟེ། དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པར་གསུངས་པ་དང་། སྐུའི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་

-22-

ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་པ་ལ་སོགས་པ་དང་། སྟོབས་དང་མི་འཇིགས་པ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པ་མངའ་བར་གནོད་པ་མེད་པ་ལ་ལུང་སྣ་ཚོགས་ཀྱིས་ཀྱང་གྲུབ་ལ། སྟོང་པ་ཉིད་སྒོམ་པའི་རྒྱུད་ཆོས་ཅན། གོམས་པའི་ཡན་ལག་དང་མ་བྲལ་ན་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་སྟེ། རྟེན་བརྟན་པ་དང་སྔར་བྱས་ཟིན་པ་འབད་པ་ལ་མི་ལྟོས་པར་གོམས་པ་ལ་ངང་གིས་ཁྱད་པར་དུ་འགྱུར་བའི་ཕྱིར་རོ་ཞེས་པའི་རྗེས་དཔག་གིས་ཀྱང་མཐར་ཐུག་གི་ཡེ་ཤེས་འབྱུང་དུ་རུང་བར་གྲུབ་པའི་ཕྱིར་རོ། ། འོ་ན་ཡེ་ཤེས་ཡོད་ན་དེ་ལ་རྗེས་ཐོབ་མངའ་འམ་མི་མངའ་ཞེ་ན། ཁ་ཅིག་ན་རེ་སངས་རྒྱས་ལ་རྗེས་ཐོབ་ཀྱང་ཡེ་ཤེས་ཡོད་ན་འཁྲུལ་པ་ཅན་དུ་འགྱུར་བས་རྗེས་ཐོབ་ཀྱི་ཡེ་ཤེས་ནི་མེད་ལ་མཉམ་གཞག་མ་འཁྲུལ་པ་ནི་ཡོད་དེ། ཐུགས་མཉམ་པར་མ་བཞག་པ་མི་མངའོ་ཞེས་པའི་ལུང་དང་། རྗེས་ཐོབ་ཡོད་ན་བྱང་ཆུབ་སེམས་དཔའ་དང་ཁྱད་ཅི་ཡོད་ཅེས་པ་ལ་སོགས་པའི་རིགས་པས་ཀྱང་ངེས་སོ་ཞེའོ། ། དེ་ནི་མ་ཡིན་ཏེ་མཉམ་གཞག་གི་ཡེ་ཤེས་དེས་རང་རིག་གམ་མ་རིག །རིག་ན་རང་ཀུན་རྫོབ་པ་དེ་རིག་པ་མཉམ་གཞག་འབའ་ཞིག་པ་དེ་ཉམས་སོ། །རང་མ་རིག་ན་ཡེ་ཤེས་དེ་ཤེས་པ་མ་ཡིན་པར་འགྱུར་ཏེ་བུམ་པ་བཞིན་ནོ། །རང་ཉིད་ཀུན་རྫོབ་པ་མ་ཡིན་ན་ཡང་དབུ་མ་ཉམས་སོ། །དེསན་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཉིད་རྗེས་ཤེས་ཡིན་པས་དེ་ནི་མངའ་བ་ཁོ་ནའོ། ། འོ་ན་རྗེས་ཐོབ་ཀྱང་མངའ་ན་དེ་ལ་རྟོག་པ་མངའ་འམ་མི་མངའ་ཞེ་ན། སློབ་དཔོན་དཔལ་སྦས་ན་རེ། སེམས་ཅན་གྱི་ནི་དོན་མཛད་ཐབས། །རྣམ་རྟོག་ཡེ་ཤེས་མངའ་བས་ན། །དེའི་ཀུན་མཁྱེན་རྩོམ་པ་ནི། །དེ་དོན་ཡིན་ཕྱིར་ཉེས་པ་མེད་ཅེས་གསུངས་པ་དང༌། སློབ་དཔོན་བྲམ་ཟེ་ཆེན་པོ་ན་རེ། ཡང་རྟོག་པ་མི་མངའ་ཡང་ཞེན་པ་ནི་མངའོ་ཞེས་གསུངས་ཏེ། ཞེན་པ་ཡང་རྟོག་པ་ལས་མ་འདས་མོད་ཀྱི། སངས་རྒྱས་ལ་སྒྲ་དང་དོན་བསྲེ་བའི་རྟོག་པ་ནི་མི་མངའོ། །དེ་ཡང་འདི་ལྟར་བརྡའི་དུས་ཀྱི་མཐོང་བ་དེ་ཕྱིས་ཐ་སྙད་ཀྱི་ཚེ་འཛིན་ན་སྒྲ་དོན་བསྲེ་ནུས་པ་ཡིན་པ་ལས། དེ་ལྟ་བུའི་སྔ་

-23-

ཕྱི་བསྲེ་བ་དང་སྒྲ་དོན་བསྲེ་བའི་རྟོག་པ་ཡོད་ན། སངས་རྒྱས་ལ་རྟག་པར་འཛིན་པ་དང་བདག་ཏུ་རྟོག་པའི་འཇིག་ཚོགས་ལ་ལྟ་བ་ཡང་ཡོད་པར་འགྱུར་བས་དེ་ནི་ཤིན་ཏུ་ཡང་མི་རིགས་སོ། །སེམས་ཅན་གྱི་དོན་མཛད་པ་ནི་རྟོག་པའི་རྩོལ་བ་ལས་མ་བྱུང་བར་ལྷུན་གྱིས་གྲུབ་པར་འཇུག་པས་རྟོག་པ་མེད་ཀྱང་འཐད་དོ། །འོ་ན་ཡེ་ཤེས་དེས་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡུལ་མི་བདེན་པ་ཡུལ་དུ་བྱེད་པས་བློ་འཁྲུལ་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། ཁ་ཅིག་ན་རེ་འཁྲུལ་པར་ངོ་ཤེས་པས་མ་འཁྲུལ་ཞེས་ཟེར་བ་ནི་མི་བདེན་ཏེ། དེ་ལྟར་ན་ཁོ་བོ་ལ་སྔོན་པོར་སྣང་བ་འདི་སྔོན་པོར་ངོ་ཤེས་པས་སྔོན་པོ་མ་ཡིན་ནོ་ཞེས་བརྗོད་ན་ལན་ཅི་ཡོད། སྔོན་པོར་ངོ་ཤེས་པས་སྔོན་པོ་ཡིན་ནོ་ཞེ་ན། འོ་ན་འཁྲུལ་པར་ངོ་ཤེས་པ་ཉིད་ཀྱིས་འཁྲུལ་པ་ཡོད་པར་ཁས་བླངས་པ་ཡིན་མོད། དེས་ན་གྱི་ནའོ། །འོ་ན་ཅི་ཞེ་ན། ཀུན་རྫོབ་ལ་བདེན་པར་དམིགས་ན་ནི་འཁྲུལ་པར་འགྱུར་བ་བདེན་ན། འདིར་བདེན་པར་དམིགས་པ་ནི་ཅུད་ཟད་ཀྱང་མེད་དོ། །ཡིད་ཀྱི་རྒྱལ་སྲིད་དང་ཉེ་བར་བརྟོགས་པའི་དོན་ནམ། སྒྱུ་མ་མཁན་པོས་སྒྱུ་མ་བྱས་པ་ལ་དམིགས་པ་ལྟར། མི་བདེན་པ་ལ་མི་བདེན་པར་མཁྱེན་པའི་ཕྱིར་རོ། །གལ་ཏེ་དེ་ཙམ་ཡང་མི་འདོད་ན། །སངས་རྒྱས་ཀྱིས་ཀུན་རྫོབ་པ་སྒྱུ་མ་ལྟ་བུ་འདི་རྣམས་མཁྱེན་ནམ་མི་མཁྱེན་བརྟག་གྲང་ན། མ་མཁྱེན་ནོ་ཞེ་ན། སྣང་ཚོད་གྲགས་ཚོད་ཀྱི་ཆོས་འདི་རྣམས་ཀུན་རྫོབ་ཙམ་དུའང་མེད་ནས་མི་མཁྱེན་ནམ་ཡོད་ཀྱང་མི་མཁྱེན། ཡོད་ཀྱང་མི་མཁྱེན་ན། མཁྱེན་པར་བྱ་བའི་ཤེས་བྱ་ཡོད་བཞིན་དུ་མི་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་ལོ། །ཅི་སྟེ་མེད་ནས་མི་མཁྱེན་ཏེ་མེད་པར་འགྱུར་ན་འཁྲུལ་པས་སོ་ཞེ་ན། ཀུན་རྫོབ་པ་ཐམས་ཅད་ཀུན་རྫོབ་ཙམ་དུ་ཡང་མེད་པར་འགྱུར་བས། ཆོས་ཐམས་ཅད་ལ་སྐུར་པ་འདེབས་པ་ནན་ཏན་གྱིས་གྲུབ་པ་ཡིན་ཏེ། ཡུལ་མེད་པ་དང་ཡུལ་ཅན་འཁྲུལ་པའང་རྟོགས་པ་གཅིག་པའི་ཕྱིར་རོ། །རེ་ཤིག་འཇིག་རྟེན་རྒྱང་འཕེན་པ་དག་ཀྱང་སྐྱེ་བ་སྔ་ཕྱི་དང་ཐམས་ཅད་མཁྱེན་པ་ལ་སོགས་པ་མེད་དོ་ཞེས་མ་

-24-

མཐོང་བ་དག་ལ་སྐུར་བ་འདེབས་ཀྱི། མཐོང་བའི་དོན་ལ་ནི་སྐུར་བ་འདེབས་མི་ནུསན། ཁྱེད་ནི་སྣང་ཚོད་ཙམ་དུ་ཡང་མེད་དོ་སྨྲ་བ་མིག་བཙུམས་མ་མཐོང་བ་ཙམ་རིགས་པར་བྱེད་དམ་ཅི། གལ་ཏེ་ཉེས་པ་དེས་འཇིགས་ནས་ཀུན་རྫོབ་སྣང་ཚོད་འདི་སངས་རྒྱས་ཀྱིས་མཁྱེན་ནོ་ཞེ་ན། དེ་ཉིད་ལ་ཁྱེད་འཁྲུལ་པ་ཞེའམ་མ་འཁྲུལ་བ་ཞེས་ཇི་ལྟར་རིགས་པ་འདོགས་ལ་རག་སྟེ། ཁོ་བོ་ཅག་ནི་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པའི་ཀུན་རྫོབ་དེ་ཙམ་དུ་མཁྱེན་པས་འཁྲུལ་པར་མི་སྨྲའོ། །གལ་ཏེ་ཀུན་རྫོབ་པ་འདི་སྣང་ཚོད་དུ་ཡོད་པ་ནི་སྐྱེ་བོ་དམིགས་པ་ཅན་གྱི་བློར་ཡོད་པ་ཡིན་ལ། དེ་མ་དམིགས་པས་ཐམས་ཅད་མི་མཁྱེན་པར་མི་འགྱུར་ཏེ། དཔེར་ན་མིག་ནད་རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་ཡོད་ཀྱང་། དེ་མ་མཐོང་བས་རབ་རིབ་མེད་པའི་མིག་ཉམས་པ་མ་ཡིན་པ་བཞིན་ནོ། །དེས་ན་རང་གི་ཡུལ་མ་ཡིན་པ་མ་རྟོགས་པས་རང་གི་ཡུལ་རྟོགས་པ་ཉམས་པར་འགྱུར་ན་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་མི་མཚུངས་སྟེ་སྐྲ་ཤད་ལ་སོགས་པ་རབ་རིབ་ཅན་གྱི་སྣང་ངོར་ཡོད་པ་ནི། རང་གི་ཡུལ་ཅན་གྱི་ཤེས་པ་ལ་རྣམ་པ་གཏོད་པའི་ནུས་པ་མེད་པའི་ཕྱིར་ཡུལ་གྱི་ཕན་འདོགས་པ་ལ་ལྟོས་པ་ཅན་རབ་རིབ་མེད་པའི་མིག་གི་ཡུལ་མ་ཡིན་ཏེ་སྣང་བ་ངེས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཇུག་པའི་བག་ཆགས་བཅོམ་པས། ཡུལ་དང་དབང་པོའི་ཕན་འདོགས་པ་ལ་ལྟོས་པ་མེད་པར་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་འཇུག་སྟེ། དེས་ན་དམིགས་པ་ཅན་གྱི་བློ་ངོ་ན་ཡོད་པའི་ཀུན་རྫོབ་ཀྱི་ཤེས་བྱ་ལ། སངས་རྒྱས་ཀྱིས་དེ་ལྟར་མ་མཁྱེན་ན་ཐམས་ཅད་མ་མཁྱེན་པར་འགྱུར་རོ། །འོ་ན་ཀུན་རྫོབ་འདི་འཁྲུལ་པའི་དམིགས་པར་བརྗོད་ནས་བློ་ཐམས་ཅད་འཁྲུལ་པའོ་ཞེས་བརྗོད་པ་ཇི་ལྟར་ཡིན་ཞེ་ན། དེ་ཁོ་ནའི་ཡུལ་ཅན་མཉམ་པར་ཤེས་པ་ལ་ལྟོས་ནས་འཁྲུལ་སྣང་དུ་ཡང་བརྗོད་ལ། འོན་ཀྱང་དགོས་པ་ལ་ལྟོས་ནས་འཁྲུལ་པར་ཤེས་བཞིན་དུ་སྟོན་པ་ཡིན་ཅིང་། ཀུན་རྫོབ་ཙམ་དུ་ཡོད་པའི་ཡུལ་ཅན་ཡིན་པས་

-25-

བྱིས་པའི་འཁྲུལ་པ་ལས་ཁྱད་པར་མེད་པ་ཡང་མ་ཡིནནོ། །དོན་དེ་ཉིད་ལུང་གིས་ཀྱང་གྲུབ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུགས་ལས་ཀྱང་། མཉམ་པར་བཞག་པས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་བུར་མངོན་དུ་བྱེད་ལ། རྗེས་ལས་ཐོབ་པ་ནི་སྒྱུ་མ་ལ་སོགས་པ་ལྟ་བུར་མཁྱེན་ནོ་ཞེས་གསུངས་ཤིང་། ཡབ་སྲས་མཇལ་བ་ལས། སྒྱུ་མའི་མཁན་པོས་སྒྱུ་སྤྲུལ་པས། །སྒྱུ་མ་ལགས་པར་འཚལ་བས་ན། །དེ་ལ་རྨོངས་པར་འགྱུར་མ་མཆིས། །དེ་བཞིན་ཁྱོད་ཀྱིས་འགྲོ་ཀུན་གཟིགས། །ཞེས་ཀྱང་གསུངས་སོ་ཞེས་མཁས་པར་ཡོངས་སུ་གྲགས་པ་དག་གསུང་ངོ༌། །འོན་ཀྱང་སློབ་དཔོན་འདིའི་དགོངས་པས་ནི་དོན་དམ་པའི་བདེན་པ་བློའི་ཡུལ་མ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ཡུལ་དུ་བྱེད་པ་ཐམས་ཅད་འཁྲུལ་པར་བཞེད་པ་དང་། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི་ཞེས་པ་དང་། སེམས་ཅན་གྱི་དོན་འབྱུང་བ་མཆོད་སྡོང་གི་དཔེ་དང་། སེམས་མེད་པ་ལ་མཆོད་བྱས་པ་ལ་སོགས་པ་གཞན་དུ་དྲང་བར་མི་ནུས་པའི་གཞུང་དུ་མ་དང་། གཞན་ཡང་སངས་རྒྱས་ཀྱི་ཡུལ་ཀུན་རྫོབ་ཀྱི་བདེན་པ་ཡུལ་དུ་མཛད་ན་འཁྲུལ་པ་ཁས་བླངས་པ་ཉིད། ཡུལ་མི་བདེན་པ་དང་ཡུལ་ཅན་འཁྲུལ་པ་ནི་ཐམས་ཅད་དུ་རྟོག་པ་གཅིག་པས་སོ། །དེས་ན་མི་བདེན་པར་མཁྱེན་པ་ཡང་འཁྲུལ་པ་མེད་པ་ལ་མི་ཕན་ཏེ། ཟླ་བ་གཉིས་མི་བདེན་ནོ་ཞེས་ཤེས་ཀྱང་ཟླ་བ་གཉིས་སུ་སྣང་བ་འཁྲུལ་པ་ལས་མ་འདས་པ་བཞིན་ནོ། །དེའི་ཕྱིར་འཁྲུལ་པ་ཁས་བླངས་ཤིང་འཁྲུལ་པ་མེད་དོ་ཞེས་ཟེར་བ་ནི། ཁྲུས་བྱས་ཤིས་ན་སྐྱུགས་ཀྱི་གནས་སུ་འཇུག་པ་དང་། མཚུངས་པས་བཤད་པ་སྔ་མ་རྣམས་ནི་གྱི་ནའོ། །དེ་བས་ན་སངས་རྒྱས་ཀྱི་ས་ན་ཡེ་ཤེས་རང་རིག་པ་དང་ལྡན་པ་ནི་མི་བཞེད་པར་ངེས་སོ། ། ཕྱོགས་འདི་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཡུལ་མེད་པ་ལ་སོགས་པའི་ཉེས་པ་ནི་མེད་དེ། ཀུན་རྫོབ་པའི་སྐྱབས་གནས་གདུལ་བྱའི་སྣང་བ་ཙམ་ཡིན་པ་དང་། དོན་དམ་པའི་སྐྱབས་གནས་ཆོས་སྐུ་འབའ་ཞིག་ཡིན་པས་ཞེས་པ་ལ་སོགས་པའི་ལན་ཤིན་ཏུ་རིགས་པ་

-26-

བརྗོད་དུ་ཡོད་མོད་ཀྱི། རེ་ཤིག་སྐབས་ཉིད་ཙམ་མོ། ། དེ་ལྟར་ཀུན་རྫོབ་ཀྱི་སྒོ་ཅན་གྱི་གནོད་པ་སྤངས་ནས། དོན་དམ་པའི་སྒོ་ཅན་གྱི་གནོད་པ་སྤང་བ་ལ་གཉིས་ལས། དང་པོ་འཛིན་པ་མ་གྲུབ་པའི་རྩོད་པ་སྤང་བའོ། །དེ་ལ་བཞི་ལས་སེམས་ཙམ་རྣམ་རྫུན་པའི་གནོད་པ་སྤོང་བ་ནི། རེ་ཤིག་རྒོལ་བ་དགོད་པ་ནི། གང་ཚེ་ཞེས་པ་ནས་རྩ་བ་གཉིས་ཏེ། གང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བ་དེའི་ཚེ། སེམས་རང་རིག་ཀྱང་མེད་པས། སྣ་ཚོགས་པ་སྒྱུ་མ་ལྟ་བུ་ལ་དམིགས་པའི་བློ་འཁྲུལ་པ་ཡོད་པ་མ་ཡིན་པའི་ཕྱིར། སྒྱུ་མ་ལྟ་བུ་འདི་གང་གིས་དམིགས་པར་འགྱུར་ཏེ། རི་བོང་གི་རྭ་བཞིན་དུ་མི་སྣང་བར་ཐལ་ལོ། །གལཏེ་འཁྲུལ་པའི་བློ་རང་རིག་པ་དོན་དམ་པར་གནས་ན་ནི་དེ་གསལ་བ་ནི་མ་རིག་པའི་ནུས་པས་མེད་པ་ཡང་གསལ་བ་སྲིད་ན། དེ་ནི་ཁྱེད་མི་འདོད་པས་སོ། །དེས་ན་འཛིན་པ་དོན་དམ་དུ་ཁས་བླང་དགོས་སོ་ཞེའོ། ། དེ་སྤང་བ་ནི་གང་ཚེ་ཞེས་པ་ནས་ཏེ། གང་གི་ཚེ་ཁྱོད་ཤེས་པ་ཐམས་ཅད་ཀྱི་རྣམ་པ་རྫུན་པར་འདོད་པ་དེའི་ཚེ་ཁྱོད་ལ་ཡང་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་སྒྱུ་མ་ཉིད་ཡང་དག་པར་མེད་ན་དེའི་ཚེ་ཅི་ཞིག་དམིགས་ཏེ། རི་བོང་གི་རྭ་ལྟར་གཏན་མི་གསལ་བས་མཚུངས་པར་འགྱུར་རོ། །དེ་ཉིད་ལ་སེམས་ཙམ་རྣམ་བདེན་པ་ན་རེ། དེ་ཁོ་ནར་གཟུང་ཆ་འདི་ཐ་དད་དུ་མེད་ཀྱང་ཐ་དད་དུ་སྣང་བ་འདི་ནི་ཁོ་ན་ཉིད་དུ་བཞག་ཏུ་ཡོད་དེ། ནང་སེམས་ཀྱི་བདག་ཉིད་དོ་སྙམ་ནས་རྩོད་པ་ནི་གལ་ཏེ་ཞེས་པ་རྩ་བ་གཉིས་སོ། །གང་ཚེཞེས་པ་སྔ་མ་ཉིད་རྗེས་སུ་བརྗོད་ནས་སུན་འབྱིན་པ་ནི་དེ་ཚེ་ཞེས་པ་ལ་སོགས་པའོ། ། འདི་ལ་གསུམ་ལས་གནོད་བྱེད་འགོད་པ་ནི། གནོད་པ་མདོར་བརྗོད་པ་ནི་དེ་ཚེ་ཞེས་པ་རྩ་བ་གཉིས་ཏེ། གཉིས་མེད་པ་ལ་རིག་པའི་དོན་མི་འཐད་པའོ། །ལུང་གི་གནོད་པ་བརྗོད་པ་ནི་འཇིག་རྟེན་གྱི་ནི་ཞེས་པ་ནས་ཏེ། ལང་ཀར་གཤེགས་པ་ནས། ཇི་ལྟར་སོ་རྣ་རང་གི་སོ། །ཇི་ལྟར་མཛུབ་མོ་རང་གི་རྩེ། །མི་གཅོད་པ་དང་མི་འབིགས་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་ཞེས་

-2 7-

གསུངས་པ་དང་། གཙུག་ན་རིན་པོ་ཆེས་ཞུས་པ་ལས་ཀྱང་། འདི་ལྟ་སྟེ་དཔེར་ན་རལ་གྲིའི་སོ་དེ་ཉིད་རལ་གྲི་སོ་དེ་ཉིད་ཀྱིས་གཅོད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའོ་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་མོ་ཞེས་གསལ་པོར་གསུངས་སོ། །དེ་ཡང་གང་ཞིག་གཉིས་མེད་པ་དེ་ནི་བྱ་བྱེད་དུ་མི་རུང་སྟེ། རལ་གྲིའི་སོ་རང་ལ་གཅད་བྱ་དང་གཅོད་བྱེད་དུ་མི་རུང་བ་བཞིན་ནོ། །རིག་པ་རང་ཉིད་ཀྱང་གཉིས་མེད་པས་ཞེས་པ་སྟེ། ཁྱབ་བྱེད་མི་དམིགས་པས་སོ། །བྱ་བྱེད་མི་རུང་དུ་ཆུག་མོད་རིག་པ་ཅི་འགལ་ཞེས་ནི་བརྗོད་པར་མི་ནུས་ཏེ། རིག་པ་ཡང་བྱ་བྱེད་ཡིན་པས་སོ། །འདི་ནི་སྐབས་སུ་བབ་པ་ན་བསྟན་པར་བྱའོ། ། དེའི་མ་ངེས་པ་སྤངས་པས་བརྟན་པར་བྱེད་པ་ན་མར་མེའི་གསལ་བས་མ་ངེས་པར་རྒོལ་བ་ནི་ཇི་ལྟར་ཞེས་པ་སྟེ། མར་མེ་ལ་གཉིས་མེད་ཀྱང་རང་གིས་རང་གསལ་བ་ལྟར། ཤེས་པ་ཡང་རང་གིས་རང་རིག་པ་སྟེ་དེས་ན་གཉིས་མེད་པས་རང་རིག་པ་མི་འཐད་ཅེས་པ་མ་ངེས་སོ་ཞེས་པ་ནི་རྒོལ་བའི་བསམ་པའོ། །དེ་སྤང་བ་ནི་མར་མེ་ཞེས་པ་སྟེ། མར་མེ་ནི་གསལ་བར་བྱ་བ་མིན་ཏེ། སྒྲིབ་པ་མེད་པའི་ཕྱིར་དཔེར་ན་ནམ་མཁའ་གང་གིས་ཀྱང་སྒྲིབ་པ་མེད་པས་གསལ་བར་བྱེད་པ་མེད་པ་བཞིན་ནོ། །ཡང་ན་དཔེར་ན་ཉི་མའི་མཐོངས་ཀྱི་བུམ་པ་མར་མེས་གསལ་བར་བྱར་མེད་པ་བཞིན་དུ། མར་མེ་ཡང་མུན་གྱིས་སྒྲིབ་པ་མེད་པའི་ཕྱིར་མ་གསལ་བ་གསལ་བར་བྱར་མེད་དོ། །དེས་ནི་མི་མཐུན་པའི་ཕྱོགས་ཉིད་མ་ཡིན་པས་མ་ངེས་པ་སྤངས་སོ། ། གཉིས་པ་བཻ་ཌཱུརྱ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་སྔོན་པོས་མ་ངེས་པར་རྒོལ་བ་ནི་ཤེལ་བཞིན་ཞེས་པ་ནས་རྩ་བ་བཞི་སྟེ། རྐྱེན་ལས་བྱུང་པའི་ཤེལ་གྱི་སྔོན་པོ་ནི། རས་སྔོན་པོ་ལ་སོགས་པ་ཉེ་བར་བཞག་པ་གཞན་ལ་ལྟོས་ལ། བཻ་ཌཱུརྱ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་སྔོན་པོ་ནི་སྔོ་ཉིད་ལ་སྟེ་སྔོན་པོར་འགྱུར་བ་ཉེ་བར་བཞག་པ་གཞན་ལ་ལྟོས་པ་མ་ཡིན་ཏེ་རང་

-28-

ཉིད་སྔོ་བའོ། །དེ་བཞིན་དུ་ཤེས་པ་ནི་ཤེལ་སྔོན་པོར་འགྱུར་བ་རས་སྔོན་པོ་ལ་སོགས་པ་གཞན་ལ་ལྟོས་ལ་བེ་ཌཱུརྱ་སྔོན་པོ་སྔོན་པོར་འགྱུར་བ་གཞན་ལ་མ་ལྟོས་པར་རང་ཉིད་སྔོ་བ་དེ་བཞིན་དུའོ། །དོན་གསལ་བ་ལ་སོགས་པ་འགའ་ཞིག་གཞན་ལ་མི་ལྟོས་པ་དང་། རང་གསལ་བ་ལྟ་བུ་གཞན་ལ་ལྟོས་པ་མེད་པ་ཡང་མཐོང་སྟེ། དེས་ན་གཉིས་མེད་པ་ལ་བྱ་བྱེད་མེད་པས་མ་ངེས་སོ་ཞེས་བྱ་བའོ། ། ཡང་ན་དཔེ་སྔ་མ་བཞིན་དུ་འགའ་ཞིག་སྟེ་བུམ་པ་ལ་སོགས་པ་འགའ་ཞིག་གསལ་བྱེད་གཞན་ལ་ནི་ལྟོས་པ་དང་། མར་མེ་ལྟ་བུ་འགའ་ཞིག་གསལ་བྱེད་གཞན་ལ་ལྟོས་པ་མེད་པ་མཐོང་ངོ་ཞེས་མར་མེ་རང་གསལ་བ་དེ་ཉིད་དཔེ་ལྷན་ཅིག་སྐྱེས་པའི་སྔོན་པོས་གྲུབ་བོ་ཞེ་ན། ཞེས་པ་ནི་རྒོལ་བའི་བསམ་པའོ། ། དེ་དགག་པ་ནི་སྔོ་ཉིད་མིན་ལ་ཞེས་པ་སྟེ། སྔོན་པོ་མ་ཡིན་པ་ཞིག་སྔོན་པོར་རང་ཉིད་ཀྱིས་བྱས་ན། གཞན་ལ་མ་ལྟོས་པར་རང་གིས་རང་སྔོ་ཞེས་པ་འཐད་པ་ཞིག་ན། བེ་ཌཱུརྱའི་སྔོ་བ་ལ། སྔོན་པོར་རང་གིས་བྱས་པ་ནི་མེད་པས་དེས་གཉིས་མེད་པ་ལ་བྱ་བྱེད་མེད་པ་མ་ངེས་པར་མི་འགྱུར་བའམ། ཡང་ན་མར་མེ་རང་གིས་རང་གསལ་བའི་དཔེ་མི་འགྲུབ་བོ། །འོན་ཀྱང་བེ་ཌཱུརྱའི་སྔོན་པོ་དེ་རང་གི་རྒྱུ་ལས་སྔོན་པོ་ཉིད་དུ་ཐོག་མ་ནས་སྐྱེས་པས་རྒྱུ་མེད་ཀྱང་མ་ཡིན་ནོ། །གལ་ཏེ་རང་གི་རྒྱུ་ལས་སྔོན་པོར་སྐྱེས་པས་ན་སྔོན་པོ་གཞན་ལས་མ་ལྟོས་པར་གྲུབ་ཀྱང་། བཻ་ཌཱུརྱ་དེ་སྔོན་པོ་ཡིན་པ་མ་ཁེགས་ལ། དེས་ན་གཉིས་མེད་ཀྱང་བེ་ཌཱུརྱ་སྔོན་པོར་གྲུབ་བོ་ཞེ་ན། གྲུབ་མོད་བྱ་བ་དང་བྱེད་པའི་ངོ་བོ་མ་ཡིན་པས། གཉིས་མེད་པའི་ཕྱིར་བྱ་བྱེད་མེད་ཅེས་པ་ལ་མ་ངེས་པ་མེད་དོ། །འོ་ན་རིག་པ་ཡང་རང་གི་རྒྱུ་ལས། བེམས་པོ་ལས་ལོག་པའི་རིག་པའི་ངོ་བོར་སྐྱེས་པས་རང་རིག་པ་ཡིན་གྱི། རིག་བྱེད་གཞན་ལ་མི་ལྟོས་པས། བྱ་བ་བྱེད་པ་མེད་ཀྱང་རང་གི་རིག་པ་ཡོད་པ་ལ་འགལ་བ་མེད་པའི་ཕྱིར། ཁྱབ་བྱེད་བཀག་པས་རང་རིག་འགག་པ་མ་ངེས་པ་ཉིད་ཐོབ་ཏུ་བབ་བོ་ཞེ་ན། དེ་ནི་མི་མཚུངས་ཏེ། སྔོན་པོ་ནི་ངོ་བོ་ཙམ་ཡིན་ལ། རིག་པའི་བྱ་བ་དང་བྱེད་པ་

-29-

མིན་པས་སོ། །གལ་ཏེ་རིག་བྱ་གཞན་མེད་ཀྱང་རིག་པ་སྲིད་ན། ནུས་པའི་ཡུལ་འགའ་ཡང་མེད་ཀྱང་ནུས་པ་ཙམ་ཞིག་དབང་ཕྱུག་ལ་སོགས་པ་རྟག་པ་འགའ་ཞིག་ལ་འདོད་ན་ཅིས་དགག །ཡུལ་མེད་པའི་ནུས་པ་འགལ་ལོ་སྙམ་ན། ཡུལ་མེད་པའི་རིག་པ་ཡང་འགལ་བས་ན་མཚུངས་སོ། །གལ་ཏེ་རྣམ་ཤེས་བེམས་པོའི་རང་བཞིན་ལས། །ཟློག་པར་རབ་ཏུསྐྱེ་བ་སྟེ། །བེམས་ཡིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པ་འདོད། །གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །འདིའི་བདག་ཉིད་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན་ཞེ་ན། འོ་ན་དངོས་པོ་ནུས་མེད་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བ་སྟེ། །ནུས་མེད་མ་ཡིན་རང་བཞིན་གང་། །དེ་འདིར་བདག་ཉིད་ནུས་པས་བརྗོད་ཅེས་པ་ལ་སོགས་པ་ཟེར་ན་ལན་ཇི་སྐད་དུ་བརྗོད་པར་བྱ། དེས་ན་རིག་པ་དང་ནུས་པ་ཞེས་བྱ་བའི་བྱ་བ་དང་བྱེད་པ་ཡིན་པས་སྔོན་པོ་ཙམ་གྱི་ངོ་བོ་དང་མི་མཚུངས་ཏེ། གཉིས་མེད་པ་ལ་མི་རུང་ངོ་ཞེས་ངེས་པར་ཟུངས་ཤིག ། གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ་ལས་རང་རིག་པའི་སྒྲུབ་བྱེད་མེད་པ་སྤྱིར་བསྟན་པ་ནི་མར་མེ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་སྟེ། ཡང་དག་པར་བློའི་གསལ་བ་ཉིད་ལྟར་མར་མེའང་གསལ་བ་མ་གྲུབ་མོད་ཀྱི། མར་མེའི་གསལ་བ་ཁས་བླངས་སུ་བཅུག་ན་ཡང་དེས་རང་ཉིད་འགྲུབ་པ་ལ་མི་ཕན་ཏེ། མར་མེ་གསལ་བ་ཉིད་དོ་ཞེས་ཤེས་པས་རྟོགས་ན་མར་མེ་རང་གསལ་ལ་ཞེས་བརྗོད་དུ་རུང་ན། བློ་ནི་རང་གསལ་བ་ཉིད་དོ་ཞེས་ཤེས་བྱེད་གང་གིས་ཤེས་ནས་བརྗོད་དེ། བློ་དེ་ཉིད་ཀྱིས་རྟོགས་པ་ནི་མ་ཡིན་ཏེ་ད་གདོད་སྒྲུབ་དགོས་པའི་ཕྱིར་རོ། །བློ་གཞན་གྱིས་ཀྱང་མ་ཡིན་ཏེ། ཁྱེད་རྣམ་བཅད་པ་གཞན་རིག་མི་འདོད་པ་དེ་གྲུབ་པར་འགྱུར་བའི་ཕྱིར་དང་། དེ་ལ་ཡང་རིག་བྱེད་གཞན་དགོས་པས་ཐུག་པ་མེད་པར་འགྱུར་པའི་ཕྱིར་རོ། །གལ་ཏེ་གང་གིས་ཀྱང་མ་ཤེས་མོད་རང་རིག་པ་ཡོད་པ་གང་གིས་དགག་

-30-

ཅེ་ན། གཉིས་པ་དེ་ཉིད་ཀྱིས་ན་རང་རིག་པ་ཡོད་པར་ངེས་པའི་ཐ་སྙད་དགག་པ་སྒྲུབ་པའི་གང་ཚེ་ཞེས་པ་སྟེ། རང་རིག་པ་ཙམ་ལ་སྒྲུབ་བྱེད་མེད་པས་མ་གྲུབ་ན། རང་རིག་གི་ཁྱད་པར་དེ་གསལ་བའམ་མི་གསལ་ཞེས་པ་སྟེ་གྲུབ་པ་ལྟ་ཅི་སྨོས་ཏེ། མོ་གཤམ་བུ་མོའི་འགྱིང་བག་བཞིནནོ། ། གསུམ་པ་རང་རིག་ལ་འཐད་པ་རྗེས་དཔག་གི་སྒྲུབ་བྱེད་མེད་པ་ལ་གཉིས་ལས། འབྲས་བུའི་རྟགས་འཁྲུལ་པ་ནི་གལ་ཏེ་ཞེས་པ་རྩ་བ་གཉིས་ཀྱིས་རྒོལ་བ་སྟེ། གལ་ཏེ་རང་རིག་མེད་ན་རང་གི་རྒྱུད་ལ་བུམ་པ་འཛིན་པའི་ཤེས་པར་ཤེས་པ་སྐྱེས་སོ་ཞེས་དྲན་པ་ཇི་ལྟར་འགྱུར་དེ། མ་དྲན་པར་ཐལ་ལོ། །ཐལ་བ་ལས་དྲན་པ་ཡོད་པའི་ཕྱིར་རང་རིག་པ་ཡོད་དོ་ཞེ་ན། དེའི་ལན་དུ་རང་རིག་མེད་ཀྱང་དྲན་པ་འཐད་དོ་ཞེས་སྟོན་པ་ནི་གཞན་མྱོང་བ་ན་ཞེས་པ་སྟེ། ཤེས་པ་ཉིད་མྱོང་བའི་རང་རིག་མེད་ཀྱང་ཤེས་པ་ལས་གཞན་ཕྱི་རོལ་གྱི་དོན་མྱོང་བ་ན། དེ་མྱོང་བྱེད་ཀྱི་ཤེས་པ་ཡོད་དོ་ཞེས་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་དཔེ་ལས་དྲན་པར་འགྱུར་རོ། །ཤེས་པ་རང་རིག་པའི་ཚུལ་གྱིས་མ་ཚོར་ཡང་དྲན་པའི་དཔེ་ནི་བྱི་དུག་དང་པོ་ལུས་ལ་ཞུགས་པ་མ་ཚོར་ཡང་ཕྱིས་དེ་དང་འདྲ་བའི་ནད་ཀྱི་ཁྱད་པར་མྱོང་བ་ན་རྒྱུ་འབྲས་ཀྱི་འབྲེལ་བ་ལས་བྱི་དུག་ཞུགས་པར་བྱུང་ངོ་ཞེས་དྲན་པ་བཞིན་ནོ། ། གཞན་དག་རང་བཞིན་གྱི་རྟགས་ཀྱིས་རང་རིག་ཡོད་པར་སྒྲུབ་བྱེད་ནི་རྐྱེན་གཞན་ཞེས་པ་རྩ་བ་གཉིས་ཏེ། བསྒོམས་པ་ལ་སོགས་པ་གཞན་གྱི་སེམས་ཤེས་པའི་རྐྱེན་གཞན་དག་དང་ལྡན་པ་ནི། ཤིན་ཏུ་ཆོད་པའི་དོན་གཞན་གྱི་སེམས་ལ་སོགས་པ་ཤེས་པའི་ཕྱིར་རང་ཉིད་རབ་གསལ་ནི་ལྟ་སྨོས་སུ་ཡང་མེད་དོ་ཞེས་པ་ནི་རྒོལ་བའི་དོན་ཏོ། ། ལན་ནི་གྲུབ་པའི་ཞེས་པ་རྩ་བ་གཉིས། རིག་སྔགས་གྲུབ་པའི་མིག་སྨན་གྱི་སྦྱོར་བས། ཤིན་ཏུ་བསྐལ་བའི་དོན་ས་འོག་གི་གཏེར་གྱི་བུམ་པ་མཐོང་བས་མིག་སྨན་བསྐུས་པའི་མིག་ལྟ་སྨོས་སུ་ཡང་མེད་པར་མཐོང་བར་ཐལ་ལོ། །ཐག་རིང་བའི་བུམ་པ་མཐོང་

-31-

ཡང་མིག་སྨན་བསྐུས་པའི་མིག་ཉིད་མཐོང་བ་མིན་པས་མ་ངེས་པ་ཡིན་ནོ། །ཡང་ན་རྒོལ་པའི་བསམ་པ་ནི་གང་ཤེས་པའི་རྒྱུ་ལས་གསལ་བར་སྐྱེས་པ་དེ་ནི་ཤེས་པ་ཉིད་ཡིན་ཏེ་ཤེས་རབ་ལ་སོགས་པ་བཞིན་ནོ་ཞེ་ན། དེ་དང་དེ་མིན་རང་བཞིན་ཅན། །ད་དེ་མིན་དངོས་རྒྱུ་ལས་སྐྱེས། །དེས་ཤེས་ཐ་དད་མེད་རྒྱུས་བསྐྱེད། །བདེ་སོགས་ཅི་ཕྱིར་ཤེས་མ་ཡིན་ཞེས་གསུངས་པ་བཞིན་ཏེ། གཟུང་ཆ་དཀར་མར་ལ་སོགས་པར་ཤེས་པ་ལ་གསལ་བར་ནི་བསྙོན་དུ་མེད་ལ། དཀར་དམར་དུ་སྣང་བ་དེ་ཤེས་པའི་ངོ་བོར་གྲུབ་ན་རང་གསལ་བར་གྲུབ་པའི་ཕྱིར་དེ་ཤེས་པར་བསྒྲུབ་སྟེ། དཀར་དམར་ལ་སོགས་པ་ཆོས་ཅན། ཤེས་པ་ལས་ཐ་དད་མེད་དོ་ཞེས་པ་བསྒྲུབ་བྱ། གསལ་བྱེད་ཤེས་པའི་རྐྱེན་དབང་པོ་ལ་སོགས་པའི་རྒྱུ་ཚོགས་ལས་དཀར་དམར་ལ་སོགས་པར་གསལ་བའི་ཕྱིར། ཤེས་པའི་རྒྱུ་ལས་སིམ་པར་གསལ་བས་བདེ་བ་ཤེས་པ་ཡིན་ན་ཞེས་རྩོད་དེ། གང་དང་གང་གི་རྐྱེན་དང་ལྡན་པ་དེ་ནི་དེའི་ངོ་བོར་མཐོང་བའི་ཕྱིར་ཞེས་ཁྱབ་པ་སྟོན་པ་ནི། དབང་པོ་ལ་སོགས་རྐྱེན་གཞན་གང་དང་ལྡན་པས་གསལ་བ་དེ་ནི་ཤེས་པ་ཉིད་དུ་མཐོང་བའི་ཕྱིར། དཀར་དམར་ཡང་དེ་དང་འདྲ་བས་རང་ཉིད་རབ་གསལ་ན་ཞེས་སོ། །ལན་ཡང་གསལ་བྱེད་ཀྱི་རྒྱུ་ལས་གསལ་བྱར་དམིགས་པའི་དོན་གསལ་བྱེད་དང་གཅིག་ཏུ་འགྲུབ་ན། དངོས་གྲུབ་སྒྲུབ་པར་བྱེད་པའི་མིག་སྨན་གྱི་སྦྱོར་བ་སྟེ། གསལ་བྱེད་མིག་སྨན་གྱི་རྒྱུ་ཚོགས་ལས། གསལ་བྱ་ས་འོག་གི་བུམ་པ་མཐོང་བ་ཡང་། གསལ་བྱེད་མིག་སྨན་ཉིད་ཡིན་པ་ཉིད་དུ་ཐལ་བར་འགྱུར་ན། དེ་ལྟ་ནི་མིན་པས། གསལ་བྱེད་ཀྱི་རྒྱུ་ལས་གསལ་བར་སྣང་བ་ཙམ་གྱིས། དེ་དག་གཅིག་པར་མ་ངེས་སོ་ཞེས་བསྟན་ཏོ། ། གསུམ་པ་རང་བཞིན་མེད་པར་སྨྲ་བ་ལ་གནོད་པ་སྤང་བ་ནི། གལ་ཏེ་རང་རིག་མེད་ན་གཞན་རིག་པ་ཡང་མི་མཐད་པས་མཐོང་བ་དང་ཐོས་པ་དང་ཤེས་པ་ལ་སོགས་པའི་ཐ་སྙད་འགལ་བས་ཤེས་པ་དེ་དག་གི་ཐ་སྙད་རྒྱུན་ཆད་པར་འགྱུར་རོ་ཞེ་ན། ཇི་ལྟར་མཐོང་ཐོས་ཤེས་

-32-

པ་དག་སྟེ། ཐ་སྙད་ཀྱི་ཤེས་པ་མི་འགོག་གི །རྩོད་པའི་སྐབས་འདིར་ནི་སྡུག་བསྔལ་སྐྱེད་པའི་རྒྱུ་བདེན་པར་རྟོག་པའི་ཡུལ་དགག་པ་ཡིན་ནོ། ། གལ་ཏེ་གཅེར་བུ་པ་ལ་སོགས་པ་དག་ན་རེ། གཟུང་བའི་ཆ་རྣམ་པ་འདི་རྣམས་ནི་ཤེས་པ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དངོས་པོར་གྲུབ་བོ་སྙམ་ན། སེམས་ལས་ཞེས་པ་རྐང་པ་གཉིས་ཀྱིས་དེའི་འདོད་པ་བླངས་ནས། དངོས་ན་ཞེས་པ་ལ་སོགས་པས་དེ་འགོག་པ་སྟེ། གཟུང་ཆའི་རྣམ་པ་འདི་རྣམས་དངོས་པོར་གྲུབ་ན། རང་རིག་གིས་ངོ་བོར་གྲུབ་པ་གོང་དུ་བཀག་པས་གཞན་དུ་གྲུབ་བོ། །གཞན་མིན་ཞེ་ན་དངོས་པོར་མེད་དེ། དེ་ཉིད་དང་གཞན་ཕན་ཚུན་རྣམ་པར་གཅོད་པའི་འགལ་བ་ཡིན་པའི་ཕྱིར་རོ། །དེ་གཉིས་སུ་མ་འདུས་པའི་དངོས་པོ་མི་སྲིད་པས་སོ། ། འཛིན་པ་མ་གྲུབ་པའི་ལན་སྐབས་སུ་བབ་པ་ཉིད་བསྡུས་ཏེ་བརྗོད་པ་ནི་ཇི་ལྟར་ཞེས་པ་རྐང་པ་གཉིས་ཏེ། གཟུགས་ལ་སོགས་པ་སྒྱུ་མ་དངོས་པོར་མེད་ཀྱང་བལྟ་བྱར་སེམས་ཙམ་པས་འདོད་པ་བཞིན་དུ། ཡང་དག་པ་མ་ཡིན་པའི་འཛིན་པ་མི་འགེགས་པས་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་སྣང་བ་མེད་པར་ཐལ་བ་མེད་ལ། དེ་ཡོད་པས་ཀྱང་འཛིན་པ་དང་དོན་དམ་པར་མི་འགྲུབ་སྟེ་སྒྱུ་མ་བཞིན་ནོ། །ཇི་ལྟར་འཛིན་པ་དོན་དམ་པར་མེད་པ་བཞིན་དུ་སྣ་ཚོགས་སུ་སྣང་བ་དོན་དམ་པར་མེད་པར་ཐལ་བ་བརྗོད་ན་ནི་འདོད་པ་ཁོ་ན་སྟེ། ཁོ་བོ་ཅག་ཆོས་ཐམས་ཅད་རང་བཞིན་མེད་པར་འདོད་བཞིན་དུ་དེ་ལ་ཆགས་སམ། དེ་ལྟར་འཛིན་པ་མ་གྲུབ་པ་སྤངས་ནས། ད་ནི་རྟེན་མ་གྲུབ་པ་སྤང་བར་བྱའོ། །དེ་ཡང་སློབ་དཔོན་བློ་བརྟན་ན་རེ་གང་བརྫུན་པ་དེ་ནི་བདེན་པའི་རྟེན་ཅན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་སྣང་བའི་གཞི་ཐག་པ་གནས་པ་བཞིན་ནོ། །གཟུགས་ལ་སོགས་པ་གཟུང་འཛིན་དུ་སྣང་བ་མི་བདེན་པ་འདི་རྣམས་ཀྱང་རྟེན་རང་རིག་པ་བདེན་པ་ལ་བརྟེན་པར་འདོད་ནས་རྒོལ་བ་ནི་གལ་ཏེ་ཞེས་པ་རྩ་བ་གཉིས་ཏེ། གལཏེ་འཁོར་བ་མི་བདེན་པ་དེ་ནི་དངོས་པོ་བདེན་པའི་རྟེན་ཅན་ཡིན་ཏེ། དེ་ལས་གཞན་དུ་རྟེན་མེད་

-33-

ན་ནི་ནམ་མཁའ་དང་འདྲ་བར་དང་པོ་ནས་གཏན་མེད་པར་འགྱུར་རོ་ཞེས་བྱ་བའོ། །ཡང་ན་གཞན་དུ་ཞེས་པའི་རྩ་བ་ནི་དགག་པ་མདོར་བརྗོད་པའོ། །དེ་རིགས་པས་དགག་པ་ནི་དངོས་སྤྱོད་དོ་ཞེས་པ་རྩ་བ་གཉིས་ཏེ། རྟེན་དང་བརྟེན་པའི་དོན་ནི་བྱ་བ་དང་བྱེད་པ་ལས་ཡིན་ན། དེ་ནི་དངོས་པོ་ཁོ་ན་ལ་སྲིད་ཀྱི། དངོས་མེད་ན་ནི་དངོས་པོ་དང་དངོས་མེད་ལ་ནི་མི་སྲིད་དེ་བྱ་བྱེད་མེད་པས་སོ། །དེས་ན་འཁོར་བ་དངོས་མེད་དེ་རང་རིག་དངོས་པོ་ལ་བརྟེན་པས་ན། རང་རིག་པ་དེ་དོན་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། དངོས་པོ་མེད་པ་ནི་ཡུལ་མ་ཡིན་པའི་ཕྱིར་རོ། ། དེས་གྲུབ་པའི་དོན་བརྗོད་པ་ནི་ཁྱོད་ཀྱི་ཞེས་པ་རྩ་བ་གཉིས་ཏེ། ཁྱེད་ཀྱི་ལུགས་ཀྱི་རྟེན་རང་རིག་པ་བདེན་པ་མེད་ན་གཉིས་སྣང་གི་འཁོར་བ་ཡང་མེད་པར་འདོད་ལ། རང་རིག་བདེན་པ་ནི་གཉིས་སྣང་བརྫུན་པའི་རྟེན་དུ་རིག་པས་མི་འཐད་པའི་ཕྱིར། ཁྱོད་ཀྱི་སེམས་དོན་དམ་པ་གསལ་བ་དེ། གཉིས་སྣང་གི་གྲོགས་མེད་པར་གཅིག་པུ་ཉིད་དུ་འགྱུར་ཏེ། རི་བོང་གི་རྭ་མེད་པས་འོག་ན་གཅིག་པུ་ལུས་པ་བཞིན་ནོ། །དེ་འདོད་པ་ཉིད་དོ་ཞེ་ན། འདོད་པ་ལ་གནོད་པ་ནི་གང་ཚེ་ཞེས་པ་རྐང་པ་གཉིས་ཏེ། གང་གི་ཚེ་སེམས་གཟུང་འཛིན་གཉིས་སྣང་དང་བྲལ་བ་དེའི་ཚེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་ཐལ་བར་འགྱུར་རོ། །ཇི་སྟེ་སེམས་གཉིས་སྣང་དང་བྲལ་ཡང་དེ་བཞིན་གཤེགས་པར་མི་འགྲོ་ན་ཅི་སྟེ། ཁྱབ་པ་མ་གྲུབ་བོ་ཞེ་ན། དེའི་ཁྱབ་པ་སྒྲུབ་པ་ནི་དེ་ལྟ་ནའང་ཞེས་པ་སྟེ། ཆོས་ཐམས་ཅད་སེམས་ཙམ་དུ་ངེས་པར་བྱས་ནས། དེ་གོམས་པ་ལས་གཉིས་སྣང་དང་བྲལ་ཏེ་ཐར་པ་ཐོབ་པ་ཡིན་པ་ལས་ཁྱེད་ལྟར་ན་གཉིས་སྣང་བྲལ་ཡང་ཐར་པར་མི་འགྱུར་བས་སེམས་ཙམ་དུ་བརྟགས་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་མེད་དོ། །ཡང་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་ཐལ་བ་ཡང་འདོད་པ་ཉིད་དོ་ཞེ་ན། འདོད་པ་ལ་གནོད་པ་ནི་དེ་ལྟ་ན་སེམས་ཙམ་དུ་བརྟགས་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་རང་རིག་པ་དོན་དམ་པར་ཁས་ལེན་པ་ནི་འཁོར་བ་ནམ་མཁའ་ལྟར་

-34-

སྟོངས་པར་མི་འགྱུར་བར་བྱ་བའི་དོན་དུ་ཡིན་ན། ད་ལྟ་ནི་ཐམས་ཅད་དེ་བཞིན་གཤེགས་པར་གྱུར་པས་རང་རིག་ཁས་བླངས་ཀྱང་འཁོར་བ་ཡོད་པར་མ་ནུས་པའི་ཕྱིར། དེ་ཁས་བླངས་པས་ཅི་བྱ་ཞེས་འདོད་པ་ལ་གནོད་པར་སྦྱར་རོ། ། དེ་ལྟར་ཤེས་རབ་ཀྱི་ཡུལ་བདེན་པ་གཉིས་ཀྱི་རང་བཞིན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང་སྒྱུ་མ་ལྟ་བུར་གཏན་ལ་ཕབ་པ་ལ། གནོད་པ་དེ་དག་སྤངས་པས་ལེགས་པར་གནས་པ་ན། དེ་རྟོགས་པའི་བློ་ཡང་ཇི་ལྟ་བའི་ཤེས་བྱའི་ས་རྟོགས་པའི་ཡང་དག་པའི་ལྟ་བ་ཡིན་པར་དོན་གྱིས་གྲུབ་ཅིང་། དེ་གོམས་པ་ལས་ཕྱིན་ཅི་ལོག་གི་མངོན་ཞེན་རྣམས་འགལ་བའི་སྟོབས་ཀྱིས་སྤོང་བས་ལམ་ཉིད་དུ་གྲུབ་མོད་ཀྱི། འོན་ཀྱང་གཞན་དག་གི་ཀླན་ཀ་ངན་པ་བསལ་བས་དེ་དག་གི་ཡུལ་ཅན་ལམ་དུ་བསྒྲུབ་པ་ནི། གཞན་དག་སྒྱུ་མ་ལྟ་བུར་ཤེས་པ་ནི་རྣམ་པར་གྲོལ་བའི་གྲོང་ཁྱེར་དུ་འཇུག་པའི་ལམ་མ་ཡིན་ཏེ་མངོན་ཞེན་མི་སྤོང་བས་སོ། ། དེ་ལྟར་ཡང་སྒྱུ་མ་བྱེད་པ་དག་ལས་མཐོང་ངོ་སྙམ་ནས་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཡུལ་ཅན་ལ་བརྩད་པ་ནི་སྒྱུ་མ་ལྟ་བུར་ཞེས་པ་རྩ་བ་བཞིའོ། །སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོབ་ཀྱི་ཡུལ་ཅན་དེ་ལམ་དུ་སྒྲུབ་པས་དཔེ་དོན་མི་མཚུངས་པར་སྟོན་པ་ན། དང་པོ་ཕྱོགས་གཅིག་སྒྱུ་མར་རྟོགས་པ་ཙམ་གཉེན་པོ་མ་ཡིན་པས་དཔེ་དང་འགལ་བ་མེད་པར་སྟོན་པ་ནི་དེ་བྱེད་པ་ནི་ཞེས་པ་རྩ་བ་བཞི་སྟེ། དེ་ཡང་ཕྱོགས་འགའ་ཞིག་སྟོང་པར་མཐོང་བའམ། ཐམས་ཅད་སྟོང་པའི་མཚན་ཉིད་ཅན་སྒྱུ་མ་ལྟ་བུར་རྟོགས་ཀྱང་གོམས་པར་མ་བྱས་ན་དེ་ཙམ་གྱིས་རྣམ་པར་གྲོལ་བར་མི་འགྱུར་ཏེ། ཆོས་ཐམས་ཅད་སྟོང་པར་གོམས་པ་ཕུལ་དུ་གྱུར་པ་ན་ཀུན་ནས་ཉོན་མོངས་པ་གསུམ་མི་འཇུག་པས་ཐར་པ་ཐོབ་པའི་ཕྱིར་ལམ་ཡིན་ནོ། །དེས་ན་སྒྱུ་མ་བྱེད་པ་ནི་རང་གིས་བྱས་པའི་བུད་མེད་དེ་སྒྱུ་མར་ཤེས་ཀྱང་། ཉོན་མོངས་པ་སྐྱེ་བའི་སྒྱུ་མཚན་དུ་གྱུར་པའི་བག་ཆགས་ཤེས་བྱ་ཐམས་ཅད་ལ་བདེན་པར་འཛིན་པ་མ་སྤངས་པ་དེས་ན། རང་གིས་སྤྲུལ་པའི་བུད་མེད་དངོས་ལྟ་བུ་འདོད་

-35-

པའི་ཡུལ་མཐོང་བ་ན་དེ་ཉོན་མོངས་པ་རྒྱས་པར་འགྱུར་བ་ཉིད་དེ། སྟོང་པ་ཉིད་ཀྱི་བག་ཆགས་ཉམས་ཆུང་བས་དེ་ཟིལ་གྱིས་ག་ལ་གནོན། །གཉིས་པ་ཐམས་ཅད་སྒྱུ་མར་རྟོགས་པ་ལམ་དུ་གྲུབ་བོ་ཞེས་དོན་ལ་སྦྱརབ་ལམ་དུ་སྒྲུབ་པ་ནི་གསུམ་ལས། ཡོད་པར་འཛིན་པ་སྤོང་བ་ནི་སྟོང་ཉིད་བག་ཆགས་ཞེས་པ་ནས་རྩབ་གཉིས་སོ། །གལ་ཏེ་དེ་ལྟ་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་དུ་མངོན་པར་ཞེན་པར་མི་འགྱུར་རམ། འགྱུར་ན་ནི་དཀོན་མཆོག་བརྩེགས་པ་ནས་སྐྱེས་བུ་མ་ཞུ་བ་ལ་བཀྲུ་སྨན་བཏང་ཡང་དེ་མ་ཞུ་ན་གསོར་མི་རུང་བའི་དཔེའི་སྒོ་ནས་སྟོང་པ་ཉིད་དུ་ལྟ་བ་ཡང་ཉེས་པ་ཆེ་བར་གསུངས་པ་ཡིན་ནོ་ཞེ་ན། མེད་པར་འཛིན་པ་སྤོང་བ་ནི་ཅི་ཡང་ཞེས་པ་ནས་རྩ་བ་གཉིས་ཏེ། ཅི་ཡང་མེད་དོ་ཞེས་གོམས་པས་ནི། བདེན་པས་སྟོང་པའི་སྒྱུ་མ་ཙམ་དུ་འཛིན་པ་དེ་ཡང་ཕྱི་ནས་སྤོང་བར་འགྱུར་ཏེ། རྡོ་རྗེ་གཅོད་པ་ལས་ཆོས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ནི་བདེན་པ་ཡང་མེད། བརྫུན་པ་ཡང་མེད་ཅེས་གསུངས་པ་བཞིན་ནོ། །དེ་ལྟན་ཅི་ཡང་མེད་ཅེས་རྟོག་པའི་ཤེས་པའི་ཡུལ་དུ་མེད་པ་ཞིག་གནས་པར་མི་འགྱུར་རམ་ཞེ་ན། གང་གི་ཚེ་དགག་བྱའི་དངོས་པོ་འགའ་ཞིག་མེད་དོ་ཞེས་བརྟག་པར་བྱ་བ་དགག་བྱའི་དངོས་པོ་མི་དམིགས་པ་དེའི་ཚེ། དགག་བྱ་མ་གྲུབ་པས་དེ་དགག་པའི་དངོས་མེད་བློའི་མདུན་དུ་ཇི་ལྟར་གནས་ཏེ། དངོས་མེད་ཅེས་པའམ་ཅི་ཡང་མེད་པ་ཞེས་པར་མི་གནས་པ་ཉིད་དོ། །རྟེན་བྲལ་བ་ཞེས་པ་ནི་བཀག་པའི་རྟེན་དགག་བྱ་དང་བྲལ་བའི་ཕྱིར་རོ། །དེས་ན་འདི་མེད་ཅེས་ངེས་པའི་ཚད་མ་ནི་དགག་བྱ་དང་གཅིག་ཏུ་རྟོགས་པས་དགག་བྱ་ལ་བརྟེན་པའི་ཕྱིར་ན། དགག་བྱ་དེ་མ་གྲུབ་པར་དེ་ལ་བརྟེན་པའི་བཀག་པ་ཡང་མི་འགྲུབ་པས་མེད་པ་ཉིད་ཀྱང་མི་དམིགས་སོ་ཞེས་གྲུབ་བོ། །ཡང་ན་རྟེན་བྲལ་བ་ཞེས་པ་ནི་བློ་འཇུག་པའི་རྟེན་དམིགས་པར་བྱ་བ་དང་བྲལ་བའོ་ཞེའོ། །དེ་ལྟར་དགག་བྱའི་དངོས་པོ་མེད་ན་དེ་ལ་ལྟོས་པའི་བཀག་པའི་དངོས་པོ་མེད་

-36-

ཅིང་བྱ་བ་ཉིད་མ་གྲུབ་པས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ནི་བཀག་མེད་གསལ། །ཞེས་བདེན་གཉིས་ནས་བཤད་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཡོད་པའི་ཟླ་དྲངས་མེད་པ་དེ། །མེད་པའི་ཟླ་དྲངས་ཡོད་པ་ཡིན། །དེ་ཕྱིར་ཡོད་པར་མི་བརྟག་ཅིང་། །མེད་པར་ཡང་ནི་མི་བརྟག་གོ ། ཞེས་ཡོད་པ་དང་མེད་པའི་ཕན་ཚུན་ལྟོས་པ་ཡིན་པས་གཅིག་མེདན་གཅིག་ཀྱང་མེད་པ་ཁོ་ནའོ། །དེ་ལས་སྣང་བ་མེད་པའི་ཤེས་རབ་སྐྱེ་བའི་ཚུལ་ནི་གང་ཚེ་ཞེས་པ་རྩ་བ་བཞི་སྟེ། དེ་ལྟར་ན་དངོས་པོ་དང་དེ་བཀག་པའི་དངོས་མེད་དག་བློའི་ཡུལ་ན་མི་གནས་པ་དེའི་ཚེ་གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་རྣམ་པ་གཞན་མེད་པས་མུ་བཞིའི་རྟོག་པ་ཐམས་ཅད་དང་བྲལ་བའི་ཤེས་རབ་སྐྱེ་སྟེ། རྒྱུད་བླ་མར། གང་ཞིག་ཡོད་མིན་མེད་མིན་ཡོད་མེད་མ་ཡིན་གཉིས་ཀ་ལས། །གཞན་དུའང་བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ་ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་ཞིག་སྟོང་པ་ཉིད་ལྟ་བ། །དེ་དག་གསོར་མི་རུང་བར་གསུངས། །ཞེས་བཤད་པ་བཞིན་ནོ། །དེ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པའི་ཤེས་རབ་དེ་ཉིད་ཞི་གནས་དང་ཟུང་དུ་སྦྱར་ཏེ་ས་བཅུ་རིམ་གྱིས་གོམས་པ་ལས་ཆུ་ལ་ཆུ་བཞག་པའམ་མར་ལ་མར་བཞག་པ་ལྟར་མཚན་མས་དབེན་པའི་ཆོས་ཀྱི་དབྱིངས་དང་སྣང་བ་མེད་པའི་ཤེས་རབ་དབྱེར་མེད་དུ་རྟོགས་པ་འབྱུང་ངོ༌། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུའོ། །རི་བོང་གི་རྭ་ལྟར་གཏན་མེད་པ་ནི་མ་ཡིན་གྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་དང་ལྡན་པའོ། །དམིགས་པ་མེད་པར་རབ་ཏུ་ཞི་ཞེས་པའང་ཁ་ཅིག་ནི་སེམས་གཏན་མེད་པའོ་ཞེའོ། །དེ་ལ་གཞན་ན་རེ་འོག་ནས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ཀྱང་དོན་རྣམས་ཐམས་ཅད་མཛད་ཅེས་འབྱུང་བས་གནོད་དོ། །དེ་ལྟར་ཉེ་བར་ཞི་ན་གཞན་དོན་སྒྲུབ་པའི་ཕྲིན་ལས་ཇི་ལྟར་འཐད་དེ་གཞན་དོན་ལ་འཇུག་བྱེད་ཀྱི་ཤེས་པ་ཉིད་མེད་པས་

-37-

སོ། །དེས་ན་ཡུལ་ལ་འཇུག་པའི་རྣམ་པར་རྟོག་པ་ཞི་བ་ཉིད་ལ་རབ་ཏུ་ཞི་བ་ཞེས་བྱའོ་ཟེར་དེ་འདི་ནི་གོང་དུ་བཤད་ཟིན་ནོ། ། ཆོས་ཐམས་ཅད་སྒྱུ་མར་རྟོགས་པའི་ལམ་ཡིན་པ་འདི་ཁ་ཅིག་ན་རེ་དངོས་པོར་འཛིན་པ་སྤོང་བ་དང་། སྒྱུ་མར་འཛིན་པ་སྤོང་བ་དང་། མེད་པར་འཛིན་པ་སྤོང་བ་དང་། འཛིན་པ་ཐམས་ཅད་སྤངས་པས་བཞི་མཉམ་གཞག་དང་། ཡིད་བཞིན་ནོར་བུ་ཞེས་པ་མན་ཆད་ཀྱིས་རྗེས་ཐོབ་བཤད་པར་བཞེད་དོ། །གཞན་ཡང་ཆོས་ཀྱི་ཡེ་ཤེས་འདི་ནི་ཤེས་བྱ་ཅིར་ཡང་མ་གྲུབ་པས་བློས་ཅིར་ཡང་མི་འཛིན་པ་སྟེ། ཆུ་ལ་ཆུ་བཞག་པ་ལྟར་སྟོང་པར་མ་འདུས་པ་མེད་པས་ཤེས་པ་ཉིད་དུ་མ་གྲུབ་པར་འདི་ཉིད་དང་བདེན་གཉིས་ཀྱི་བཤད་པར་ཡང་གསུང་མོད་ཀྱི། ཤེས་པར་མེད་པའི་ཡེ་ཤེས། ཤེས་བྱ་ཅི་ཡང་མ་ཤེས་པའི་ཤེས་པ། གཞལ་བྱ་རྟོགས་པའི་ཚད་མ་ནི་བདག་གིས་མ་རིག་གོ །དེ་ཁོ་ན་ཉིད་ཀྱང་སྤྲོས་བྲལ་དུའང་མེད་ན་སྤྲོས་པར་ཐལ་དེ་དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར་རོ། །དོན་དམ་པར་སྤྲོས་བྲལ་དུ་མེད་ཀྱང་སྤྲོས་པར་མི་འགྱུར་དེ་གཉི་ག་དང་བྲལ་ལོ་ཞེ་ན། ཐ་སྙད་དུ་ཡང་དངོས་མེད་ལོག་པ་དངོས་པོར་མི་འགྱུར་ཏེ་གཉི་ག་དང་བྲལ་ལོ་ཞེས་མགོ་མཚུངས་པས་ཕན་ཚུན་སྤངས་པའི་དངོས་འགལ་རྒྱུད་ཆད་པར་ཐལ་ལོ། །གཞན་ཡང་སྤྲོས་བྲལ་དུ་མེད་ན་སྤྲོས་པ་གཅོད་པའི་རྗེས་དཔག་ཀྱང་ཤེས་པ་དང་ཚད་མར་མི་འཐད་དེ། ཤེས་བྱ་དེ་གཞལ་བྱར་མེད་པའི་ཕྱིར་རོ། །དགག་བྱ་རྣམ་པར་བཅད་པ་ཙམ་ལ་ཚད་མར་འཐད་དོ་ཞེ་ན། རྣམ་གཅད་དེ་ཉིད་གཞལ་བྱར་གྲུབ་སྟེ། བསྒྲུབ་བྱ་ཡོངས་སུ་བཅད་པ་གཞལ་བྱ་ཡིན་པ་བཞིན་ནོ། །རྣམ་གཅད་ཙམ་གཞལ་བྱར་གྱུར་ན་སྤྲོས་པར་ཐལ་ལོ་ཞེ་ན། སྤྲོས་པ་བཅད་པས་སྤྲོས་པར་འགྱུར་ན་ཡོངས་གཅོད་སྒྲུབ་པ་ཡང་དགག་པར་ཐལ་ལོ། །དེ་འགལ་ལོ་ཞེ་ན། སྔ་མ་ཡང་འགལ་ཏེ་མཚུངས་སོ། །དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་པ་ནི་ཡོངས་གཅོད་དུ་མ་གྲུབ་པས་དམིགས་ཡུལ་དུ་མེད་པར་དགོངས་པའོ། །གང་ཚེ་དངོས་དང་དངོས་མེད་དག ། ཅེས་པ་ལ། དངོས་པོ་

-38-

དང་དེ་ལ་ལྟོས་པའི་དངོས་མེད་ཡོད་པ་མེད་པའི་ཟླས་དྲངས་ཏེ་ཞེས་པ་རང་བཞིན་དུ་གྲུབ་པ་མེད་པ་ལ་དགོངས་པའོ། །དེས་ན་བདེན་པའི་རང་བཞིན་གྲུབ་མ་མྱོང་བའི་མཚན་ཉིད་རྣམ་གཅད་ཙམ་ནི་ཡེ་ཤེས་དང་རྗེས་དཔག་གིས་རྟོགས་པས་ཚད་མ་དང་ཤེས་པར་འཐད་དོ་ཞེས་གསུང་ངོ༌། །འདི་དག་ནི་མི་རིགས་ཏེ། དེ་ལ་དོན་དམ་པའི་བདེན་པ་སྤྲོས་བྲལ་དུ་མ་གྲུབ་ན་སྤྲོས་པར་ཐལ་ཞེས་པ་ལ། འདི་སྐད་བརྗོད་པར་བྱའོ། །སྤྲོས་བྲལ་ཞེས་པའང་བློའི་ཡུལ་དུ་གྱུར་པ་མེད་དོ། །བློའི་ཡུལ་དུ་གྱུར་ན་ནི་དེ་ཉིད་སྤྲོས་པ་ཡིན་ཏེ་སྒྲ་དང་རྣམ་པ་རྟོག་པར་ཞེན་ནས་ཡུལ་དུ་བྱར་རུང་བའི་ཕྱིར་རོ། །དེས་ན་དོན་དམ་པའི་བདེན་པ་ནི་བློའི་ཡུལ་ལས་འདས་པ་ཁོ་ནས་སྤྲོས་བྲལ་ཡིན་པའི་ཕྱིར། བློའི་ཡུལ་དུ་གྱུར་པའི་སྤྲོས་པ་དང་སྤྲོས་བྲལ་གཉིས་ཀར་མ་གྲུབ་བོ། །དེ་ལྟར་མ་ཡིན་ན་ཤེས་བྱ་མ་ཡིན་པའི་བུམ་པ་རྟག་པར་ཡོད་པ་ཁེགས་པས་མི་རྟག་པར་ཐལ་ལོ། །དེ་ནི་རྟག་མི་རྟག་གཉིས་ཀ་དང་བྲལ་ལོ་ཞེ་ན། འདིར་ཡང་སྤྲོས་པ་དང་སྤྲོས་བྲལ་གཉིས་ཀ་དང་བྲལ་ལོ། །འོ་ན་དངོས་འགལ་རྒྱུ་རྐྱེན་འཆད་དོ་ཞེ་ན། ཁྱོད་ལ་ཡང་དེ་ཉིད་བརྗོད་པར་བྱའོ། །གལ་དེ་ཤེས་བྱར་གྲུབ་ཚོད་ལ་དངོས་འགལ་རྣམ་པར་བཞག་གི ། ཤེས་བྱ་མ་ཡིན་པའི་བུམ་པ་ནི་མི་སྲིད་པས་དངོས་འགལ་རྣམ་པར་བཞག་ཏུ་མེད་དོ་ཞེ་ན། འདིར་ཡང་ཐ་སྙད་པའི་ཚད་མའི་ཡུལ་ལ་དངོས་འགལ་ཡོད་ཀྱི། དོན་དམ་པའི་བདེན་པ་ཅིར་ཡང་མ་གྲུབ་པ་ལ་དངོས་འགལ་ལ་སོགས་པ་གང་ཡང་རྣམ་པར་བཞག་ཏུ་མེད་དོ། །གཞན་ཡང་རིགས་ཤེས་ཀྱིས་ནི་དགག་བྱ་རྣམ་པར་བཅད་པ་ཙམ་འཇལ་བས་ཤེས་པ་དང་ཚད་མར་འཐད་དོ། །འོ་ན་དོན་དམ་གཞལ་བྱར་གྲུབ་བོ་ཞེ་ན། དགག་བྱ་རྣམ་པར་བཅད་པ་ཙམ་གྱི་མེད་དགག་ཉིད་ཀུན་རྫོབ་པ་ཡིན་ནམ། དོན་དམ་པའི་བདེན་པ་ཡིན། སྔ་མ་ལྟར་ན་དེ་གཞན་བས་དོན་དམ་པའི་བདེན་པའི་ཆར་གྲུབ་པ་ལ་ཅི་ཞིག་ཕན། རྣམ་གཅད་ཙམ་དེ་ཉིད་དོན་དམ་པའི་བདེན་པ་ཡིན་ན་དེ་ལ་དངོས་པོ་མེད་པས་ཁྱབ་བམ་མ་ཁྱབ། དེ་ལ་དངོས་མེད་ཀྱིས་མ་

-39-

ཁྱབ་ན་དོན་དམ་པའི་དངོས་པོར་ཐལ་ཏེ་དོན་དམ་པ་ཡང་ཡིན་ལ་དངོས་པོ་མེད་པ་མ་ཡིན་པས་དངོས་པོ་ཡང་ཡིན་པའི་ཕྱིར་རོ། །རྣམ་གཅད་ཙམ་དོན་དམ་པའི་བདེན་པ་དེ་ལ་དངོས་པོ་མེད་པས་ཁྱབ་ན། ཆོས་ཅན་སྣང་བ་རྟེན་འབྲེལ་ལ་དངོས་མེད་ཙམ་ཁེགས་པས་དེའི་ཁྱབ་བྱ་རྣམ་གཅད་ཙམ་གྱི་དོན་དམ་སྟོང་ཉིད་ཡང་ཁེགས་པར་འགྱུར་རོ། །དེ་འདོད་ན་ནི་རྣམ་གཅད་ཙམ་གྱི་སྟོང་ཉིད་ཁེགས་པས་སྣང་བ་རྟེན་འབྲེལ་འདི་བདེན་པའི་དངོས་པོར་གྲུབ་པར་འགྱུར་ཏེ། དགག་པ་བཀག་པ་སྒྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་པ་ལ་སོགས་པའང་སྒྲ་ཇི་བཞིན་དུ་བཤད་པས་མ་ཆོག་པ་ཅི་ཡོད། སྒྲ་དེ་ཉིད་ལ་ཁ་བསྐངས་ཏེ་གཞན་དུ་བཤད་ན་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ཀྱང་གང་ཟག་གི་བདག་ཡོད་པར་སྟོན་པའི་ལུང་དུ་དྲངས་ཀྱང་མི་ནུས་པ་ཅི་ཡོད། དེའི་ཕྱིར་འདི་ནི་རྟོག་གེ་རྣམ་པར་འཁྱམས་པར་ཟད་དོ། ། བཞི་པ་དེའི་ཕྲིན་ལས་འཇུག་པ་དམིགས་པ་ལ་མི་ལྟོས་པར་སྟོན་པ་ནི། རྒྱུད་དག་པའི་གདུལ་བྱ་ལ་སྣང་བ་ནི་ཡིད་བཞིན་ཞེས་པའི་ཚིགས་སུ་བཅད་པ་སྟེ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དམིགས་པ་མེད་བཞིན་དུ་དགོས་པ་ཐམས་ཅད་སྒྲུབ་པ་ལྟར། གདུལ་བྱའི་བསམ་པ་དག་པ་དང་། ཐུབ་པ་ཉིད་ཀྱིས་སྔོན་ཚོགས་བསགས་ཤིང། ཇི་ལྟ་ཇི་ལྟར་གདུལ་བྱའི། །དོན་རྣམས་ཡོངས་སུ་རྫོགས་འགྱུར་པ། །དེ་ལྟ་དེ་ལྟར་སྣང་བ་ཡང་། །བདག་ལ་བརྟེན་ཏེ་འབྱུང་འགྱུར་ཅིག ། ཅེས་སྨོན་ལམ་བཏབ་པའི་སྟོབས་ཀྱིས་གདུལ་བྱའི་རྒྱུད་དང་མཐུན་པའི་སྐུར་སྣང་སྟེ། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་འབར་བས་བརྒྱན་པར་སྣང་ལ། དེ་ལས་གཞན་པ་ཡོངས་སུ་དག་པའི་སེམས་ཅན་རྣམས་ལ་སྤྲུལ་པའི་སྐུ་ཇི་ལྟར་རིགས་པར། པི་ཝང་ལེན་པ་ལ་སོགས་པ་བཟོའི་སྤྲུལ་པ་དང་། རི་དྭགས་རུ་རུར་སྐྱེ་བ་ལེན་པ་ལ་སོགས་པ་སྐྱེ་བའི་

-40-

སྤྲུལ་པ་དང་། དགའ་ལྡན་ནས་འཕོ་བ་ནས་མྱ་ངན་ལས་འདས་པར་སྟོན་པའི་བར་མཆོག་གི་སྤྲུལ་པ་དང་མྱ་ངན་ལས་འདས་ནས་ཀྱང་སྐུ་གདུང་ཡུངས་འབྲུ་ཙམ་གྱི་བར་དུ་སྣང་ངོ༌། །གལ་དེ་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་ནི་བློ་མེད་ཀྱང་དངོས་པོར་སྣང་བ་ལས་དོན་བྱེད་པ་ཡིན་ན། ཐུབ་པའི་སྔོན་གྱི་སྨོན་ལམ་ནི་ད་ལྟར་འགགས་པས་དེས་ཕན་པ་ཇི་ལྟར་སྒྲུབ་སྙམ་ན། སྣང་བ་དེས་ཕན་པ་ཇི་ལྟར་སྒྲུབ་པའི་དཔེའི་སྒོ་ནས་གསལ་བར་བྱེད་པ་ནི་དཔེར་ན་ཞེས་པ་སྟེ། ནམ་མཁའ་ལྡིང་གི་རིག་སྔགས་གྲུབ་པས། དེ་དགའ་བར་བྱ་བའི་ཕྱིར་མཆོད་སྡོང་བསྒྲུབས་ནས་དེས་ཀླུ་ལ་སོགས་པའི་དུག་ཞི་བའི་སྨོན་ལམ་བཏབ་པ་ན། བྱེད་པ་པོ་འདས་ཀྱང་དེས་ཕན་པ་གྲུབ་པ་བཞིན་དུ་འདི་ཡང་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ཀྱང་སྐུ་གསུམ་དང་ཡེ་ཤེས་བཞིའི་བདག་ཉིད་རྒྱལ་བའི་མཆོད་སྡོང་གིས་གདུལ་བྱ་ལ་ཕན་པ་དཔག་ཏུ་མེད་པ་རྗེས་སུ་སྒྲུབ་བོ། །དེ་ལ་མྱ་ངན་ལས་འདས་པ་ཞེས་པ་ནི་རྣམ་པར་རྟོག་པ་རྒྱུན་བཅད་པ་སྟེ་རྡོ་རྗེ་ལྟ་བུའིཏིང་ངེ་འཛིན་གྱི་རྗེས་ལ་ཐོབ་པའོ། །གལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ལ་ཡང་ལ་ལས་མཆོད་པ་ལ་སོགས་པ་བྱས་པས་ཇི་ལྟར་འབྲས་བུ་ཐོབ་སྟེ་སེམས་མེད་པའི་ཕྱིར་རོ་སྙམ་ནས་རྩོད་པ་ནི། སེམས་མེད་པ་ལ་ཞེས་པ་རྩ་བ་གཉིས་སོ། །རྩོད་པ་དེ་སྤང་བ་ནི་གང་ཕྱིར་ཞེས་པ་རྩ་བ་གཉིས་ཏེ། སེངྒེ་རྣམ་པར་བརྩེ་བའི་མདོ་ལས། གང་ཞིག་སངས་རྒྱས་བཞུགས་པའམ། །ཡོངས་སུ་མྱ་ངན་འདས་པ་ལ། །སྐུ་གདུང་རིང་བསྲེལ་ཙམ་མཆོད་པ། །སེམས་ཀྱང་མཉམ་ལ་འབྲས་བུའང་མཉམ་ཞེས་གསུངས་སོ། ཁ་ཅིག་ན་རེ། དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ནི་འོག་མིན་ན་བཞུགས་པ་ཡིན་པས། གདུལ་བྱ་ལ་སྣང་བའི་སྤྲུལ་སྐུའི་ཡེ་ཤེས་ཀྱིས་མ་བསྡུས་པས་ན་སེམས་མེད་པ་ལ་ཞེས་བརྩད་པའི་ལན་དུ། སངས་རྒྱས་བཞུགས་སམ་མྱ་ངན་འདས་ཏེ་འོག་མིན་དུ་གཤེགས་ཀྱང་མཆོད་པའི་བསོད་ནམས་ནི་མེ་ཏོག་བརྩེགས་པའི་གཟུངས་ལ་སོགས་པ་ནས་བཤད་དོ་ཞེས་ཟེར་ཏེ། གཞུངགི་

-41-

དོན་མ་ཡིན་པར་གསལ་ལོ། །འདི་ལས་ཡེ་ཤེས་རྒྱུན་ཆད་དུ་འདོད་པ་ལྟར་ན། དམིགས་པ་མེད་པར་རབ་ཏུ་ཞི་བ་ཡང་མར་མེ་ཤི་བ་ལྟ་བུར་ཐུགས་ཀྱི་འཇུག་པ་མེད་པའོ། །ཐུགས་མེད་ཀྱང་སེམས་ཅན་གྱི་དོན་བྱེད་པ་ནི་ནོར་བུ་ལ་སོགས་པ་བཞིན་ནོ། །ནོར་བུ་དངོས་པོར་ཡོད་པ་དང༌། སངས་རྒྱས་དངོས་པོར་མེད་པ་གཉིས་དཔེ་དོན་མི་མཚུངས་སོ་ཞེ་ན། རྣལ་འབྱོར་པ་འདས་ཀྱང་དོན་བྱེད་པ་འབྱུང་བའི་དཔེས་བསྟན་ཏོ། །རྒྱལ་བའི་མཆོད་སྡོང་ནི་འོག་མིན་ན་མཚན་དང་དཔེ་བྱད་འབར་བའི་བེམས་པོ་ཞིག་སྒྲུབ་པའོ་ཞེས་ལ་ལ་འཆད་དོ། །ལ་ལསནི་བྱང་ཆུབ་སེམས་དཔའི་གཟུང་ཆ་ཉིད་དེ་དེ་ཉིད་ཀྱི་ཤེས་པ་ལས་ཐ་དད་མེད་པར་འདོད་དོ། །དེ་ལྟར་ན་སེམས་མེད་པར་འདོད་པ་ལ་མཆོད་བྱས་པས་ཞེས་པ་ལ་སོགས་པའི་གཞུང་ནི་ཤིན་ཏུ་འགྲིགས་སོ་ཞེས་གསུངས་ཏེ་འགྲེལ་པས་ཀྱང་སློབ་དཔོན་གྱི་དགོངས་པ་དེ་ཡིན་པར་བཤད་དོ། །ལུང་ལས་མཚུངས་པར་བཤད་ཀྱང་མི་མཚུངས་ན་ཅི་འགལ་ཞེ་ན། ལུང་ལས་གྲུབ་པའི་གཏན་ཚིགས་ཀྱི་ཁྱབ་པ་སྒྲུབ་པ་ནི་ཀུན་རྫོབ་པའི་ནི་ཞེས་པ་ནས་ཏེ། དབུ་མ་པ་ལྟར་སངས་རྒྱས་ཀུན་རྫོབ་བམ། ཁྱོད་དངོས་པོར་སྨྲ་བ་ལྟར་སངས་རྒྱས་དེ་ཁོ་ན་ཉིད་དུའང་རུང་སངས་རྒྱས་ལ་སེམས་ཡོད་པའམ་མེད་པའམ་རུང་སྟེ་མཆོད་པ་བྱས་པས་མ་འོངས་པ་ན་འབྲས་བུ་འབྱུང་བ་ནི་ལུང་གིས་གྲུབ་པ་ཡིན་ཏེ། དཔེར་ན་ཁྱེད་རང་བདེན་པའི་སངས་རྒྱས་ལ། མཆོད་པ་བྱས་པ་ལ་སོགས་པ་འབྲས་བུ་དང་བཅས་པ་བཞིན་ནོ། །གལ་ཏེ་ལུང་ལས་སེམས་ཡོད་པ་དང་མེད་པ་ལ་མཆོད་པ་མཚུངས་པར་གསུངས་ཀྱང་། ལུང་དེ་བདེན་པར་མི་འཛིན་ན། བདེན་པའི་སངས་རྒྱས་ལ་མཆོད་པ་བྱས་པ་ལ་སོགས་པ་ལ་འབྲས་བུ་དང་བཅས་པར་ཡང་ཇི་ལྟར་ཡིད་ཆེས་པར་བྱེད་དེ། དེ་ལ་ཡང་ལུང་ལས་མ་གཏོགས་པའི་ཡིད་ཆེས་པའི་རྟེན་གཞན་མེད་པའི་ཕྱིར་རོ། །དེ་ལྟར་དེ་དག་གིས་ཆོས་ཐམས་ཅད་སྟོང་པར་རྟོགས་པའི་བློ་དོན་དམ་པའི་ཡུལ་ཅན་ལམ་དུ་ཞར་ལ་བཤད་མོད་ཀྱི། དེ་ཉིད་ལ་རྩོད་པ་སྤངས་པས་གཙོ་བོར་གཏན་ལ་

-42-

དབབ་པར་འདོད་ནས། འཕགས་པ་ཉན་ཐོས་དག་ནི་རྩོད་པ་དགོད་པ་ནི་བདེན་པ་མཐོང་བས་ཞེས་པ་རྩ་བ་གཉིས་ཏེ། ཤེས་བྱའི་གནས་ལུགས་གང་ཟག་གི་བདག་མེད་པ་བདེན་པ་བཞི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་གི་རྣམ་པ་ཅན་མཐོང་བས་ཉོན་མོངས་པ་སྤོང་ལ། དེའི་ཕྱིར་དེའི་འབྲས་བུ་སྡུག་བསྔལ་ལས་གྲོལ་བར་འགྱུར་གྱི། ཅི་ཡང་མེད་པ་རྟོགས་པ་ཙམ་གྱིས་ནི་གྲོལ་བ་མ་ཡིནཏེ། ནམ་མཁའ་མཐོང་བས་མི་གྲོལ་བ་བཞིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ་དོན་ལྔ་ལས། སྟོང་ཉིད་རྟོགས་པ་ཁོ་ན་ལམ་ཡིན་པར་ལུང་གིས་བསྒྲུབ་པ་ནི་གང་ཕྱིར་ཞེས་པ་རྩ་བ་གཉིས་ཏེ། རྒྱལ་བའི་ཡུམ་ལས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་ཚུལ་གྱིས་གནས་པ་ལ་ནི་ལམ་མེད་ལམ་གྱི་འབྲས་བུ་མེད། རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས། ཞེས་པ་ལ་སོགས་པ་གསུངས་པས་སོ། །གལ་ཏེ་གནས་མ་བུ་ལ་སོགས་པ་དག་ན་རེ། དེ་ལྟར་བཤད་མོད་ཀྱི་ཐེག་པ་ཆེན་པོའི་གསུང་རབ་ཏུ་འདོད་པ་དག་ན་ལུང་ཉིད་དུ་མ་གྲུབ་སྟེ། མི་རང་དགར་བ་དག་གིས་དུས་ཕྱིས་བསྟན་པ་ཉམས་པར་བྱ་བའི་ཕྱིར་བྱས་སོ་ཞེས་སེམས་ནས་གལ་ཏེ་ཞེས་པ་རྐང་པ་གཅིག་སྟེ། ལུང་དུ་མ་གྲུབ་བོ་ཞེས་པའོ། །དེ་ལ་ཐེག་པ་ཆེན་པོ་བཀར་སྒྲུབ་པ་ལ་བླང་བའི་རྒྱུ་མཚན་མཚུངས་པར་སྟོན་པ་ནི་ཁྱོད་ཀྱི་ལུང་ལས་ཞེས་པའོ། །ངེད་ཀྱི་ལུང་ནི་གཉིས་ཀ་ལ་གྲུབ་བོ་ཞེས་བསམས་ནས་གང་ཕྱིར་ཞེས་ཟེར་བ་ལ། གཉིས་ཀ་ལ་གྲུབ་པའི་དོན་ནི་ཅི་ལུང་དུ་ཁས་ལེན་པ་ཁྱོད་དང་དེ་ལས་གཞན་པ་གཉིས་ཀ་ལའམ། སྐྱེས་བུ་གང་ཡང་རུང་བ་གཉིས་ཀ་ལ་གྲུབ་པ་ཡིན། དང་པོ་ནི་མ་ཡིན་ཏེ་དང་པོ་ཁྱོད་ལ་འདི་མ་གྲུབ་སྟེ། བྱིས་པ་ནས་ལུང་གི་རྗེས་སུ་འབྲང་ངམ་ཅི། ངེད་ཀྱི་ལུང་ནི་མདོ་སྡེ་ལ་འཇུག་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཁས་བླང་བར་རིགས་སོ་ཞེ་ན། རྐྱེན་གང་གིས་ནི་ཞེས་པ་རྩ་བ་གཉིས་ཏེ། བླང་བའི་རྒྱུ་མཚན་མཚུངས་

-43-

སོ། །གཉིས་པ་ལྟར་ན་གཞན་གཉིས་ཞེས་པ་སྟེ་སུའང་རུང་བ་གཉིས་འདོད་པས་ལུང་ཡིན་ན་རིག་བྱེད་ལ་སོགས་པ་མུ་སྟེགས་པའི་ལུང་ཡང་སངས་རྒྱས་པའི་ལུང་དུ་འགྱུར་རོ། གཉིས་པ་དོར་བའི་རྒྱུ་མཚན་མཚུངས་པའི་རྒོལ་བ་བཀོད་པ་ནི་ཐེག་ཆེན་ཞེས་པ་རྩ་བ་གཅིག་གོ །ལན་ནི་ལུང་ལའང་ཞེས་པ་སྟེ། ལུང་སྤྱི་ལ་མུ་སྟེགས་དང་རྩོད་ལ། སྡེ་པ་སོ་སོའི་ལུང་ལ་སྡེ་པ་བཅོ་བརྒྱད་རྩོད་པ་དང་བཅས་པས་དོར་བྱར་འགྱུར་རོ། །གལ་ཏེ་ལུང་ནས་དེ་ལྟར་གསུངས་པ་དང་ལུང་དེ་དགོས་པ་ཅན་ཡིན་ནོ་ཞེ་ན། གསུམ་པ་ལུས་དེ་ངེས་དོན་དུ་རིགས་པས་སྒྲུབ་པ་ནི། གཞན་གྱི་ལུགས་ལ་ཉོན་མོངས་པ་བཅོམ་པའི་དགེ་སློང་མི་འཐད་པར་སྟོན་པ་ནི་བསྟན་རྩ་ཞེས་པ་རྩ་བ་གཉིས་ཏེ། ལུང་ཕྲན་ཚེགས་ལས་ཉོན་མོངས་པ་བཅོམ་པའི་དགེ་སློང་དང་། ཁས་འཆེ་བའི་དང༌། མིང་གི་དང་། སློང་བའི་དང་། གསོལ་བ་དང་གཞིའི་ལས་ཀྱི་བསྙེན་པ་རྫོགས་པའི་དགེ་སློང་ལྔ་བཤད་པའི་དང་པོ་ནི། བསྟན་པའི་རྩ་བ་སྟེ། བསྟན་པ་སྡུད་པའི་ཕྱིར་དང་གནས་པར་བྱེད་པའི་ཕྱིར་རོ། །དཀའ་བས་གནས་པ་ནི་སྟོང་པ་ཉིད་སྒོམ་པ་མེད་ན་ཉོན་མོངས་ཀྱི་རྒྱུ་མཚན་མཚན་མར་འཛིན་པ་མ་བཅོམ་པས་ཡང་སྐྱེ་བའི་ཕྱིར་རོ། །སྡུག་བསྔལ་སྤངས་པའི་མྱ་ངན་ལས་འདས་པ་མི་འཐད་པ་ནི་སེམས་ནི་ཞེས་པ་རྩ་བ་གཉིས་ཏེ། སྡུག་བསྔལ་གྱི་གཞི་བདེན་པར་འཛིན་པ་མ་སྤངས་པས་དེ་ལས་དང་ཉོན་མོངས་པ་སྲིད་པ་གསུམ་གྱི་སྡུག་བསྔལ་འབྱུང་པའི་ཕྱིར་རོ། །དེ་ལ་གཞན་གྱི་རྩོད་པ་ནི་ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་སྟེ། བདེན་པ་མཐོང་བས་ཉོན་མོངས་པ་སྤངས་པ་ཉིད་མྱ་ངན་ལས་འདས་པའོ་སྙམ་དུ་བསམས་པའོ། །དེའི་ལན་ནི་དེ་དེ་མ་ཐག་ཏུ་དེར་འགྱུར་རོ་ཞེས་པ་སྟེ་སྡུག་བསྔལ་མེད་པར་འགྱུར་རོ། །འདོད་སྙམ་ན། ཉོན་མོངས་མེད་ཀྱང་ཞེས་པ་ནས་འདོད་པ་ལ་གནོད་པ་སྟེ། སྔོན་གྱི་ཉོན་མོངས་ཀྱིས་བྱས་པའི་རྣམ་པར་འགྱུར་བ་དང་། ལས་མ་སྤངས་པས་དགྲ་བཅོམ་པ་སྒུར་ཆུང་དང་དབང་དང་ལྡན་པ་མོའུ་གལ་གྱི་བུ་ཆེན་པོ་ལ་སོགས་པ་ལ་ལས་ཀྱི་ནུས་པ་སྡུག་

-44-

བསྔལ་བས་གནོད་དོ། །དེ་དག་ལ་ཡང་སྲིད་པ་འདོད་པའི་སྲེད་པ་དང་འདུན་པའི་འདོད་ཆགས་མེད་པས་ཕྱིས་སྡུག་བསྔལ་མི་ལེན་པའི་ཕྱིར་ཞི་བ་ཡིན་ནོ་ཞེ་ན། སྲེད་འདི་ཞེས་པ་དང་ཅི་སྟེ་མེད་ཞེས་པ་འབྲེལ་ལོ། །ཉོན་མོངས་པ་སྤངས་པའི་ཕྱིར་ཇི་ལྟར་ཡོད་སྙམ་ན། ཉོན་མོངས་ཅན་མིན་ཡང་ཞེས་སོ། །ཉོན་མོངས་ས་བོན་མ་ཡིན་པའི་སྲེད་པ་ལྟ་བུ་ཞེ་ན། ཀུན་རྨོངས་བཞིན་ཞེས་པ་སྟེ། དགྲ་བཅོམ་པ་ལ་ཉོན་མོངས་པ་མེད་ཀྱང་ཤེས་བྱའི་སྒྲིབ་པས་རྨོངས་པས་གྲོང་སྟོང་པར་སྒྲ་འབྱིན་པ་དང་། ཚ་ཚི་ཚེར་མས་གང་ཆར་འགྲོ་བ་ལ་སོགས་པ་ལྟ་བུའོ། །གཞན་ཡང་སྲེད་པའི་རྒྱུ་ཚོར་བ་ཡོད་པས་སྲེད་པ་ཡོད་པར་མི་འགལ་བར་སྟོན་པ་ནི་ཚོར་བའི་ཞེས་པ་རྩ་བ་གཉིས་སོ། །དེས་ན་དམིགས་པ་ཅན་ལ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་འགྱུར་རོ། །དེས་ན་སྟོང་ཉིད་སྒོམས་པར་བྱ་སྟེ། སངས་རྒྱས་ཀྱི་ལུང་ཡིན་པའི་ཕྱིར་རོ་ཞེས་སྦྱོར་རོ། །འདིར་ཁ་ཅིག་ན་རེ། ཁམས་གསུམ་པའི་སྡུག་བསྔལ་རྒྱུད་དང་བཅས་པ་སྤངས་པའི་གྲོལ་བ་མི་སྲིད་དོ། །ཞེས་འགོག་པ་ནི་མ་ཡིན་ཏེ། འགོག་ན་ཐེག་པ་འོག་མ་གཉིས་ལམ་དུ་གཏན་མ་ཡིན་པར་འགྱུར་བས་སོ། །དེས་ན་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པའི་སྡུག་བསྔལ་ལས་གྲོལ་བ་ཐེག་པ་གཉིས་ཀྱི་འབྲས་བུ་ནི་ཡོད་པ་ཁོ་ནའོ། །འོན་ཀྱང་དེ་ཉིད་འབྲས་བུ་མཐར་ཐུག་པ་བྱ་བ་བྱས་པ་ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ་ལ་སོགས་པ་འབྲས་བུ་གཞན་ལ་བཙལ་མི་དགོས་པའི་རང་བཞིན་དུ་ཉན་ཐོས་པས་འདོད་པ་དེ་འགོག་པ་ཡིན་ནོ། །འདི་ལྟར་མ་རིག་པའི་བག་ཆགས་ཀྱི་ས་ལ་བརྟེན་ནས། ཟག་པ་མེད་པའི་ལས་ཀྱིས། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང་བཅས་ཏེ་གནས་པའི་ཕྱིར་ན། འདི་མཐའ་དག་ཀྱང་སྤངས་པའི་བྱང་ཆུང་ཆེན་པོ་ཐོབ་པར་བྱེད་པའི་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྟོང་པ་ཉིད་སྒོམ་པ་ལ་སོགས་པའི་འབད་པ་བཞི་ནས་འཇུག་དགོས་པའི་ཕྱིར་འབྲས་བུ་གཞན་ལས་བཙལ་མི་དགོས་པའི་

-45-

ལྷག་བཅས་དང་ལྷག་མེད་ཡིན་ནོ་ཞེས་འདོད་པ་དེ་ནི་སྟོང་པ་ཉིད་དང་བྲལ་བ་ལ་མི་སྲིད་དོ་ཞེས་འགོག་པ་སྟེ་དཔལ་ཕྲེང་སེངྒེའི་ང་རོའི་མདོ་ནས་བཤད་པ་བཞིན་ནོ། །དེས་ན་ཇི་སྲིད་སངས་རྒྱས་མ་ཐོབ་པར། །མྱང་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་རྒྱུད་བླ་མ་ནས་གསུངས་པ་བཞིན་ནོ་ཞེས་ཀྱང་གསུང་ངོ་། ། ལྔ་པ་ཐེག་པ་ཆེན་པོའི་གསུང་རབ་བཀའ་ཡིན་པའི་རྒྱུ་མཚན་རྒྱས་པར་བཤད་པ་ནི་གང་གང་ཞེས་འདོད་པ་བླངས་ནས། ཐེག་ཆེན་ཞེས་བྱ་བ་ནས་རྒྱུ་མཚན་མཚུངས་པར་སྟོན་ཏེ། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་སྟོན་པས་སོ། །གལ་ཏེ་མདོ་ཁ་ཅིག་དེ་ལྟར་མཚུངས་ཀྱང་ཁ་ཅིག་ལ་སྐུར་པ་བཏབ་བས་ཁོ་བོ་ཅག་གི་དང་མི་མཚུངས་པའི་ཕྱིར་ཐམས་ཅད་བཀའ་མ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་པ་སྟེ། གཅིག་ཉེས་པ་དང་བཅས་པས་ཐམས་ཅད་བླང་བྱ་མ་ཡིན་ན། གཅིག་ཡོན་ཏན་དང་བཅས་པས་ཐམས་ཅད་བླང་བྱ་ཅིའི་ཕྱིར་མ་ཡིན། མ་རྟོགས་པས་སྤོང་བ་དགག་པ་ནི་ངག་གང་ཞེས་པའོ། །ཚིགས་སུ་བཅད་པ་གསུམ་པོ་འདི་ནི་གོང་དུ་གང་གིས་ནི་དེར་ཡིད་ཆེས་ཞེས་པ་དང་ཟློས་པའི་ཕྱིར་དང༌། འདིར་སྐབས་སུ་མ་བབ་པའི་ཕྱིར་སློབ་དཔོན་གྱི་གཞུང་མ་ཡིན་ཏེ། རང་དགར་བཅུག་པ་ཡིན་ཞེས་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་འཆད་དོ། །སློབ་དཔོན་དགེ་བའི་ལྷ་དང་དྷ་ན་ཤྲཱི་དང་འགྲེལ་ཆེན་གྱིས་ནི་འདི་སློབ་དཔོན་གྱི་གཞུང་དུ་འདོད་ན། གོང་མའི་རྒྱས་བཤད་ཡིན་པས་ཟློས་པ་མེད་དོ་ཞེས་གསུང་ངོ༌། །དེ་ལྟར་བདེན་པ་གཉིས་ཤེས་པའི་བྱེད་པ་མདོར་བསྡུས་ཏེ་སྟོན་པ་ན་བཞི་ལས་དང་པོ་ཕུལ་དུ་བྱུང་བའི་འབྲས་བུ་སྐྱེད་པར་སྟོན་པ་ནི་རྨོངས་པས་ཞེས་པ་རྩ་བ་བཞི་སྟེ། སེམས་ཅན་གྱི་དོན་དུ་མྱང་ངན་ལས་འདས་པ་ཐོབ་པའོ། །དེ་ཡང་རྩ་བ་དང་པོ་དང་གསུམ་པས་ནི་ཞི་བ་ལ་མི་གནས་པ་ཡིན་ལ། གཉིས་པ་ནི་འཁོར་བ་ལ་མི་གནས་པ་སྟེ། སྙིང་རྗེས་ཞི་བ་ལ་མི་གནས་པ་དང༌། ཤེས་རབ་ཀྱིས་འབྱོར་པ་དང་རྒྱུད་པའི་ཚེ་ཉོན་མོངས་པ་དང་སྡུག་

-46-

བསྔལ་མི་གནས་པར་རང་དང་གཞན་གཉིས་ཀའི་དོན་གྲུབ་པའོ། །དེས་ན་སུན་དབྱུང་བའི་གནས་མ་ཡིན་པ་ནི་དེ་ལྟར་ཞེས་པ་ནས་སོ། །སྒོམ་པའི་གཉེན་པོའི་བྱེད་པ་ཉིད་ནི་ཉོན་མོངས་ཞེས་པ་སྟེ། ཉོན་མོངས་པའི་སྒྲིབ་པས་ནི་ཐར་པ་ལ་སྒྲིབ་ལ། ཤེས་བྱའི་སྒྲིབ་པས་ནི་ཐམས་ཅད་མཁྱེན་པ་ལ་སྒྲིབ་པར་བྱེད་པས་ན་དེ་དག་ཉིད་མུན་པ་ཡིན་པའི་གཉེན་པོའོ། །གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པའི་སྟོང་པ་ཉིད་གཉིས་རིམ་པ་བཞིན་ཡིན་པའི་ཕྱིར་དང་། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་བདག་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་དེ་ཇི་ལྟར་སྒོམ་པར་མི་བྱེད། དེ་ལྟར་དོན་ཆེ་ཡང་ཐམས་ཅད་ལ་སྐུར་བ་འདེབས་པས་དེ་ལ་འཇུག་པར་མི་སྤྲོ་བོ་སྙམ་ན། ལྡོག་པའི་རྒྱུ་འགོག་པ་ན་སྡུག་བསྔལ་གྱི་རྒྱུ་མ་ཡིན་པ་ནི་དངོས་གང་ཞེས་པ་སྟེ་དངོས་པོར་འཛིན་པའོ། །འཇིགས་པ་པོའི་བདག་མ་གྲུབ་པས་དེ་ལ་འཇིགས་པར་མི་འོས་པ་ནི་གལ་ཏེ་ཞེས་པའོ། །དེ་ལྟར་ཤེས་རབ་ཀྱི་རང་བཞིན་བསྟན་ནས་དེ་སྒོམ་པ་ལ་འཇུག་པའི་ཚུལ་བདག་མེད་གཉིས་སྟོན་ཏེ། དེ་ལ་གང་ཟག་གི་བདག་མེད་པ་ནི་ཕུང་པོ་ལྔ་ལ་དབང་སྒྱུར་པའི་བྱེད་པ་པོ་རྟག་པའི་བདག་མེད་པའི་ཕྱིར། སྐད་ཅིག་མ་བྱེད་པ་མེད་པ་ཆོས་ཙམ་གྱིས་ངོ་བོར་གནས་པ་སྟེ་བདག་ལ་སོགས་པ་མེད་དགག་ནི་མ་ཡིན་ནོ། །དེ་ལྟ་བུའི་གང་ཟག་གི་བདག་མེད་པའི་སྟོང་པ་ཉིད་གོམས་པར་བྱས་པས་སྟོང་པ་ཉིད་ལ་འཇུག་པའི་ཚུལ་སྟོན་པ་ན། ཕུང་པོ་ལྔ་ལ་བདག་མེད་པ་བསྟན་པ་ནི་སོ་དང་ཞེས་པ་ནསཏེ། དེ་ཡང་ཁམས་དྲུག་གི་རང་བཞིན་ཡིན་པས་ས་ལ་བདག་མེད་པ་ནི་རུས་པ་ཡན་ཆད་དོ། །ཆུའི་ཁམས་ནི་རྔུལ་ཡན་ཆད་དོ། །ས་དང་ཆུ་འདྲེས་པ་ནི་པགས་པ་ཡན་ཆད་དོ། །དྲོད་ནི་མེའོ། །རླུང་ནི་རླུང་གི་ཁམས་སོ། །བུ་ག་ནི་ནམ་མཁའི་ཁམས་སོ། །དེ་ལྟར་ཁམས་ལྔ་པོ་གཟུགས་ཀྱི་ཕུང་པོ་ལ་བདག་མེད་པར་བསྟན་ནས། རྣམ་པར་ཤེས་པའི་ཁམས་མཚུངས་པར་ལྡན་པ་དང་བཅས་པ་ལ་བདག་མེད་པས་མིང་བཞིའི་

-47-

ཕུང་པོ་ལ་དག་པ་ནི་རྣམ་ཀུན་ཏུ་ཞེས་པའོ། །ད་ནི་བྱེ་བྲག་ཏུ་གྲངས་ཅན་པས་བདག་ཤེས་ཤིང་རིག་པའི་ངོ་བོ་རྟག་པ་གཅིག་པུ་སྒྲ་ལ་སོགས་པ་ལོངས་སྤྱད་པའི་མཁན་པོ་སྐྱེས་བུ་རེ་རེ་ལ་བདག་རེ་རེ་ཡོད་པར་འདོད་པ་དེ་དགག་པ་ལ་གསུམ་སྟེ། སྐྱེས་བུ་ཕྱིར་དགག་པ་དང་། གནས་སྐབས་ཀྱི་ཆོས་དང་འབྲེལ་བ་དགག་པ་དང་། རང་བཞིན་གཅིག་པ་ཡིན་པ་དགག་པའོ། །དང་པོ་ལ་གསུམ་ལས་ཡུལ་རྟག་ཏུ་ལོངས་སྤྱོད་པར་ཐལ་བ་ནི་གལ་ཏེ་ཞེས་པ་སྟེ། སྒྲ་ཤེས་པའི་སྐྱེས་བུ་རྟག་ན་དུས་ཐམས་ཅད་དུ་སྒྲ་འཛིན་པར་འགྱུར་རོ། །སྒྲ་ཤེས་ནི་གྲངས་ཅན་གྱི་གྲུབ་མཐའ་གོ་རིམ་གྱི་དང་པོར་མཚོན་པར་ཟད་དེ། གཟུགས་ལ་སོགས་པ་ཤེས་པ་ཐམས་ཅད་ལ་ཡང་ཐལ་བ་འདིའི་གནས་སོ། །སྒྲ་ཤེས་རྟག་ཏུ་གནས་ཀྱང་ཤེས་བྱ་སྒྲ་རྟག་ཏུ་ཡོད་པར་མ་ངེས་པས་དེ་ལྟར་མི་འགྱུར་རོ་སྙམ་ན། ཤེས་བྱ་མེད་ན་ཞེས་པ་རྩ་བ་གཉིས་སོ། །ཡང་ན་རྩ་བ་གཉིས་པོ་དེ་འདོད་པ་ལ་གནོད་པར་སྦྱར་རོ་ཞེའོ། །གལ་ཏེ་ཡུལ་མ་ཤེས་མོད་ཤེས་པར་ཅི་འགལ་ཞེ་ན། ཧ་ཅང་ཐལ་བ་ནི་གལ་ཏེ་ཞེས་པའོ། །སྐབས་བསྡུ་བ་ནི་དེས་ན་ཞེས་པ་རྩ་བ་གཉིས་སོ། །དེ་ལྟར་ནི་མི་འགྱུར་དེ་སྒྲ་མི་ཉེ་ན་དེ་ཉིད་ཀྱི་ཤེས་པ་ཡིན་པས་སོ་སྙམ་ན། སྔར་གྱི་སྒྲ་ཤེས་དེ་ཉིད་ཕྱིས་ཀྱི་གཟུགས་ཤེས་ཡིན་ན། ཕྱི་དུས་དེའི་ཚེ་ཐོས་པ་ལ་ཅི་སྟེ་མིནཏེ། སྒྲ་ཤེས་ཉིད་འདི་ཡིན་པའི་ཕྱིར་རོ། །སྒྲ་མི་ཉེ་བས་ཐོས་པ་མེད་དོ་ཞེ་ན། སྒྲ་མི་ཉེ་བ་དེས་ན་སྒྲ་དེའི་ཡུལ་ཅན་གྱི་ཤེས་པ་ཡང་མེད་པས་སྒྲ་ཤེས་མི་རྟག་པར་གྲུབ་བོ། ། གཅིག་གི་ཐ་སྙད་མི་འཐད་པ་ནི་སྒྲ་འཛིན་ཞེས་པ་རྩ་བ་གཉིས་ཏེ། གཉན་བྱའི་རྣམ་པར་དམིགས་པ་དང་། བལྟ་བྱའི་རྣམ་པར་དམིགས་པ་གཉིས་འགལ་བ་གཅིག་ཏུ་མི་འཐད་པའོ། །གལ་ཏེ་གཅིག་དུ་མི་འགལ་ཏེ་སྐྱེས་བུ་གཅིག་ཉིད་རང་གི་ཕ་དང་བུ་གཉིས་ལ་ལྟོས་ནས་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ལྟར། དོན་དམ་པའི་ཤེས་པ་གཅིག་ཉིད་ཀྱི་ཡུལ་གཟུགས་དང་སྒྲ་ལ་སོགས་པར་ལྟོས་ནས་སྒྲ་འཛིན་དང་གཟུགས་འཛིན་ལ་སོགས་པ་

-48-

ཡིན་ནོ་ཞེ་ན། དཔེ་ཉིད་མ་གྲུབ་པར་སྟོན་པ་ནི་གཅིག་ནི་ཞེས་པ་སྟེ། གང་ཟག་གཅིག་ཉིད་ཕ་དང་བུར་བརྟགས་པ་ཙམ་ཡིན་གྱི། ཕ་དང་བུ་ཡང་དག་པ་ནི་མིན་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་པ་སྟེ་བདེན་པའམ་ཡང་དག་པ་ནི་རང་གི་ལུགས་ཀྱི་སྙིང་སྟོབས་དང་རྡུལ་དང་མུན་ལ་གསུམ་ཆ་མཉམ་པ་སྟེ། དེ་ནི་ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་ཚུ་རོལ་མཐོང་བའི་བློའི་ཡུལ་ལས་འདས་པར་འདོད་ལ། དེ་ནི་བུ་མིན་ཕ་ཡང་མིན་ནི། གཅིག་ཉིད་ཕ་དང་བུ་བློས་བཟུང་བ་ནི་མཐོང་བའི་དོན་འཛིན་པས་བརྫུན་པའི་ཕྱིར་དེ་ཉིད་ཕ་དང་བུར་བདེན་པ་ཞེས་པའི་དཔེ་ནི་གཏན་མ་གྲུབ་བོ། །གཅིག་པ་ཉིད་དུ་མ་དམིགས་པས་འགོག་པ་ནི་དེ་ནི་ཞེས་པ་སྟེ། གཟུགས་འཛིན་པའི་ཤེས་པ་དེ་ནི་སྔར་གྱི་སྒྲ་འཛིན་དུ་ཚད་མས་མ་མཐོང་བའི་ཕྱིར། སྒྲ་འཛིན་མ་ཡིན་ནོ། །གལ་ཏེ་མ་མཐོང་བའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་སྟེ། མ་མཐོང་བ་སྙམ་བྱེད་པ་ནི་དཔེར་ན་བརྒྱ་བྱིན་ལ་སོགས་པ་གཅིག་མི་འདྲ་བ་གྱོན་པ་གར་མཁན་མི་འདྲ་བ་མཐོང་བ་སྙམ་བྱེད་པ་ལྟར། གཟུགས་འཛིན་ལ་སོགས་པའི་ཚུལ་གཞན་དུ་མཐོང་ཡང་རང་བཞིན་ནི་སྒྲ་འཛིན་དེ་ཉིད་མཐོང་བ་ཡིན་ནོ་སྙམ་ན། གར་མཁན་ཞེས་པ་རྩ་བ་ཕྱེད་དང་གཉིས་ཀྱིས་འདོད་པ་བླངས་ནས། དེ་རྟག་མིན་ཞེས་པས་དེ་འགོག་སྟེ་སྔར་གྱི་སྒྲ་འཛིན་གྱི་ཚུལ་ལམ་རང་བཞིན་བོར་ནས་གཟུགས་འཛིན་གྱི་ཚུལ་གཞན་ཡིན་ན་སྒྲ་འཛིན་དེ་འཇིག་པ་ཉིད་དོ། །གལ་ཏེ་ཚུལ་བཞིན་ཡིན་ཡང་གཅིག་པ་ཅི་འགལ་ཞེ་ན། དེའི་ཁྱབ་པ་སྒྲུབ་པ་ནི་གཅིག་ཉིད་ཞེས་པ་སྟེ། ཚུལ་གཞན་དང་གཞན་དུ་འགྱུར་བའི་གཅིག་ཉིད་དེ་འདྲ་བ་ནི་འཇིག་རྟེན་དུ་སྔར་མ་བྱུང་ངོ༌། །གལ་ཏེ་ཚུལ་གཞན་ནི་བརྟགས་པ་ཙམ་ཡིན་པས་བདེན་པ་མིན་ཡང་རང་བཞིན་གཅིག་ཡིན་པ་ཅི་འགལ་ཞེ་ན་ཞེས་རྩོད་པ་ལ། གསུམ་པ་རང་བཞིན་གཅིག་དགག་པའི་ཕྱིར་དྲི་བ་དགོད་པ་ནི་དེའི་རང་གི་རང་བཞིན་སྨོས་ཞེས་པའོ། གཞན་གྱི་

-49-

ལན་ནི་ཤེས་ཉིད་ཅེ་ན་ཞེས་པའོ། །དེ་དགག་པ་ནི་དེ་ལྟ་ན་ཞེས་པ་སྟེ། སྒྲ་འཛིན་དང་གཟུགས་འཛིན་སྟངས་ཐ་དད་ཀྱང་ཤེས་པ་ཉིད་ཙམ་ལས་གཅིག་ཏུ་རྟོག་ན། སྐྱེས་བུ་ཐམས་ཅད་རྒྱུད་སོ་སོར་སྣང་ཡང་རྒྱུད་གཅིག་ཏུ་འགྱུར་ཏེ། ཤེས་པ་ཙམ་དུ་གཅིག་པས་སོ། །འདོད་པ་ཡང་མ་ཡིན་ཏེ་སྐྱེས་བུ་སོ་སོར་ཁྱེད་རང་འདོད་པས་སོ། །གཞན་ཡང་ཁྱོད་ཉིད་ཐ་དད་པར་འདོད་པའི་སྐྱེས་བུ་སེམས་དཔའ་དང་གཙོ་བོ་དང་བློ་སེམས་མེད་པའི་བེམས་པོ་ཡང་གཅིག་ཏུ་འགྱུར་ཏེ། ཡོད་པ་ཙམ་དུ་མཚུངས་པས་སོ། །བྱེ་བྲག་སྒྲ་འཛིན་དང་གཟུགས་འཛིན་མི་བདེན་ན་སྤྱི་ཤེས་པ་ཙམ་པོ་ཉིད་མ་གྲུབ་པ་ནི་གང་ཚེ་ཞེས་པ་སྟེ་སྒྱུ་མས་སྤྲུལ་པའི་ཤིང་ཤ་པ་ལ་སོགས་པ་བྱེ་བྲག་རྫུན་པ་ནི་སྤྱི་ཤིང་ཙམ་ཡང་མེད་པ་བཞིན་ནོ། ། རིགས་པ་ཅན་དང་བྱེ་བྲག་པས་བདག་བེམས་པོ་རྟག་པ་གཅིག་པུ་ཐ་དད་པའི་ཤེས་པ་གཞན་ཞིག་ཡོད་པ་ཅན་སྐྱེས་བུ་ཐམས་ཅད་ལ་རེ་རེ་ཡོད་པར་འདོད་པ་དེ་དགག་པ་ལ་བཞི་ལས། རང་བཞིན་བེམས་པོ་བདག་ཏུ་མི་རུང་བ་ནི་སེམས་མེད་པ་ཡང་ཞེས་པ་སྟེ། བེམས་པོ་ནི་བདག་མ་ཡིན་དེ་བདག་གི་མཚན་ཉིད་ནི་བློ་སྔོན་དུ་བཏང་ནས་དབང་སྒྱུར་བྱེད་ཡིན་ན། བེམས་པོ་ལ་དེ་མེད་པས་སོ། །སེམས་པ་གཞན་དང་ལྡན་པས་བདག་ཏུ་མི་རུང་བ་ནི་འོན་ཏེ་ཞེས་པ་སྟེ། སྔ་མའི་ཁྱབ་པ་སྒྲུབ་པའོ། །དེ་ཡང་དེ་ལ་འདུ་བའི་ཡོན་ཏན་སེམས་པ་གཞན་ཡོད་པས་བདག་ཏུ་མི་འགྱུར་ཏེ། འགྱུར་ན་སེམས་པ་གཞན་དང་མི་ལྡན་པའི་མི་ཤེས་པ་དེ་འཇིག་པར་ཐལ་ལོ། །སེམས་པ་ཡོད་མེད་ཀྱིས་བདག་ག་ལ་འགྱུར་སྙམ་ན། སེམས་པས་ཞེས་པས་དེ་འགེགསཏེ། སེམས་པས་དེ་ལ་ཅིང་ཡང་མ་བྱས་པས་བེམས་པོ་ལས་མ་འདས་སོ། །དེ་ལྟར་བདག་གི་མཚན་ཉིད་མེད་པས་བདག་མ་ཡིན་ཏེ་ནམ་མཁའ་བཞིན་ནོ་ཞེས་དོན་བསྡུ་བ་ནི་དེ་ལྟར་ཞེས་བྱ་བའོ། །དེ་ལྟར་བདག་ལ་གནོད་པ་བརྗོད་ནས། བདག་མེད་པ་ལ་གནོད་པ་གཉིས་སྤང་

-50-

བའི་ཕྱིར། དང་པོ་གཞན་གྱི་ལས་འབྲས་འབྲེལ་བ་མི་འཐད་པའི་རྩོད་པ་དགོད་པ་ནི་གལ་ཏེ་ཞེས་པ་རྩ་བ་བཞི་སྟེ། ལས་བྱས་པ་དོན་མེད་ཅིང་མ་བྱས་པ་དང་ཕྲད་པར་འགྱུར་རོ་ཞེས་བྱ་བའོ། །ལན་ལ་ལྔ་ལས་དང་པོ་ཁས་བླངས་པའི་སྒོ་ནས་མཚུངས་པར་སྟོན་པ་ནི། བྱ་བ་ཞེས་པ་སྟེ། ཁྱེད་རང་ལྟར་ན་ཡང་ཚིག་གི་དོན་དྲུག་ལྕགས་ཀྱི་ཐུར་མ་བཞིན་ཐ་དད་པར་འདོད་པ་ན་བདག་གི་ཡོན་ཏན་དགེ་བ་དང་མི་དགེ་བ་ནི་ལས་བྱ་བའི་གཞི་ཡིན་ལ། ཚོར་བ་བདེ་སྡུག་ནི་འབྲས་བུ་ཉམས་སུ་མྱོང་བའི་གཞི་ཐ་དད་པར་ཡུ་བུ་གཉིས་ཀ་ལ་མཚུངས་པར་གྲུབ་པས། ལས་འབྲས་ཀྱི་སྐབས་འདིར་རྩོད་པདོན་མེད་པ་མ་ཡིན་ཞེས་བྱའོ། །སེམས་པ་དགེ་མི་དགེ་དང་ཚོར་བ་བདེ་སྡུག་དང་རྟག་པའི་བདག་གཅིག་ལ་བརྟེན་པས་ཐ་མི་དད་དོ་ཞེ་ན། ལས་བྱ་བའི་སྐབས་དང་འབྲས་བུ་མྱོང་བའི་སྐབས་འདིར་བདག་བྱེད་པ་མེད་པར་ཡང་གྲུབ་སྟེ། རྟག་པ་དང་བེམས་པོ་ཡིན་པས་སོ། །དེས་ན་བརྩད་པ་དོན་མེད་དོ། །ཡང་ན་ལས་བྱ་བའི་གཞི་སེམས་པ་དགེ་མི་དགེ་ཚེ་འདིར་ཡོད་པ་དང་། འབྲས་བུ་རྣམ་སྨིན་གྱི་གཞི་ཚེ་ཕྱི་མའི་ཚོར་བ་བདེ་སྡུག་དང་ཐ་དད་པ་དང་། ཁོ་བོ་ཅག་ལྟར་ན་བདག་དེ་དངོས་པོར་མེད་པ་དང་། ཁྱེད་ལྟར་ན་རྟག་པ་ཡིན་པས་ལས་དང་འབྲས་བུའི་བྱེད་པ་མེད་པར་ཡང་མཚུངས་པ་ཉིད་དོ་ཞེས་གསུང་ངོ་། །གཉིས་པ་དངོས་པོའི་ལན་གྱིས་དེ་སྤོང་བ་ནི། རྒྱུ་ལྡན་ཞེས་པ་སྟེ། ལས་བྱེད་པ་དེ་ཉིད་ཀྱིས་འབྲས་བུ་མྱོང་ན་རྒྱུ་འབྲས་དུས་གཅིག་པར་འགྱུར་ན་དེ་ལ་ནི་མཐོང་བས་གནོད་དེ་རྒྱུ་འབྲས་ལ་དུས་ཐ་དད་པས་ཁྱབ་པར་ཚད་མས་ངེས་པས་སོ། །འོ་ན་ཁྱེད་རང་གི་ལུང་ལས་བྱེད་པ་པོ་ཟིན་པའི་ཕུང་པོ་ཁོ་ན་ལ་སྨིན་པར་འགྱུར་རོ། །ཞེས་ལས་བྱེད་པ་པོས་འབྲས་བུ་མྱོང་བར་བཤད་པ་དང་འགལ་ལོ་ཞེ་ན། གསུམ་པ་ལུང་དང་འགལ་བ་སྤང་བ་ནི། རྒྱུ་གཅིག་ཞེས་པ་སྟེ། རྣམ་ཤེས་བརྒྱུད་མར་འཇུག་པའི་རྒྱུན་ལ་ལས་བྱེད་པ་པོ་དང་འབྲས་བུ་སྤྱོད་པ་པོ་ཞེས་བྱ་བར་བསྟན་ཏོ། །རྒྱུན་གཅིག་པ་དེ་ཉིད་བདག་ཡིན་ནོ་སྙམ་ན། བཞི་པ་རྩོད་པ་སྤང་བ་ནི། འདས་

-51-

དང་ཞེས་པའོ། །ལྔ་པ་དོན་བསྡུ་བ་ནི་དཔེར་ན་ཞེས་པའོ། །དེ་ལྟར་ལས་འབྲས་འབྲེལ་བ་མི་འཐད་པའི་གནོད་པ་སྤངས་ནས། སྙིང་རྗེས་སྒོམ་པའི་ཡུལ་མི་འཐད་པ་སྤང་བའི་ཕྱིར་རྩོད་པ་དགོད་པ་ནི་གལ་ཏེ་ཞེས་པ་སྟེ། ཡུལ་སེམས་ཅན་མེད་པའི་ཕྱིར་སྙིང་རྗེ་མི་འཐད་པས་ཐེག་པ་ཆེན་པོ་ལམ་མི་རུང་ངོ་ཞེས་བསམ་པའོ། །ལན་ནི་འབྲས་བུའི་ཞེས་པ་སྟེ་སྣང་བཅས་ཀྱི་བློ་འབྲས་བུའི་ཆེད་དུ་མི་འདོར་བ་བཞིན་ཏེ། འབྲས་བུ་སངས་རྒྱས་པའི་དོན་དུ་རྨོངས་པ་སྟེ་མ་དཔྱད་པར་འཇུག་པའི་ཤེས་པས་སེམས་ཅན་ཞེས་གང་བརྟགས་པའོ། །འདིའི་དོན་ནི་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་བདག་གིས་སེམས་ཅན་རྣམས་གདོན་པར་བྱའོ་ཞེས་སེམས་ཅན་གྱི་དོན་བྱ་བར་འདོད་པའི་མ་དཔྱད་པར་འཇུག་པའི་རྣམ་རྟོག་གི་ཡུལ་སེམས་ཅན་དེ་ལ་སྙིང་རྗེ་བྱའོ་ཞེས་པ་སྟེ། བདག་མེད་ཀྱང་ཕུང་པོ་ལྔ་ཙམ་གྱི་སེམས་ཅན་ལ་སྙིང་རྗེ་བསྒོམ་པའོ། །གལ་ཏེ་བདག་ཏུ་གྱུར་པའི་སེམས་ཅན་མེད་ན་འབྲས་བུ་སངས་རྒྱས་ཉིད་སུའི་ཡིན་སྙམ་ནས་སེམས་ཅན་ཞེས་རྩོད་པ་ལ་བདེན་དེ་ཞེས་པས་ལན་འདེབས་ཏེ། དོན་དམ་པར་འབྲས་བུ་སངས་རྒྱས་བདེན་དེ་འོན་ཀྱང་མ་དཔྱད་པར་འཇུག་པའི་བློས་སེམས་ཅན་གདོན་པར་འདོད་པའི་རྨོངས་པ་ཡོད་ལ་དེ་ལས་འབྲས་བུ་སངས་རྒྱས་འགྲུབ་པས་འབྲས་བུ་ཐ་སྙད་ཙམ་དུ་འདོད་དོ། །འཁྲུལ་པའམ་རྨོངས་པ་དེ་འདྲ་བ་སྡུག་བསྔལ་གྱི་རྒྱུ་ཡིན་པས་སྤང་ངོ་ཞེ་ན། མི་སྡུག་པའི་སྡུག་བསྔལ་ལྟར་བདེ་བ་སྟེར་བྱེད་ཡིན་པས་མི་སྤོང་བ་ནི་སྡུག་བསྔལ་ཞེས་པའོ། །དེས་ན་རང་དང་གཞན་གྱི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་འབྲས་བུ་དང་ལྡན་པའི་རྨོངས་པ། འཁྲུལ་པའི་ངོའི་སྤྱོད་ཟློག་པར་མི་བྱའོ། །འོ་ན་སྔར་བདག་གཞན་མི་རིགས་གང་ཡིན་ཏེ་ཞེས་པ་ལ་སོགས་པས་རྨོངས་པ་སྤང་བར་བཤད་པ་དང་འགལ་ལོ་ཞེ་ན། སྡུག་བསྔལ་རྒྱུའི་ང་རྒྱལ་ཏེ་ཞེས་གསུངས་ཏེ། ངར་འཛིན་དང་པོ་འཕེལ་བྱེད་བདག་བདེན་པར་འཛིན་པ་ལ་དགོངས་པའོ། །འོ་ན་འབྲས་བུ་རྨོངས་པ་དེ་ལས་ཀྱང་སྡུག་བསྔལ་གྱི་རྒྱུ་ངར་འཛིན་འཕེལ་

-52-

བས་བཟློག་ཏུ་མེད་དོ་ཞེ་ན། བདག་འཛིན་དེ་གཉེན་པོས་སྤོང་བ་ནི་བདག་མེད་ཅེས་པའོ། ཁ་ཅིག་ན་རེ་འོ་ན་བཟློག་པར་བྱ་བའི་རྨོངས་པ་གང་ཞེ་ན། སྡུག་བསྔལ་རྒྱུའི་ང་རྒྱལ་དེ་རང་འཛིན་ནོ། །དེ་ལས་བཟློག་པའི་ཐབས་མེད་དོ་ཞེ་ན། ཡོད་དེ་བདག་མེད་སྒོམ་པ་གཉེན་པོ་མཆོག་ཡིན་ནོ་ཞེས་ཀྱང་གསུངས། དེ་ལྟར་གང་ཟག་གི་བདག་མེད་པ་བསྒོམས་པས་སྟོང་པ་ཉིད་སྒོམ་པ་ལ་འཇུག་པའི་ཚུལ་བཤད་ནས། གཟུགས་ལ་སོགས་པ་དེ་དག་ཉིད་ཀྱིས་སྟོང་པའི་ཆོས་དེ་སྟོང་པའི་ཆོས་ཀྱི་བདག་མེད་པ་དྲན་པ་ཉེར་བཞག་བཞིའི་སྒོ་ནས་སྟོན་ཏོ། །འདི་ཡང་ཉན་ཐོས་པས་ནི་ལུས་གཙང་བར་འཛིན་པའི་གཉེན་པོར་ལུས་མི་གཙང་བར་བསྒོམས་པ་དང༌། ཚོར་བ་བདེ་བར་འཛིན་པའི་གཉེན་པོར་ཚོར་བ་སྡུག་བསྔལ་བར་བསྒོམ་པ་དང་། སེམས་བདག་ཡོད་པར་འཛིན་པའི་གཉེན་པོར་སེམས་བདག་མེད་པ་དང་། ཆོས་རྟག་པར་ཕྱིན་ཅི་མ་ལོག་པའི་གཉེན་པོར་ཆོས་མི་རྟག་པར་བསྒོམ་པ། བྱང་ཆུབ་སེམས་དཔས་ནི་ཐམས་ཅད་སྟོང་པར་བསྒོམ་པར་བྱེད་དོ། །དེ་ཡང་བདེན་པ་བཞི་ལ་འཇུག་བྱའི་ཕྱིར། དྲན་པ་ཉེ་བར་བཞག་པ་བསྒོམ་པར་བྱ་ཞེས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པས། བདེན་པ་བཞིའི་ཆོས་ཉིད་རྟོགས་པ་དང་མཐུན་པས་འདི་དག་འཆད་དོ། །དེ་ལ་ལུས་ནི་སྡུག་བསྔལ་གྱི་གཞི་ཡིན་པས་དེའི་ཆོས་ཉིད་རྟོགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ །ཚོར་བ་ནི་སྲེད་པའི་རྒྱུ་ཡིན་པས་སྲེད་པ་ནི་ཀུན་འབྱུང་གི་གཙོ་བོ་ཡིན་པས་དེའི་ཆོས་ཉིད་རྟོགས་པ་ནི་ཚོར་བ་དྲན་པ་ཉེ་བར་བཞག་པ་སྟེ། དེ་རྟོགས་པས་ཀུན་འབྱུང་གི་བདེན་པ་རྟོགས་པར་བྱ་བ་ལ་འཇུག་གོ །མཚན་མར་འཇིག་པའི་སེམས་ཉེ་བར་ཞི་བ་ནི་འགོག་པ་ཡིན་པས་དེའི་ཆོས་ཉིད་རྟོགས་པ་ནི་སེམས་དྲན་པ་ཉེ་བར་བཞག་པ་ཡིན་ལ། དེས་ཀྱང་འགོག་པའི་བདེན་པ་རྟོགས་པ་ལ་འཇུག་གོ །ཆོས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡིན་པས་ཉོན་མོངས་པའི་གཉེན་པོ་རྣམ་བྱང་ནི་ལམ་ཡིན་པས་ན་དེའི་ཆོས་ཉིད་རྟོགས་པ་ནི་ཆོས་

-53-

དྲན་པ་ཉེ་བར་བཞག་པ་ལམ་གྱི་བདེན་པ་རྟོགས་པ་ལ་འཇུག་གོ །དེ་ལ་ལུས་ཀྱིས་མཚོན་ནས་གཟུགས་ཀྱི་ཕུང་པོ་རང་བཞིན་མེད་པར་འཆད་པ་ནི་ལུས་དྲན་པ་ཉེ་བར་བཞག་པའོ། །དེ་ལ་གསུམ་ལས་ཡན་ལག་སོ་སོ་ལུས་མ་ཡིན་པ་ནི་ལུས་ནི་རྐང་པ་ཞེས་པ་སྟེ། ལུས་དང་འགལ་བ་ཆ་ཤས་སོ་སོ་བར་དམིགས་པའི་ཕྱིར་རོ། །དེ་ཉིད་ལ་བྱེ་བྲག་པ་དང་རིག་པ་ཅན་ལ་སོགས་པ་ན་རེ། ཡན་ལག་སོ་སོ་བ་དེ་ལུས་མ་ཡིན་མོད། ཡན་ལག་ཅན་རིགས་པ་ཆ་ཤས་མེད་པའི་ལུས་གཅིག་ཡན་ལག་ལ་གནས་སོ་ཞེ་ན། གཉིས་པ་ཡན་ལག་ཅན་གྱི་ལུས་དགག་པ་ནི་གལ་ཏེ་ཞེས་པ་ནས་ཏེ། ཅི་ཡན་ལག་ཅན་གྱི་ལུས་གཅིག་པོ་དེའི་ཕྱོགས་ཀྱི་ཆ་རེ་རེ་དང་འབྲེལ་བར་གནས་སམ། ལུས་དེའི་བདག་ཉིད་རྫོགས་པར་ཡན་ལག་རེ་རེ་དང་འབྲེལ་བར་གནས་ཞེས་བརྟག་པ་གཉིས་སོ། །དང་པོ་ལྟར་ན་ཆ་ཤས་དང་བཅས་པར་འགྱུར་བས་གཅིག་ཡིན་པ་ཉམས་སོ་ཞེས་སྟོན་པ་ནི་གལ་ཏེ་ཞེས་པ་རྩ་བ་བཞིའོ། །བརྟག་པ་ཕྱི་མ་འདོད་ན་ཡང་བདག་ཉིད་ཀུན་གྱིས་གནས་པ་མི་འཐད་པ་ནི་གལ་དེ་བདག་ཉིད་ཞེས་པ་སྟེ། ཡན་ལག་ཅན་གྱི་ཆ་ཤས་རེ་རེ་ལ་ཡང་ཡན་ལག་ཅན་གྱི་ལུས་རྫོགས་པར་གནས་ན་ཡན་ལག་གི་ལུས་ཆ་ཤས་ཇི་སྙེད་པ་དེ་སྙེད་པ་ཡན་ལག་ཅན་གྱི་ལུས་དུ་མར་ཐལ་ལོ་ཞེས་པའི་དོན་ནོ། །དེ་ལས་གཞན་དུའང་མི་གནས་པས་ཚད་མའི་དོན་བསྡུ་བ་ནི་ཕྱི་དང་ཞེས་པ་སྟེ། ལུས་དགག་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་ན་ལུས་སུ་དམིགས་པ་འདི་ཇི་ལྟར་ཡིན་ཞེ་ན། འཁྲུལ་པའི་དམིགས་པ་ཙམ་དུ་སྟོན་པ་ནི་དེས་ན་ཞེས་པའོ། །གལ་ཏེ་ཐོ་ཡོར་དང་མི་མཚུངས་ཏེ། ཐོ་ཡོར་ལ་ནི་མི་དང་འདྲ་བ་དང་ཐག་རིང་བ་ལ་སོགས་པས་མིར་འཁྲུལ་པའི་རྒྱུ་ཡོད་ཅིང་། མིས་དབེན་པའི་ཐོ་ཡོར་ཉིད་དུ་ཤེས་པས་མིར་འཛིན་པ་ལྡོག་པས་འཁྲུལ་པའི་སྒྲུབ་བྱེད་ཀྱང་ཡོད་པ་ཡིན་ན། ལག་པ་ལ་སོགས་པ་ལུས་སུ་འཁྲུལ་པའི་རྒྱུ་ཡང་མེད་ལ། ལག་པ་ལ་སོགས་པ་ཤེས་ཀྱང་ལུས་སུ་འཛིན་པ་མི་ལྡོག་པས་འཁྲུལ་པའི་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར་རོ་ཞེ་ན། རྩོད་པ་དེ་

-54-

སྤངས་བ་ལ་གཉིས་ལས་འཁྲུལ་པའི་རྒྱུ་ནི་ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ། །ཐོ་ཡོར་སྐྱེས་བུ་ལྟར་སྣང་བ། །དེ་བཞིན་ཇི་སྲིད་ལག་སོགས་ལ། །དེ་ཡོད་དེ་འཁྲུལ་པའི་རྐྱེན་ཡོད་པ་དེ་སྲིད་དུ་ལུས་སུ་སྣང་ངོ་ཞེས་དྷ་ན་ཤྲཱི་འདོད་དེ། ཡུལ་ཐག་རིང་བ་དང་ནམ་མཁའ་མི་གསལ་བ་ལ་སོགས་པ་རྐྱེན་ཚང་བ་དེ་སྲིད་དུ་ཐོ་ཡོར་ལ་མིའི་བློ་འབྱུང་ཞིང་བློ་དེ་མི་ལྡོག་ལ། མ་རིག་པ་ལ་སོགས་པ་རྐྱེན་ཚང་བ་དེ་སྲིད་དུ་ལུས་སུ་བདེན་པར་འཁྲུལ་པ་ཡང་མི་ལྡོག་པས་དཔེ་དོན་མཐུན་ཞིང་། འཁྲུལ་པའི་རྐྱེན་མ་རིག་པ་ལ་སོགས་པ་ལོག་ན་ནི་འཁྲུལ་པ་ཉིད་དུའང་ཤེས་པར་འགྱུར་བས་མཐུན་ནོ་ཞེས་འཁྲུལ་པའི་ཤེས་བྱེད་ནི་དེ་བཞིན་ཞེས་པ་ལ་སོགས་པའོ། །དེ་ཡང་ལག་པ་ལ་སོགས་པ་ཉིད་ལུས་སུ་བདེན་ནོ་སྙམ་ན། ལག་པ་ལ་སོགས་པ་དུ་མ་ཡིན་པས་ལུས་ཡན་ལག་ཅན་མ་གྲུབ་པ་དེ་བཞིན་དུ་ཚོགས་ཡིན་པའི་ཕྱིར་ལག་པ་གཅིག་པུ་བདེན་པ་གང་ཡིན་པ་དེ་མེད་དོ། །དེ་བཞིན་དུ་སོར་མོ་དང་། དེའི་ཚིགས་དང་། དེའི་ཆ་དང་། རྡུལ་ཕྲ་མོ་ཡང་གཡས་གཡོན་ལ་སོགས་པའི་རྡུལ་དང་འབྱར་བའི་ཕྱོགས་ཆའི་དབྱེ་བས་དང་། ཕྱོགས་དབྱེ་དེ་ཡང་ཆ་ཤས་དང་བྲལ་བས་ནམ་མཁའ་བཞིན་ཏེ། དེ་ལྟར་གཅིག་མ་གྲུབ་ན་གཅིག་ཚོགས་པའི་དུ་མ་ཡང་མ་གྲུབ་པས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ལུས་ཀྱི་མཚོན་པ་གཟུགས་ཀྱི་ཕུང་པོ་རང་བཞིན་མེད་དོ་ཞེས་ཤེས་པའི་ལུས་བདེན་པར་འཛིན་པ་ལྡོག་པའི་འཁྲུལ་པའི་ཤེས་བྱེད་དོ། ། གསུམ་པ་སྤྱིའི་དོན་བསྡུ་བ་ནི་དེ་ལྟར་ཞེས་པའོ། །ཡང་ན་ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ་། །ལུས་ནི་སྐྱེས་བུ་ལྟར་སྣང་ན་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པའི་གང་ཟག་བྱེད་པའི་སྐྱེས་བུ་མེད་བཞིན་དུ་ལུས་ཀྱི་དངོས་པོས་རྐྱེན་བྱས་ནས། བྱེད་པ་པོ་སྐྱེས་བུར་རྟོག་པ་ལ་སྣང་བ་བཞིན་དུ་ལག་པ་ལ་སོགས་པའི་ཆ་ཤས་འདུས་པས་རྐྱེན་བྱས་ནས་ལུས་གཅིག་པར་ཡང་རྟོག་པ་ལ་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སོར་མོས་རྐྱེན་བྱས་ནས་

-55-

ལག་པ་ལ་སོགས་པར་སྣང་ཞིང་། ཚིགས་ཀྱིས་རྐྱེན་བྱས་ནས་སོར་མོར་སྣང་བ་དང་། རང་གི་ཆས་རྐྱེན་བྱས་ནས་ཚིགས་སུ་སྣང་བ་དང་། རྡུལ་ཕྲན་གྱིས་རྐྱེན་བྱས་ནས་ཆར་སྣང་ངོ་། །རྡུལ་ཕྲ་རབ་ཀྱང་ཕྱེ་ན་མི་དམིགས་པས་ཆ་མི་སྣང་ལ། དེ་མི་སྣང་བས་སོར་མོ་མི་སྣང་ཞིང་། དེ་མི་སྣང་བས་ཡན་ལག་མི་སྣང་ངོ་། །དེ་མི་སྣང་བས་ལུས་མི་སྣང་ལ། དེ་མི་སྣང་བས་བྱེད་པའི་སྐྱེས་བུ་མི་སྣང་ངོ་ཞེས་བརྗོད་པ་ནི་གང་ཚེ་དེ་ལྟར་ལུས་མེད་པ། །དེ་ཚེ་སྐྱེས་གང་བུད་མེད་གང་། །ཞེས་པ་སྟེ་བཤད་པ་སྔ་མ་བས་འདི་ལེགས་སོ་ཞེས་གསུང་ངོ་། ། ཚོར་བ་དྲན་པ་ཉེ་བར་བཞག་པ་ལ་བཞི་ལས། ཚོར་བའི་རང་བཞིན་མ་གྲུབ་པར་སྟོན་པ་ནི་ལྔ་ལས་དང་པོ་སྡུག་བསྔལ་དོན་དམ་དུ་མ་གྲུབ་པ་ནི་སྡུག་བསྔལ་ཞེས་པ་རྩ་བ་གཉིས་ཏེ། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ་ཞེས་གསུངས་པ་བཞིན་དུ། དོམ་དམ་པ་ནི་བཅོས་བུར་མ་ཡིན་པས་རྟག་ཏུ་གནས་པའི་ཕྱིར་དེ་དང་མི་མཐུན་པ་རབ་ཏུ་དགའ་བ་ལ་ཅི་སྟེ་མི་གནོད། གནོད་ན་ནི་དེ་བ་རེས་འགའ་ཡང་མེད་པར་འགྱུརན་མཐོང་བས་གནོད་པ་ཡིན་ནོ། །བདེ་བ་དོན་དམ་དུ་མ་གྲུབ་པ་ནི་བདེ་ན་ཞེས་པ་རྩ་བ་གཉིས་ཏེ། བདེ་བ་དོན་དམ་དུ་གནས་ན་དེ་དང་མི་མཐུན་པ་སྡུག་བསྔལ་ནམ་ཡང་མི་འགྱུར་ལ། དེ་ལྟ་ན་ཡང་མྱ་ངན་གདུང་སོགས་ལ། ཞིམ་སོགས་ཅི་སྟེ་དགའ་མི་བྱེད་དེ། དགའ་བར་ཐལ་ན་སྡུག་བསྔལ་ཅན་དེ་ལ་ཟས་ཞིམ་པ་སོགས་པ་བདེ་བ་མེད་པར་སྡུག་བསྔལ་འབའ་ཞིག་ཏུ་སྣང་བས་གནོད་དོ། །གལ་ཏེ་སྡུག་བསྔལ་དུས་ཐམས་ཅད་དུ་གནས་ཀྱང་བདེ་བ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པས་མ་མྱོང་ངོ་སྙམ་ན། སྟོབས་དང་ཞེས་པས་ཕྱེད་སྔ་མའི་དོན་ལ་རྩོད་པ་ན། རྩོད་པ་དེ་སྤང་བ་ནི་གལ་ཏེ་ཞེས་པ་སྟེ། ཚོར་བ་ནི་མྱོང་བའི་བདག་ཉིད་ལས་ཡིན་ལ། མ་མྱོང་བའི་ཕྱིར་སྡུག་བསྔལ་དེ་ཚོར་བ་ཇི་ལྟར་ཡིན་ཏེ་ཚོར་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་གཏན་མ་མྱོང་བ་ནི་མ་ཡིན་ཏེ། བདེ་བ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཚེ་ཡང་

-56-

སྡུག་བསྔལ་གྱི་མྱོང་བ་ཕྲ་མོ་ཉིད་ཡོད་ལ། སྔར་མ་བརྗོད་པའི་བརྗོད་པ་དང་མི་འགལ་ཏེ་སྡུག་བསྔལ་འདི་མྱོང་བ་རགས་པ་བསལ་མིན་ནམ་སྟེ་རགས་པས་ཟིལ་གྱིས་མནན་ནོ། །འོ་ན་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་ན་དེ་མྱོང་ཞིང་ཚོར་དགོས་སོ་ཞེ་ན། ཕྲ་མོ་དེ་ནི་བདེ་བ་སྟོབས་དང་ལྡན་པ་དེ་ལས་གཞན་པའི་དགག་པ་ཙམ་སྟེ། དགའ་བ་དམན་པ་ཡིན་པས་མྱོང་ཞིང་ཚོར་བ་ཉིད་དོ་ཞེ་ན། ཕྲ་ཉིད་དེ་ཡང་དེའི་ཞེས་གསུངསཏེ། སྡུག་བསྔལ་ལོ་ཞེས་མིང་དུ་བཏགས་པ་དེ་ཡང་དོན་དགའ་བ་ཕྲ་མོ་ལ་འདོད་ན། དེ་ནི་བདེ་བ་ཉིད་ལས་མ་འདས་པས་དགའ་བའམ་བདེ་བ་དེའི་རིགས་ཉིད་ཡིན་པས་སྡུག་བསྔལ་གྱི་དོན་མི་གནས་ཏེ། མི་གསལ་བའི་ནག་པོ་དཀར་པོར་མི་འགྲོ་བ་བཞིན་ནོ། །གལ་ཏེ་སྡུག་བསྔལ་གྱི་འགལ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པ་དེའི་སྟོབས་ཀྱིས་སྡུག་བསྔལ་སྐྱེས་པ་མིན་ནོ་ཞེ་ན། དེས་ན་ཚོར་བ་ཞེས་རྟོག་པས་སྒྲོ་བཏགས་པ་ཙམ་ཏེ་དོན་དམ་དུ་མ་གྲུབ་བོ་ཞེས་སྐབས་ལ་སྦྱོར་བ་ནི་ཚོར་བར་རྟོགས་པས་ཞེས་པའོ། །ཕྱེད་ཕྱི་མ་ལ་རྩོད་པ་སྤང་བ་ནི་ཞར་ལ་གྲུབ་སྟེ། བདེ་བ་དོན་དམ་དུ་ཡོད་ཀྱང་སྡུག་བསྔལ་སྟོབས་དང་ལྡན་པས་ཟིལ་མནན་ཕྱིར། གལ་ཏེ་བདེ་བ་དེ་མྱོང་བ་མ་ཡིན་ན། གང་ཞིག་ཉམས་མྱོང་བདག་ཉིད་མིན། །དེས་ནི་ཚོར་བ་ཇི་ལྟར་ཡིན། །བདེ་བ་ཕྲ་མོ་ཉིད་དུ་ཡོད། །འདིའི་རགས་པ་བསལ་མིན་ནམ། །དེས་ནི་དེ་ལས་གཞན་སྡུག་ཙམ་ཞེ་ན། ཕྲ་ཉིད་ཡང་དེའི་ཞེས་འདོན་པ་བསྒྱུར་ཏེ་ཤེས་པར་བྱའོ། །རྣམ་པར་དཔྱད་པའི་དོན་དེ་རྣལ་འབྱོར་དུ་བྱས་པས་ཁམས་བརྟས་པར་བྱེད་པ་ཡིན་པས་དེ་ལྷུར་བྱས་པ་ནི་དེ་ཉིད་ཕྱིར་ན་ཞེས་པ་སྟེ། རྣམ་པར་དཔྱད་ཅིང་བརྟགས་པ་ལས་བྱུང་པའི་ཤེས་རབ་ཞིང་ས་དང་འདྲ་བ་ལས་བྱུང་པའི་བསམ་གཏན་ནི་རྣལ་འབྱོར་པའི་གཉེན་པོའི་ཁམས་བརྟས་པར་བྱེད་པས་ཟས་ལྟ་བུ་ཡིན་པས་སོ། །དེ་ལྟར་དོན་ལྔས་ཚོར་བ་མ་གྲུབ་པར་བསྟན་ནས། གཉིས་པ་ཚོར་བ་གང་ལས་སྐྱེས་པའི་རྒྱུ་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་

-57-

འདུས་པའི་རེག་པ་མ་གྲུབ་པར་སྟོན་པ་ན། དབང་པོ་དོན་དང་ཕྲད་པ་མེད་པ་ལ་གཉིས་ལས་བར་མེད་ཀྱི་རགས་པ་དང་ཕྲད་པ་མེད་པ་ནི་གལ་ཏེ་ཞེས་པ་རྩ་བ་གཉིས་སོ། །དབང་པོ་དང་དོན་ཕྲད་པར་མེད་ན་ཡང་ཕྲད་པ་མི་འཐད་ཕྱོགས་གཅིག་གིས་བར་མེད་ན་ཆ་བཅས་སུ་འགྱུར་ལ། བདག་ཉིད་ཐམས་ཅད་ཀྱིས་བར་མེད་ན་ཡང་གཅིག་ཉིད་ཡིན་པས་དབང་པོ་ཕྲད་བྱེད་འགའ་ཞིག་དོན་ཕྲད་བྱ་གང་དང་ཕྲད་པར་འགྱུར་ཏེ་མི་རིགས་སོ། །དབང་པོ་དང་དོན་གྱི་རྟེན་རྡུལ་ཕྲན་དང་ཕྲད་པ་མེད་པ་ནི་རྡུལ་ཕྲན་ཞེས་པ་ནས་ཏེ་རྩ་བ་དང་པོ་གཏན་ཚིགས་དགོད་པའོ། ། གཉིས་པ་ནི་སྒྲུབ་པ་སྟེ། འཇུག་པ་ནི་ཆེ་བ་དང་སྐབས་ཡོད་པར་འཇུག་པས་སོ། །མ་ཞུགས་པ་དང་ཕྲད་པ་ཅི་འགལ་ཞེ་ན། ཁྱབ་པ་སྒྲུབ་པ་ནི། མ་ཞུགས་པ་ལ་ཞེས་པ་སྟེ། ཆ་ཤས་མེད་པའི་ཕྲད་པ་ལ་ནི་ཕྱོགས་ཐམས་ཅད་འདྲེས་པས་ཁྱབ་པ་དེ་ལ་ཞུགས་པས་ཁྱབ་པས་སོ། །དེས་ན་རྡུལ་ཕྲན་ཆ་མེད་པ་ལ་ཕྲད་པ་འགལ་བའི་ཚད་མའི་དོན་བསྡུ་བ་ནི། ཆ་མེད་པ་ལ་ཞེས་བྱའོ། །རྣམ་ཤེས་དང་ཕྲད་པ་དགག་པ་ནི། རྣམ་ཤེས་ཞེས་པ་སྟེ། ཕྲད་པ་ནི་ལུས་ཅན་གྱི་ཆོས་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྲད་པ་ཞེས་བྱ་བ་ནི་གཟུགས་ཅན་རེག་པ་ཁོ་ན་ལ་ཟེར་བ་ནི་མ་ཡིན་གྱི། ཚོར་བའི་རྐྱེན་ཚོགས་པ་ཙམ་ཡིན་པས་དེའི་རྣམ་པར་ཤེས་པ་ལས་འགལ་བ་ཅི་ཡོད་སྙམ་ན། ཚོགས་པ་ལའང་ཞེས་གསུངས་ཏེ། སྔར་དཔྱད་པ་ནི་ཡན་ལག་ཅན་དགག་པའི་སྐབས་སུ་དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར་ཞེས་པ་ལ་སོགས་པས་ཚོགས་པ་ནམ་མཁའ་དང་འདྲ་བར་བཀག་པ་གང་ཡིན་པའོ། ། སྐབས་བསྡུ་བ་ནི། དེ་ལྟར་ཞེས་པ་སྟེ་རྒྱུ་མེད་པས་ཚོར་བ་མེད་པར་གྲུབ་བོ། །ངལ་འདི་ནི་བདེ་བའི་དོན་དུའོ། །གང་ལས་ནི་སྡུག་བསྔལ་གང་ལས་སོ། །དེས་གྲུབ་པའི་དོན་གཞན་འབྲས་བུ་མེད་པར་བརྗོད་པ་ནི་གང་ཚེ་ཞེས་པ་སྟེ། ཞར་ལ་བྱུང་པའོ། ། གསུམ་པ་ཚོར་བའི་ཡུལ་མ་གྲུབ་པ་ནི་མཐོང་བའམ་ཞེས་པ་སྟེ། མཐོང་བ་དང་རེག་

-58-

པ་ནི་དབང་པོ་དང་ཐ་མའི་ཡུལ་ཉེ་བར་བཟུང་བ་སྟེ་ཡུལ་གཞན་ཡང་མཚོན་པར་བལྟའོ། །དེ་ལ་ཚོར་བ་ནི་གཟུགས་ལ་སོགས་པ་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་ལ་དམིགས་པ་བདེ་སྡུག་གི་མཚན་ཉིད་ཅན་ཡིན་པ་ལས། ཡུལ་དེ་དག་རིགས་པས་རྡུལ་ཕྲན་ལ་སོགས་པར་དཔྱད་ན་མ་གྲུབ་པས་རྨི་ལམ་དང་སྒྱུ་མ་དང་འདྲ་བའི་བདག་ཉིད་ཡིན་པ་ཉིད་ཀྱིས་འཁོར་བ་མ་གྲུབ་བོ་ཞེས་པའོ། །བཞི་པ་འཛིན་བྱེད་མ་གྲུབ་པ་ནི་བཞི་ལས། སེམས་འཛིན་བྱེད་མ་ཡིན་པ་ནི་སེམས་དང་ཞེས་པ་སྟེ། ད་ལྟར་གྱི་སེམས་དང་ཚོར་བ་དུས་མཉམ་པ་ནི་རྒྱུ་འབྲས་སུ་མི་རུང་ལ། སེམས་དང་ཚོར་བ་དུས་སྔ་ཕྱི་ཐ་དད་པ་ནི་མྱོང་བར་མི་སྲིད་པས་སོ། །རང་ཉིད་མྱོང་བྱེད་མ་ཡིན་པ་ནི་རང་གིས་ཞེས་པ་སྟེ། གོང་དུ་རང་རིག་འགོག་པའི་སྐབས་སུ་བརྗོད་པ་བཞིན་ནོ། །དེ་ལས་གཞན་འཛིན་བྱེད་མ་ཡིན་པ་ནི་གཞན་དག་ཞེས་པ་སྟེ་ཇི་ལྟར་སེམས་འཛིན་བྱེད་མ་ཡིན་པ་བཞིན་ནོ། ། སྐབས་བསྡུ་བ་ནི། ཚོར་བ་པོ་ཞེས་པ་སྟེ་གང་གིས་ཀྱང་མ་ཚོར་བའི་ཚོར་བ་མི་སྲིད་པས། དེས་ན་སྡུག་བསྔལ་སྤང་ཞིང་བདེ་བ་སྒྲུབ་པའི་ཆེད་དུ་མི་དགེ་བ་ལ་སོགས་པ་བྱས་པས་རང་ལ་གནོད་པ་བྱ་བར་མི་རིགས་སོ་ཞེས་སྦྱར་རོ། །སེམས་དྲན་པ་ཉེ་བར་བཞག་པ་ནི་རྣམ་པར་ཤེས་པ་དྲུག་རང་བཞིན་མེད་པར་སྟོན་པ་ཡིན་པ་ལས། དང་པོ་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་མེད་པར་སྟོན་པ་ནི་ཡིད་ནི་ཞེས་པ་ལ་སོགས་པ་སྟེ། དབང་པོ་ལ་མི་གནས་པ་ནི་དབང་པོ་མེད་པ་ལའང་ཡོད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཡུལ་ལ་མི་གནས་ཏེ་ཡུལ་མེད་ཀྱང་ཡོད་པས་སོ། །མ་དམིགས་པའི་ཕྱིར་དེ་གཉིས་ཀྱི་བར་ན་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ནང་གི་སྐྱེ་མཆེད་དུ་གཏོགས་པ་ཡང་སེམས་མིན་ཞིང་ཕྱིའི་སྐྱེ་མཆེད་དུ་གཏོགས་པ་ཡང་མ་ཡིན་ལ། དེ་དག་ལས་གཞན་དུའང་གཏོགས་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་གང་ཞིག་རྟེན་ལུས་མིན་ལ། གཞན་དུ་སྣོད་ཀྱི་འཇིག་རྟེན་ཡང་མིན་ཞིང་། དེ་དག་འདྲེས་པ་ཡང་མིན་ལ། དེ་དག་ལས་ལོགས་སུ་གནས་པ་

-59-

ཡང་མ་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་ཀྱི་རང་བཞིན་ནི་ཅུང་ཟད་ཡོད་མ་ཡིན་པས་དེའི་ཕྱིར་གདོད་མ་ནས་ཞི་བའི་སེམས་ཀྱི་རང་བཞིན་ནི་མྱ་ངན་ལས་འདས་པ་ཁོ་ན་ཡིན་ནོ། །རྣམ་ཤེས་སྔ་མ་གྲུབ་པ་ནི་ཤེས་བྱ་ལས་སྔར་ཞེས་པ་ནས་ཏེ། ཤེས་བྱ་ལ་སྔ་བ་དང༌། དུས་མཉམ་པ་དང་། འཕྱི་བ་གང་ཡང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རྣམ་ཤེས་སྐྱེས་པའི་ཚེ་གཟུགས་འགགས་ནས་མེད་ཀྱང༌། སྐྱེ་བའི་ཚེ་གཟུགས་ཡོད་པ་ལས་སྐྱེའོ་ཞེ་ན། རྣམ་ཤེས་སྐྱེ་བ་དང་སྐྱེས་པ་ཐ་དད་དམ་གཅིག །གཅིག་ན་རྣམ་པར་དབྱེ་བ་ལན་དེ་བརྗོད་དུ་མེད་དོ། །ཐ་དད་ན་རྣམ་ཤེས་སྐྱེ་བ་དང་གཟུགས་དུས་མཉམ་པར་འགྱུར་ལ། སྐྱེ་བ་རྒྱུན་མེད་དུ་འགྱུར་རོ། །གཞན་ཡང་སྔར་གྱི་གཟུགས་དང་དུས་གཞན་གྱིས་བར་དུ་ཆོད་པ་ལས་རྣམ་ཤེས་སྐྱེའམ། མ་ཆོད་པར་སྐྱེ་ཞེས་པ་ལ་སོགས་པའི་རིགས་པ་དབུ་མའི་སྐབས་འཆད་པ་ལྟར་དཔྱད་ན་སྐྱེ་བ་མེད་དོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྟ་བའོ། །དེ་ལ་གཉིས་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གྲུབ་པ་ནི་དེ་ལྟར་ཞེས་པ་རྩ་བ་གཉིས་ཏེ། རྒྱུ་དང་དུས་མཉམ་པ་དང་། སྔ་བ་དང་ཕྱི་བ་གང་ལས་སྐྱེ་བར་མི་འགྱུར་བ་དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཐམས་ཅད་བརྟགས་ན་ཡང་དེའི་སྐྱེ་བ་རྟོག་པར་འགྱུར་བ་མ་ཡིན་ནོ། །དེ་ཡང་ཆོས་ཀྱི་ཁམས་སམ་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ནི་སྤྱིར། ཚོར་བ་མྱོང་བ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །དེ་གསུམ་རྣམ་རིག་བྱེད་མིན་དང༌། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ལྟར་ཆོས་བདུན་དུ་གནས་པ་ལས་ཚོར་བ་ནི་གོང་དུ་ཚོར་བ་དྲན་པ་ཉེར་བཞག་ཏུ་བཤད་ཟིན་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ་འདུས་མ་བྱས་གསུམ་རྫས་སུ་འདོད་པ་ནི་བྱེ་བྲག་ཏུ་

-60-

སྨྲ་བས་བརྟགས་པ་ཙམ་ཡིན་པས་མདོ་སྡེ་པ་ཡན་ཆད་ཀྱིས་བཀག་ཟིན་པའི་ཕྱིར་ན་ཟིན་པས་ཡང་འབྱུང་བའི་གོ་སྐབས་མེད་དོ། །ཞེས་དབུ་མའི་གཞུང་དག་ན་བཤད་པ་བཞིན་ཡིན་པས་འདིས་ཆོས་ནི་འདུ་ཤེས་དང་འདུ་བྱེད་གཉིས་ཀྱིས་སྐྱེ་བ་མ་གྲུབ་པར་སྟོན་པའོ། །དེ་ལ་རྩོད་པ་སྤང་བ་ལ་གསུམ་ལས་དང་པོ་ཀུན་རྫོབ་མེད་པའི་སྐྱོན་སྤང་བའོ། །དེ་ལ་རྒོལ་བའི་དོན་ནི་གལ་ཏེ་ཞེས་པ་ནས་རྩ་བ་བཞི་སྟེ། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་གསུངས་པ་ལྟར་ཀུན་རྫོབ་ནི་སྐྱེ་བ་ཁོ་ན་ལྟར་ཡིན་ལ། ཁྱེད་ཀྱིས་ནི་ཤེས་བྱ་ལས་སྔར་ཤེས་ཡོད་ན་ཞེས་པ་ལ་སོགས་པའི་རིགས་པས་སྐྱེ་བ་འགོག་པ་དེ་ལྟ་ན་ནི་ཀུན་རྫོབ་ཀྱང་མེད་པར་འགྱུར་ལ། དེ་ལྟར་ན་ལས་རྒྱུ་འབྲས་ལ་སོགས་པ་སྐྱེ་བ་མཐའ་དག་ཀྱང་མེད་པར་འདོད་པའི་དབུ་མ་པའི་ཕྱོགས་དེ་ལ་བདེན་པ་གཉིས་ག་ལ་ཡོད། དེས་ན་སྔར་བདེན་པ་གཉིས་སུ་འདོད་ཅེས་ཁས་བླངས་པས་གནོད་དོ། །དེ་ལ་དབུ་མ་པ་ན་རེ། ཀུན་རྫོབ་ནི་བློ་ལ་ཇི་ལྟར་སྣང་བ་ལྟར་ཡིན་པས། རྒྱུ་འབྲས་ལ་སོགས་པའི་ཀུན་རྫོབ་དེ་ཡང་། ཀུན་རྫོབ་སྐྱེ་བར་རྟོག་པ་བློ་འཁྲུལ་པ་གཞན་གྱིས་བརྟགས་པས་ཡོད་དོ་ཞེས་བརྟགས་པས་ཡོད་པར་གྲུབ་བོ་ཞེ་ན། འོ་ན་སེམས་མྱ་ངན་ག་ལ་འདའ་སྟེ། ཤཱ་རི་བུ་ལ་སོགས་པ་མྱ་ངན་ལས་འདས་པའི་རྒྱུད་ལ་ཡང་སྐྱེས་བུ་བློ་འཁྲུལ་པ་ཅན་གཞན་གྱིས་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཡོད་པར་བརྟགས་པས་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལ་ཕྱེད་ཕྱི་མའི་དོན་ཉེ་བར་བཟུང་ནས་ལན་འདེབས་པ་ནི་འདི་ནི་ཞེས་པ་རྩ་བ་བཞི་སྟེ། མྱ་ངན་ལས་འདས་པའི་རྒྱུད་ལ་འདོད་ཆགས་ལ་སོགས་པ་ཡོད་དོ་ཞེས་བརྟགས་པ་འདི་ནི་བློ་འཁྲུལ་པ་ཅན་གཞན་གྱི་སེམས་ཀྱི་རྣམ་རྟོག་གིས་བརྟགས་པ་ཙམ་སྟེ། མྱ་ངན་ལས་འདས་པ་ཐོབ་པ་དེ་རང་གི་རྒྱུད་ཀྱིས་བསྡུས་པའི་ཀུན་རྫོབ་ཏུ་ཉོན་མོངས་པའི་སྒྲིབ་པ་དེ་ཡོད་པར་འགྱུར་བ་མིན་ནོ། །འོ་ན་སྐྱེས་བུ་རང་རང་གི་ཀུན་རྫོབ་ཏུ་ཡོད་པ་གང་ཞེ་ན། ཚུལ་བཞིན་མ་

-61-

ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་འཁྲུལ་པའི་བློའི་རྒྱུའི་ཕྱིས་འབྲས་བུ་འདོད་ཆགས་ལ་སོགས་པ་འབྱུང་བར་ངེས་ན་འདོད་ཆགས་ལ་སོགས་པ་ཀུན་རྫོབ་འཁྲུལ་པ་དེ་ཡོད་དེ། རྒྱུ་ཡོད་པའི་ཕྱིས་འབྱུང་བ་མིན་ན་ཀུན་རྫོབ་འཁྲུལ་པ་དེ་ཡང་མེད་པ་ཉིད་ཡིན་ན། མྱ་ངན་ལས་འདས་པའི་རྒྱུད་ལ་ནི་རྒྱུ་ཡོད་པས་འབྲས་བུ་འབྱུང་བ་མིན་པས་ཀུན་རྫོབ་ཏུ་འདོད་ཆགས་ལ་སོགས་པ་དང་ལྡན་པར་མི་འགྱུར་ཏེ། ཉོན་མོངས་པ་གཏན་མི་སྐྱེ་བར་སྤངས་པའི་ཕྱིར་རོ། །གཞན་གྱིས་བརྟགས་ནས་སྐྱེ་བར་མི་འགྱུར་བ་ཡང་མཚུངས་ཏེ། ཉོན་མོངས་པ་གཏན་མི་སྐྱེ་བར་སྤངས་པ་འདི་ཉོན་མོངས་ཅན་ཡིན་ནོ་ཞེས་བརྟགས་ཀྱང་མི་སྐྱེ་བ་ལྟར། རྟོགས་པ་དེ་ཉིད་དང་མི་སྐྱེ་བར་འགྱུར་རོ་ཞེ་ན། ཡང་དག་པར་སྐྱེ་བར་མི་འགྱུར་བར་མཚུངས་མོད་ཀྱི། དེ་ལ་བདེན་པ་གཉིས་ལས་གཅིག་ཀྱང་མེད་དེ། ཆོས་འདི་ལ་ནི་བདེན་པ་གཅིག་ཀྱང་མ་མཆིས་སོ་ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་མ་དཔྱད་པའི་བློ་ཅན་དག་སྐྱེ་བར་རྟོག་པའི་ངོར་སྐྱེ་བ་མི་འགེགས་པས་ཀུན་རྫོབ་ཏུ་སྐྱེ་བ་ཆད་པ་ག་ལ་ཡོད། གཉིས་པ་གཞལ་བྱ་འཇལ་བྱེད་མ་གྲུབ་པ་སྤང་བར་རྒོལ་བ་ནི་གལ་ཏེ་ཆོས་ཐམས་ཅད་སྐྱེ་མེད་དུ་མ་གྲུབ་ན་བློ་རིགས་ཤེས་དེ་འཇལ་བྱེད་དུ་མི་འགྲུབ་པས། སྐྱེ་བ་མེད་པ་ཞེས་བྱ་བ་གཞལ་བྱ་བདེན་པར་གྲུབ་པས་བློ་རིགས་ཤེས་སུ་སྒྲུབ་དགོས་ལ། སྐྱེ་བ་མེད་པར་ཡང་རིགས་ཤེས་ཀྱིས་བསྒྲུབ་དགོས་པས་ཕན་ཚུན་བརྟེན་ནོ་ཞེས་བསམས་ནས་རྟོག་དང་ཞེས་པ་རྩ་བ་གཉིས་སོ། །དེའི་ལན་ནི་སྣང་གྲགས་སུ་འཇུག་པའི་ཚད་མ་ལ་བརྟེན་ནས་དོན་དམ་དང་ཐ་སྙད་ཀྱི་གཞལ་བྱ་ལ་སོགས་པ་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་དེ། །དཔྱད་ན་སྐྱེ་བ་མེད་དོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྟ་བའོ། །དེ་ལ་གཉིས་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གྲུབ་པ་ནི་དེ་ལྟར་ཞེས་པ་རྩ་བ་གཉིསཏེ། རྒྱུད་དུས་མཉམ་པ་དང༌། སྔ་བ་དང་ཕྱི་བ་གང་ལས་སྐྱེ་བར་མི་འགྱུར་བ་དེ་ལྟར་ཀུན་ནས་ཉོན་

-62-

མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་རྟོགས་པ་གཅིག་གིས་གྲུབ་ཀྱི། ཕན་ཚུན་གཅིག་གིས་གཅིག་མི་བསྒྲུབ་པས་ཉེས་པ་མེད་དོ་ཞེས་པའི་དོན་ཏོ། །ཡང་ན་ཆོས་ཐམས་ཅད་སྐྱེ་བ་མེད་ན་གཞལ་བྱ་དང་འཇལ་བྱེད་མ་གྲུབ་བོ་སྙམ་ན་ལན་དུ་རྟོགས་དང་ཞེས་པ་ནས་ཏེ་ཕན་ཚུན་ལྟོས་ནས་གྲགས་མོད་ཀྱི་ཐ་སྙད་འཇོག་པར་མི་འགལ་བར་བསྟན་ཏོ། ། གསུམ་པ་འཇལ་བྱེད་ཐུག་པ་མེད་པ་སྤང་བ་ལ་རྒོལ་བ་ནི་གང་ཚེ་ཞེས་པ་སྟེ། རིགས་ཤེས་དེ་ཉིད་སྟོང་པར་དཔྱད་ན་ཆོས་ཐམས་ཅད་སྟོང་པར་མི་འགྲུབ་ལ། དེ་ཉིད་སྟོང་པར་དཔྱོད་ན་དེ་ལ་ཡང་དཔྱོད་བྱེད་གཞན་དགོས་པས་ཐུག་པ་མེད་དོ་ཞེ་ན། དེའི་ལན་ནི་དཔྱད་བྱ་ཞེས་པ་ནས་སོ། །ཡང་ན་དེ་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་ནམ་ཡང་མི་རྟོགས་པར་འགྱུར་ཏེ། སྐྱེ་བ་མེད་པར་རྟོགས་བྱེད་ཀྱི་བློས་ཡུལ་ཐམས་ཅད་སྐྱེ་མེད་དུ་རྟོགས་ཀྱང་། ཡུལ་ཅན་ཉིད་སྐྱེ་མེད་དུ་མ་རྟོགས་པའི་ཕྱིར་རོ། །གལ་ཏེ་ཡུལ་ཅན་དེ་ཡང་སྐྱེ་མེད་དུ་བློ་གཞན་གྱིས་རྟོགས་དགོས་ན་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཐུག་མེད་དུ་འགྱུར་བའི་རྩོད་པ་དེ་སྤང་བའི་ཕྱིར། དང་པོ་ཡུལ་དང་ཡུལ་ཅན་གྱི་རྣམ་པར་བཞག་པ་སྤྱིར་བརྗོད་པ་ནི་རྟོགས་དང་ཞེས་པའོ། །ཡུལ་ཅན་སྐྱེ་མེད་དུ་རྟོགས་པ་དེ་གཞན་ལ་ལྟོས་ན་ཐུག་པ་མེད་པ་ནི་གང་ཚེ་ཞེས་པའོ། །རང་ལ་ཉེས་པ་མེད་པ་ནི་དཔྱད་བྱ་ཞེས་པ་སྟེ། རང་ཉིད་ཀྱང་ཐམས་ཅད་ཀྱིས་རྟོགས་པ་དེ་རྟོགས་པ་གཅིག་གི་ཡུལ་དུ་གྲུབ་པའམ། ཡུལ་མེད་ན་འཇུག་པ་ཞི་བས་སོ། །རིག་བྱེད་པས་ནི་ཆོས་ཐམས་ཅད་སྐྱེ་བ་མེད་ན་ཡུལ་དང་ཡུལ་ཅན་ལ་སོགས་པ་རྒྱུན་ཆད་པར་འགྱུར་རོ་ཞེ་ན། དེ་སྤང་བ་ནི་རྟོགས་དང་ཞེས་པ་ལ་སོགས་པ་སྟེ། དོན་དམ་པར་ཡུལ་དང་ཡུལ་ཅན་མེད་མོད་ཀྱི་ཐ་སྙད་དུ་ཕན་ཚུན་གྱི་དབང་གིས་ཡོད་དོ། །ཡོད་པའི་ཚུལ་ཉིད་ནི་ཇི་ལྟར་ཞེས་པའོ། །གལ་ཏེ་ཡུལ་དང་ཡུལ་ཅན་དོན་དམ་པ་ཡིན་ན་ཐུག་པ་མེད་པར་འགྱུར་ན་གང་ཚེ་ཞེས་པའོ། །དེ་ལྟར་ན་ཡུལ་ཅན་མི་དཔྱད་པས་ཡུལ་ཅན་སྐྱེ་མེད་དུ་རྟོགས་པར་མི་འགྱུར་རམ་སྙམ་ན། དཔྱད་བྱ་ཞེས་པ་

-63-

ལ་སོགས་པས་དེའི་སྐྱོན་སྤངས་སོ་ཞེས་བཤད་དེ། དེ་ནི་ཡེ་ཤེས་དོན་དམ་པ་ཡིན་པས་སྔ་མ་ལྟར་ངེས་སོ་ཞེས་ཁ་ཅིག་གསུང་ངོ་། ། དེ་ལྟར་ཤེས་རབ་བསྒོམ་པའི་ཚུལ་བཤད་ནས་གང་བཀག་པས་དེ་གྲུབ་པ་དངོས་པོར་འཛིན་པ་དགག་པ་ལ་གཉིས་ལས་དང་པོ་སྒྲུབ་བྱེད་མེད་པ་ནི། གང་གི་ལྟར་ན་ཞེས་པ་སྟེ། ཤེས་པ་དང་ཤེས་བྱ་དོན་དམ་པར་ཡོད་པར་འདོད་ལ་གང་གི་ལུགས་ལྟར་ན་ཡུལ་དང་ཡུལ་ཅན་འདི་གཉིས་བདེན་དེ། དཀའ་བས་གནས་པ་ནི་སྒྲུབ་བྱེད་མེད་པས་སོ། །དེ་ཉིད་གཏན་ལ་དབབ་པས་རྒྱས་པར་བཤད་པ་ནི། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། ཤེས་པའི་དབང་གིས་དོན་རྣམ་པར་འཇོག་པ་ནི་ཀུན་ལ་གྲགས་པ་ཡིན་སྙམ་ནས་ཤེས་དབང་ཞེས་བརྗོད་དོ། །གལ་ཏེ་བུ་མེད་ཕ་མིན་ན་ཞེས་པ་ནི་རྣམ་འཇོག་གི་རྒྱུ་བུ་མེད་ན་དེ་ལ་ལྟོས་པའི་ཕའི་ཐ་སྙད་མི་འཐད་ཅེས་སྟོན་པ་ཡིན་གྱི། སྐྱེ་བ་དགག་པ་ནི་མ་ཡིན་ནོ། །དེས་ན་ཁ་ཅིག་ན་རེ། འདི་ནི་བརྟག་པ་མཐའ་བཟུང་གི་དཔེ་སྟེ། བུ་མེད་པར་ཕ་མི་འབྱུང་ངོ་ཞེ་ན་འོ་ཞེས་འཆད་པ་ནི་མུན་སྤྲུལ་དུ་ཟད་དོ། །ཐ་སྙད་རྒྱུ་ལས་གྲུབ་པའི་འབྲས་བུས་རྒྱུ་རྟོགས་པར་བྱེད་པ་བཞིན་དུ། ཡུལ་ལས་སྐྱེས་པའི་ཡུལ་ཅན་གྱིས་ཀྱང་རྟོགས་པར་འདོད་ནས་མྱུ་གུ་ཞེས་བྱ་བ་ལ་སྩོགས་པས་བརྩད་པ་ལ། དཔེ་མི་མཚུངས་པ་ནི་མྱུ་གུ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། མྱུ་གུ་གྲུབ་པར་རྟོགས་པའི་ཤེས་པ་ཁས་བླངས་ཀྱང་མི་མཚུངས་ཏེ། རྟགས་མྱུ་གུ་དེ་ཉིད་ལས་གཞན་པའི་རྗེས་སུ་དཔག་པའི་ཤེས་པས་ས་བོན་ཡོད་དོ་ཞེས་ཐ་སྙད་ཙམ་དུ་རྟོགས་པ་ནི་འཐད་ན། ཁྱོད་ཀྱི་ཤེས་བྱ་དོན་དམ་པར་ནི་ཤེས་པ་དེས་རྟོགས་པར་བྱེད་པ། ཤེས་པ་དོན་དམ་པར་ཡོད་པ་ཉིད་ཚད་མ་གང་ལས་རྟོགས་པ་དེ། ཤེས་བྱ་ཡོད་པ་ལ་བརྟེན་ནས་རྟོགས་ན་ཕན་ཚུན་བརྟེན་ལ། རང་རིག་པ་ཡང་སྔར་བཀག་ཅིང་རྟོགས་པར་བྱེད་པའི་ཤེས་པ་གཞན་ཡང་མེད་པའི་ཕྱིར་རོ། །

-64-

དེ་ལྟར་དངོས་པོར་འཛིན་པའི་རྒྱུ་གྲུབ་བྱེད་བཀག་ནས། དེ་ལ་གནོད་བྱེད་བསྟན་ནས་དངོས་པོར་འཛིན་པ་འགེགས་པ་ལ་གསུམ་ལས། དང་པོ་རྒྱུ་རྣམ་པར་དཔྱད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ནི་གཟུགས་ལ་སོགས་པའི་དངོས་པོ་ནི་ཆོས་ཅན་ནོ། །དོན་དམ་པར་གྲུབ་པ་མེད་དོ་ཞེས་པ་ནི་བསྒྲུབ་བྱའོ། །རྒྱུ་མེད་པ་དང་། གཞན་དང་། རང་དང་། གཉིས་ཀ་ལས་མ་སྐྱེས་པའི་ཕྱིར་རོ། །ཞེས་པ་ནི་གཏན་ཚིགས་ཏེ། དཔེ་ནི་ནམ་མཁའི་པདྨ་བཞིན་ནོ། །གཏན་ཚིགས་འདི་ནི་རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་དབུ་མའི་རྩ་བ་ནས་སློན་དཔོན་ཀླུ་སྒྲུབ་ཉིད་ཀྱིས་གསུངས་པའོ། ། དེ་ཉིད་གཞུང་འདིར་དོན་གསུམ་གྱིས་སྟོན་ཏེ་ཕྱོགས་ཆོས་སྒྲུབ་པ་དང་། ཡོངས་གཅོད་མ་གྲུབ་ཀྱང་རྣམ་གཅད་ལ་ཚད་མར་མི་འགལ་བ་དང༌། རྟགས་ཀྱིས་ངེས་པའི་དོན་བསྡུ་བའོ། །དང་པོ་ལ་གསུམ་ལས་གཞན་དག་ན་རེ། དངོས་པོ་འདི་དག་རྒྱུ་མེད་པ་ལས་སྐྱེས་སོ་ཞེ་ན། རྒྱུ་མེད་པ་ལས་སྐྱེ་བ་དགག་པ་ནི་རེ་ཤིག་ཅེས་པ་ལ་སོགས་པ་སྟེ་རེ་ཤིག་རྒྱུ་མེད་པ་བཀག་ལ་དེ་ནས་ནི་གཞན་ཡང་དགག་གོ་ཞེས་བྱ་བའོ། །དེ་ཡང་འཇིག་རྟེན་ན་མེའམ་ས་བོན་ལྟ་བུའི་གསལ་བ་འགའ་ཞིག་རྒྱུར་མཐོང་བའི་རྗེས་སུ་འབྲངས་ནས་མངོན་སུམ་ཉིད་ཀྱི་རྒྱུའི་སྤྱི་རིགས་ཙམ་ལས་འབྲས་བུའི་སྤྱི་རིགས་ཐམས་ཅད་སྐྱེ་བར་མཐོང་བ་ཡིན་པའི་རྒྱུ་མེད་པ་ལས་འབྲས་བུ་སྐྱེའོ་ཞེས་ནི་མ་ཟེར་ཅིག །གལ་ཏེ་རྒྱུ་རིགས་འདྲ་བ་པདྨའི་ས་བོན་གཅིག་ལས་སྐྱེས་པ་ཡང་སྡོང་བུ་ལ་སོགས་པ་ཐ་དད་དེ། སྡོང་བུ་ཁ་ཅིག་དམར་ཞིང་ཁ་ཅིག་དཀར་བ་ལ་སོགས་པ་དང་། ཡང་ཁ་ཅིག་ནི་འདབ་མ་སེར་ཞིང་དཀར་བ་དང་དམར་བ་དང་བཀྲ་བ་ལ་སོགས་པར་སྣང་བ་དེ་རྒྱུ་གང་གིས་བྱས། རྩོགས་ཞེས་པ་ནི་རང་བཞིན་གྱིས་སྐྱེས་པའི་ཚེར་མ་དང་བཟོ་བོས་ལེགས་པར་བྱས་པ་དག་འདྲ་ཞིང་། རི་མོ་མཁན་གྱི་བྱེད་པ་ལས་བྱུང་བ་དང་། ས་བོན་ལ་སོགས་ལས་སྐྱེས་པའི་ཨུཏྤལ་དག་ཀྱང་རྣམ་པར་མཚུངས་པར་སྣང་ན། གང་ནི་རྒྱུ་ཡིན་ལ་གང་

-65-

ནི་རྒྱུ་མ་ཡིན་ལ་སྟེ་འདི་ལ་ངེས་པ་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་འདི་དག་ཐམས་ཅད་ནི་རྒྱུ་མེད་པ་ལས་སྐྱེས་པར་ངེས་སོ་ཞེ་ན། པདྨའི་སྡོང་བུ་རྩོགས་དབྱེ་ན་ཞེས་པ་ནི། འབྲས་བུའི་དབྱེ་བ་གང་ཇི་སྙེད་པ་ཐམས་ཅད་ནི་རྒྱུ་ཉིད་ཀྱི་རྣམ་པར་དབྱེ་བ་ལས་ཡིན་ཏེ། རྒྱུ་མཚུངས་པ་ཅུང་ཟད་ཀྱང་མེད་དོ། །འབྲས་བུ་མཚུངས་པའི་ཆ་གང་ཡིན་མིན་ཐམས་ཅད་ནི་རྒྱུ་མཐུན་པ་ལས་སྐྱེས་ལ། རྒྱུ་མི་མཚུངས་པ་རྣམས་ལ་ནི་འབྲས་བུ་ཡང་ཁ་དོག་དང་དབྱིབས་དང་གྲངས་དང་ཚད་དང་རོ་དང་ནུས་པ་ལ་སོགས་པ་ཅི་རིགས་པར་ཐ་དད་དེ་མི་མཚུངས་པས་མ་ངེས་པར་སྐྱེ་བ་ག་ལ་ཡོད། རྒྱུའི་དབྱེ་བ་ཉིད་མི་འཐད་པས་སྤང་བ་ནི་རྒྱུ་དབྱེ་ཞེས་པའོ། །རྒྱུ་ལས་འབྲས་བུ་སྐྱེ་བའི་ནུས་པའི་རྣམ་པར་དབྱེ་བ་རྒྱུ་ལ་ལྟོས་པ་ནི་ཅི་ཕྱིར་ཞེས་པ་སྟེ་ཆོས་ཉིད་དེ་ལྟར་གནས་པ་ལ་རྩད་དུ་ཅི་ཡོད། ཡང་དག་པར་ན་རྒྱུ་ལས་སྐྱེ་བ་མཐོང་བ་ཡང་ཐ་སྙད་ཙམ་སྟེ་དོན་དམ་པར་ན་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བས་སྟོང་པའི་ཕྱིར། །རིགས་པ་ཅན་ལ་སོགས་པ་ན་རེ་འགྲོ་བ་འདི་ཐམས་ཅད་ནི། དེ་ལས་གཞན་དུ་གྱུར་པའི་དབང་ཕྱུག་ལས་སྐྱེས་ཏེ། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་ངན་སོང་ངམ། །ཡང་ན་མཐོ་རིས་དག་ཏུ་འགྲོ་བར་བྱེད། །ཅེས་དབང་ཕྱུག་རྟག་པ་མཐུ་ཐོག་པ་མེད་པ། ཐམས་ཅད་སྐྱེད་པ། ཐམས་ཅད་ཤེས་པ། ལྷའི་འགྲོ་བ་པ། གཙང་བ་མཆོད་པར་བྱ་བ་ཕྲ་བ་བསམ་གྱིས་མི་ཁྱབ་པ་བསམ་པ་ཐམས་ཅད་སྒྲུབ་པ་དེས་འགྲོ་བ་འདི་ཐམས་ཅད་བསྐྱེད་དོ། །དེ་ཡང་ཐམས་ཅད་ཤེས་པ་དེས་ནི་ཐམས་ཅད་བྱེད་པ་ཡིན་ཏེ། བཟོ་བོ་ལ་སོགས་པས་གང་ཤེས་པ་དེ་ཉིད་བྱེད་པ་བཞིན་ནོ། །དབང་ཕྱུག་གིས་ཀྱང་ཕྱི་ནང་གི་འགྲོ་བ་འདི་ཐམས་ཅད་མཁྱེན་ཅིང་ཤེས་པའི་ཕྱིར་འདི་ཐམས་ཅད་ཀྱི་བྱེད་པའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པར་འདོད་ནས་འདྲི་བ་ནི་དབང་ཕྱུག་གང་ཡིན་སྨྲོས་ཞེས་པའོ། །འདི་ཐམས་ཅད་སྐྱེད་པའི་རྒྱུ་དབང་ཕྱུག་ནི་ས་ལ་སོགས་པའི་

-66-

འབྱུང་བ་རྣམས་ཡིན་ནོ་ཞེ་ན། །དེ་ལྟ་མོད་མིང་ཙམ་ལ་ཡང་ཅི་ཞིག་ལྟ་སྟེ། འབྱུང་བ་རྣམས་ལ་དབང་ཕྱུག་ཏུ་མིང་བཏགས་སུ་ཟད་དེ་དོན་ནི་སྔར་བསྟན་པའི་ལུས་རྟེན་དང་བཅས་པ་ལས་མ་འདས་ན་དེ་ཡང་རབ་ཏུ་མ་གྲུབ་བོ་ཞེས་བཤད་ཟིན་ཏོ། །དེ་ལྟ་མོད་ཀྱི་དེ་དག་དབང་ཕྱུག་གི་མཚན་ཉིད་གཞན་བསྟན་པ་ཅན་དུ་འདོད་ན་དེ་ཡང་དགག་པ་ན་འོན་ཀྱང་ས་སོགས་ཞེས་པ་ལ་སོགས་པ་སྟེ། དེ་ནི་དབང་ཕྱུག་མ་ཡིན་ཞེས་འབྲེལ་ལོ། །ཅིའི་ཕྱིར་ཞེན། དབང་ཕྱུག་གི་མཚན་ཉིད་མེད་པས་ཞེས་འཐད་པ་སྦྱོར་བ་ནི་དུ་མ་དང་ཞེས་པ་སྟེ། དབང་ཕྱུག་ནི་གཅིག་པུ་དང་རྟག་པ་དང་ཡུལ་ལ་སེམས་པ་ཅན་དང་། ལྷའི་འགྲོ་བར་གཏོགས་པ་དང་། ཐམས་ཅད་ཀྱིས་མཆོད་པ་དང་། གཙང་བ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་ཅན་དུ་འདོད་པ་ཡིན་ན། ས་ལ་སོགས་པ་ནི་དེ་དག་དང་འགལ་བར་གནས་པས་སོ། །ཁ་ཅིག་འགོམ་བྱ་མ་ཡིན་པ་ནི་དེའི་བཀའ་ལས་འདའ་བར་བྱ་བ་མ་ཡིན་པ་ལ་ཟེར་རོ། །གལ་ཏེ་ནམ་མཁའ་དབང་ཕྱུག་ཡིན་ནོ་ཞེ་ན། ཡུལ་ལ་གཡོ་བའི་སེམས་པ་མེད་པས་དེ་ཡང་མ་ཡིན་ནོ། །བདག་དབང་ཕྱུག་ཡིན་ནོ་ཞེ་ན། གང་ཟག་གི་བདག་མེད་སྟོན་པའི་ཚེ་སྔར་བཀག་ཟིན་པའི་ཕྱིར་རོ། །དབང་ཕྱུག་དེ་ཕྲ་ཞིང་རྟོགས་དཀའ་བས་བསམ་གྱིས་མི་ཁྱབ་བོ་ཞེ་ན། དེ་ནི་རང་གི་མཚན་ཉིད་གལ་ཏེ་བསམ་གྱིས་མི་ཁྱབ་ན་འགྲོ་བའི་བྱེད་པ་པོར་ཡང་བསམ་པར་བྱ་བ་མ་ཡིན་པས། དབང་ཕྱུག་ནི་འགྲོ་བ་བྱེད་པ་པོ་ཡིན་ནོ་ཞེས་བརྗོད་པས་ཅི་ཞིག་བྱ། དེ་ལྟར་དབང་ཕྱུག་གིས་ངོ་བོ་ཉིད་མ་གྲུབ་པར་བསྟན་ནས། དབང་ཕྱུག་གི་སྐྱེད་བྱ་འབྲས་བུ་ཉིད་མི་སྲིད་པ་ནི་དེས་བསྐྱེད་འདོད་པ་ཞེས་དྲི་བ་སྔོན་དུ་བཏང་ནས་བདག་ན་ཞེས་པ་ལ་སོགས་པས་འགོག་པར་བྱེད་དེ། བདག་འབྲས་བུ་ཡིན་པར་འདོད་ན། བདག་དེས་ས་ལ་སོགས་པའི་འབྱུང་བ་དང་། དབང་ཕྱུག་གི་ངོ་བོ་རྣམས་ཀྱང་ཁྱོད་ཀྱི་ལུགས་ཀྱིས་བརྟག་པ་མ་ཡིན་ནམ། དེ་ལྟར་ན་རྟག་པ་ནི་བོགས་དབྱུང་དུ་མེད་པས་དབང་ཕྱུག་གི་ནུས་པའི་ཡུལ་ཇི་ལྟར་ཡིན། ཤེས་པ་ཙམ་དང་བདེ་སྡུག་རྣམས་དབང་ཕྱུག་གི་

-67-

འབྲས་བུ་ཡིན་ནོ་ཞེ་ན། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་པ་ནི་ཤེས་བྱ་གཟུགས་ལ་སོགས་པ་ལ་སྐྱེ་བར་མཐོང་ལ། ཐོག་མེད་བདེ་སྡུག་ལས་ལས་ཡིན་ཏེ། བདེ་སྡུག་ནི་ཚེ་ཐོག་མ་མེད་པ་ནས་ཀྱི་ལས་ལས་སྐྱེས་པས་དབང་ཕྱུག་གི་འབྲས་བུ་ག་ལ་ཡིན། དེ་དག་གི་ནུས་པ་མཐོང་བ་རྣམས་དོར་ནས་གཞན་རྒྱུར་རྟོག་ན་ཧ་ཅང་ཐལ་བར་འགྱུར་ཏེ། མཚོན་དང་སྨན་གྱི་འབྲེལ་བ་ལས། །ནག་པའི་རྨ་དང་འབྲུབས་ཡིན་ན། །འབྲེལ་མེད་སྡོང་དུམ་ཅིའི་ཕྱིར། །རྒྱུ་ཉིད་དུ་ནི་རྟོགས་མི་བྱེད། །དེས་ན་དབང་ཕྱུག་གི་ནུས་པའི་ཡུལ་གསལ་ཡང་མ་མཐོང་བའི་ཕྱིར་དེའི་གང་ཞིག་བསྐྱེད་པ་སྨྲོས་ཏེ་གང་ཡང་སྨྲ་བར་མི་ནུས་སོ། །ཡང་དག་པར་ན་དབང་ཕྱུག་ཉིད་རྟག་པ་ཡིན་པས་བོགས་འབྱིན་བྱེད་མ་ཡིན་པའི་ཕྱིར་དེ་སྐྱེད་བྱེད་དུ་འགལ་བར་སྟོན་པ་ནི། དང་པོ་འབྲས་བུ་རེས་འགའ་བ་འགལ་བ་ནི་རྒྱུ་ལ་ཞེས་པ་སྟེ། རྒྱུ་དབང་ཕྱུག་རྟག་པ་ནུས་པ་ཐོགས་མེད་དེ་ཐོག་མ་མེད་པ་ནས་ཡོད་པའི་ཕྱིར། འབྲས་བུའི་ཐོག་མ་ག་ལ་ཡོད་དེ་འབྲས་བུ་ཡང་རྟག་ཏུ་ཡོད་པར་འགྱུར་གྱི་རེས་འགའ་བར་འགལ་ལོ། །གལ་ཏེ་རྒྱུ་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་བའི་ངེས་པ་མེད་པས་དེའི་སྐྱོན་མེད་དོ་ཞེ་ན། རྟག་ཏུ་ཞེས་པ་ནི་རྟག་པ་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར་རྟག་ཏུ་འབྲས་བུ་ཅི་སྟེ་མི་སྐྱེད་ཅེས་ལྟོས་པ་མེད་པས་སྔ་མ་ཉིད་གྲུབ་བོ། །གལ་ཏེ་ལྟོས་པ་མེད་པར་མ་གྲུབ་སྟེ། རྐྱེན་འགའ་ཞིག་ལ་ལྟོས་སོ་ཞེ་ན། ལྟོས་མེད་སྒྲུབ་པའི་ཕྱིར་ལྟོས་པ་འགེག་པ་ནི། ཐམས་ཅད་དབང་ཕྱུག་གི་འབྲས་བུ་ཡིན་པས་འགེག་པ་ནི་དེས་བྱས་ཞེས་པ་རྩ་བ་གཉིས་ཏེ། ཐམས་ཅད་དབང་ཕྱུག་གི་འབྲས་བུར་འདོད་པ་ན། འབྲས་བུ་ལ་རྒྱུ་ལྟོས་པ་ནི་འགལ་བའི་ཕྱིར་རོ། །དེ་ལྟར་ན་ལྟོས་པ་མི་འཐད་མོད་ཀྱིས། ལྟོས་སུ་བཅུག་ན་དབང་ཕྱུག་ཉིད་དུ་མི་རུང་བ་ནི། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། རྐང་པ་དང་པོ་གཉིས་ཀྱིས་ཚོགས་པ་རྒྱུར་བསྟན་ཏོ། །རྐང་པ་ཕྱི་མ་གཉིས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པས་དེ་གྲུབ་པའོ། །གལ་ཏེ་ཚོགས་པ་རྒྱུ་ཡིན་མོད། དེར་དབང་ཕྱུག་ཀྱང་གཏོགས་པས་དབང་ཕྱུག་

-68-

ཇི་ལྟར་རྒྱུ་མ་ཡིན་སྙམ་ན། རྒྱུ་ཡིན་པ་ཙམ་ནི་མི་འགོག་གི་ཚོགས་པའི་གཞན་དབང་ཅན་ཡིན་པའི་ཕྱིར། དབང་ཕྱུག་བྱེད་པ་པོ་ལས་ཉམས་པར་འགྱུར་རོ། །གལ་ཏེ་རྒྱུ་ཚོགས་པ་ན་དབང་ཕྱུག་གི་འདོད་པས་འབྲས་བུ་ལ་དབང་སྒྱུར་བའི་ཕྱིར་ཇི་ལྟར་གཞན་དབང་ཅན་ཡིན་ཞེ་ན། རྒྱུ་ཚོགས་པ་ན་དབང་ཕྱུག་མི་འདོད་བཞིན་དུ་འབྲས་བུ་སྐྱེད་དམ་མི་སྐྱེ། དང་པོ་ལྟར་ན་དབང་ཕྱུག་ཏུ་མི་རུང་བ་ནི་གལ་ཏེ་ཞེས་པ་སྟེ། དབང་ཕྱུག་ལ་དབང་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཚོགས་པ་དོན་མེད་པས་ལྟོས་པ་ཉམས་སོ། །གལ་ཏེ་ཚོགས་པ་དོན་མེད་པར་མི་འགྱུརཏེ། མ་ཚོགས་པའམ་ཚོགས་ཀྱང་འདོད་པ་མེད་ན། འབྲས་བུ་མི་བསྐྱེད་ཀྱི། ཚོགས་པའི་ཚེ་འདོད་ན་འབྲས་བུ་སྐྱེ་བས་འབྲས་བུ་ལ་དབང་སྒྱུར་རོ་སྙམ་ན། འདོད་ན་འདོད་ལ་ག་ལས་འགྱུར། །བྱེད་ན་དབང་ཕྱུག་ག་ལ་ཡིན་ཞེས་གསུངས་ཏེ། འདོད་པའི་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །མུ་སྟེགས་བྱེ་བྲག་པ་གང་དག་ཐོག་མ་སྣོད་དང་བཅུད་ཀྱི་འཇིག་རྟེན་དག་གིས་དབེན་པ་ན་ས་ལ་སོགས་པ་རྡུལ་ཕྲ་རབ་རྟག་པར་གནས་ཏེ། མི་ཞིག་ལྟར་གནས་སྐབས་འབའ་ཞིག་ཏུ་རླུང་གི་རྡུལ་ཕྲ་མོ་གཉིས་སྦྱོར་ཏེ། དེ་ནི་རྡུལ་ཕྲ་མོའི་རྡུལ་ཞེས་བྱའོ། །དེ་ལྟར་གཅིག་ནས་བརྗོད་དུ་མེད་པ་ལ་སོགས་པ་འབྱར་ཏེ་རླུང་གི་དཀྱིལ་འཁོར་ཆགས་སོ། །དེ་ནས་ཆུ་དང་ས་ལ་སོགས་པ་ཡང་ཚུལ་དེ་ལྟར་ཆགས་ཏེ་པདྨའི་སྦུབས་ཆེན་པོ་གཅིག་ཕྱིའི་རྒྱ་མཚོ་ཆེན་པོ་ནས་བྱུང་བར་གྱུར་ཏོ། །དེ་རིམ་གྱིས་སྨིན་པར་གྱུར་པ་ལས་ཚངས་པ་ཆེན་པོ་བྱུང་སྟེ། དེ་ལས་ཀྱང་སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་སྐྱེས་སོ་ཞེས་ཟེར་ན། རྡུལ་ཕྲན་རྟག་པ་ལས་སྐྱེ་བར་འདོད་པ་དེ་དགག་པ་ནི་གང་དག་ཅེས་པ་རྩ་བ་གཉིས་ཏེ། རྡུལ་ཕྲན་ཉིད་ནི་ལུས་དྲན་པ་ཉེར་བཞག་གི་སྐབས་སུ་རྡུལ་དེ་ཡང་ཕྱོགས་ཆའི་དབྱེ་བ་ཡིས་ཞེས་བཟློག་ཅིང་རྡུལ་ཡོད་དུ་ཟིན་ཀྱང་དེ་ལ་ཕྲད་པ་ནི་ཚོར་བ་དྲན་པ་ཉེར་བཞག་གི་སྐབས་སུ་རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་ཅེས་བཟློག་ཟིན་ཏོ། །དེ་ལྟར་གཞན་རྟག་པ་ལས་སྐྱེ་བ་བཀག་ཅིང་གཞན་མི་རྟག་པ་

-69-

ལས་སྐྱེ་བ་ནི་ཤེས་བྱ་ལས་སྔར་ཤེས་ཡོད་ན་ཞེས་པ་ལ་སོགས་པའི་རིགས་པས་ཆོས་ཐམས་ཅད་གྱི་སྐྱེ་བ་དུས་གསུམ་དུ་བརྟགས་པ་དེ་ཉིད་ཡིན་པས་འདིར་ཡང་མི་བརྗོད་དོ། ། ད་ནི་རང་ལས་སྐྱེ་བ་འགོག་པ་ན། གྲངས་ཅན་པ་དག་དངོས་པོ་འདི་ཐམས་ཅད་ནི་རང་ལས་སྐྱེ་བར་འདོད་ལ། དེ་ཡང་གྲངས་ཉི་ཤུ་རྩ་ལྔར་འདོད་པས་གྲངས་ཅན་དེ་འདི་སྐད་དུ་དངོས་པོ་འདི་ཐམས་ཅད་ནི་རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་ཡིན་ལ། དེ་དག་ཆ་མི་མཉམ་པས་རྟགས་འབྱུང་བ་ནི། རངས་དང་མགུ་དང་ཀུན་དགའ་དང༌། །བདེ་ཞིང་ཞི་བའི་སེམས་ཉིད་དག །རེས་འགའ་ཡང་ནི་སྣང་འགྱུར་བ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང༌། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་ནོ་ཞེས་བདེ་བ་དང་སྡུག་བསྔལ་དང་གཏི་མུག་པ་རིམ་པ་ལྟར་ཡོན་ཏན་གསུམ་དུ་འདོད་དོ། །དེ་དག་ཆ་མཉམ་ཞིང་མི་གསལ་ལ་རྟགས་མེད་པ་ནི་གཙོ་བོ་ཞེས་བྱ་ལ། དེ་ལ་ཅུང་ཟད་གསལ་བ་ཙམ་དང་འགྱུར་བ་ཙམ་གྱིས་ངོ་བོ་ཆེན་པོ་སྐྱེའོ། །དེ་ལས་རབ་ཏུ་གསལ་བའི་ང་རྒྱལ་སྐྱེ་བ་ནི། རྣམ་པར་འགྱུར་བ་ལས་གྱུར་པ་དང་། འབྱུང་བ་ལས་གྱུར་པ་དང་རྡུལ་ལས་གྱུར་པ་གསུམ་མོ། །དེ་ལ་དང་པོ་ནི་སྙིང་སྟོབས་ཤས་ཆེ་བ་དེས། དེ་ལས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཞེས་བྱ་བ་བློའི་དབང་པོ་དང་། ངག་དང་ལག་པ་དང་རྐང་པ་དང་དབང་པོའི་མིན་ཅན་དང་བཤང་ཁུང་ཞེས་བྱ་བ་ལས་ཀྱི་དབང་པོ་དང༌། ཡིད་ཅེས་བྱ་བ་དེ་གཉིས་ཀར་གྱུར་པ་དང་བཅུ་གཅིག་གོ །གཉིས་པ་ནི་མུན་པ་ཤས་ཆེ་བ་སྟེ་དེ་ལ་སྒྲ་དང་རེག་དང་རོ་དང་གཟུགས་དང་དྲི་ཞེས་བྱ་བ་དེ་ཙམ་ལྔ་དང་། ནམ་མཁའ་དང་རླུང་དང་ཆུ་དང་མེ་དང་ས་ཞེས་འབྱུང་བ་ལྔ་སྐྱེ་སྟེ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཡིན། །དེ་ལས་ཚོགས་ནི་

-70-

རྣམ་པ་བཅུ་དྲུག་སྟེ་ཞེས་པའོ། །ང་རྒྱལ་གསུམ་པ་རྡུལ་ལས་གྱུར་པ་ནི་གཡེང་བ་ཤས་ཆེ་བ་སྟེ་དེ་གཉིས་ཀའི་བདག་ཉིད་དོ། །དེ་ལྟར་ན་གཙོ་བོ་དང་ཆེན་པོ་དང་ང་རྒྱལ་དང་དབང་པོ་བཅུ་གཅིག་དང་དེ་ཙམ་ལྔ་དང་འབྱུང་བ་ལྔ་དང་སྐྱེས་བུ་རྣམས་ནི་དེ་ཁོ་ན་ཉི་ཤུ་རྩ་ལྔ་སྟེ། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བའམ་ཅོད་པན་གྱི། །ཆ་ལུགས་གང་གིས་གནས་གྱུར་ཀྱང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དེརྣམས་ཐ་དད་པར་ཤེས་པ་ནི་གྲོལ་བའི་རྒྱུར་སྨྲའོ། །དེ་ཡང་གཙོ་བོ་ནི་རང་བཞིན་ཁོ་ན་སྟེ་འགྱུར་བ་མ་ཡིན་ལ། ཆེན་པོ་དང་ང་རྒྱལ་དེ་ཙམ་ལྔ་ནི་རང་བཞིན་དང་འགྱུར་བ་གཉིས་ཀ་ཡིན་ཞིང་། དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་ནི་འགྱུར་བ་ཁོ་ན་ཡིན་ཏེ། སྐྱེས་བུ་ནི་གཉིས་ཀ་ཡང་མ་ཡིན་ནོ། །དེ་ལྟར་ཡང་། གཙོ་བོ་རང་བཞིན་ཉིད་འགྱུར་མིན། །ཆེན་པོ་སོགས་བདུན་རང་བཞིན་དང་། །འགྱུར་བ་བཅུ་དྲུག་འགྱུར་བ་ཡིན། །སྐྱེས་བུ་རང་བཞིན་མིན་འགྱུར་མིན་ཞེས་བཤད་དོ། །དེ་ལྟར་ན་གཙོ་བོ་བེམས་པོ་ལས་རྣམ་འགྱུར་འབྱུང་ཞིང་། དེ་དག་ཀྱང་ཐ་མི་དད་པས་ཕྱི་རོལ་ཡང་བདེ་བ་ལ་སོགས་པ་ཉིད་དོ། །སེམས་པ་ཅན་ནི་ཤེས་ཤིང་རིག་པ་ཡོད་པའི་སྐྱེས་བུ་ཁོ་ནར་ཟད་དོ། །དེ་དག་ལ་ཡང་གཙོ་བོ་དང་སྐྱེས་བུ་ནི་དོན་དམ་པ་ཡིན་ལ། ལྷག་མ་ནི་ཀུན་རྫོབ་སྟེ། གཙོ་བོ་ཡང། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་དྲང་སྲོང་སེར་སྐྱ་ཟེར་རོ། །དེ་ལྟར་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་ལས་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཆ་མི་མཉམ་པའི་འགྲོ་བ་སྣ་ཚོགས་ཀྱི་རྣམ་པར་འགྱུར་བ་སྐྱེ་བར་འདོད་པ་ཡིནནོ། ། དེ་དགག་པའི་ཕྱིར་དང་པོ་དགག་པའི་ཡུལ་སྤྱིར་བརྗོད་པ་ནི། གཙོ་བོ་ཞེས་པ་རྐང་པ་གཉིས་སོ། །གང་ལས་སྐྱེ་བའི་གཙོ་བོའི་རང་བཞིན་བརྗོད་པ་ནི་སྙིང་སྟོབས་ཞེས་པ་རྩ་བ་གསུམ་མོ། །གང་སྐྱེ་བ་འགྲོ་བའི་རང་བཞིན་བཤད་པ་ནི་མི་མཉམ་ཞེས་པ་རྩ་བ་གཅིག་གོ །དེ་དག་ནི་དགག་པའི་ཡུལ་ལོ། །དེ་དག་དགག་པ་ལ་བཞི་ལས་དང་པོ་གནོད་པ་

-71-

སྤྱིར་བརྗོད་པ་ལས་གང་རྒྱུར་སྨྲ་བ་གཙོ་བོའི་རང་བཞིན་དགག་པ་ནི། གཅིག་ལས་ཞེས་པ་སྟེ་ཡོན་ཏན་གསུམ་གྱི་རང་བཞིན་ཅན་ཡིན་ན་གཅིག་མ་ཡིན་པར་འགྱུར་རོ། །དེ་ལ་གནས་པའི་ཡོན་ཏན་དགག་པ་ནི་དེ་བཞིན་ཞེས་པ་སྟེ། སྙིང་སྟོབས་ཀྱི་སྙིང་སྟོབས་ཞེས་པ་ལ་སོགས་པ་གསུམ་གསུམ་གྱི་རང་བཞིན་ཅན་ཡིན་པས་ཡོན་ཏན་གསུམ་དུ་གསལ་རུང་ཞེས་པའི་དོན་ནོ། །གང་གི་རྒྱུར་འདོད་པ་འབྲས་བུའི་རང་བཞིན་དགག་པ་ནི་ཡོན་ཏན་མེད་ན་ཞེས་པ་སྟེ་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་བདེ་བ་ལ་སོགས་པ་ཕྱི་རོལ་གྱི་རང་བཞིན་ཡིན་པ་དགག་པ་ནི་གཉིས་ལས། དང་པོ་ཐམས་ཅད་བདེ་བ་ལ་སོགས་པ་གསུམ་ཆ་མཉམ་པའམ་མི་མཉམ་པར་འདོད་པ་ལ། སྣང་བ་མི་དམིགས་པས་དེ་འགོག་པ་ནི་སེམས་མེད་ཞེས་པ་རྩ་བ་གཉིས་ཏེ། གོས་སོགས་པ་ནི་གཟུང་བྱའི་ཆར་གསལ་ཞིང་བདེ་བ་ལ་སོགས་པ་ནི་འཛིན་པའི་ཆར་གསལ་བས་ཕན་ཚུན་དབེན་པར་རང་རིག་པས་གྲུབ་བོ། །གལ་ཏེ་དེ་དག་ནི་རང་བཞིན་མ་ཡིན་ན། བྱེ་མ་ལས་རིལ་མར་མི་འབྱུང་བ་བཞིན་དུ། རྒྱུ་གོས་ལ་སོགས་པ་ལས་འབྲས་བུ་བདེ་བ་ལ་སོགས་པ་འབྱུང་བར་མི་འགྱུར་བས། གོས་ལ་སོགས་པའི་དངོས་པོ་རྣམས་ནི་བདེ་བ་ལ་སོགས་པ་དེ་དག་གི་རྒྱུ་ཡིན་པས་བདེ་བ་ལ་སོགས་པའི་རང་བཞིན་ཡང་ཡིན་ནོ་ཞེ་ན། གོས་ལ་སོགས་པ་བདེ་སོགས་ཀྱི་རྒྱུ་ཡིན་པ་འགོག་པ་ན་སྔར་གྱི་རིགས་པས་དགག་པ་ནི། དངོས་རྣམས་ཞེས་པ་རྐང་པ་གཉིས་ཏེ། ཆོས་དྲན་པ་ཉེ་བར་བཞག་པའི་སྐབས་སུ། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་རྟོག་པར་འགྱུར་མ་ཡིན། །ཞེས་རྒྱུ་འབྲས་ཐམས་ཅད་བཀག་ཟིན་པའི་ཕྱིར་རོ། །ཐ་སྙད་ཙམ་དུ་མ་བཀག་པ་མ་ཡིན་ནམ་ཞེ་ན། ཐ་སྙད་དུ་རང་གི་ཚིག་དང་འགལ་བ་ནི་ཁྱོད་ཀྱི་ཞེས་པ་སྟེ། བདེ་བ་ལ་སོགས་པའི་རང་བཞིན་གཙོ་བོ་དེ་རྒྱུར་འདོད་པས་སོ། །དེ་ཉིད་བདེན་ནོ་ཞེ་ན། དེ་ཡང་བརྟན་པར་མི་གནས་པ་ནི་དེ་ལས་ཞེས་པ་སྟེ། ཐ་སྙད་པའི་འཇུག་པ་ལ་དེ་

-72-

ལས་བཟློག་པར་གྲུབ་པའི་ཕྱིར་རོ་དེ་ཡང་ཁོ་ནར་མི་གནས་པ་ནི་མེད་ཕྱིར་ན་ཞེས་པའོ། ། གསུམ་པ་གཙོ་བོ་རྟག་པ་མི་འཐད་པ་ལ་བཞི་ལས་སྣང་བ་མི་དམིགས་པས་དགག་པ་ནི་བདེ་སོགས་ཞེས་པ་སྟེ། ཁྱོད་གཙོ་བོ་ཞེས་བྱ་བར་འདོད་པའི་བདེ་བ་ལ་སོགས་པའི་རང་བཞིན་འདི་ནི་མི་རྟག་པ་ཁོ་ནས་དམིགས་ཀྱི་རྟག་པར་མ་དམིགས་པའི་ཕྱིར་རོ། །གལ་ཏེ་རྟག་པར་མ་དམིགས་ཀྱང་རྟག་ན་ཅི་སྟེ་ཞེ་ན། བདེ་སོགས་གསལ་བ་སྟེ་འབྲས་བུར་གྱུར་པ་རང་གི་རྒྱུད་ལ་ཡོད་པ་ཉིད་ཡིན་ན། དེའི་ཚེ་ཉམས་སུ་མྱོང་བ་དེ་ཉིད་དུ་ཅིའི་ཕྱིར་ན་འཛིན་པ་མ་ཡིན་ཏེ་མྱོང་བ་ཡོད་ན་དམིགས་པས་ཁྱབ་བོ། །གལ་ཏེ་མ་ཚོར་བ་ནི་མི་རྟག་པ་ལས་མ་ཡིན་གྱི། བདེ་སོགས་དེ་ཉིད་ཆ་ཕྲ་མོར་གྱུར་པས་ཡིན་ནོ་སྙམ་ནས་དེ་ཉིད་ཅེས་ཟེར་ན། མི་རྟག་པར་བསྟན་པའི་ཕྱིར་རགས་པ་དང་ཕྲ་བ་ཇི་ལྟར་ཡིན་ཞེས་གསུངས་ཏེ་རྟག་པ་ལ་ཕྲ་རགས་འགལ་བས་སོ། །རགས་པ་དང་ཕྲ་བ་ནི་གནས་སྐབས་ཀྱི་ཆོས་ཡིན་ནོ་སྙམ་ནས། གནས་སྐབས་མི་རྟག་པར་འགྱུར་བ་ནི་རགས་པ་ཞེས་པའོ། །གལ་ཏེ་གནས་སྐབས་མི་རྟག་མོད་རང་བཞིན་རྟག་པ་ཅི་འགལ་ཞེ་ན། དེ་བཞིན་ཞེས་པ་སྟེ། རགས་པ་དང་ཕྲ་བའི་གནས་སྐབས་དེ་བདེ་བ་ལ་སོགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་གནས་སྐབས་ལས་གཞན་པ་རང་བཞིན་ཐམས་ཅད་ཀྱང་མི་རྟག་པར་གྲུབ་བོ། ། བཞི་པ་སྐབས་སུ་བབ་པ་རང་ལས་སྐྱེ་བ་དགག་པའི་ཕྱིར་འབྲས་བུ་རྒྱུ་ལས་ཡོད་པ་སྐྱེ་བ་འགོག་པ་ན་གཞན་གྱི་འདོད་པ་བརྗོད་པ་ནི་གལ་ཏེ་ཞེས་པ་སྟེ། གང་ལས་གང་སྐྱེ་བ་ཐམས་ཅད་ནི་དེ་ལ་ཡོད་པ་ཡིན་ཏེ་མེད་ཀྱང་དེ་ལས་སྐྱེ་ན་རྭ་ལས་ཀྱང་འོ་མ་འབྱུང་བར་འགྱུར་རོ། །དེ་བས་ན་རང་ལས་རང་སྐྱེ་བ་ནི་དགག་ཏུ་མེད་དོ་ཞེས་ཟེར་རོ། ། དེ་དགག་པ་ལ་གསུམ་ལས་རང་གི་འདོད་པས་མ་ངེས་པར་བརྗོད་པ་ནི་གསལ་བ་མེད་པ་ཞེས་པ་རྩ་བ་གཉིས་ཏེ། རྒྱུའི་དུས་ན་གསལ་བ་དེ་མི་འདོད་པའི་ཕྱིར་རོ། །སྐྱེས་བུ་རྣམས་ཀྱི་འཇུག་པ་འཆོལ་བར་འགྱུར་བ་ནི་གལ་ཏེ་ཞེས་པ་རྩ་བ་བཞིའོ། །

-73-

དེ་ནི་འཇིག་རྟེན་པ་རྣམས་རྨོངས་པས་རྒྱུ་ལས་འབྲས་བུ་ཡོད་ཀྱང་མ་རྟོགས་པ་ཡིན་པའི་ཕྱིར་འཇུག་པ་འཆོལ་བའི་སྐྱོན་མེད་དོ་ཞེ་ན། རྩོད་པ་སྤང་བ་ནི་དེ་ཉིད་ཤེས་ཀྱིའང་ཞེས་པ་འཇུག་པ་མཚུངས་པར་སྟོན་པ་སྟེ། ཁྱོད་ཉིད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པར་གྲགས་པ་དྲང་སྲོང་ཆེན་པོ་སེར་སྐྱ་ལ་སོགས་པ་ཡང་རས་ཡུག་གྱོན་གྱིས་ས་བོན་འདོར་བ་ཇི་ལྟར་ཡིན། འཇིག་རྟེན་པ་རྨོངས་པ་ཉིད་འགལ་བ་ནི་ཤེས་ཏེ་ཞེས་པ་སྟེ་རྒྱུ་ལ་འབྲས་བུ་ཡོད་པར་འདོད་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་པའི་ཤེས་པ་ནི་མ་རིག་པས་བསྒྲིབས་པའི་ཕྱིར་ཚད་མ་ཉིད་མིན་ནོ་ཞེ་ན། འོ་ན་སྒྲིབ་པར་འདྲ་བས་རས་ཡུག་ལ་སོགས་པ་འབྲས་བུའི་གསལ་བར་མཐོང་བ་དང་བདེན་པ་མ་ཡིན་པར་འགྱུར་རོ། །དེ་དག་གིས་ནི་སྐྱེ་བ་ཐམས་ཅད་དགག་པ་གྲུབ་སྟེ། རྒྱུ་མེད་པ་དང་། གཞན་དང༌། རང་ལས་སྐྱེ་བ་ལས་གཞན་མེད་པའི་ཕྱིར་རོ། ། གཉིས་ཀ་ལས་སྐྱེ་བ་ནི་གོང་དུ་རང་དང་གཞན་ལས་སྐྱེ་བ་བཀག་པ་ཉིད་ཀྱིས་བཀག་པར་དགོངས་ནས་ལོགས་སུ་མ་བཤད་དོ། །དེ་ལྟར་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱི་ཕྱོགས་ཆོས་བསྒྲུབས་ནས། ཡོངས་གཅོད་མ་གྲུབ་ཀྱང་རྣམ་གཅད་ལ་ཚད་མར་མི་འགལ་བར་སྟོན་པ་ན་དང་པོ་རྒོལ་བ་དགོད་པ་ནི་གལ་ཏེ་ཞེས་པ་རྩ་བ་བཞི་སྟེ། ཚད་མ་ནི་གཞལ་བྱ་ལ་ལྟོས་པ་ཡིན་ན། གོང་དུ་རྒྱུ་མེད་པ་ལ་སྐྱེ་བ་དགག་པ་ལ་སོགས་པས་དངོས་པོ་མ་གྲུབ་པའི་ཕྱིར་གཞལ་བྱ་མེད་པས་དགག་པའི་བློ་དེ་ཚད་མར་མི་འཐད་པའམ། ཡང་ན་གཞལ་བྱ་དང་ཚད་མ་གཉིས་ཀ་བདེན་པར་མེད་པས་དགག་པ་བྱེད་པའི་ཚད་མ་ཉིད་དུ་འདོད་པ་དེ་ཚད་མ་མིན་ན། ཚད་མ་མ་ཡིན་པ་དེས་གཞལ་བའི་སྟོང་པ་ཉིད་དེ་བརྫུན་པར་འགྱུར་ལ། དེ་ཁོ་ན་ཉིད་དུ་ན་སྟོང་པ་ཉིད་སྒོམ་པ་དེ་རྫུན་པ་ལ་དམིགས་པ་དེའི་ཕྱིར་མི་འཐད་དོ་ཞེ་ན། དེའི་ལན་དུ་བརྟགས་པའི་དངོས་ལ་ཞེས་གསུངས་ཏེ། དགག་བྱ་བརྟགས་པ་ཉིད་ཡིན་ན། བཀག་པ་བརྟགས་མིན་ཇི་ལྟ་བུ་ཞེས་བདེན་པ་གཉིས་སུ་བཤད་པ་ལྟར་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཅིའི་ངོ་བོར་

-74-

ཡང་མ་གྲུབ་པ་ལ་འདོད་པ་ཡིན་ནོ། །དེ་ལྟར་ཡིན་ཡང་དངོས་པོ་བདེན་པ་མེད་བཞིན་དུ་སྒྲོ་བརྟགས་ཀྱི་ཤེས་པས་དངོས་པོར་བརྟགས་པ་ཡིན་ལ། དེ་ལྟར་བརྟགས་པའི་དངོས་པོ་དེ་ཞེས་བློས་མ་རིག་ཅིང་མདུན་(མངོན་)དུ་མ་བྱས་པ་ནི་དེས་མེད་དོ་ཞེས་དེའི་དངོས་མེད་བློས་འཛིན་པ་མ་ཡིན་ཏེ། བརྟགས་པའི་དངོས་པོ་མེད་དོ་ཞེས་འཛིན་པའི་བློ་ནི་བརྟགས་པའི་དངོས་པོར་འཛིན་པ་ལ་ལྟོས་དགོས་སོ། །དེ་ལྟར་ལྟོས་པ་དེའི་ཕྱིར་རྫུན་པའི་དངོས་པོར་བརྟགས་པ་གང་ཡིན་པ་དེའི་དངོས་མེད་གསལ་བར་ཏེ་ངེས་པར་རྫུན་པ་ཁོ་ནའོ། །དེའི་དོན་ནི་འདི་ཡིན་ཏེ་ཆོས་ཐམས་ཅད་གདོད་མ་ནས་ཅིར་ཡང་མ་གྲུབ་པ་ཡིན་པ་ལ། ཕྱིན་ཅི་ལོག་གི་བློས་སྐྱེ་བ་ལ་སོགས་པ་བདེན་པར་ཡོད་དོ་ཞེས་སྒྲོ་བཏགས་ཤིང་བརྟགས་པ་ཡིན་ནོ། །བརྟགས་པ་དེ་མེད་དོ་ཞེས་སྟོང་པ་ཉིད་འཛིན་པའི་ཚད་མས་ཀྱང་དོན་དམ་པར་སྐྱེ་བ་ལ་སོགས་པ་ཡོད་པར་བརྟགས་པ་དེ་ཞེས་བློས་མ་རིག་ཅིང་མདུན་དུ་མ་བྱས་པར་ནི་དེ་མེད་དོ་ཞེས་ངེས་པར་མི་ནུས་པའི་ཕྱིར་བརྟགས་པའི་བློས་ཡུལ་དུ་བྱས་པ་ལ་ལྟོས་ནས་དེ་མེད་དོ་ཞེས་སྟོང་པ་ཉིད་དུ་ངེས་པ་ཡིན་ན། དེ་ལྟར་ན་བརྟགས་པ་ཞེས་བྱ་བ་རྫུན་པ་ཡིན་པ་དེ་ལ་ལྟོས་ནས། དེ་མེད་དོ་ཞེས་བྱ་བའི་དངོས་མེད་ཀྱང་རྫུན་པ་ཁོ་ན་ཡིན་པས་སྟོང་པ་ཉིད་རྫུན་པར་ཐལ་བ་ནི་འདོད་པ་ཁོ་ན་སྟེ། དཔེར་ན་རྨི་ལམ་ན་ཆུ་འོངས་པ་བཀག་པ་ངེས་པའི་ཚེ་ཆུ་འོངས་པ་རྫུན་པ་ན་དེ་བཀག་པ་ཡང་རྫུན་པ་ཡིན་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། ། ཡང་ན་འདི་མེད་ཅེས་བྱ་བ་བཀག་པ་ནི་དགག་བྱའི་ཆོས་ཡིན་པས་དགག་བྱ་བརྟགས་པའི་དངོས་པོ་ལ་བློས་མ་རེག་པར། དགག་བྱ་དེའི་དངོས་པོ་མེད་པ་སྟེ་བཀག་པ་བློས་འཛིན་པ་མ་ཡིན་ནོ། །དེའི་ཕྱིར་དགག་བྱ་རྫུན་པའི་དངོས་པོ་གང་ཡིན་པ་དེའི་དངོས་མེད་བཀག་པ་ཡང་གསལ་བར་སྟེ། ངེས་པར་རྫུན་པས་རང་བཞིན་མེད་ཅེས་ཡོངས་སུ་བཅད་པ་ལ་ཚད་མར་མི་འདོད་དོ། །འོན་ཀྱང་ཡོད་པ་རྣམ་པར་བཅད་པ་ཙམ་ལ་ཚད་མར་འཐད་དེ་དཔེར་ན་རྨི་ལམ་ན་བུ་ཤི་བར་རྨིས་པ་ལ། བུ་དེ་མེད་དོ་སྙམ་པའི་རྣམ་

-75-

པར་རྟོག་པ་འཇུག་པ་ནི། བུ་ཡོད་དོ་ཞེས་སྒྲོ་འདོགས་པའི་རྣམ་པར་རྟོག་པ་འཇུག་པའི་གེགས་སམ་གཉེན་པོ་ཡིན་ལ་བུ་མེད་པ་ཉིད་ཀྱང་རྫུན་པ་ཡིན་པ་བཞིན་ནོ་ཞེས་དཔེའི་སྒོ་ནས་ལན་བཏབ་པ་སྟེ། སྟོང་པ་ཉིད་རྫུན་ཡང་དེ་བསྒོམས་པས་སྐྱེ་བ་དོན་དམ་པར་ཡོད་དོ། །སྡུག་པ་དང་མི་སྡུག་པ་དོན་དམ་པར་ཡོད་དོ་ཞེས་མཚན་མར་འཛིན་པ་མཐའ་དག་གི་གཉེན་པོར་འགྱུར་བས་བསྒོམས་པ་ཡང་དོན་ཡོད་དོ་ཞེས་བྱ་བ་བཞིན་ནོ། ། རྡོ་རྗེ་གཟེགས་མའི་རྟགས་ཀྱི་ངེས་པའི་དོན་བསྡུ་བ་ལ་གསུམ་ལས་གཏན་ཚིགས་ཀྱི་དོན་ནི་དེ་བས་ཞེས་པ་རྩ་བ་བཞི་སྟེ། རང་དང་གཞན་དང་གཉིས་ཀ་རྒྱུ་མེད་པ་ལས་སྐྱེ་བ་རྣམ་པར་དཔྱད་བྱས་ན་ཤེས་པ་དང་ཤེས་བྱའི་དངོས་པོ་འགའ་ཡང་རྒྱུ་མེད་པ་ལས་སྐྱེ་བ་ཡོད་པ་མ་ཡིན་ནོ། །རང་དང་གཞན་སོ་སོ་བའམ། རང་དང་གཞན་འདུས་པའི་རྐྱེན་རྣམས་ལ་ཡང་འབྲས་བུའི་དངོས་པོ་དང་པོ་ནས་གནས་པ་མ་ཡིན་ནོ། །བསྒྲུབ་བྱ་དུས་གསུམ་མཉམ་པ་ཉིད་ཀྱི་དོན་ནི་གཞན་ནས་ཞེས་པ་རྩ་བ་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་རྟག་ཏུ་ངུ་ལ་དེ་བཞིན་གཤེགས་པ་བྱོན་པ་དང་བཞུད་པ་བརྟགས་པའི་སྐབས་སུ་སྨིག་རྒྱུ་དང་། པི་ཝང་གི་སྒྲ་དང་། རྨི་ལམ་གྱི་དེ་བཞིན་གཤེགས་པ་བྱོན་པ་དང་བཞུད་པ་མེད་པ་ལ་སོགས་པའི་དཔེ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་བྱོན་པ་དང་བཞུད་པ་མེད་ལ། དེ་བཞིན་དུ་ཆོས་ཐམས་ཅད་འོང་བ་དང་འགྲོ་བ་དང་གནས་པ་མེད་པར་བཤད་པ་བཞིན་ནོ། །དེ་ལྟ་ན་ཕྱི་ནང་གི་སྣང་བ་འདི་གང་ཡིན་ཞེ་ན། འདི་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་པའི་དོན་ནི་རྨོངས་པས་ཞེས་པ་རྩ་བ་གཉིས་སོ། ། འོ་ན་སྒྱུ་མ་དང་ཁྱད་པར་ཇི་ལྟར་མེད་ཅེ་ན། རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་དངོས་པོ་བདེན་པར་འགོག་པ་ནི་སྒྱུ་མས་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཁྱབ་པ་སྤྱིར་བསྟན་པ་སྟེ། གང་རྒྱུ་རྐྱེན་ལ་བརྟེན་ནས་སྤྲུལ་པའི་རྟེན་འབྲེལ་གང་ཡིན་པ་དེ་ནི་གང་ནས་འོང་བ་དང་གང་དུ་འགྲོ་བ་ལ་སོགས་པ་དཔྱད་ན་

-76-

མ་གྲུབ་སྟེ། གཟུགས་བརྙན་དང་མཚུངས་པ་ཞེས་འོག་གི་དཔེས་སྦྱར་བས་སོ། །གང་གང་ཞིག་གང་ན་ཉེ་བ་ཡིས་ཞེས་པ་ནས་བཅོས་བུ་ཞེས་པའི་བར་གྱིས་ནི་ཕྱོགས་ཆོས་སོ། །དེ་ལ་བདེན་ཉིད་ཇི་ལྟར་ཡོད་ཅེས་པ་ནི་བསྒྲུབ་བྱའོ། ། གསུམ་པ་འབྲས་བུ་རྣམ་པར་དཔྱད་པ་ཡོད་མེད་སྐྱེ་འགོག་གི་རྟགས་བཤད་པ་ནི་དངོས་པོ་ཞེས་པ་ནས་ཏེ། འདི་ཡང་རྟེན་འབྲེལ་གྱི་རྟགས་དེ་ཉིད་ཀྱིས་ཁྱབ་པ་སྒྲུབ་བྱེད་དུ་སྦྱར་བའམ། ཡང་ན་འདི་ཉིད་ཀྱིས་ཀྱང་སྐྱེ་བ་འགོག་པའོ། །དེ་ལ་གཉིས་ལས་རྟགས་ཀྱི་དོན་ནི་དངོས་པོར་སྣང་བའི་ཆོས་འདི་རྣམས་ཆོས་ཅན། ཡང་དག་པར་རང་བཞིན་མེད་དེ། ཡོད་པ་དང་མེད་པ་སྐྱེ་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའོ། །གཏན་ཚིགས་ཀྱི་དོན་ནི་གཟུགས་ལ་སོགས་པ་ཡོད་ན་སྐྱེས་ནས་ཡོད་དམ། མ་སྐྱེས་པར་ཡོད། དང་པོ་ལྟར་ན་དངོས་པོ་ཡོད་པ་སྐྱེའམ། མེད་པ་སྐྱེ། མེད་པ་སྐྱེ་བ་མི་འཐད་དེ་ནམ་མཁའི་མེ་ཏོག་བཞིན། ཡོད་ན་དངོས་པོ་ཡོད་པའོ། །དེ་ལ་གཉིས་ལས་ཡོད་པ་སྐྱེ་བ་དགག་པ་ནི་ཅི་བདེན་པར་སྐྱེ་ན་ཡོད་པ་ཞིག་སྐྱེའམ་མེད་པ་ཞིག་སྐྱེ། སྔ་མ་ལྟར་ན་དངོས་པོ་ཡོད་པར་གྱུར་པ་ལ། རྒྱུ་ཡིས་ཕན་གདགས་པའི་དགོས་པ་ཅི་ཞིག་ཡོད་དེ། གྲུབ་ཟིན་ན་ནི་རྒྱུའི་ཕན་པ་ལ་ལྟོས་པར་འགལ་ལོ། །གལ་ཏེ་མེད་པ་སྐྱེའོ་ཞེ་ན། དེ་དགག་པ་ནི་འོན་ཏེ་ཞེས་པ་སྟེ་དངོས་པོ་དེ་ནི་མེད་ན་ཡང་། རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ་མེད་པ་ཕན་གདགས་པའི་ནུས་པའི་ཡུལ་དུ་མི་རུང་བའི་ཕྱིར་རོ། །འབྲས་བུ་སྔར་མེད་པ་བདག་ཐོབ་པར་བྱེད་པ་ཉིད་རྒྱུའི་དགོས་པ་ཡིན་ནོ་ཞེ་ན། བྱེ་བ་ཕྲག་བརྒྱའི་རྒྱུ་ཡིས་ཀྱང་དངོས་པོ་མེད་པ་དེ་ཡོད་པ་ལ་སོགས་པར་བསྒྱུར་དུ་མེད་དོ། །དེས་ན་རྒྱུའི་སྒོ་ནས་བསྒྱུར་བྱ་དེ་དངོས་པོར་གནས་དགོས་པ་ལས་འབྲས་བུར་མེད་པའི་གནས་སྐབས་དེ་དངོས་པོ་ཇི་ལྟར་ཡིན་ཏེ་མ་ཡིན་ལ། མེད་པའི་གནས་སྐབས་དེ་ལས་གཞན་པའི་རྒྱུའི་སྒོ་ནས་བསྒྱུར་བྱ་རྒྱུའི་དངོས་པོ་འགྱུར་བ་གཞན་ཡང་གང་ཞིག་ཡིན་ཏེ་ཕུང་པོ་གསུམ་པ་དེ་ལྟ་བུ་མི་

-77-

སྲིད་པའི་ཕྱིར་རོ། །གལ་ཏེ་རྒྱུའི་བྱེད་པས་དངོས་མེད་བསྒྱུར་བར་མི་ནུས་ན་དངོས་པོ་ཁོ་ན་བསྒྱུར་བར་འཐད་པ་ཞིག་ན། རྒྱུས་མེད་པ་བསྒྱུར་བར་ཇི་ལྟར་མི་ནུས་ཞེ་ན། རྒྱུའི་བྱེད་པས་དངོས་མེད་སྒྱུར་ན། མེད་པ་དེ་དངོས་པོར་སྒྱུར་རམ། དངོས་མེད་རང་གཞན་དུ་སྒྱུར། དང་པོ་ལྟར་ན་དངོས་མེད་དེ་དངོས་མེད་མ་དོར་བར་དངོས་པོར་འགྱུར་བ་འགལ་བས་དངོས་མེད་དུ་གནས་པ་དེའི་ཚེ་དངོས་པོ་ཡོད་པ་སྲིད་པ་མིན་པས་ཡོད་པར་ནམ་ཞིག་འགྱུར་ཏེ་མི་འགྱུར་ལ། དངོས་པོ་མ་སྐྱེས་པར་ཡང་དངོས་མེད་དེ་མི་འབྲལ་བས་ཡོད་པའི་སྐབས་མི་སྲིད་པའི་ཕྱིར་མེད་པ་དེ་རྒྱུ་ཡིས་ཡོད་པར་སྒྱུར་བ་མི་འཐད་དོ། །གལ་ཏེ་དངོས་མེད་རང་གཞན་དུ་བསྒྱུར་རོ་ཞེ་ན། དངོས་པོའང་མེད་པ་གཞན་ཞིག་ཏུ་འགྱུར་བ་འཐད་པ་མ་ཡིན་ཏེ། རྒྱུཡིས་གཞན་དུ་བསྒྱུར་བྱ་དང་སྒྱུར་པའི་རང་བཞིན་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་མེད་པ་གཞན་དུ་བསྒྱུར་བའང་མི་འཐད་དོ། ། ཡང་ན་དངོས་པོའི་ཚིག་རྐང་པ་གཉིས་ཀྱིས་ཡོད་པའི་སྐྱེ་བ་དགག་པ། དེ་ནས་ཚིགས་སུ་བཅད་པ་གསུམ་གྱིས་མེད་པ་སྐྱེ་བ་བཀག་ནས། ཇི་ལྟར་མེད་པ་ཡོད་པར་མི་འགྱུར་བ་ལྟར། ཡོད་པ་ཡང་ཕྱིས་མེད་པར་མི་འགྱུར་རོ། །ཞེས་སྟོན་པ་ནི། དངོས་པོའང་མེད་པར་འགྱུར་མིན་ཏེ། ད་ལྟ་ཡོད་པ་འདི་ཉིད་ཕྱིས་དངོས་མེད་དུ་འགྱུར་ན་ནི། ད་ལྟར་གྱི་འདི་ཉིད་ཡོད་མེད་ཀྱི་རང་བཞིན་གཉིས་སུ་འགྱུར་བའི་ཕྱིར་རོ། །ཞེས་ཁ་ཅིག་གསུང་ངོ༌། །དེ་ལྟར་གཏན་ཚིགས་ཀྱི་དོན་བཤད་ནས་རྟགས་ཀྱི་ངེས་པའི་དོན་བཤད་པ་ན་ཡོད་པ་དང་མེད་པ་སྐྱེ་བ་མི་སྲིད་པ་དེ་ལྟར་སྐྱེ་བ་སྔོན་དུ་སོང་བའི་འགག་པ་ཡང་ཡོད་པ་མིན་ཞིང་སྐྱེ་བ་དང་གནས་པའི་དངོས་པོ་ཡང་མེད་པ་དེའི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་མ་སྐྱེས་ཤིང་མ་འགགས་པ་ཉིད་དོ། ། འོ་ན་སྐྱེ་བ་ལ་སོགས་པར་སྣང་བས་གནོད་དོ་ཞེ་ན། འགྲོ་བ་རྨི་ལམ་ལྟ་བུ་ཞེས་པ་སྟེ་མ་དཔྱད་ནའོ། །དཔྱད་ན་ཆུ་ཤིང་སྙིང་པོ་མེད་པ་ལྟར་འགྲོ་བའང་རང་བཞིན་མེད་དོ། །འོ་ན་འཁོར་བ་དང་མྱ་ངན་ལས་འདས་པའང་ཁྱད་པར་མེད་པར་

-78-

འགྱུར་རོ་ཞེ་ན། དེ་ཁོ་ན་ཉིད་དུ་ནི་དེ་གཉིས་ཁྱད་པར་མེད་པར་འདོད་པ་ཉིད་དོ། །ད་ནི་ལྔ་པ་སྟོང་པ་ཉིད་བསྒོམས་པའི་འབྲས་བུ་འཆད་པ་ནི་གཉིས་དེ་རང་དོན་དང་གཞན་དོན་ནོ། །དང་པོ་ལ་གཉིས་ལས་མངོན་ཞེན་སྤོང་བ་ལ་འཇིག་རྟེན་པའི་ཆོས་མ་གྲུབ་པ་ནི་དེ་ལྟར་སྟོང་པའི་དངོས་རྣམས་ལ་ཞེས་པ་ནས་རྩ་བ་དྲུག་སྟེ། སློབ་དཔོན་ཞི་བའི་ལྷས་འཇིག་རྟེན་གྱི་ཆོས་བརྒྱད་མ་གྲུབ་པ་དང་སྦྱར་བ་ལྟར་རོ། །དེ་ལ་བརྟེན་པའི་སྲིད་པ་ལྡོག་པ་ནི་དེ་ཉིད་དུ་ནི་བཙལ་བྱས་ན་གང་ཟག་གང་ཞིག་སྲེད་ཅིང་གང་ལ་སྲིད། གསོན་པ་ལ་ཆགས་ཤིང་འཆི་བ་ལ་མི་དགའོ་ཞེས་དཔྱད་ན་ཞེས་པ་སྟེ་གསོན་པ་ཉིད་མེད་པས་འཆི་བའང་མ་གྲུབ་པས་སོ། ། གཉིས་པ་སྡུག་བསྔལ་སྤོང་བ་ལ་གཉིས་ལས་མཐོང་བའི་སྡུག་བསྔལ་རྩོད་པས་བསྡུས་པ་ནི་བདག་ཉིད་བདེ་བར་འདོད་པ་ན་ཞེས་པ་རྩ་བ་དྲུག་གོ ། མ་མཐོང་བའི་སྡུག་བསྔལ་ནི་བདེ་འགྲོ་ཞེས་པ་ནས་སོ། །དེ་ལ་སྲིད་པ་ན་ནི་གཡང་ས་མང་སྟེ། འགྲོ་བ་དམན་པར་ལྟུང་བའི་སའོ། །སྡུག་བསྔལ་གྱི་རྒྱུ་དངོས་པོར་མངོན་པར་ཞེན་པའི་གཡེང་བ་མ་སྤངས་པའི་སྲེད་པ་དེར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མིན་པའི་གནས་སྐབས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདི་འདྲ་ལ། སྤྱིར་ཡང་སྲིད་པ་དེར་གཉེན་པོ་ཡིད་ལ་བྱེད་པ་དང་། མི་མཐུན་པའི་ཕྱོགས་ཕན་ཚུན་འགལ་བས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་འདི་འདྲ་བ་མེད་དོ། །གཞན་ནི་སླ་བར་ཟད་དོ། །ལེའུ་དགུ་པའི་བཤད་པརྫོགས་སོ།། །། ༈ སྨོན་ལམ་ནི་སློབ་དཔོན་གྱིས་བསྟན་བཅོས་བརྩམས་པའི་འབྲས་བུ་འདི་དག་ཏུ་སྨོན་པ་ཡིན་ལ། འབྲས་བུ་དེ་དག་ཉིད་བསྟན་བཅོས་ཀྱི་དོན་ཉམས་སུ་བླངས་པའི་འབྲས་བུ་ཡང་ཡིན་པར་འཇུག་པ་གཅིག་གིས་སྟོན་པར་ཟད་དེ་བཤད་དུ་ཅུང་ཟད་ཀྱང་མེད་དོ། ། རིགས་པའི་དབང་ཕྱུག་ཆོས་ཀྱི་སེངྒེའི། ། སྙན་ཅིང་འཇེབས་པའི་གསུང་དབྱངས་ལ་བརྟེན་ནས། ། རྒྱལ་སྲས་སྤྱོད་པ་དབུ་མའི་ལམ་འཇུག་པ། ། བྱང་ཆུབ་ཕྱིར་དང་འགྲོ་བ་སྐྱབས་སུ་

-79-

བྱས། ། བྱང་ཆུབ་སེམས་མཆོག་ཡིད་བཞིན་ནོར་བུའི་སྒྲོམ། ། བྱིས་པའི་རྒུད་པ་མ་ལུས་སེལ་བྱེད་པ། ། རྣམ་པར་ཕྱེ་ནས་བློ་ལྡན་སྐྱེ་བོ་ལ། ། ལྷུག་པར་བདག་གིས་ཕྱོགས་སུ་རྒྱས་བྱེད་ཤོག། ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་བླ་མ་རྣམས་ཀྱི་གསུང་ལ་བརྟེན་ནས་ཤཱཀྱའི་དགེ་སློང་བྱང་ཆུབ་སྐྱབས་ཀྱིས་སྦྱར་བ་རྫོགས་སོ།། །། ༈ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ། ཚིགས་བཅད་སྟོང་ཡོད་པར་གྲགས་ཀྱང༌། ངེས་པར་ནི་ཚིགས་བཅད་དགུ་བརྒྱ་དང་བཅུ་གསུམ་ཡོད་དེ། དེའི་གྲངས་སུ་བརྩིས་པ་ནི། འདི་ལ་ལེའུ་བཅུ་ཡོད་པ་ལས། དང་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གྱི་ལེའུ་ལ་ཚིགས་སུ་བཅད་པ་སུམ་ཅུ་རྩ་དྲུག གཉིས་པ་སྡིག་པ་བཤགས་པའི་ལེའུ་ལ་ཚིགས་བཅད་དྲུག་ཅུ་རྩ་ལྔ། གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ལེའུ་ལ་ཚིགས་བཅད་སུམ་ཅུ་རྩ་བཞི། བཞི་པ་བག་ཡོད་ཀྱི་ལེའུ་ལ་ཚིགས་བཅད་བཞི་བཅུ་རྩ་བརྒྱད། ལྔ་པ་དྲན་ཤེས་བཞིན་གྱི་ལེའུ་ལ་ཚིགས་བཅད་བརྒྱ་དང་དགུ། དྲུག་པ་བག་ཡོད་པའི་ལེའུ་ལ་ཚིགས་བཅད་བརྒྱ་དང་སུམ་ཅུ་རྩ་གསུམ། བདུན་པ་བརྩོན་འགྲུས་ཀྱི་ལེའུ་ལ་ཚིགས་བཅད་བདུན་ཅུ་རྩ་དྲུག།།བརྒྱད་པ་བསམ་གཏན་གྱི་ལེའུ་ལ་ཚིགས་བཅད་བརྒྱ་དང་བརྒྱད་ཅུ་རྩ་བདུན། དགུ་པ་ཤེས་རབ་ཀྱི་ལེའུ་ལ་ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་བརྒྱད། བཅུ་པ་བསྔོ་བའི་ལེའུ་ལ་ཚིགས་བཅད་ལྔ་བཅུ་བདུན་ལགས་སོ། །དེ་རྣམས་དྲིལ་བས་ཚིགས་སུ་བཅད་པ་དགུ་བརྒྱ་དང་བཅུ་གསུམ་མོ། ། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བརྒྱུད་པ་ནི། འཇམ་པའི་དབྱངས་ཀྱིས་སློབ་དཔོན་ཞི་བའི་ལྷ་བྱིན་གྱིས་བརླབས། དེས་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ་ལ་སྤྱོད་ཕྱོགས་གཞུང་གསུམ་གདམས་པ་དང་བཅས་པ་གསུངས་སོ། །

བཱི་ཀ་མ་ཤཱི་ལའི་གཙུག་ལག་ཁངགི་པཎྜིཏ་ཤཱནྟི་པ་ལ་གསུངས་ཏེ། དབུས་ནི་ཛྙཱནཤྲཱིམིཏྲ། ཤར་སྒོའི་ད་ན་ཨ་ཀ་ར་ཤཱནྟི། ལྷོ་སྒོ་སུ་བཀྵ་ཀིརྟི། ནུབ་སྒོ་བ་ཤེས་རབ་འབྱུང་གནས་བློ་གྲོས། བྱང་སྒོ་བ་ནཱ་རོ་པའོ། །དེ་རྣམས་ཀྱིས་ཟླ་བ་གྲགས་པ་ཆུང་བ་ལ། དེས་ཀ་ན་ཀ་ཤྲཱི་ལ། དེས་བལ་པོ་བྷ་ཏན་ཏ་ལ། དེས་རྔོག་ལོ་ཙཱ་བ་ལ། དེས་ཁྱུང་ལ། དེས་རྒྱ་དམར་ལ། དེས་ཕྱྭ་པ། དེས་གཙང་ནག་པ་ལའོ། །དེ་བས་ཡར་འདེད་ན་སློབ་དཔོན་གྱི་བླ་མ་ནི་ལྷའི་དབང་ཕྱུག་གྲགས་པའོ། །དེའི་བླ་མ་རྟ་དབྱངས། དེའི་བླ་མ་ཀླུ་སྒྲུབ་བོ། །དགེའོ།། །།