Snying rje sprul pa'i glegs bam/Full text

From Bodhicitta
< Texts‎ | Snying rje sprul pa'i glegs bamTexts/Snying rje sprul pa'i glegs bam/Full text

སྙིང་རྗེ་སྤྲུལ་པའི་གླེགས་བམ།
FULL TEXT


Description

Referencesnying rje sprul pa'i glegs bam [སྙིང་རྗེ་སྤྲུལ་པའི་གླེགས་བམ།].
PeopleShabkar Tsokdruk Rangdrol



[edit]
Source DharmaCloud Input by Khenpo Tamphel
Date 2026-01-23
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །སྙིང་རྗེ་སྤྲུལ་པའི་གླེགས་བམ་བཞུགས་སོ། །


ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།

གཡས་ནས་ཙན་དན་ལྡེ་གུས་བྱུགས་པ་དང་། ། གཡོན་ནས་སྟ་གྲིས་གཤགས་པ་གཉིས་ལ་ཡང་། ། ཉེ་རིང་ཆགས་སྡང་མེད་པར་བརྩེ་བས་སྐྱོང་། །

སངས་རྒྱས་ཐུགས་རྗེ་ཅན་ལ་མགོས་ཕྱག་འཚལ། །

མར་གྱུར་འགྲོ་བའི་དོན་དུ་མནར་མེད་དུ། །

བསྐལ་ཆེན་ཁྲི་ཕྲག་མང་པོར་གནས་དགོས་ཀྱང་། ། སྙིང་རྗེས་མི་སྐྱོ་གཞན་དོན་ལྷུར་ལེན་པའི། །

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

བདག་བས་གཞན་གཅེས་བྱང་ཆུབ་སེམས་འབྱོངས་ནས། །

ཉམ་ཐག་འགྲོ་དོན་མཛད་ལ་སྐྱོ་ངལ་མེད། ། གནོད་པའི་དགྲ་ཡང་བུ་བཞིན་སྐྱོང་མཛད་པའི། །

རྩ་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད། །

ནང་པ་སངས་རྒྱས་པ་ཡི་ཁྱད་ཆོས་མཆོག །

ལེགས་ཚོགས་ཡོན་ཏན་མ་ལུས་འབྱུང་བའི་གནས། ། ཆོས་ཀྱི་རྩ་བ་སྙིང་རྗེ་རིན་པོ་ཆེ། །

བདག་གཞན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་ནི། །

དམ་ཆོས་བསྒྲུབས་ལས་འབྱུང་སྟེ་དེ་ཡིན། ། རྩ་བ་སྙིང་རྗེ་དག་ལ་རག་ལས་པས། །

ཐོག་མར་སྙིང་རྗེ་ཁོ་ན་བསྟོད་པར་བགྱི། །

སྙིང་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཡི། །

ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་ལ། ། ངན་སོང་གསུམ་དང་ངན་འགྲོ་ལ་སོགས་པས། །

གནོད་པ་བྱ་བའི་འཇིགས་པ་མེད་པར་འགྱུར། །

འཁོར་ལོས་བསྒྱུར་རྒྱལ་འཁོར་ལོ་ཡོད་པ་ལ། །

འཁོར་དང་དཔུང་རྣམས་ཤུགས་ཀྱིས་འདུ་བ་ལྟར། ། ཆོས་ཀྱི་རྩ་བ་སྙིང་རྗེ་ཡོད་པ་ལ། །

ཆོས་གཞོན་ཀུན་ཀྱང་ཤུགས་ཀྱིས་འབྱུང་བར་འགྱུར། །

དཔེར་ན་ཉི་མ་ཤར་ན་མུན་པ་སངས། །

དེ་ཡི་དྲོད་ཀྱིས་འགྲོ་ལ་ཕན་པ་ལྟར། ། སྙིང་རྗེ་རྒྱུད་ལ་ཤར་ན་ཉོན་མོངས་སོངས། །

དེ་ཡི་ཆོས་ཀྱིས་འགྲོ་ལ་ཕན་པར་འགྱུར། །

མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར། །

འདོད་པས་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ། ། སྙིང་རྗེ་བསྒོམ་པ་ཤིན་ཏུ་གལ་ཆེ་ཞེས། །

གསུངས་རྣམས་སྒྲོག་ལ་རང་ཉིད་སྤྲོ་བར་གྱུར། །

དེའི་ཕྱིར་སྙིང་རྗེ་དགོས་པའི་རྒྱུ་མཚན་ནི། །

ལུང་འདྲེན་མང་པོ་བྱས་ནས་འཆད་པ་ལ། ། མདོ་རྒྱུད་བསྟན་བཅོས་ཚད་མར་འཛིན་པ་ཡི། །

དད་ལྡན་སྙིང་རྗེ་འདོད་རྣམས་དགའ་བར་ཉོན། །

དེ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དམ་པའི་ཆོས་བྱེད་དགོས། ཆོས་ཀྱི་ཐོག་མཐའ་བར་གསུམ་གང་དུ་ཡང་སྙིང་རྗེ་འདི་གལ་ཆེ་བའི་རྒྱུ་མཚན་ནི། ཇི་སྐད་དུ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་གྱི་བུམ་བཟང་ལས།
གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་འདི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་འགྱུར་བ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །
ཞེས་དང་། དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོའི་ཞལ་ནས།
ཐོག་མར་གལ་ཆེ་བ་ནི། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་པའི་ཕྱིར་ངེས་པར་དམ་བཅའ་བར་འགྱུར་ལ། སྙིང་རྗེ་མེད་ན་དེ་ལྟར་བྱེད་པར་མི་འོང་བས། འགྲོ་བ་མ་ལུས་སྒྲོལ་བའི་ཁུར་འཁྱེར་བ་ནི། དེ་ལ་རག་ལས་པའི་ཕྱིར་དང་། ཁུར་དེ་མི་འཛིན་ན་ཐེག་པ་ཆེན་པོར་མི་ཆུད་པའི་ཕྱིར།
ཞེས་གསུངས། བར་དུ་གལ་ཆེ་བ་ནི། དེ་ལྟར་ལན་གཅིག་སེམས་དེ་ལྟ་བུར་སྐྱེས་ནས་ཞུགས་ཀྱང་། སེམས་ཅན་གྲངས་མང་ཞིང་བྱ་བྱེད་ངན་པ་དང་། བསླབ་པར་བྱ་བ་ཡང་ཤིན་ཏུ་བྱ་དཀའ་ཞིང་མཐའ་ཡས་པ་དང་། དུས་ཀྱང་དཔག་ཏུ་མེད་པར་དགོས་པར་མཐོང་བ་ན་ཞུམ་ནས་ཐེག་པ་དམན་པར་ལྟུང་བ་ལ། སྙིང་རྗེ་ཆེན་པོ་ལན་གཅིག་བསྐྱེད་པ་ཙམ་མ་ཡིན་པར་ཇེ་འཕེལ་དུ་གོམས་པར་བྱས་པས་རང་གི་བདེ་སྡུག་ལ་མི་བལྟ་ཞིང༌། གཞན་གྱི་དོན་ལ་མི་སྐྱོ་བས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་པར་བྱེད་གསུངས། ཐ་མར་གལ་ཆེ་བ་ནི། སངས་རྒྱས་རྣམས་འབྲས་བུ་བརྙེས་པའི་ཚེ་ཡང་། ཐེག་དམན་བཞིན་ཞི་བར་མི་གནས་པར། ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་སྟེ། དེ་མེད་ན་ཉན་ཐོས་ལྟར་འགྱུར་བའི་ཕྱིར་རོ་གསུངས། འཕགས་པ་བྱམས་པའི་རྣམ་ཐར་ལས། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ངན་སོང་ངན་འགྲོ་ལ་སོགས་གནོད་པ་བྱ་བའི་འཇིགས་པ་མེད་དོ་གསུངས། ཆོས་ཡང་དག་པར་སྡུད་པའི་མདོ་ལས།
རིགས་ཀྱི་བུ་སྒྲུབ་པ་ལ་གནས་པ་ཇི་ལྟར་རིགས་པར་བྱ། སྨྲས་པ། གང་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་མི་འདོར་བའོ། །
ཞེས་པ་དང་།
སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྩ་བ།
ཞེས་པ་དང་།
ཡང་སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་བས་དེ་ལ་ལོག་པར་སྒྲུབ་པར་མི་རིགས་སོ། །
ཞེས་པ་དང་། སྡོང་པོ་བཀོད་པའི་མདོ་ལས།
སྙིང་རྗེ་བྱམས་པའི་སྤྲུལ་པ་འདི་འདྲ་བ། །སེམས་ཅན་སྒྲོལ་སླད་ཕན་པའི་སེམས་ལྡན་པས། །རྣམ་དག་ཡིད་ཅན་འདི་ནི་ཅི་འདྲ་བ། །དེ་འདྲའི་འགྲོ་བ་ལྷ་དང་མིར་བཅས་དཀོན། །
ཞེས་པ་དང་། ཡང་བློ་གྲོས་རྒྱ་མཚོས་ཞུས་པ་ལས།
བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བླ་ན་མེད་པའོ། །གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་ཆོས་ཡོངས་སུ་འཛིན་པ་དང་། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །
ཞེས་པ་དང་། ཡང་དེ་ཉིད་ལས།
བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་ནི་གཅིག་སྟེ། འདི་ལྟར་བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་བག་ཡོད་པའོ། །གཞན་ཡང་ཆོས་གཅིག་སྟེ་འདི་ལྟར་བདག་གི་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ། །
ཞེས་གསུངས། མཚན་བརྗོད་ལས།
སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག ། དགའ་མགུ་རངས་པའི་བསམ་པ་ཅན། །
ཞེས་དང་། ཧེ་བཛྲ་ལས།
སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་དེ་ལ་བྱ། །
ཞེས་དང་། བྲམ་ཟེ་ཆེན་པོའི་ཞལ་ནས།
གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུས་འཛིན། །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །
ཞེས་གསུངས། གཱ་ཡ་གོ་རིའི་མདོ་ལས།
སྙིང་རྗེ་དང་ཐབས་དང་བྱང་ཆུབ་སེམས་ལ་གོམས་པར་བྱས་པས། ཚེ་འདི་ཉིད་ལ་གདོན་མི་ཟ་བར་ཁྱད་པར་དུ་འགྱུར་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བཟང་སྐྱོང་། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དམ་པའི་ཆོས་ཡོངས་སུ་འཛིན་ཏེ། གང་ཞེ་ན། བདག་ལ་མི་ཆགས་པ་དང་། གཞན་ལ་བདེ་བ་སྟོབ་པ་དང་། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང་། ཆོས་ཡོངས་སུ་འཚོལ་བའི་མི་ངོམས་པ་སྟེ་བཞི་པོ་དག་གོ །
ཞེས་གསུངས། མདོ་སྡུད་པ་ལས།
གང་ལ་ཕན་དང་སྙིང་བརྩེར་བཅས་པས་སྤྱད་སྤྱད་པ། །རིགས་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རེག ། འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིགས་པར་བྱ། །
ཞེས་གསུངས། རྒྱལ་སྲས་ཞི་བ་ལྷའི་ཞལ་ནས།
སྙིང་རྗེ་མདུན་དུ་བཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །
གསུངས། ཇོ་བོའི་ཞལ་ནས།
ཐེག་པ་ཆེན་པོ་ལྟ་བས་མ་ཕྱེ་སྙིང་རྗེས་ཕྱེ་གསུངས། དུས་འཁོར་རྩ་རྒྱུད་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་དེ་བརྗོད་བྱ། །
ཞེས་དང་། བརྟག་གཉིས་ལས།
གང་ཤེས་རབ་དང་སྙིང་རྗེ་ཆེ་བ་ནི་ཐེག་པ་ཆེན་པོ་ཡིན་ལ། གང་ཆུང་བ་རྣམས་ནི་ཐེག་པ་ཆུང་ངུའོ། །
ཞེས་དང་། ཡུམ་ལས།
བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོའི་ཆོས་སྟོན་ཞེས་དང་།
བྱང་ས་ལས།
བྱང་ཆུབ་སེམས་དཔས་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དེ། སྙིང་རྗེའི་བསམ་པ་འབའ་ཞིག་གིས་བྱེད་དོ་ཞེས་དང༌། གཞན་ཡང་ཡིད་ལ་མི་བྱེད་པར་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བསྒོམ་པར་བྱེད་དོ། །དེ་བསྒོམས་པའི་རྒྱུས་སེམས་ཅན་རྣམས་ལ་སྙིང་རྗེ་བའི་བསམ་པ་འཐོབ་པར་འགྱུར་ཏེ། དེས་ན་སེམས་ཅན་གྱི་དོན་དུ་ངན་སོང་རྣམས་ལ་ཁྱིམ་དུ་གནས་པའི་ཚུལ་གྱིས་གནས་པར་བྱེད་
གསུངས། གྲུབ་ཐོབ་བིར་ཝ་པའི་ཞལ་ནས།
ཐོགས་མེད་བརྩེ་བས་བསྐྱངས་པ་ཡི། །དྲིན་ཅན་རྣམས་ལ་སྙིང་རྗེ་བསམས། །གནོད་བྱེད་འདི་རྣམས་བདག་གི་མ། །སྔོན་ཚེ་ཡང་ཡང་ཕན་བཏགས་ཀྱང་། །སྨྱོན་པ་ལྟ་བུར་རང་དབང་མེད། །མི་དགེའི་ལས་ཀྱིས་མནར་མེད་འགྱུར། །དེ་ལྟར་དྲན་པས་སྲིད་གསུམ་ལ། །སྙིང་རྗེ་མཐར་ཕྱིན་འགྱུར་བ་ཡིན། །
གསུངས། དེས་ན་སྙིང་རྗེ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན་ཏེ། འདི་མེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྐྱེད་རྫོགས་སོགས་མདོ་སྔགས་ཀྱི་ལམ་ལ་ཅི་ཙམ་འབད་ཀྱང་ཐེག་པ་ཆེན་པོར་མི་ཚུད། ཐེག་པ་དམན་པར་ལྟུང་བར་འགྱུར་བས། ཐབས་དུ་མའི་སྒོ་ནས་སྙིང་རྗེ་བསྒོམ་པ་ལ་ཉིན་མཚན་མེད་པར་འབད་པར་བྱའོ། །གཞན་ཡང་སློབ་དཔོན་དཔའ་བོའི་ཞལ་ནས།
ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལ་བརྟེན། །བྱང་ཆུབ་མཆོག་སེམས་སྙིང་རྗེའི་རྒྱུ་ལས་འབྱུང་། །ཞེས་དང༌། དེ་ཡིས་མཛད་པའི་ཕར་ཕྱིན་བསྡུས་པ་ལས། ཡེ་ཤེས་སྣང་བ་མཁའ་ལྟར་ཡངས་པ་ལ། །སྙིང་རྗེ་ལྡན་པ་གཅིག་པུ་ཕ་རོལ་བརྒལ། །སེམས་ཅན་མ་ལུས་ཀུན་ལ་ཁྱབ་པ་ཡི། །སྙིང་རྗེ་ཆེན་པོ་འཇིག་རྟེན་ཀུན་ཏུ་འབྱུང་། །
ཞེས་དང་། རྗེ་མི་ལས།
སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་དོན་འགྲུབ། །འགྲོ་དོན་འགྲུབ་ན་ང་དང་མཇལ། །
གསུངས། ལུང་གཞན་ལས་ཀྱང་།
བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །གོམས་པའི་སྟོབས་ཀྱིས་རྫོགས་པ་ན། །དངོས་འཛིན་གདོན་གྱིས་ཟིན་པ་ལ། །ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ། །
ཞེས་དང་། དབང་མདོར་བསྟན་ལས།
སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་། །
ཞེས་དང་། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ལས།
ང་ལ་གུས་པ་སེམས་ཅན་དོན་ཏེ་གུས་པ་གཞན་དག་མིན། །གང༌གིས་སྙིང་རྗེ་མ་བཏང་ང་ལ་གུས་པ་སྟེ། །སྙིང་རྗེས་བཏང་ན་གནས་པར་གྱུར་པ་ལྟུང་བ་གང་ཡིན་པ། །དེ་ནི་སྙིང་རྗེས་བླང་བར་ནུས་ཀྱི་གཞན་གྱིས་མིན། །གང་གིས་སྙིང་རྗེ་སེམས་ཅན་རྗེས་སུ་ཞུགས་གྱུར་པ། །དེས་ནི་ང་ཡང་མཉེས་བྱས་དེས་ནི་བསྟན་པའི་ཁུར་ཡང་བཟུང་། །ཚུལ་ཁྲིམས་ཐོས་པ་སྙིང་རྗེ་དག་དང་བློ་དང་གསལ་བ་དག ། གང་ལ་ཡོད་པ་དེས་ནི་རྟག་ཏུ་བདེ་བར་གཤེགས་པ་མཆོད། །
གསུངས། དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་ལས།
ཐེག་པ་ཆེ་ལ་སྙིང་རྗེ་གལ་ཆེ། དེ་ཡང་སྦྲལ་ཁར་ཚུད་པ་ལྟ་བུ་མེད་ན་བྱང་ཆུབ་སེམས་དཔའི་མིང་མི་འོང་། ཞེས་པ་སྟེ་དུག་སྦྲུལ་གྱི་སྟེང་དུ་བྱ་རྣམས་ཀྱིས་འཕུར་དུས། ཁོའི་ཁ་རླངས་ཀྱིས་ཕོག་ན་བྱ་དེ་འབྲོས་སྙམ་ཡང་འབྲོས་ས་མེད། སྦྲུལ་དེ་ལ་འང་ད་བྱ་གཏོང་སྙམ་ཡང་། བྱ་ནམ་མཁའ་ལ་ལྡིང་བ་དེ། ཁོའི་སྟེང་དུ་སྡིགས་ཀྱིས་ལྷུང་ཡོང་། དེ་བཞིན་དུ་སྙིང་རྗེ་ཆེན་པོ་ཡོད་ན་སེམས་ཅན་བྱད་ངན་པ་དང་། བྱས་པ་མི་གཟོ་བ་དང་། གྲངས་མང་བ་དང་། སྟོང་པ་ཉིད་ཡིན་པ་སོགས་ཅི་ཡོད་ཀྱང་། སྙིང་རྗེ་དེས་ཟིན་ནས་སླར་མ་བཏང་གི་བར་དུ་འཛིན་པ་དམ་དུ་འཆའ། རྐྱེན་གྱིས་བསྒྱུར་མི་ཐུབ་པ་ཞིག་འོང་བ་ཡིན། དེ་འདྲའི་སྙིང་རྗེ་ཆེན་པོ་ཞིག་མེད་ན་བྱང་ཆུབ་སེམས་དཔའི་མིང་རང་ཡང་མི་འོང་
གསུངས། དཔེ་ཡི་ལམ་རིམ་རིན་ཆེན་སྤུངས་པ་ལས། ཁམས་པ་འཇམ་དཔལ་བྱ་བའི་རྐང་པ་ན་བ་གཅིག་ལ། དགེ་བཤེས་སྟོན་པའི་ཞལ་ནས། ད་ཁྱོད་ཀྱི་མ་རྒན་ཡུལ་སྣ་གདོང་ན། ཁྱི་ཚན་ཅིག་གིས་རྨུག་གིན་འདུག ། གྲོགས་ཀྱང་སུ་ཡང་མི་འདུག་བྱས་ན། རྐང་བ་ན་བ་རང་ཡང་མི་དྲན་པར། སྡུག་རྒན་མ་དེས་དེ་ན་ཅི་བྱེད་ན་ཟེར་ནས་འཐེངས་ཁྱེར་ལིང་ངེ་ཆ་ངེས་གསུངས། དེ་བཞིན་དུ་འོ་སྐོལ་ལ་སེམས་ཅན་ཐམས་ཅད་ལ་མའི་བློ་བཅོས་མ་མ་ཡིན་པ་རེ་སྐྱེས་ན། སེམས་ཅན་གྱི་སྡུག་བསྔལ་མཐོང་ཙམ་ན་སྙིང་རྗེ་ཤས་མི་བཟོད་པ་ཞིག་འོང་སྟེ་གསུངས། དེ་ལྟར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ན། སྨོན་འཇུག་གཉིས་ཀྱི་སེམས་རང་དབང་མེད་པར་སྐྱེ། དེ་སྐྱེས་ཙམ་ན་སྟོང་པ་སྙིང་རྗེ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཚེགས་མེད་དེ། མདོ་ལས།
གང་ལ་མགོ་མཆིས་པ་ལ་འཚོ་བ་མཆིས་སོ། །གང་ལ་སྙིང་རྗེ་མཆིས་པ་ལ་བྱང་ཆུབ་ཀྱི་སེམས་མཆིས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་མཆིས་པ་ལ་སངས་རྒྱས་མཆིས་སོ། །
གསུངས། སྐྱེས་རབས་ལས།
སྐྱེ་བོ་སྙིང་རྗེ་མེད་པས་ན། །ནང་མི་ལ་ཡང་ཕྱི་མི་བཞིན། །ལུས་ངག་ཡིད་ཀྱི་སྤྱོད་པ་རྣམས། །མི་རིགས་སྤྱོད་པ་མཆོག་ཏུ་འགྱུར། །
ཞེས་དང༌།
དེ་བས་ཆོས་ལ་དད་པ་ཡིས། །སྙིང་རྗེ་གཏང་བར་མི་བྱ་སྟེ། །ཆར་འབབ་ལོ་ཏོག་འཕེལ་བ་བཞིན། །དེ་ལས་ཡོན་ཏན་འཕེལ་བར་འགྱུར། །
ཞེས་དང་། འཕགས་པ་ཐོགས་མེད་ཀྱིས།
དེ་ལ་སྙིང་རྗེ་བསམ་པས་ཀྱང་ལས་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་སེམས་ཅན་ཕ་རོལ་རྣམས་དང་། གང་ཟག་ཕ་རོལ་རྣམས་ལ་སྙིང་རྗེའི་བསམ་པ་དང་། ཕན་པའི་བསམ་པ་ཤས་ཆེར་མངོན་པར་འདུ་བྱེད་པ་ལྟ་བུའོ། །
ཞེས་དང་། ཉི་ཁྲི་སྣང་བ་ལས།
བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །སྲིད་པ་དགའ་བར་བྱེད་པ་སྟེ། །བློ་ཡིས་དེར་ནི་གནས་པ་ཡང་། །བརྐམ་པ་རྗེས་སུ་སེམས་མ་ཡིན། །
ཞེས་དང་། ཡེ་ཤེས་དམ་པས་ཞུས་པར།
བྱང་ཆུབ་སེམས་དཔའ་སྙིང་རྗེ་དེ་ལྟ་བུ་དང་ལྡན་པ་ནི། ཉེས་པའི་ཆོས་དང་ཡང་ལྡན་པར་མི་འགྱུར་ལ། ཉེས་པ་ཐམས་ཅད་སྤོང་པར་བྱེད་དོ། །
ཞེས་དང༌། དྲན་པ་ཉེར་བཞག་ལས།
གང་གི་སེམས་ཀྱང་མྱོང་མིན་པའི། །སྙིང་རྗེ་ཡིས་ནི་རྣམ་བརྒྱན་པ། །དེ་ཡི་གྲོགས་པོར་འཇིག་རྟེན་འདིར། །འགྱུར་རོ་སྙན་པ་ཀུན་ཏུ་ཁྱབ། །གང་ཞིག་སྙིང་རྗེས་རྣམ་བརྒྱན་དང༌། །མི་ཡི་འཇིག་རྟེན་ན་དེ་ལྷ། །སྙིང་རྗེ་ཡིནི་གང་དབུལ་བ། །དེ་ནི་ཤིན་ཏུ་དབུལ་བར་འདོད། །སྙིང་རྗེ་ཐུབ་པས་བསྔགས་པ་ཡིན། །སྙིང་རྗེ་དྲི་མེད་སྙིང་པོ་ཡིན། །སྙིང་རྗེས་སྐྱོན་རྣམས་འཇོམས་པའོ། །སྙིང་རྗེ་ཟད་པ་མེད་པའི་གཏེར། །ཡོན་ཏན་རྒྱན་རྣམས་ཀྱི་ཡང་མཆོག ། སྙིང་རྗེའི་བཞོན་མ་གང་ལ་ཡོད། །དེ་ནི་མཆོག་གི་འོ་མ་ལྡན། །ཐེག་ཆེན་རྐྱལ་བ་ལ་ཞོན་པའི། །བརྩེ་བའི་སྙིང་རྗེ་ལག་གནས་ནས། །སྐྱོན་གསུམ་རླབས་ནི་ཤུགས་པོ་ཆེ། །སྲིད་པའི་རྒྱ་མཚོ་ལས་སྒྲོལ་བྱེད། །
ཞེས་དང་། སློབ་དཔོན་ངག་དབང་གྲགས་པས་ཀྱང་།
སྙིང་རྗེ་སྙིང་ནི་འཇག་གྱུར་པ། །ཡེ་ཤེས་ཐར་པ་དེ་ཡིན་གྱི། །ཆོས་གཞན་མང་པོས་ཅི་ཞིག་བྱ། །མི་འཚེ་ཆོས་ཀྱི་མཆོག་ཡིན་པར། །གྲུབ་པའི་མཐའ་ནི་ཀུན་ལས་འདོད། །
ཅེས་གསུངས། གླང་རི་ཐང་པས་ན་བཟའ་ཞིག་ཕུལ་ཏེ། སྤྱན་སྔ་བ་ལ་གདམས་ངག་ཞུས་པས། བྱམས་པ་སྙིང་རྗེ་སྟོན་པའི་ཚིགས་བཅད་གཅིག་གསུངས་ནས། བྱམས་པ་དང་སྙིང་རྗེ་བསྒོམ་པ་འདི་མན་ངག་ཡིན་སྙམ་པ་ཡིན་གསུངས། བྱེད་ན་རེ་རེས་ཀྱང་ཆོག་གམ་སྙམ་པ་ལྟ་བུ་ལགས་སོ་གསུངས། དགེ་བཤེས་ཕུ་ཆུང་བ་དང་ཁམས་པ་ལུང་པ་དེ་ཀུན། ཆོས་གསུངས་རེས་ཀྱིས། སོ་སོར་ཐར་པའི་སྡོམ་པ་དང་ལྡན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན། སྨོན་ལམ་གྱིས་ཁ་ལོ་བསྒྱུར། མན་ངག་འདི་ཁོ་ན་ཡིན་སྙམ་པ་ཡིན་ཇོ་བོ་བ་བྱ་བ་ཞིག་ཁོ་ན་གསུངས། དགེ་བཤེས་ཤྭ་བོ་པས། བྱམས་སྙིང་རྗེ་གལ་ཆེ་བའི་རྒྱུ་མཚན་མང་དུ་གསུངས་པས། གློང་ཐང་པས་ཕྱག་འཚལ་ནས། བདག་དུས་ད་ནས་བཟུང་སྟེ་བྱམས་སྙིང་རྗེ་བསྒོམ་པར་ཞུ་ཞུས་པས། ཤྭ་བོ་པས་དབུ་ཞྭ་ཕུད་ནས། ཕྱག་སྤྱི་བོར་ཐལ་མོ་སྦྱར་ནས། ཤིན་ཏུ་ཆ་ཡང་བཟང་ལགས་ཞེས་ལན་གསུམ་གསུངས། རྒྱ་གར་མཁས་པ་ཆེན་པོ་སངས་རྒྱས་གསང་བས་མཛད་པའི་མན་ངག་ལམ་རིམ་ལས།
སེམས་ཅན་མ་ལུས་ཐམས་ཅད་ལ། །སྙིང་རྗེའི་ཐག་པ་མ་ཆད་པར། །ཉོན་མོངས་ལམ་ལས་སྒྲོལ་བྱེད་ཅིང་། །བྱམས་པ་དག་གིས་མཉེས་པར་གྱིས། །དེ་བཞིན་འཁོར་བའི་བཙོན་ར་ལས། །སྙིང་རྗེའི་ཞགས་པ་ཆེར་བརྐྱངས་ནས། །ཉོན་མོངས་འདམ་ནས་འདྲེན་པར་བྱེད། །སྙིང་རྗེ་ཆེན་པོར་སྐྱོ་མི་བྱེད། །ཅེས་དང་། སྙིང་རྗེ་ཆེན་པོ་གོམས་བྱསན། །རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས། །དུས་མཐའ་མེད་པར་དེ་ལྟར་སྒོམས། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སངས་རྒྱས་ཉིད་དང་གཅིག ། རྒྱུ་སྤྱོད་བསོད་ནམས་ཚོགས་ཆེན་ལྡན། །
གསུངས། རྗེ་དྭགས་པོ་རིན་པོ་ཆེས།
གཞན་ཕན་ཞན་མེད་ཀྱི་སྙིང་རྗེ་འདི། །ཐབས་ཀྱི་མཆོག་ཏུ་བཙིར་གྱིས་བཟུང་། །
ཞེས་དང༌།
སྙིང་རྗེ་མེད་པའི་ཆོས་པ་དེ། །འབད་རྩོལ་བྱས་ཀྱང་ཉན་ཐོས་ལམ། །
ཞེས་དང་། ཇོ་བོ་རྗེས།
སེམས་ཅན་ལ་བཟོད་བླགས་མེད་པའི་སྙིང་རྗེ་ཡོད་ན། བྱ་བ་ཐམས་ཅད་དོར་ནས་སེམས་ཅན་ཅི་འདྲོངས་བྱེད་པ་ཞིག་འོང་། དེ་ལ་བརྟེན་ནས་ཕ་མ་ཡིན་ངོ་ཤེས་པར་གོ ། ཉེ་རིང་གཅིག་ཀྱང་མེད། དེ་དག་བདེ་ན་སྐྱིད་ན་དགའ་བའི་སེམས་འབའ་ཞིག་སྦྱོང་ངོ༌། །དེ་ཡང་སངས་རྒྱས་ཐོབ་ན་བདེ་སྐྱིད་ཐམས་ཅདཞོར་ལ་འོང་བས། སངས་རྒྱས་ལ་ཅི་འཁོད་བྱེད་པའོ། །
ཞེས་དང་། འབྲོམ་དེས་ན་ཕན་སེམས་ཀྱི་རྩ་བ་སྙིང་རྗེ་ཡིན། སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་འབྱུང་གསུངས། སྔོན་འཕགས་སྐྱེས་པོའི་བུས་རང་གི་ཉེ་དུ་རྣམས་ཡབ་ཀྱིས་བསད་པ་ཐོས་ནས། སྙིང་རྗེ་སྐྱེས་པའི་དབང་གིས། འདི་ནས་རྩེད་མོ་བྱེད་པའི་སིལ་སྙན་སྒྲ་མ་ཡལ་བཞིན་དུ་ཡབ་ཀྱིས་བཀྲོངས་མ་ཐག་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་མོ་རྣམས་ཀྱིས་རོལ་མོ་བྱེད་པའི་ནང་དུ་སྐྱེས་པ་སོགས་ཕན་ཡོན་མཐའ་ཡས་སོ། །སྐྱོབ་པ་འཇིག་རྟེན་མགོན་པོས།
ང་ཡི་བུ་སློབ་གང་ཡིན་པ། །སྟོང་ཉིད་སྙིང་རྗེའི་བརྒྱུད་པ་བཟུང་། །རྗེ་གོང་མ་འདི་ལས་བྱུང་བ་ཡིན། །
གསུངས། གྲུབ་ཐོབ་ཨོ་རྒྱན་པས།
དཔལ་ནཱ་རོ་པའི་བརྒྱུད་པ་འཛིན་པ་རྣམས་ཀྱིས། སྔོན་དུ་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པའི་དོན་རྟོགས་པར་བྱས་ཏེ། དེ་རྒྱུད་ལ་ལེགས་པར་བརྟན་པའི་ངང་ནས། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་ཡོན་ཏན་དཔག་ཏུ་མེད་པའི་རྩལ་སྦྱོངས་
གསུངས། རྗེ་རྒོད་ཚང་པའི་ཞལ་ནས།
རྟོགས་པ་ཉིན་མཚན་ཁོར་ཡུག་ཏུ་སོང་བ་ཞིག་པས། བདག་གཞན་བརྗེ་ནུས་པའི་སྙིང་རྗེ་སྐྱེས་པ། ང་སྙིང་རྗེའི་ངོས་འདམས་པ་ཡིན་
གསུངས། དགེ་བཤེས་སྟོན་པ་ལ་རྣལ་འབྱོར་པ་ཆེན་པོས།
ཁོ་བོ་ལ་རླུང་མཉམ་འཇུག་ལ་སོགས་པའི་ཏིང་ངེ་འཛིན་འདི་དང་འདི་ཡོད་བྱས་པས། ཁྱོད་ལ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཤིགས་པའི་སྒོམ་ཡོད་ཀྱང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེ་བ་ཡིན་ནོ་
གསུངས། ཆོས་ཡང་དག་པར་སྡུད་པའི་མདོ་ལས།
བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ་འཁོར་བ་ལ་མི་གནས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་ངང་ཚུལ་ཅན་ཏེ་མྱ་ངན་ལས་འདས་པ་ལ་མི་གནས།
ཞེས་དང་། རབ་ཏུ་ཞི་བ་ཆོ་འཕྲུལ་གྱི་མདོ་ལས་ཀྱང་།
སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱན་ནོ། །
ཞེས་དང་། ལུང་གཞན་ལས།
སྨོན་པ་དང་ནི་འཇུག་པ་དང་། །དེ་བཞིན་ཟབ་དང་རྒྱ་ཆེ་དང་། །མི་ལྡོག་འབྲས་བུ་ཐོབ་པས་ན། །ཐེག་པ་ཆེན་པོ་ཁྱད་པར་འཕགས། །དེ་ཡི་སྔོན་དུ་འགྲོ་བ་ནི། །བརྟན་པ་རྣམས་ཀྱི་སྙིང་པོའོ། །
ཞེས་དང་། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་ཀྱང་།
སྙིང་རྗེ་བརྟན་པས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་ཏེ། སྐྱེ་བ་དང་གནས་པ་དང་མཐར་ཐུག་གི་རྒྱུ་ཡིན་པའི་ཕྱིར། སེམས་ཅན་ལ་སྙིང་རྗེ་ཆེ་བ་ནི་རྙེད་པར་དཀའ་
གསུངས་སོ། །ནམ་མཁའ་ཀློང་ཡངས་ལས།
རྟོགས་པའི་རྟེན་འབྲེལ་སེམས་ལ་འཆར་བ་དང་། །བྱམས་དང་སྙིང་རྗེ་ཕྱོགས་རིས་མེད་པ་དང༌། །ཆོས་རྣམས་ཀུན་ལ་དག་སྣང་སྐྱེས་པའི་ཚེ། །བླ་མའི་བྱིན་རླབས་སེམས་ལ་ཞུགས་པ་ཡིན། །
གསུངས། མདོ་སྡེ་རྒྱན་ལས།
སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །
ཅེས་སྙིང་རྗེ་ཡོད་ན་ཐེག་པ་ཆེན་པོའི་རིགས་སུ་གསུངས། ཡང་མདོ་སྡེ་རྒྱན་ལས།
སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལ་འང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །
ཞེས་དང་། ཨོ་རྒྱན་ཆེན་པོས།
ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེད། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །འཁོར་བའི་སྡུག་བསྔལ་ཡང་དང་ཡང་དུ་སོམས། །ཆོས་ལ་ཕྱི་བཤོལ་མ་མཛད་རྗེ་འབངས་རྣམས། །
གསུངས། དབུ་མ་རྒྱན་ལས།
ཡང་དག་བཤེས་འཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་འཐིབ་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པ་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱུས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །
ཅེས་དང་། ཕ་དམ་པས།
སྟོང་ཉིད་རྟོགས་པས་སྡིག་པ་བྱས་པས་སྟོ་འམ་མི་སྟོ་ཞུས་པས། སྟོང་པ་ཉིད་རྟོགས་པས་སྡིག་པ་བྱ་དོན་མེད། སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ་
གསུངས། གཞན་ཡང་སྙིང་རྗེ་དགོས་པའི་རྒྱུ་མཚན་དང་ཕན་ཡོན་མདོ་རྒྱུད་བསྟན་བཅོས་མང་པོ་ནས་ཡང་དང་ཡང་དུ་གསུངས་ཏེ། གཙུག་ན་རིན་པོ་ཆེའི་མདོ་ལས།
དེ་བྱམས་པའི་གོ་ཆ་བགོས་ཤིང་། སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པ་ལ་བསམ་གཏན་དུ་བྱེད་དོ་
གསུངས། ཕལ་པོ་ཆེ་ལས།
ཀྱེ་རིགས་ཀྱི་བུ། སེམས་ཅན་གྱི་ཁམས་ལ་དམིགས་ནས་ལུས་དང་ངག་དང་ཡིད་ཀྱི་རྩོམ་པ་ཐམས་ཅད་ནི་འཁོར་བ་ན་རྒྱུ་བ་རྣམས་ཡང་དག་པར་འདྲེན་པའི་ཕྱིར་ཚད་མེད་པའི་སྙིང་རྗེ་ཆེན་པོ་སྟེ། འཇིག་རྟེན་པའི་གཙུག་ལག་གམ། འཇིག་རྟེན་ལས་འདས་པའི་གཙུག་ལག་གི་སྦྱོར་བས་ཡང་དག་པར་བརྩོན་ཞིང་། དགེ་བ་ལ་བསྐུལ་བ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱེད་པའོ། །དེ་བཞིན་གཤེགས་པ་མཆོད་པའོ། །ཆོས་ཀྱི་རྒྱལ་མཚན་བསྒྲེངས་པའོ། །ཐར་པའི་ལམ་པོ་ཆེའི་སྲོལ་བཏོད་པའོ། །སྐྱེས་བུ་དམ་པའོ། །རིན་པོ་ཆེའི་ཏོག་གོ །
གསུངས། ཁྲི་བརྒྱད་སྟོང་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཡངས་པ་ཚད་མ་ངེས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བསྒོམ་པར་བྱའོ་ཞེས་དང་། དབུ་མ་འཇུག་པ་ལས།
ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །དེའི་ཕྱིར་ན་ཐོག་མར་སྙིང་རྗེ་ལ་བསྔགས་པར་བགྱི། །
ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས།
གདོད་ནས་སྐྱེ་མེད་དོན་དེ་ནི། །བློ་ཡིས་གཏིང་ནས་རྟོགས་གྱུར་ན། །འཁོར་བའི་འདམ་དུ་བྱིངས་པ་ལ། །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །
གསུངས། སློབ་དཔོན་དཔའ་བོའི་ཞལ་ནས།
ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་ནི། །དམ་པ་མིན་ལ་ཁྱད་པར་བརྩེ། །
ཞེས་དང་། སློབ་དཔོན་ཨ་བྷ་བྷའི་ཞལ་ནས།
སྡུག་བསྔལ་དྲག་པོས་གདུངས་པ་ཡི། །སྡུག་བསྔལ་ཅན་དག་མཐོང་བའི་ཚེ། །སྙིང་རྗེ་རུས་པའི་གཏིང་ནས་ནི། །སྐྱེ་ཞིང་དེ་ལ་ཕན་པར་བྱེད། །
ཅེས་དང་། དོ་ཧ་ལས།
སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །
ཞེས་དང་། སྙིང་པོ་མཆོག་ལས།
སྙིང་རྗེ་ཆེན་པོས་ནི་སེམས་ལས་སུ་རུང་བ་དང་། འཚེ་བ་མེད་པ་དང་། དགའ་བས་བརྒྱན་པའི་མཆོག་ཐོབ་པར་བྱེད་དོ་
ཞེས་དང་། མདོ་སྡེ་རྒྱན་ལས།
སྙིང་རྗེས་འདོད་ཆགས་གནས་སུ་དག ། ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །
ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས།
སྙིང་རྗེས་འདོད་ཆགས་མེད་ཅིང་ཆོས་ཀྱི་སྐུ། །སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱེད། །
ཅེས་དང་། གཙང་སྨྱོན་ཧེ་རུ་ཀས།
བདག་པས་གཞན་གཅེས་སྙིང་རྗེ་མེད་ན། །སྟོང་ཉིད་གོ་བ་ཇི་ལྟར་བཟང་ཡང་། །ཆད་ལྟའི་གྲུབ་མཐའ་ལོགས་ན་མེད་དོ། །རང་སེམས་སྙིང་རྗེའི་ཆུ་རྒྱུན་མེད་ན། །ཇོ་བཟང་བཟང་བརྫུས་རང་གཞན་བསླུའོ། །
གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་ལས།
སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ། རྙེད་པར་དཀའ་བ་ཅིས་མངོན་ཞེ་ན་མདོ་སྡེ་མང་པོ་ལས་ཐོས་པའི་ཕྱིར་ཏེ། ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བ། གྲོགས་པོ་དག་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། སྙིང་བརྩེ་བ་ནི་རྙེད་པར་དཀའ་སྟེ། དགྲ་དཔའ་བོ་ལག་ན་རྡོ་རྗེ་ཐོགས་ཤིང་དྲག་ཏུ་འདེབས་པའི་ནང་ནས་སྒྲོལ་བ་བཞིན་ནོ། །
ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་འབྱུང་བ།
འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དཔེར་ན་མིའི་སྲོག་གི་སྔོན་དུ་འགྲོ་བ་ནི་དབུགས་འབྱིན་པ་དང་རྔུབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་འཁོར་ལོ་རིན་པོ་ཆེའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོའོ་
ཞེས་གསུངས་སོ། །ཡང་དེ་ཉིད་ལས་
བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང་། གཞན་གྱི་འཁྲུལ་པ་ལ་སྙིང་རྗེ་བའོ་
ཞེས་ཀྱང་གསུངས་སོ། །ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པ་ལས་ཀྱང་།
ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་ལུས་དང་སྲོག་ལ་མ་ཆགས་པར་བྱའོ། །ནོར་དང་འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་ཕོ་དང་། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང༌། བྱུག་པ་དང་། ཡོ་བྱད་ཐམས་ཅད་ལ་མ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེན། ཁྱིམ་བདག་རྣམས་སེམས་ཅན་དག་ནི་ཕལ་ཆེར་ལུས་དང་སྲོག་ལ་སོགས་པ་ལ་ཆགས་ཏེ། སྡིག་པའི་ལས་བྱས་པས་ངན་འགྲོ་རྣམས་སུ་སྐྱེ་ལ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། ལུས་དང་སྲོག་ལ་མ་ཆགས་པར་བདེ་འགྲོར་སྐྱེ་སྟེ། དེས་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ལ། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་པར་བྱའོ་
ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེའི་བདག་ཉིད་ཅན་ཡིན་ཏེ། ཇི་ལྟ་ཞེ་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ།
རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་སྡུག་བསྔལ་བ་དང་། སྐྱབས་མེད་པ་དང་། མགོན་མེད་པ་དང་། རྟེན་མེད་པ་དང་། དཔུང་གཉེན་མེད་པ་དག་མཐོང་ན། བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་སྟེ། དཀའ་བ་སྤྱོད་པ་བརྒྱ་དག་ཀྱང་བྱེད་དོ། །དེ་དག་ཆོས་ཉིད་ཐོབ་ནས་སེམས་ཅན་རྣམས་ལ་ཕན་པར་བྱེད་དོ། །འདི་ལྟ་སྟེ། སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་གཞོལ་བར་བྱེད། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ལ། གནོད་སེམས་ཅན་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་འཁྲུགས་པ་རྣམས་བསམ་གཏན་ལ། སེམས་ཅན་ཤེས་རབ་འཆལ་བ་རྣམས་མཐོང་ན་ཤེས་རབ་ལ་གཞོལ་བར་བྱེད་ཀྱང་། སེམས་ཅན་གྱི་སྡུག་བསྔལ་མི་བཟད་པ། རྩུབ་པ་ཚ་བ་དག་གིས་ཉེན་ཅིང་བྱང་ཆུབ་ལ་ཕྱིར་ལྡོག་པར་མི་འགྱུར་རོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་ཡིན་ནོ་
ཞེས་གསུངས་སོ། །གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཞུས་པ་ལས་ཀྱང་།
ཀྱེ་མ་སེམས་ཅན་འདི་དག་ནི་སྲིད་པའི་འཁོལ་པོ་ཆེན་པོ། ཆུང་མ་དང་། བུ་ཕོ་དང་། བུ་མོ་ལ་ཡོངས་སུ་ཞེན་པས་སྦགས་པ་རང་དབང་མེད་པ་བདག་ལ་མི་འབྱོངས་པ་དག་སྟེ། རང་དབང་ཡོད་པའི་བདག་ལ་འབྱོངས་པར་བྱ་བ་དང་། གང་དགའ་བར་འགྲོ་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ཕན་ཚུན་དུ་མི་འཕྲོད་པ་ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་མང་བ་དག་སྟེ། ཁྲོ་བ་དང་། ཞེ་སྡང་དང༌། གནོད་སེམས་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ་བ་སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་པར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་བཀམ་པ། ཆགས་པ་ཟིལ་གྱིས་མི་གནོན་པ་ཆོག་མི་ཤེས་ཤིང་། འཕགས་པའི་ཤེས་རབ་ཀྱི་གནས་པ་དང་བྲལ་བ་དག་སྟེ། ཆགས་པ་སྤངས་བ་དང་། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་མི་ལྟ་ཞིང་རྟག་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང་། ལས་དང་བྱ་བ་ལ་གཟུད་པའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མ་རིག་པ་དང་། གཏི་མུག་གིས་ལྡོངས་པ་དང་། བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ལ་མངོན་པར་ཞེན་པ་དག་སྟེ། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བ་ལ་མངོན་པར་དགའ་བ། ཕུང་པོ་ལྔའི་གཤེད་མས་ཡོངས་སུ་ཟིན་པ་དག་སྟེ། ཁམས་གསུམ་ཐམས་ཅད་ལས་དབུགས་དབྱུང་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པས་བཅིང་བས་བཅིངས་པ་གཡོ་བ་དང་། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང་། གཡོ་བ་དང་། རློམ་སེམས་སྤང་པའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་མྱ་ངན་ལས་འདའ་བའི་སྒོ་བཅད་ཅིང་ངན་འགྲོའི་སྒོ་ཕྱེ་བ་དག་སྟེ། མྱ་ངན་ལས་འདས་པའི་སྒོ་དབྱེ་བ་དང་། ངན་འགྲོའི་སྒོ་གཅད་པར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེའོ་
ཞེས་གསུངས། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་དང་པོ་ལས།
ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པས་མདོརན་་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། སྒྲུབ་པ་དང་། གནས་པ་འདི་གསུམ་ལ་འབད་པར་བྱའོ། །དེས་ན་སངས་རྒྱས་ཀྱི་ཆོས་མ་ལུས་པའི་རྒྱའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཁོ་ན་ཡིན་པ་ཤེས་པར་བྱས་ལ་དེ་ཉིད་ལ་ཐོག་མ་ཁོ་ནར་བསྒོམ་མོ། །དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱིས་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ་
ཞེས་འབྱུང་ངོ༌། །འཕགས་པ་བློ་གྲོས་མི་ཟད་པ་བསྟན་པ་ལས་ཀྱང་གསུངས་ཏེ།
བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་སྔོན་དུ་འགྲོ་བ་ཡིན་ནོ་
ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་དོ། །འཕགས་པ་ག་ཡ་གོ་རིའི་མདོ་ལས་ཀྱང་གསུངས་ཏེ།
འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ་
ཞེས་དེ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །དེ་ལྟར་སྙིང་རྗེ་ཆེན་པོས་བསྐྱེད་པས་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ལ་མི་ལྟ་བར་གཞན་ལ་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་ཕྱིར་བསགས་པ་ཤིན་ཏུ་བྱ་དཀའ་ཞིང་ཡུན་རིང་ལ་དུབ་པར་འགྱུར་བ་ལ་འཇུག་གོ ། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་གསུངས་པ་ལྟ་བུ་སྟེ།
དེ་ལ་སྙིང་རྗེ་ཆེན་པོ་ནི་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་སྐྱེ་བ་མི་ལེན་པ་ཅི་ཡང་མེད་དོ། །དེས་བདེ་བའི་སྐྱེ་བ་མི་འདོར་བ་ཅི་ཡང་མེད་དོ་ཞེའོ། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ནས་རིང་པོར་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་ཏེ་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཁོ་ནའོ། །སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་བརྙེས་ནས། འགྲོ་བ་མ་ལུས་པའི་དོན་མཛད་ཅིང་བཞུགས་སོ། །མི་གནས་པའི་མྱ་ངན་ལས་འདས་པ་ལྟ་བུ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུས་མྱ་ངན་ལས་འདས་པར་མི་གནས་སོ། །དེ་ཡང་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་ཤིང་ཡིད་ལ་བྱ་བ་མང་དུ་བྱས་པས་སྐྱེ་བར་འགྱུར་ཏེ། སེམས་ཅན་འཇིག་རྟེན་གསུམ་ན་སྤྱོད་པ་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་པ་བཞིན་དུ་སྡུག་བསྔལ་ལོ་ཞེས་དེ་ལྟར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །དེ་ལ་སེམས་ཅན་དམྱལ་བ་དེ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་ངོ་
ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །
དེ་བཞིན་དུ་ཡི་དྭགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་གྱི་མེས་བསྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་སྟེ། ལོ་བརྒྱར་ཡང་ལ་ལ་མཆིལ་མའི་ཐལ་བ་དང་། མི་གཙང་བ་ཡང་བཟར་མི་རྙེད་དོ་
ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང་། ཁྲོ་བ་དང་། རྣམ་པར་འཚེ་བ་དང་། གསོད་པ་ལ་སོགས་པས་སྡུག་བསྔལ་མང་པོ་མྱོང་བ་ཁོ་ནར་སྣང་སྟེ། འདི་ལྟར་ཁ་ཅིག་སྣ་འབུགས་པ་དང་། བརྡེགས་པ་དང་། བཅིངས་པ་དང་། གདགས་པ་ལ་སོགས་པ་བདག་ལ་དབང་མེད་པར་ཀུན་གྱིས་བདའ་བ་ཡིན་ཏེ། མི་འདོད་བཞིན་དུ་ཁལ་ཆེན་པོ་ལྕི་བ་བསྐུར་བས་ངལ་ལོ། །དེ་བཞིན་དུ་དགོན་པ་ན་འཁོད་པ་ཡང་ཉེས་པ་མེད་པར་ཁ་ཅིག་ཕྱེད་དུ་ཚོལ་ཞིང་གསོད་དེ། རྟག་ཏུ་འཇིགས་པས་ཡིད་འཁྲུགས་ཏེ་ཕན་ཚུན་འཁོད་ཅིང་འབྲོས་པ་ཡང་གྲངས་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཁོ་ནར་སྣང་ངོ༌། །དེ་བཞིན་དུ་མི་ལ་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཡོད་པ་ཁོ་ན་སྟེ། འདི་ན་རྐུན་པོ་ལ་སོགས་པས་གང་དག་ཡན་ལག་གཏུབས་པ་དང་། གསལ་ཤིང་ལ་བསྐྱོན་པ་དང་། དཔྱངས་ཏེ་བཏགས་པ་ལ་སོགས་པས་ཉོན་མོངས་པ་དེ་དག་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཁོ་ན་ཡིན་ནོ། །གང་དག་དབུལ་ཞིང་ཕོངས་པ་དེ་དགནི་ཡི་དྭགས་དང་འདྲ་བར་བཀྲེས་ཤིང་སྐོམ་པས་སྡུག་བསྔལ་ལོ། །བྲན་ལ་སོགས་པ་གང་དག་གཞན་གྱིས་ལུས་ལ་དབང་བྱས་པ་དང་། གང་དག་མཐུས་མནན་ཏེ་གནོད་པར་བྱེད་པ་དེ་དག་ནི་དུད་འགྲོ་དང་འདྲ་བར་བརྡེགས་པ་དང༌། གདགས་པ་ལ་སོགས་པས་སྡུག་བསྔལ་ལོ། །དེ་བཞིན་དུ་བཙལ་བར་བྱ་བ་དང་། གཅིག་ལ་གཅིག་གནོད་པར་བྱེད་པ་ལ་སོགས་པ་དང་། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་ལ་སོགས་པ་དེ་དག་ལ་སྡུག་བསྔལ་དཔག་ཏུ་མེད་དོ། །གང་དག་ཁ་ཅིག་ཕྱུག་ཅིང་སྐྱིད་པ་དང་འདྲ་བར་སྣང་བ་དེ་དག་ཀྱང་འབྱོར་བའི་མཐའ་ནི་རྒུད་པ་སྟེ། ལྟ་བ་ངན་པ་སྣ་ཚོགས་གཟིང་གཟིང་བར་ནུབ་ཅིང་། སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་རྒྱུ་ལས་དང་ཉོན་མོངས་པ་བསགས་པས་གད་ཁ་ན་འདུག་པ་དང་འདྲ་བར་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡང་ཡང་དག་པར་སྡུག་བསྔལ་བ་ཁོ་ན་ཡིན་ནོ། །ལྷ་ལ་ཡང་གང་དག་འདོད་པའི་ཁམས་ན་སྤྱོད་པ་དེ་དག་ནི་འདོད་པའི་མེས་ཡིད་རབ་ཏུ་འབར་ཞིང་སེམས་འཁྲུགས་པ་དང་འདྲ་བར་གཤའ་མར་མི་འདུག་ལ། སྐད་ཅིག་ཀྱང་སེམས་མཉམ་པར་འཇོག་པར་མི་འགྱུར་ཏེ། རབ་ཏུ་ཞི་བ་བདེ་བའི་ནོར་གྱིས་དབུལ་བ་དེ་དག་ལ་བདེ་བ་ཅི་ཞིག་ཡོད། རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་ནོན་པ་དག་སྟེ་དེ་དག་ཇི་ལྟར་བདེ། གང་དག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དེ་དག་ཀྱང་སྐད་ཅིག་སྡུག་བསྔལ་གྱིས་སྡུག་བསྔལ་བ་ལས་འདས་མོད་ཀྱི། འོན་ཀྱང་དེ་དག་འདོད་པ་ན་སྤྱོད་པའི་བག་ལ་ཉལ་བ་རྣམས་ཤིན་ཏུ་མ་སྤངས་པས་ཡང་སེམས་ཅན་དམྱལ་བ་ལ་སོགས་པར་ལྟུང་བ་ཡོད་པར་འགྱུར་བའི་སྡུག་བསྔལ་ཡོད་པ་ཉིད་དོ། །ལྷ་དང་མི་འདི་དག་ཐམས་ཅད་ནི་ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུས་གཞན་གྱི་དབང་དུ་གྱུར་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །དེ་ལྟར་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་མེ་ལྕེའི་ཕྲེང་བའི་ས་ཡིན་པར་བལྟས་ལ། ཇི་ལྟར་བདག་ཉིད་ཀྱི་སྡུག་བསྔལ་མི་སྡུག་པ་ལྟར་གཞན་དག་གི་ཡང་དེ་དང་འདྲ་བར་སེམས་ཤིང་། སེམས་ཅན་ཐམས་ཅད་ལ་ སྙིང་བརྩེ་བ་ཁོ་ན་བསྒོམ་པར་བྱེ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་ལ་གོང་དུ་སྨོས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་བལྟ་ཞིང་བསྒོམ་པར་བྱའོ། །དེ་ནས་སེམས་མཉམ་པས་བྱེ་བྲག་མེད་པར་བལྟ་སྟེ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ལན་བརྒྱར་ཡང་བདག་གི་གཉེན་དུ་མ་གྱུར་པའི་སེམས་ཅན་གང་ཡང་མེད་དོ་སྙམ་དུ་སེམས་པས་ཕལ་བ་ལ་བསྒོམ་པར་བྱའོ། །གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་དང་འདྲ་བར་ཕལ་པ་རྣམས་ལ་ཡང་སྙིང་རྗེ་མཚུངས་པར་འཇུག་པ་དེའི་ཚེ་དགྲའི་ཕྱོགས་ལ་ཡང་དེ་བཞིན་དུ་སེམས་མཉམ་པ་ཉིད་ལ་སོགས་པ་ཡིད་ལ་བྱེད་པས་བསྒོམ་པར་བྱའོ། །གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་དང་འདྲ་བར་དགྲ་ལ་ཡང་མཉམ་པར་འཇུག་པ་དེའི་ཚེ་རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་བསྒོམ་པར་བྱའོ། །གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་གཏན་ནས་དབྱུང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་གྱུར་པ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་ཐོབ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བསྔགས་པ་བཞིན་ནོ། །འདི་ལྟར་སྙིང་རྗེ་བསྒོམ་པའི་གོ་རིམ་འདིའི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལ་སོགས་པ་ལས་བཀའ་བསྩལ་ཏོ། །དེ་ལྟར་སྙིང་རྗེ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པ་དྲངས་པར་དམ་བཅས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་སྒྲིམ་མི་དགོས་པ་ཁོ་ནར་སྐྱེ་སྟེ། འཕགས་པ་ཆོས་བཅུ་པའི་མདོ་ལས།
སེམས་ཅན་མགོན་མེད་པ། སྐྱབས་མེད་པ། གླིང་མེད་པ་དག་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་
ཞེས་གསུངས་པ་བཞིན་ནོ། །གཞན་གྱིས་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་མོད་ཀྱི། འོན་ཀྱང་སྙིང་རྗེ་ཆེན་པོས་ནོན་ཏེ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁྱད་ཆེ་བར་བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་བསྩལ་ཏོ། །བྱང་ཆུབ་ཀྱི་སེམས་དེ་སྒྲུབ་པ་དང་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་སྐད་བྱམས་པའི་རྣམ་པར་ཐར་པ་ལས་བཀའ་བསྩལ་ཏེ།
རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་ཀྱང་བཟློག་གོ ། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་སྒྲུབ་པ་དང་མི་ལྡན་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང་འཁོར་བའི་དབུལ་བ་ཡང་བཟློག་པར་བྱེད་དོ་
ཞེས་འབྱུང་ངོ་གསུངས། སྒོམ་རིམ་བར་པ་ལས་ཀྱང་།
འདི་ལ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པ་དེ་རྟོགས་པ་དང་ལྡན་པས་དེ་ཐོབ་པར་བྱེད་པའི་རྒྱུ་རྣམས་དང་རྐྱེན་རྣམས་ལ་མངོན་པར་བརྩོན་པར་བྱའོ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་འདི་ནི་རྒྱུ་མེད་པ་ལས་འབྱུང་བར་མི་རུང་སྟེ། ཐམས་ཅད་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྟོས་པ་མེད་པར་འབྱུང་ན་ནི་གང་དུ་ཡང་ཐོགས་པར་མི་རུང་སྟེ། གང་གིས་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བསན་ལ་ལར་བརྒྱ་ལམ་ནས་འགའ་ཞིག་འབྱུང་དུ་ཟད་པས་དངོས་པོ་ཐམས་ཅད་ནི་རྒྱུ་ལ་ལྟོས་པ་ཁོ་ན་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་ལ་ལར་བརྒྱ་ལམ་ནས་འགའ་ཞིག་འགྱུར་ཏེ། དུས་ཐམས་ཅད་དུ་ཡང་མ་ཡིན། གནས་ཐམས་ཅད་དུ་མ་ཡིན། ཐམས་ཅད་ཀྱང་མ་ཡིན་པས་དེའི་ཕྱིར་དེ་ནི་རྒྱུ་དང་རྐྱེན་ལ་ལྟོས་པར་ངེས་སོ། །རྒྱུ་དང་རྐྱེན་དེ་དག་གི་ནང་ནས་ཀྱང་མ་ནོར་ཅིང་མ་ཚང་བ་མེད་པ་རྣམས་བསྟེན་པར་བྱའོ། །རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ཡུན་ཤིན་ཏུ་རིང་པོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དོ། །དཔེར་ན་རྭ་ལས་འོ་མ་བཞོ་བ་བཞིན་ནོ། །རྒྱུ་མཐའ་དག་མ་སྤྱད་པ་ལས་ཀྱང་འབྲས་བུ་འབྱུང་བ་མེད་དེ། ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན་མྱུ་གུ་ལ་སོགས་པ་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུ་དེ་འདོད་པས་རྒྱུ་དང་རྐྱེན་མ་ནོར་བ་དང་མཐའ་དག་ལ་བསྟེན་པར་བྱའོ། །འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་རྐྱེན་དེ་དག་གང་ཞེ་ན། སྨྲས་པ། བདག་ལྟ་བུའི་དམུས་ལོང་དང་འདྲ་བས་དེ་དག་བསྟན་པར་མི་ནུས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྟོགས་པས་སངས་རྒྱས་ནས་གདུལ་བྱ་རྣམས་ལ་ཇི་སྐད་བཤད་པ་དེ་བཞིན་དུ་བདག་གིས་བཅོམ་ལྡན་འདས་ཀྱི་བདག་ཉིད་ཀྱིས་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེར་བཀའ་སྩལ་པ། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་
ཞེས་འབྱུང་ངོ༌། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འདོད་པས་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། ཐབས་དང་གསུམ་པོ་འདི་དག་ལ་བསླབ་པར་བྱའོ། །སྙིང་རྗེས་བསྐྱེད་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་མངོན་པར་འདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་རོ། །དེ་ནས་བདག་ལ་ལྟ་བ་བསལ་ནས་ཤིན་ཏུ་བྱ་དཀའ་ཞིང་རྒྱུན་མི་འཆད་ལ་ཡུན་རིང་པོར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གུས་པར་འཇུག་གོ ། དེ་ཞུགས་ནས་ངེས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་སྒྲུབ་བོ། །ཚོགས་རྣམས་ཡོངས་སུ་རྫོགས་ན་ཐམས་ཅད་མཁྱེན་པ་ཉིད་ལག་ཏུ་ཐོབ་པ་དང་འདྲ་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པས་དེ་ནི་ཐོག་མ་ཁོ་ནར་གོམས་པར་བྱའོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་བསྩལ་ཏེ།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ་
ཞེས་འབྱུང་ངོ་། །སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་པའི་བར་དུ་བཞུགས་པར་མཛད་དོ། །ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཤིན་ཏུ་ཞི་བར་ཡང་འཇུག་པར་མི་མཛད་དེ། སེམས་ཅན་ལ་གཟིགས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ནི་ཞི་བདེ་ལྕགས་ཀྱི་ཁང་པ་འབར་བ་བཞིན་དུ་ཐག་རིང་དུ་སྤྲོ་བས། བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་འདི་ཉིད་ཡིན་ནོ། །དེ་ལ་སྙིང་རྗེ་བསྒོམ་པའི་རིམ་པ་དེ་དང་པོ་འཇུག་པ་ནས་བརྩམས་ཏེ་བརྗོད་པར་བྱའོ། །ཐོག་མར་རེ་ཞིག་བཏང་སྙོམས་བསྒོམས་པས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་བསལ་ཏེ་སྙོམས་པའི་སེམས་ཉིད་བསྒྲུབ་པར་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་ནི་འདོད་སྡུག་བསྔལ་བ་ནི་མི་འདོད་ལ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་ཡོངས་སུ་བསམ་ཞིང་། འདི་ལ་བྱེ་བྲག་ཅི་ཞིག་ཡོད་ན་ལ་ལ་ནི་རྗེས་སུ་ཆགས། ལ་ལ་ནི་ཁོང་ཁྲོ་བར་གྱུར་པས་དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ། མཛའ་བཤེས་དང་དགྲ་ལ་ཡང་སེམས་སྙོམས་པ་ཉིད་དུ་བསྒོམ་མོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བསྒྲུབས་ནས་བྱམས་པ་བསྒོམ་མོ། །བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་གསེར་ཡོད་པའི་ས་གཞི་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་ང་ར་བྱའོ། །སྙིང་རྗེ་དེ་ནི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱིས་ཅི་རིགས་པར་ཤིན་ཏུ་སྡུག་བསྔལ་བ་དག་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དཔེ་བསྒོམ་པར་བྱ་སྟེ། འདི་ལྟར་རེ་ཞིག་སེམས་ཅན་དམྱལ་བ་པའི་སེམས་ཅན་གང་དག་ཡིན་པ་དེ་དག་ནི་རྒྱུན་མི་འཆད་ཅིང་། ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིངས་པ་ཁོ་ན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། དེ་བཞིན་དུ་ཡི་དྭགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་སེམས་བསྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱང་ངོ་ཞེས་བཀའ་བསྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང་། ཁྲོ་བ་དང་། གསོད་པ་དང༌། རྣམ་པར་འཚེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་ཁོ་ནར་སྣང་ངོ༌། །མི་རྣམས་ཀྱང་འདོད་པ་ཡོངས་སུ་འཚོལ་བས་ཕོངས་ནས་གཅིག་ལ་གཅིག་འཁུ་བ་དང་། གནོད་པ་བྱེད་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། དབུལ་ཕོངས་ལས་གྱུར་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་སྣང་ངོ༌། །གང་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་སྣ་ཚོགས་ཀྱིས་སེམས་དཀྲིས་པ་དག་དང་། གང་དག་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་གཟིང་གཟིང་བར་འགྱུར་བ་དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་གད་ཁ་ན་འདུག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་ཁོ་ན་ཡིན་ནོ། །ལྷ་རྣམས་ཀྱང་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཉིད་ཀྱི་སྡུག་བསྔལ་བ་དག་སྟེ། འདོད་པ་ལ་སྤྱོད་པའི་ལྷ་གང་དག་ཡིན་པ་དེ་དག་ནི་རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་སེམས་ལ་གནོདན་ཇི་ལྟར་བདེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་རྒྱུའི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཚུལ་ཅན་གྱི་མཚན་ཉིད་དེ། འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་པར་བལྟས་ལ། ཇི་ལྟར་བདག་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཐམས་ཅད་ཀྱང་དེ་དང་འདྲའོ་སྙམ་དུ་བསམ་ཞིང་། ཀྱེ་མ་ཀྱེ་ཧུད་བདག་ལ་སྡུག་པའི་སེམས་ཅན་འདི་དག་སྡུག་བསྔལན་སྡུག་བསྔལ་དེ་ལས་ཇི་ལྟར་ཐར་བར་བྱ་ཞེས་བདག་ཉིད་སྡུག་བསྔལ་བ་བཞིན་དུ་བྱེད་ཅིང་དེ་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དེས་ཏིང་ངེ་འཛིན་ལ་འདུག་ཀྱང་རུང་། སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ཇི་སྐད་སྨོས་པའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་མཐོང་བས་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་མཉམ་པ་ཉིད་ཀྱིས་བྱེ་བྲག་མེད་པར་མཐོང་ནས་སེམས་ཅན་ཐམས་ཅད་ནི་བདག་གི་གཉེན་དུ་གྱུར་པ་ཁོ་ནའོ་སྙམ་དུ་བསམ་ཞིང་བར་མའི་ཕྱོགས་རྣམས་ལ་བསྒོམ་པར་བྱའོ། །གང་གི་ཚེ་དེ་ལ་མཛའ་བཤེས་ཀྱི་ཕྱོགས་བཞིན་དུ་སྙིང་རྗེ་དེ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བདག་ཉིད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་འདོན་པར་འདོད་པའི་རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་རྫོགས་པ་ཞེས་བྱ་སྟེ། སྙིང་རྗེ་ཆེན་པོའི་མིང་ཡང་འཐོབ་བོ། །བྱམས་པ་བསྒོམ་པ་ནི་མཛའ་བཤེས་ཀྱི་ཕྱོགས་ལ་ཐོག་མར་བྱས་ནས་བདེ་བ་དང་འཕྲད་པར་འདོད་པའི་རྣམ་པ་སྟེ། རིམ་གྱིས་ཐ་མལ་བ་དང་དགྲ་ལ་ཡང་བསྒོམ་པར་བྱའོ། །དེ་ལྟར་དེའི་སྙིང་རྗེ་གོམས་པར་བྱས་ནས། རིམ་གྱིས་སེམས་ཅན་མཐའ་དག་མངོན་པར་འདོན་པར་འདོད་པ་རང་གི་ངང་གིས་འབྱུང་བ་ཉིད་དུ་འགྱུར་རོ་ཞེས་གསུངས་སོ། །དེས་ན་འོ་སྐོལ་རྣམས་སྔོན་གྱི་སྤྲེལ་རྒན་བྱང་ཆུབ་སེམས་དཔའི་མི་བརྒྱུད་ཡིན་པས་ཀུན་གྱི་རྒྱུད་ན་སྙིང་རྗེ་རྟ་རྔ་ཙམ་རེ་མཆིས་མོད། འོན་ཀྱང་མ་བྲག་སྲིན་མོ་ཡིན་པའི་སྟབས་ཀྱིས་ཤ་ཁྲག་ལ་འདོད་སྲེད་ཆེ་བས་སྙིང་རྗེ་ཟིལ་གྱིས་མནན་ནས་ཆེན་པོ་ཞིག་རྒྱུད་ལ་སྐྱེ་དཀའ་རུང་། ཆོས་ཀྱི་རྩ་བ་ཡིན་པས་སྙིང་རྗེ་ཆེན་པོ་ཞིག་རྒྱུད་ལ་ཨེ་སྐྱེས་ཀྱི་ཕྱིར་དུ་ཚོགས་བསགས་སྒྲིབ་པ་སྦྱང་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་དུ་འབདན། ནམ་ཞིག་སྙིང་རྗེ་ཆེན་པོ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་བར་འགྱུར་རོ། །

༈། །སྨྲས་པ།
འགྲོ་བ་ཡོངས་ལ་བུ་གཅིག་ལྟར་བརྩེ་བའི། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ། །ཐོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ། །ངན་སོང་ངན་འགྲོའི་འཇིགས་པ་མེད་དོ་ཞེས། །འཕགས་པ་བྱམས་པའི་རྣམ་ཐར་མདོ་ལས་གསུངས། །སྙིང་རྗེ་ཆེ་བའང་རྙེད་པར་དཀའ་བ་སྟེ། །སྡང་དགྲ་དཔའ་བོའི་ལག་གི་རྡོ་རྗེ་ཡིས། །འདེབས་པའི་ནང་ནས་སྒྲོལ་བ་བཞིན་ནོ་ཞེས། །ཟླ་བའི་སྙིང་པོའི་ལེའུ་དག་ལས་གསུངས། །ཕན་དང་སྙིང་བརྩེར་བཅས་པས་རྒྱལ་སྲས་ཀྱི། །སྤྱོད་པར་བསླབ་ན་མཁས་པས་བྱང་ཆུབ་རེག ། འདུས་བྱས་འདུས་མ་བྱས་ཀྱི་དགེ་བ་ཀུན། །འབྱུང་ཞེས་མདོ་སྡེ་སྡོད་པ་དག་ལས་གསུངས། །བྱམས་དང་སྙིང་རྗེ་ཀུན་མཁྱེན་ཉིད་ཀྱི་སེམས། །ཡིད་ལ་བྱེད་པས་གནས་པ་འདི་ཉིད་ནི། །བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱན་ནོ་ཞེས། །རྣམ་པར་ངེས་པ་ཆོ་འཕྲུལ་མདོ་ལས་གསུངས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ། །སྙིང་རྗེ་རྩ་བ་བྱང་ཆུབ་སེམས་མཆོག་གི ། རྒྱུ་ལས་བྱུང་བ་ཐབས་ཀྱིས་མཐར་ཕྱིན་ཅེས། །རྣམ་པར་སྣང་མཛད་མངོན་བྱང་རྒྱུད་ལས་གསུངས། །སྙིང་རྗེའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སྟོན་པ་སངས་རྒྱས་ཉིད་དང་གཅིག ། རྒྱུ་སྤྱོད་བསོད་ནམས་ཚོགས་ཆེན་ལྡན་ནོ་ཞེས། །རྒྱ་གར་མཁས་པ་སངས་རྒྱས་གསང་བས་གསུངས། །སྙིང་རྗེ་བརྟན་པས་བྱང་ཆུབ་སེམས་བརྟན་དེ། །སྐྱེ་དང་གནས་པ་མཐར་ཐུག་རྒྱུ་ཡིན་ཕྱིར། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ནི། །རྙེད་པར་དཀའ་ཞེས་རིན་ཆེན་འབྱུང་གནས་གསུངས། །ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་ཡང་། །ལྟ་བའི་སྒོ་ནས་ཕྱེ་བ་མ་ཡིན་པར། །སྙིང་རྗེའི་སྒོ་ནས་ཕྱེ་བ་ཡིན་ནོ་ཞེས། །སངས་རྒྱས་གཉིས་པ་ཇོ་བོའི་ཞལ་ནས་གསུངས། །སྟོང་ཉིད་ཟབ་མོ་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་ཆེན་པོ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་དོན་འགྲུབ་བོ་ཞེས། །ཚེ་གཅིག་སངས་རྒྱས་མི་ལ་རས་པས་གསུངས། །སྙིང་རྗེ་ཆེན་པོ་མེད་ན་དམ་ཆོས་ཀྱི། །རྩ་བ་རུལ་ཞེས་ཨོ་རྒྱན་པདྨས་གསུངས། །སྙིང་རྗེ་མེད་པའི་ཆོས་པས་འབད་བྱས་ཀྱང༌། །ཉན་ཐོས་ལམ་ཞེས་དྭགས་པོ་ལྷ་རྗེས་གསུངས། །སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །ལམ་མཆོག་མི་རྙེད་ས་ར་ཧ་པས་གསུངས། །སྟོང་ཉིད་རྟོགས་དང་སྙིང་རྗེ་སྐྱེ་བ་གཉིས། །དུས་མཉམ་ཡིན་ཞེས་དམ་པ་རྒྱ་གར་གསུངས། །དེ་བཞིན་རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱི། །སྙིང་རྗེ་ཡོད་པའི་ཕན་ཡོན་མེད་པའི་སྐྱོན། །ལན་གཅིག་མ་ཡིན་ཡང་ཡང་གསུངས་པ་ལ། །ལྟོས་དང་ཡིད་ཆེས་ངེས་ཤེས་རྙེད་པར་འགྱུར། །
ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

༈ ད་ནི་བྱམས་སྙིང་རྗེ་ལྷག་བསམ་དག་པའི་སྒོ་ནས། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས། འབྲས་བུ་རྡོ་རྗེ་ཐེག་པའི་ལམ་བཟང་ལ་སློབ་པར་འདོད་པའི་གང་ཟག་གིས་ཕ་མ་སེམས་ཅན་གྱི་ཤ་ཁྲག་ཟ་མི་རུང་བའི་རྒྱུ་མཚན་བཤད་པར་བྱ་སྟེ། དེ་ཡང་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་སའི་དངོས་གཞིར་དྲངས་པ་ལས།
སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད་མ་སྐྱེས་པ་དང་། མ་སོང་བ། མ་ཤི་བའི་ས་ཕྱོགས་དེ་ནི་ངས་མ་མཐོང་ངོ༌། །ཡུན་རིང་པོར་འདས་པ་ནས་སེམས་ཅན་གང་ཁྱེད་ཀྱི་ཕ་འམ། མ་འམ། ཕུ་ནུའམ། སྲིང་མོ་འམ། སློབ་དཔོན་ནམ། མཁན་པོའམ། བླ་མའམ། བླ་མའི་གནས་སུ་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ་
གསུངས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བདེ་ལམ་ལས།
སེམས་ཅན་འདིའི་ལུས་མ་བླངས་བྱ་བ་གཅིག་ཀྱང་མེད་བླངས་པ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིས་བདག་གི་མ་མ་བྱས་པ་གཅིག་ཀྱང་མེད་བྱས་པ་ལ་གྲངས་ཀྱིས་མི་ཆོད་
གསུངས། སློབ་སྤྲིངས་ལས།
གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །
གསུངས། བྱེ་བྲག་ཏུ་མིའི་རྟེན་ལ་མ་མ་བྱས་པ་གཅིག་ཀྱང་མེད་བྱས་པ་ལ་གྲངས་ཀྱིས་མི་ཆོད་དེ། བདེ་ལམ་ལས། སེམས་ཅན་རེ་རེས་ཀྱང་མིའི་རྟེན་ལ་བདག་གི་མ་མ་བྱས་པ་གཅིག་ཀྱང་མེད། བྱས་པ་གྲངས་ཀྱིས་མི་ཆོད་ཅིང་། ད་དུང་ཡང་བྱེད་པར་འགྱུར་ཞེས་དང༌། སློབ་སྤྲིངས་ལས།
མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར། །
གསུངས། མ་ནམ་བྱས་རེས་ཀྱིས་ཚེ་འདིའི་མས་བསྐྱངས་པ་བཞིན་ཕན་ཚད་མེད་བཏགས། གནོད་པ་ཚད་མེད་ལས་བསྐྱབས་ཏེ། བདེ་ལམ་ལས། དང་པོ་མངལ་དུ་བརྩེ་བས་བསྐྱངས། བཙས་པའི་ཚེ་འཇམ་པའི་སྟན་ལ་བཞག་སོར་མོ་བཅུའི་རྩེ་ལ་གཡེངས། ཤའི་དྲོད་ལ་སྦྱར། བརྩེ་བའི་འཛུམ་གྱིས་བསུས། དགའ་བའི་མིག་གིས་བལྟས། སྣ་བས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། མ་རང་སྲོག་ལ་བབས་པ་ལྟ་བུའི་སྡུག་བསྔལ་བྱུང་བ་ལས་བདག་ཅུང་ཟད་ན་བ་ལ་སྡུག་བསྔལ་ཆེ་བར་བྱས། སྡིག་སྡུག་གཏམ་ངན་རང་སྲོག་ལའང་མ་བལྟས་པར་ཤ་ཐང་ཐང་དུ་བསྒྲུབས་པའི་ཟས་ནོར་ཐམས་ཅད་བདག་ལ་བརྩེ་བས་ཕོག ། མ་རང་གི་འཁྱེར་འཁོས་དང་བསྟུན་པའི་ཕན་པ་དང་བདེ་བ་ཚད་མེད་པ་བསྒྲུབས། གནོད་པ་དང་སྡུག་བསྔལ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཤིན་ཏུ་ཆེ་གསུངས། འབྲུག་པ་ཀུན་ལེགས་ཀྱིས།
མ་བྱས་པའི་ནུ་ཞོ་རྒྱ་མཚོར་བསྐྱིལ་ན། ཁམས་གསུམ་སྣོད་དུ་ག་ལ་ཤོང་
གསུངས། ལུང་གཞན་ལས་ཀྱང་།
སེམས་ཅན་གཅིག་གིས་མ་བྱས་པའི། །ནུ་ཞོ་འཐུངས་པ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །
གསུངས། དེ་ལྟར་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་གྱུར་སེམས་ཅན་རྣམས་ཉོན་མོངས་པའི་གདོན་གྱིས་ཡིད་དཀྲུགས་ནས་ཤེས་པ་ལ་རང་དབང་མ་ཐོབ་བར་སྨོས། མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་ལྟ་བའི་མིག་དང་བྲལ། དགེ་བའི་བཤེས་གཉེན་གྱི་ལོང་འཁྲིད་ནི་མེད། སྐད་ཅིག་རེ་རེས་ཉེས་སྤྱོད་ཀྱིས་དབྱེན་སྤོས་པས་ནི་བརྡེག་འཆའ། སྤྱིར་འཁོར་བ་དང་ཁྱད་པར་ངན་འགྲོ་འཇིགས་སུ་རུང་བའི་གཡང་ཁ་འགྲིམས་པ་རྣམས་མ་རབས་ཁྲེལ་མེད་ཅིག་ཡིན་ན་མ་གཏོགས། ཡལ་བར་འདོར་མི་རུང་སྟེ། སློབ་སྤྲིངས་ལས།
གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟག་འཐུང་བ། །ངལ་བ་མང་བསྟེན་བྱམས་པ་ལ་བསྟེན་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤང་བར་སུ་ཞིག་སྤྲོ། །
གསུངས། ཕྱག་ན་པད་དཀར་འཛིན་དངོས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་གསུང་མགུར་ལས། ཚེ་འདིར་མངལ་དུ་བཟུང་བའི་མ་རྒན་ལ། །དྲིན་དུ་བརྩི་ན་སྐྱེ་བ་གྲངས་མེད་ཅིག ། ཕན་པ་ཁོ་ནས་བསྐྱངས་པའི་སེམས་ཅན་རྣམས། །བློ་ཡིས་འདོར་བར་ནུས་སམ་སྙིང་གཏམ་ཡིན། །གསུངས། ཡལ་བར་མི་འདོར་བ་ཙམ་དུ་མ་ཟད། ཕ་མ་སེམས་ཅན་ཉམ་ཐག་ལ་སྙིང་རྗེ་བསྐྱེད་ན་ཕ་མ་སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་དང་། བདེ་ལ་འགོད་འདོད་ཀྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེ། དེ་སྐྱེས་ན་སྡུག་བསྔལ་སེལ་ཞིང་བདེ་ལ་འགོད་ཐབས་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ལ་ངང་ངམ་ཤུགས་ཀྱིས་འཇུག་ལ། སྙིང་རྗེ་མ་བསྐྱེད་ན་སེམས་ཅན་རྣམས་ཡལ་བར་འདོར་བའི་བློ་ངང་ངམ་ཤུགས་ཀྱིས་སྐྱེ། དེ་སྐྱེས་ན་སྡུག་བསྔལ་སེལ་ཞིང་བདེ་ལ་འགོད་པའི་ཐབས་སངས་རྒྱས་ཀྱི་བསྟན་པ་ལ་ངང་ངམ་ཤུགས་ཀྱིས་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། དེས་ན་སེམས་ཅན་ལ་ཕན་འདོགས་མི་འདོགས་སངས་རྒྱས་ཀྱི་བསྟན་པ་འཛིན་མི་འཛིན་ཐམས་ཅད་སྙིང་རྗེ་ཡོད་མེད་ལ་རག་ལས་པས། བསྟན་པའི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱིས་ཆོས་གཞན་མང་པོ་ལ་བསླབ་པ་རེ་ཞིག་བཞག་ནས། བསྟན་པའི་རྩ་བ་སྙིང་རྗེ་འདི་གཅིག་པུར་བསླབ་ན་ཆོས་གཞན་ཐམས་ཅད་འབྱུང་བར་འགྱུར་བས། ཚེ་སྔོན་དྲིན་གྱིས་བསྐྱངས་པའི་ཕ་མ་སེམས་ཅན་རྣམས་སྡུག་བསྔལ་གྱིས་ཉམ་ཐག་པའི་ཚུལ་ལ་དམིགས་ནས། གང་དུ་འགྲོའམ་འདུག་ཀྱང་རུང་དུས་རྟག་ཏུ་སྙིང་རྗེ་ལ་འདི་ལྟར་སློབ་དགོས་ཏེ། བཤན་པས་གསོད་པའི་ར་ལུག་དང་། རྔོན་པ་དང་ཁྱི་ཡིས་འདེད་པའི་རི་དྭགས། ཁྲ་ཡིས་འཛིན་པའི་བྱ་བྱིའུ། རྐང་པས་གཅུར་བའི་འབུ་རོ་སྨད་ས་ལ་འབྱརནས་རོ་སྟོད་འགུལ་བ། ནད་ཐར་མེད་ཀྱིས་བཟུང་ནས་ཕར་མ་ཤི་ཚུར་མི་གསོན་པ། ལྟོ་གོས་ཀྱིས་ཕོངས་ནས་འཆི་ལ་ཉེ་བ། ཁྱི་ལ་རྡོ་དབྱུག་པས་བརྒྱབ་ནས་སྐད་ངན་རིང་དུ་བ་སོགས། སྡུག་བསྔལ་མི་བཟོད་པ་ཐོག་ཏུ་བབས་པའི་སེམས་ཅན་མཐོང་ངམ་ཐོས་དུས་དང་། རང་ག་དེ་འདྲའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ཡིད་ངོར་གསལ་བཏབ་ནས། རང་གི་སྐྱེ་བ་སྔོན་མར་ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་ཀྱིས་ད་ལྟ་སྡུག་བསྔལ་འདི་ལྟ་བུ་མྱོང་བ་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བ་ཞིག་བྱའོ་སྙམ་དུ་བསྒོམ་དགོས་ཏེ། པཎ་ཆེན་རིན་པོ་ཆེས་མཛད་པའི་བདེ་ལམ་ལས། ཐོག་མར་ཤན་པས་གསོད་བཞིན་པའི་ལུག་ལྟ་བུའི་སྡུག་བསྔལ་གྱིས་ཉམ་ཐག་པའི་འགྲོ་བ་རྣམས་ལ་སྒོམས། དེའི་ཚུལ་ནི། མདུན་དུ་དེའི་རྣམ་པ་གསལ་བར་དམིགས་ནས། ཡན་ལག་རྣམས་ནི་བཅིངས། བྲང་གི་པགས་པ་ནི་གཤགས། ཤན་པའི་ལག་པ་ཁོང་བར་བཅུག་པས། སྲོག་ལ་བབས་པ་ནི་མངོན་སུམ་དུ་ཤེས། མིག་ཤན་པའི་གདོང་ལ་རིག་རིག་ཏུ་བལྟ་ཞིང་། སྡུག་བསྔལ་གྱིས་ཉམ་ཐག་པའི་ཚུལ་བསམས་ནས། དེས་ན་འདི་ཉིད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །ཞེས་སྙིང་རྗེ་བསྒོམ་ཚུལ་གསལ་བར་གསུངས་པ་ལྟར་བསྒོམ་མོ། །དེ་ལ་མྱོང་བ་ཐོན་པ་ན་དགེ་འདུན་གྱི་དཀོར་ལ་བག་མེད་དུ་སྤྱོད་པ་དང་། ཚུལ་འཆལ་དང་། ཆོས་སྤོང་མཁན་དང་། ལོག་ལྟ་ཅན་དང་། སེམས་ཅན་ལ་འཚེ་ཞིང་སྡིག་པ་མི་དགེ་བ་སྣ་ཚོགས་བྱེད་པ་སྐྱེན་སྐྱེན་བོར་བྱེད་པའི་འགྲོ་བ་རྣམས་ལ་དམིགས་ནས་བསྒོམ་དགོས་པར་གསུངས་སོ། །ཡང་སྐབས་རེ་རང་གི་ཁ་བསུམ་ལ་ཤ་ཡི་ཆེད་དུ་འདི་ལྟར་བྱས་ནས་གསོད་པ་འཇིག་རྟེན་ཁམས་ན་མང་པོ་ཡོད་པས། དེ་རྣམས་སྐྱེ་བ་སྔོན་མའི་ཕ་མ་ཡིན་སྙིང་རེ་རྗེ་སྙམ་དུ་ཡང་ཡང་བསམ་པར་བྱའོ། །གལ་ཏེ་སྙིང་རྗེ་མི་སྐྱེ་ན་ནད་པ་ཚབས་ཅན་དང་། རྔོན་པས་རི་དྭགས་གསོད་པ། ཤན་པས་ལུག་གསོད་པའི་རྩར་སོང་ནས། ངའི་ཕ་མ་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམས་ན་སྙིང་རྗེ་སྐྱེ་ཞེས་ཇོ་བོ་ཡབ་སྲས་ཀྱིས་གསུངས་པ་ལྟར་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོ་སྒོམ་བཞིན་དུ་དཔེར་ན་བུ་སྡུག་ཤི་བའི་དུས་ཀྱི་མ་བཞིན་དུ་སེམས་ཅན་ཉམ་ཐག་རྣམས་བློས་ནམ་ཡང་མི་བརྗེད་པར་ཞེ་ཕུགས་སུ་བཞག་ནས། རང་ཉིད་སྐྱིད་འདོད་དང་བདེ་འདོད་ཀྱི་བློ་དོར་ནས་གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་སྙིང་ལ་བཅངས་ནས་དེ་བཞིན་སྨོན་ལམ་ཡང་འདེབས་དགོས་ཏེ། ཀུན་མཁྱེན་ཀློང་ཆེན་པས།
དེ་བས་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་འགྲོ་བའི་སྡུག་བསྔལ་དག ། སྐད་ཅིག་ཉིད་ལ་བྲལ་བར་ཤོག་ཅིག་ཅེས། །སྙིང་ཁོང་རུས་པའི་གཏིང་ནས་བསམ་པར་བྱ། །
ཞེས་དང་། ཡུམ་བར་པ་ལས།
སེམས་ཅན་སྡུག་བསྔལ་བ་དག་མཐོང་བ་ན། འདི་སྙམ་དུ་སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་ཅེས་སེམས་པ་ཡིན་ཏེ་གསུངས། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཁྱད་པར་སྙིང་རྗེ་བྱམས་པའི་གཙོ་བོ་ནི་ལུས་བསྐྱེད་པའི་མ་ཡིན་ལ། དེའི་དྲིན་ནི་འཁོར་བའི་ཚད་མེད་མུ་མེད་པས། འདི་ལ་བྱམས་སྙིང་རྗེ་ཚད་མེད་པ་བྷེཾ། ཞེས་དང་།
ཡང་།
ཐར་མེད་ལས་ཀྱི་འཁོར་བའི་དོང་རིང་དུ། ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །
ཞེས་གསུངས་པ་ལྟར་རང་གི་ཚེ་འདིའི་ཕ་མས་གཙོ་བྱས་པའི་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་མ་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། འདི་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག ། བྲལ་བ་ཞིག་བདག་གིས་བྱའོ་སྙམ་དུ་བསམ་དགོས་ཏེ། སྐུ་གསུམ་དོན་ཐིག་ལས།
འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕ་མ་འདི་དག་འཁོར་འཁྱམས་སྙིང་རེ་རྗེ། །བརྩེ་སེམས་བུ་གཅིག་ཤི་བའི་མ་བཞིན་དུ། །འཁོར་བའི་མཚོ་ལས་སྒྲོལ་བར་དམ་བཅའ་ཞིང་། །ཇི་ལྟར་བྱ་མས་སྒོང་སྲོ་བཀབ་པ་ལྟར། །རྣམ་མཁྱེན་ས་ལ་འགོད་པའི་བྱམས་པ་དང་། །རྒྱལ་པོའི་གདུང་རྒྱུད་ཆད་ཁར་སྲས་འཁྲུངས་ལྟར། །བདེ་དགའ་རྒྱ་མཚོ་ཐོབ་བའི་དགའ་བ་དང་། །དྲང་སྲོང་རྒྱལ་པོས་གཏོར་མ་བསྔོ་བ་བཞིན། །ཉེ་རིང་དགྲ་གཉེན་མེད་པའི་བཏང་སྙོམས་དང་། །འགྲོ་རྣམས་བླ་མེད་ས་ལ་འགོད་བྱའི་ཕྱིར། །བདག་གིས་ཐེག་ཆེན་བླ་མེད་བསྒྲུབ་བར་བགྱི། །གནོད་པའི་ལན་དུ་ཕན་པའི་གདུང་ཤུགས་བསྐྱེད། །
ཅེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས།
བདག་དྲིན་གྱིས་བསྐྱངས་པའི་མ་རྒན་རྣམས། །གནས་འཇིགས་རུང་འཁོར་བའི་རྒྱ་མཚོར་ལྷུངས། །སྡུག་ཉམ་ཐག་ངང་ཚུལ་མི་བསམན། །བུའི་དོན་སྙིང་གཏིང་ནས་རུལ་བསན། །རང་སྐྱིད་འདོད་བློ་སྣ་ལིངས་ཀྱིས་བོར། །གཞན་ཕན་བདེའི་ཐབས་དགུ་སྙིང་ལ་བཅངས། །
གསུངས། །དེ་ལྟར་སེམས་ལ་བཞག་ནས་དྲིན་གཟོ་ལ། ཐབས་མཁས་བསྡུ་བ་རྣམ་བཞིའི་སྒོ་ནས་འགྲོ་དོན་ལ་བརྩོན་དགོས་ཏེ། བདེ་ལམ་ལས། སེམས་ཅན་ཐམས་ཅད་སྦྱིན་པས་འཁོར་དུ་བསྡུས་ཏེ། ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་ཆོས་སྟོན་པའི་སྙན་པར་སྨྲ་བ་དང་། ཆོས་བསྟན་པའི་དོན་ཉམས་སུ་ལེན་དུ་འཇུག་པའི་སྤྱོད་པ་དང་། གཞན་ལ་བསྟན་པ་ལྟར་རང་གིས་ཀྱང་ཉམས་སུ་ལེན་པའི་དོན་མཐུན་པ་སྟེ། གཞན་དོན་བྱེད་པའི་ཐབས་བཟང་པོ་འདི་རྣམས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པར་བྱའོ། །ཞེས་གསུངས་པ་ལྟར་སྤྱིར་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར་དུ་ཀུན་གྱིས་འབད་དགོས། ཁྱད་པར་ཤ་འདིའི་ཕྱིར་རྒྱ་བོད་ཧོར་གསུམ་སོགས་འཇིག་རྟེན་གྱི་ཁམས་ཐམས་ཅདན་ལོ་རེ་ཟླ་རེ་ཉིན་རེ་བཞིན་དུ་ར་ལུག་གཡག་གསུམ་བྱ་དང་རི་དྭགས་སོགས་སེམས་ཅན་གྲངས་མེད་པ་གསོད་ཚུལ་བསམས་ནས། དངོས་སམ་བརྒྱུད་ནས་སེམས་ཅན་གཞན་གྱི་ཚེ་སྲོག་ལ་གནོད་པའི་ལས་སྡིག་ཟས་ཕ་མའི་ཤ་ཟ་བ་སྤང་དགོས། གལ་ཏེ་མ་སྤངས་ན་ཉེས་པ་ཆེ་སྟེ། སངས་རྒྱས་ཀྱི་གསུང་ལངྐར་གཤེགས་པའི་མདོ་ལས།
ཁེ་ཡི་ཕྱིར་དུ་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ངུ་འབོད་ལ་སོགས་རྣམས་སུ་འཚོད། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་ཟ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །མ་རུངས་འོ་དོད་འབོད་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །
ཞེས་དང་། ཡང་།
སེམས་ཅན་གཅིག་ལ་གཅིག་ཟ་བ། ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བླག་མཁན་དུ་ཡང་སྐྱེ་འོ། །ཕྲ་མེན་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་བསྟན། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །
ཞེས་དང་། ཡང་།
དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་སུ་ནི། །ཤ་ཟན་གཏི་མུག་སྨྲ་བ་དག ། ཤནི་སྡིག་མེད་རུང་བ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །
ཞེས་པ་ལ་སོགས་པ་མདོ་སྡེ་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །འདུལ་བར་ཡང་ཤ་ལ་གནང་བའི་སྐབས་མེད་པར་རིགས་དགོས་ཏེ། སངས་རྒྱས་རང་ཉིད་ཀྱིས་འདུལ་བར་མ་གནང་བར་གསུངས་པའི་ཕྱིར་རོ། །མདོ་རྩར་གནང་ངོ་ཞེ་ན།
འདི་གཞི་ཡོད་སྨྲའི་ཡིན་ལ། སྡེ་པ་གཞན་བཞིར་ཡང་བལྟ་དགོས་པའི་ཕྱིར་རོ། །
ཞེས་ཀུན་མཁྱེན་དོལ་བོ་པ་ཤེས་རབ་རྒྱལ་མཚན་གྱིས་གསུངས་སོ། །གསང་སྔགས་ནས་ཀྱང་ཤ་ཟ་བ་མ་གནང་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས།
ཤ་ལ་སོགས་པ་ཟོས་པས་གདོན་མི་ཟ་བར་ས་ཡི་འོག་ཏུ་གང་གི་ལུས་ནི་ཆེས་ཆེ་བ། །སྲོག་ཆགས་ཡི་དྭགས་སོགས་སུ་ངེས་པར་སྐྱེ་བར་འགྱུར་ཏེ།
ཞེས་སོགས་དུ་མ་གསུངས་པ་དང་། དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་ཡང་།
ཟ་བ་པོ་དང་གསོད་པ་པོ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །
ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཤ་ལྔ་ལ་སོགས་པ་ཅི་ལྟར་ཞེ་ན། དེ་ལ་འདིར་རང་བཞིན་གྱིས་ཤི་བ་སྟེ། ཤའི་ཆེད་དུ་མ་བསད་པའི་ཤ་ལྔ་ལ་བདུད་རྩིའི་རིལ་བུ་བསྒྲུབས་ནས། རྒྱ་ཤུག་གི་ཚི་གུ་ཙམ་རྣལ་འབྱོར་པས་དམ་ཚིག་གི་དོན་དུ་བཟའ་བར་བྱ་སྟེ། ལུས་ཀྱི་སྟོབས་འཕེལ་བ་དང་། རིགས་ཀྱི་ང་རྒྱལ་བཅག་པ་དང་། སེམས་ཅད་དེ་དག་དྲང་བར་བྱེད་པའི་དོན་ཏོ། །འདིར་རྣལ་འབྱོར་པས་ཤ་ཟོས་པའི་སེམས་ཅན་དེ་དག་དྲང་ནུས་པ་མ་གཏོགས་པས་ཤ་ཟ་བར་བྱ་བ་མིན་ཏེ། ཀྱེ་རྡོ་རྗེར།
ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེའི་དབང་དུ་འགྱུར། །
ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་གསང་སྔགས་ནས་ཤ་ཟ་བར་གསུངས་པ་དེ་སྒྲ་ཇི་བཞིན་པ་མིན་ཏེ། མཁའ་འགྲོ་རྒྱ་མཚོའི་འགྲེལ་པར་
ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྣམ་པར་རྟོག་པ་ཟ་བར་བྱེད་དོ། །
ཞེས་རྣམ་རྟོག་ཟ་བར་གསུངས་སོ། །འཕགས་པ་འཇམ་དཔལ་གྱིས། ཞེ་སྡང་བསམ་པ་མེད་པའི་ཕྱིར། །གཞན་གྱི་ཤ་རྣམས་མ་འཕྲོག་ཤིང་། །ཐུབ་པས་རང་གི་ཤ་རྣམས་བྱིན། །སྐྱེ་བ་འདིར་ཁྱོད་སངས་རྒྱས། །
ཞེས་དང་། ཡང་།
རྫས་ཀྱིས་ཉོས་པ་ཉ་ཡི་ཤ། །ཟོས་པས་བླུས་པ་ཡིན་ནམ་ཅི། །གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱང་འདས་དང་ནི་སོར་ཕྲེང་ཅན། །ལང་ཀར་གཤེགས་པའི་མདོ་ཉིད་ལས། །ཐུབ་པས་ཤ་ནི་མ་གནང་ངོ་། །རྗེས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚོད། །རྫས་ཀྱི་དོན་དུ་སེམས་ཅན་གསོད། །རྫས་སྟེར་མེད་ན་སུས་ཀྱང་མིན། །བྱ་དང་བྱེད་པོ་ཡང་དག་འབྲེལ། །རྟག་ཏུ་སྲོག་ཆགས་གསོད་པ་པོ། །གང་ཚེ་རྫས་ཀྱིས་ཉ་ཉོས་པས། །ཁྱིམ་གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་པའང་ཇི་ལྟར་བསོད་ནམས་འགྱུར། །མཆོད་རྟེན་རྩིག་མཁན་གྱིས་བྱས་དང་། །ཉནི་ཉ་པས་བསད་པ་སྟེ། །མཆོད་རྟེན་ཕྱག་བྱེད་བྱེད་པོ་མིན། །ཉ་ཟོས་གསོད་པ་པོ་ལ་མིན། །གང་ཚེ་ཉ་དེ་ཟོས་པ་ཡིས། །སྡིག་པ་ཟ་བ་པོར་མེད་ན། །དེ་ཚེ་མཆོད་རྟེན་མཆོད་པ་ཡི། །བསོད་ནམས་མཆོད་བྱེད་པོ་ལ་མེད། །གསོད་པ་པོ་དང་ཟ་བ་པོ། །གཉིས་པོ་དག་ཀྱང་སོ་སོ་སྟེ། །གསོད་པ་པོ་ནི་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག ། བསྐལ་པ་འབུམ་དུ་འཚོད་པ་འོ། །ཟ་བོ་ཤ་ལ་སྲེད་པ་དག ། བསྐལ་པ་བྱེ་བར་འཚོད་པ་འོ། །ཉན་ཐོས་ཀྱིས་ནི་ཆེད་དག་ཏུ། །ཉ་པས་ཉནི་བསད་པ་དང་། །བྲམ་ཟེ་ཡིནི་ཆེད་དག་ཏུ། །ཆང་མས་ཆང་ནི་བྱས་པ་དང་། །ཁ་ན་མ་ཐོ་མེད་གཞན་མིན། ཤ་ཟ་བ་ཡི་མི་གང་ཞིག ། དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བ་འོ། །ཤ་ཟ་བ་ལ་སྙིང་རྗེ་དང༌། །ཆང་འཐུང་བ་ལ་དགའ་བ་དང་། །ཕ་རོལ་བུད་མེད་འཛིན་གསུངས་པ། །སྨད་པ་ལས་བྱེད་བཏང་སྙོམས་མེད། །
ཅེས་པ་འདི་སྔགས་སུ་ཡང་གཏོགས་སོ། །རྗེ་མི་ལས།
ཤ་ཁྲག་ཟས་སུ་ཟ་བྱེད་ཅིང་། །སྲོག་གཅོད་ལས་སུ་སོང་བ་རྣམས། །ཚ་དམྱལ་བརྒྱད་དུ་སྲེག་པར་བྱེད། །
ཅེས་དང་། ས་པཎྜི་ཏས།
ཐེག་པ་ཆེ་ལས་ཤ་རྣམས་བཀག ། ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །
ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས།
དྲན་པ་ཉམས་པའི་ཆང་དང་གཅིག །སྙིང་རྗེ་ཉམས་པའི་ཤ་དང་གཉིས། །གྲགས་པ་ཉམས་པའི་བུད་མེད་གསུམ། །འདི་གསུམ་སྒོམ་ཆེན་གྱི་ཁོང་སྐྲན་ལགས། །ངེས་འབྱུང་གི་མེ་བཙའ་མྱུར་དུ་ཐོབ། །ཆོས་སྨོན་པའི་ཚུལ་དུ་ཉམས་སུ་ལོངས། །
གསུངས། མཁས་གྲུབ་རྗེས་མཛད་པའི་སྡོམ་གསུམ་རྣམ་བཤད་ལས།
ཤའི་རོ་ལ་ཆགས་པའི་དབང་གིས་ཤ་ཟ་བར་རུང་བར་འདུལ་བ་ལས་གནང་ངོ་ཞེས་ཁོ་བོ་ཅག་ནི་རྣམ་པ་ཐམས་ཅད་དུ་མི་སྨྲ་ལ། དེ་འདྲ་བར་སྐྱོན་མེད་པར་གཉིད་ཀྱི་རྨི་ལམ་དུ་ཡང་མི་སྨྲའོ་
གསུངས། དེས་ན་ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་དག་ཤ་ཟོས་ན་རང་གི་སྙིང་རྗེ་ཆེན་པོ་ཉམས་འགྲོ་ཞིང་བློའི་ཤུགས་ཆུང་དུ་འགྲོ་བ་མྱོང་བས་གྲུབ་པ་དང་། རང་དོན་དུ་རོ་ལ་སྲེད་པ་དྲག་པོ་སྐྱེ་བར་མཐོང་ནས། དགག་བྱ་དེ་དག་འགོག་པའི་སླད་དུ་རྣམ་གསུམ་དག་མ་དག་དང་། བསད་པ་དང་རང་ཤི་བའི་ཤ་ཐམས་ཅད་མི་ཟ་བ་ཡིན་ན་ནི་མཆོག་ཏུ་ངོ་མཚར་ཆེ་ཞེས་གསུངས། དེ་བཞིན་དུ་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་གསུངས་སྣང་། རྒྱས་པར་སྤྲོན་རྨད་བྱུང་སྤྲུལ་པའི་གླེགས་བམ་དུ་བལྟ་བར་བྱའོ། །མདོར་བསྡུ་ན་ཤ་ཟོས་པའི་རྣམ་སྨིན་གྱིས་ཚེ་ཕྱི་མར་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་མམ་གང་རུང་དུ་སྐྱེ། ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཡུན་རིང་མྱོང་། བརྒྱ་ལ་མཐོ་རིས་སུ་སྐྱེས་ཀྱང་། ཚེ་ཐུངནད་མང་གདོལ་བ་གཞུང་ལུགས་ལ་མི་བརྟེན་པ། རིགས་ངན་རྨེ་ཤ་ཅན་གྱི་རིགས་དང་། བཙོ་བླག་མཁན་སོགས་སུ་སྐྱེས་ནས་སྡུག་བསྔལ་དུ་མ་མྱོང་བར་གསུངས། གཞན་ཡང་ཤ་འདིའི་ཕྱིར་ཚེ་འདིར་ཡང་མི་ནོར་ཟས་གསུམ་ཟད་ནས་སྤྲང་པོར་གྱུར་པ་དང་། ཐོས་བསམ་སྒོམ་གསུམ་ཤོར་ནས་གྲོང་ཁྱིམ་འགྲིམས་པ་མང་། ཤ་འཆོས་ཐིག་ལེ་རྒྱས་ནས་མཚན་ཉིད་པའི་དགེ་བཤེས་ཕལ་ཆེར་གྱིས་བཙུན་ཆུང་སོགས་ལ་བརྟེན་ནས་དགེ་འདུན་གྱི་ལྷག་མ་བཅུ་གསུམ་གྱི་དང་པོ་འཕོག་གི་བཅུག་ནས་ཚུལ་ཁྲིམས་ཉམས། ཕྱག་རྫོགས་པ་འགའ་ཞིག་གིས་བཙུན་མ་སོགས་ལ་བརྟེན་ནས་བསྒོམ་བསྒྲུབ་ཤོར་བ་མང་། འགའ་ཞིག་གིས་ཤ་འཆོས་ཚོ་གསོག་ནས་ལུས་ལས་སུ་མི་རུང་དྲང་པོར་བཞག་ཀྱང་འཁྱོགས་པོར་འགྲོ། ཡར་ལངས་ནས་སྡོད་མི་ཚུགས་མལ་ནས་ཕག་བཞིན་ཉལ་སྡོད་དགོས། རྒྱུན་དུ་ཁུར་པོ་ལྕི་མོ་ཞིག་ཁུར་ཡོད་པ་ལྟར། འགྲོ་འདུག་འགུལ་སྐྱོད་མི་ནུས་དབུགས་འཚེངས་འཆི་ལ་ཁད་བྱེད་པ་མང་། ཤ་འདི་ཟོས་ན་བྱིང་རྨུགས་གཉིད་གསུམ་འཕེལ། རིག་པ་མི་གསལ། ཉིན་པར་གཉིད་ན་ཚད་པ་སོགས་ནད་དྲག་པོ་སྟེང་དུ་འབྱུང་། ཧ་ཅང་ཟོས་ཆེ་ན་དྲོས་འཁྱག་བྱས་ཤ་དུག་གི་སོང་། སྨན་འཐུང་རིམ་གྲོ་བྱས་རུང་མི་དྲག ། སྒོ་ཡི་རྒྱུ་ཟད། ཁྱིམ་གྱི་ཟས་ཟད། ལུས་ཀྱི་སྟོབས་ཟད། ཟད་ཐོག་ཟད་བཞག་བྱས་ཤི་སོང་བ་མང་། ཤ་ཁྲག་ལ་ལོངས་སྤྱོད་པའི་ས་ཕྱོགས་སུ་དཀར་ཕྱོགས་ཀྱི་ལྷ་ནི་མི་འཁོར། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་འདུ། མི་རྣམས་ལ་ནད་དང་ཕྱུགས་རྣམས་ལ་གོད་ཁ་འབྱུང༌། ཤ་ཁྲག་གར་ཡོད་སར་ཚད་པ་རྒྱུ་གཟེར་དམར་བཤལ་སོགས་ནད་རིམས་མང་པོ་འོང་། མི་ཕྱུགས་ཁྱི་གསུམ་དུས་མིན་དུ་འཆི། ཆར་ཆུ་མི་འབབ་སད་སེར་ཐན་པ་སོགས་ཡུལ་ཕྱོགས་ལ་བཀྲ་མི་ཤིས་པ་མང་པོ་འབྱུང་། ཤ་འདི་ཕ་མ་སེམས་ཅན་གྱི་ཤ་ཁྲག་ཡིན་པས། མང་པོ་ཟོས་ན་སྡིག་སྒྲིབ་ཀྱིས་ཆོས་པ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ཅི་ཙམ་བྱས་ཀྱང་ཉམས་རྟོགས་ཁྱད་པར་ཅན་མི་སྐྱེ། སྔར་སྐྱེས་པ་ཡང་འགྲིབ་པར་འགྱུར། ཤ་འདིས་ཆགས་སྡང་སོགས་ཉོན་མོངས་པ་ཀུན་སློངས། སྲོག་གཅོད་མ་བྱིན་ལེན་སོགས་མི་དགེ་བ་བྱེད་དུ་འཇུག ། ཤ་འདི་ལ་བརྟེན་ནས་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས། ཤ་འདི་ལ་དགའ་བའི་མི་ལ་ཚེ་འདི་ཕྱི་གང་དུ་བདེ་སྐྱིད་སྙན་གསུམ་མི་འབྱུང་། སྡིག་སྡུག་གཏམ་ངན་དུས་རྒྱུན་དུ་འབྱུང་། ཤ་འདིས་བསྟན་པའི་མིག་རྐྱེན་ལ་ཡང་གནོད་དེ། སྤྱིར་གཞིས་ཀ་རྩེ་དང་རྒྱལ་རྩེ་རྩིས་ཐང་ལ་སོགས་པའི་ཕྱོགས་གཞན་དང་ཁྱད་པར་ལྷ་སའི་གླིང་གི་ཤན་པ་རྣམས་ཀྱིས་རྭ་ཡི་ཁང་པ་ཕུག ། ཉིན་རེ་བཞིན་ར་ལུག་གཡག་གསུམ་བརྒྱ་སྟོང་བསད། ཇོ་བོ་ཆེན་པོའི་བསྐོར་ལམ་ན་ཤ་ཁྲག་ནང་ཁྲོལ་རྣམས་ཐང་མ་བཞིན་དུ་བརྡལ། སྤྱན་གཟིགས་ལྟར་བཤམས་ནས། ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་སེར་འབྲས་དགེ་གསུམ་ན་བྱང་ཆུབ་སེམས་དཔའ་འདྲ་ཡོད་ན་འདི་ཨེ་གཟིགས། གཟིགས་ན་སྙིང་རྗེ་ཆེན་པོ་རེ་ཨེ་སྐྱེ་གི་ཟེར་བ་ལྟར་ཉི་མ་གནམ་ལ་དུ་ཤར་པོ་བཤམས་ནས་བཙོང་བ་འདི། ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་རིན་པོ་ཆེ་སེར་འབྲས་སོགས་བླ་མ་དགེ་བའི་བཤེས་གཉེན་དང༌། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཤན་པ་འདྲ་གིས་འདྲེན་གྱིན་ཡོད་ན་ཅི་ཤེས། འོན་ཀྱང་འདྲེན་གྱིན་ཡོད་པའི་དབང་དུ་བཏང་ཡང་འདྲེན་ཚུལ་བཙོག་པ་ཞིག་རེད། སྔོན་ཨ་མདོའི་ཕྱོགས་ཀྱི་མི་གཅིག་ལྷ་སར་སོང་ཤ་ཁྲོམ་མཐོང་ནས་ཕྱིས་ཡུལ་དུ་སླེབས་དུས། ཡུལ་མི་འགའ་རེས་ཁྱོད་ལས་ཅན་པོ་དབུས་གཙང་དག་པའི་ཞིང་དུ་མཇལ་དུ་སོང་བ་སྐལ་བ་བཟང་ལྟད་མོ་ཅི་མཐོང་སྨྲས་པའི་ལན་དུ། དག་པའི་ཞིང་ན་ཡང་མ་དག་པ་མང་པོ་འདུག ། ལྟད་མོ་བཟང་ངན་སྣ་ཚོགས་མཐོང་ཞེས་སྨྲས་པ་ལྟར། ཐག་རིང་མདོ་སྨད་སོགས་ཀྱི་མི་རྣམས་ཀྱིས་དབུས་གཙང་དག་པའི་ཞིང་ཞེས་ཚད་མར་བཟུང་ནས་སོང་དུས་དེ་འདྲ་མཐོང་ཚེ། ར་ལུག་འདི་རྣམས་བསད་ཚད་དབུས་གཙང་གི་བླ་མ་རྣམས་ཚོས་འདྲེན་གྱི་ཡོད་ནི་ཡིན་ན་བཟང་གི ། དེ་མིན་ན་འདི་ངན་གི ། ཆོས་ཡུལ་ཞིག་དང་མི་རིགས་གི་ཟེར་བ་ཐོས་རྒྱུ་མང་པོ་སྣང་། འགའ་ཞིག་གིས། དབུས་གཙང་དག་པའི་ཞིང་འཕགས་པ་སྤྱན་རས་གཟིགས་དངོས་རྒྱལ་བ་རིན་པོ་ཆེའི་བཞུགས་གནས་ཕོ་བྲང་པོ་ཏ་ལའི་ཐག་ཉེ་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཇོ་བོའི་བསྐོར་ལམ་ན་ཡང་འདི་འདྲ་ཡོད་ཅེས་དཔེར་འཐེན་ཚད་ཀྱིས་བཞག་ནས་སྡིག་པའི་ལས་བྱེད་པ་ཡང་འདུག་པས། འདི་འདྲའི་བསྟན་པའི་མིག་རྐྱེན་བཙོག་པ་ཞིག་གཞན་གང་ན་ཡང་མི་སྣང་། ཉིན་རེ་བཞིན་དུ་ལྷ་སའི་གླིང་བར་ན་ར་ལུག་མང་པོ་གསོད་པ་དང་། ཇོ་བོའི་སྐུ་རྒྱབ་ན་ཤ་བརྒྱ་སྟོང་མང་པོ་བཤམས་ནས་ཚོངས་བ་འདི་འདྲ། མི་ལ་ཡབ་སྲས་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་རྒྱུ་ཡིན་ན་སྤྱན་ཆབ་བསིལ་ཏེ། སྔོན་གཉའ་ནང་ན་ཚོང་འདུས་སུ་དམར་ཁེ་བའི་ཚོང་བ་མང་དུ་བྱུང་ཚེ། རྗེ་བཙུན་དཔོན་སློབ་གཉིས་བསོད་སྙོམས་ལ་བྱོན་པས་ཤའི་རྩིག་པ་བརྩིགས། མགོའི་ཕུང་པོ་སྤུངས། པགས་པ་གཅལ་དུ་བཀྲམ། ཁྲག་གི་རྒྱ་མཚོ་བསྐྱིལ་ཏེ་སེམས་ཅན་གསོད་རྒྱུ་མང་པོ་སྲང་ལ་བརྒྱུས་པའི་དབུས་ན། མོན་པ་རྒན་པོ་ལག་པ་ཞ་བ་ཞིག་གིས་ཀྱང་། ལུག་ནག་པོ་ཆེན་པོ་ཞིག་ལ་ཁོང་ལག་བཏང་པས། རྨ་བཟོས་ཙམ་ལ་རྒྱུ་མ་ནར་ར་ར་ལུག་ཤོར་ཏེ། འཇིགས་པའི་སྐད་ཆེན་པོ་འདོན་ཞིང་། འདར་ཁྲིལ་ལེ་བའི་ངང་ནས་རྗེ་བཙུན་ཡབ་སྲས་ལ་སྐྱབས་འཚོལ་དུ་བྱུང་ནས་ལུག་ཚེའི་དུས་བྱེད་པའི་བར་ལ། རྗེ་བཙུན་གྱིས་སྤྱན་ཆབ་བསིལ་ཞིང་ལུག་ལ་འཕོ་བ་མཛད་ནས་རྣམ་ཤེས་བྱང་ཆུབ་ལམ་ལ་བཀོད་དེ། སྙིང་རྗེ་ཆེན་པོ་མི་བཟོད་པའི་ངང་ནས་མགུར་འདི་གསུངས་སོ། །
ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཐར་བའི་ལམ་ལ་ཕར་ལྟོས་དང་། །ཨ་ཙ་མ་སྡིག་ཅན་སྙིང་རེ་རྗེ། །ལས་རེ་རྨོངས་མི་ལུས་ཀྱི་ལོད་པ་ལ། །ཞེ་རེ་འཕངས་སེམས་ཅན་གྱི་གསོད་ལུགས་ལ། །གྱོང་རེ་ཆེ་མགོ་བོའི་བསྐོར་ལུགས་ལ། །ཙུག་རེ་དྲུག་ཕ་མའི་འཆི་ལུགས་ལ། །ཇི་ལྟར་བྱེད་སྡིག་ཤུའི་བརྩིགས་ལུགས་ལ། །ཅི་རེ་བྱེད་ཁྲག་གི་མང་ལུགས་ལ། །ཇི་ཙམ་ལྟོགས་ཤ་ཡི་ཟ་ལུགས་ལ། །གང་ནས་བསམ་སྣང་བའི་འཁྲུལ་ལུགས་ལ། །སྡིག་རེ་ཆེ་སྙིང་རྗེ་མེད་ལུགས་ལ། །ཇི་ཙམ་བསྒྲིབས་རྨོངས་པའི་གཏི་མུག་ལ། །ཅི་རེ་བྱེད་སྡིག་པའི་སོ་ནམས་ལ། །སུ་ཡིས་སྤྱོད་འདོད་པས་གདུང་ལུགས་ལ། །གང་གིས་བྱས་ཡུལ་ལུགས་ཀྱི་ངན་པ་ལ། །ཙུག་རེ་བྱེད་སྐྱོ་བ་སྐྱེ་ལུགས་ལ། །ཅི་རང་བྱེད་སྡིག་ཅན་གྱི་བྲེལ་ལུགས་ལ། །ཕྱི་མ་སྐད་ཅིག་མི་དྲན་པའི། །མི་འདི་འདྲ་མཐོང་ན་ང་རེ་འཇིགས། །སྡིག་སྤྱོད་རྣམས་དྲན་བཞིན་སྣང་བ་འཁྲུལ། །རས་ཆུང་པ་ལྷ་ཆོས་ཤིག་ཨེ་དྲན་ཨང་། །དྲན་ན་སྐྱོ་ཤས་སྙིང་རླུང་ལྡང་། །བསྒོམས་ན་རི་ཁྲོད་གནས་སུ་གཤེགས། །བསམས་ན་བླ་མའི་བཀའ་དྲིན་སོམས། །འབྲོས་ན་སྡིག་སྤྱོད་རྩ་ནས་བྲོས། །གཏོང་ན་འཇིག་རྟེན་གྱི་བྱ་བ་ཐོངས། །འཛིན་ན་སྒྲུབ་པའི་དམ་བཅའ་ཟུངས། །ཤེས་ན་མི་ཚེ་ཆོས་ལ་སྐྱོལ། །
ཅེས་གསུངས་པས། རས་ཆུང་པ་ལ་ཡང་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་གཏིང་ནས་སྐྱེས་ཏེ་སྤྱན་ཆབ་མང་པོ་བསིལ་ཞིང་། བླ་མ་ལགས་ད་བདག་ཀྱང་བླ་མའི་བཀའ་བཞིན་ཆོས་བརྒྱད་སྡིག་ཟས་ཀྱི་འཚོ་བ་སྤངས་ནས་བསྒོམ་པ་ལགས་གསུངས་ནས། དཔོན་སློབ་གཉིས་བྱོན་པས་ཀུན་དད་ནས། ཤ་ཆང་སོགས་འཚོ་བའི་ཡོ་བྱད་མང་པོ་ཕུལ་རུང་སྡིག་ཟས་འཇིག་རྟེན་ཆོས་བརྒྱད་དུ་འདུག་གསུང་། མ་བཞེས་པར་ལ་ཕྱི་བདུད་འདུལ་ཕུག་ཏུ་བྱོན་ནས་སྒྲུབ་པ་མཛད་སྣང་། དེང་སང་བྱང་ཆུབ་སེམས་དཔའ་ཡིན་ཟེར་མཁན་ཚོ་ཡང་ལྷ་སའི་ཇོ་བོར་བསྐོར་བ་བྱེད་དུ་སོང་ན་ཤ་ཁྲོམ་ཡོད་སར་སླེབས་ཚེ། འདི་རྣམས་སྙིང་རེ་རྗེ་ཞེས་མིག་ནས་མཆི་མ་ཞིག་འོངས་ནས་ཐུར་གི་ཕྱི་དགོས་པ་གཅིག་ཀྱང་མཐོང་རྒྱུ་མི་སྣང་། ཤ་གན་ཚོན་པོ་རེད་ཟེར། ཁ་ནང་དུ་འགྲམ་ཆུ་འཁྱིལ་ནས་མར་མིད་པའི་བྱང་ཆུབ་སེམས་དཔའ་ལྟོ་རྒྱལ་སྙིང་རྗེ་མེད་པའི་རང་མཚང་སྟོན་པ་མང་པོ་སྣང་། དེང་སང་མདོ་དབུས་གཙང་གསུམ་སོགས་ན་དགོན་པ་ལྷ་ཡུལ་འདྲ་བ་མང་པོ་ཚུགས་སྣང་ཡང་། དེའི་ཐག་ཉེན་སྲོག་གཅོད་ཀྱི་ལས་ལ་རྔམས་པའི་གྲོང་སྡེ་ངན་པ་དམྱལ་ཁམས་འདྲ་བ་རེ་ཚུགས་ཡོད་པ་འདི་གཉིས་རྒྱལ་བའི་གསུང་རབ་ལ་བལྟས་ན་མེ་ཆུ་བཞིན་གཏན་ནས་མ་འཕྲོད་པར་འདུག ། འདི་གཉིས་ཀ་བཙུགས་ཕྱིན་ཆད་བསྟན་པ་ལ་ཕྱོགས་གཅིག་ནས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཕན་ཞིག་བཏགས། ཕྱོགས་གཅིག་ནས་སྡིག་པའི་ས་བོན་བཏབ་ནས་གནོད་ཅིག་བསྐྱལ་བར་གདའ། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེ་ལ་རག་ལས་པས། སྡིག་ཅན་ཤན་པས་ཕ་མ་སེམས་ཅན་གྱི་སྲོག་གཅོད་པ་འདི་ལ་སྙིང་རྗེ་ཞིག་མི་སྐྱེ་ཕན་ཞིག་མི་འདོགས་ན། བསྟན་པ་ཡོད་པ་དགོས་པ་ཅི་ཡང་མ་བྱུང་བ་ཡིན་པས། ཕྱོགས་དེ་ན་བསྟན་པ་ཡོད་པར་མ་སེམས། ཤ་རེ་ཉོ་དགོས་དུས་བཟང་གི་སྙམ་ཤན་པ་རྣམས་དགོན་པའི་ཐག་ཉེན་བསམ་བཞིན་དུ་སྡོད་དུ་བཅུག ཤན་པས་ཁོང་རྣམས་ཀྱིས་ཤ་ཉོ་སྙམ་དགེ་འདུན་པ་ལ་དམིགས་ནས་བསད། དགེ་འདུན་པས་ཤན་པས་ར་ལུག་ཚོན་པོ་རྐྱང་པ་བསད་ནས་ཤ་ཚིལ་བརྩིག་ཡོད་སྙམ་ནས་སོང་སྟེ་ཉོས་ནས་འོང་བ་འདི་ལ། ཆོས་པ་ཡིན་ཟེར་མཁན་འགའ་རེས་རྣམ་གསུམ་དག་པའི་ཤ་ཡིན་ཚོད་ཟེར་དགའ་དགའ་སྤྲོ་སྤྲོ་བྱས་ཉོ་བ་འདི་ངས་བལྟས་ན་དག་མ་དག་མི་ཤེས་ཏེ། ངེས་ངེས་པོ་གསུམ་ཚང་བ་ཁྲིག་ཁྲིག་རེད། བློ་གྲོས་ཅན་གྱིས་ཐུགས་བསམ་རེ་ཐོངས། དེང་སང་བླ་མ་དགེ་བཤེས་སུ་ཡིན་ཡང་སྡིག་པར་སྐྲག་པ་ལྟར་མཛད་པ་མང་ཡང་། གཞན་གྱིས་བསད་པའི་ཤ་ཉོས་ནས་ཟོས་པ་འདི་ལ་ཉེས་དམིགས་ཆེ་སྙམ་ནས་སྐྲག་པ་ཉུང་བར་གདའ། བླ་མ་རེས་དགོན་རེ་བཏབ་ནས་བསྟན་པ་བཙུགས་ཚོ་ཟེར་ཏེ། ཕྱོགས་དེར་སྲོག་གཅོད་སོགས་མི་དགེ་བའི་ལས་སྔར་བས་ཆེ་བ་ཚུགས་བྱུང་ན་ནི། སྡིག་རྒྱུན་ཞིག་ཚུགས་སོང་བ་ཡིན། བསྟན་པ་ཚུགས་ཡོད་པར་མ་སེམས། སྲོག་གཅོད་ཀྱི་ལས་འདི་ལ་མ་འཛེམ་ན་ནང་པའི་ཆོས་ཀྱང་ལོག་པར་སྤྱད་པ་ཡིན་པས། ཕྱི་རོལ་པ་ལ་ཆོས་ལོག་ཅེས་སྨོད་རྒྱུ་སྤུ་ཙམ་མི་འདུག ། མིང་མ་གཏོགས་དོན་གྱིས་གཅིག་པར་གདའ། སྐྱབས་མགོན་རྒྱལ་བ་ཡབ་སྲས་སེར་འབྲས་དགེ་གསུམ་གྱི་བླ་མ་དགེ་བའི་བཤེས་གཉེན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་གཏམས་ཡོད་ཟེར་བ་རྣམས་དང་། བོད་ཁྲི་སྐོར་བཅུ་གསུམ་གྱི་ཆོས་རྒྱལ་ཆེན་པོ་སྔ་ཕྱི་རིམ་པར་བྱོན་པ་ཐམས་ཅད་ཀྱིས་ཇག་རྐུ་བྱེད་ས་མེད་ཆང་སོགས་བསྟེན་མི་རུང་ཞེས་བཀའ་ཕེབས་ཞེས་ཡང་ཡང་ཐོས་ཀྱང་། ཤན་པ་རྣམས་ཀྱིས་ཚེ་གང་པོ་ར་ལུག་གཡག་གསུམ་གྱི་སྟེང་ན། གཤིན་རྗེའི་གྲོང་ཁྱེར་ས་འོག་ན་ཡོད་པ་ཡར་ས་སྟེང་དུ་བུད་བཞག་པ་བཞིན་ཉིན་རེ་བཞིན་སེམས་ཅན་བརྒྱ་ཕྲག་མང་པོའི་ཤ་བརྩིགས་ཁྲག་བསྐྱིལ་བ་འདི་གཅོད་དགོས། དགེ་འདུན་པ་རྣམས་ཀྱིས་ཀྱང་ཕ་མའི་སྲོག་ལ་འཚེ་བ་མེད་པའི་སླད་དུ། ཤ་མ་ཟ་ཞེས་ཆོས་གསུངས་ཁྲིམས་བཞག་ཟེར་བ་ཞིག་ད་སྔ་གོ་རྒྱུ་ཆེན་པོ་ཞིག་རང་མི་གདའ། སྡིག་རྒྱུན་འདི་གཅོད་ཐུབ་པ་ཞིག་བྱུང་ན། ཚེ་འདིར་ཡང་བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་ཤིང་འཁོར་ནས་སྲུང་སྐྱོབ་བྱེད་ཅིང་། རྒྱལ་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབབ་ལོ་ཕྱུགས་ལེགས་པ་དང་། སེར་འབྲས་དགེ་གསུམ་ལྷ་ལྡན་སོགས་ཀྱི་སྐྱ་སེར་ཕོ་མོ་རྣམས་ཀྱི་ནད་རིམས་ཞི་ནས་ཚེ་རིང་ནད་མེད་སྐུ་རིམ་དང་བསྲུང་བའི་མཆོག་ཏུ་འགྱུར། གྲྭ་པ་ཤའི་ཕྱིར་དུ་ཡལ་ནས་ཐོས་བསམ་མི་འོང་བར་ཕ་ཡུལ་དུ་ལོག་འགྲོ་བ་རྣམས་ཀྱང་ལྡོག་མི་དགོས་པར་འགྱུར་བས་ཕན་ཐོགས་ཆེ། དབུས་གཙང་དུ་མཇལ་བའི་མགྲོན་པོ་རྣམས་ཀྱིས་ཀྱང་རྒྱུ་ནོམ་ས་ཤ་ཁུད་དུ་མི་ཡལ་བར་ཆོས་ཕྱོགས་སུ་འགྲོ། ཕྱོགས་ཕྱོགས་ཀྱི་ར་ལུག་གཡག་གསུམ་མང་པོའི་སྲོག་ཀྱང་ཤུགས་ཀྱིས་ཐར་བས། སྐྱབས་མགོན་རྒྱལ་བ་པཎ་ཆེན་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་རིང་བའི་ཚེ་སྒྲུབ་ཞབས་བརྟན་གྱི་མཆོག་ཏུ་འགྱུར། ཤ་ཁྲག་ཇོ་བོའི་སྐུ་རྒྱབ་ནས་མ་བཙོང་ན་སྐོར་ལམ་གཙང་སིང་ངེ་བ་བསྟན་པའི་མིག་རྒྱན་དུ་ཡང་མཛེས། སྡིག་སྒྲིབ་ཀྱིས་ཇོ་བོའི་བྱིན་རླབས་ཉམས་པ་ཡང་མི་ཉམས་པར་ཆེ་རུ་འགྲོ། ཤ་ཟོས་པའི་ཉེས་པ་སོགས་མེད་པར་སེམས་ཅན་མང་པོའི་ཚེ་ཐར་པའི་དགེ་བའི་མཐུས་ཕྱི་མར་ཡང་ལྷ་མིའི་གོ་འཕང་ཐོབ་ནས་བདེ། མདོར་ན་ཚེ་འདི་ཕྱི་གང་དུ་བདེ་བ་འབྱུང་བ་ཚད་ལྡན་གྱི་རྒྱལ་བའི་གསུང་རབ་དགོངས་འགྲེལ་ལ་བལྟས་ན་གསལ་བ་ཀུན་གྱི་ཐུགས་ན་མངའ་བ་དེ་རེད་གསལ་བཏབས་པ་མ་གཏོགས་ཞུ་ཅི་དགོས། གཞན་ཡང་ངེད་རྣམས་ཀྱིས་སོ་ཐར་བྱང་སེམས་སྔགས་སྡོམ་རྣམས་ཁས་བླངས་ལམ་རིམ་བློ་སྦྱོང་ཕྱག་རྫོགས་ལམ་འབྲས་ཞི་བྱེད་གཅོད་ཡུལ་སོགས་མདོ་སྔགས་ཆོས་ཀྱི་ཉིང་ཁུ་རྣམས་ཉམས་སུ་ལེན་མཁན་རྣམས་ཀྱིས་གྲལ་ཡིན་ཕྱིན་དངོས་སམ་བརྒྱུད་ནས་སེམས་ཅན་ལ་གནོད་པར་འགྱུར་བའི་ལས་ཐམས་ཅད་སྤངས་ནས་ཕན་གང་ཐོགས་བྱེད་དགོས། ཁྱད་པར་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཟུང་སེམས་ཅན་ཐམས་ཅད་ཕ་མ་རུ་བསམས་ནས་ཉམ་ཐག་ཀུན་ལ་སྙིང་རྗེ་བསྐྱེད་དགོས། དྲིན་གཟོ་ལ་ཕན་འདོགས་བྱེད་དགོས་པ་དེ་བདེན་པར་ཁས་ལེན་ན། ད་ལྟ་སྟོན་པའི་རྗེས་འཇུག་ཏུ་ཁས་ལེན་པའི་འོ་སྐོལ་རྣམས་ཀྱིས་ཕ་མ་སེམས་ཅན་ཉམ་ཐག་ར་ལུག་གཡག་གསུམ་སོགས་ལ་དྲིན་གཟོ་རུ་ཕན་ཞིག་མི་འདོགས་རུང༌། སྲོག་དབུགས་བཅད་པའི་ཤ་ཁྲག་དམར་པོ་ཟོས་ནས་ཕམ་གླན་པ་འདི་ཤིན་ཏུ་མི་རིགས་ཏེ། དེང་སང་འཇིག་རྟེན་པ་སྨོས་ཅི་དགོས། དགེ་འདུན་པ་རྣམས་ཀྱིས་ཕལ་ཆེ་བའི་ལོངས་སྤྱོད་ཀྱི་གཞི་མ་ཤ་འདི་ཁོ་ན་ལ་བྱས་ཚེ། ཟ་བ་པོ་མང་བཞིན་ཕ་མ་ར་ལུག་གི་སྲོག་ལ་འཚེ་བ་མང་པོ་འདི་བྱུང་བ་ཡིན་པས། དགེ་འདུན་པ་རྣམས་ཀྱིས་སྡིག་ཟས་ཕ་མའི་ཤ་ཁྲག་དམར་པོ་ལ་ལོངས་སྤྱོད་པ་འདི་སྟོན་པའི་རྗེས་འཇུག་རྣམས་ཀྱི་སྤྱོད་ཡུལ་ཞིག་གཏན་ནས་མ་ཡིན། སྙིང་རྗེ་མེད་པའི་བདུད་དང་སྲིན་པོ་གཤིན་རྗེ་རྣམས་ཀྱི་སྤྱོད་པ་མ་ནོར་བ་དངོས་ལག་ལེན་ལ་བཏབ་པ་ཡིན་པས། བསྟན་འགྲོ་ལ་གཅེས་སྤྲས་མཛད་འདོད་པའི་བྱང་ཆུབ་སེམས་དཔའ་འདྲ་ཡོད་ན། སྙིགས་དུས་བཙུན་པ་རྣམས་ཀྱི་སྤྱོད་ཁྱེར་ངན་པ་འདི་ལ་ཐུགས་རྗེ་རེ་གཟིགས་དགོས་ཏེ། ལྕང་སྐྱ་ཐམས་ཅད་མཁྱེན་པའི་ཞལ་གྱི་བུམ་བཟང་ལས།
སེམས་ཅན་ཤ་ཁྲག་རུས་གསུམ་སྤུངས་དཀྱིལ་དུ། །གྲི་འཕྱར་མཆིལ་མིད་ཆེས་ཆེར་རིངས་ཤིང་རྔམས། །དཔུང་ཚོགས་དགྲ་བགེགས་འདུལ་ལ་ཆས་འདྲ་བའི། །དགེ་འདུན་གཟུགས་བརྙན་རྣམས་ལ་ཐུགས་རྗེས་གཟིགས། །
ཞེས་གསུངས་པ་དེ་ཐུགས་ཤིན་ཏུ་མད་དེ། དེའི་རྒྱུ་མཚན་ཡང་འདི་ལྟར་སོམས་དང་ཧ་གོ་ཡོང་། ཕ་མ་ར་ལུག་འབྲི་གཡག་ལ་སོགས་སེམས་ཅན་ལས་ངན་པ་མང་པོ་ཡུལ་ཐག་རིང་པོ་ནས་དེད་འོང་དུས་ལྟོགས་སྐོམ་ངལ་བས་སྡུག་བསྔལ་མྱང་། ཤན་པའི་སྒོ་དྲུང་དུ་སླེབས་ནས། སྡིག་ཅན་ཤན་པ་མིག་དམར་གྱི་ལག་ཏུ་སྤྲད་ནས་མགོ་བཅད་དེ་གསོད་པའམ། ཡང་ན་ཁ་བསུམ། ཡང་ན་རྩིབ་ལོགས་ནས་སྙིང་ལ་གྲི་ཕྲ་མོའམ་འབུག་རྣོན་པོ་རྒྱག ། ཡང་ན་བྲང་གཤགས་ནས་ཁོག་ཏུ་ལག་པ་བཏང་ཏེ་སྲོག་རྩ་དམར་པོ་བཅད་ནས་གསོད་པའི་དུས་སྐབས་རྣམས་སུ། ར་ལུག་གང་ཡིན་ཡང་དངངས་ཤིང་སྐྲག་ནས་འཐེན་བསྐོར་བྱས། སྐད་འདོན་སུག་བཞི་འདར། བཤན་པའི་གདོང་ལ་མིག་ཧྲིག་ཧྲིག་བལྟ། ལུག་འགའ་རེ་མིག་མཐར་ཆུ་འཁྱིལ་མཆི་མ་ཁྲིལ་ལེར་གཏོང་། སྙིང་རྗེ་རྒྱུ་དེན་ཡོད་མོད། དེ་མཐོང་ཞིང་ཐོས་ན་བླ་མ་དགེ་འདུན་པ་ཞིག་མི་དགོས། རྒན་རྒོན་གཞོན་ནུ་སྙིང་རྗེ་ཅན་གྱི་མིག་ནས་མཆི་མ་འཆོར། དེ་ཚོ་བསམ་ན་ཤ་ཟོས་པ་ཕ་མ་གཉིས་ཀྱི་ཤ་ཟོས་པ་ལས་ཐུ། སྲོག་དབུགས་གཅོད་དུས་བཟོད་བླགས་མེད་པའི་ན་ཚ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་། ཇ་ཐེབ་རེ་ལ་འཆི་རྒྱུ་མེད། ལུས་པོ་ཤིག་ཤིག་ཡོམ་ཡོམ་འགུལ། འོ་སྐོལ་རྣམས་ཀྱི་མགོ་གཅོད་པ་དང་། ཁ་སྣ་བསུམ་པའམ། ཡང་ན་ཁོག་ཏུ་ལག་པ་བཏང་ནས་སྲོག་རྩ་འཐེན་པ་ཕར་ཞོག ། རང་གི་ཤ་སེན་མོ་གཉིས་ཀྱི་བར་དུ་འཚོར་དང་། དེ་ཙམ་གྱི་སྡུག་བསྔལ་མི་བཟོད་ན། ཕ་མ་ར་ལུག་རྣམས་ཀྱིས་དེ་བས་བརྒྱ་སྟོང་འགྱུར་གྱི་སྡུག་བསྔལ་མྱངས་ནས་ཤི་བ་ཡིན་པས། དེ་ལྟར་རང་ལུས་ལ་དཔེ་བླངས་བསམ་མནོ་ཞིབ་ཏུ་བཏངན་བྱང་ཆུབ་སེམས་དཔའ་རྣམས་སྙིང་རླུང་ལྡངས་ན། འོ་སྐོལ་རྣམས་ལ་སྙིང་མེད་ན་མ་གཏོགས་ཡོད་ན་སྙིང་རྗེ་ཞིག་སྐྱེ་དགོས་ཏེ། དཔེར་ན་ཚེ་འདིའི་རང་གི་མ་རྒན་གཞན་གྱིས་བསད་ནས་ཤ་བཙོས་དྲངསན་མ་དེ་ལ་སྙིང་རྗེ་སྐྱེའམ་མི་སྐྱེ། དཔེ་དེ་བཞིན་དུ་ར་ལུག་གཡག་གསུམ་གང་ཡིན་ཡང་རང་གི་ཚེ་སྔོན་མའི་མ་དྲིན་ཅན་ཡིན་པས། གཞན་གྱིས་བསད་ནས་བྱིན་ཀྱང་སྙིང་རྗེ་ཞིག་ཅི་ལ་མི་སྐྱེ། གལ་ཏེ་སྙིང་རྗེ་མི་སྐྱེ་རུང་། འདོད་སྲེད་ཅིག་སྐྱེས་ནས་ཟ་མཁན་རྣམས་ལས་ཀྱི་སྲིན་པོ་བས་སྙིང་རྗེ་ཆུང་ཞིང་། ཁྲ་དང་སྤྱང་ཀི་བས་ཤ་དད་ཆེ་བ་ཡིན་ཏེ། སྔོན་རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་ནས་བསྟན་པ་ཕྱི་དར་གྱི་དུས། །ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཀྱི་ཆོས་ལོག་པར་སྤྱོད་ཚད་ལ་བཀའ་ཤོག་བརྫངས་པ་ལས།
ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཁྲ་དང་སྤྱང་ཀི་བས་ནི་ཤ་དད་ཆེ། །སོགས་གསུངས་ནས། སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབནས། །མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ། །
གསུངས་པ་ཐུགས་བདེན་ཏེ། ཤ་ཡི་ཕྱིར་ཕ་མ་སེམས་ཅན་མང་པོའི་སྲོག་ལ་ཉིན་རེ་བཞིན་འཚེ་བ་མཐོང་ཐོས་བཞིན་དུ་བླ་མ་དགེ་བཤེས་རྣམས་ཀྱི་རྒྱུད་ལ་ཡང་སྙིང་རྗེ་ཞིག་མི་སྐྱེ། སེམས་ཅན་འདི་ཀུན་སྙིང་རྗེ། ཤ་འདི་སྡིག་པའི་རྩ་བ་རང་རེད། ཤ་ཟ་མི་རུང་བར་འདུག་ཅེས་ཆོས་ཤིག་ཀྱང་མི་གསུང་བར་ཅི་བདེར་ལོངས་སྤྱད་ན་སྙིང་རྗེ་མེད་པའི་སྲིན་པོ་ལས་ངན་ཏེ། ལྷོ་ནུབ་སྲིན་པོའི་ཡུལ་ན་ཡང་སྲིན་པོ་རྒན་པ་རྣམས་ཀྱི་ཁ་སྐད་ལ། སྲིན་པོ་གདོང་དམར་བོད་ཀྱི་ཡུལ་ན་ཤ༡་ཁྲག༢་ཟོས༡་འཐུང་༢་བ་ཙམ་དུ་མ་ཟད། རུས་པ་ཡང་བརྡུངས་ནས་ཁུ་བ་འཐུང་བ་རེད་དེ་ཞེད་གི་ཞེས་གླེང་སྐད། དེས་ན་སྲིན་པོ་ལས་ངེད་ཚོ་སྙིང་རྗེ་ཆུང་། སྙིང་རྗེ་མེད་པའི་སྲིན་པོ་ཞིག་གཞན་ན་ཡོད་མ་སེམས། ཁྲ་ དང་སྤྱང་ཀི་སོགས་ཀྱིས་ཉི་མ་རེ་གཉིས་རེ་ལ་ཤ་མེད་པར་འདུག་དུས་མང་། ཤ་ཡིས་འགྲངས་ཚེ་ལྟོགས་རགས་བར་དུ་ཤའི་ཕྱིར་དུ་མི་འབད་པར་ས་ཞིག་ལ་བབས་ནས་ལྷོད་དེ་སྡོད། ངེད་ཚོའི་བླ་མ་དཔོན་པོ་ལ་སོགས་པའི་མི་ཕལ་ཆེ་བ་ཉིན་གཅིག་ལ་ཤ་མེད་པར་སྡོད་མི་ཚུགས། ཤས་རྒྱགས་རུང་ད་དུང་ཕྱིན་ཆད་ཟ་དགོས་སྙམ་ཤ་མང་པོ་ཉོ། ཤ་རིན་གྱི་ནོར་རྫས་མང་པོ་གསོག་འཇོག་བྱེད་པས། ཁྲ་དང་སྤྱང་ཀི་རྣམས་ལས་ངེད་ཚོ་ཤ་དད་ཆེ་ངེས། དེས་ན་སྡེ་སྣོད་གསུམ་ན་སྟོན་པའི་རྗེས་འཇུག་རྣམས་ཀྱིས་སེམས་ཅན་ལ་དངོས་སམ་བརྒྱུད་ནས་གནོད་པའི་བྱ་སྤྱོད་ངན་པ་འདྲ་གཏན་ནས་བྱེད་མི་རུང་ཞེས་གསུངས་ཚད་ལ། ཁ་གསང་ནས་མིན་ཞེས་མ་སྨྲས་པ་ཙམ་མ་གཏོགས་དོན་གྱིས་སྐུར་བ་བཏབ་པར་འགྱུར་བས། མནར་མེད་དམྱལ་བར་སྐྱེ་ངེས། ཅི་ལ་མི་སྐྱེ། དེ་རུ་སྐྱེ་བའི་རྒྱུ་སྒྲུབ་པའི་འོ་སྐོལ་སྙིགས་དུས་ཀྱི་ཆོས་པའི་གཟུགས་བརྙན་ཕལ་ཆེ་བ་རྣམས། ལྷ་བླ་མ་ཡེ་ཤེས་འོད་སོགས་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ཡུལ་ལས་གཞན་འོས་ཅི་ཡོད་ལེགས་པར་སོམས་དང་ཧ་གོ་ཡོང་། འོན་སངས་རྒྱས་ཀྱིས་རྗེས་འཇུག་རྣམས་ལ་རྣམ་གསུམ་དག་པའི་ཤ་གནང་ངོ་ཟེརན། གནང་བ་བྱིན་པ་ལ་ཡང་རྣམ་པ་མང་བས། ཐམས་ཅད་པོ་ར་ཆུ་ལ་བརྒལ་བ་བཞིན་བྱེད་ག་ལ་རུང་། ཡུལ་ཕྱོགས་དེ་ན་ཤ་མ་གཏོགས་འཚོ་བའི་ཟས་གཞན་མེད། ཡུལ་དུས་ཀྱི་དབང་གིས་སྲོག་འཚོ་བའི་ཕྱིར་བསྟེན་དགོས་པ་བྱུང་ན། དགག་བྱ་བ་ལ་དགོས་པ་གཙོ་བྱ་བ་ཡིན་པས། རྣམ་གསུམ་དག་པའི་ཤ་ཅུང་ཟད་ཙམ་རེ་བསྟེན་ཆོག ། དགེ་སློང་རྒན་པ་རླུང་གིས་འཆི་ལ་ཉེ་བའི་ནད་རྩི་ལ་ཟས་གཞན་གྱིས་ཕན་པ་མ་བྱུང་བར་ཤས་ཕན་ན་རྣམ་གསུམ་དག་པའི་ཤ་བསྟེན་ཆོག་ཅེས་གསུངས་པ་ཡིན་གྱི། གཞན་ཟས་དཀར་གསུམ་མངར་གསུམ་རྩམ་པ་གྲོ་ཞིབ་འབྲས་སོགས་ཅི་འདོད་ཟ་རྒྱུ་ཡོད། དགོས་པ་གཞན་མེད་བཞིན་དུ་བསྟེན་རུང་ཆོག་ཅེས་པའི་ཚིག་ཏུ་འཁྲུལ་པར་མི་བྱ་སྟེ། དེ་ཡིན་ན་སངས་རྒྱས་ཀྱིས་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟར་མི་རུང་ངོ་ཞེས་བཅས་པ་མཛད་པ་དང་། ཤ་ཆང་གཉིས་རང་གིས་ལོངས་སྤྱོད་པ་ལྟ་ཅི་སྨོས། གཞན་ལ་བྱིན་པ་ཡང་དམྱལ་བ་ངུ་འབོད་དུ་སྐྱེ་ཚུལ་སོགས་ཤ་ཟོས་པའི་ཉེས་དམིགས་མཐའ་ཡས་པ་གསུངས་པ་ཐམས་ཅད་རྫུན་ཡིན་ཞེས་སྨྲ་དགོས། གཞན་ཡང་སངས་རྒྱས་ཀྱིས་རྣམ་གསུམ་དག་པའི་ཤ་ཤན་པའི་ལག་ནས་བླངས་གསུངས་པ་ཡང་རྣམ་པ་མང་། དེ་ཡུལ་དུས་དང་བསྟན་དགོས་ཏེ། སྔོན་སངས་རྒྱས་ཀྱི་དུས་དང་། དེང་སང་གི་དུས་ཀྱི་དགེ་འདུན་པ་དང་ཤན་པ་རྣམས་ཀྱིས་བསམ་སྦྱོར་གཅིག་དགོས་མོད། སངས་རྒྱས་ཀྱི་དུས་ལུང་རྟོགས་ཀྱི་བསྟན་པ་དར་བས། དགེ་འདུན་པ་རྣམས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་དབང་དུ་སོང་ནས་ཤ་མི་ཟ་ནོར་རྫས་གསོག་འཇོག་གཏན་ནས་མི་བྱ། ཕྱོགས་གཅིག་ཏུ་འཚོགས་ནས་དུས་རྒྱུན་མི་སྡོད། བོད་བཞིན་དགོན་པ་མང་པོ་ཡང་མེད། དེའི་དུས་ཀྱི་ཤན་པ་རྣམས་ཀྱིས་ཀྱང་རང་གི་ཁ་དང་ཉེ་འབྲེལ་སོགས་ཀྱི་ཆེད་མ་གཏོགས་གཞན་དགེ་འདུན་པས་ལོངས་སྤྱོད་སྙམ་དེ་ལ་དམིགས་ནས་ར་ལུག་གཅིག་ཙམ་ཡང་གསོད་པའི་བསམ་སྦྱོར་མེད། དེའི་དུས་དགེ་འདུན་པ་རྒན་པ་རླུང་ཤས་ཆེ་བ་འཆི་ལ་ཉེ་བའི་རླུང་ནད་ལ་ཕན་ཕྱིར་ཤན་པའི་ལག་ནས་ཤ་ཅུང་ཟད་རེ་བླངས་ནས་ཟོས་ཀྱང་རྣམ་གསུམ་དག་པ་ཡིན་པ་དེ་བདེན་ཀྱང་། དེང་སང་སངས་རྒྱས་ཀྱི་བསྟན་པ་དར་དར་འདྲ་ཡང་། ལུང་གི་བསྟན་པ་ཙམ་མིན་རྟོགས་པའི་བསྟན་པ་ཉམས་པའི་དུས་ངན་འདིར། དགེ་འདུན་པ་ཕལ་ཆེ་བ་དུག་གསུམ་དུག་ལྔའི་གཞན་དབང་དུ་སོང་། སྡིག་ཟས་ཕ་མའི་ཤ་ཁྲག་འདི་ལོངས་སྤྱོད་ཀྱི་གཞི་མར་བསྟེན། གསོག་འཇོག་ཁྱིམ་པ་ལས་ཆེ་བ་བྱས། དགོན་ཆེན་ཀྱང་མང་པོ་ཚུགས་བྱུང་ཚེ། ཤན་པ་རྣམས་ཀྱིས་ཀྱང་དགེ་འདུན་པ་རྣམས་ཀྱིས་ཤ་ཟ་བ་དང་རིན་ཆེན་པོ་བྱིན་ནས་ཉོ་བཤེས། དགེ་འདུན་པ་སྤྱི་ལ་དམིགས་ནས་ཕ་མ་ར་ལུག་མང་པོ་བསད། དགེ་འདུན་པ་རྣམས་ལ་ཤ་དགོས་ཤའི་ཕྱིར་དུ་ཕ་མའི་སྲོག་གཅོད་དགོས། སྲོག་གཅོད་པ་ལ་ཤན་པ་འཇོག་དགོས་བྱུང་ནས། ཤན་པ་ཡོད་ཚད་བསམ་བཞིན་དུ་དགོན་པའི་ཐག་ཉེར་བཞག ། བཤན་པས་དགེ་འདུན་པ་སྤྱི་ལ་དམིགས་ནས་ཕ་མ་ར་ལུག་གཡག་གསུམ་གསོད་པ་མཐོང་ཐོས་དོགས་གསུམ་ཡོད་བཞིན་དུ། རྣམ་གསུམ་དག་པ་ཡིན་ཞེས་སྨྲསན། དེ་དགེ་འདུན་པ་ཡོངས་ལ་རྫུན་གྱི་ཕམ་པ་ཡང་འབྱུང་ཉེན་ཆེ་ལ། དགེ་འདུན་ཡོངས་ཀྱི་ཁ་ནས་མ་བཤད་པ་མ་གཏོགས་དོན་གྱིས་བཤན་པ་རྣམས་ལ་གསོད་པ་ཁྱེད་ཚོས་སོད་དང་ཉོ་བ་ངེད་ཚོས་ཉོ་ཞེས་བཤད་པ་ དང་ཁྱད་པར་མེད། ཁ་ནས་ཕར་ལུག་འདི་སོད་དང་། ཤན་པས་ཚུར་ལ་དགེ་འདུན་པ་རྣམས་ལ་དམིགས་ནས་ལུག་འདི་ཙམ་ཞིག་བསད་ཅེས་མ་བཤད་པ་ཙམ་གྱིས་རྣམ་གསུམ་དག་པར་མི་འགྱུར། དེས་ན་དེང་སང་དགོན་པའི་ཐག་ཉེའི་བཤན་པས་བསད་པའི་ཤ་འདི་རྣམ་གསུམ་མི་དག་པར་མ་ཟད། ཕྱོགས་དེར་འཚོགས་པའི་དགེ་འདུན་ཤ་བཞེས་ཚད་སྤྱི་ལ་དམིགས་ནས་བསད་པའི་བསྔོས་ཤ་ཡིན་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དགོན་མཐའན་གནས་པའི་ཤན་པས་བསད་པའི་ཤ་འདི་ལོག་འཚོ་རུ་བསམས་ནས་འཛེམས་པ་གལ་ཆེ། དེས་ན་སངས་རྒྱས་ཀྱི་གསུང་དེ་འདྲའི་རིགས་ཡུལ་དུས་དང་བསྟུན་ཤེས་དགོས། དེང་སང་བླ་མ་རྣམས་ལ་ཡང་སྦྱིན་བདག་གིས་ཁྱེད་ཀྱི་འཚོ་བ་ལ་ལུག་ཅིག་བསད་ནས་ཤ་འདྲེན་རྒྱུ་ཡིན་ཞེས་ཞུསན། ངོ་ཚ་ནས་འཛེམ་པ་འདྲ་ཡིན་ན་མ་གཏོགས། སྦྱིན་བདག་གིས་བླ་མ་ལ་དམིགས་ནས་ལུག་བསད་དེ་དྲངས་ན། ལུག་དེ་གང་ཡིན་ཀྱང་བླ་མས་མཐོང་ཐོས་དོགས་གསུམ་ཡོད་ཀྱང་། རང་གིས་ཟོས་པས་མི་ཆོག་གཞན་ལ་ཡང་ཁྲོ་ཟོ་ཟེར་གྲྭ་པ་རྣམས་གྲོགས་སུ་སྦྲན་ནས་ཟ་བ་མང་། བསྔོས་ཤ་ཟེར་བ་དེ་བླ་མ་ཡིན་ཀྱང་ཁྱེད་ལ་ལུག་བསད་ནས་འདྲེན་རྒྱུ་ཡིན་ཞེས་ཞུ་དགོས་པ་མིན། བླ་མ་ལ་དམིགས་ནས་བསད་པ་དེ་བླ་མ་ཁོ་རང་གིས་མཐོང་ཐོས་དོགས་གསུམ་བྱུང་བ་དེས་ཆོག་ཡོང་། གལ་ཏེ་རྣམ་གསུམ་དག་རུང་སོ་ཐར་བྱང་སེམས་སྔགས་སྡོམ་བླངས་ནས། ལམ་རིམ་བློ་སྦྱོང་ཕྱག་རྫོགས་ལམ་འབྲས་ཀྱི་ནང་ལྟར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་ཀྱི་ཆ་ལུགས་འཛིན་པ་རྣམས་ཀྱིས་སེམས་ཅན་ར་ལུག་རྣམས་ཕ་མ་རུ་བསམས་ནས། དེའི་སྲོག་ལ་གནོད་ཀྱིས་དོགས་ནས་མི་ཟ་བ་དང་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེ་ལ་རག་ལས་པས། བསྟན་པའི་མིག་རྐྱེན་ལ་ཕན་པའི་ཕྱིར་ཡང་ཤ་གཏན་ནས་མི་ཟ་བ་ཞིག་གལ་ཆེ་སྟེ། འབྲུག་པ་ཀུན་ལེགས་ཀྱིས།
བསམ་མནོ་བཏང་ན་ཕ་མའི་ཤའམ་བུའི་ཤ་སུས་ཟ་ནུས། ཉན་ཐོས་རྣམས་ཁ་ཤ་ཟ་བར་འདོད་པ་དང་། རང་ལ་ཉེས་པར་འགྱུར་བའི་དམིགས་ཤ་མ་བྱུང་ན། དེས་ཆོག་པར་བརྩིས་ནས། ཉན་ཐོས་རྣམ་གསུམ་དག་པའི་ཤ། །ཟ་བར་རུང་གིས་མི་ཟ་ན། །ལྷས་སྦྱིན་གྱི་ནི་བརྟུལ་ཞུགས་འགྱུར། །གསུངས་པ་ལ་འཁྲིས་ནས་ཤ་བཞེས་ཀྱིན་འདུག་སྟེ། འདི་ལ་མཚུངས་པ་ཞིག་ཞུ་ན། སྟུ་ཤར་པོ་གསུམ་འཁོར་བ་ཞིག་ལ་བྱས་ཨེ་ཆོག ། མི་ཆོག་ན་ཚོང་འདུས་གསུམ་དུ་མ་བྲིན་པའི་ཤ་ཡང་ཟོས་མི་ཆོག ། དོན་ལ་མི་བསམ་པར་ཚིག་ལ་འཁྲིས་པ་འདིས་ཕུགས་སྐྱོན་གཅིག་ནི་རང་ལ་འོང་
གསུངས། འོན་ལྷ་ས་གཞིས་ཀ་རྩེ་སོགས་ཀྱི་ཤན་པ་འདི་རྣམས་ཀྱི་ནང་ནས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པས་ཡར་འདྲེན་པ་ཡང་ཡོད་སྲིད། སྔོན་ཡང་ཡོད་པའི་རྒྱུ་མཚན་ལོ་རྒྱུས་འདུག་པས། ལྷ་སའི་ཤན་པ་འདི་རྣམས་ཀྱི་ལག་ནས་ཉོས་ན་ཉེས་པ་མེད་ཟེར་ན། སྔོན་དེ་འདྲ་རེ་རེ་ཙམ་བྱུང་འདུག་དེང་སང་ཡང་ལོས་ཡོད་སྙམ་པ་དེ་དག་སྣང་སྦྱང་པ་ཡིན་ན་ལེགས་ཏེ། ཁ་ཤ་ཟ་འདོད་པའི་གཡོ་སྒྱུ་མིན་ན་རུང་སྟེ། ལྷ་སའི་ཤན་པ་ཐམས་ཅད་ཀྱིས་འདྲེན་གྱིན་ཡོད་སྙམ་ནས་ཤ་ཟ་ག་ལ་རུང་། ཤན་པ་སྟོང་གི་ནང་ན་ཡང་འདྲེན་མཁན་གཅིག་ཀྱང་ཨེ་ཡོད་ཅི་ཤེས། སུ་ལོ་མངོན་ཤེས་ནི་མེད། ཤན་པ་རྣམས་ཀྱིས་རྣམ་ཤེས་དག་ཞིང་དུ་དྲངས་རྟགས་ཁྱད་པར་ཅན་བསྟན། བླ་མ་དམ་པའི་མངོན་ཤེས་ཀྱིས་མཁྱེན་ནས་དེས་འདྲེན་པར་ཐག་ཆོད་ཅེས་ལུང་བསྟན་ཐོབ་པའི་ཤན་པ་ཡོད་ན་ལེགས་ཏེ། དེ་འདྲ་དཀོན། གལ་ཏེ་དེ་འདྲ་ཡོད་ཀྱང་སྔོན་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཕ་མ་སེམས་ཅན་ཤི་བའི་རྣམ་ཤེས་དག་ཞིང་དུ་དྲངས་ཟེར་བ་རྣ་ཐོས་ཡོད་པས་དེ་ལུགས་མཛད་ན་ལེགས་ཀྱི། སྲོག་བཅད་ནས་རྣམ་ཤེས་དག་ཞིང་དུ་འདྲེན་པ་འདི་འཕྲལ་དུ་ཕ་མ་སེམས་ཅན་སྡུག་ལ། ཕུགས་སུ་རྒྱལ་བ་སྲས་བཅས་ཀྱི་རྣམ་ཐར་དང་ཡང་མི་མཐུན་པའི་འདྲེན་ཚུལ་བཙོག་པ་ཞིག་རེད། དེས་ན་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཀྱང་བསྟན་པའི་ཞབས་འདྲེན་འདི་རེ་ཞིག་འཇོག་རོག་གྱིས།
འོན་ཤ་ནི་སྙིང་རྗེ་ཅན་གྱིས་ཟ། །ཆང་ནི་དམ་ཚིག་ཅན་གྱིས་འཐུང་། །
གསུངས་པའང་འདུག་པས། སྙིང་རྗེ་ཅན་གྱིས་ཤ་ཟོས་ན་སྐྱོན་མེད་ཟེར་ན། དེ་ཡིན་ན་སངས་རྒྱས་དང་འཁོར་ཉན་ཐོས། རྒྱན་དྲུག་མཆོག་གཉིས། ཇོ་བོ་རྗེ་ཡབ་སྲས་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཤ་ཆང་མ་བཞེས་པར་འདུག་པས། དེ་རྣམས་ལ་སྙིང་རྗེ་དང་དམ་ཚིག་མེད་པ་ཡིན་ནམ། ཡང་ན་དེ་དག་རྣམས་ལས་ཁྱོད་ལ་སྙིང་རྗེ་ཆེན་པོ་ཡོད་ཅེས་ཁས་ལེན་དགོས་པར་འགྱུར། དེས་ན་སྙིང་རྗེ་ཅན་གྱིས་ཕ་མ་སེམས་ཅན་གྱི་ཤ་ཁྲག་དམར་པོ་ཟ་དོན་མེད། ཤ་ཟ་བ་ལ་སྙིང་རྗེ་མེད་དེ། ཞི་བྱེད་ཀྱི་རྒྱུད་ལས།
ཤ་ཟ་བ་ལ་སྙིང་རྗེ་མེད། །
གསུངས། འོན་ཤནི་སྙིང་རྗེ་ཅན་གྱིས་ཟ་གསུངས་པ་ལ་དགོངས་གཞི་ཅི་ཡོད་ཟེར་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་གྱིས་བསྟན་འགྲོ་ལ་དགོས་པ་ཆེན་པོ་ཡོད་ཚེ། རྨ་ལ་ཕན་ཕྱིར་ཁྱི་ཚིལ་གླན་པ་ལྟར་སྲེད་པ་མེད་རུང་། གཞན་ལ་ཕན་པའི་དགོས་པའི་དབང་གིས་སྙིང་རྗེ་བཞིན་ཟ་བ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ལ། རང་དགར་སྙིང་རྗེ་ཅན་གྱིས་ཕ་མའི་ཤ་ཟ་བ་ཕར་ཞོག་ལག་ཏུ་ཡང་ལེན་པར་མི་འགྱུར། དེང་སང་དགོས་པ་གང་ཡང་མེད་པར་ཤ་ཟ་བ་རྣམས་ནི་རང་གི་ནང་ན་སྙིང་རྗེ་མེད་པའི་རང་མཚན་ཕྱིར་བསྟན་པ་ཡིན་པས་གཞན་མ་སེམས། མདོ་ཧྲིལ་གྱིས་དྲིལ་བའི་སྙིང་པོ་ལ། དེང་སང་སྡེ་དགོན་ཕལ་ཆེ་བའི་ལོངས་སྤྱོད་ཀུན་གྱི་གཞི་མ་རུ་ཤ་ཟ་བ་འདིས་ཕ་མ་ར་ལུག་འབྲི་གཡག་བྱ་ཕག་ལ་སོགས་པའི་སྲོག་ལ་འཚེ་བ་བྱུང་ནས། སེམས་ཅན་གྱི་བདེ་སྐྱིད་འཕྲོག ། རྒྱལ་བའི་བཀའ་དང་འགལ་བས་སངས་རྒྱས་ཀྱི་བསྟན་པ་བཤིག་པར་འདུག ། དགེ་འདུན་པ་རྣམས་ཀྱིས་ཤ་མི་ཟ་བ་ཞིག་བྱུང་ན་ཉེས་བྱས་ཀྱི་སྒོ་མང་པོ་ཞིག་རང་བཞིན་གྱིས་ཁེགས་ནས། བསྟན་པ་ཡང་ཡུན་རིང་དུ་གནས་ཤིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་འགྱུར་ངེས། དེས་ན་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་ལ་སོགས་པའི་གསར་རྙིང་གི་གྲུབ་མཐའ་ཕལ་མོ་ཆེས་རང་རང་གི་བསྟན་པ་ལ་གཅེས་སྤྲས་སུ་མཛད་འདོད་པའི་ཕྱི་རབས་ཀྱི་བླ་མ་ཆོས་རྒྱལ་རྣམས་ཀྱིས། སྔོན་སངས་རྒྱས་ཀྱི་དུས་རྒྱ་གར་དུ་ཁྲིམས་ཇི་ལྟར་བཅས་པ་དང་། བོད་དུ་བསྟན་པ་སྔ་དར་གྱི་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་ཁྲིམས་ཇི་ལྟར་བསྡམས་པ་དེ་ལྟར། དགེ་འདུན་ཡོངས་ཀྱིས་ཀྱང་སྐོམ་དུ་དཀར་དང་ཇ་གསོལ་ཞིང་། ཟས་སུ་འབྲུ་དང་བུར་སྦྲང་མར་ཐུད་སོགས་སྡིག་མེད་ཀྱི་ཟས་མ་གཏོགས་སྡིག་ཟས་ཤ་སོགས་ཟ་མི་རུང་བའི་ཆོས་གསུངས་ཁྲིམས་ཀྱང་འཇོག་དགོས་ཏེ། སངས་རྒྱས་ཀྱི་ཞལ་ནས།
ཤ་ནི་གཅན་གཟན་རྣམས་ཀྱི་ཟས། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཟོས་ན་ཉེས་པ་གང་ཡིན་དང་། །མ་ཟོས་པ་ཡི་ཡོན་ཏན་དག ། ཤ་ཟ་དེ་ལ་གང་ཡོད་པ། །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་བ་དང་ནི་གཉེན་བྱས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངངས་གྱུར་པས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །
ཞེས་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས།
རབ་བྱུང་མཁན་པོས་སྡོམ་ཕོག་ཁྲིམས་བཅས་བཞིན། །སྡེ་སྣོད་གསུམ་ནས་ཇི་ལྟར་བཤད་བཞིན་གྱིས། །དགེ་འདུན་སྐོམ་དུ་དཀར་དང་ཇ་གསོལ་ཅིག ། ཟས་སུ་འབྲུ་དང་བུར་སྦྲང་མར་ཐུད་གསོལ། །གོས་སུ་ཐང་ཤམ་ངུར་སྨྲིག་ཆས་མཛོད་ཅིག ། གནས་སུ་གཙུག་ལག་ཁང་སྡེའི་ནང་དུ་བཞུགས། །ཆང་ནག་ཤ་དང་ལྷད་ཟས་མ་སྟེན་ཅིག །
གསུངས་སོ། །དེས་ན་དེང་སང་བོད་དུ་ཆོས་དར་ཡུན་རིང་ཞིང་དར་ཆེས་དྲགས་པས། ཐམས་ཅད་ཆོས་དྲེད་དུ་སོང་ནས་དགོན་སྡེ་དང་གཙུག་ལག་ཁང་གི་ཐག་ཉེར་མཐོང་ཐོས་དོགས་གསུམ། འབྱུང་བའི་སྡིག་པའི་གྲོགས་པོ་བཤན་པ་ལག་དམར་བཞག་ནས་ཕ་མ་ར་ལུག་བརྒྱ་སྟོང་མང་པོ་བསད། ཤ་ཡི་རྩིག་པ་བརྩིགས། ཁྲག་གི་ཆུ་རྒྱུན་བཙུགས་ནས་བསྟན་པ་ལརྨ་ཕབ། སེམས་ཅན་ལ་སྡུག་གཏོང་བ་འདི་ལ་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། རྒྱལ་བ་བློ་བཟང་གྲགས་པ་སོགས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐུགས་རྗེ་རེ་གཟིགས་ཞེས་གསོལ་བ་འདེབས། རྒྱལ་བ་ཡབ་སྲས་རྒྱལ་ཚབ་དམ་པ་དགའ་ལྡན་གསེར་ཁྲི་སོགས་བསྟཛིན་གྱི་སྐྱེས་བུ་དམ་པ་ད་ལྟར་བཞུགས་པ་དང༌། སླད་ནས་འབྱོན་པ་རྣམས་ཀྱིས་འདི་ལ་ཐུགས་མཉམ་རེ་ཞོག་ཅེས་ཐུགས་རྒྱུད་འགྲོ་བའི་དོན་དུ་བསྐུལ། སྐྱ་སེར་ཕོ་མོ་བློ་ལྡན་སྙིང་རྗེ་ཅན་རྣམས་ཀྱིས་ཕ་མ་སེམས་ཅན་གསོད་པའི་ཤན་པ་དང་ཤ་ཁྲག་དམར་པོའི་ཟས་ངན་པ་འདི་ལ་ལྟག་པ་རེ་སྟོན་ཅེས་སྙིང་ཐག་པ་ནས་སྨྲས་པ་ཡིན་པས་སེམས་ལ་ཞོག ། ཁྱད་པར་ཁྱེད་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་བསད་ཚད་གསོ་ནུས་ཤིང་། ཟོས་ཚད་འདྲེན་གྱིན་ཡོད་པ་རྣམས་ཀྱིས་ཀྱང༌། དེང་སང་སྙིགས་དུས་འདིར་ཡར་འདྲེན་པའི་ནུས་པ་མཆིས་པའི་བ་མ་སྐུ་སྐྱེས། དགེ་བཤེས་སྔགས་འཆང་སོགས་སྙིང་ཁམས་ཅན་མང་པོས་སེང་གེའི་མཆོངས་སར་ཝ་ལྡིང་བ་ལྟར་བྱས། རང་གཞན་གཉིས་ཕུང་བྱེད་པར་འདུག་པས། དེ་རྣམས་ལ་ཕན་ཕྱིར་ཡར་འདྲེན་མི་ནུས་པ་ལྟར་མཛོད་ལ་ཤ་མ་ཟ་དང་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ་བར་འགྱུར་རོ། །སྨྲས་པ།
སྙིང་རྗེ་ནམ་མཁའ་མཛོད་ལ་དབང་བསྒྱུར་བའི། །འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །སྙིང་རྗེས་ཕོངས་པའི་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྙིང་རྗེ་ཆེན་པོའི་དངོས་གྲུབ་སྩོལ། །མྱུར་དུ་སངས་རྒྱས་ཐོབ་པར་འདོད་པ་ཡིས། །བྱམས་དང་སྙིང་རྗེ་ལྷག་བསམ་དག་པའི་སྒོས། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྒྱལ་སྲས་སྤྱོད་པ་རྣམས་ལ་བསླབ་པར་བྱ། །རང་གི་ཚེ་རབས་ཐོག་མ་མ་མཆིས་པས། །ཚེ་སྔོན་ཕ་མར་མ་གྱུར་སེམས་ཅན་མེད། །དངོས་སམ་བརྒྱུད་ནས་ཕ་མ་སེམས་ཅན་གྱི། །སྲོག་ལ་གནོད་པའི་ཤ་ཁྲག་ཟ་མི་རུང་། །སྡིག་ཟས་ཕ་མའི་ཤ་ཁྲག་ཟོས་ཚད་ཀུན། །ཕྱི་མར་དམྱལ་བ་འོ་དོད་འབོད་སོགས་སུ། །བཙོས་ནས་སྡུག་བསྔལ་ཆེན་པོ་མྱོང་དགོས་ཞེས། །ལང་ཀར་གཤེགས་པའི་མདོ་ལས་རྒྱས་པར་གསུངས། །ཤ་ཁྲག་རུས་གསུམ་བཙོས་ནས་ཟོས་གྱུར་ན། །ཕྱི་མར་དམྱལ་བ་ཁྲོ་ཆུ་ཁོལ་མར་སྐྱེ། །ཤ་ཁྲག་ཁམས་གསུམ་ཕུང་བར་བྱེད་པའི་ཟས། །ཡིན་ཞེས་ཐུགས་རྗེ་ཆེན་པོའི་རྒྱུད་ལས་གསུངས། །ཤ་ཁྲག་ཟོས་པའི་ལུས་ལ་དྲི་ཟ་འདུས། །བཅུད་འཕྲོག་ཕྱི་མར་སྲིན་པོ་ཤ་ཟ་མོ། །ལང་ཀའི་ཡུལ་དུ་དེ་དག་འཁོར་རོ་ཞེས། །རྙིང་རྒྱུད་ཀུན་འདུས་རིག་པའི་མདོ་ལས་གསུངས། །ཤ་ཟོས་ཚེ་ཐུང་ཕལ་ཆེར་དམྱལ་བར་འགྲོ། །ལན་དུའང་སྲོག་གཅོད་རང་ཤ་གཞན་གྱིས་ཟ། །རྒྱུ་སོང་འབྲས་བུ་དེ་དང་མཚུངས་སོ་ཞེས། །རྒྱལ་བུ་དད་པ་བརྟན་པོའི་ཞལ་ནས་གསུངས། །དེའི་ཕྱིར་ཤ་ཡི་ཉེས་དམིགས་ལེགས་བསམས་ནས། །ར་ལུག་ལ་སོགས་སེམས་ཅན་གང་གི་ཤ། ། །ཡིན་ཀྱང་ནམ་ཡང་ཟ་བར་མི་རུང་ཞེས། །སྟོན་པ་སངས་རྒྱས་ཞལ་ནས་ཡང་ཡང་གསུངས། ཤ་ལ་སྲེད་པའི་དབང་གིས་ཤ་ཟ་བར། །རུང་བར་འདུལ་བ་ལས་ནི་གནང་ངོ་ཞེས། །ཁོ་བོ་ཅག་ནི་རྣམ་པ་ཐམས་ཅད་དུ། །མི་སྨྲ་དེ་འདྲ་བ་ལ་སྐྱོན་མེད་པར། །གཉིད་ཀྱི་རྨི་ལམ་དུ་ཡང་མི་སྨྲ་འོ། །སེམས་བསྐྱེད་པ་ཡིས་གང་དག་ཤ་ཟོསན། །རང་གི་སྙིང་རྗེ་ཆེན་པོ་ཉམས་འགྲོ་ཞིང་། །རོ་ལ་སྲེད་པ་དྲགས་པོ་སྐྱེར་མཐོང་ནས། །དགག་བྱ་དེ་དག་ངེས་པར་འགོག་སླད་དུ། །རྣམ་གསུམ་དག་དང་མ་དག་ཤ་ཐམས་ཅད། །མི་ཟ་བ་ནི་མཆོག་ཏུ་ངོ་མཚར་ཆེ། །
ཞེས་པ་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས། །
སེམས་ཅན་ཤ་ཁྲག་རུས་གསུམ་སྤུངས་དཀྱིལ་དུ། །གྲི་འཕྱར་དགྲ་བགེགས་འདུལ་ལ་ཆས་འདྲ་བའི། །དགེ་འདུན་གཟུགས་བརྙན་རྣམས་ལ་ཐུགས་རྗེ་ཡི། །གཟིགས་ཞེས་ལྕང་སྐྱ་ཐམས་ཅད་མཁྱེན་པས་གསུངས། །ལྷག་པར་བྱང་ཆུབ་སེམས་དཔའ་ཤ་ཡི་རོར། །སྲེད་པ་ཆེ་ན་མ་གྱུར་སེམས་ཅན་ལ། །སྙིང་རྗེ་སྐྱེས་པའང་ཉམས་པར་འགྱུར་རོ་ཞེས། །ར་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གིས་གསུངས། །དེ་ཕྱིར་འཇིག་རྟེན་ཁམས་ན་ཉིན་རེ་བཞིན། །ཤ་ཡི་ཕྱིར་དུ་སེམས་ཅན་གྲངས་མེད་རེ། །གསོད་པ་རྣམས་ལ་སྙིང་རྗེ་ཆེར་བསྐྱེད་ནས། །སེམས་ཅན་གཞན་སྲོག་སྐྱོབ་ལ་འབད་པར་བྱ། །
ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། །།

༈ གཞན་ཡང་གལ་ཆེན་འབུམ་ལ་བརྒྱ་ཚར་འདོན་པའི་དཔེ་ལྟར། ད་དུང་ཡང་ནན་ཏན་གྱིས་བཤད་པར་བྱ་སྟེ། སྟོན་པ་ཐུགས་རྗེ་ཅན་གྱི་གསུང་རབ་ཀྱི་མ་མོ་སོ་སོར་ཐར་པའི་མདོ་ལས།
སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །
གསུངས། སེམས་ཅན་གྱི་སྡུག་བསྔལ་ཞི་ཞིང་བདེ་བ་ཐམས་ཅད་བསྟན་པ་ལས་འབྱུང་སྟེ། སྤྱོད་འཇུག་ལས།
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །
གསུངས། བསྟན་པ་དེ་འཛིན་མཁན་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས།
སངས་རྒྱས་བསྟན་པ་རིན་ཆེན་སྣོད། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །
གསུངས། དེས་ན་སྡིག་སྤོང་དགེ་བ་སྒྲུབ་པ་སངས་རྒྱས་ཀྱི་བསྟན་པ་ཡིན། དེ་འཛིན་མཁན་རྣམས་དགེ་འདུན་ཡིན་ན། ཕ་མ་སེམས་ཅན་གྱི་སྲོག་བཅད་པའི་ཤ་ཁྲག་འདི་དགེ་འདུན་པ་ཞིག་གིས་ཟ་བ་ཕར་ཞོག ། སྐྱེ་བོ་ཕལ་པ་ཞིག་གིས་ཀྱང་ཟ་ག་ལ་ཕོད། སྡིག་ཟས་ཕ་མའི་ཤ་ཁྲག་འདི་དེང་སང་ས་དགེ་རྙིང་འབྲུག་སོགས་ཀྱི་དགེ་འདུན་ཡོངས་ཀྱི་ལོངས་སྤྱོད་ཀྱི་གཞི་མར་བསྟེན་པ་འདི་རྗེས་འཇུག་རྣམས་ཀྱི་སྤྱོད་ཡུལ་ཞིག་གཏན་ནས་མ་ཡིན་ཏེ། དེ་ཡི་རྒྱུ་མཚན་གང་ཡིན་ཞེ་ན། འོ་སྐོལ་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་ལ། ཚེ་རབས་སྔོན་མའི་མ་དང་ཚེ་འདིའི་ཕ་མ་གཉིས་ཀྱིས་བསྐྱངས་པ་ལ་ཁྱད་པར་མེད། ཁྱད་པར་ཚེ་སྔོན་མའི་མ་རྣམས་ཀྱིས་ཚེ་འདིའི་མའི་དྲིན་གྱིས་བསྐྱངས་པ་ལས་ལྷག་གིས་ངེད་རྣམས་ཀྱི་དོན་དུ་ལུས་སྲོག་ཀྱང་འཕངས་པ་མེད་པར་བཏང་བའི་དུས་ཀྱང་མང་ཞེས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་གསུངས་པས་དེ་སུ་ཞིག་གིས་མི་བདེན་ཟེར། དེ་བདེན་པར་རྩི་ན། ཕ་མ་སེམས་ཅན་དྲིན་ཅན་དེ་རྣམས་ཀྱི་དྲིན་ལན་དུ་ད་ལྟ་ཕན་ཞིག་མི་འདོགས་རུང་། སྲོག་བཅད་ནས་ཤ་ཟོས་ཁྲག་འཐུང་བར་མི་རིགས་ཀྱང་། ཤ་ཟོས་པ་ཙམ་དུ་མ་ཟད་རུས་པ་མུར་ཤ་ཡི་བཟང་ངན་གླེང་བ་འདི་སྙིང་རྗེ་མེད་པའི་སྲིན་པོའི་སྤྱོད་པ་མནོར་བ་དངོས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕ་མ་ར་ལུག་རྣམས་སྡིག་ཅན་ཤན་པས་གསོད་ཚེ་དངངས་ཤིང་སྐྲག ། འཐེན་སྐོར་མང་པོ་བྱས་སྐད་ངན་འདོན། མིག་མཐར་ཆུ་འཁྱིལ་སུག་བཞི་འདར། ཤན་པའི་གདོང་ལ་མིག་ཧྲིག་ཧྲིག་བལྟ། མིག་ནས་མཆི་མ་ཁྲི་ལེར་གཏོང་། སྙིང་རྗེ་རྒྱུ་དེ་དུས་ཡོད་མོད། ཤན་པ་ལག་དམར་གྱི་དམེ་ལག་གི་གོན་པའི་ཁ་གྱེན་དུ་བརྗེས། གྲི་རྣོན་པོས་མགོ་བོ་རྦད་ཀྱིས་བཅད་ཚེ། བཟོད་བླགས་མེད་པའི་སྡུག་བསྔལ་མྱོང་། ཇ་ཐེབས་རེ་ལ་ཡན་ལག་ལུས་པོ་ཤིག་ཤིག་ཡོམ་ཡོམ་འགུལ། དེ་སོགས་སྡུག་བསྔལ་མྱོང་བ་བསམ་ན་བྱང་ཆུབ་སེམས་དཔའ་སྙིང་རླུང་ལྡང་ན། འོ་སྐོལ་རྣམས་ཀྱི་སྙིང་འདི་རུལ་བ་ཞིག་ཡིན་ནམ། ཡང་ན་ཆུང་ནས་མེད་དམ། ཡང་ན་ལྕགས་ཤིག་ཡིན་ན་མ་གཏོགས། སྙིང་རྗེ་ཞིག་མི་སྐྱེ་བའི་གནས་ཡོད་དམ། སྔོན་ཤན་པ་ཞིག་གིས་ལུག་མང་པོ་བསད་ནས་སྒོ་ལ་བཤང་གཅི་འདོར་དུ་སོང་བའི་ཤུལན་ལུག་གཅིག་ཡོད་པ་དེས་རང་གི་སྲོག་གཅོད་པར་ཤེས་ནས། ཤན་པའི་གྲི་བཞག་ཡོད་པ་ས་ལ་དོང་བྲུས་ནས་སྦས་སྟེང་དུ་ས་བཀབ་ནས་ཉལ་བསྡད་པའི་ལོ་རྒྱུས་སོགས་སོམས་དང་། དེ་རྣམས་ཨེ་བདེན་མི་བདེན་བལྟ་བར་འདོད་ན། ལྷ་སའི་ཤན་པས་ལུག་གསོད་པའི་ཁང་བའི་སྒོའམ་སྟེང་ནས་སྡོད་ལ་ལུག་བརྒྱ་སྟོང་མང་པོ་ཉིན་རེ་བཞིན་གསོད་པ་ལ་ལྟོས་དང་ཧ་གོ་ཡོང་། ཕ་མ་ར་ལུག་གཡག་གསུམ་གྱི་སྡུག་བསྔལ་བཟོད་དམ་མི་བཟོད་ཀྱི་ཚད་བསྟན། རང་གི་ཁ་སྣ་བསུམ་པའམ། ཡང་ན་རང་གི་ཤ་པགས་པ་སེན་མོ་གཉིས་ཀྱི་བར་དུ་ཚིར་དང་། ལུག་གི་ཁ་བསུམ་པ་དང༌། མགོ་བོ་བཅད་པ་དང་། ཁོག་ཏུ་ལག་པ་བཏང་ནས་སྲོག་རྩ་བཅད་པའི་ན་ཚ་སྡུག་བསྔལ་དེ་བས་བརྒྱ་སྟོང་འགྱུར་གྱི་ཆེ་བས། དེ་ལྟ་བུའི་སྡུག་བསྔལ་སྟེང་དུ་བྱུང་ན་བཟོད་མི་བཟོད་ཀྱི་ཧ་གོ་ཡོང་། དེ་ལྟར་རང་ལུས་ལ་དཔེ་བླངས་བསམ་མནོ་ཞིབ་ཏུ་གཏོང་ཤེསན། སྐྱ་སེར་ཕོ་མོ་སུ་ཞིག་ཡིན་རུང༌། སྡིག་ཟས་ཕ་མའི་ཤ་ཁྲག་མཐོང་ན་སྙིང་རྗེ་ཞིག་མི་སྐྱེ་རུང༌། འདོད་སྲེད་སྐྱེས་ནས་ཟ་བའི་མི་སུ་ཞིག་ཡོད། དཔེར་ན་ཚེ་འདིའི་དྲིན་ཅན་གྱི་ཕ་མ་གཉིས་སམ། ཡང་ན་བུ་བསད་ནས་ཤ་རང་ལ་བྱིནན། སྲེད་པ་སྐྱེས་ནས་ཟའམ་མི་ཟ། འབྲུག་པ་ཀུན་ལེགས་ཀྱིས།
ཕ་བྱས་པའི་རུས་པའི་ཕུང་པོ་དང་། མ་བྱས་པའི་ནུ་ཞོ་རྒྱ་མཚོར་བསྐྱིལ་ན་ཁམས་གསུམ་སྣོད་དུ་ག་ལ་ཤོང༌། དེས་ན་བསམ་མནོ་བཏང་ན་ཕ་མའི་ཤའམ་བུའི་ཤ་སུས་ཟ་ནུས་
གསུངས། མཉམ་མེད་པོ་ཏོ་བས།
མ་མགྲོན་དུ་བོས་པའི་མདུན་དུ་བུའི་ཤ་བཙོས་ནས་དྲངས་ན་དགའ་བར་འགྱུར་རམ། དེ་བཞིན་དུ་སངས་རྒྱས་མཆོད་པ་ལ་སྲོག་བཅད་པའི་མཆོད་པ་དེ་དང་མཚུངས་
གསུངས། དེ་རྣམས་ལ་བསམ་བློ་གཏོང་མཁན་ནི་མེད། རང་གིས་ལག་བཞག་པ་དང་། ཁོས་སོད་ཅེས་བཤད་པའི་ཤ་འདྲ་ཡིན་ན་མ་གཏོགས། གཞན་གྱིས་བསད་པའི་ཤ་གང་ཟོས་ཀྱང་ཉེས་པ་མེད་དམ་སྙམ་ཟ་བ་འདི་སངས་རྒྱས་བྱང་སེམས་རྣམས་ཡི་མུག་སྐྱེ་བའི་རྒྱུ་ཡིན་ཏེ། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། མོན་པའི་ཁ་གཏམ་ལ། བོད་མིག་མ་ཞིམ་པ་ཡིན། ཁ་མ་ཞིམ་པ་མིན་ཟེར་བ་བཞིན། དངོས་སུ་བསད་ན་ཁྱེད་དེ་འདྲ་མཛད་མཁན་མི་ཡོང་ཟེར། ལྐོག་ཏུ་བསད་ནས་ཤ་ཚིལ་བྱིན་བྱུང་ན། ཡོན་བདག་གིས་གཟབ་ཐུགས་རྗེས་བཟུང་། རྗེས་སུ་ཡི་རང་ཟེར་བ་འདི་ཡི་མུག་གསུངས། དེས་ན་ས་དགེ་རྙིང་གསུམ། འབྲི་དྭགས་ཀར་གསུམ་སོགས་རྒྱ་བོད་ཧོར་སོག་ཏུ་དར་བའི་གྲུབ་མཐའ་གར་ཡོད་ཕལ་ཆེར་གྱི་གཙུག་ལག་ཁང་དང་དགོན་པའི་ཐག་ཉེ་ན། སྡིག་ཅན་ཤན་པ་ལག་དམར་གྱིས་ཤའི་རྩིག་པ་བརྩིགས། མགོའི་ཕུང་པོ་སྤུངས། ཁྲག་གི་རྒྱ་མཚོ་བསྐྱིལ། པགས་པ་དང་ནང་ཁྲོལ་གཅལ་དུ་བཀྲམ། རྭ་དང་རུས་པའི་ཁང་པ་ཕུག ། ཕ་མ་སེམས་ཅན་དྲིན་ཅན་ར་ལུག་གཡག་གསུམ་གྱི་སྲོག་དབུགས་བཅད་པའི་ཤ་ཁྲག་དྲོན་མོ་མཁས་བཙུན་བཟང་གསུམ་གྱིས་ཉོས། བཙུན་ཆུང་ཤེད་ཅན་གྱིས་འཁུར། ཡུལ་དུ་སོང་ནས་དཔུང་ཚོགས་དགྲ་བོ་འདུལ་ལ་ཆས་པ་བཞིན་སེམས་ཅན་ཤ་རུས་མང་པོ་མདུན་དུ་སྤུངས་པའི་དཀྱིལ་དུ། མིག་རིག་རིག་བལྟ་ཞིང་གྲི་འཕྱར་ནས་སྟེང་དུ་རུབ། གྲི་ཡིས་གཙབ། རྔམས་ནས་ཟོས། རྗེས་མེད་ཐལ་བའི་རྡུལ་ཕྲན་བཞིན་དུ་གཏོང་བ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག ། དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བརྗོད། སེམས་ཅན་གྱི་བདེ་སྐྱིད་འཕྲོག་པར་ཐག་ཆོད་པས། བསྟན་འཛིན་སྐྱེས་བུ་རྣམས་ཀྱིས་འདི་ཐབས་མཁས་ཐུགས་རྗེ་དུ་མའི་སྒོ་ནས་མེད་པ་ཞིག་མ་བཟོས་ན། ཕྱི་རོལ་པས་ཀྱང་དེའི་ལྷག་བྱེད་རབས་ཀྱང་མེད་ལ། བྱེད་ཚུལ་ཡང་མེད་པར་གདའ། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། ཤ་ཆང་རྒྱ་མཚོར་བསྐྱིལ་བ་འདི་སྔར་མུ་སྟེགས་པ་ལ་ཡོད་ཟེར། ནང་པ་སངས་རྒྱས་པ་ཡིན་ན་ཅི་སྲིད་གསུངས། ད་འདི་ལྟར་བྱས་ཕྱིན་ཆད་རྒྱ་གར་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡང་རྒྱལ་བ་སྲས་དང་བཅས་པ་གཤེགས་པའི་རྗེས་སུ་རྒྱན་དྲུག་མཆོག་གཉིས་གྲུབ་ཐོབ་བརྒྱད་ཅུ་སོགས་བྱོན་དུས་རྣམས་སུ་རེ་ཞིག་གནས་ཀྱང་། དེ་ནས་རིམ་གྱིས་བསྟན་པའི་རང་སྐྱས་བཏེགས་ནས་འོག་མིན་དུ་ཕེབས་སོང་། དེང་སང་ཡོད་པ་ཕྱི་རོལ་དམར་མཆོད་བྱེད་པའི་ལུགས་དང་འདྲེས་པའི་བསྟན་པ་ཡིན། བསྟན་པ་རྣམ་དག་པོ་མེད་ཟེར་དགོས། དེ་བཞིན་དུ་བོད་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་ཡང་སྔོན་མཁན་སློབ་ཆོས་གསུམ་གཤེགས་པའི་རྗེས་སུ་ཇོ་བོ་རྗེ་དང་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་བར་དུ་སྡིག་པའི་དྲི་མས་མ་གོས་པར་རེ་ཞིག་བཟང་པོ་བྱས་གནས་ཀྱང་། དེ་ནས་རྗེས་འཇུག་ཕལ་ཆེར་ཤན་པ་དང་ཐག་ཉེ་བྱས་བསྡད་པ་དང་བསྟན་པ་ཡང་སྐྱོ་ནས། ཇོ་བོ་རྗེ་ཡབ་སྲས་ཀྱི་དུས་སྐབས་དྲན་ནས་ཡར་དགའ་ལྡན་དུ་ཐེག་སོང་། ད་ལྟ་ཡོད་པ་འདི་ཀུན་ཤན་པ་མིག་དམར་གྱི་ཤ་ཁྲག་དང་འདྲེས་པའི་བསྟན་པ་སླད་ཅན་ཡིན། ད་སླད་མེད་དཀའ་ཟེར་དགོས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བསྟན་པ་སྡིག་སྤོང་དགེ་སྒྲུབ་ཡིན་པ་དེ་ བདེན་ན། ཀུན་གྱིས་ཤ་མང་པོ་ཉོས་ནས་ཟོས་ཚེ་ཤ་ཁེ་བར་འདུག་སྙམ་ནས་སྲོག་གཅོད་ལ་བརྩོན་པའི་ཤན་པ་མང་པོ་བྱུང་། དེ་རྣམས་ཀྱིས་ཉིན་རེ་བཞིན་ཕ་མ་ར་ལུག་བརྒྱ་སྟོང་མང་པོའི་སྲོག་ལ་འཚེ་བའི་སྡིག་པ་ཚབས་ཅན་བསགས་ནས་བསྟན་པ་སྡིག་པས་བསླད་པ་ཡིན་ལ། ཆོས་པ་འཇིག་རྟེན་པ་ཐམས་ཅད་དང་ཁྱད་པར་དགེ་འདུན་པ་རྣམས་ཀྱིས་ཤ་མ་ཟོས་ན་སྲོག་ལ་འཚེ་མཁན་ཀྱང་མི་འབྱུང་། དཔེར་ན་རྒྱ་གར་བས་ཇ་མ་འཐུང་ཚེ་ཡུལ་དེར་ཇ་བཙོང་ས་མི་འགྲོ་བ་ལྟ་བུའོ། །སྲོག་ལ་འཚེ་མཁན་མེད་ཚེ་སེམས་ཅན་མང་པོ་ཚེ་ཐར་དུ་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། དེ་བས་དགེ་བ་ཕུན་སུམ་ཚོགས་པ་ཞིག་མེད་ཀྱང་དེ་མི་སྒྲུབ་པའི་ཕྱིར་རོ། །ཤའི་ཕྱིར་དུ་སྡིག་པ་བྱེད་བཞིན་དུ་དགོན་ས་དཀར་ཁྲ་ཤིག་གེ་ཀུན་བསྟན་པའི་གཞི་མ་དང་། ཞྭ་དམར་སེར་རྣམས་བསྟན་འཛིན་ཡིན་སྙམ་ནས་དེ་སྐད་སྨན་ཡོང་། ཞེ་འདོད་དང་ལག་ལེན་གཉིས་རྒྱབ་འགལ་ཡིན་པས། ཆོས་པའི་མིང་ཙམ་ཞིག་མ་གཏོགས་དོན་གྱིས་ཁྱིམ་པ་དང་ཁྱད་མེད་དེ། རྗེ་མི་ལས།
གྲོང་སྟག་གི་དགོན་ཆུང་ཁྲ་བོ་དེ། །མིང་དགོན་པར་བཏགས་ཀྱང་གྲོང་པ་ཡིན། །བཀའ་གདམས་ཀྱི་བཙུན་ཆུང་སྲང་རྡོ་མགོ ། མིང་བཙུན་པར་བཏགས་ཀྱང་ལུས་བསྒྱུར་ཡིན། །
གསུངས་སོ། །དེ་ལྟར་བྱེད་ན་རྟགས་ཙམ་འཛིན་གྱི་བསྟན་པ་ཟེར་བ་ཞིག་ཕྱི་ནས་འོང་ཞེས་ཟེར་བ་རྣམས་ད་སླེབས་ཡོད་དོ་ཞེས་ཀུན་ལ་བསྒྲགས་པར་རིགས་སོ། །འོ་ན་སངས་རྒྱས་ཀྱི་བསྟན་པ་འཛིན་ཅིང་། སེམས་ཅན་ལ་བདེ་སྐྱིད་སྤེལ་བར་འདོད་ན་ཅི་ལྟ་བུ་ཞིག་མཛད་དགོས། ཞེས་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་བྲན་བདག་ལྟ་བུ་ལ་ཐུགས་རབ་ཏུ་བརྩེ་བའི་སྒོ་ནས་གསུང་འབྱོནན། འདི་ལྟར་མཛད་དགོས་ཏེ། སངས་རྒྱས་ཀྱིས།
བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་གནང་བར་མི་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་ངས་བཤད་དོ། །ཡང་འཁྲུལ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ཀྱང་དངངས་གྱུར་ན། །རྣལ་འབྱོར་ཅན་གྱིས་ཤ་མི་ཟ། །
གསུངས། ལེགས་གྲུབ་ཀྱི་རྒྱུད་ལས།
དེ་བཞིན་མ་ཤའི་སྲན་ཆན་དག །དངོས་གྲུབ་འདོད་པས་རྣམ་པར་སྤངས། །
གསུངས། མཉམ་མེད་སྒམ་པོ་པའི་ཞལ་ནས།
སྡིག་ཟས་ཁྲ་བོའི་ཤ་དང་གཅིག ། མྱོས་བྱེད་སེར་མོའི་ཆང་དང་གཉིས། །བསླུ་ཁྲིད་ན་ཆུང་གཞོན་དང་གསུམ། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །སྙིང་ནས་མཛད་ན་འདི་གསུམ་སྤོངས། །
གསུངས། དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མགྲིན་གཅིག་དབྱངས་གཅིག་ལྟར་གསུངས། སྐྱབས་མགོན་རྒྱལ་བ་པཎ་ཆེན་དང་། རྒྱལ་ཚབ། བཀའ་བློན། སེར་འབྲས་སོགས་ཀྱི་བླ་མ་དགེ་བསྐོས་ལས་སྣ་ཐམས་ཅད་གྲོས་བྱས་པའམ། ཡང་ན་རང་རང་གི་ས་སྒོ་གོ་ཕྱོགས་ན་བསྟན་དགྲ་སྡིག་ཅན་ཤན་པ་གང་འདུག་མི་བཞག་པར་ཚར་བཅད། གལ་ཏེ་བསྡད་ན་ཟས་གཞན་མ་གཏོགས་སྲོག་དབུགས་བཅད་པའི་ཤ་ཁྲག་དགེ་འདུན་པ་ཡོངས་ལ་བཙོང་ས་མེད་པའི་ཁྲིམས་ཞོག ། སེར་འབྲས་དགེ་གསུམ་སོགས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགེ་འདུན་པ་ཆོས་གོས་དམར་སེར་སོར་བཞི་འཛིན་པ་ཡན་ཆད་ཀྱིས་ཟས་དཀར་གསུམ་སོགས་སྡིག་དང་མ་འདྲེས་པའི་ཟ་མ་མ་གཏོགས། ཕ་མ་སེམས་ཅན་གྱི་སྲོག་དབུགས་བཅད་པའི་ཤ་ཁྲག་ཟ་བ་ཕར་ཞོག ། ལག་ཏུ་ཡང་བླང་མི་ཆོག་པའི་ཁྲིམས་སྡོམས། བསྟན་པའི་སྦྱིན་བདག་གྲོང་སྡེའི་སྐྱེ་ཕོ་མོ་མཆོག་དམན་བར་མ་ཐམས་ཅད་ཀྱིས་ཀྱང་རང་བཞིན་གྱིས་ཤི་བ། ནད་ཀྱིས་ཤི་བ། གཡང་ལ་ལྷུངས་པ། འགགས་ནས་ཤི་བ། གཅན་གཟན་སོགས་ཀྱིས་བསད་པའི་སེམས་ཅན་གྱི་ཤ་མ་གཏོགས། ཕ་མའི་སྲོག་དབུགས་བཅད་པའི་ཤ་ཟ་མི་རུང་ཞེས་ཉེས་དམིགས་ཆེ་ཚུལ་གྱིས་ལས་འབྲས་བདེན་པའི་ཆོས་གསུངས་ལ། རབ་བྱུང་ན་སྡིག་ཟས་སྲོག་དབུགས་བཅད་པའི་ཤ་ཁྲག་འདིའི་མིང་མ་གཏོགས་ཤུལ་ཡང་མི་ཤེས་པ་ཞིག་བཟོས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། ཁྱེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་རིས་མེད་བསྟན་འགྲོའི་དོན་བྱེད་པ་ལ་བསམ་བཞིན་སྐུའི་སྐྱེ་བ་བཞེས་པ་ཡིན་ཟེར་བ་རྣམས་ཀྱང་ཁང་བཟང་ཉམས་དགའ་བ་རེའི་ནང་དུ་འཛུལ་ནས་སྐྱིད་རྒྱབ་ནས་བཞུགས་མ་འདུག་པར། ཕྱི་རོལ་ཏུ་བྱོན་ལ་སེམས་ཅན་གྱི་སྐྱིད་སྡུག་ལེགས་ཉེས་ལ་གཟིགས་དང་། འགྲོ་དོན་ཇི་ལྟར་མཛད་དགོས་ཀྱི་ཧ་གོ་ཡོང་། སྔོན་སངས་རྒྱས་ཀྱིས་རྒྱལ་སྲིད་བཟུང་ཡོད་དུས་ཕོ་བྲང་གི་ཕྱི་སྒོ་ལ་བྱོན་ནས་སྐྱེ་རྒ་ན་འཆི་བཞི་གཟིགས་པའི་རྐྱེན་གྱིས་རྒྱལ་སྲིད་སྤངས། མཆོད་རྟེན་རྣམ་དག་དྲུང་ནས་དབུ་སྐྲ་བསིལ། ཆུ་བོ་ནི་རཉྫནའི་འགྲམ་དུ་དཀའ་བ་སྤྱད་སངས་རྒྱས་ནས་ཀྱང་ཁང་བཟང་གཅིག་བཟོས། ནང་དུ་འཛུལ་ནས་མ་བསྡད་པར་ཕྱོགས་ཀུན་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ། ཆོས་འཁོར་བསྐོར་ཚུལ་གྱི་རྣམ་ཐར་གསུང་རྣམས་ཐུགས་ལ་བཞགནས་དེ་བཞིན་མཛད་འཚལ། ཁྱེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྐྱེས་བུ་དམ་པ་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་དུས། སེམས་ཅན་སྡུག་བསྔལ་ཅན་མཐོང་ངམ་ཐོས་སམ། སུས་གསོལ་བ་བཏབ་ཀྱང་བཏང་སྙོམས་སུ་སྐད་ཅིག་ཙམ་ཡང་མི་སྡོད་པར་འགྲོ་བའི་དོན་བྱེད་ཅེས་ཐུགས་བསྐྱེད་ཡང་ཡང་མཛད་སྨོན་ལམ་ཀྱང་བཏབ་པ་ཡིན་ཚུལ་དགོངས་ནས། ད་ཐུགས་བསྐྱེད་དམ་བཅའ་མ་འདོར་བར་འགྲོ་བ་འདི་དག་གི་དོན་ཅི་ནས་ཀྱང་མཛོད། གལ་ཏེ་མ་མཛད་པར་བཏང་སྙོམས་ཡལ་བར་དོར་ན། སྔོན་ཐུགས་རྗེའི་གཏེར་ཆེན་འཕགས་མཆོག་ཕྱག་ན་པད་དཀར་བསྣམས་པས་ཀྱང་། ཐུགས་བསྐྱེད་དམ་བཅའ་དོར་བས་དབུ་ཇི་ལྟར་སོང་ཕྱི་ནས་སྔར་གྱི་དེ་བས་ཐུགས་བསྐྱེད་མཛད་ནས། འགྲོ་དོན་ལ་བརྩོན་དགོས་པ་བྱུང་བའི་ལོ་རྒྱུས་རྣམས་ཐུགས་ལ་མངའ་བ་གསལ་བཏབ་པ་ཡིན་པས་ཐུགས་ཀྱིས་དགོངས་འཚལ། འོ་ན་ཧ་ཧ་ཁྱོད་བན་རྒན་ཞིག་གི་ཁས་བཀོད་པ་བཏང་ཚེ་ཡོང་བར་འདུག་སྟེ། དེ་སངས་རྒྱས་སྟོང་གིས་བསྒྲུབས་ཀྱང་ཕྱག་ལེན་ལ་ཐེབས་པ་མི་འདུག ཤ་འདི་སྡིག་ཟས་ཀྱི་མི་ཚད་དུག་ཟས་རེད། ཟོས་ཚད་སང་གནངས་ནས་སྦོས་ནས་འཆི་བར་གདའ་ཞེས་བཤད་ཀྱང་ཆོད་དཀའ་བར་གདའ། སྔོན་བསྐལ་པ་འདི་ཆགས་པ་ནས་བཟུང་དར་བར་འདུག ། ད་ལྟ་གསར་དུ་བྱུང་བ་ཞིག་མིན། ཁྱོད་མིན་རུང་ཤ་ཀུན་གྱིས་སྤངས་ན་འདོད་དེ། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་མ་ཆོད་པར་ལུས་སོང་། སྡིག་ཅན་བླ་མས་མི་འཁྱོབ། ཉེས་ཅན་དཔོན་པོས་མི་འཁྱོབ། བུ་རུལ་ཕ་མས་མི་འཁྱོབ། སེམས་ཅན་གཅིག་གི་ལས་སླེབ་ཚེ། སངས་རྒྱས་སྟོང་གི་མཐུ་རྡུགས་བྱ་བ་ཡིན་པས། ལས་ཀྱི་རྣམ་པར་སྨིན་པ་སངས་རྒྱས་ཀྱིས་ཀྱང་བཟློག་ཏུ་མེད་ན་ངེད་ཚོ་འདྲ་བས་བྱ་ཐབས་མེད། སེམས་ཅན་རང་རང་གི་ལས་བཟང་ངན་གང་ལ་སྤྱོད་དུ་ཆུག ། ཁྱོད་ཤེས་ཆུང་འདོད་ཐག་མ་ཉེ། སྙིང་རྗེ་སྐྱེ་སླ་ན་ཁོང་ཁྲོ་རྒྱུན་མི་འཆད། ཁ་རོག་བསྡད་པ་གདམས་ངག་ཟབ་པས་ཁྱོད་ཀྱིས་སྨོན་པ་བཞིན་དགོས་མི་དགོས་མང་པོ་མ་ལབ་པར་ཁ་རོག་སྡོད་ཅིག་ཅེས་བཀའ་བཀྱོན་ལྟ་བུའི་གསུང་འབྱོན་ན། དེ་བན་རྒན་ང་འདྲའི་བླུན་པོས་ཅི་ཟེར་གི་བལྟ་སྙམ་ཚོད་བརྟགས་ཕྱིར་དུ་ཀུ་རེ་གསུངས་པ་ཡིན་ལས་ཆེ། དེ་ལ་ངས་ཀྱང་ལན་འབུལ་བས་དགོངས་འཚལ། ང་ཤེས་ཆུང་འདོད་ཐག་ཉེ་བའི་བན་རྒན་སྙོམས་ཆུང་ཞིག་གི་ཁ་གདངས་པ་ཙམ་ཞིག་ཀྱང་། ཁྱེད་དེང་སང་གི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་དངོས་ཡིན་ཟེར་བའི་སྐྱེས་བུ་དམ་པ་སྟོང་ཕྲག་གཅིག་གིས་བསྒྲུབས་ཀྱང་ཕྱག་ལེན་ལ་མི་ཐེབས་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་བྱང་སེམས་རྣམས་ཀྱི་སྤྲུལ་སྐུ་ཡིན་ཟེར་བ་ཅང་བདེན་ནམ། བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་ཀྱི་མི་རྣམས་ཚེ་དཔལ་སྟོབས་འབྱོར་ལྷ་དང་མཉམ་སྐད། བར་དུ་བོད་དུ་ཡང་བྲག་སྲིན་མོ་དང་། འཕོགས་པའི་རྣམ་འཕྲུལ་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་མི་རྒྱུད་སྤེལ་དུས། ཤིང་ཐོག་གྲོ་ནས་འབྲས་སོགས་ལ་ལོངས་སྤྱད་པ་མ་གཏོགས། ཤ་ཁྲག་ཟོས་ཟེར་བ་མི་འདུག་པས། བསྐལ་པ་ཆགས་ནས་བཟུང་དར་ཡོད་ཟེར་བ་ཡང་ཅུང་མི་བདེན་པར་གདའ། སྔོན་སངས་རྒྱས་ཀྱི་དུས་ནས་བཟུང་ཇོ་བོ་ཡབ་སྲས་ཀྱི་བར་གྱི་སངས་རྒྱས་ཀྱི་རྗེས་འཇུག་མཁས་བཙུན་བཟང་གསུམ་གྱིས་ཆོད་པའི་ལོ་རྒྱུས་དང་གཏམ་རྒྱུད་མང་པོ་འདུག ། ཟས་དཀར་གསུམ་མངར་གསུམ་སོགས་ལ་ལོངས་སྤྱོད་གསུངས་པ་མ་གཏོགས། དམར་གསུམ་སྐྱར་གསུམ་ཞེས་མ་གསུངས་འདུག་པས། སྔོན་གྱི་སྐྱེས་བུ་དམ་པའི་དུས་སུ་ཡང་མ་ཆོད་གསུངས་པ་ཡང་སྒྲོ་སྐུར་དུ་འགྱུར་བས་མི་རུང་སྙམ། སངས་རྒྱས་བྱང་ཆུབ་སེམས་དཔའ་འམ་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་བསྟན་ནས། མཚམས་མེད་ལྔ་སོགས་ཀྱི་ལས་ངན་ཚན་པོ་ཆེ་བྱས་པའི་སྡིག་ཅན་ཡང་འཁོར་བ་ངན་སོང་གི་འཇིགས་པ་ལས་བསྐྱབས་ནས་བདེ་ཆེན་གྱི་ཞིང་དུ་དྲངས་པའི་ལོ་རྒྱུས་འདུག་པས། དགོངས་གཞི་ཅན་འདྲ་མ་གཏོགས་སྡིག་ཅན་བླ་མས་མི་འཁྱོབ་གསུངས་པ་ཡང་མི་བདེན་སྙམ། སྙིང་རྗེ་སྐྱེ་སླ་ན་ཁོང་ཁྲོའི་རྒྱུན་མི་འཆད་ན། སངས་རྒྱས་བྱང་སེམས་རྣམས་ལས་སྙིང་རྗེ་སྐྱེ་སླ་བ་ཞིག་གཞན་མེད་པས་དེ་རྣམས་ལ་ཡང་ཁོང་ཁྲོའི་རྒྱུན་མི་འཆད་དུ་ཁས་ལེན་དགོས་པ་སོགས་མི་འགྲིགས་པ་དུ་མ་འབྱུང་། ཁ་རོག་བསྡད་ཚད་གདམས་ངག་ཟབ་ན། ཆོས་གསུངས་པའི་སངས་རྒྱས་བྱང་སེམས་དགེ་བའི་བཤེས་གཉེན་དང་། ད་ལྟ་ཐོས་བསམ་བྱེད་པའི་གྲྭ་པ་རྣམས་ཀྱིས་བགྲོ་གླེང་བྱས་པ་ལས། དུད་འགྲོ་རྣམས་ཁ་རོག་པ་བསྡད་འདུག་པས། དེ་གདམས་ངག་ཟབ་པར་འགྱུར། སྨོས་ཚད་ཐམས་ཅད་ཀྱི་ཁ་ལ་ཡིད་བརྟན་མེད་ན། རྗེ་མི་ལས།
ང་ཕ་སྨྱོ་བུ་སྨྱོ་བརྒྱུད་པ་སྨྱོ། །
གསུངས་པས། དེ་རྣམས་ཀྱི་གསུང་ལ་ཡང་ཡིད་བརྟན་མི་རུང་བར་འགྱུར། ད་ངས་བསམས་ན་དམ་པ་གོང་མའི་རྣམ་ཐར་དང་གསུང་ལྟར་ཆོས་ཀྱིས་སྨྱོ་དགོས། སྨྱོས་ནས་བཤད་དགོས་པས། ང་ཁ་རོག་པ་འདུག་ཅི་ལ་དགོས། ད་དུང་ལབ་རྒྱུ་ཡིན། ཕ་མ་སེམས་ཅན་གྱི་སྡུག་ལ་བསམས་ན་སྡོད་མི་ཐུབ་པར་གདའ། འོ་ན་ཁྱོད་ཀྱིས་ཅི་བཤད་ནའང་ཤོད་ཟེར་ན། འོ་ལགས་སོ་དེ་ཡིན་ན་ད་ལྟ་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་བཞིན་དུ་ཤར། བསྟན་འཛིན་གྱི་སྐྱེས་བུ་མང་པོས་གངས་ཅན་ལྗོངས་འདི་དོག་པོར་བགྱི་བའི་དུས་སྐབས་བཟང་པོ་འདིར་ཀུན་གྱིས་སྡིག་པ་གཅིག་མི་ཆོད་ན། སངས་རྒྱས་ཀྱི་བསྟན་པ་ནུབ་བསྟན་འཛིན་རྣམས་ཞིང་བརྗེས་ནས་ཆོད་ཡོང་ངམ། སྔོན་རྐང་པ་ཡ་གཅིག་ན་ཡོད་པའི་མི་ཞིག་རྐྱང་ཞིག་ལ་ཞོན་ནས་གླུ་ཁོ་ན་ལེན་པ་ལ། གཞན་གྱིས་ཁྱོད་འདི་ཙམ་གྱི་གླུ་མང་པོ་ཅི་ལ་བླངས་དྲིས་པས། ཁོ་བོ་རྐྱང་ལ་ཞོན་ནས་གླུ་མི་ལེན་ན་ནམ་ལེན་ཞེས་སྨྲས་པ་ལྟར། ད་ལྟ་བསྟན་དང་བསྟན་འཛིན་ཡོད་དུས་འདིར་སྡིག་པ་མི་གཅོད་ན་ནམ་ཚོད་གཅོད། དཔེར་ན་དཔའ་བོའི་དཔུང་ཚོགས་འཛོམ་དུས་དགྲ་འདུལ་དགོས་པ་ལྟར། ད་རེས་བོད་ལ་བསྟན་པ་དར་བསྟན་འཛིན་སྐྱེས་བུ་མང་པོ་དཔུང་གདང་གཤིབས་ནས་བཞུགས་དུས་འདིར། སྲིན་པོ་གདོང་དམར་བོད་ཡུལ་གྱི་བསྟན་པའི་ཞབས་འདྲེན། ཕ་མའི་སྲོག་གི་གཤེད་མ། ཤན་པ་ཕོ་མོ་དང་ཤ་ཁྲག་དམར་གྱི་ལོངས་སྤྱོད་འདི་གཏན་ནས་མེད་པ་ཞིག་བཟོ་དགོས། ཀུན་གྱིས་བརྩོན་པར་བྱས་ན་འདིའི་མི་ཚད་ཚོ་ཡང་ཆོད་ཡོང་སྟེ། འདོད་ཡོན་ལྔའི་ནང་གི་ཆེ་ཤོས་བུད་མེད་བསྟེན་པའི་བདེ་བ་འདི་ཡིན་ཞེས་རྒྱུད་སོགས་ནས་གསུངས་པ་སེམས་ཅན་ཐམས་ཅད་ཀྱིས་ཆོད་དཀའ་ཡང་། དགེ་འདུན་པ་ཡོངས་ཀྱིས་རྦད་ཀྱིས་བཅད་ཚེ། ད་ལྟ་ཆགས་བྲལ་གྱི་དགེ་འདུན་ངུར་སྨིག་འཛིན་པའི་སྡེ་པས་ས་སྟེང་ཁེབས་པ་ཙམ་བྱུང་བ་མངོན་སུམ་ཚད་མ་འདི་ལ་གཟིགས། འདི་ལྟ་བུའི་སྤང་དཀའ་བ་ཡང་ཆོད་ན། དེ་ལ་བལྟས་ན་ཤ་སྤོང་སླ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤ་མ་ཟོས་ཀྱང་། ཤ་བས་ལྷག་གི་རོ་མངར་ཞིང་བཅུད་ཆེ་བའི་ཁ་ཟས་མང་པོ་ལ་ལོངས་སྤྱོད་རྒྱུ་ཡོད་པའི་ཕྱིར་རོ། །ད་ལྟ་ཕྲན་ངས་ཀྱང་། ལས་འབྲས་བདེན་པའི་ཆོས་བཤད་པའི་ཡུལ་ཆུང་མང་པོས་སྲོག་མི་གཅོད་པའི་ཁས་ལེན་དང་། བཙུན་པ་མང་པོས་ཤ་མི་ཟ་བའི་དམ་བཅའ་བྱེད་པ་མང་པོ་བྱུང་ན། ཁྱེད་གོ་ས་མཐོ་ཞིང་། ཐབས་ལ་མཁས་པ་ཐུགས་རྗེ་ཆེ་བའི་སྐྱབས་མགོན་རྒྱལ་བ་པཎ་ཆེན། རྒྱལ་ཚབ་དམ་པ་དགའ་ལྡན་གསེར་ཁྲི། རྒྱལ་བའི་ཡོངས་འཛིན་སེར་འབྲས་ཀྱི་བླ་མ་སོགས་སྐྱེས་ཆེན་དམ་པ་བཞུགས་ཚད་ཐམས་ཅད་ཀྱིས་ཤ་ཡི་འཚོ་བ་སྤངས་ནས། གཞན་སྐྱ་སེར་ཕོ་མོ་དྲག་ཞན་ཐམས་ཅད་ལ་སྤྱིར་ལས་རྒྱུ་འབྲས་བདེན་པའི་ཆོས་དང་ཤ་ཡི་ཉེས་དམིགས་ཟ་མི་རུང་བའི་བཅས་པ་མཛད་ཚུལ། མདོ་རྒྱུད་བསྟན་བཅོས་ན་ཡོད་ཚད་ཐམས་ཅད་བསྒྲགས་ནས་དགེ་འདུན་རྣམས་ཀྱིས་ཤའི་རིགས་སྤང་དགོས། ཁྱེད་ཁྱིམ་པ་ཕོ་མོ་ཡ་རབས་རྣམས་ཀྱིས་ཀྱང་སྤོང་ཐུབ་ན་རབ། དེ་མིན་རུང་རང་བཞིན་གྱིས་ཤི་བའི་ཤ་འདྲ་མ་གཏོགས། གཞན་གྱིས་སྲོག་དབུགས་བཅད་པའི་ཤ་ཁམ་གང་ཟོས་རུང་ཚེ་འདིའི་ཕ་མ་གཉིས་བསད་པའི་ཤ་ཟོས་པ་དང་ཁྱད་མེད་པས་མི་རུང་དུག་ལྟར་སྤོང་དགོས་ཞེས་ཡང་ཡང་ནན་ཆེར་གསུངས། དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་ཕྱོགས་ཐམས་ཅད་ཀྱི་བླ་མ་སྐྱེས་བུ་དམ་པ་མཆོག་དམན་བར་པ་ཐམས་ཅད་ཀྱིས་ཤ་སྤངསན། སངས་རྒྱས་བདེན་པའི་གསུང་དྲི་མ་མེད་པ་ལ་མི་ཉན་པ་སུ་ཡོད། སྡིག་ཅན་གྱི་ཤན་པ་ཡིན་ཡང་སྣང་བ་འགྱུརནས་སྤངསན་གཞན་སྨོས་ཅི་དགོས། དེས་ན་བླ་མ་སྐྱེས་བུ་དམ་པ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་རྣམས་ཀྱིས་བློ་ཐབས་དུ་མའི་སྒོ་ནས། སྡིག་ཟས་ཕ་མའི་ཤ་ཟ་བ་གཅོད་པ་ལ་བརྩོན་པར་རིགས་སོ། །འོན་དགག་བྱ་བ་ལ་དགོས་པ་གཙོ་བོ་ཡིན་པས་ཤ་འདི་རྦད་ཀྱིས་བཅད་བཏང་ན། རླུང་ཤས་ཆེ་བའི་རྒན་རྒོན་བླ་རྒན་དང་། གསང་སྔགས་ཚོགས་ཀྱི་འཁོར་ལོ་དང་། བླ་མ་སྐྱེས་བུ་དམ་པའི་འཚོ་བ་སོགས་སྔོན་གྱི་རྒྱལ་བ་སྲས་བཅས་དུས་གསུམ་མཁྱེན་པ་རྣམས་ཀྱིས། ཤའི་རིགས་སྤངས་ནས་དཀར་གསུམ་མངར་གསུམ་སོགས་ཟས་སྣ་གཞན་བསྟེན་ན། ཤ་ལ་ཉེས་པ་མཐའ་ཡས་པས་ཕྱི་རབས་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཤ་ཟ་མི་རུང་། དུག་ལྟར་སྤོང་དགོས་ཞེས་ལན་གཅིག་མ་ཡིན་པར་ཡང་ཡང་གསུངས་པ་རྣམས། མ་འོངས་པ་ན་རྗེས་འཇུག་བླ་རྒན་རླུང་གིས་འཆི་བ་མ་མཁྱེན། མཁྱེན་རུང་འཚོ་བའི་ཟས་བཅད་ནས་འཆི་རུ་བཅུག་པ་ཡིན་ཞེས་ཞུ་དགོས་པས་དེ་མི་འགྲིག ། རླུང་ནད་ཅན་གྱི་ཁ་ནང་དུ་སྡིག་ཟས་ཕ་མའི་ཤ་ཁྲག་གི་ཐལ་བ་ཞིག་རྒྱག་དགོས་དོན་མེད། རླུང་ནད་ལ་ཕན་པའི་ཟས་བརྒྱ་དགོས་ན་སྟོང་ཡོད་པ་སྨན་རྒྱུད་སོགས་ནས་བཤད། ཐ་ན་སྒོག་སྐྱ་ཡན་ཆད་ཀྱིས་ཆོག་པར་གསུངས། དེ་ཚོའི་གཅིག་བསྟེན་པས་མི་འོངན་གཉིས་བསྟེན་ན་མི་ཆོག་གམ། ཐབས་མེད་ཀྱི་སྲོག་དབུགས་བཅད་པའི་ཤ་ཁྲག་ཅིག་དགོས་ཟེར་བ་འདི། སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་ཞིང་། ཕ་མ་སེམས་ཅན་ར་ལུག་སོགས་སྙོམས་ཆུང་བའི་ཚོད་ཀྱི་གཏམ་ཞིག་ཡིན་པས་སྙིང་རྗེ་མེད་དམ། རླུང་ནད་ཅན་གྱིས་ཞོ་ཐུད་མར་སོགས་ལོངས་སྤྱོད་དང་རླུང་གིས་མི་འཆི་བའི་ཁེག་ངས་འཁུར། གྲོང་པ་ཕལ་ཆེར་གྱིས་ཤ་ཟ་འདོད་ཀྱང་ཤ་དཀོན་ནས་མ་ཟོས་པར་ལོ་མང་པོ་སོང་བ་ཡོད་དེ། རླུང་ནད་ཡུལ་གྲོང་དེ་ལ་ཆེ་རབས་ཀྱི་གཏམ་མི་སྣང་། སྲིན་པོ་གདོང་དམར་བོད་ཡུལ་འདི་མ་གཏོགས། གླིང་གཞན་དང་འགྲོ་བ་གཞན་མང་པོས་ཤ་མི་ཟ། དེ་རྣམས་ལ་ཤ་ཟོ་ཞེས་སྟོན་རྒྱུ་ཡིནན། སྐྱགས་ནད་ཅན་ལ་ཟས་བསྟན་པ་ལྟར་འགྱུར་སྐད། སེམས་ཅན་དེ་དག་ཀྱང་རླུང་ནད་ཀྱིས་ཤི་བའི་སྐད་ཆ་མི་འདུག ། རང་ག་སྐྱེས་མཐའ་འཆི་བ་འཇིག་རྟེན་འཁོར་བའི་ཆོས་ཉིད་རེད། བྱ་ཐབས་ཅི་ཡོད། ཚོགས་ཀྱི་འཁོར་ལོ་ལ་ཤ་མི་དགོས། བཟའ་བཏུང་ཐམས་ཅད་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཡིན་པ་ལ་རྣམ་པ་ཤ་ལྔ་བདུད་རྩི་ལྔ་རུ་སྤྲུལ་ནས་ཕུལ་ན་དེས་ཆོག ། གལ་ཏེ་དམིགས་པའི་རྟེན་དུ་རྫས་ཙམ་རེ་དགོསན་ཡང་། མི་རྙེད་སྙམ་ནས་སེམས་ཀྱི་དཔའ་ཞུམ་ཅི་དགོས། སེམས་ཅན་གྱི་སྲོག་མ་བཅད་ན་སེམས་ཅན་མང་དུ་འགྲོ། སེམས་ཅན་མང་བ་ཙམ་དུ་འཆི་བ་མང་། ཤི་བ་མང་བ་ཙམ་དུ་རོ་མང་། རོ་དེ་རྣམས་ཤ་ཁྲག་ཡིན་པས་དེས་ཚོགས་རྫས་ཅི་ལ་མི་འོང་། གསང་སྔགས་ཀྱི་རྒྱུད་ལས་ཀྱང་། ཚོགས་འཁོར་ལ་ཤ་དགོས་གསུངས་ཀྱང་། སྲོག་དབུགས་བཅད་པའི་ཤ་དགོས་ཤི་བའི་ཤས་མི་ཡོང་ཞེས་མ་གསུངས་སོ། །བླ་མ་སྐྱེས་བུ་དམ་པ་ཡིན་ན་འཚོ་བ་ཤ་མི་དགོས། དགོས་ན་སྐྱེས་བུ་དམ་པ་ཨེ་ཡིན་མི་ཤེས། དེང་སང་གི་སྐྱེས་བུ་དམ་པ་རྣམས་སྔོན་གྱི་རྒྱན་དྲུག་མཆོག་གཉིས་ཇོ་བོ་རྗེ་ཡབ་སྲས་སོགས་ཀྱི་ཡན་ཞིག་མིན་ནམ་སྙམ། དེ་འདི་ཙམ་ཡིན་ཕྱིན་ཟས་དཀར་གསུམ་མངར་གསུམ་སོགས་ཀྱིས་ཡོང་། གལ་ཏེ་དུས་ཀྱི་དབང་གིས་སྐྱེས་བུ་དམ་པ་ཚོས་ཀྱང་ཞལ་ཤ་ལ་དགྱེས་ནས། དེ་གས་མི་ཡོང་བར་ཐབས་མེད་ཀྱིས་ཕ་མའི་ཤ་བཞེས་དགོས་གསུངསན། བསྟན་པའི་མིག་རྐྱེན་ལ་མི་གནོད་པའི་ཕྱིར་གསང་ནས་ཚོལ་དང་། ར་ལུག་ཚོན་པོ་གློ་བུར་དུ་ཤི་བའི་ཤ་རྙེད་པས་སྦས་པའི་ཚུལ་གྱིས་དེ་ལུགས་གནང་འཚལ། འོན་ཤ་ཟོས་པའི་ཉེས་པ་ཆུང་ངུ་དེ་ཙམ་ཞིག་ལ་ཆོས་གཞན་མི་དགོས། ཐན་གཟུངས་སྔགས་དང་དེ་བཞིན་གཤེགས་པའི་མཚན་རེ་བརྗོད་པས་ཀྱང་བྱང་ཞིང་དག་པར་འགྱུར་བས། ལྟུང་བཤགས་མི་ཤེས་པ་སུ་ཡང་མེད། བླ་མ་སྐྱེས་བུ་དམ་པ་མི་དགོས་དགེ་འདུན་པ་ལྷན་པ་སེར་པོ་གྱོན་ཚད་ཀྱིས་ཤ་ཟོས་ཀྱང་སྐྱོན་གྱིས་མི་གོས་ཟེར་ན། ཤ་འདིའི་ཕྱིར་ཕ་མ་ར་ལུག་བརྒྱ་སྟོང་མང་པོའི་སྲོག་གཅད་པ་འདི་ཉེས་པ་ཆུང་ན། ཁྱེད་ཚོས་ཉེས་པ་ཆེན་པོ་དེ་གང་ལ་ཟེར། སྡིག་ཟས་ཕ་མའི་ཤ་ཟོས་པའི་ཉེས་པ་འདི་ལས་ཆེན་པོ་ཞིག་གང་ན་ཡང་མེད། ཟ་བ་མང་ཚེ་ཤན་པས་ཕ་མའི་སྲོག་གཅོད་ཚུལ་ལ་ལྟོས། བསྟན་པའི་སྒོར་ཞུགས་པ་ཕལ་ཆེར་གྱིས། སངས་རྒྱས་ཀྱིས།
སྡིག་པ་ཅི་ཡང་མི་བྱ་ཞིང་། །
གསུངས་པ་སོགས་ཤེས་བཞིན་ཁྱད་དུ་བསད་ནས། ཕྱིས་ཚེ་གང་པོར་སྒྲིབ་སྦྱོང་བྱས་ཀྱང་ཤའི་ཉེས་པ་སོགས་ཉེས་པ་ཆེན་པོ་གཞན་ཕར་ཞོག ། ངག་འཁྱལ་གཅིག་ཙམ་སྨྲས་པའི་ཉེས་པ་ཡང་འདག་དཀའ་སྟེ། སྔོན་དགེ་སློང་ཞིག་གིས་དགྲ་བཅོམ་པ་སྐད་ངན་པ་ཞིག་ལ་ཁྱི་ཟུགས་པ་འདྲའོ་སྨྲས་པས། ཕྱིས་བཤགས་པ་བྱས་དམྱལ་བར་མ་སོང་ཀྱང་། ཁྱིའི་སྐྱེ་བ་ལྔ་བརྒྱ་ལེན་དགོས་པ་བྱུང་བ་སོགས་ཀྱི་གཏན་ཚིགས་ལོ་རྒྱུས་རྣམས་ལ་སོམས་དང་། གལ་ཏེ་བྱང་ནས་རང་ལ་སྐྱོན་གྱིས་མི་གོས་རུང་། རང་ལ་བརྟེན་ནས་ཕ་མ་སེམས་ཅན་ལ་གནོད་པ་ཆེན་པོ་འབྱུང་ན་སྙིང་རྗེ་ནས་དེ་དག་ལ་ཕན་ཕྱིར་སྤོང་ཅི་ལ་མི་དགོས། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཆོས་བྱས་ན་ཤའི་ཉེས་པ་དག་ནས་རང་ལ་སྐྱོན་གྱིས་མི་གོས་རུང༌། ཕ་མ་སེམས་ཅན་དྲིན་ཅན་ལ་དངོས་སམ་བརྒྱུད་ནས་གནོད་འཚེ་འབྱུང་བ་མཁྱེན་ནས་དེ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ཕ་མ་སེམས་ཅན་ལ་ཕན་པའི་ཆེད་དུ་ཤ་སྤངས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེ་ལ་རག་ལས་པས། བསྟན་པ་འཛིན་ན་འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཆེན་པོ་རྟག་ཏུ་བསྐྱེད་ནས། སྡུག་བསྔལ་ཉེས་བརྒྱའི་རྒྱ་མཚོར་གཡེངས་པའི་ཕ་མ་སེམས་ཅན་ཡོངས་ལ་དངོས་སམ་བརྒྱུད་ནས་ཕན་པའི་ཐབས་སངས་རྒྱས་ཀྱིས་གང་བསྟན་པ་རྣམས་བྱ་དགོས་མོད། ཚེ་སྔོན་དྲིན་གྱིས་ཡང་ཡང་བསྐྱངས་པའི་ཕ་མ་སེམས་ཅན་རྣམས་ད་ལྟ་སྡུག་བསྔལ་གྱིས་མནར་བ་ལ་དྲིན་གཟོར་ཕན་མི་འདོགས་རུང་གནོད་འཚེ་བྱས་ནས་གང་ཡོང༌། དེ་བས་ཁྲེལ་མེད་ན་རག་བྱེད་ཚུལ་ཞིག་ཨེ་ཡོད་སོམས་དང་། རང་ལ་སྐྱོན་གྱིས་མི་གོས་རུང་། ཕ་མ་སེམས་ཅན་ལ་གནོད་ན་ཤ་ཙམ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་གཏོང་དགོས་ན་ཡང་གཏོང་བ་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་པས་གོ་བར་གྱིས། འོན་ཤ་ཟོས་པའི་ཉེས་པ་ཆེ་རུང་། དེ་ལ་བརྟེན་ནས་གཞན་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་བས་ཉེས་པ་ལས་ཕན་ཡོན་ཆེ་བ་དེ་འདེམས་དགོས་ཟེར་ན། ཕ་མ་སེམས་ཅན་གྱི་ཤ་ཁྲག་ལ་བརྟེན་ནས་སྔར་ཡང་བསྟན་འགྲོའི་དོན་རྒྱ་ཆེན་མ་བྱུང་ལ་ཕྱིན་ཆད་ཀྱང་མི་འབྱུང་། མི་འབྱུང་བའི་རྟགས་སུ་དུས་གསུམ་མཁྱེན་པའི་རྒྱལ་བ་སྲས་བཅས་ཀྱིས་སྔོན་ཤ་སྤངས་ནས་བསྟན་འགྲོའི་དོན་མཛད། ཕྱི་རབས་རྗེས་འཇུག་རྣམས་ལ་ཡང་སྡིག་ཟས་ཤའི་རིགས་སྤོངས་ཞེས་གསུངས་སྣང་། ད་ལྟ་བལྟས་ན་ཡང་ཤ་ལ་བརྟེན་ནས་ལུས་སྟོབས་རྒྱས་ཏེ་ཐིག་ལེ་འཕེལ་འགའ་རེས་བཙུན་ཆུང་གི་བརླ་ཤ་བརྡར། འགའ་ཞིག་གིས་སྐྱེ་དམན་གྱི་སྟུ་མཉེ། ཁ་ཅིག་གིས་ཁེ་ཚོང་ཞིང་ལས་འཚོ་སྐྱོང་བརྡུང་རེས་བྱེད། ཕལ་ཆེར་གྱིས་ཤ་རྒྱགས་རེ་འཆོས་ནས་གཉིད་མཁན་མང་བ་མ་གཏོགས། བསྟན་འགྲོའི་དོན་རྒྱ་ཆེན་འདི་བྱུང་དང་། ཡོན་ཏན་འདི་སྐྱེས་ཞེས་སྟོན་རྒྱུ་གང་ཡང་མི་སྣང་། ད་ཤ་སྤངས་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མ་བྱུང་ཡང་རུང་། སྔོན་གྱི་སྐྱེས་བུ་དམ་པ་ཚོས་ཤ་སྤངས་ནས་བསྟན་འགྲོའི་དོན་ཡོང་བ་དེ་ཙམ་ཞིག་བྱུང་ན་དེས་ཆོག ། དེ་བས་ཆེ་ཞིག་མི་དགོས། སྔོན་གྱི་བཀའ་གདམས་པ་དང་བཀའ་བརྒྱུད་གོང་མའི་རྣམ་ཐར་ལྟར་དགེ་འདུན་པ་ཡོངས་ཀྱིས་ཟས་དཀར་གསུམ་མངར་གསུམ་སོགས་སྡིག་དང་མ་འདྲེས་པའི་ཟ་མ་མ་གཏོགས། ཤ་ཡི་རིགས་མཐའ་དག་སྤངས་ནས་མི་ཟ་བ་དང༌། ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་རང་གར་ཤི་བ་སོགས་ཀྱི་ཤ་མ་གཏོགས། སྲོག་དབུགས་བཅད་པའི་ཕ་མ་སེམས་ཅན་གྱི་ཤ་ཁྲག་དམར་པོ་ལ་ལོངས་མི་སྤྱོད་པར། སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་ཕྱོགས་ཐམས་ཅད་ན་སྲོག་གཅོད་ཀྱི་སྒྲ་ཙམ་ཡང་མི་གྲག་པའི་བསྐལ་པ་ཞིག་བྱུང་ན། དེའི་བསོད་ནམས་ལ་གཟུགས་ཤིག་ཡོད་ན་ནམ་མཁའི་ཁམས་ལ་ཡང་མི་ཤོང་། སངས་རྒྱས་ཀྱི་བསྟན་པའི་ཉི་མ་བོད་ལ་ཤར་ནས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་འོད་ཁང་དུ་ཆུད་ཡོད་ཅེས་ལྷ་མི་ཡོངས་ལ་སྐད་གསང་མཐོན་པོས་སྒྲོགས་པར་རིགས་པས་དེ་ལུགས་ཀུན་གྱིས་གནང་འཚལ། གལ་ཏེ་སྙིགས་མ་ལྔ་བདོ་བའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ། དཀར་ཕྱོགས་པ་རྣམས་མཐུ་ཆུང་། ནག་ཕྱོགས་པ་རྣམས་མཐུ་ཆེ། སེམས་ཅན་ལས་ངན་པའི་དབང་གིས་དེ་ལྟར་ཆོད་པའི་སྐལ་པ་མ་བྱུང་ན། ཕ་མ་སེམས་ཅན་རེ་རེ་ཙམ་གྱི་སྲོག་བསྐྱབས་ན་ཡང་ཕན་ཡོན་ཆེ་བ་ཀུན་གྱི་ཐུགས་ཀྱིས་མཁྱེན་པར་གསལ་བ་ལ་ཞུ་ཅི་དགོས། དེས་ན་སྐྱབས་མགོན་རྒྱལ་བ་ཐུགས་རྗེ་ཅན། པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་ཚབ་རིན་པོ་ཆེ་སོགས་སར་གནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ལྷ་ལྡན་སོགས་ཕྱོགས་ཕྱོགས་ཀྱི་དགོན་མཐའི་གཙུག་ལག་ཁང་སོགས་ཀྱི་ཐག་ཉེའི་ཤན་པ་རྣམས་ཀྱིས་ཉིན་རེ་བཞིན་ལུག་བརྒྱ་སྟོང་མང་པོ་བསད་དེ། ཤ་ཁྲོམ་བརྩིགས་ནས་བཙོང་པ་འདི་ཇེ་ཉུང་དུ་གཏོང་བའི་ཆོས་གསུངས་ཁྲིམས་འཇོག་པ་སོགས་ཐབས་སྣ་ཚོགས་བྱེད་པ་དང་། གཞན་བླ་མ་དགེ་བཤེས་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཕོ་མོ་སྙིང་རྗེ་ཅན་མཆོག་དམན་བར་མ་ཐམས་ཅད་ཀྱིས་ཆོས་ཀྱི་མཆོག་ཏུ་ཕ་མ་སེམས་ཅན་ར་ལུག་གཡག་གསུམ་སོགས་ཤན་པས་གསོད་པ་རྣམས་ཀྱི་སྲོག་བླ་ཚེ་ཐར་ཅི་མང་གྱིས། ལོ་རེ་བཞིན་བཀའ་ཆོས་གནང་བའི་བླ་མ་རྣམས་ཀྱིས་སྐྱ་སེར་ཕོ་མོ་དྲག་ཞན་ཐམས་ཅད་ལ། ཤའི་ཉེས་དམིགས་ཟ་མི་རུང་བར་སྤང་དགོས་ཚུལ་མདོ་རྒྱུད་བསྟན་བཅོས་ན་གང་ཡོད་ལུང་རིགས་འབྲེལ་བའི་སྒོ་ནས་གསུངས་ལ། དགེ་འདུན་པ་རབ་ཀྱིས་ཤ་སྤོང་ཅི་ཐུབ་ལྟོས། འབྲིང་གིས་ཤི་ཤ་མ་གཏོགས་སྲོག་བཅད་པའི་ཤ་མ་ཟ། ཐ་མས་ཀྱང་ཤན་པས་སྲོག་དབུགས་བཅད་པའི་ཤ་ཁྲག་སྐབས་རེ་ཙམ་ཟ་ཡང་རྒྱུན་དུ་བག་མེད་དུ་མ་ཟ་འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་བཀའ་ཆོས་གནང་བར་ཞུ་ཞེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས། དེ་ལྟར་མཛད་ན་སངས་རྒྱས་ཀྱི་བསྟན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོད་པའི་རྟགས་དང་ཁྱད་ཆོས་སུ་གདའ། བསྟན་པ་གནས་པ་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་ཁྱད་ཆོས་སུ་དེ་ལྟ་བུ་ཞིག་ཅི་ནས་ཀྱང་དགོས། ཉམ་ཐག་ཕ་མ་སེམས་ཅན་གྱི་སྲོག་ལ་བབ་ཡོད་པ་རྣམས་ཀྱི་ནང་ནས་སྲོག་བླུ་གཅིག་ཙམ་བྱས་ཏེ། ཚེ་དར་བཏགས་ནས་ལྷ་ལ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་གསོལ་འདེབས་བྱས་སྨོན་ལམ་བཏབ་ན་དེ་བས་དགེ་བ་ཞིག་གཞན་ན་མེད། དེ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡིན་པ་གཞིར་བཞག ། སངས་རྒྱས་ཀྱི་བསྟན་པའི་རྩ་བ་སྙིང་རྗེ་ཡིན་དེའི་ཡན་ལག་ལྟ་བུ་སྡིག་སྤོང་དགེ་བ་སྒྲུབ་པ་རྣམས་ཡིན་པས། མི་དེས་དོན་གྱི་སངས་རྒྱས་ཀྱི་བསྟན་པ་གཟུང་བར་འགྱུར། དཔེར་ན་བུ་ལ་བྱམས་ན་མ་ཤུགས་ཀྱིས་དགའ་བ་ལྟར། ཕ་མ་སེམས་ཅན་ལ་ཕན་བཏགས་ན་རྒྱལ་བ་སྲས་བཅས་རྣམས་ཐུགས་དགྱེས་པའི་མཆོད་པའི་མཆོག་ཏུ་འགྱུར། བསོད་ནམས་ཀྱི་ཚོགས་དེའི་མཐུས་མ་འོངས་པ་ན་མཚན་དཔེས་མཛེས་པའི་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ཐོབ་པས་ནམ་ཡང་མི་འཇིགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་མཆོག་ཏུའགྱུར་ཚེ་ཐར་སྲོག་བླུ་བྱས་པའི་མཐུས་ཚེ་འདིར་ཡང་ཚེ་རིང་ནད་མེད་པའི་ཚེ་སྒྲུབ་ཞབས་བརྟན་ཀུན་གྱི་མཆོག་ཏུ་འགྱུར་རོ། །དེ་ནས་མཇུག་ཏུ་ཇི་ལྟར་གདམས་པ་ནི། དེང་སང་ས་གསུམ་འགྲོ་བའི་མིག་ལྟ་བུའི་སྟོན་པ་ནི་ཞལ་མི་བཞུགས་ཤིང་། དཔང་གྱུར་གྱི་སྐྱེ་བོ་ཕལ་ཆེར་ཟད་པ་དང་། དེ་ཉིད་མ་མཐོང་བའི་སྐྱེ་བོ་མང་པོས་སྟོན་པའི་བསྟན་པ་དཀྲུགས་པའི་དུས་འདིར་ཐར་འདོད་རྣམས་ཀྱིས་བག་ཡོད་དྲན་ཤེས་བསྟེན་དགོས་ཏེ། སློབ་དཔོན་དབྱིག་གཉེན་གྱིས།
སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིང་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་འབྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིགས་ནས་ནི། །ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་གྱིས། །
ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ཆོས་ཀྱི་སྲོག་དང་འདྲ་བའི་སྙིང་རྗེ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཉམས་པའི་དུས་འདིར་སྡིག་ཟས་ཤ་ལ་སྲེད་པ་མང་པོས་ཤ་ཟོས་ཆོག་པའི་ལུང་རིགས་ལྟར་སྣང་མང་པོ་བསྟན་ནས། རྣམ་གསུམ་དག་མ་དག་གཉིས་ཀ་འཇོལ་ཉོག་ཏུ་སྤྱོད་པའི་དུས་འདིར་བློ་གྲོས་ཅན་རྣམས་ཀྱིས་སྟོན་པའི་གསུང་རབ་དང་། རྒྱ་བོད་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་དཔང་པོར་བཞག་ནས་བླང་དོར་མ་ནོར་བར་མཛོད་ཅེས་གདམས་སོ། །ད་ནི་ཉི་མ་ནུབ་ཀྱི་རི་མགོར་ལྷུང་བ་བཞིན་དུ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནུབ་ལ་ཉེ། བསྟན་པའི་རྩ་བ་སྙིང་རྗེ་ཆེན་པོའི་རང་གཞན་གང་གི་རྒྱུད་ན་མེད་པའི་དུས་འདིར་ཆོས་མིན་སྡིག་པའི་ལས་ལ་དགའ་བ་རྣམས་རྒྱལ་བའི་དུས་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས།
ཨེ་མ་དེང་སང་བསྟན་པ་ཡི། །ཉི་མ་ནུབ་ཀྱི་རི་མགོར་ལྷུང༌། །མདོ་རྒྱུད་ཟེར་གྱི་སྣང་བ་ཡང་། །མཁས་གྲུབ་འགའ་ལས་གང་ནའང་དཀོན། །དེ་ཡི་གཞུང་ལ་བསྟེན་རྣམས་ཀྱང་། །གཞན་དུ་ལོག་པའི་བཤེས་ཀྱིས་འཁྲིད། །མིག་ལྡན་འགྲོ་བ་ལྡོང་འགྱུར་ཞིང་། །འབྱུང་པོའི་བྱ་རྣམས་དགའ་བའི་དུས། །ཆོས་མ་ཡིན་རྣམས་རྒྱལ་ལ་ལྟོས། །
ཞེས་གསུངས་པའི་ཐོག་ཏུ་བབས་པའི་དུས་འདིར། འདི་འདྲའི་ཆོས་བཤད་བྱེད་པའང་དཀའ་སྟེ། ས་སྐྱ་པཎ་ཆེན་གྱིས།
ད་ནི་ཕྱོགས་བཅུའི་སངས་རྒྱས་ལ། །ཐལ་སྦྱར་ནས་ནི་འདི་སྐད་གསོལ། །བདག་གིས་བདེན་པར་སྨྲ་ལགས་སམ། །འོན་ཏེ་རྫུན་དུ་སྨྲ་བར་བགྱི། །བདེན་པར་སྨྲས་ན་གཞན་སེམས་བསྲེག །རྫུན་པར་སྨྲས་ན་བསྟན་པ་འཇིག །སྨྲ་བ་སྤངས་ན་དོན་མི་རྟོགས། །དེས་ན་དམ་པའི་སྤྱོད་པ་དཀའ། །ཨེ་ཊ་ཞེས་བྱའི་དྲང་སྲོང་མཆོག ། དེ་ཡིས་གསོད་པའི་མཆོད་སྦྱིན་བཀག ། དེའི་ཚེ་ཤ་ལ་དགའ་བ་ཡི། །གནོད་སྦྱིན་རྣམས་ཀྱིས་བསད་ཅེས་གྲགས། །དེང་སང་ན་ཡང་ཡུལ་དེ་ལ། །ཨེ་ཊ་གདུག་པའི་ཡུལ་ཞེས་ཟེར། །དམ་ཆོས་སྨྲ་བའི་དགེ་སློང་མཆོག ། མེ་ཏོག་ཟླ་མཛེས་ཐུགས་རྗེ་ཅན། །དམ་ཆོས་བཤད་པའི་ལེ་ལན་གྱིས། །རྒྱལ་པོའི་ཆད་པས་བཅད་ཅེས་ཐོས། །གཞན་ཡང་བདེན་པར་སྨྲ་བའི་རྒྱུས། །སྨྲ་བ་པོ་ལ་འཇིག་རྟེན་ཀུན། །ལོག་པར་འཇུག་པ་མང་ལགས་པས། །ཐུགས་རྗེ་མངའ་བས་བསྐྱབ་ཏུ་གསོལ། །
ཞེས་གསུངས་པ་ལྟར་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་བློ་ཁ་ནང་དུ་ལོག་ནས་རང་གི་སེམས་ལ་བལྟ་བར་བྱ་སྟེ། མཉམ་མེད་པོ་ཏོ་བའི་ལམ་རིམ་ལས།
འཛམ་གླིང་སངས་རྒྱས་གཉིས་པར་གྲགས་པ་ཡི། །ཇོ་བོའི་བཀའ་བརྒྱུད་བདུད་རྩི་ལྟ་བུ་འདི། །ཚོང་འདུས་འོ་མ་བཞིན་དུ་བསྲེས་བསླད་བྱས། །དེང་སང་དུསན་གྲོང་བསྐོར་བྱེད་པར་གྱུར། །དམ་པ་ཕན་ཚུན་གཅིག་གིས་གཅིག་བསྟོད་པ། །དེང་སང་དུས་ན་ཐམས་ཅད་འགྲན་པར་གྱུར། །དབེན་པར་ཀུན་ནས་ཚུལ་བཞིན་སེམས་པ་དེ། །དེང་སང་དུས་ན་ཉིན་པར་སྐར་མ་ཙམ། །ཚེ་འདི་བློས་བཏང་ཐར་ལམ་བསྒོམ་པ་དེ། །དེང་སང་དུསན་རང་འོད་མེད་པར་བྱེད། །ཚེ་འདིའི་དོན་གཉེར་ཡོ་བྱད་གསོག་པ་དེ། །དེང་སང་དུས་ན་རང་འོད་ཅན་དུ་བྱེད། །བསླབ་ལ་གུས་ཤིང་དམན་ས་འཛིན་པ་དེ། །དེང་སང་དུས་ན་ཀུན་གྱིས་བརྙས་བཅོས་བྱེད། །སྡིག་ལ་མི་འཛེམ་རྩབ་རལ་བྱེད་པ་དེ། །དེང་སང་དུས་ན་ཀུན་གྱིས་སྤྱི་བོར་བཀུར། །དམ་པ་ཐམས་ཅད་རིམ་གྱིས་གཤེགས་གྱུར་པས། །དེང་སང་དུས་ན་བརྟེན་ས་མེད་པར་གྱུར། །རང་གི་འཁོར་བའི་སྐྱོན་ལ་བསམ་བྱས་ནས། །ཤེས་པ་ནང་དུ་བཟློག་སྟེ་བལྟ་བར་བྱ། །
ཞེས་གསུངས་པ་ལྟར་རང་སེམས་ལ་བལྟ་བ་མན་ངག་བླ་ན་མེད་པ་ཡིན་མོད། འོན་ཀྱང་རྗེ་བདག་ཉིད་ཆེན་པོའི་ཞལ་ནས།
ས་འདི་མཁས་གྲུབ་བརྒྱ་སྟོང་གིས། །རིན་ཆེན་ཁུར་ཆེན་འཛིན་པའི་ཚེ། །འབད་པ་དུ་མས་དེ་རྣམས་ཀྱི། །སྤྱན་སྔར་སོ་སོའི་ལེགས་བཤད་ལེན། །དུས་ཀྱི་དབང་གིས་དེ་ཉམས་ཚེ། །དེ་དག་རྣམས་ཀྱི་ཐུགས་ཀྱི་བཅུད། །ཡི་གེར་བཀོད་པའི་གཞུང་མང་རྣམས། །བླ་མའི་མན་ངག་ལ་བརྟེན་ནས། །ལེགས་པར་སྦྱངས་ཏེ་ལེན་པ་ནི། །དེ་ཡི་དོད་དུ་མཁས་པས་ཤེས། །
ཞེས་གསུངས་པ་ལྟར་བདག་གིས་ཀྱང་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ཐུགས་བཅུད་ཡི་གེར་བཀོད་པའི་གཞུང་མང་པོ་ནས་འདི་ཉིད་བླངས་པ་ཡིན་པས། བློ་གྲོས་ཅན་གཞན་གྱིས་ཀྱང་འདི་ཉིད་ཉམས་སུ་ལེན་པར་འོས་ཏེ། སློབ་དཔོན་ཀཱ་མ་ལ་ཤཱི་ལས།
དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིང་བ། །ཡོན་ཏན་རྣམས་ཀྱིས་མི་མངོན་ཆུ་ཡི་མཚོ་འདྲ་དག ། རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལས་འོ་མ་ལེན་པ་བཞིན། །དེ་ལྟ་བས་ན་མཁས་རྣམས་ཀྱིས། །ཕྱོགས་ལྷུང་དཀྲུགས་ཡིད་རིང་སྤོངས་ལ། །བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་བ་ཁོ་ན་ཡིན། །
གསུངས་པ་ལྟར་ཉམས་སུ་བླང་ན་གང་ཟག་དེ་གནས་སྐབས་ཀུན་ཏུ་བདེ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་འགྱུར་རོ།

༈ སྨྲས་པ།
སྙིང་རྗེ་ཆེན་པོའི་སྒོ་ནས་དུས་ཀུན་ཏུ། །སྙིང་རྗེའི་ཡུལ་གྱུར་འགྲོ་ལ་ལྷ་ཆོས་ཀྱི། །སྙིང་པོ་སྙིང་རྗེའི་ཆོས་ཀྱི་ཆར་འབེབས་པའི། །སྙིང་རྗེའི་མངའ་བདག་བླ་མ་སྤྱི་བོར་བཞུགས། །ཆོས་མཛད་སྐྱེས་བུ་རྣམས་ཀྱི་རྒྱན་གྱི་མཆོག ། དཔག་མེད་ཡོན་ཏན་མ་ལུས་འབྱུང་བའི་གནས། །ཆོས་ཀྱི་རྩ་བ་སྙིང་རྗེ་རིན་པོ་ཆེའི། །ཡོན་ཏན་དྲན་བཞིན་བསྟོད་བསྔགས་མེ་ཏོག་འཐོར། །སྙིང་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འདྲ། །སྙིང་རྗེ་ཆེན་པོ་གཏེར་ཆེན་བུམ་བཟང་འདྲ། །སྙིང་རྗེ་ཆེན་པོ་དཔག་བསམ་ལྗོན་ཤིང་འདྲ། །སྙིང་རྗེ་ཆེན་པོ་འཛམ་གླིང་ཉི་མ་འདྲ། །སྙིང་རྗེ་ཡོད་ན་ཆོས་ཀྱི་རྩ་བ་ཚུགས། །སྙིང་རྗེ་ཡོད་ན་བདག་གཞན་དོན་གཉིས་འགྲུབ། །སྙིང་རྗེ་ཡོད་ན་སངས་རྒྱས་དངོས་དང་མཚུངས། །སྙིང་རྗེ་ཡོད་ན་ལྷ་མི་ཀུན་གྱིས་སྨོན། །སྙིང་རྗེ་ཡོད་ན་ཐོག་མར་སེམས་ཅན་གྱི། །དོན་དུ་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནུས། །སྙིང་རྗེ་ཡོད་ན་བར་དུ་རྒྱལ་སྲས་ཀྱི། །སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་ནུས། །སྙིང་རྗེ་ཡོད་ན་ཐ་མར་སངས་རྒྱས་ཚེ། །ཞི་བར་མི་གནས་སེམས་ཅན་འདྲེན་པར་ནུས། །སྙིང་རྗེ་ཆེན་གསང་སྔགས་སྒོར་ཞུགས་ནས། །ཚེ་གཅིག་སངས་རྒྱས་གོ་འཕང་ཐོབ་པར་ནུས། །སྙིང་རྗེ་ཡོད་ན་བསྟན་འགྲོར་ཕན་པའི་ཕྱིར། །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་ནུས། །སྙིང་རྗེ་ཆེན་པོས་བདག་ཡིད་རབ་བསྐྱོད་ནས། །འགྲོ་ལ་ཕན་ཕྱིར་སྙིང་རྗེའི་གླེགས་བམ་བརྩམས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །སྙིང་རྗེའི་མངའ་བདག་བླ་མ་རྒྱལ་སྲས་ཀྱིས། །གང་བརྩམས་འགྲོ་ལ་ཕན་པར་བྱིན་གྱིས་རློབས། །ལུང་དང་རིགས་པའི་སྡེབས་སྦྱོར་ཀུན་ཚང་བའི། །ཆོས་ཀྱི་སྙིང་པོ་སྙིང་རྗེའི་སྨན་མར་འདི། །སྐལ་བཟང་ཆོས་མཛད་ཡོངས་ཀྱིས་གསོལ་ནུས་ན། །བྱང་ཆུབ་སེམས་ཀྱི་ལུས་སྟོབས་རྒྱས་པར་འགྱུར། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །སྙིང་རྗེ་ཆེན་པོ་སྐྱེ་བའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་སྙིང་རྗེ་ཆེན་པོ་དང་། །འབྲལ་བ་མེད་པར་ཤོག་ཅེས་སྨོན་ལམ་འདེབས། །འདི་ཕྱི་བར་དོ་ཚེ་རབས་ཐམས་ཅད་དུ། །སྙིང་རྗེ་ཅན་གྱི་བླ་མ་མཇལ་བར་ཤོག ། སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས་དབང་དང་། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག ། ས་གཞི་ནམ་གནས་བར་དུ་གླེགས་བམ་འདིས། །ས་ཐོག་འདི་ན་སྡིག་ཟས་ཤ་ཡི་ཕྱིར། །ས་ལ་བསྒྱེལ་ནས་སེམས་ཅན་གསོད་ཚད་ཀྱི། །ས་སྟེང་སྐྱེ་འགྲོ་ཡོངས་ལ་ཕན་པར་ཤོག ། རྒྱལ་མཚན་རྩེ་མོའི་ཏོག་གི་ནོར་བུ་ལྟར། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རབ་བསྔགས་པའི། །རྒྱལ་བསྟན་སྙིང་པོ་སྙིང་རྗེའི་ནོར་བུ་ཡིས། །རྒྱལ་ཁམས་ཡོངས་ལ་ཕན་པའི་བཀྲ་ཤིས་ཤོག །
ཅེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གསུངས་པའི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཆོས་འཁོར་རྣམས་ཀྱི་ནང་ནས་འདིར་མཁོ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པས་གླེགས་བམ་ཆུང་ཆུང་ཞིག་ལོངས་ཚེ། གསུང་ཆོས་དེ་རྣམས་ལས་སླར་ཡང་སྤྲུལ་པའི་གླེགས་བམ་ཞིག་དང་འདྲ་བ་བྱུང་སྙམ་ནས། མཚན་ཡང་སྙིང་རྗེ་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ནི། རང་གི་ཡིད་ལ་གོམས་པ་དང་། སྐལ་བཟང་གཞན་ལ་ཕན་པའི་ཕྱིར་སྔ་གོང་ནས་རྩོམ་འདུན་ཡོད་པའི་ཁར། གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པའི་སྤྲུལ་སྐུ་རྣམ་གསུམ་དང་། མཁས་གྲུབ་གཉིས་འཛོམ་ཀུན་བཟང་སྟོབས་ལྡན་དབང་པོའི་ཐུགས་སྲས་རྣམ་གཉིས། སྐལ་ལྡན་ལས་འཕྲོ་ཅན་གྱི་དགེ་སློང་བློ་གྲོས། མི་གཞི་ལྷ་ལས་བཟང་བའི་མཚམས་པ་ཚེ་མགོན། སྒྲུབ་བརྒྱུད་བསྟན་པ་འཛིན་པའི་བྱ་བྲལ་འཇིགས་མེད། གུ་ཡངས་བློ་བདེའི་སློབ་བུ་བློ་བཟང་མཁས་མཆོག་སོགས་ཐེག་པ་ཆེན་པོའི་སྣོད་ལྡན་གྱི་སློབ་མ་མང་པོས། ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་འདི་ཀུན་གྱི་རྒྱུད་ལ་སྐྱེ་དཀའ་བར་འདུག་པས། ཕྱིན་ཆད་སྙིང་རྗེ་སྐྱེ་བའི་ཐབས་སུ་འདི་ལྟ་བུའི་ལེགས་བཤད་ཟབ་མོ་ཞིག་དགོས་ཞེས་ལྷ་རྫས་དང་བཅས་ཏེ་ཡང་ཡང་བསྐུལ་བའི་ངོར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་རྣལ་འབྱོར་ཞབས་དཀར་པས་དབེན་གནས་བཀྲ་ཤིས་འཁྱིལ་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག།

༈ ། །སྭ་སྟི།
རྨད་བྱུང་གོམས་སྟོབས་ཐུགས་ཀྱི་རྒྱ་མཚོ་ལས། །འཁྲུངས་པའི་གཞན་ཕན་སྙིང་རྗེའི་དཀྱིལ་འཁོར་རྫོགས། །སྡེབས་ལེགས་ལུང་རིགས་རི་དྭགས་གཟུགས་ཀྱིས་མཛེས། །སྔར་མེད་སྤྲུལ་པའི་གླེགས་བམ་ཟླ་བ་ཞིག ། ལྷག་བསམ་ཤར་རིའི་རྩེ་ལས་འཕགས་པའི་མོད། །ཆོས་བརྒྱད་ཆོས་སུ་རློམ་པའི་པདྨ་ཟུམ། །ཆོས་མིན་ཆོས་ལྟར་བཅོས་པའི་ཚ་གདུང་བཅིལ། །ལེགས་ཚོགས་ཀུ་མུད་བཞད་པ་མ་ཡིན་ཀྱང་། །འགྲོ་ལ་རྗེས་བརྩེའི་རྒྱུན་བཟང་གངྒཱ་མོ། །ཁྱོད་ཐུགས་བདེ་འབྱུང་རལ་ཀློང་སིམ་པའི་མཐར། །གཞན་ཕན་སྐལ་ལྡན་ཤིང་རྟས་ཉེར་དྲངས་པས། །བྱང་སེམས་སྙིང་རྗེའི་རྒྱ་མཚོར་ཅིས་མི་འཇུག ། འོན་ཀྱང་ཐུབ་བསྟན་ཆུ་ལྷའི་འཕང་པར་ཕྱོགས། །འདོད་ལྷའི་བྲན་གཡོག་སེར་གཟུགས་འབྱུང་པོའི་བྱས། །ནོར་འཛིན་ཁེངས་ལ་ཉེ་བའི་དུས་སྐབས་འདིར། །འདི་འདྲའི་དམ་ཆོས་ཐོས་པའང་མགོན་ཁྱོད་དྲིན། །དྲིན་ལན་གསབ་ཕྱིར་དབྱངས་གསལ་གཟུགས་རིས་སྤེལ། །སྤེལ་བའི་དགེ་འབྲས་མ་གྱུར་འགྲོ་བ་རྣམས། །རྣམ་གྲོལ་ཉེར་ཞིའི་ས་ལ་མ་བཞག་བར། །བར་མི་འཆད་པའི་གཞན་དོན་སྒྲུབ་རྒྱུར་བསྔོ། །དེའི་མཐུས་རྒྱལ་བསྟན་རིན་ཆེན་སྙིང་པོའི་བཅུད། །ལས་ལྡན་སྐྱེ་རྒུའི་རྒྱུད་ལ་རང་ཞུགས་ནས། །འགྲོ་ཀུན་ཕན་བདེའི་དཔལ་གྱིས་རྟག་འཚོ་ཞིང་། །ཐུབ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །
ཅེས་པའང་བུདྡྷ་རཏྣས་སོ། །སརྦ་མངྒ་ལཾ།། །།