Slob dpon zhi ba lha'i rnam thar/Full text

From Bodhicitta
< Texts‎ | Slob dpon zhi ba lha'i rnam tharTexts/Slob dpon zhi ba lha'i rnam thar/Full text

སློབ་དཔོན་ཞི་བ་ལྷའི་རྣམ་ཐར།
FULL TEXT


Description

Referenceslob dpon zhi ba lha'i rnam thar [སློབ་དཔོན་ཞི་བ་ལྷའི་རྣམ་ཐར།].
PeopleThe Second Pawo Tsuklak Trengwa



[edit]
Input by Khenpo Tamphel for Tsadra Foundation
Source http://purl.bdrc.io/resource/MW28792_95D811
Date 2026-02-17
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
སློབ་དཔོན་ཞི་བའི་ལྷ་ནི་ཡུལ་འཁོར་བཟང་པོར་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་བལྟམས་ཆུང་ངུ་ནས་འཇམ་དཔལ་རྣོན་པོ་གྲུབ་སྟེ། འཇམ་དཔལ་གྱིས་བསྐུལ་སྟེ་ནཱ་ལེནྡྲར་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང༌། འཕགས་པ་ལས་དངོས་སུ་གསན་ནས་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པས་གཞན་རྣམས་ཀྱིས་འདུ་ཤེས་གསུམ་པར་བཏགས། གནས་ནས་འབྱིན་པའི་ཕྱིར་མདོ་འདོན་པར་བསྒོས་པས་ཁྲུ་བཅུ་གཉིས་པའི་ཁྲི་ལ་བཞུགས་ནས་སྔོན་མ་གྲགས་པ་ཐོན་ཞིག་ཟེར་བ་ལྟར་སྤྱོད་འཇུག་གསུངས་ནས་ཤེར་ལེའུ། གང་ཚེ་དངོས་དང་དངོས་མེད་དག །ཞེས་པའི་ཚེ་ཇེ་མཐོར་གྱུར་ནས་སྐུ་མི་སྣང་བར་གསུང་གྲགས་པས་རྫོགས་པར་བཏོན། དེར་པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བསྡུས་པས་ཁ་ཆེ་བ་རྣམས་ཀྱིས་ཤློ་ཀ་བདུན་བརྒྱ་དང་ཡུལ་དབུས་པ་རྣམས་ཀྱིས་སྟོང་དུ་བྱུང་ལ། ཁ་འཕངས་པའི་ཀུན་བཏུས་གཉིས་ཀྱང་མ་ཤེས་པས་སློབ་དཔོན་ལྷོ་ཕྱོགས་མཆོག་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་སྟེ་སྤྱན་དྲངས་པས་མ་བྱོན། སྤྱོད་འཇུག་ཤློ་ཀ་སྟོང་དེ་ཚད་མར་བྱས། བསྟན་བཅོས་གཉིས་བྲང་ཁང་གི་གདུང་གསེབ་ན་ཡོད་གསུང་ཞིང་དགེ་སློང་ཨེ་ལ་དྷ་རི་ལས་བྱུང་ཡང་ཟེར། ཡང་ཤར་ཕྱོགས་སུ་གཡུལ་ངོ་ཆེན་པོ་ཅིག་དུ་ཞུགས་སྟེ་སྐད་ཅིག་གིས་དུམ་པར་མཛད། དགོན་པའི་བྲག་ཕུག་ཆེན་པོར་མུ་སྟེགས་པ་ལྔ་བརྒྱ་གནས་པ་དང༌། ཡང་གཅིག་ན་སྤྲང་པོ་སྟོང་གནས་པ་ལ་ཞག་བདུན་དུ་ཡུལ་ངན་བྱུང༌། ཟམ་པ་ཀུན་ཆུས་ཁྱེར། སློང་མ་ནུས་པར་ལྟོགས་ནས་འཆི་བ་ལ་ཕྱོགས་པ་འབྲས་ཆན་ལྷུང་བཟེད་རེ་བསླངས་ཏེ་བྱིན་པས་ཚིམ་པར་བྱས་ཤིང་ཆོས་ལ་བཀོད། སྡིག་སྤྱོད་ཀྱི་རྒྱལ་པོ་གཅིག་གི་བློན་པོ་མཛད་སྟེ་སྡིག་པ་ལས་ལྡོག་ཅིང་ཤིང་གི་རལ་གྲིའི་འོད་ཀྱིས་བཏུལ། མུ་སྟེགས་ཤངྐ་ར་དེ་བས་ནམ་མཁའ་ལ་དབང་ཕྱུག་གི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་རླུང་གིས་གཏོར་སྟེ་མུ་སྟེགས་ཐམས་ཅད་བཏུལ། བུད་མེད་མྱོས་བྱེད་མ་ཞེས་པས་ཆང་བཙོངས་ནས་སྐྱེ་བོ་རྣམས་མྱོས་པར་བྱེད་ཅིང་ཁྱོད་མུ་སྟེགས་པ་རྫུ་འཕྲུལ་ཐོབ་པ་དེས་མྱོས་པ་རྣམས་གསོད་པ་ན་ཉི་མ་གཏའ་མར་བཅུག་པས་བཏུལ། དེ་ལྟར་བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། བྱང་སེམས་བསླབ་པ་མཐར་ཕྱིན་པ། ཤཱནྟི་དེ་བ་ཞེས་པ་དེས་བྱང་སེམས་ཀྱི་བསླབ་པ་རྒྱས་པར་སྟོན་པ་བསླབ་པ་ཀུན་ལས་བཏུས། བསྡུས་ནས་སྟོན་པ་མདོ་ཀུན་བཏུས། ཚིག་ཉུང་ལ་དོན་རྒྱས་པ་སྤྱོད་འཇུག་རྣམས་མཛད་ཅིང༌། བསླབ་བཏུས་ཀྱི་མངོན་པར་རྟོགས་པ་གསེར་གླིང་པས་མཛད་ཅིང་མདོ་ཀུན་བཏུས་ཀྱི་དོན་སྡུ་ཇོ་བོས་མཛད་དོ། །སྤྱོད་འཇུག་ལ་འགྲེལ་པ་བརྒྱ་རྩ་ཡོད་པར་གྲགས་ཀྱང་ཤེས་འབྱུང་གི་འགྲེལ་ཆེན་སོགས་བོད་དུ་བརྒྱད་ཙམ་འགྱུར་རོ། །