སེམས་བཀྱེད་མུ་ཏིག་ཕྲེང་ཆེན།
FULL TEXT


Description

ཡོ་བྱད་འཐོན་གྲབས་ཡོད། ཐུགས་ལྷོད་མཛོད།

Citationsems bkyed mu tig phreng chen [སེམས་བཀྱེད་མུ་ཏིག་ཕྲེང་ཆེན།].
AuthorPakmodrupa Dorje Gyalpo



[edit]
Source BDRC MW23891_F83EF4 Input by Khenpo Tamphel
Date 2026-01-23
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །སེམས་བསྐྱེད་མུ་ཏིག་ཕྲེང་ཆེན་ཞེས་བྱ་བ་བཞུགས་སོ།།


ཨོཾ་སྭ་སྟི། སྲིད་པ་རབ་ཟད་སྡུག་བསྔལ་རྒྱ་མཚོ་སྐེམས།། ཡོན་ཏན་མཆོག་བསྐྱེད་དྲི་མ་རྣམ་བསལ་ཞིང་།། སྐྱབས་མཆོག་ཡེ་ཤེས་རྒྱ་མཚོ་འབྱུང་བའི་གནས།། བྱམས་དང་སྙིང་རྗེ་བདེ་ཆེན་བྱང་ཆུབ་སེམས།། སངས་རྒྱས་སྲས་པོ་བགྲོད་པའི་ལམ་གྱི་མཆོག། བྱང་ཆུབ་སེམས་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་བསྐྱེད་པ་མ་ཡི་མཆོག།

སྐྱབས་འགྲོ་སེམས་བསྐྱེད་ཆོ་ག་འབྲི་བར་བྱ།།


དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ། འཁོར་བའི་ནད་ཐམས་ཅད་སེལ་བའི་སྨན། ཡོན་ཏན་རྒྱ་མཚོ་འབྱུང་བའི་གནས། ཚེ་འདི་དང་ཚེ་རབས་ཐམས་ཅད་ཀྱི་བདེ་སྐྱིད། རང་གཞན་གྱི་དོན་འབྱུང་བའི་རྒྱུ་དམ་པ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཆོ་ག་བསྟན་པ་ནི། དང་པོ་བསྟན་པའི་རྨང་རྡོ་ལྟ་བུ་སྐྱབས་སུ་འགྲོ་བ་ཐུན་མོང་བ་ཡིན་པས། ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་སྐྱེས་བུ་དག་གིས། སྐྱབས་སུ་འགྲོ་བ་ཐུན་མོང་བའི་སྡོམ་པ་བླང་བར་འདོད་པས། ངན་སོང་དང་འཁོར་བ་ལ་མེ་འོབས་བཞིན་དུ་བསམས་ལ། སྐྱབས་སུ་འགྲོ་བའི་སྡོམ་པ་དང་ལྡན་པ་སྟན་མཐོན་པོ་ལ་བཞག །དཀོན་མཆོག་གསུམ་ལ་མཆོད་པ་བཤམ། སློབ་དཔོན་ལ་ཡོན་ཕུལ་ལ། ཡན་ལག་ལྔས་ཞབས་ལ་གཏུགས་ཏེ་ཕྱག་འཚལ། ཐལ་མོ་སྦྱར་ཙོག་པུར་བསྡད་ནས། རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་གྱི་བར་དུ་བྱའོ།།

དེ་ནས་ཕན་ཡོན་དང་བསླབ་བྱ་བཤད་པ་ནི། སྐྱབས་སུ་འགྲོ་བའི་ཕན་ཡོན་ཐུབ་པའི་གསུང་རབ་དཔག་ཏུ་མེད་པ་ཞིག་ནས་གསུངས་ཀྱང༌། ཇོ་བོ་རྗེ་ཆེན་པོས་མདོར་བསྡུས་པ་བརྒྱད་དུ་གསུངས་པ་ནི། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་དང༌། མི་དང་མི་མ་ཡིན་ཐམས་ཅད་ཀྱིས་མི་ཚུགས་པའི་ཕན་ཡོན་དང༌། སྡིག་པ་ཐམས་ཅད་ཟད་ཅིང་བསྲབས་པར་འགྱུར་བའི་ཕན་ཡོན་དང་། རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འཕེལ་བའི་ཕན་ཡོན་དང་། ཤི་ནས་ངན་འགྲོ་དང་ངན་སོང་དུ་མི་འགྲོ་བའི་ཕན་ཡོན་དང་། ལམ་ཁྱད་པར་དུ་འཕགས་པ་རྒྱུད་ལ་སྐྱེ་བའི་ཕན་ཡོན་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕན་ཡོན་ནོ། །གནས་ལྔ་རིག་པའི་པཎྜི་ཏས་ཀྱང་། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་མ་བྱས་ན་ནང་པ་སངས་རྒྱས་པའི་ཁོངས་སུ་མི་ཚུད། དབུལ་མོ་བ་ལང་རྫི་ཡི་གེ་ཀ་ཞིག་ཙམ་མི་ཤེས་པས་ཀྱང་། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་པས། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཅིང་ལྷ་མི་ཐམས་ཅད་ཀྱི་མཆོད་པའི་གནས་སུ་འགྱུར་བ་དང་། དཀར་པོའི་ས་བོན་ཐམས་ཅད་རྒྱུད་ལ་ཉི་ཟླ་ལྟར་རྒྱས་པའོ། །སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པས། ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་སྡོམ་པ་རིན་པོ་ཆེ་ཡིན་ལ། དེ་ཉིད་ཀྱི་རྒྱུ་ཡང་སྐྱབས་སུ་འགྲོ་བ་ཡིན་པས། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་ནོ།།

རྒྱ་གར་ཤར་ཕྱོགས་ཀ་མ་རུའི་བྱང་ངོས་ལང་ཀ་པར་པ་ཏ་ཞེས་བྱ་བའི་ཡུལ་ཆུང་ངུ་ཞིག་ན། གནོད་སྦྱིན་ཨ་ལཾ་བྷ་ར་ཞེས་བྱ་བས་ཞག་རེ་ལ་མི་རེ་ཁྱེར་ནས་འགྲོ་བ་ལ། དུས་རེ་ཞིག་ན་བྲམ་ཟེའི་བུ་མོ་དགེ་བསྙེན་མ་བདེ་མ་ཞེས་བྱ་བ་རྒས་པ་འཁོགས་པ་འཁར་བ་ལ་བརྟེན་པ་མིག་དང་བྲལ་བ་ཞིག་ལ་ཟ་རེས་བབ་ནས། གནོད་སྦྱིན་གྱི་རྩར་ཕྱིན་ཙམ་ན། དགེ་བསྙེན་མ་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱེད་ཅིང་ཡོད་པ་ལ། གནོད་སྦྱིན་གྱིས་མེའི་ཕུང་པོ་ཞིག་ཏུ་མཐོང་ནས་ཟ་བར་མ་ནུས་པ་དང་། ཡང་རྒྱ་གར་ལྷོ་ཕྱོགས་སུ་དགེ་སློང་ཞིག་གིས་ལྷ་དཀོན་མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་བ་བྱེད་ཅིང་བསྡད་པ་ལ། གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་ཟ་བར་བརྩམས་ནས་དགེ་སློང་གི་རྩར་ཕྱིན་པ་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་མཐོང་ནས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་བྱས་ནས་གནོད་པར་མ་ནུས་པ་ལྟ་བུ་དང་། དར་ཡུལ་ལ་བོ་ཆེ་ལ་ཕྱིར་རབ་ཏུ་བྱུང་བ་བགྲེས་གཞོན་གསུམ་འོངས་པ་ལ། བགྲེས་པོས་སྐྱབས་འགྲོ་བྱེད་ཅིང་འོང་། གཞོན་པ་གཉིས་པོས་ཡར་བལྟ་མར་བལྟའི་གཏམ་མང་པོ་བྱེད་ཅིང་འོང་པ་ལས། ལ་བཙས་ཀྱི་རྩ་ནས་ཇག་པ་བྱུང་ནས་བགྲེས་པོ་འདི་ཆོས་པར་འདུག་གི་མ་འཇོམས་ཤིག །གཞོན་པ་འདི་གཉིས་མི་སྐྱ་དང་ཁྱད་མི་འདུག་གི་ཟེར་ནས། སྒོག་པ་བཞིན་དུ་ནི་བཤུས། སྙེ་ཕུང་བཞིན་དུ་ནི་བརྡུངས། བཤའ་ལུག་བཞིན་དུ་ནི་བཀྱིགས། རྐུན་ནོར་བཞིན་དུ་གྲོག་པོར་སྦས་པས། ལྷ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པས་མི་དང་མི་མ་ཡིན་པའི་འཇིགས་པ་ལས་སྐྱོབ་པ་དེ་ལྟ་བུའོ།། སྔོན་བཅོམ་ལྡན་འདས་བཞུགས་པའི་དུས་སུ་རྒྱལ་པོ་མ་སྐྱེས་དགྲས་ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཀྲོངས། རྒྱལ་པོ་ཆེན་པོ་ཉིད་ནི་འབྲུམ་བུ་མེ་དབལ་ནག་པོའི་ནད་ཀྱིས་ཐེབས་ནས། མགོ་ལུས་ཐམས་ཅད་གཤགས་པ་ཙམ་གྱིས་ཟུག་གཟེར་གྱིས་ནི་གང་། རྣག་དྲིས་མ་ག་དྷའི་ས་སྐོར་ཐམས་ཅད་ཁྱབ། མནར་མེད་པའི་དམྱལ་བར་འགྲོ་བའི་སྡུག་བསྔལ་གྱིས་ནི་གཙེས། སྨྱོ་བ་བཞིན་དུ་ཤེས་པ་རང་བཞིན་དུ་མི་གནས། གཤེད་མ་བརྒྱས་བསྐོར་བ་བཞིན་དུ་འཇིགས་ཤིང་ཉམ་ང་། དེའི་དུས་སུ་ཚེ་དང་ལྡན་པ་འཆར་ཀ་བྱོན་པ་ལ། བདག་གི་ནད་དང་གནོད་པ་འདི་ཞི་བའི་ཐབས་ཡོད་དམ་ཞུས་པ་ལ། རྒྱལ་པོ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དུ་གྱུར་པ་མཉན་ཡོད་ན་བཞུགས་ཀྱིས། དེ་ལ་སྐྱབས་སུ་སོང་ཞིག་གསུངས་པ་ལས། རྒྱལ་པོ་མ་སྐྱེས་དགྲ་ས་ལ་རང་བཞིན་བོར་ཐབས་སུ་ཡོད་པ་མྱུར་བ་མྱུར་བར་ལངས་ཏེ་གཉན་ཡོད་དུ་བལྟས་ཤིང་ཡན་ལག་ལྔས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ལྷ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པས། ཟུག་དང་སྡུག་བསྔལ་ཐམས་ཅད་ཞི་ཞིང་ཞག་གསུམ་གྱི་ནང་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་གྱུར་ཏོ།།

རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ནི། རྫ་མཁན་གྱི་ཁྱེའུ་སྣང་བྱེད་ཅེས་བྱ་བ་ཞིག་ཅི་བྱས་པ་ཐམས་ཅད་མི་འགྲུབ་པ། བཟའ་བ་དང་བཅའ་བ་མེད་པ་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་མི་འོང་བ་ཞིག་ཡོད་པས། བདག་ཅི་ལྟར་བྱས་ན་བསོད་ནམས་དང་ལྡན་པར་འགྱུར་སྙམ་པ་ལ། ག་རེ་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱོན་པ་ལ་ཐབས་ཤིག་ཡོད་དེ་འོང་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས་ཕྱག་འཚལ་སྐོར་བ་བྱས་ནས། བཅོམ་ལྡན་འདས་བདག་ནི་བསོད་ནམས་དང་མི་ལྡན་ན། སྡུག་བསྔལ་འདི་ལས་སྐྱབས་པར་མཛད་དུ་གསོལ། ཞེས་ཞུས་པས། སྣང་བྱེད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གྱིས་ཤིག་གསུངས་ནས། སྣང་བྱེད་ཀྱིས་ལྷ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ཤིང་གསོལ་བ་བཏབ་པས། ཚེ་འདི་ཉིད་ལ་རིན་པོ་ཆེའི་བང་མཛོད་དང་འབྲུའི་བདག་པོར་ཡང་གྱུར། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་ཉིན་རེ་ཞིང་ཆོས་གོས་སྣམ་སྦྱར་ལ་སོགས་པ་ཕྲུགས་གསུམ་གསུམ་ཡང་ཕུལ། ཆོས་སྟོན་གྱིས་མཉེས་པར་མཛད་པ་ཡང་བྱས། སྡུག་ཕོངས་པ་ཐམས་ཅད་ངོམས་ཤིང་ཚིམས་པར་ཡང་བྱས། དཀོན་མཆོག་མཆོད་པ་དང་མཛའ་བཤེས་བསྟེན་པ་ཡང་བྱས། ཟབ་པ་དང་ཞི་བའི་ཆོས་དང་ཕྲད་པ་ལྟ་བུའོ། །ནམ་འཆི་བའི་དུས་སུ་ངན་འགྲོ་དང་ངན་སོང་དུ་མི་འགྲོ་བ་ནི། སུམ་ཅུ་རྩ་གསུམ་ལྷའི་གནས་ན། ལྷའི་བུ་ནོར་བུ་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཉེ་དབང་ཐམས་ཅད་ཀྱི་མཆོག་ཏུ་ཡང་གྱུར། ལྷའི་བུ་རྣམས་ཚལ་ཆེན་པོ་བཞིར་རོལ་པའི་གཙོ་བོ་ཡང་ཡིན། ལྷ་མ་ཡིན་གྱི་བུ་མོ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱི་བདག་པོར་ཡང་གྱུར། ལུས་ལ་འོད་ཀྱང་ཡོད། གོས་ལ་དྲི་མ་ཡང་མི་ཆགས་ཤིང་མེ་ཏོག་གི་རྒྱན་ཡང་མི་རྙིང་། ལུས་ལ་དྲི་ཞིམ་པོ་ཡང་བྲོ་ཞིང་། ལྷའི་བུ་དང་བུ་མོ་ཐམས་ཅད་འབྲལ་མི་ཕོད་པར་གནས། འདོད་པའི་ཡོན་ཏན་ལྔའི་ཆང་གིས་མྱོས་ཤིང་འདུག། ཁོའི་མདུན་དུ་ལྷའི་བུ་དང་བུ་མོ་ཐམས་ཅད་ཀྱིས་ལ་ལས་ནི་གླུ་ལེན། ལ་ལས་གར་བྱེད། ལོ་བརྒྱ་ལ་ཡང་ཞག་གཅིག་གི་ཐང་ལས་མེད་པ་ལ། ཅི་ཞིག་ལྟར་ལུས་ལ་དྲི་མི་ཞིམ་པ་བྲོ་ཞིང་། མེ་ཏོག་གི་རྒྱན་ཡང་རྙིང་། གོས་ལ་དྲི་མ་ཆགས་ཤིང་ལྷའི་བུ་དང་བུ་མོ་ཐམས་ཅད་ཀྱིས་མི་འདོད་ཅིང་སླས་ལ་བོར། རང་གི་སྟན་ལ་འདུག་སྙིང་མི་འདོད་ཅིང་སྙིང་མི་དགའ་བར་འདུག་པ་ལ། འདི་ཅི་ཡིན་སྙམ་ནས་མཉམ་པར་བཞག་ཅིང་བལྟས་པས། ཚེ་སྔ་མའི་བསོད་ནམས་ཐམས་ཅད་ནི་ཟད། འདིར་བསོད་ནམས་མ་བསགས་ཤིང་འདོད་པའི་ཡོན་ཏན་ལྔ་ལ་བག་རྐྱོང་དུ་སྤྱད་པས། ད་ཤི་ནས་སེར་སྐྱའི་ནུབ་ཕྱོགས་ཀྱི་འདམ་རྫབ་ཀྱི་ནང་དུ་ཕག་མོ་ལྟོ་སེར་གྱི་ལྟོ་བར་སྐྱེ་བར་མཐོང་ཞིང་། སྡུག་བསྔལ་ཆེན་པོས་ནོན་ཏེ་ཉ་བྱེ་ཚན་ལ་འགྲེ་བའམ། རྔ་མོ་རྔེའུ་སྟོར་བའམ། མ་བུ་གཅིག་པོ་ཤི་བ་བཞིན་དུ་སྡུག་བསྔལ་བར་གྱུར་པ་ལས། ག་རེ་བདག་ངན་སོང་ལས་སྐྱོབ་པར་ཞུ་ཞེས་བརྒྱ་བྱིན་ལ་གསོལ་བ་བཏབ་པ་ལས། བདག་གིས་མི་ནུས་ཀྱི་བཅོམ་ལྡན་འདས་ཀྱི་དྲུང་དུ་འདོང་ཞེས་ལག་པ་བརྐྱང་བསྐུམ་ཙམ་ལས་ཕྱིན་ཏེ། ཕྱག་འཚལ་སྐོར་བ་བྱས་ནས་བཅོམ་ལྡན་འདས་བདག་ངན་སོང་ལས་བསྐྱབ་པར་ཞུ་ཞེས་ཞུ་བ་ཕུལ་བས། བཅོམ་ལྡན་འདས་ཀྱིས་སྐྱབས་སུ་འགྲོ་བ་གནང་ནས། དེ་མ་ཐག་ཏུ་ཚེའི་དུས་བྱས་ནས་ཚངས་པའི་རྒྱལ་པོར་སྐྱེས་པར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་གར་སྐྱེས་མ་ཤེས་ནས། བཅོམ་ལྡན་འདས་ལྷའི་བུ་གར་སྐྱེས་ཞེས་ཞུས་པས། ལྷའི་དབང་པོ་ཚངས་པའི་འཇིག་རྟེན་དུ་ལྟོས་ཤིག་གསུངས་ནས་ལྷའི་དབང་པོས་བལྟས་པས། ཚངས་པའི་རྒྱལ་པོ་བྱེད་པ་མཐོང་ནས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་ལ་དང་བ་ཁྱད་པར་དུ་འཕགས་པ་ལྷའི་དབང་པོ་ལ་སྐྱེས་ཏེ། སྐྱབས་འགྲོ་ལ་བསྟོད་པ་ནི། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་སོང་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །གང་ཞིག་ཆོས་ལ་སྐྱབས་འགྲོ་བ། །དེ་དག་ངན་སོང་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་སུ། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །གང་ཞིག་དགེ་འདུན་སྐྱབས་འགྲོ་བ། །དེ་དག་ངན་སོང་མི་འགྲོ་སྟེ། །ལྷ་ཡི་ལུས་འདི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་པ་ལྟ་བུའོ།།

བདུན་པ་ལམ་ཁྱད་པ་ཅན་རྒྱུད་ལ་སྐྱེ་བ་ནི། བཅོམ་ལྡན་འདས་ལང་ཀ་པུ་རིར་བྱོན་ཏེ། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་ལ་སོགས་པ་དྲག་བྱེད་མི་ཁྲག་དྲོན་མོ་འཐུང་ཞིང་མི་ཤ་རློན་པ་ཟ་བ། ཞེ་སྡང་མེ་ལྟར་འབར་བ། འདོད་ཆགས་ཆུ་ལྟར་ཁོལ་བ། ཕྲག་དོག་ནི་རང་གི་ལུས་བས་ཤིང་གི་ཡལ་ག་མཐོ་ཡང་གཅོད་པ། ཕན་འདོགས་པའི་ཕ་དང་མ་ཡང་ཡལ་བར་འདོར་བ། འཇིག་རྟེན་པའི་ལམ་དུ་མི་ཚུད་པ་རྣམས་ཀྱི་རྩར་བཅོམ་ལྡན་འདས་བྱོན་ནས་ལྷ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མཛད་པས། དེ་རྣམས་ལ་ལས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ། ལ་ལས་ནི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག།ལ་ལས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལྟ་བུའོ།།

ཕན་ཡོན་བརྒྱད་པ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་སྟོང་གསུམ་གྱི་པདྨ་ལ་བཞུགས་ཏེ། འཁོར་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ནས། གལ་ཆེན་པོ་ལ་ཡང་ཐབས་གཞན་མི་བཙལ་བ་དང་། ཅི་དང་ཅི་ཟ་བའི་ཕུད་ཀྱིས་མཆོད་པ་དང་། དུས་དང་དུས་ཀྱི་མཆོད་པ་ལ་བསླབ་པར་བྱ་བ་དང་། ཕྱོགས་གང་དང་གང་དུ་འགྲོ་ཡང་དེའི་ལྷ་ལ་སྐྱབས་སུ་འགྲོ་བ་དང་། སྐྱབས་སུ་འགྲོ་བ་ལ་སྤེལ་ཞིང་སྦྱང་བ་ལ་བསླབ་པར་བྱའོ།།

དང་པོ་སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ཚངས་པ་དང་ཁྱབ་འཇུག། དབང་ཕྱུག་ཆེན་པོ་དང་། ཚོགས་ཀྱི་བདག་པོ་ཆེན་པོ་རྣམས་ལ་ཡང་སངས་རྒྱས་ཐོབ་པའི་སྐྱབས་གནས་སུ་བྱེད་ནས་ཕྱག་མི་འཚལ་ན། ས་བླ་བ་སྲིད་པ་ཆགས་པའི་ལྷ་ཐང་ལྷ་ཡར་གཞུར། ཡར་ལྷ་ཤམ་པོ། འོ་དེ་གུང་རྒྱལ་ལ་སོགས་པ་རྣམས་ལ་ལྟ་ག་ལ་ཡང་ཕྱག་འཚལ། སངས་རྒྱས་ལ་སྐྱབས་སུ་སོང་བས་དེ་རྣམས་ཀྱི་མཆོད་གནས་སུ་འགྲོ་བ་ཡིན་པས་སོ།།

ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་བ་ནི། རང་སྡུག་བསྔལ་མི་འདོད་པ་བཞིན་དུ་གཞན་ཡང་སྡུག་བསྔལ་མི་འདོད་ལ། རང་བདེ་བ་འདོད་པ་བཞིན་དུ་གཞན་ཡང་བདེ་བ་འདོད་པས། གསོད་པ་དང་གཏུབ་པ་དང་རྫས་དང་ཡོ་བྱད་ཞིང་དང་ཁང་པ། ནོར་དང་བང་མཛོད་འཕྲོག་པ་ལྟ་ག་ལ་ཡང་སྲིད་ན། མི་ཐུབ་བཞིན་དུ་བཅོལ་བ། མི་ཐེག་བཞིན་དུ་བསྐུར་བ་དང་འགེལ་བ། ཀུ་རེ་དང་ཀྱལ་ཀའི་ཆེད་དུ་དངངས་པ་དང་སྐྲག་པར་བྱེད་པ་ལ་སོགས་པ་དང༌། ཞིང་གི་འོལ་ཁ་འབོལ་བ་དང་ལྗང་བའི་སྟེང་དུ་རྐང་པ་གྱལ་འགྲོས་བྱེད་པ་ཚུན་ཆད་སྤང་བར་བྱའོ།།

དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བས་མུ་སྟེགས་ཅན་མི་བསྟེན་པ་ནི། དགེ་སློང་བྱས་ནས་དགེ་ཚུལ་དང་དགེ་བསྙེན་ལ་ཡང་སྟན་གཅིག་པ་སྤོང་། ནུབ་ཀྱང་བསྲུང་ན་མུ་སྟེགས་དང༌། མུ་སྟེགས་ཀྱི་བྱེ་བྲག་བོན་པོ་རྣམས་ལ་སངས་རྒྱས་སྒྲུབ་པར་འདོད་ཅིང་། ལམ་སྒྲུབ་པར་འདོད་པའི་གྲོགས་པོ་ལྟ་ཅི་སྨོས། སངས་རྒྱས་སྒྲུབ་པར་འདོད་པའི་གྲོགས་པོ་ནི། སྟོན་པ་མཐུན་པ། ལྟ་བ་མཐུན་པ། སྒོམ་པ་མཐུན་པ། སྤྱོད་པ་མཐུན་པས་སོ།།

སངས་རྒྱས་ལ་སྐྱབས་སུ་སོང་བས། རིས་སུ་བྲིས་པའམ། འབུར་དུ་གཏོད་པའམ། རྐོས་སུ་བརྐོས་པའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རྣམས་མཐོང་བའི་དུས་སུ་ཕྱག་འཚལ། མདུན་དུ་བྱོན་པ་ལ་ལྡང་བ་བྱ། ཁྱེར་འཁྲིད་བྱེད་པའི་དུས་སུ་ས་རྗེན་ལ་མི་བཞག། མི་འགོང་ཞིང་སྟོན་པ་དངོས་ཀྱི་འདུ་ཤེས་བཞག་པར་བྱའོ།། ཆོས་ལ་སྐྱབས་སུ་སོང་བས་མ་གུས་པ་སྤང་ཞིང་གུས་པ་སྒྲུབ་པ་ནི། ཚིག་བཞི་པའི་ཚིགས་སུ་བཅད་པ་ཡན་ཆད་ལ། ཕྱག་འཚལ་བ་དང་ལྡང་བ་དང་མི་འགོང་བ་དང་། མི་འཚོང་པ་དང་། གཏའ་མར་མི་བཞག་པ་དང་། ཆོས་བཟང་ངན་དུ་འབྱེད་པ་ལ་སོགས་པ་མ་གུས་པ་སྤང་ཞིང་གུས་པར་བྱའོ། །རྒྱུད་བླར། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་པས་སོ།།

དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བས་མ་གུས་པ་སྤང་བ་ནི། མངོན་དུ་གྱུར་པ་ལ་ཕྱག་འཚལ་ཞིང་ལྡང་བ་དང༌། སེར་པོ་འདབ་མ་ཙམ་ལའང་འགོང་བ་མི་བྱ། ཚལ་བུ་ཙམ་ཞིག་འཛིན་པ་ལ། །སྟོན་པའི་དུས་ཤེས་མི་བསྐྱེད་པར། །སྡང་ཞིང་མཚང་རྣམས་འབྲུ་བ་ནི། །ང་ཡི་འཁོར་དུ་མ་གཏོགས་སོ། །ཞེས་སོ།།

ངུར་སྨིག་གི་ཚལ་པ་ཕྱག་དར་ཁྲོད་དུ་བོར་བ་ཡང་། བདག་གི་སྤྱི་བོའི་གཙུག་ཏུ་བླངས་ཏེ་གཙང་སར་བཞུགས་པར་བྱའོ། །ཐུབ་པའི་ངུར་སྨྲིག་རྒྱལ་མཚན་ནི། །ཚངས་དང་བརྒྱ་བྱིན་ལ་སོགས་པའི། །འཇིག་རྟེན་ཆེན་པོ་རྣམས་ཀྱིས་ཀྱང་། །སྤྱི་བོའི་ཅོད་པན་རྩེར་བླངས་ཏེ། །མཆོད་པའི་གནས་སུ་བཞུགས་པ་ཡིན། །

ཁྱད་པར་གྱི་བསླབ་བྱ་དྲུག་སོང་ནས། ཐུན་མོང་གི་ལྔའི་དང་པོ་ནི། སྲོག་དང་བྱ་དགའི་ཆེད་དུ་ལྷ་དཀོན་མཆོག་མི་སྤང་བ་ནི། ལིའི་རྒྱལ་པོ་གཞོན་ནུ་རྡོ་རྗེ་ཞེས་བྱ་བ་ལ། གར་ལོག་གི་རྒྱལ་པོ་ཕྱི་རོལ་མུ་སྟེགས་པས། ཁྱོད་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཐོངས་དང་ངའི་རྒྱལ་སྲིད་ཀྱི་ཕྱེད་སྦྱིན་ཟེར་ཡང་མ་བཏང་། ཡང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་མ་བཏང་ན། ངས་ཁྱོད་ཀྱི་སྲོག་གཅོད་དོ་ཟེར་ཡང་མ་བཏང་བས་གར་ལོག་གི་རྒྱལ་པོ་ཚིག་པ་ལོག་ནས་ཚིགས་ཐམས་ཅད་དུ་ལྕགས་གཟེར་བརྒྱབ། མགོ་ལྤགས་ཕྱོགས་བཞིར་བཤུས། སྦལ་པ་དང་སྦྲུལ་དོང་དུ་བསྐྱུར། དེའི་ཚེ་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཅིང་བཞུགས་པ་ལ། ཐུགས་དམ་ཇོ་མོ་ཀུ་རུ་ཀུལླེ་བྱོན་ནས་སྡུག་བསྔལ་དེ་རྣམས་དང་བྲལ་བར་བྱས་ནས་སྐད་ཅིག་གིས་རང་གི་ཕོ་བྲང་དུ་བྱོན་པ་ལྟ་བུའོ།།

དགོས་པ་གལ་ཆེན་པོ་ལའང་ཐབས་གཞན་དུ་མི་བཙལ་བ་ནི། ན་བ་དང་ཚ་བ་དང་ཡུལ་ཤོར་གྱིས་དོགས་པའི་དུས་སུ་མོ་མི་གདབ། རྩིས་མི་གདིང་། བོན་མི་བྱ་བར། ང་ཅི་ཤེས་ཁྱོད་དེ་ཤེས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་འབའ་ཞིག་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་བཏོན་པས་ནད་དང་གནོད་པ་ཞི་བ་ལ་སོགས་པ་བརྒྱད་སྟོང་པ་ན་བཞུགས་པ་ལྟ་བུའོ།།

ཅི་དང་ཅི་ཟ་བ་ལ་སོགས་པའི་ཕུད་ཀྱིས་མཆོད་པ་དང་དུས་དང་དུས་ཀྱི་མཆོད་པ་ལ་བསླབ་པར་བྱ་བ་ནི། བཟའ་བ་དང་བཏུང་བའི་དུས་ཐམས་ཅད་དུ་ལྷ་དཀོན་མཆོག་གསུམ་དྲན་པར་བྱ་ལ། བཟའ་བཏུང་གི་ཕུད་ཀྱིས་སྣོད་གཙང་མར་དཀོན་མཆོག་གསུམ་མཆོད་པར་བྱའོ། །ཟླ་བ་རེ་རེ་ལ་ཡང་ཉ་སྟོང་ཚེས་བརྒྱད་ལ་ནུས་པ་དང་སྦྱར་ཏེ་ནར་མ་བས་ཆེ་བ་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བལྟམས་པའི་དུས་དང་། བདུད་བཏུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མངོན་པར་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་དུས་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བྱའོ།།

ཕྱོགས་གང་དང་གང་དུ་འགྲོ་བའི་ལྷ་ལ་སྐྱབས་སུ་འགྲོ་བ་ནི། ཤར་ཕྱོགས་སུ་འགྲོ་ན་དགོས་བྱེ་བྲག་ཏུ་ཇོ་བོ་མི་འཁྲུགས་པ་ལ་སྐྱབས་སུ་འགྲོ་བར་བྱའོ། །ལྷོ་དང་ནུབ་དང་བྱང་ལ་སོགས་པ་ཡང་དེས་ཤེས་པར་བྱའོ།།

སྐྱབས་སུ་འགྲོ་བ་སྤེལ་ཞིང་སྦྱང་བ་ནི། ཉིན་ལན་གསུམ་མཚན་ལན་གསུམ་དུ། རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག། འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཉིན་མཚན་དུས་དྲུག་ལ་སོགས་པར་བྱེད་པའོ། །དགེ་བཤེས་སྟོན་པའི་ཞལ་ནས། སྐྱབས་འགྲོ་ཐུན་མོང་བ་འདི་ལ་བློ་ངེས་པར་སློབ་ན། ཡས་ཀྱི་གསང་སྔགས་ཀྱི་དམ་ཚིག་ལ་ཡང་སློབ་པ་ལ་ཚེགས་མེད་གསུངས། རྣལ་འབྱོར་པ་ཆེན་པོའི་ཞལ་ནས། སྐྱབས་འགྲོ་ཐུན་མོང་བ་ཞིག་མ་ཤོར་མ་ཉམས་པ་ཞིག་ཡོད་ན་སངས་རྒྱས་ཐོབ་པའི་ལམ་སྣ་ཡིན་གསུངས། བླ་མ་རིན་པོ་ཆེའི་ཞལ་ནས། སྐྱབས་སུ་འགྲོ་བ་འདི་དང་པོར་གལ་ཆེ་སྟེ། སེམས་ཅན་ཐ་མལ་དང་། མུ་སྟེགས་པ་ལས་འཕགས་པར་བྱེད། བར་དུ་གལ་ཆེ་སྟེ། འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ། ཐ་མར་གལ་ཆེ་སྟེ། འབྲས་བུ་སྐུ་གསུམ་ཐོབ་གསུང་། སྐྱབས་སུ་འགྲོ་བ་ནི། ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པས་ཁྱད་དུ་མི་བསད་ཅིང་ཉམས་སུ་བླང་བར་བྱའོ། །


ནམ་མཁའི་པད་མོ་རྨི་ལམ་བུང་བས་འཇིབ།། སྒྱུ་མའི་སྐྱེས་བུ་སྨིག་རྒྱུའི་ཆུ་ལས་རྒལ།། མོ་ཤམ་བུ་ཡིས་སྒྲ་བརྙན་གླུ་དབྱངས་ལེན།། རྟོག་གེ་འཆང་གིས་ཆོས་ཉིད་རྟོགས་སོ་ཞེས།།

ཐོས་བསམ་སྒྲ་ལ་ཆགས་པ་རྣམས་ཀྱིས་གསུང༌།།


ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེད་པས་ས་གཞི་དང་འདྲ་བའི་སྐྱབས་སུ་འགྲོ་བ་ཐུན་མོང་བ་ཐལ་ནས། ལྷ་དང་མི་རྣམས་ཀྱི་དཀར་པོའི་ས་བོན་གྲུང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་འཁོར་བའི་སྡུག་བསྔལ་སེལ་བའི་རྩི་སྨན། ཞེ་སྡང་གི་དུས་མཐའི་མེ་གསོད་པར་བྱེད་པའི་ཆར་རྒྱུན། འདོད་ཆགས་ཀྱི་དུག་འཇོམས་པར་བྱེད་པའི་རྩི་མ་གི་ཏ། གཏི་མུག་གི་མུན་པ་ཐམས་ཅད་སེལ་བར་བྱེད་པའི་སྒྲོན་མ་དང་། ཉི་མའི་དཀྱིལ་འཁོར་ལྟ་བུ་ནི་སྡོམ་པ་རིན་པོ་ཆེ་ཡིན་པས། སོ་སོར་ཐར་པ་རིགས་བདུན་གང་ཡང་རུང་བ་ཞིག་བླང་བར་བྱའོ།།

བསྙེན་གནས་ལ་ཉེ་བར་མཚོན་ན་ཁྱིམ་པར་འགྱུར་བ། དད་པ་དང་ལྡན་ཞིང་སྡོམ་པ་རིན་པོ་ཆེ་ལ་མོས་པ། དཀར་པོའི་ཆོས་སངས་རྒྱས་ཀྱི་བསྟན་པ་ལ་ལེགས་པར་ཞུགས་པའི་རྟེན་གྱི་གང་ཟག་གིས་ཟླ་བ་གཅིག་ལ་ཉེ་བར་མཚོན་ན། ཉ་སྟོང་དུས་བཞི་གང་ཡང་རུང་བ་ལ་ལྷ་དཀོན་མཆོག་གསུམ་ལ་མཆོད་པ་བཤམ། བསྙེན་གནས་ཀྱི་སྡོམ་པ་ལེན་པར་འདོད་པའི་རྟེན་གྱི་གང་ཟག་སྟན་མཐོན་པོ་ལ་བཞག། ལག་པ་དང་གདོང་བཀྲུ། ཁ་བཤལ། དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་བྱ། སློབ་དཔོན་གྱི་ཞབས་ལ་གཏུགས་ཏེ་ཡན་ལག་ལྔས་ཕྱག་འཚལ། བ་བཞོ་བའི་ཚུལ་དུ་ཙོག་པུར་བསྡད་ནས་སྡོམ་པ་བླང་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་བདག་བསྙེན་གནས་སུ་གཟུང་དུ་གསོལ། ལན་གསུམ་གྱི་བར་དུ་རྗེས་ཟློས་བྱའོ། །ཐ་མར་སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད། བསྙེན་གནས་ཀྱི་སྡོམ་པ་ཐོབ་ནས་བསླབ་བྱ་རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་། གནམ་སྟོང་ལ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པ་དེ་བཞིན་དུ་བདག་མིང་༼འདི་༽ཞེས་བགྱི་བས་ཀྱང་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་། གནམ་སྟོང་ལ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་གནམ་སྟོང་ལ། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་འཆང་བ་དང༌། ཁྲི་སྟན་ཆེན་པོ་དང་། མལ་སྟན་མཐོན་པོ་དང་། ཕྱི་དྲོའི་ཁ་ཟས་སྤངས་ཏེ། ཕྱི་དྲོའི་ཁ་ཟས་ལས་སླར་ལྡོག་པ་དེ་བཞིན་དུ། བདག་མིང་༼འདི་༽ཞེས་བགྱི་བས་ཀྱང་ཟླ་བ་བྱུང་ངོ་ཅོག་གི་ཉ་དང་གནམ་སྟོང་ལ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་།བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང༌། རྒྱན་དང༌། ཁ་དོག་འཆང་བ་དང༌།ཁྲི་སྟན་ཆེན་པོ་དང༌། མལ་སྟན་མཐོན་པོ་དང་། ཕྱི་དྲོའི་ཁ་ཟས་སྤངས་ཏེ་ཕྱི་དྲོའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད་དོ། །བསྙེན་གནས་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །བསྙེན་གནས་ཀྱི་སྡོམ་པ་གལ་ཆེ་བར་མདོ་དུ་མ་ནས་གསུངས་ཏེ། སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པ་གཟི་བརྗིད་ཡོན་ཏན་ཞེས་བྱ་བ་བྱོན་ཏེ། དེ་བཞིན་གཤེགས་པ་དེས་འཁོར་དཔག་ཏུ་མེད་པ་རྣམས་བསྙེན་གནས་ཀྱི་སྡོམ་པ་ལ་བཀོད་པས། ལ་ལས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ། ལ་ལས་ནི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག། ཐ་མ་རྣམས་ཀྱིས་ཀྱང་ལྷ་དང་མིའི་གོ་འཕང་ཐོབ། དུས་ཕྱིས་སངས་རྒྱས་མྱ་ངན་ལས་འདས་ནས་ཆོས་ཀྱི་རྒྱལ་པོ་ཞིག་བྱོན་ནས། ཐུབ་པའི་གསུང་རབ་རྣམས་ལ་བལྟས་པས་བསྙེན་གནས་ཀྱི་ཡོན་ཏན་རྣམས་མཐོང་ནས། ཡུལ་དེ་ན་ཡོད་པའི་དགེ་སྦྱོང་བྲམ་ཟེ་རྣམས་བསྡུས་ནས་བསྙེན་གནས་ཀྱི་ཆོ་ག་འབོགས་པ་ཁྱེད་ཀྱིས་ཤེས་པར་གྱིས་ཤིག། ཟླ་བ་ཕྱི་མའི་ཉ་ཚུན་ཆད་ལ་མ་རྙེད་ན་ཆད་པའི་ལས་བྱེད་པ་ཡིན་ནོ་བྱས་པས། དགེ་སྦྱོང་དང་བྲམ་ཟེ་རྣམས་འདུས་ནས་སུས་ཤེས་དྲིས་པས་སུས་ཀྱང་མིང་ཡང་མ་ཐོས་པར་འདུག་ནས། ཐམས་ཅད་རྟབ་རྟབ་པོར་གྱུར་ཏེ་སྐྲག་ནས་ཕྱོགས་ཐམས་ཅད་དུ་བཙལ་ཡང་མ་རྙེད། དུས་རེ་ཞིག་རྒན་མོ་ཞིག་གིས་ཀ་བ་ལ་ཉ་སྟོང་གི་དུས་སུ་མེ་འབར་བ་མཐོང་ནས། ཀ་བ་དུམ་བུར་བཏང་བའི་ནང་དུ་བསྙེན་གནས་ཡན་ལག་བརྒྱད་པ་དང་ལྡན་པའི་ཆོ་ག་བྱུང་ནས། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཕུལ་ནས་བྱ་དགའ་ཆེན་པོ་ཡང་གནང༌། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་ལ་ཕུལ་བས། རྒྱལ་པོ་དགྱེས་ནས་དགེ་སྦྱོང་རྣམས་ལ་བསྙེན་བཀུར་ཉིས་ལྡབ་ཏུ་བྱས། རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་བསྲུངས་པས་ཆར་ཆུ་དུས་སུ་བབ། ལོ་འབྲས་དུས་སུ་སྨིན། ནད་དང་གནོད་པ་ཐམས་ཅད་ཞི། བདེ་ལེགས་ཐམས་ཅད་སྨིན། ཚེའི་དུས་བྱས་པ་ཐམས་ཅད་ཀྱང་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ།།

བཅོམ་ལྡན་འདས་རྒྱལ་པོ་བྱམས་པའི་སྟོབས་སུ་སྐུ་སྐྱེ་བ་བཞེས་པའི་དུས་སུ་གནོད་སྦྱིན་ལྔ་བཟའ་རྒྱུ་མ་རྙེད་ནས་རྒྱལ་པོ་ལ་བཟའ་རྒྱུ་སློང་དུ་འོང་པ་ལ། འབྲས་ཆན་དང་ཐུག་པ་ལ་སོགས་པ་བཟའ་རྒྱུའི་བྱེ་བྲག་མང་པོ་བྱིན་ཡང་། སྟག་གཟིག་གི་སྔུན་དུ་རྩྭ་སྔོན་པོ་སྐྱུར་བ་བཞིན་དུ་སྣོམ་ཡང་མི་སྣོམ་ནས། རྒྱལ་པོ་ཆེན་པོས་ཁྱེད་ཅི་འདོད་བྱས་པ་ལ། ངེད་མི་ཤ་རློན་པ་དང་མི་ཁྲག་དྲོན་མོ་འདོད་ཟེར་ནས། རྒྱལ་པོ་ཆེན་པོ་ཉིད་ཀྱིས་བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱེད་པའི་དུས་ན། རང་ལ་ཡོད་པ་གཞན་དུ་བཙལ་དུ་མི་རུང་སྙམ་ནས་རྩ་བོ་ཆེ་ལྔའི་ཁ་ཕྱེ་ནས། གནོད་སྦྱིན་ལ་འཐུང་དུ་བཅུག། བརླ་དཀར་ལ་སྣུམ་པ་ནས་ཤ་བཅད་ཅིང་བྱིན་ནས་གནོད་སྦྱིན་ཚིམས་པར་བྱས། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ཕོག་པ་ནི། ཁྱོད་ཀྱིས་སྲོག་གཅོད་དུག་བཞིན་སྤོངས་བར་གྱིས། །གཞན་གྱི་ཆུང་མ་དག་ལ་བསྟེན་པ་དང་། །གཞན་གྱི་ཡོ་བྱད་དག་ལ་རློམ་པ་དང་། །ཀུ་རེའི་ཆེད་དུ་རྫུན་དུ་སྨྲ་བ་སྤོངས། །ཆང་གི་བཏུང་བ་ཕྱི་དྲོའི་ཁ་ཟས་རྣམས། །ཉ་སྟོང་དུས་བཞི་ལ་ནི་རྟག་ཏུ་སྲུངས། །ཞེས་རྒྱལ་པོས་གསུངས་པས། གནོད་སྦྱིན་རྣམས་ཀྱིས་དྲིན་དུ་གཟོ་ནས་དེ་ཁོ་ན་བཞིན་དུ་བསྲུངས་པ་ལས། མ་འོངས་པའི་དུས་ན་ལྔ་སྡེ་བཟང་པོར་གྱུར་ཏོ།།

ད་ལྟ་བསྙེན་གནས་ཡན་ལག་བརྒྱད་པ་བསྲུངས་པས་ཇོ་བོ་བྱམས་པའི་བསྟན་པ་ལ་སྐྱེ་སྟེ། བྱམས་པ་ལུང་བསྟན་པ་ཉིད་ནས། བཅུ་བཞི་དང་ནི་བཅུ་ལྔ་དང༌། །དེ་བཞིན་ཟླ་ཕྱེད་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །གསོ་སྦྱོང་ཡན་ལག་བརྒྱད་བསྲུངས་ན། །ང་ཡི་བསྟན་ལ་ལྷག་པར་འགྱུར། །ཞེས་པས་སོ།།

བསྙེན་གནས་ཀྱི་སྡོམ་པ་ཐལ་ནས། དགེ་བསྙེན་གྱི་སྡོམ་པ་བླང་བའི་ཆོ་ག་ནི། དཀོན་མཆོག་གི་མཆོད་པ་རྒྱ་ཆེན་པོ་བཤམ། དགེ་འདུན་ལ་ཆོས་སྟོན་དྲང་། དགེ་བསྙེན་སྟོན་པ་ལྷ་གཞན་ལ་མི་བསྟེན་པ་ཡན་ཆད་ནས། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་གང་ཡང་རུང་བ་ཡུལ་དང་མཐུན་པ་སྟན་མཐོན་པོ་ལ་བཞུགས། རང་ཉིད་ཁྲུས་བྱ། སེམས་དགའ་བ་དང་བཅས་པས་དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་བྱས་ནས་སྡོམ་པ་བླང་བར་ཞུ་བ་ནི། སློབ་དཔོན་གྱི་སྡོམ་པ་དབོག་པའི་རྗེས་ཟློས་བྱ་བ་ནི། ཕྱག་བཙལ་ཙོག་པུར་བསྡད། ཐལ་མོ་སྦྱར་ལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་བདག་ཚངས་པར་སྤྱོད་པའི་དགེ་བསྙེན་དུ་བཟུང་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བྱ། དེ་ནས་སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དགེ་བསྙེན་གྱི་སྡོམ་པ་ཐོབ་ནས་བསླབ་བྱ་བརྗོད་པ་ནི། སློབ་དཔོན་དགོངས་སུ་གསོལ། སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་༼འདི་༽༽ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་༼འདི་༽ཞེས་བགྱི་བས་ཀྱང༌། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དགེ་བསྙེན་གྱི་སྡོམ་པ་ནི་སའི་སྙིང་པོ་གསེར་དང་འདྲ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་སྡེ་བཞིའི་ནང་དུ་ཡང་ཆུད། དེ་བཞིན་གཤེགས་པའི་ཞིང་ཁམས་དག་པར་འགྲོ་བའི་རྒྱུ་ཕུན་སུམ་ཚོགས་པ་དང་། ལམ་བསྐྱེད་པའི་རིམ་པ་སྒོམ་པའི་རྟེན་དུ་ཡང་འགྱུར། རྟེན་ཁྱད་པར་དུ་འཕགས་པ་ཚུལ་ཁྲིམས་རྣམ་པར་དག་པ་ལ་བསྙེན་བཀུར་གྱི་འོས་ཀྱང་ཡིན། ཆོས་ཟབ་མོ་ཉམས་སུ་ལེན་དུ་བཏུབ་པས་མོས་གུས་དང་བརྩོན་འགྲུས་ཀྱིས་བརྒྱན་ན། ཚེ་འདི་ལ་ས་བཅུའི་རྟོགས་པ་སྐྱེར་ཡང་རུང་། ཆོས་ཀྱི་རྗེ་ཞལ་བཞུགས་པའི་དུས་ན་དགེ་བསྙེན་ཆེན་པོ་ལི་ཙ་བི་དྲི་མ་མེད་པའི་རྟོགས་པ་ཡིས། ཇོ་བོ་འཇམ་དབྱངས་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་དགྲ་བཅོམ་པ་ཆེན་པོ་རྣམས་སྐྲག་ཅིང་དངངས་བར་བྱེད་པ་ལྟ་བུ་དང་། སློབ་དཔོན་ཙནྡྲ་གོ་མི་ལྟ་བུའོ། །དགེ་བཤེས་པོ་ཏོ་བའི་ཞལ་ནས། དགེ་བཤེས་སྟོན་པས་ཀྱང་དགེ་བསྙེན་ལ་བརྟེན་ནས་དོན་ཐམས་ཅད་བསྒྲུབས། དགེ་བཤེས་ཁམས་པ་ལུང་པས་ཀྱང་དགེ་བསྙེན་ལ་བརྟེན་ནས་དོན་ཐམས་ཅད་བསྒྲུབས། དགེ་བསྙེན་གྱི་སྡོམ་པ་ལ་གས་ཆག་མེད་པར་བསྲུངས་ན། གོ་ཡང་དེས་ཆོད། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་གོ་ཡང་དེས་ཆོད། མི་ཐུབ་བཞིན་དུ་དགེ་སློང་གི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་རིག་པ་འཛིན་པའི་སྡོམ་པ་རྣམས་བླངས་ནས། ཁྱི་ཆུ་འབོགས་པ་བཞིན་མར་ལ་འགྲོ་བའི་དོགས་པ་ཡོད་པ་ཡིན་གསུངས། བརླ་ཤ་དང་སྦྱར་ཏེ་རྟ་རྒྱུག། གཉེན་པོ་དང་སྦྱར་ཏེ་སྡོམ་པ་བླང༌། ཁས་བླངས་ནི་ཆེ། ཉམས་ལེན་ནི་ཆུང་། མར་ལ་འགྲོ་བའི་རྒྱུ་ཡིན་གསུངས་པས། ཐུབ་ཚད་ལ་ནན་ཏན་བྱ།


གདུགས་ཁེབས་གཅིག་གིས་ཁྱབ་པ་ཡི།། གླིང་བཞི་བྱེ་བ་ཚངས་པ་དང་།། ལྷ་ཡི་དབང་པོ་མན་ཆད་ཀྱི།། འཁོར་ལོ་སྒྱུར་བར་བྱེད་པ་ཡང་།།
དགེ་བསྙེན་སྡོམ་པས་ཐོབ་པར་འགྱུར།། བྱང་ཆུབ་སེམས་དཔའི་གནས་སྐབས་ན།། སྤྲུལ་དང་ཏིང་འཛིན་བྱེ་བ་དང་།། ཞིང་བརྒྱ་སྐད་ཅིག་གཅིག་གིས་གཡོ།།
སེམས་ཅན་བྱེ་བའི་དོན་རྣམས་ལ།། ཆགས་ཐོགས་མེད་པར་འགྱུར་བ་ཡང་།། གཏན་ཁྲིམས་ལྔ་བསྲུང་འབྲས་བུ་ཡིན།། ཞིང་ཁམས་རྣམས་ནི་སྦྱོང་བ་དང༌།།
བརྩོན་འགྲུས་རྒྱུན་ཆད་མེད་པ་དང་།། སྟོབས་དང་དབང་རྣམས་འབྱོར་བ་དང་།། ཡོན་ཏན་རྒྱ་མཚོ་ཐོབ་པ་དང་།། བརྒལ་དཀའ་འཁོར་བའི་སྡུག་བསྔལ་དང་།།
སྡུག་བསྔལ་མེ་དཔུང་ཉོན་མོངས་རྣམས།། གཏན་ཁྲིམས་ལྔ་ཡིས་སྤང་བར་འགྱུར།། སྐྱབས་ཆེན་སངས་རྒྱས་ཉི་མ་ཡང་།། གཏན་ཁྲིམས་ལྔ་ཡིས་ངེས་པར་འཐོབ།།
རང་ལ་སེམས་པའི་སྐྱེས་བུ་ཡིས།། རལ་པ་མེད་པར་གཏན་ཁྲིམས་ལྔ།། སྲོག་ལ་བབ་ཀྱང་བསྲུང་བར་བྱ།། ནད་དང་གནོད་པ་ཞི་བ་དང་།།
མཚོན་གྱི་བསྐལ་པ་སྤང་བ་དང་།། འཇིགས་པའི་འཚེ་བ་སྤང་བའི་ཕྱིར།།

སྲོག་གཅོད་སྤང་བའི་སྡོམ་པ་བླངས།།


རྟེན་དགྲམ་དཀོན་མཆོག་ལ་མཆོད་པ་བཤམ་པ་དང༌། སྡོམ་པ་ལེན་པར་འདོད་པའི་གང་ཟག་སྟན་མཐོན་པོ་ལ་བཞག། ཕྱག་འཚལ་ཙོག་པུར་བསྡད། ཐལ་མོ་སྦྱར་ནས་རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག། འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་བདག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་བའི་དགེ་བསྙེན་དུ་གཟུང་དུ་གསོལ། ལན་གསུམ་གྱི་བར་དུ་བྱ།

དེ་ནས་བསླབ་བྱ་བརྗོད་པ་ནི། སློབ་དཔོན་དགོངས་སུ་གསོལ། སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་༼འདི་༽ཞེས་བགྱི་བས་ཀྱང་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད། སྲོག་གཅོད་སྤང་བར་བྱས་པ་ཡིས།།


ངན་འགྲོའི་སྲིད་པ་འགེགས་པ་དང་།། བཞི་བརྒྱ་རྩ་བཞིའི་ནད་རྣམས་ལས།། ངོ་བོ་ཉིད་ཀྱིས་ཐར་བར་འགྱུར།། གཞན་རྣམས་འཇིགས་དང་བྲལ་བ་དང་།།
སྐྱེ་བ་གར་ཡང་བདེ་བ་དང་།། གང་དང་འགྲོགས་ཀྱང་མཐུན་པ་དང་།། ཡིད་དུ་འོང་བའི་གཟུགས་ཐོབ་འགྱུར།། མཐར་ཕྱིན་མཐར་ཐུག་ཆོས་རྣམས་ནི།།
འཚེ་བ་མེད་པ་ཉིད་ཀྱིས་འགྲུབ།། དཀར་ཕྱོགས་འདོད་པའི་སྐྱེས་བུ་དག། ལེགས་པར་འོར་ལ་སྲོག་གཅོད་སྤོངས།། ཉེ་དགའ་སྦྱིན་པ་གཏོང་བ་ནི།།
ཀོ་བ་སོགས་མིག་བྱེད་པ་འདྲ།། དགའ་བོ་ཚུལ་ཁྲིམས་བསྲུང་བ་ནི།། བཀྲེས་པ་ཟས་དང་འགྲོགས་པ་འདྲ།། ཡུན་ཐུང་བཟོད་པ་སྒོམ་པ་ནི།།
སྡོང་པོ་རྦ་ལ་བསྒྱུར་བ་འདྲ།། དཔའ་བོ་བརྩོན་འགྲུས་རྩོམ་པ་ནི།། བལ་སྐུད་ཕྱར་བ་འགྲུབ་པ་འདྲ།། ལམ་ཕྲན་ཐོས་བསམ་བྱེད་པ་ནི།།
རྒྱུ་བཟང་བལ་དུ་གཏུམས་པ་འདྲ།། བསོད་ནམས་ཚོགས་ཤིག་མ་བསགས་ན།། དུས་རླུང་ལོག་པའི་གྲུ་དང་འདྲ།། བསགས་པའི་རྒྱབ་ཅན་སྐྱེས་བུ་ཡིས།།

ཡིད་ལ་བསམས་པའི་དོན་རྣམས་འགྲུབ།།


རང་གིས་ཉེ་བར་མཆོད་ནས་སྐྱབས་སུ་འགྲོ་བ་ཐུན་མོང་བའི་སྡོམ་པ་ལེན་པའི་ཆོ་ག་དང་། སོ་སོར་ཐར་པའི་སྡོམ་པ་བྱེ་བྲག་ལེན་པའི་ཆོ་ག་ཐལ་ནས། བྱང་ཆུབ་སེམས་ཀྱི་སྡོམ་པ་རིན་པོ་ཆེ་ལེན་པར་འདོད་པའི་གང་ཟག་གིས། དང་པོ་བསླབ་བྱ་དང་ཕན་ཡོན་ཤེས་པར་བྱ་བ་ནི། དགེ་བའི་རྩ་བ་གཞན་ནི་སྦྲང་རྩིའི་རོ་དངའདྲ་ལ། བྱང་ཆུབ་ཀྱི་སེམས་ནི་བདུད་རྩིའི་རོ་དང་འདྲ། བསོད་ནམས་ཀྱི་ཚོགས་གཞན་ནི་ནོར་བུ་འཆིང་བུ་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་ནི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་མཚུངས། བསམ་དང་བསླབ་པ་གཞན་ནི་གཡོས་ལེགས་པའི་ཁ་ཟས་དང་འདྲ་ལ། བྱང་ཆུབ་སེམས་དཔའི་བསམ་པ་དང་བསླབ་པ་ནི་ལྷའི་ཞལ་ཟས་རོ་བརྒྱ་པ་དང་མཚུངས། བསོད་ནམས་ཀྱི་ཕུང་པོ་གཞན་ནི་མཁར་གྱི་རྒྱལ་པོ་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་ནི་ལྷ་མི་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཚུངས། དགེ་བའི་རྩ་བ་གཞན་ཐམས་ཅད་ནི་སྲིན་བུ་མེ་ཁྱེར་གྱི་འོད་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དགེ་བའི་རྩ་བ་ནི་ཉི་མའི་དཀྱིལ་འཁོར་དང་མཚུངས། དགེ་བའི་རྩ་བ་གཞན་དང་མཚུངས་པའི་སྟོང་པ་ཉིད་སྒོམ་པ་ནི་ཚྭ་སྒོའི་ཐང་ཆེན་པོ་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་སྟོང་པ་ཉིད་སྒོམ་པ་ནི། ཅི་འདོད་པའི་ལྗོན་ཤིང་ཕུན་སུམ་ཚོགས་པ་སྐྱེ་བའི་ཨ་མོ་ལི་ཀའི་རྡོ་ལེབ་དང་མཚུངས། སྡོམ་པ་གཞན་ཐམས་ཅད་ནི་རི་ནག་པོ་དང་འདྲ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་རིན་པོ་ཆེ་ནི་རིའི་རྒྱལ་པོ་རི་རབ་དང་མཚུངས། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཚྭ་སྒོ་ཅན་གྱི་ཞིང་ལ་སྟོན་ཐོག་སྐྱེ་བ་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བདུད་རྩིའི་ས་ཞག་ལ་འབྲས་སཱ་ལུའི་སྟོན་ཐོག་ཕུན་སུམ་ཚོགས་པ་སྐྱེ་བ་དང་མཚུངས། རང་དོན་གྱིས་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི་དུག་མཚོ་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་བསོད་ནམས་ཀྱི་ཕུང་པོ་ནི་ཆུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་དྭངས་པའི་འོ་མའི་མཚོ་དང་མཚུངས། འཇིག་རྟེན་འདི་དང་ཕྱི་མ་དང་སྲིད་པ་ལས་རྒལ་བར་བསྔོས་པའི་དགེ་བའི་རྩ་བ་ནི་དུག་གི་སྡོང་པོ་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་ཤིང་དཔག་བསམ་ལྗོན་ཤིང་དང་མཚུངས་སོ། །འདས་པའི་སངས་རྒྱས་སྤྲིན་འཐིབས་པ་ཙམ་ཞིག་སངས་རྒྱས་པ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟེན་ནས་སངས་རྒྱས། ད་ལྟར་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་སྤྲིན་འཐིབས་པ་ཙམ་ཞིག་སངས་རྒྱས་པ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟེན་ནས་སངས་རྒྱས། མ་བྱོན་པའི་ཇོ་བོ་བྱམས་པ་ལ་སོགས་པ་སྤྲིན་འཐིབས་པ་ཙམ་ཞིག་སངས་རྒྱ་བ་ཡང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟེན་ནས་འཚང་རྒྱ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཁྲི་ལམ་དང་གཤེགས་ཤུལ་ཡོན་ཏན་ཐམས་ཅད་སྐྱེ་བའི་ས་གཞི་དང་འདྲ་ལ། རང་གི་ངོ་བོ་ལ་ཉེས་པ་ཐམས་ཅད་དང་བྲལ་བས་སའི་སྙིང་པོ་གསེར་དང་མཚུངས། འཁོར་བའི་ཚད་པ་སྐྱོབ་པས་ཟླ་བའི་དཀྱིལ་འཁོར་དང་མཚུངས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྲེག་པར་བྱེད་པས་དུས་མཐའི་མེ་ལྟ་བུའོ། །ཡོན་ཏན་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གནས་པས་རིན་པོ་ཆེའི་གཏེར་ལྟ་བུའོ། །རང་གཞན་གྱི་དོན་ཐམས་ཅད་འགྲུབ་པའི་གནས་ཡིན་པས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་རྒྱ་མཚོ་ལྟ་བུའོ། །དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱི་གནོན་པས་རྡོ་རྗེ་རིན་པོ་ཆེ་ལྟ་བུ་དང་། གཞན་གྱི་ནད་ཐམས་ཅད་སེལ་བར་བྱེད་པས་རི་ཁ་བ་ཅན་ལ་སྐྱེས་པའི་སྨན་ཟིལ་པ་ཅན་ལྟ་བུ་དང་། འགྲོ་བ་ཐམས་ཅད་ཀྱི་དགོས་དགུ་ཐམས་ཅད་བསྒྲུབས་པས་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་ལྟ་བུ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཕེལ་བར་བྱས་ན་ཅི་འདོད་པ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དང་། འགྲོ་བ་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པས་གླུ་དབྱངས་སྙན་པ་ལྟ་བུ་དང་། འཁོར་འདས་ཀྱི་དབུལ་བ་ཐམས་ཅད་སེལ་བར་བྱེད་པས་རྒྱལ་པོའི་བང་མཛོད་ལྟ་བུ་དང་། སྡུག་བསྔལ་གྱི་ཁུར་གྱིས་དུབ་པ་ལ་གཞོན་པ་ལྟ་བུ་དང་། ཁམས་གསུམ་གྱི་ཚད་པས་གདུང་བ་ལ་ཡན་ལག་བརྒྱད་དང་ལྡན་པའི་འོ་མའི་མཚོ་ལྟ་བུ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆར་པ་འབེབས་པ་ཀླུའི་རྒྱལ་པོ་ལྟ་བུའོ།།


སྙིང་རྗེ་ཡན་ལག་བརྒྱད་ལྡན་གང་བའི་མཚོ།། བྱམས་པ་ལྡན་པའི་ངུར་པ་རྐྱལ་བར་བྱེད།། ཡིད་བཞིན་ནོར་བུ་བྱང་ཆུབ་སེམས་ཀྱིས་གང་།། ཀླུ་ཡི་རྒྱལ་པོ་ཐུབ་པ་བཞུགས་པའི་གནས།།
གསེར་གྱི་ས་གཞི་བདལ་གྱིས་འབྱོར་པ་ལ།། བསོད་ནམས་བསགས་པ་དཔྱིད་ཀྱི་དུས་དག་ཏུ།། དད་མོས་བྱས་པའི་སེར་དང་ལྡན་པ་ལ།། བྱང་ཆུབ་སེམས་ཀྱི་ས་བོན་སྐྱེའུ་བཏབ་སྟེ།།
ཕ་རོལ་ཕྱིན་དྲུག་གླང་པོའི་དོར་བསྡེབས་ནས།། བསམ་པ་དག་པའི་བཤོལ་དང་གཉའ་སྦྱར་ཏེ། ། དྲན་དང་ཤེས་བཞིན་ལྕགས་ཀྱི་སོ་སྦྱར་ནས།། ལྡོག་པ་མེད་པའི་སྐྱེས་བུ་གཞོན་ནུ་ཡིས།།
རང་སེམས་ཁོང་ཁྲོའི་ཐ་བ་རྨོ་བར་བྱ།། བསགས་པ་རབ་གྱུར་སྨོན་ལམ་ཡུར་ཁུགས་དང་།། ནོར་བདུན་འཕགས་པའི་ཚོགས་ཀྱི་བསྲུང་བྲན་གྱིས།། འབྲས་བུ་སྐུ་གསུམ་སྟོན་ཐོག་ཕུན་སུམ་ཚོགས།།
ཆོས་ཀྱི་རྩ་བ་ལྷག་བསམ་རྣམ་དག་པས།། བྱང་ཆུབ་སེམས་མཆོག་རྒྱུན་ཆད་མ་མཆིས་པར།། བརྩོན་པའི་ཡིད་ཀྱིས་ཡང་དང་ཡང་བསྒོམས་ཏེ།།

ཐ་མལ་ཙམ་དུ་གནས་པར་མི་བྱའོ།།


སྨོན་པ་དང་འཇུག་པ་གཉིས་ཀྱི་སྤྱིའི་བསླབ་བྱ་ནི། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་བཞི་དང་དུས་ཐམས་ཅད་དུ་མི་འབྲལ་བར་བྱའོ། །ལར་ཐུབ་པས་གསུངས་པའི་བསྟན་པའི་སྤྱི་བབས་ཀྱི་ཕན་ཡོན་དང་བསླབ་བྱ་རྣམས་ཐལ་ནས། འགྲོ་བ་ཐམས་ཅད་ཀྱི་མིག་ཏུ་གྱུར་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྤྲུལ་པ། གདུལ་བྱ་རྣམས་ཀྱིས་སྐྱོན་དག་ཅིང་ཡོན་ཏན་རྫོགས་པའི་དགེ་བའི་བཤེས་གཉེན། ལྔ་བརྒྱ་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་རིག་པའི་གནས་ལྔ་ལ་མཁྱེན་པ་སྦྱངས་པ། རྒྱུད་སྡེ་རིན་པོ་ཆེའི་བཅུད་ཀྱིས་ཉམས་མྱོང་དང་རྟོགས་པ་མཐར་ཕྱིན་པ། ཇོ་བོ་ཆེན་པོས། རྒྱུད་དང་བ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས། སྨོན་པའི་གནས་སྐབས་འདིར་སྡིག་པ་བཤགས་པར་འདོད། ཇོ་བོ་འཇམ་དབྱངས་རྗེས་འབྲངས་དང་བཅས་པས་ནི། རྒྱུད་དག་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བར་བཞེད་པས་སྡིག་པ་བཤགས་པར་བཞེད་ཀྱང་། འོ་སྐོལ་ཇོ་བོའི་རྗེས་སུ་འབྲངས་ནས།

དང་པོ་སྨོན་པའི་ཆོ་གའི་རིམ་པ་ནི། རྟེན་གྱི་གང་ཟག་སྐྱེས་བུ་རབ་ལ་བློ་ལེགས་པར་སྦྱངས་པ་ཞིག་གིས་ལེན་ན་རབ། མར་ཆུང་ཡང་ཞག་བཅོ་ལྔའི་བར་དུ་བློ་སྦྱངས་ཏེ་འབྲིང་། ཐ་མ་ལ་ངེས་པ་མེད་དོ། །སེམས་བསྐྱེད་པར་འདོད་པའི་གང་ཟག་གིས་གནས་ཁང་ཕྱག་དར་བྱ། མེ་ཏོག་བཀྲམ། མཎྜལ་ཕྱི། རིན་པོ་ཆེའི་བླ་རེ་བྲེ། དར་གྱི་ལྡ་ལྡི་དཔྱང༌། གདུགས་གསེར་གྱི་ཡུ་བ་ཅན་ཕུབ། རྔ་ཡབ་དང་སྒྲིབ་ཡོལ་ལ་སོགས་པ་གནམ་རྒྱན་ཐམས་ཅད་གདགས། ཇོ་བོ་བྱང་ཆུབ་ཆེན་པོ་དང་བླ་མའི་སྐུ་འབག་ལ་སོགས་པ་རབ་ཏུ་གནས་པ་ཡོད་པ་རྣམས་བཞུགས་སུ་གསོལ། ཅི་འབྱོར་བའི་མཆོད་པས་དཀོན་མཆོག་གསུམ་ལ་མཆོད་པ་བཤམ། དགེ་འདུན་ལ་འབྱོར་བ་དང་བསྟུན་པའི་ཚོགས་གསོག་བྱ། བླ་མའི་མདུན་དུ་མཆོད་པ་བཤམ། ནུས་པ་དང་བསྟུན་པའི་མེ་ཏོག་ཚགས་བྱ། སེམས་བསྐྱེད་ཞུ་བའི་དགེ་བའི་བཤེས་གཉེན་སྟན་མཐོན་པོ་ལ་བཞུགས། གོས་གསར་པ་གྱོན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད། ཡི་དམ་ལྷ་གང་ཡིན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་བསྒོམ། སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་ལ་ཡན་ལག་བདུན་པ་ཚར་གཅིག་བཅོལ་བ་ནི། མདུན་དུ་མཚོ་འཇམ་པ་འབོལ་བ་སྔོ་བ་མེ་ཏོག་གིས་གང་བ། བྱ་སྣ་ཚོགས་སྐད་འབྱིན་པ། དེའི་དབུས་ན་པདྨའི་སྡོང་པོ་མཐོ་ཁྱད་དང་ལྡན་པ་ཡལ་ག་ཐམས་ཅད་ཀྱིས་སྟོང་གསུམ་ཁྱབ་པ་ཞིག་བསམ། པདྨའི་སྡོང་པོའི་ལྟེ་བ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས། བཅོམ་ལྡན་འདས་ཀྱི་ཕྲག་པའི་ཐད་ཀའི་པདྨའི་སྟེང་དུ་བླ་མ་རྣམས་བཞུགས། གཡས་ཕྱོགས་ཀྱི་པདྨའི་སྟེང་དུ་བྱང་ཆུབ་སེམས་དཔའ་རྣམས་བཞུགས། གཡོན་གྱི་པདྨའི་སྟེང་དུ་ཉན་ཐོས་ཆེན་པོ་རྣམས་བཞུགས། དེ་རྣམས་ཀྱི་འོག་གི་པདྨའི་སྟེང་དུ་ཆོས་སྐྱོང་བའི་སྲུང་མ་རྣམས་བཞུགས་པར་བསམ། རང་བཞིན་གྱི་གནས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། རབ་ཏུ་གནས་པ་བཞུགས་པའི་རྟེན་རྣམས་དང་། སེམས་བསྐྱེད་ལེན་པར་འདོད་པའི་བླ་མ་རྣམས་ངོ་བོ་ཐ་དད་མེད་པར་བསྒོམས་ལ། སངས་རྒྱས་དངོས་ཡིན་པར་ལན་གསུམ་ལྷང་ལྷང་བསམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མཇལ་བ་རེ་དགའ་སྙམ་དུ་བསམ་པ་ནི་སྐུ་ལྟ་བའི་མཆོད་པ། བདག་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཡན་ལག་ལྔ་ཞབས་ཀྱི་པདྨོ་ལ་གཏུགས་པར་བསམ་པ་ནི་ཕྱག་འཚལ་བའི་མཆོད་པ། ངག་ཏུ་རྣམ་དག་སྐུ་ལྔ་ལ་སོགས་པ་བརྗོད་པ་ནི་ངག་གི་བསྟོད་པའི་མཆོད་པ། ནམ་མཁའི་ཁམས་ཐམས་ཅད་གདུགས་དང་རྒྱལ་མཚན་དང་བླ་རེ་དང་བ་དན་གྱིས་གང་བར་བསམ་པ་དང་། རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་ན། ལྷའི་བུ་མོ་ལ་ལས་ནི་གླུ་ལེན། ལ་ལས་ནི་གར་བྱེད། ལ་ལས་ནི་ཁྲུས་ཀྱིས་ཕྱག་ཞབས་འཁྲུ་བར་བསམ་པ་དང་། མཆོད་པའི་སྤྲིན་གྱིས་ནམ་མཁའི་ཁམས་ཁེངས་པར་འབུལ་བར་བསམ་པ་ནི། ཀུན་ཏུ་བཟང་པོའི་སྤྲིན་ཕུང་གི་མཆོད་པ། གཞན་ཡང་འཇིག་རྟེན་གྱི་ཁམས་ན་མིས་བདག་ཏུ་མ་བཟུང་བ་ནི་རིན་པོ་ཆེའི་རི་བོ། རིའི་རྒྱལ་པོ་རི་རབ། ཉི་མ་དང་ཟླ་བ། མ་རྨོས་པའི་ལོ་ཏོག། ཕུ་ཆུའི་རྒྱུན་སྒྲ། རིན་པོ་ཆེའི་ལྗོན་ཤིང་མེ་ཏོག་དང་འབྲས་བུས་སྤུད་པ། མདོར་བསྡུས་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་བློས་བླངས་ལ་འབུལ་བ་ནི། ཡོངས་སུ་བཟུང་བ་མེད་པའི་མཆོད་པ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་བློས་བླངས་ནས་དཀོན་མཆོག་དང་བླ་མ་ལ་སེམས་ཅན་གྱི་དོན་དུ་འབུལ་བ་ནི་ལུས་འབུལ་བའི་མཆོད་པ། དཀོན་མཆོག་ལ་མཆོད་པ་བཤམས་པ་བློས་ཆ་གསུམ་དུ་བགོས་ལ། གཅིག་ད་རེས་འབུལ་བ་ནི། རྫས་རིམ་པར་བཤམས་པའི་མཆོད་པའོ། །ཀུན་བཟང་སྤྱོད་ལས་བྱུང་བ་ཡི། །མཆོད་པ་རྣམ་པ་བདུན་དག་བྱ། །ཞེས་པའི་དོན་ནོ།།

འཁོར་བ་ཐོག་མ་མེད་པ་ནས་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། མི་དགེ་བ་བཅུ། དམ་པའི་ཆོས་སྤངས་པ་དང་། བླ་མ་ལ་མ་གུས་པ་ལ་སོགས་པ་ཉེས་པའི་ཚོགས་སྔར་བྱས་པ་ཐམས་ཅད་ལ་ནི། བདག་གིས་མ་ལེགས་པ་འདི་ལྟ་བུ་བྱས་པ་སྙམ་དུ་འགྱོད་པ་སྐྱེད་པ་ནི་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་ནི་སྡིག་པ་ཕྲ་བའི་ཕྲ་བ་སྲོག་གི་ཕྱིར་ཡང་མི་བྱ་དགོས་སྙམ་པ་ནི་སོར་ཆུད་པའི་སྟོབས། ཡུལ་མི་སྡུག་པ་ལ་བརྟེན་ནས་ཞེ་སྡང་སྐྱེས་པ་ལ་བྱམས་པ་བསྒོམ། ཡུལ་སྡུག་པ་ལ་བརྟེན་ནས་འདོད་ཆགས་སྐྱེས་པ་ལ་རྣམ་པར་བམ་པ་ལ་སོགས་པ་བསྒོམ། གཏི་མུག་གི་གཉེན་པོར་སྐྱེ་བ་མེད་པའི་དོན་བསྒོམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྟེན་དཀོན་མཆོག་ལ་བརྟེན་ནས་སྐྱབས་འགྲོ་དང་མཆོད་པ་ནི་རྟེན་གྱི་སྟོབས་སོ། །སྟོབས་བཞིའི་སྒོ་ནས་ཞེ་ཐག་པ་ནས་བཤགས། ཤིན་ཏུ་ལྕི་བ་རྣམས་ཀྱང་མི་འདག་པ་མེད་དོ་གསུངས། བདག་གི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་ནས་ཉན་ཐོས་དང་རང་རྒྱལ་བ་དང༌། བྱང་ཆུབ་སེམས་དཔའི་བར་གྱི་དགེ་བའི་རྩ་བ་མཛད་པ་ལ་དགའ་བ་སྒོམ་པ་ནི་རྗེས་སུ་ཡི་རང་བའོ། །སངས་རྒྱས་ནས་འཇིག་རྟེན་གྱི་ཁམས་ན་ཆོས་མི་གསུང་བར་བཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསམ་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའོ། །སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་འཇིག་རྟེན་གྱི་ཁམས་ན་མང་པོ་བཞུགས་པ་ལ་སེམས་ཅན་གྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་ནི་གསོལ་འདེབས་པའོ། །བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་བྱས་པ་འདིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ།།

དེ་ལྟར་སློབ་མས་ཡན་ལག་བདུན་པ་བྱེད་པ་ཐལ་ནས། སློབ་མའི་བློ་བཅོས་པ་ནི། ཡུན་རིང་པོར་འཇིག་རྟེན་འདིར་མི་སྡོད་འཆི་དགོས། འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད། ཟས་མི་འཆི་བའི་རྐྱེན་ཡིན་ཡང་བརྣངས་ཏེ་འཆི་བའང་ཡོད། རྫས་དང་ཡོ་བྱད་འཚོ་བར་བྱེད་པའི་མཐུན་རྐྱེན་ཡིན་ཡང་དེ་སྒྲུབ་པ་འཁོས་ཤོམ་གྱིས་འཆི་བ་དཔག་ཏུ་མེད། ཚེ་མི་རྟག་པ་ནི་ཆུ་བོའི་རྒྱུན་ནམ་སྤོས་རྒྱ་ཚིག་པ་དང་འདྲ་སྟེ། སྤྱོད་འཇུག་མཁན་པོའི་ཞལ་ནས་ཀྱང་། སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་དང་། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས། གློག་དང་ལྦུ་བ་ཇི་བཞིན་དུ། །མི་རྟག་ཚེ་ལ་ཡིད་བརྟན་མེད། །ཅེས་གསུངས་པས། གཞོན་པ་བུ་ཆུང་མདང་སྐྱེས་ཀྱང་འཆི་བ་མང་ལ། དར་ལ་བབ་པ་རྣམས་ཀྱི་འཆི་ལུགས་ཀྱང་འཇིགས། རྒས་ཤིང་འཁོགས་པ་ཅིས་ཀྱང་མི་སྡོད་པས་ནམ་ཡང་འཆི་བ་ལས་འདས་པ་མེད། ཤི་ནས་རྒྱང་འཕེན་པ་བཞིན་དུ་བརླག་ནས་མི་འགྲོ། ཞེ་སྡང་གིས་གཙོ་བྱས་པའི་ལས་མི་དགེ་བ་བཅུ་སྤྱད་ན་དམྱལ་བར་འགྲོ་སྟེ། ཚ་གྲང་གི་སྡུག་བསྔལ་མ་གཏོགས་པ་བདེ་བ་སྐད་ཅིག་ཀྱང་མེད། འདོད་ཆགས་ཀྱིས་གཙོ་བྱས་པའི་མི་དགེ་བ་བཅུ་ལ་སྤྱད་ན་ཡི་དྭགས་འབའ་ཞིག་ལས་ལམ་མེད། བཀྲེས་སྐོམ་གྱི་སྡུག་བསྔལ་ལས་བདེ་བ་སྐད་ཅིག་ཀྱང་མེད། གཏི་མུག་གི་གཙོ་བྱས་པའི་སྡིག་པ་མི་དགེ་བ་བཅུ་སྤྱད་ན་བྱོལ་སོང་འབའ་ཞིག་ཏུ་སྐྱེ་སྟེ། གཅིག་ལ་གཅིག་ཟ་དང་འཇིགས་ཤིང་ཉམ་ང་བ་དང་། སྐྱབས་དང་མགོན་མེད་པ་ལ་སོགས་པ་སྡུག་བསྔལ་འབའ་ཞིག་ལས་བདེ་བ་སྐད་ཅིག་ཀྱང་མེད་དེ། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་པས་སོ། །དགེ་བཤེས་པོ་ཏོ་བས། ལོ་བདུན་གྱི་བར་དུ་རྒྱུ་འབྲས་བསྒོམས་པས་དོན་འགྲུབ་པ་ཡིན་གསུངས། ལས་དགེ་བ་བཅུ་ལ་བརྟེན་ནས་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་ཐོབ་ཀྱང་། མི་ལ་བྲེལ་ཞིང་ཕོངས་པའི་སྡུག་བསྔལ་བ་དང༌། ཡོད་པ་འཚོ་སྐྱོང་མི་ཐུབ། མེད་པ་བཙལ་གྱིས་མི་རྙེད། དགྲ་སྡང་བ་དང་ཕྲད་ཀྱིས་དོགས། གཉེན་བྱམས་པ་དང་བྲལ་གྱིས་དོགས། མངའ་རིས་དང་ཕྱོགས་རིས་ཉམས་ཀྱིས་དོགས། རྙེད་པ་དང་བཀུར་སྟི་དང་བྲལ་ཞིང་གྲགས་པ་དང་སྙན་པ་འཇིག་གིས་དོགས། བུ་མ་ཕོགས་ཀྱིས་དོགས། བུ་མོ་མ་རྫོངས་ཀྱིས་དོགས། ན་བ་དང་རྒས་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ལ་སོགས་པ་ཡོད་པར་ཡང་བསྒོམ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ལ་རྫས་སུ་པི་ཝང་གོག་པོ་ཞིག་ལས་མེད། བདུད་རྩི་མཐོང་ཡང་ཟ་བ་དང་འཐུང་བའི་དབང་མེད། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་ཀ་དང་སོ་ནམས་ཀྱིས་ཚེ་རིང་བས་དུབ་ནས་རྒས་པ་དང་འཁོགས་པར་ཡང་གྱུར། མི་ལ་ན་ཚ་ཇི་ལྟར་ཡོད་པ་བཞིན་དུ་རྒྱལ་ཆེན་རིས་བཞི་ལ་ཡང་ཁྱད་པར་མེད་དེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་ལྷའི་བདུད་རྩི་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་ལ་རྩོད་པའི་ཕྱིར་དུ། ལྷ་དང་ལྷ་མ་ཡིན་གཡུལ་ཆེན་པོ་བཤམས་ནས་བསད་པ་དང་བཅད་པ་དམྱལ་བ་ཡང་སོས་དང་ཁྱད་མེད། འདོད་ལྷ་གཞན་དེ་རྣམས་ཀྱང་གཅིག་ལ་གཅིག་འཕྲོག་པ་དང་། བསད་པ་དང་བཅད་པ་དང་། སྙིང་དུ་སྡུག་པ་དང་བྲལ་གྱིས་དོགས་པ་དང༌། ཁྱད་པར་དུ་ཡང་ཕྲག་དོག་གི་མེས་བཤུར་བ། རྟ་ཁྱུ་རྫི་དང་ཁྱད་པར་མེད་པའོ།།

གཟུགས་ཁམས་ཀྱི་ལྷ་རྣམས་ལ་རྟོག་དཔྱོད་མེ་དང་འདྲ་བ་དང་། དགའ་བདེ་ཆུ་དང་འདྲ་བ་དང་། དབུགས་འབྱུང་རྔུབ་རླུང་དང་འདྲ་བ་ཡོད་པས་བསམ་གཏན་དང་པོ་མེས་འཇིག། གཉིས་པ་ཆུས་འཇིག། གསུམ་པ་རླུང་གིས་འཇིག། བསམ་གཏན་བཞི་པ་རང་གི་ཏིང་ངེ་འཛིན་ལ་ཞེན་ཅིང་ཆགས་པས། ཆགས་པ་མཐར་རྫོགས་པའི་དུས་སུ་ཏིང་ངེ་འཛིན་དང་བྲལ་ནས་སེང་གེའི་ཁོག་པ་འབུས་འཇིག་པ་བཞིན་དུ་ཁམས་འོག་མར་ལྟུང་བར་འགྱུར་རོ། །བཤེས་སྤྲིང་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །འཁོར་ལོ་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་ཉིད་དུ་ཡང་བྲན་ཉིད་དུ་འགྱུར། །ཞེས་པས་སོ།།

གཟུགས་མེད་སྐྱེ་མཆེད་མུ་བཞི་ཡང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་གཡང་ས་ཆེན་པོ་ལ་ལྷུང་གིས་དོགས་པ་ལྟ་བུ་ཡོད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སེམས་རིག་པ་ཞིག་གིས་དོགས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཅི་ཡང་མེད་པའི་སྐྱེ་མཆེད་གནས་དང་ཕྲད་པར་འདོད་པའི་སྡུག་བསྔལ་ཆེན་པོ་ཡོད། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་སྙེམས་ཙམ་གྱི་རྟ་ལ་བཞོན་ནས་གཡང་ས་ཆེན་པོ་ལ་ལྷུང་བ་ཙམ་གྱི་འཇིགས་པ་ཡོད། ལྷ་ཙམ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། འགྲོ་བ་རིས་དྲུག་ཀ་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྲུལ་གདུག་པ་དང་འདྲ་བས་མ་ཟིན་པ་གཅིག་ཀྱང་མེད་པར་བསྒོམ། དགེ་བཤེས་སྟོན་པའི་ཞལ་ནས། འཁོར་བའི་སྡུག་བསྔལ་འདི་མེ་མ་མུར་གྱི་འོབས་དང་འདྲ་བར་འདུག་པ་ལ། མ་བསམས་པར་འདུག་ཚུགས་པ་ཨང་གསུང་། རྣལ་འབྱོར་པ་ཆེན་པོའི་ཞལ་ནས། འཁོར་བ་མཐའ་དག་མི་གཙང་བའི་དོང་དང་འདྲ་སྟེ། འོ་སྐོལ་ལམ་ཁའི་གྲོག་སྦུར་དང་འདྲ་གསུང་། རྣལ་འབྱོར་པ་ཁྲི་མཆོག་གི་ཞལ་ནས། འཁོར་བ་འདི་དུག་གི་སྡོང་པོ་དང་འདྲ་སྟེ། འོ་སྐོལ་མེ་ཏོག་འབྲས་བུ་ལ་ཆགས་གསུང་། དགེ་བཤེས་པོ་ཏོ་བའི་ཞལ་ནས། འཁོར་བ་འདི་རལ་གྲིའི་སོ་དང་འདྲ་སྟེ། ཇི་ལྟར་བྱས་ཀྱང་གཅོད་པར་འདུག་ན། ཐབས་གང་ལས་བཙལ་སྙམ་པ་ལ། མིའི་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པར་སྐྱེ་བ་བརྒྱུད་ན་རུང་སྙམ་ནས་དགེ་བཤེས་སྟོན་པ་ལ་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས། ངེས་འབྱུང་གི་ཚུལ་ཁྲིམས་སྐྱེས་ན་དགེ་སློང་གི་སྡོམ་པ་གཟོད་ཐོབ་པ་ཡིན་གསུང་། ངའི་མཁན་པོ་རྭ་སྒྲེང་ན་བཞུགས་པ་དེ་ཡིན་གསུང་། རང་འཁོར་བའི་སྡུག་བསྔལ་མི་འདོད་པ་བཞིན་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ཀྱང་སྡུག་བསྔལ་མི་འདོད། རང་བདེ་བ་འདོད་པ་བཞིན་དུ་གཞན་ཡང་བདེ་བ་འདོད་ལ། ཐུབ་པའི་གསུང་རབ་དབང་བཙན་དུ་བྱས་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མར་མ་གྱུར་པ་མེད་དེ། འཁོར་བ་ཐོག་མཐའ་མེད་པའི་མདོ་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །སེམས་ཅན་གཅིག་གི་མ་བྱས་པ་ཡང་བགྲང་གིས་མི་ལང་ལ། མ་བས་དྲིན་ཆེ་བ་མེད་དེ། ངན་སྐྱུགས་ཐམས་ཅད་ཁས་ཕྱིས། རྒྱ་མཚོ་ཙམ་གྱི་ནུ་ཞོ་བླུད། རི་རབ་ཙམ་གྱི་བཟའ་རྒྱུ་བྱིན། ལྷོ་སྤྲིན་ཙམ་གྱི་གོས་གཡོགས། རང་གིས་ཟ་མི་ཕོད་བགོ་མི་ཕོད་པ་ཐམས་ཅད་ཀྱང་བུ་ལ་བྱིན། མིག་གིས་ཕ་རོལ་ཏུ་ཡང་གཏོང་མི་ནུས་པས་མ་ཁོ་ན་དྲིན་ཆེ། དྲིན་ལེན་ལན་གྱིས་མ་བླན་ན་འཇིག་རྟེན་པའི་དབང་དུ་བྱས་ན་གདོང་ཆུང་། མྱ་ངན་ལས་འདས་པའི་དབང་དུ་བྱས་ན་ཉན་ཐོས་པའི་ལམ་སྦྱོང་།སངས་རྒྱས་ཀྱི་ས་མི་འཐོབ་པས། མའི་དྲིན་ལ་ལན་ལྡོན་དགོས་ཏེ། དཔེར་ན་ཚེ་འདི་ཉིད་ཀྱི་མ་རྒན་ལོ་བརྒྱད་ཅུ་དགུ་བཅུ་ནི་ལོན། མིག་དང་ནི་བྲལ། ལོང་ཁྲིད་དང་འཁར་བ་ལ་བརྟེན་པ་ལས་མེད་ན། བུའི་སེམས་ལ་མི་བཟོད་པ་ཡིན་པས་བུ་ཡིས་མ་རྒན་དེ་ལ་གོས་དང་ཟས་ནི་སྦྱིན། དྲོ་བ་དང་བདེ་བའི་ཁྱིམ་དུ་མ་དེ་བཞུགས་ལ། རྩ་བའི་མ་དེ་དང་འདྲ་བར་འགྲོ་བ་རིགས་དྲུག་གི་མ་རྣམས་ཀྱི་དྲིན་དྲན་ནས་བདེ་བར་སྐྱེལ་དགོས། མ་རྣམས་བདེ་མི་བདེ་བལྟ། ལུང་གི་རྗེས་སུ་འབྲངས་པས་དམྱལ་བའི་མ་རྒན་རྣམས་ཚ་གྲང་གིས་སྡུག་བསྔལ། ཡི་དྭགས་ཀྱི་མ་རྒན་རྣམས་བཀྲེས་སྐོམ་གྱིས་སྡུག་བསྔལ། བྱོལ་སོང་གི་མ་རྒན་རྣམས་གླེན་རྨུགས་ཀྱིས་ཡ་ང་། མིའི་མ་རྒན་རྣམས་བྲེལ་ཕོངས་ཀྱིས་སྙིང་བུད། ལྷའི་མ་རྒན་རྣམས་འཆི་འཕོ་ལྟུང་བྱེད་ཀྱིས་གཡང་ཟ། འགྲོ་བ་རིགས་དྲུག་གི་མ་རྒན་རྣམས་བདེ་དགོས་པ་ལ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བས། སྡུག་བསྔལ་གྱི་རྒྱ་མཚོ་ནས་འདོན་པ་ལ། རང་གཞན་གྱི་དོན་མཐར་ཕྱིན་པ་སངས་རྒྱས་མ་གཏོགས་པ་གཞན་གང་ལ་ཡང་མེད་པས་མ་རྣམས་ཀྱི་དོན་དུ་བདག་ཉིད་སངས་རྒྱས་ཐོབ་པར་བྱ་དགོས། སངས་རྒྱས་ཐོབ་པ་ལ་རྒྱུའི་ས་བོན་གྲུང་པོ་དང་འདྲ་བ་སེམས་བསྐྱེད་ཡིན་པས། སེམས་མི་བསྐྱེད་པའི་ཐབས་མེད།

སེམས་བསྐྱེད་པའི་གསོལ་བ་འདེབས་པ་ནི། སློབ་དཔོན་དགོངས་སུ་གསོལ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་༼འདི་༽ཞེས་བགྱི་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ། མེ་ཏོག་གཏོར། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་གཤའ་མར་བཞག་ལ་མེ་ཏོག་གཏོར།

སྨོན་པ་སྐྱེ་བར་བྱེད་པའི་རྒྱུ་ནི་བཞི་སྟེ། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྐྱབས་འགྲོ་ཁྱད་པར་ཅན་བྱས་པ་དང་། ཚད་མེད་པ་བཞིས་བློ་སྦྱངས་པ་དང་། རྒྱུའི་གཙོ་བོ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པའོ། །དང་པོ་ཚོགས་བསགས་པས་སྐྱེ་བ་ནི། གོང་གི་རྟེན་སྤྲུལ་ནས། སྐབས་འདིར་གོང་གི་མཆོད་པ་རྣམ་པ་བདུན་རྫོགས་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ལ་སྟོན་པ། ཐེག་པ་ཆེན་པོའི་ཆོས་ལ་ལམ། ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ལམ་སྒྲུབ་པའི་གྲོགས་སུ་བྱ་སྙམ་དུ་བསམས་ལ། དགེ་བའི་བཤེས་གཉེན་གྱི་རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག། ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ།། ང་དག་པའི་དགེ་བའི་བཤེས་གཉེན་ལ་མེ་ཏོག་གཏོར། སངས་རྒྱས་ཀྱི་འདུ་ཤེས་གཤའ་མར་བཞག་པར་བྱའོ།།

སྐྱབས་འགྲོ་ཁྱད་པར་ཅན་མ་བྱས་ན་ཐེག་པ་ཆེན་པོའི་སྡོམ་པ་གང་ཡང་ལེན་དུ་མི་བཏུབ་པ་ལས། སྐྱབས་འགྲོ་ཁྱད་པར་ཅན་བྱས་ན་ཐེག་པ་ཆེན་པོའི་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་དང༌། འགྲོ་ན་ཡང་སྐྱེས་བུ་ཁྱད་པར་ཅན་དུ་འགྲོ། འགྲེང་ན་ཡང་སྐྱེས་བུ་ཁྱད་པར་ཅན་དུ་འགྲེང་ངོ་ཞེས་སོ། །མི་མ་ཡིན་པ་ཐམས་ཅད་ཀྱི་མཆོད་གནས་སུ་འགྱུར་བའི་ཕན་ཡོན་དང་། རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པ་ཨ་ཅང་ཡང་ཆེ་ན། སྐྱེས་བུ་དམ་པ་དེའི་ལུས་མཐོང་ངམ་གསུང་ཐོས་ན་གཞན་གྱི་སྡིག་པ་དང་སྒྲིབ་པ་ཟད་པར་འགྱུར་བའི་ཕན་ཡོན་དང་། རང་གི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་འཕེལ་བ་ཨ་ཅང་ཡང་ཆེ་སྟེ། སློབ་འབངས་ལ་སོགས་པ་གཞན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་སྤེལ་ནུས་པ་དང་། རང་ངན་སོང་དུ་མི་འགྲོ་བ་ཨ་ཅང་ཡང་ཆེ་སྟེ། གཞན་གྱི་ངན་འགྲོ་དང་ངན་སོང་ལས་སྐྱོབ་པར་བྱེད་པའི་ཕན་ཡོན་དང་། ལམ་མཆོག་ཏུ་གྱུར་པ་རྒྱུད་ལ་སྐྱེ་བའི་ཕན་ཡོན་དང་། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕན་ཡོན་ནོ། །བསླབ་བྱ་ནི་སྐྱབས་འགྲོ་ཐུན་མོང་བ་དང་འདྲའོ།།


སྐྱབས་ཆེན་སངས་རྒྱས་ཉི་མ་ལ།། དད་དང་གུས་པའི་ཡིད་དག་གིས།། ཉིན་རེ་བཞིན་དུ་སྐྱབས་སོང་ན།། གོ་འཕང་བླ་ན་མེད་པ་འཐོབ།།
ཡོན་ཏན་རྒྱ་མཚོའི་སྐུ་གསུམ་ལ།། ཡིད་རབ་དང་བའི་སེམས་ཀྱིས་ནི།། དྲི་མ་གསུམ་སྤངས་ཡོན་ཏན་གྱིས།། རྒྱུན་ཆད་མེད་པར་མོས་བྱས་ན།།
སྐྱབས་རྗེ་ཐུབ་པ་འཐོབ་པར་འགྱུར།། བསོད་ནམས་སོག་པ་དགེ་འདུན་ཏེ།། ཡོན་ཏན་བསྐྱེད་པ་དམ་པའི་ཆོས།། འབྲས་བུ་སྐུ་གསུམ་ཐོབ་པས་ན།།

མཆོག་གི་སྐྱབས་འགྲོ་ཐམས་ཅད་འགྲུབ།།


སྐྱབས་འགྲོ་ཐུན་མོང་བའི་ཡུལ་དཀོན་མཆོག་གསུམ་ནི། ཆོས་སྐུ་ལས་དང་ཉོན་མོངས་པའི་སྒྲིབ་པ་བྲལ་བ་ཙམ་གྱིས་འགོག་པའི་བདེན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུའོ། །སྤྲུལ་པའི་སྐུ་སྟག་དང་རི་བོང་གིས་དོན་བྱེད་པ་ལྟ་བུའོ།། ཆོས་དཀོན་མཆོག་ནི་སྡེ་སྣོད་རྣམ་པ་གསུམ། གསུང་རབ་ཡན་ལག་བཅུ་གཉིས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་། གསུང་རབ་ཀྱི་ཚོགས་རྣམས་སོ། །ཡུལ་དགེ་འདུན་དཀོན་མཆོག་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཡན་ཆད། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་མན་ཆད་ནི་ཡུལ་དགེ་འདུན་དཀོན་མཆོག། དུས་ཇི་སྲིད་འཚོའི་བར་དུ། ཆེད་དུ་བྱ་བ་རང་ཉིད་ཞི་བ་དང་གྲོལ་བའི་དོན་དུའོ།།

སྐྱབས་སུ་འགྲོ་བ་ཁྱད་པར་ཅན་གྱི་ཡུལ་དཀོན་མཆོག་གསུམ་ནི། སངས་རྒྱས་ཆོས་སྐུ་འབའ་ཞིག་ལ་སྐྱབས་གནས་སུ་འདོད་དེ། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་རྒྱུད་བླ་མ་ནས་གསུངས་སོ། །ཆོས་དཀོན་མཆོག་ནི་རྟོགས་པའི་ཆོས་སོ། །དགེ་འདུན་དཀོན་མཆོག་ནི་དག་པའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །དུས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་བྲལ་བར་བྱ་བའི་དོན་དུ་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །སྐབས་འདིར་ཡང་དགེ་བའི་བཤེས་གཉེན་ལ་གཤའ་མར་སངས་རྒྱས་ཀྱི་འདུ་ཤེས་དུང་དུང་བ་ལན་གསུམ་བྱའོ།།

ཚད་མེད་པ་བཞིས་བློ་སྦྱང་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ཡིན་པར་བསྒོམ། མ་རྒན་དྲིན་ཆེ་བར་བསྒོམས་ཏེ། སྣབས་ཁས་ཕྱིས། མི་གཙང་བ་རྣམས་ཁྱོར་བས་ཕྱིས། གོས་འཇམ་པོ་བཀོན། ཟས་ཞིམ་པོ་སྟེར། ན་ཡིས་དོགས། ཚ་ཡིས་དོགས། རང་གི་ཤ་བཅད་ནས་སྦྱིན་པ་ཡང་ཕོད། བུའི་དོན་དུ་ལུས་ལོངས་སྤྱོད་སྲོག་གསུམ་ཀ་གཏོང་བ་ལ་ཚེགས་མེད། ཅི་ཡིན་ཐམས་ཅད་ཀྱིས་བུའི་དགོས་དགུ་སྒྲུབ་པར་འདུག་སྙམ་དུ་བསམ། འོ་ན་མ་རྒན་འདི་རྣམས་དྲིན་རེ་ཆེ་སྙམ་དུ་ཡང་ཡང་བསྒོམ། དྲིན་ལ་ལན་གྱིས་བླན་དགོས་སྙམ་དུ་བསམ། ད་ལྟ་མ་རྒན་རྣམས་བདེ་དགོས་པ་ལ། བདེའམ་མི་བདེ་བལྟ། ལུང་གི་རྗེས་སུ་འབྲངས་པས་དམྱལ་བའི་མ་རྒན་རྣམས་ལ་བལྟས་པས། ཚ་གྲང་གིས་སྡུག་བསྔལ་བར་འདུག། དམྱལ་བའི་མ་རྒན་འདི་དག་གི་སྡུག་བསྔལ་དང་བྲལ་བར་བྱ་དགོས་སྙམ་དུ་བསྒོམ། ཡི་དྭགས་ཀྱི་མ་རྒན་རྣམས་ལ་བལྟས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་གཟིར་བར་འདུག་ཨང་སྙམ་དུ་བསམ་ལ། བདག་གིས་མ་ཡི་དྭགས་ཀྱི་སྡུག་བསྔལ་འདི་བསལ་དགོས་སྙམ་དུ་བསྒོམ། བདག་གིས་བྱོལ་སོང་གི་མ་རྒན་རྣམས་ལ་བལྟས་པས། གཅིག་ལ་གཅིག་ཟ་བ་དང་སྡུག་བསྔལ་དཔག་ཏུ་མེད་པ་མཐོང་། བདག་གི་མ་བྱོལ་སོང་རྣམས་ཀྱི་སྡུག་བསྔལ་འདི་བདག་གིས་ཅིས་ཀྱང་བྲལ་བར་བྱ་དགོས་སྙམ་དུ་བསྒོམ། མིའི་མ་རྒན་གྱི་སྡུག་བསྔལ་འདི་རྣམས་བདག་གིས་ཅིས་ཀྱང་བྲལ་བར་བྱ་དགོས་སྙམ་དུ་བསྒོམ། ལྷའི་མ་རྒན་གྱི་སྡུག་བསྔལ་འདི་ཅིས་ཀྱང་བྲལ་བར་བྱ་དགོས་སྙམ་དུ་བསྒོམ། འགྲོ་བ་རིགས་དྲུག་ནི་བདག་གི་མ་ཡིན་ལ། མ་ཐམས་ཅད་དྲིན་ཆེ་ལ་དྲིན་ལ་ལན་བླན་དགོས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་པར་བྱ་དགོས་སྙམ་དུ་ཡང་ནས་ཡང་དུ་བསྒོམ། ག་རེ་འགྲོ་བ་རིགས་དྲུག་ཐམས་ཅད་ནི་བདག་གི་མ་ཡིན། མ་ཐམས་ཅད་ནི་བདག་ལ་དྲིན་ཆེ་ལ་དྲིན་ལ་ལན་གྱིས་མ་བླན་ན་གདོང་ཆུང་ཡིན་པས། དྲིན་ལན་གྱིས་བླན་དགོས་སྙམ་དུ་བསྒོམ། མ་རྒན་འདི་རྣམས་བདེ་བ་དང་ལྡན་པར་བྱ་དགོས་སྙམ་དུ་ཡང་ནས་ཡང་དུ་བསྒོམ། བདེ་བ་དང་ལྡན་པ་ལ་སྡུག་བསྔལ་དང་བྲལ་བར་བྱེད་དགོས་པས། སྡུག་བསྔལ་དང་བྲལ་བར་བྱ་སྙམ་ནས་ཡང་ནས་ཡང་དུ་བསྒོམ། སྡུག་བསྔལ་དང་བྲལ་བར་བྱེད་པ་ལ་སངས་རྒྱས་མ་ཐོབ་པས་ཕན་མེད་པས་འོ་ན་སངས་རྒྱས་ཐོབ་པར་བྱ་སྙམ་དུ་བསམ། སངས་རྒྱས་ཐོབ་པར་བྱེད་པ་ལ་སེམས་བསྐྱེད་དགོས། སེམས་བསྐྱེད་པ་ལ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ན་སེམས་བསྐྱེད་སྐྱེ་བར་ངེས། བྱང་ཆུབ་སེམས་དཔའི་འདུ་ཤེས་སྐྱེས་ཀྱང་སྐྱེ་མི་སྐྱེ་ཐེ་ཚོམ་ཟ། སོ་སོའི་སྐྱེ་བོའི་འདུ་ཤེས་སྐྱེས་ན་སེམས་བསྐྱེད་གཏན་མི་སྐྱེ། དགེ་བའི་བཤེས་གཉེན་གོང་མ་གསུང༌། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཀྱང་སྤྱོད་འཇུག་མཁན་པོའི་ཞལ་ནས། ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །ཞེས་གསུངས་པ་དང་། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་པ་དང་། བླ་མ་གོང་མ་རྣམས་ཀྱི་ཞལ་ནས། བསྐལ་པ་དུ་མར་བསོད་ནམས་ཚོགས་བསགས་ཤིང་། །པདྨའི་མཚོ་ལ་ངང་པ་ཇི་བཞིན་དུ། །འགྲོ་བའི་སྡུག་བསྔལ་སྤྱི་བོའི་གཙུག་གིས་བླང་། །ཞེན་འཛིན་ཆགས་པ་སྤོངས་ལ་གཞན་གྱི་སྡུག་བསྔལ་སེལ། །སྦྲུལ་ཁར་སྲོག་ཆགས་ཚུད་པ་ཇི་བཞིན་དུ། །འགྲོ་བ་ཐམས་ཅད་སྙིང་རྗེའི་ལྕགས་ཀྱུས་འཛིན། །ལམ་ཡང་ལུ་མ་བཞིན་དུ་ངོ་བོ་ཉིད་ཀྱིས་ཕན། །སྐྱེས་ཆེན་སེམས་བསྐྱེད་པ་ཡི་བླ་མའོ། །

དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་ཡང་ནས་ཡང་དུ་བསྒོམ། མེ་ཏོག་འབུལ། གོང་གི་རྟེན་སྤྲུལ་པ་ནས་བླ་མ་ལ་མཆོད་པ་བདུན་པོ་རྫོགས་པར་བྱའོ། །

དེ་ནས་ཁང་པའི་ཡང་ངོས་སུ་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ཏེ། སངས་རྒྱས་ཀྱི་འདུ་ཤེས་བཞག་ལ་ཕྱག་འཚལ། མི་མང་ཞིང་མི་ཤོང་ན་ཡིད་ཀྱིས་དེ་ལྟར་བསམ། སློབ་དཔོན་བྱང་ཆུབ་སེམས་དཔའི་ལུགས་ཀྱིས། སློབ་དཔོན་བྱང་ཆུབ་སེམས་དཔའ་བདག་ལ་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ་སློབ་དཔོན་གྱིས་བདག་བྱང་ཆུབ་སེམས་དཔར་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་མེ་ཏོག་གཏོར་བ་མཛད་པ་བྱ་གསུང་། གཞན་ཇོ་བོ་བཀའ་གདམས་པ་གང་གིས་ཀྱང་མི་མཛད་པར་འདུག། ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་དོན་དུ་སེམས་བསྐྱེད་ལེན་པར་འདོད་པས་དུང་ངེ་བསམ། རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་༼འདི་༽ཞེས་བགྱི་བས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱི་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་གྱི་བར་དུ་རྗེས་ཟློས་བྱའོ། །དངོས་སམ་ཡིད་ཀྱིས་མེ་ཏོག་གཏོར། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དུང་དུང་པ་ལན་གསུམ་བྱ། དེའི་རྗེས་ལ་ཡན་ལག་བདུན་པ་ཚར་གཅིག་རྫོགས་པར་བྱ། ཚོགས་བསག་པར་འདོད་པའི་རྟེན་གྱི་གང་ཟག། གང་དང་གང་གིས་སེམས་བསྐྱེད་པ་ལ་ཉམས་ཆག་མེད་པའི་སྐྱེས་བུ་དེ་ལ་དགའ་སྟོན་གྱིས་ཚིམ་པར་བྱ།


སེམས་བསྐྱེད་ལྡན་པའི་སྐྱེས་བུ་དམ་པ་ལ།། སྐད་ཅིག་ཙམ་ཡང་ཡིད་རབ་དང་བྱེད་ན།། བསྐལ་པའི་གྲངས་བཞིན་བྱང་ཆུབ་ཐོབ་པར་འགྱུར།། འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཇི་སྙེད་པ།།
ལྷག་བསམ་རྣམ་པར་དག་ལ་མོས་བྱས་པས།། མཚམས་མེད་ལྔ་དང་ཉེ་བ་ལྔ་པོ་ཡང་།། ས་བོན་རུལ་པ་བཞིན་དུ་བཏང་གྱུར་ནས།། ནམ་འདོད་ཚེ་ན་ཡོན་ཏན་རྒྱ་མཚོ་འདོད།།
སྡིག་དང་སྒྲིབ་པའི་བུད་ཤིང་མ་ལུས་པ།། བྱང་ཆུབ་སེམས་ཀྱི་དུས་མཐའི་མེས་བསྲེགས་ནས།། ས་དང་ལམ་གྱི་ཡོན་ཏན་མ་ལུས་ཐོབ་ནས་ཀྱང་།། ནམ་གྱི་ཐོ་རངས་རྒྱལ་བ་རྒྱ་མཚོ་ཐོབ།།
བྱང་ཆུབ་སེམས་ལྡན་སྐྱེས་བུ་མཆོག་ཉིད་ལ།། མེ་ཏོག་གཅིག་ཙམ་ཕུལ་ཞིང་གཏོར་ན་ཡང་།། བསྐལ་པར་མི་ཟད་གཏེར་གྱི་མཆོག་ཡིན་པས།།

བསོད་ནམས་རྒྱ་མཚོ་འདོད་པས་བཀུར་སྟི་གྱིས།།


སེམས་བསྐྱེད་པ་དང་ཕན་ཡོན་ཐོབ་ནས་བསླབ་བྱ་བཤད་པ་ནི། སྡོང་པོ་བཀོད་པའི་མདོ་ལས། ཕན་ཡོན་དཔག་ཏུ་མེད་པ་གསུངས་ཀྱང་། དགེ་བའི་བཤེས་གཉེན་གོང་མ་རྣམས་ཀྱིས་གསུངས་པ་ནི། སེམས་བསྐྱེད་པ་ནི་ས་གཞི་དང་འདྲ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་ཀྱང་ས་གཞི། སྟོན་ཐོག་ཐམས་ཅད་ཀྱང་ས་གཞི་ལ་བརྟེན་ནས་སྐྱེ། མེ་ཏོག་དང་འབྲས་བུ་ཐམས་ཅད་ཀྱང་ས་གཞི་ལ་བརྟེན་ནས་སྨིན། འདོད་འཇོའི་བ་དང་གླང་པོ་ཆེ་དང་རྟ་ལ་སོགས་པ་ས་གཞི་ལ་བརྟེན་ནས་འཚོ། བསིལ་ཁང་དང་ཁང་བཟང་དང་སྲོག་མཁར་བ་གམ་ཅན་རྣམས་ཀྱང་ས་གཞི་ལ་བརྟེན་ནས་བརྩིགས། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རང་སྐྱིད་གཞན་སྐྱིད་ཐམས་ཅད་འབྱུང་སྟེ། བྱང་ཆུབ་ཀྱི་སེམས་མངའ་ན་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འོང་བ་ནི། སྐུ་མཆེད་གསུམ་མམ། དེའི་རྗེས་སུ་འབྲངས་པ་དང་བཅས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་གང་ན་བཞུགས་པའི་ས་ན་བྱ་དང་རི་དྭགས་ཐམས་ཅད་ཀྱང་བདེ། ཡོན་བདག་ཕོ་མོ་རྣམས་ཀྱི་ཚོགས་གསོག་པའི་ལས་མ་གཏོགས་པ་སྡིག་པའི་ལས་གང་ལའང་མི་འཇུག། རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་རྣམས་དགའ་བ་འབའ་ཞིག་གིས་བརྒྱན་ནས་ལམ་གོང་མ་སྦྱོང་ཞིང་ནན་ཏན་བྱེད། ཚུལ་ཁྲིམས་འཆལ་བའི་རྟེན་གྱི་གང་ཟག་རྣམས་ཀྱང་བཤགས་སྡོམ་ཡིད་གདུང་བར་བྱེད་ཅིང་ཕྱིན་ཆད་མི་བྱེད་པའི་སྡོམ་པ་འཛིན། སྡིག་པ་ལ་མངོན་པར་དགའ་བ་བྱ་བཤོར་བ་རྣམས་ཀྱང་རྒྱ་དང་རྙི་ལ་སོགས་པ་ཡང་འབུལ་དུ་འོང་། ལམ་ཐམས་ཅད་ཀྱང་རྒན་མོ་ཕྱེ་ཁུར་དུ་བྱེད། དགེ་བའི་བཤེས་གཉེན་ཆེན་པོ་དེས། ཚེ་རབས་ཕྱི་མ་ལ་ལས་དང་སྨོན་ལམ་ལ་གནས་ནས། ཞིང་བརྒྱ་གཡོ་ཞིང་སྐད་ཅིག་གིས་འགྲོ་བ་བརྒྱ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོད་པའོ།།

བྱང་ཆུབ་ཀྱི་སེམས་ནི་ནོར་བུ་རིན་ཆེ་དང་འདྲ་སྟེ། ནོར་བུ་རིན་པོ་ཆེ་དེ་དྲི་མ་གསུམ་ཕྱིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཕྱག་དང་མཆོད་པ་བྱས་ན། ནད་ཞི་བ་དང༌། རྫས་དང་ཡོ་བྱད་འབྲུ་དང་བང་མཛོད་གསེར་དང་གཡུ་ལ་སོགས་པ་གསོལ་བ་གང་བཏབ་པ་ཆར་བཞིན་དུ་བབ་ནས་འདོད་པའི་དོན་ཐམས་ཅད་འགྲུབ་བོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དྲི་མ་གསུམ་ཕྱིས་ནས་དྲན་པ་དང་ཤེས་བཞིན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པས་ཕྱག་བྱས་ཏེ་སྨོན་ལམ་རྣམ་པར་དག་པས་གསོལ་བ་བཏབ་ན། ཡིད་ལ་ཅི་བསམས་པ་ཐམས་ཅད་འགྲུབ་བོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཐོང་གཤོལ་དང་འདྲ་སྟེ། ཐོང་གཤོལ་གྱིས་ཐ་རྒོད་མ་ཐུལ་པ་རྨོས་ནས་དུལ་ཞིང་འབོལ་བར་བྱེད་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀྱང་རང་གི་སེམས་ཐ་རྒོད་ལྟ་བུ་འབོལ་བ་དང་ཞི་བར་བྱེད་དོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཉི་མའི་དཀྱིལ་འཁོར་དང་འདྲ་སྟེ། ཉི་མའི་དཀྱིལ་འཁོར་གྱིས་མུན་པ་ཐམས་ཅད་བསལ་ནས་དངོས་པོ་ཐམས་ཅད་གསལ་བར་ཡང་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀྱང་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་གསལ་བར་བྱེད་དོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་འདོད་འཇོའི་བ་དང་འདྲ་སྟེ། འདོད་འཇོའི་བས་བཀྲེས་སྐོམ་ཐམས་ཅད་སེལ་བར་བྱེད་པ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀྱང་འཁོར་བའི་སྡུག་བསྔལ་དང་ཐེག་པ་དམན་པའི་ཚ་སྒོ་ཐམས་ཅད་སེལ་བར་བྱེད་དོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཡལ་ག་དང་ལོ་འདབ་ཕུན་སུམ་ཚོགས་པ་ལམ་མཁར་སྐྱེས་པའི་ལྗོན་ཤིང་དང་འདྲ་སྟེ། འཁོར་བའི་ཚད་པ་ཐམས་ཅད་སེལ་བར་བྱེད་པས་སོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་དམག་དཔོན་རིན་པོ་ཆེ་དང་འདྲ་སྟེ། ཐེག་པ་དམན་པ་ལ་སོགས་པའི་གཡུལ་ངོ་ཐམས་ཅད་སེལ་བར་བྱེད་པས་སོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཆུ་བོ་ཆེན་པོ་བཞིའི་ཟམ་པ་དང་འདྲ་སྟེ། མྱ་ངན་ལས་འདས་པའི་གླིང་དུ་འགྲོ་བར་བྱེད་པས་སོ།།

ཇོ་བོ་ཨ་ཏི་ཤ་མ་བྱོན་ཕན་ཆད་ལ་སྨོན་འཇུག་གཉིས་ཀྱི་ས་མཚམས་ཀྱང་མ་ཕྱེད། ཆོ་གའི་རིམ་པ་ཡང་མ་ཤེས། སྨོན་པའི་བསླབ་བྱ་ཡང་གང་ཡིན་ངོ་མ་ཤེས། ཡོ་གའི་རྒྱུད་དམ་དཀྱིལ་འཁོར་གྱི་ཆོ་གའི་ཚིགས་བཅད་ཙམ་ལ་བརྟེན་ནས་འོལ་གྱིས་རྣམ་པར་བཞག་པ་ལས་མེད་གསུང་། འོ་སྐོལ་བོད་ལ་ཨ་ཏི་ཤ་དྲིན་ཆེ་གསུང་། མ་ཀི་མཎྜལ་རྣམ་ལྔ་མ་དང་། སྤོས་རེང་བྱེད་པ་ཡང་མ་ཤེས། ཡ་ཀི་ཐུན་གཅིག་གི་ནང་དུ་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཉམས་སུ་ལེན་པ་ཡང་མ་ཤེས་པ་ལས། འོ་སྐོལ་གྱི་མིག་ཇོ་བོས་མཛད་པ་ཡིན་གསུང་།

སྨོན་པའི་བསླབ་བྱ་དང་ཕན་ཡོན་ཐ་དད་དུ་བྱེད་པ་ནི། སློབ་དཔོན་བྱང་ཆུབ་སེམས་དཔའི་ལུགས་ཐལ་ནས། ཇོ་བོ་རྗེའི་ཞལ་ནས། སྨོན་པའི་བསླབ་བྱ་ནི་ལྔ་སྟེ། ཚོགས་རྒྱ་ཆེན་པོ་གསོག་པ་ལ་བསླབ་པར་བྱ་བ་དང་། ཕན་ཡོན་རྣམས་ལ་ཡང་ནས་ཡང་དུ་དྲན་པར་བྱ་བ་ལ་བསླབ་པར་བྱ་བ་དང་། སེམས་ཅན་བློས་མི་སྤང་བར་བྱ་བ་ལ་བསླབ་པར་བྱ་བ་དང་། ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་བསླབ་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་སྦྱང་ཞིང་སྤེལ་བ་ལ་བསླབ་པར་བྱའོ། །དང་པོ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསག་པ་ནི། སེམས་བསྐྱེད་བྱས་ནས་བཏང་སྙོམས་དང་རང་དོན་དུ་སྐད་ཅིག་ཀྱང་བསྡད་པ་མ་གནང་ཞིང་ཚོགས་ཆུང་ངུ་ཙམ་གྱིས་ཆོག་པར་ཡང་མ་གནང་སྟེ། མགོ་དང་མིག་དང་རྒྱལ་སྲིད་ལ་སོགས་པ་དངོས་སམ་ཡིད་ཀྱིས་གཏོང་བ་ནི་མན་ཆད། ཐ་ན་ཁབ་སྐུད་ཡན་ཆད་དངོས་སམ་ཡིད་ཀྱིས་གཏོང་བ་རྒྱལ་བུ་ཐམས་ཅད་སྒྲོལ་བཞིན་དུ་སྦྱིན་པ་མ་ཚང་བ་མེད་པ་ལ་བསླབ་པ་དང༌། ཉེས་བྱས་ཕྲ་བའི་ཕྲ་བ་ལ་འཛེམས་པ་ཡན་ཆད། གཞན་གྱི་སྲོག་ལ་འཚེ་བ་དང་། བརྐུ་འཕྲོག་དང་། གཞན་གྱི་ཆུང་མ་ལ་བསྟེན་པ་དང་། མི་ཆོས་བླ་མར་གྱུར་པ་ལ་སོགས་པ་ཉེས་པ་རྣམས་སྲོག་གི་ཕྱིར་ཡང་མི་བྱེད་ཅིང་སྡོམ་པ་ནི་ཚུལ་ཁྲིམས། དམན་པ་ལ་མི་ཁྲོ་ཞིང་ཁྱད་དུ་མི་གསོད་པར་བཟོད་པ། ཚ་ཚ་འདེབས་པ་ནས་རྒྱས་པ་གསེར་གྱིས་བྲི་བ་དང་གཙུག་ལག་ཁང་ཆེན་པོ་བཞེངས་པའི་བར་རྣམས་ལ་སེམས་ཅན་གྱི་དོན་དུ་རྒྱུན་མ་འཆད་པར་བྱེད་པའི་བརྩོན་འགྲུས། སེམས་ཅན་གྱི་དོན་དུ་ཞི་གནས་སྒྲུབ་པ་བསམ་གཏན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིག་པའི་གནས་ལྔ་ལ་མཁྱེན་པར་སྦྱོང་བ་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག། མཛའ་བཤེས་བསྟེན་པ་དང༌། ཚད་མེད་པ་བསྒོམ་པ་དང༌། དཀོན་མཆོག་ལ་མཆོད་པ་ལ་སོགས་པ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས། ཡེངས་པ་མེད་པར་སེམས་ཅན་གྱི་དོན་བྱ་དགོས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཁས་བླངས་པ་དང་། གྲངས་མེད་པ་གསུམ་དུ་ཚོགས་བསག་པར་དམ་བཅས་པའི་ཕྱིར་རོ། །དེ་སྐད་དུའང་བྱམས་པས་མདོ་སྡེའི་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོར་མི་མཛེས། །ཞེས་པ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ་ཡང་། །བསྒྲལ་བར་དམ་བཅས་བྱང་ཆུབ་སེམས་དཔའ་ནི། །ཤ་དང་རུས་པ་ཟད་ཀྱང་འགྲོ་བ་ཡི། །སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམས་པར་བྱེད། །ཅེས་པས་སོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་བསམ་པ་ནི། གོང་མ་རྣམས་ཀྱང་དྲན་པར་བྱ་ཞིང་། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བསྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་པ་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་ཟུངས། །གང་ལ་སེམས་ཀྱི་དམ་པ་རིན་པོ་ཆེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པས་སོ།།

ཆོས་བྱེད་པའི་རྟེན་གྱི་གང་ཟག་ལ་བྱང་ཆུབ་ཀྱི་སེམས་མེད་ན། ཤ་ཟས་བཏབ་པ་བཞིན་ཉོན་མོངས་པ་རང་ཡན་ལ་སྨྱོ་ནས་འགྲོ། གཞན་ཡང་འཁྲུལ་པར་བྱེད་པ་དང་། ཞེ་སྡང་གིས་རང་ཚིག་འོད་ཀྱིས་གཞན་སྲེག་པར་བྱེད་པ་ཡང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁྲུངས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་ལེགས་ལ་གནས་ཤིང་གཞན་འཁོར་བའི་སྡུག་བསྔལ་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ཡེ་ཤེས་མ་འཁྲུལ་བ་ལ་འཇོག་པ་དང་། རང་གི་ཞེ་སྡང་གི་མེ་བསད་ནས་གཞན་གྱི་ཁྲོ་བོའི་ཚད་པ་སེལ་བར་བྱེད་པ་དང་།


བདེ་བའི་འབྱུང་གནས་བྱང་ཆུབ་སེམས་སྐྱེས་ན།། རང་གཞན་མི་གཙང་འཁོར་བའི་འདམ་ལས་བརྒལ།། ལམ་མཆོག་ཐེག་ཆེན་བྱང་ཆུབ་སེམས་སྐྱེས་ན།། ཡོན་ཏན་རྒྱ་མཚོ་སངས་རྒྱས་ཐོབ་པར་འགྱུར།།
བྱང་ཆུབ་སེམས་ཀྱི་བུང་བའི་རྒྱལ་པོ་ཡི།། ཚོགས་གཉིས་མེ་ཏོག་རྩི་རྣམས་འཇིབས་ནས་ཀྱང་།། སྐུ་གཉིས་སྦྲང་རྩིའི་ཡོན་ཏན་རྒྱས་པར་བྱེད།། བྱང་ཆུབ་སེམས་ཀྱི་གླང་པོ་བརྟན་གནས་ནས།།
འཁོར་བའི་སྡུག་བསྔལ་ཁུར་བྱེད་ག་ལ་དཀའ།། བྱང་ཆུབ་སེམས་ཀྱི་ནམ་མཁའ་ཡངས་པ་ལ།། སྐྱོ་བ་མེད་པར་ཐུགས་རྗེའི་སྤྲིན་བསྡུས་ནས།། འགྲོ་དྲུག་བདེ་བའི་མྱུ་གུ་གསོ་བར་བྱེད།།
བྱང་ཆུབ་སེམས་ནི་བུ་རམ་གཟུགས་མཚུངས་ཏེ།།

སྐད་ཅིག་ཐང་ཅིག་སྐྱེས་ཀྱང་དོན་རྣམས་འགྲུབ།།


འཁོར་བའི་གཅོང་རྙིང་ཐམས་ཅད་སེལ་བར་བྱེད་པ་ལ་གསེར་མདོག་དྲི་མས་མ་གོས་པ་ལྟ་བུ་དེ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་སྐྱེད་པར་བྱེད་པ་ལ་མ་མ་ལྟ་བུའོ། །སེམས་རིན་པོ་ཆེ་བསྐྱེད་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཁུར་བར་ཁས་བླངས་པ་དང་། རང་གི་ལུས་ལོངས་སྤྱོད་ལ་གནོད་ཀྱང་སྐྱོ་བ་མེད་པར་གཞན་རྗེས་སུ་གཟུང་བ། བུ་གཅིག་པུས་མའི་སྐྲ་འབལ་ཡང་བུས་ལྟོ་རིན་ནུས་ཟེར་བ་བཞིན་དུ་བྱ་དགོས་ཏེ། སེམས་ཅན་བློས་སྤངས་ན་སྨོན་པ་ཡང་ཤོར། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མི་དགྱེས་ཏེ། སྤྱོད་འཇུག་ལས། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་པ་དང་། ང་དང་སེམས་ཅན་རྣམས་ནི་བདེ་སྡུག་མཚུངས། །ང་ཡི་གཟུགས་སྐུ་གཉིས་པོ་སེམས་ཅན་དོན་དུ་བསྒྲུབས་པ་སྟེ། །སེམས་ཅན་གནོད་ན་ང་ལ་མཆོད་མ་ཡིན། །ཞེས་པ་དང་། ཇོ་བོ་རྗེའི་ཞལ་ནས། སེམས་ཅན་བློས་མི་སྤང་བར་ནུས་ན་སྡོམ་པའི་བསླབ་པ་གང་ཡང་མི་ཐུབ་པ་མེད། མྱུར་དུ་བྱང་ཆུབ་ཀྱང་འཐོབ་གསུང་། དགེ་བཤེས་སྟོན་པས། ཇོ་བོ་རྗེ་ལ་ སེམས་ཅན་བློས་སྤངས་པའི་ཚད་ཇི་ཙམ་ལགས་ཞུས་པས། ཇོ་བོའི་ཞལ་ནས། འཁྲུགས་ནས་ངན་པ་འདི་དང་ཚེ་རབས་ཐམས་ཅད་དུ་མི་འཕྲད་དགོས་སྙམ་པ་ཡིན་གསུང་། དུས་ཇི་ཙམ་ཞིག་གི་བར་དུ་སྐྱེ་ན་སྨོན་པ་ཤོར་ཞེས་ཞུས་པ་ལ། ཉིན་ཞག་གཅིག་གི་དྲུག་ཆ་ཡིན་ནོ།།

བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ལ་བསླབ་པ་ནི། ཉིན་ཞག་གཅིག་གི་བར་དུ་མར་ཆུང་ཡང་ལན་དྲུག་གི་བར་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱི་བར་དུ་བྱའོ། །དགེ་བཤེས་སྤྱན་སྔ་བའི་ཞལ་ནས། ཚིགས་བཅད་འདི་ཁ་ཡར་གྱི་དྲིན་ཡང་བོད་ཀྱིས་མི་འཁོར་གསུང་། སྤེལ་ཞིང་སྦྱང་བ་མ་བྱས་ན་འོ་སྐོལ་ཉོན་མོངས་པ་ཞེ་སྡང་ནི་རགས། འཁོར་བ་ཐོག་མ་མེད་པ་ནས་སེམས་བསྐྱེད་བྱེད་པ་འདི་དུས་དེ་རིང་ཙམ་ཡིན། བསམ་པ་བཟང་པོ་ནི་མུན་པའི་གློག་ལས་ཀྱང་ཉུང་། སྤེལ་ཞིང་སྦྱང་བ་འདི་ཤིན་ཏུ་གལ་ཆེ་གསུང་།

ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་བསླབ་པ་ནི་བཞི་སྟེ། བླ་མ་དང་མཆོད་པར་འོས་པ་མི་བསླུ་བ་ལ་བསླབ་པར་བྱ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་མི་སྐྱེད་པ་ལ་བསླབ་པར་བྱ་བ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་མི་བརྗོད་པ་ལ་བསླབ་པར་བྱ་བ་དང་། སེམས་ཅན་གཡོ་སྒྱུས་མི་འབྲིད་པ་ལ་བསླབ་པར་བྱ།

ནབླ་མ་དང་མཆོད་པར་འོས་པ་མི་བསླུ་བ་ནི། དམ་ཆོས་ཀཱ་རི་ཀ་ཡན་ཆད། དཔལ་གསང་བ་འདུས་པ་མན་ཆད་ཚིག་བཞི་པ་ཚིགས་སུ་བཅད་པ་གཅིག་མཉན་པ་ཡན་ཆད་ཀྱི་བླ་མ་ལ་ཀུ་རེ་དང་ཀྱལ་ཀའི་ཆེད་དུ་ཡང་བླ་མའི་དབུ་མི་སྐོར་ན། སྲོག་དང་བྱ་དགའ་གྲགས་པ་དང་སྙན་པ་དང་རྙེད་པའི་ཆེད་དུ་དབུ་ག་ལ་ཡང་སྐོར། གསང་སྔགས་ཀྱི་རྩ་བའི་དམ་ཚིག་ཉམས་ནས་འགྲོ། རྩ་བའི་དམ་ཚིག་ཉམས་ན་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་ཐབས་མ་མཆིས་ཏེ། ཇོ་བོ་ཨ་ཏི་ཤའི་ཞལ་ནས། ངེད་ཀྱི་རྒྱ་གར་ན་བླ་མ་དམ་པ་དང་གྲོགས་ཁྱད་པར་ཅན་གྱི་དབུ་སྐོར་བ་ལས། སྐོར་ས་གཞན་མི་རྙེད། ཁྱེད་བོད་དེ་དང་འདྲའམ་གསུངས་པ་ལས། དགེ་བཤེས་སྟོན་པའི་ཞལ་ནས། བོད་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་པས་བློ་སྦྱོང་དཀའ་བ་དེ་བས་ཀྱང་ཐུ་གསུང༌། འོན་ཀྱང་བྱང་ཆུབ་སེམས་ལ་ནན་ཏན་བྱེད་པ་རྣམས་དབུ་མི་སྐོར་གྱི། ཕ་རོལ་ཏུ་ཡང་དགེ་བའི་བཤེས་གཉེན་ལ་བློ་ལྷན་གྱིས་གཏད་ལ་ང་ཅི་ཤེས་ཁྱོད་དེ་ཤེས་ཀྱིས་ཚུལ་དུ་བྱ་གསུང་ངོ༌།།

གཞན་འགྱོད་པ་མ་ཡིན་པ་ལ་འགྱོད་པ་མི་བསྐྱེད་པ་ལ་བསླབ་པར་བྱ་བ་ནི། སྐྱེས་བུ་དམ་པ་འགའ་ཞིག་གིས་དཀོན་མཆོག་ལ་མཆོད་པ་དང་བླ་མ་ལ་བསྙེན་བཀུར་བྱ། དགེ་འདུན་ལ་ཆོས་སྟོན་གྱིས་ཚིམ་པར་བྱའོ། །ཕོངས་པ་དང་སྐྱབས་མགོན་མེད་པ་ལ་ཕན་བཏགས། ཕ་དང་མ་ལ་སོགས་པ་དྲིན་ཆེ་བ་རྣམས་ཀྱི་དྲིན་ལ་ལན་གྱིས་བླན་པ་ལ་སོགས་པ་བསོད་ནམས་རྒྱ་ཆེན་པོ་བསགས་པ་ལ། ཁྱེད་ཀྱིས་འདི་མ་ལེགས། ན་ན་ནད་རྒྱགས་དགོས། རྒས་ན་རྒས་སྡོད་དགོས་པ་ཡིན་ཟེར་ནས་འགྱོད་པ་བསྐྱེད་ན་ནག་པོའི་ཆོས་ཏེ་འབྲས་བུ་དམྱལ་བ་འབའ་ཞིག་ཏུ་འགྲོ། གང་ཞིག་དགེ་བ་བྱེད་མཐོང་ན། །དཔྱས་ཤིང་བསྐུར་ཏེ་མ་མོས་ན། །དཀོན་མཆོག་གསུམ་གྱི་རིགས་ཀྱང་གཅོད། །ཅེས་རྟོགས་པ་ཆེན་པོ་ལས་གསུངས་པ་དང་། གང་ཞིག་དགེ་བ་བྱེད་པ་ལ། །ཕྲག་དོག་དབང་གིས་བསྐུར་གྱུར་ན། །མཚམས་མེད་པས་ཀྱང་དམྱལ་བར་འགྲོ །ཞེས་པས་སྐྱེས་བུ་དམ་པ་ཁྱེད་ཀྱིས་དོན་ཆེན་པོ་བསྒྲུབས། ངེད་ལ་ནུས་པ་མེད་པ་ཡིན་གྱིས་རྗེས་སུ་ཡི་རང་ཞེས་ངག་ཏུ་ཡང་བརྗོད་ཡིད་ཀྱིས་ཀྱང་དེ་ལྟར་བསམ། དེ་བཞིན་དུ་གཞན་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚ་ཚ་འདེབས་པ་དང༌། ཆུ་གཏོར་གཏོང་བ་དང་། ཐོས་བསམ་སྒོམ་གསུམ་བྱེད་པ་དང་། ཐ་ན་ལམ་ཁའི་རྡོ་ཕུད་པ་ཡན་ཆད་མགོ་དང་མིག་གཏོང་བ་མན་ཆད་ཀྱི་དགེ་བའི་རྩ་བ་གང་དང་གང་བྱེད་པ་ལ་ཡང་འགྱོད་པ་མི་སྐྱེད་ཅིང་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན་དགེ་བའི་རྩ་བ་ཕྱེད་འཐོབ་ཅེས་གསུངས་པའོ།།

སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་མི་བརྗོད་པ་ལ་བསླབ་པར་བྱ་བ་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་རྒྱུ་ཞེ་སྡང་གིས་ཉེས་པ་སྣ་ཚོགས་བརྗོད་ན། སྐད་ཅིག་མ་རེ་རེས་ཀྱང་བསྐལ་པར་དམྱལ་བར་སྡོད་དགོས་ཏེ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སྤྱོད་འཇུག་ལས་གསུངས་པས། ཡུལ་བྱང་ཆུབ་སེམས་དཔའ་ལ་སྡང་ན་དམྱལ་བའི་བུད་ཤིང་དངོས་ཡིན། བྱང་ཆུབ་སེམས་དཔའ་ནི་གང་ན་ཡོད་ཆ་མེད། འོ་སྐོལ་ནི་སྨྲ་བ་ལ་དགའ། དེས་ན་ཐུར་དུ་འགྲོ་བའི་རྒྱུ་མི་བསགས། མིའི་ཉེས་སྐྱོན་ཐམས་ཅད་མིག་བཞིན་དུ་མི་བསྲུང་བར་རང་ལ་གནོད་ནས་འོང་། སྡུད་པ་ལས་ཀྱང་། ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བྱང་ཆུབ་སེམས་དཔས་གོ་ཆ་བགོ་དགོས་སོ། །ཞེས་པ་དང་། བྱང་ཆུབ་སེམས་ལྡན་ཁྱད་པར་འཕགས་པ་ལ། །ཞེ་སྡང་ཐ་མ་སྐད་ཅིག་སྐྱེས་ན་ཡང་། །དགེ་བ་འཇིག་ལ་ཡོན་ཏན་མི་སྐྱེད་ཅིང༌། །མནར་མེད་བུད་ཤིང་ཡིན་པར་ཤེས་པར་བྱོས། ། ལར་གཞན་སྐྱོན་སྨོད་པ་ཙམ་རང་སྐྱོན་ཡིན་ཏེ།


བྱམས་པ་བསྒོམས་པའི་སྒོམ་ཆེན་གྱིས།། དགྲ་གཉེན་ཐམས་ཅད་ཕ་མར་མཐོང་།། བསྐྱེད་རིམ་བསྒོམས་པའི་སྒོམ་ཆེན་གྱིས།། སྣོད་བཅུད་ཐམས་ཅད་ལྷ་སྐུར་མཐོང་།།
འོད་གསལ་བསྒོམས་པའི་སྒོམ་ཆེན་གྱིས།། ཕྱོགས་རིས་མེད་པར་ཆོས་སྐུར་རྟོགས།། རྣམ་རྟོག་སྒྱུར་ལོག་མང་བ་དང་།། ཉོན་མོངས་རང་ཡན་གཏོང་བ་དང་།།
བསོད་ནམས་བསགས་པ་ཆུང་བ་ཡིས།། སུ་མཐོང་དགྲ་དང་ཟུན་དུ་འཛིན།། འཛིན་པའི་རྩ་བ་མ་ཆོད་ན།། གཟུང་འཛིན་གྱི་གདོས་སུ་ཆུད་དེ་འོང༌།།
བདག་འཛིན་གྱི་ཞགས་པས་འཁྱིག་དེ་འོང་།། དངོས་འཛིན་གྱི་དྲེད་ལ་འགྲོ་སྟེ་མཆི།། རང་མཐོང་འདོད་པའི་གང་ཟག་གིས།།

གཞན་སྐྱོན་བརྗོད་དེ་རང་ཉིད་ཕུང་།།


སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་ལྟ་ག་ལ་ཡང་བརྗོད་དེ། གྲགས་པ་དང་སྙན་པ་བརྗོད་པ་ལ་བསླབ་པར་བྱ་བ་དང་། སེམས་ཅན་ཙམ་ལ་ཡང་ཉེས་སྐྱོན་མི་བརྗོད་ཅིང་གྲགས་པ་བརྗོད་པར་བྱའོ།།

སེམས་ཅན་ལ་གཡོ་སྒྱུས་མི་བྲིད་པ་ལ་བསླབ་པར་བྱ་བ་ནི། ཕར་ལ་བྲེ་སྲང་ཆུང་བ་ལ་འཇལ། ཚུར་ལ་ཆེ་བ་ལ་ལེན་པ་དང་། ཐབས་སྣ་ཚོགས་ཀྱི་སྒོ་ནས་རང་ཅི་རྒྱལ་གཞན་ཅི་ཕམ་བལྟ་ན་ནག་པོའི་ཆོས་ཏེ། འབྲས་བུ་སེམས་ཅན་དམྱལ་བར་འགྲོ་བས་སྤང་བར་བྱ་ཞིང་། སེམས་ཅན་ཐམས་ཅད་ལ་དྲང་པོའི་སེམས་ཀྱིས་བསླབ་པར་བྱའོ།།


གང་ཞིག་ཕ་དང་མ་ལ་སོགས་པ་ལ།། དྲང་པོའི་ཆོས་ནི་ཉེ་བར་མི་སྤྱོད་ཅིང།། བསམ་དང་རྟོག་པར་བྱེད་ན་གཞན་དག་ནི།། ཐབས་ཀྱིས་བསླུ་དང་བྲིད་པར་བྱེད་པ་སྟེ།།
གཡང་ས་མེ་འོབས་དག་ཏུ་ལྷུང་ནས་ཀྱང་།། བསྐལ་པ་དུ་མར་སྡུག་བསྔལ་དག་གིས་གཙེ།། ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད།། དྲང་པོའི་ཆོས་ཀྱིས་འཇིག་རྟེན་ཀུན་ཏུ་བདེ།།
གཡོ་སྒྱུ་གྱ་གྱུས་འཇིག་རྟེན་ཕུང་བར་བྱེད།། ཕྲད་ན་ལྷ་འདྲ་འགྲོགས་ན་ཤ་ཟ་འདྲ།།

གཡོ་དང་སྒྱུས་ནི་མཛའ་བཤེས་ཕུང་བར་བྱེད།།


བསླབ་བྱ་བཤད་པ་ཐལ་ནས། སློབ་དཔོན་གྱིས་ཡན་ལག་བདུན་པ་ཚར་གྱིས་རྫོགས་པར་བྱ། ཇོ་བོའི་ལུགས་ཀྱི་བསྔོ་བ་བྱའོ། །སྨོན་པའི་ཆོ་ག་ལེན་ལུགས་རྒྱས་པ་ཐལ་ནས།

ཤི་ཀ་མ་ལ་སོགས་པས་མི་ནུས་པས་མེ་ཏོག་ལ་སོགས་པ་མཆོད་པ་གྲུབ་ཚད་བྱས་ལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔར་གཟུང་དུ་གསོལ། ཞེས་ལན་གསུམ་བྱ། སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱ་བའི་ཆེད་དུ་སངས་རྒྱས་ཐོབ་པར་བྱ་སྙམ་དུ་སོམས་ཤིག་བྱས་ལ། སློབ་དཔོན་གྱི་རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱི་བར་དུ་བྱའོ།།

ཤིན་ཏུ་བསྡུས་པར་ཉམས་སུ་ལེན་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་དུ་ཡང་ཡང་སོམས་ཤིག་བྱའོ།།

དེ་ལྟར་སྨོན་པ་ལེན་ལུགས་རྒྱས་འབྲིང་བསྡུས་གསུམ་ཐལ་ནས། བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི།


བསམ་གྱིས་མི་ཁྱབ་སངས་རྒྱས་ཀྱང་།། ལྷག་བསམ་རྣམ་པར་དག་པ་ཡི།། བསམ་པ་རྒྱ་ཆེན་དེ་དག་གིས།། མེད་ན་མི་འབྱུང་འབྲེལ་བ་འོ།།
མཁའ་ལ་ཉི་མའི་དཀྱིལ་འཁོར་རབ་རྒྱས་པ།། མིག་དང་བྲལ་བས་མཐོང་བར་ག་ལ་འགྱུར།། གཉིས་མེད་ཡེ་ཤེས་ནོར་བུ་རིན་ཆེན་དེ།། བྱང་ཆུབ་སེམས་ཀྱི་གྲུ་རྫིང་བྲལ་གྱུར་ན།།
ཐམས་ཅད་མཁྱེན་པའི་ནོར་བུ་ག་ལ་རྙེད།། ཤུགས་ལྡན་ནུས་པ་ཆེ་བའི་རྟ་མཆོག་གིས།། རྩལ་ལྡན་སྐྱེས་བུ་གར་འདོད་སྐྱེལ་བ་ལྟར།། བྱང་ཆུབ་སེམས་ཀྱི་གྱི་ལིང་ནར་ཕྱིན་ན།།
བསྡུ་དངོས་བཞི་ཡི་གཡང་ཤུན་དཀར་བཏབ་སྟེ།། ཆ་རྐྱེན་ལྡན་པའི་སྦྱིན་པ་སོགས་ཀྱིས་བསྟད།། དྲན་དང་ཤེས་བཞིན་སྲབ་དང་མཐུར་གྱིས་བསྡམ།། བསགས་པ་རབ་ལྡན་སྐྱེས་བུ་མཆོག་ཉིད་ཀྱིས།།
བྱང་ཆུབ་རིན་ཆེན་ཐང་ལ་རྒྱུག་པར་བྱ།། བྱང་ཆུབ་སེམས་ཀྱི་ཡོན་ཏན་བསམ་ཡས་པས།། མུར་ཐུག་ཚེ་འདིར་འདོད་པའི་སྐྱེས་བུས་ཀྱང་།། བསམ་པ་བཟང་པོ་བྱས་ན་ཅི་འདོད་འགྲུབ།།
བདག་ཉིད་གཅིག་པུ་ཡོན་ཏན་ལྡན་འདོད་པས།། བསམ་པ་བཟང་པོའི་རྩི་ཡིས་ཁ་བསྒྱུར་ཏེ།། ལས་རྣམས་སྒྲུབ་པར་བྱས་ན་ཡོན་ཏན་ནི།། དུས་ཚོད་བཟང་པོའི་སྟོན་ཐོག་བཞིན་དུ་སྨིན།།
རང་ཉིད་ཉི་མ་བཞིན་དུ་གསལ་འདོད་ནས། ། ཉེ་རིང་ཏིལ་ཕུང་བཞིན་དུ་རྡུང་བྱེད་པས།། རང་ཉིད་མི་བདེ་ཡོན་ཏན་སྐྱར་ལ་འབུད།། འཐབ་ཅིང་འཁྲུག་པར་བྱེད་པའི་གཙོ་བོས་ཀྱང་།།
རང་དོན་མི་བྱེད་འཁོར་རྣམས་བསྐྱངས་གྱུར་པས།། གཞན་གྱི་གཡུལ་རྣམས་བཟློག་ཅིང་དོན་རྣམས་འགྲུབ།། དགའ་དང་བདེ་བའི་ཡིད་ཀྱིས་བསྐྱངས་གྱུར་ན།།

རང་དོན་གཞན་དོན་སངས་རྒྱས་མཆོག་རྣམས་འཐོབ།།


སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སེམས་ཅན་གྱི་དོན་བྱེད་དགོས་ལ། ཁྱད་པར་དུའང་མངོན་པར་ཤེས་པ་འཐོབ་དགོས་པས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པ་ལ་བསླབ་པར་བྱའོ།།

སྤྱན་རས་གཟིགས་ཀྱི་ཆོས་བདུན་པ་ཞེས་བྱ་བ་རྣམ་པར་རྟོག་པས་ཀྱང་འདོད་པ་ལ་བསྟེན་པར་མི་བྱ་ན། གཉིས་ཀྱི་དབང་པོ་གཉིས་སྦྱོར་བ་ལྟ་ཅི་སྨོས། རྨི་ལམ་དུ་ཡང་མི་དགེ་བའི་བཤེས་གཉེན་དང་མི་འགྲོགས་ན། གཉིད་མ་ལོག་པའི་ཚེ་སྡིག་པའི་གྲོགས་པོ་དང་མི་འགྲོགས་པ་ཞིག་དགོས། བྱ་དང་འདྲ་བའི་ངན་ངོན་གྱིས་ཆོག་པར་བྱ་ཞིང་ཡོངས་སུ་འཛིན་པ་ཐམས་ཅད་དོར་རོ། །རྨི་ལམ་དང་སྒྱུ་མ་དང་འདྲ་བའི་འཁོར་བ་ལ་ཡིད་བརྟན་པར་མི་བྱ། དངོས་པོ་དང་དངོས་པོ་མེད་པའི་མཐའ་སྤངས་ཏེ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་བརྟན་པོ་ལ་བསླབ་པར་བྱ། ཐབས་དང་དྲན་པའི་ཤེས་རབ་ལ་མཁས་པས་ང་རྒྱལ་དང་ངར་འཛིན་པ་དོར། ལས་རྒྱུ་དང་འབྲས་བུ་ལ་སྐུར་པ་མི་གདབ་བོ། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ཐལ་ནས།

འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའི་སྡོམ་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲི་ལམ་དང་སྟོང་ཤུལ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་རྩིའི་ཟ་མ་ཏོག་གི་སྙིང་པོ། འཁོར་བ་དང་ཉན་ཐོས་ཀྱི་དུག་སེལ་བར་བྱེད་པའི་རྩི་སྨན། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡོངས་སུ་དག་པའི་ཉིང་ཁུ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བྱེད་པའི་གཙོ་བོ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་ལྗོན་ཤིང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ལ། དགེ་བའི་བཤེས་གཉེན་ཁ་ཅིག་གི་ཞལ་ནས། འཇུག་པའི་སེམས་བསྐྱེད་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ལྡོག་པ་ལ་ཐ་དད་ཟེར་ཡང་། ལྡོག་པའི་རྣམ་གཞག་ཅུང་ཞིག་མ་གོ་བར་གོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་བློ་གྲོས་དང་། སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་བློ་གྲོས་དང་། ཆོ་གའི་སྒོ་ནས་སྡོམ་པ་བླངས་པ་ཕུན་སུམ་ཚོགས་པའི་ལྡོག་པའང་གཅིག་སྟེ། སྡོམ་པའང་ཡིན། འཇུག་པ་སེམས་བསྐྱེད་ཀྱང་ཡིན་པས་སོ།། བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བར་བྱེད་པའི་རྒྱུ་ནི་གཉིས་ཏེ། སྨོན་པ་བརྟན་པ་དང་། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེ་བའོ། །དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། རང་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་ཆོ་ག་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བར་ནུས་པའོ།།

སྡོམ་པ་ལེན་པར་འདོད་པའི་རྟེན་གྱི་གང་ཟག་གིས་གནས་ཁང་ཕྱག་དར་བྱ། བའི་རྣམ་ལྔས་བྱུག། མཎྜལ་ལེགས་པར་ཕྱི། བྱང་ཆུབ་ཆེན་པོའི་རྟེན་རབ་གནས་བྱས་པ་དང་། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་སྐུ་འབག་ལ་སོགས་པའི་རྟེན་དགྲམ། རང་ལ་རྫས་གང་དང་གང་ཡོད་པའི་སུམ་ཆ་ཞིག་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་ཆོས་སྟོན་བྱ། སུམ་ཆ་གཅིག་དགེ་བའི་བཤེས་གཉེན་ལ་ཡོན་དུ་ཕུལ། སུམ་ཆ་གཅིག་རང་གི་སྒྲུབ་པའི་ཆ་རྐྱེན་དུ་ཞོག། རྫས་དང་ཡོ་བྱད་ནི་མེད། དད་པ་ནི་ཆེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པར་འདོད་ན། མེ་ཏོག་གཅིག་ཙམ་ཕུལ་ནས་ཡང་སྡོམ་པ་བླང་བར་བཏུབ་སྟེ། བསྐལ་པ་བཟང་པོའི་མདོ་ལས། རྩ་ཡི་སྒྲོན་མེ་གཅིག་ཙམ་ཕུལ་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ།།

བསླབ་པ་ལེན་པར་འདོད་པའི་རྟེན་གྱི་གང་ཟག་གིས། ཇོ་བོ་བྱམས་པའི་ལུགས་ཀྱི་སྨོན་པ་ནི་དང་བ་ལས་སྐྱེ། འཇུག་པ་ནི་དགེ་བ་ལས་སྐྱེ་བར་འདོད་པས་དཀོན་མཆོག་གམ་བླ་མའི་མདུན་དུ་ཕྱག་འཚལ། ཙོག་པུར་བསྡད། ཐལ་མོ་སྦྱར་ལ་རྗེས་ཟློས་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་༼འདི་༽ཞེས་བགྱི་བས་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་ལ་སོགས་པ་ནག་པོའི་ཆོས་བཞི་སྤྱད་པ་དང་། སེམས་ཅན་བློས་སྤངས་པ་ལ་སོགས་པ་ཉེས་པའི་ཚོགས་ཅི་བགྱིས་པ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་མདུན་དུ་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་གྱི་བར་དུ་བྱ། སློབ་དཔོན་གྱིས་ཉེས་པ་དེ་དག་ལ་ཉེས་པར་མཐོང་ལགས་སམ། སློབ་མས་མཐོང་ཞེས་བྱ། སློབ་དཔོན་གྱིས་སླན་ཆད་སྡོམ་མམ་ཞེས་བྱ། སློབ་མས་སྡོམ་ལགས་བྱ། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད་པའོ།།

དགེ་བའི་བཤེས་གཉེན་སྟན་མཐོན་པོ་ལ་བཞག་ཅིང་། རང་གིས་ཡན་ལག་བདུན་པ་ཚར་གྱིས་རྫོགས་པ་བྱ། རང་གི་ལུས་ལོངས་སྤྱོད་ཐམས་ཅད་ནམ་མཁའ་དང་མཉམ་པའི་མ་རྒན་རྣམས་ཀྱི་དོན་དུ་བཏང་སྙམ་དུ་ལན་གསུམ་དུང་དུང་བསམ་མོ།།

འཇུག་པའི་སྡོམ་པ་བླང་བ་ལ་ཆོས་བཅུ་སྟེ། གསོལ་བ་གདབ་པ་དང་། བསྐུལ་མ་འདེབས་པ་དང་། བར་ཆད་དྲི་བ་དང་། སྤྲོ་བ་སྐྱེད་པ་དང་། བསླབ་བྱ་མདོར་བསྡུས་ཙམ་བཤད་པ་ནི། སྣོད་དུ་རུང་བའི་ཆོས་རྣམ་པ་ལྔ་དང་། དེ་ནས་དངོས་གཞི་བསླབ་པ་བླང་བ་དང༌། རྗེས་མཁྱེན་པ་གསོལ་བ་དང༌། ཕན་ཡོན་བཤད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དེ་གྱ་ཚོམ་དུ་མི་བརྗོད་པ་དང༌། བསླབ་བྱ་བཤད་པའོ། །དེ་ལ་དང་པོ་གསོལ་བ་གདབ་པ་ནི། དགེ་བའི་བཤེས་གཉེན་གྱི་ཞབས་ལ་གཏུགས་ལ། སློབ་དཔོན་ཁྱེད་ལ་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འཚལ་གྱིས། གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་མྱུར་དུ་སྩལ་ཞིང་གནང་བར་རིགས་སོ། །ཞེས་ལན་གསུམ་གྱི་བར་དུ་བྱ། མེ་ཏོག་གཏོར།

དེ་ནས་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ལན་གསུམ་གྱི་བར་དུ་བཞག་ཅིང་། དེ་བཞིན་གཤེགས་པའི་སྐུ་མདུན་ན་བཞུགས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པ་ཐམས་ཅད་ལ་ཅི་འབྱོར་པའི་མཆོད་པ་རྣམ་པ་ལྔས་མཆོད། དངོས་སུ་ལངས་ལ་ཕྱག་བྱ། དགེ་བའི་བཤེས་གཉེན་སྟན་མཐོན་པོ་ལ་བཞུགས་པ་ལ་སྟོན་པའི་འདུ་ཤེས་དངོས་སུ་སྐྱེད་པར་བྱ་ཞིང་ལངས་ལ་ཕྱག་བྱ། དེ་ནས་པུས་མོའི་ལྷ་ང་ས་ལ་བཙུགས་པའམ་ཙོག་པུར་བྱ་སྟེ། ཐལ་མོ་སྦྱར་ལ་དགེ་བའི་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་བསྐུལ་བར་གསོལ་བ་ནི། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བརྗོད་ཅིང་མེ་ཏོག་གཏོར་བའོ།།

དེ་ནས་བར་ཆད་དྲི་བ་ནི། མིང་༼འདི་༽ཞེས་བྱ་བ་ཁྱོད་ཉོན་ཅིག། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བསླབས་སམ། སློབ་བམ་ཞེས་བརྗོད་ལ། བསླབ་པ་ལེན་པར་འདོད་པས་ལགས་ཞེས་བླང་བར་བྱའོ།།

དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དུང་དུང་པ་ལན་གསུམ་བསྐྱེད། དགེ་བའི་བཤེས་གཉེན་དང་། དཀོན་མཆོག་ལ་མཆོད་པ་ལྔས་མཆོད་ནས་སྤྲོ་བ་བསྐྱེད་པར་བྱ་བ་ནི། བདག་གིས་མི་ཟད་དཔག་ཏུ་མེད་པའི་བསོད་ནམས་ཆེན་པོའི་གཏེར་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡུན་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ་སྙམ་དུ་ལན་གསུམ་དུང་དུང་བ་བསམ། སེམས་རབ་ཏུ་དད་པས་ཅང་མི་སྨྲ་བར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ།། དེ་ནས་ལུས་ལོངས་སྤྱོད་ཐམས་ཅད་བཞེས་ཤིག་སྙམ་དུ་ལན་གསུམ་བསམ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དུང་དུང་བ་བཞག། མཆོད་པ་རྣམ་པ་ལྔས་མཆོད། དེ་ནས་དགེ་བའི་བཤེས་གཉེན་གྱིས་དེ་ལྟར་འདུག་པའི་བྱང་ཆུབ་སེམས་དཔའ་དེ་ལ་བསླབ་པ་མདོར་བསྡུས་ཙམ་ཞིག་གོ་བར་བྱ་བ་ནི། ཁྱོད་ཀྱིས་བསླབ་པར་བྱ་བའི་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་མི་དགེ་བ་བཅུ་སེམས་ཅན་གྱི་དོན་དུ་སྤོང་བ་སྡོམ་པའི་ཚུལ་ཁྲིམས། རང་གི་རྒྱུད་ལ་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་གྱི་དོན་དུ་མགོ་དང་རྐང་པ། བུ་དང་གཉེན་འདུན་དང་མངའ་རིས་དང་ཞིང་ཁང་ལ་སོགས་པ་གཏོང་བ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་པས། ཁྱོད་ཀྱིས་བསླབ་པར་བྱ་དགོས་པ་ཡིན་ནོ།།

དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག། དཀོན་མཆོག་ལ་མཆོད་པ་རྣམ་པ་ལྔས་མཆོད། དགེ་བའི་བཤེས་གཉེན་ལ་མེ་ཏོག་ཕུལ་ནས། སྡོམ་པ་དངོས་སུ་ལེན་པ་ནི། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། སློབ་མས་འཚལ་ཞེས་ལན་གསུམ་དུ་བྱ་ཞིང་མེ་ཏོག་གཏོར་བར་བྱའོ།། བྱང་ཆུབ་སེམས་དཔའི་སྡོམ་པ་སྦྱིན་པ་ནི། བཙུན་པའམ་ཚེ་དང་ལྡན་པའམ་རིགས་ཀྱི་བུ་མིང་༼འདི་༽ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལ་འདས་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་དང་། ད་ལྟར་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པའི་བསླབ་པའི་གཞི་གང་དང༌། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་འགྱུར་བ་དང་། ད་ལྟར་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པར་འདོད་པའི་བསླབ་པའི་གཞི་ཐམས་ཅད། ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་ལེན་པར་འདོད་དམ་ཞེས་ལན་གསུམ་གྱི་བར་དུ་བྱ། སློབ་མས་མེ་ཏོག་གཏོར་ལ་ལན་གསུམ་གྱི་བར་དུ་འཚལ་ཞེས་བྱ།

དེ་ལྟར་སློབ་མ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་བྱིན་ནས་མཁྱེན་པར་གསོལ་བ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སློབ་དཔོན་གྱིས་མེ་ཏོག་གཏོར། ཡན་ལག་ལྔས་ཕྱོགས་ཐམས་ཅད་དུ་ཕྱག་འཚལ། འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་༼འདི་༽ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་༼འདི་༽ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལན་གསུམ་གྱི་བར་དུ་བླངས་པ་ལས་བདག་མིང་༼འདི་༽ཞེས་བགྱི་བ་ལས། འཕགས་པའི་ཆོས་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་མཐའ་གཏུགས་པ་ན། ཆོས་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་གྱི་བར་དུ་བྱ་ཞིང་ཕྱོགས་ཐམས་ཅད་དུ་མེ་ཏོག་གཏོར་བར་བྱའོ།།

བྱང་ཆུབ་སེམས་དཔའི་སྡོམ་པ་གྱ་ཚོམ་དུ་མི་བསྒྲག་པ་ནི། དེ་ནས་དགེ་བའི་བཤེས་གཉེན་ལངས་ལ། རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པ་འདི་དད་པ་མེད་པ་ཐམས་ཅད་ཀྱི་མདུན་དུ་བསྒྲག་པར་མི་བྱའོ། །དད་པ་མེད་པའི་མི་རྣམས་ཀྱི་མདུན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད། ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་བར་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་དེ་བཞིན་དུ། མ་དད་ན་བསོད་ནམས་མ་ཡིན་པའི་ཕུང་པོ་དེ་སྙེད་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་བར་བྱེད་པའི་ཕྱིར་དང་། གཞན་སྡུག་བསྔལ་ལས་བཟློག་ཅིང་མཆོག་ཏུ་དགེ་བ་ལ་དགོད་པའི་ཕྱིར་རོ། །དེས་ན་མ་དད་པ་རྣམས་ལ་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ།།

སྡོམ་པ་བླངས་པའི་ཕན་ཡོན་བསྟན་པ་ནི། དེ་ནས་དགེ་བའི་བཤེས་གཉེན་དེས་བྱང་ཆུབ་སེམས་དཔའི་སྡོམ་པ་ཅན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིང༼འདི་༽་ཞེས་བྱ་བ་ཁྱོད་ཉོན་ཅིག། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་རྫོགས་མ་ཐག་ཏུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས། ས་གཡོ་བ་དང་། འོད་འབྱུང་བ་དང་། འཇའ་འཁྲུག་པ་དང་། མེ་ཏོག་གི་ཆར་འབབ་པ་འབྱུང་བར་འགྱུར་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ལ་འདི་གང་གིས་མཐུ་ལགས་ཞེས་ཞུས་པས། འདི་ལྟར་སངས་རྒྱས་ཀྱི་ཞིང་ཁམས་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་མིང་༼འདི་༽ཞེས་བྱ་བས། བྱང་ཆུབ་སེམས་དཔའ་མིང་༼འདི་༽ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་ངོ་། །མནོས་སོ། །ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་སྡོམ་པ་ཡང་དག་པར་བླངས་པ་དེ་དག་ལ་དགྱེས་པས་བུ་དང་སྤུན་དུ་དགོངས་པ་མཛད་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་འཕེལ་བར་འགྱུར་རོ།།

རྗེས་བསླབ་བྱ་བསྟན་པ་ནི། ཕས་ཕམ་པ་རྣམས་དང་། ཉེས་བྱས་ཀྱི་ལྟུང་བ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་བསྟན་པར་བྱའོ།།


སེམས་མཆོག་ཟླ་བའི་དཀྱིལ་འཁོར་ཉ་བ་ལྟར།། ཉེས་པའི་དྲི་ང་སྒྲིབ་པ་རྣམས་གཉིས་དག། དྲི་མེད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས།། སྒྲིབ་པ་ལྔ་བསལ་བྱང་ཆུབ་སེམས་ཀྱི་མཆོག།
འཁོར་བའི་ཚ་གདུང་སེལ་བའི་ཚུལ་ཁྲིམས་གསུམ།། སེམས་ཀྱི་ཟླ་བ་རྒྱས་པ་སྡོམ་པའི་མཆོག། རིན་ཆེན་སེམས་ཀྱི་མཆོག་ལ་རྟག་ཏུ་བརྩོན།། མ་རིག་མུན་པ་སེལ་བ་འཇུག་པའི་སེམས།།
སྒྲིབ་པའི་བུད་ཤིང་བསྲེག་པའི་ཡེ་ཤེས་ཡིན།། རང་གཞན་དོན་འབྱུང་ཐར་པའི་རྒྱལ་མཚན་ཡིན།། འཁོར་བའི་སྡུག་བསྔལ་སེལ་བའི་རྩི་དང་སྨན།། ཉན་ཐོས་ཝ་ཚོགས་འབྱེར་བའི་སེང་གེ་མཆོག།
ཐེག་ཆེན་ཉི་མའི་དཀྱིལ་འཁོར་མཁའ་ལ་འཆར།། དགོས་འདོད་ཀླུ་ཡི་རྒྱལ་པོས་ཆར་དུ་འབེབས།། འགྲོ་བའི་གསོས་རབ་སྦྱིན་ལ་ལོ་ཏོག་སྟེ།། རྒྱན་གྱི་མཆོག་ཏུ་གྱུར་པའི་ས་ལེ་སྦྲམ།།
ནག་པོ་ཟིལ་གྱིས་གནོན་པའི་རི་རྒྱལ་མཆོག། ལམ་མཆོག་གོང་དུ་འཁྲིད་པའི་བཤེས་གཉེན་ཏེ།། མི་ཡི་སེང་གེ་ཐུབ་པ་ཁྱེད་ལས་བྱུང་།། རྒྱུ་བཟང་ལམ་བཟང་འབྲས་བུ་བཟང་བ་ཡི།།

སྡོམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ།།

བླ་ན་མེད་པའི་བྱང་ཆུབ་མི་ཐོབ་པ་དང༌། འཁོར་བར་སྐྱེ་བའི་རྒྱུ་ནི་རྣམ་པ་བཞི་སྟེ། ཚོགས་མ་བསགས་པ་དང་། ཞིང་མ་དག་པ་དང༌། དངོས་པོ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། བྱང་ཆུབ་ཏུ་མ་བསྔོས་པའོ། །

བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ། དགེ་བའི་རྩ་བ་ལས་སུ་མ་སོང་། ལམ་དུ་སོང་བ་ཞིག་དགོས། ཚོགས་མ་བསགས་ན་ངན་སོང་འབའ་ཞིག་ཏུ་འཁོར་ཏེ་སངས་རྒྱས་ཀྱི་མིང་ཡང་མི་ཐོས་སོ། །ཚོགས་སོག་པ་ལ་ཡང་ཞིང་དག་པ། དངོས་པོ་དག་པ། བསམ་པ་དག་པ། རྗེས་མི་དམིགས་པའི་རྒྱས་ཐེབས་པ་ཞིག་དགོས། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་དབང་དུ་བྱས་ན་དགེ་འདུན་ཞིང་དག་སྟེ། སྐྱེས་རབས་ལས། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པ་སྦྱིན། །དེ་ལྟར་ནོར་རྣམས་སྟེར་བཅུག་པས། །རྗེས་སུ་འབྲེང་ཞིང་འཕྲོག་ཏུ་མེད། །ཅེས་པ་དང་། ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ཏེ། །ཞེས་པ་དང༌། གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་ལ་ཡང་སྐྱབས་སུ་མཆི། །ཞེས་པ་དང་། དབུལ་མོ་རས་སྦྱིན་མས་བཅོམ་ལྡན་འདས་ལ་རང་གི་གོས་དྲི་མ་ཅན་ཕུལ་ནས། བཅོམ་ལྡན་འདས་ཀྱིས་བསྣམས་པས་ཁྱིམ་དུ་ལོག་ཕྱིན་ཙམ་ན། རས་ཀྱིས་ཁྱིམ་གང་ནས་ཡོད་པ་ལྟ་བུ་དང་། སྔོན་བསྐལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་ཏུ་དེ་བཞིན་གཤེགས་པ་མི་ཐུབ་བློ་གྲོས་ལ་ཁྱེའུ་དོན་ཡོད་བློ་གྲོས་ཀྱིས་སྲན་རྡོག་ལྔ་གཏོར་ནས་བཅོམ་ལྡན་འདས་ཀྱིས་གསོལ་བའི་འབྲས་བུ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཚེ་རབས་དཔག་ཏུ་མེད་པར་སྐྱེས་ནས། ཐ་མར་རྒྱལ་པོ་གྲགས་པ་མཐའ་ཡས་གླིང་བཞི་དང་ལྷའི་དབང་པོའི་སྟན་ཕྱེད་ལ་དབང་བར་ཡང་གྱུར། ཁོས་བསམས་པ་ཙམ་གྱིས་རིན་པོ་ཆེའི་ཆར་འབབ་ནད་ཞི་མེ་ཏོག་སྨིན། ཕས་ཀྱི་གཡུལ་བཟློག །བྲག་ཕུག་འདོམ་གང་ཙམ་གྱི་ནང་དུ་ཡང་དམག་ཚོགས་འབུམ་ཕྲག་དཔག་ཏུ་མེད་པ་སྡོད་པ་ལ་ཡངས་དོག་མེད་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བྱུང་བ་དང་། དགེ་འདུན་ལ་སྤུ་རྩེ་གཅིག་ལ་མཉམ་པར་བཞག་པའི་ཡོན་ཏན་འགྲོ་བ་འདུལ་བའི་ཆོ་འཕྲུལ། ཕྱོགས་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན། དྲི་མ་གསུམ་སྤངས་པའི་ཤེས་རབ། སངས་རྒྱས་ཀྱི་ཞིང་སྦྱོང་བའི་བརྩོན་འགྲུས། སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་པ་དང་། གཅིག་ལས་མང་པོར་བྱེད། མང་པོ་ལས་གཅིག་ཏུ་བྱེད་པ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། ལུས་སྡོམ་པའི་ཚུལ་ཁྲིམས། ངག་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ཐུགས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཚུལ་ཁྲིམས་རིན་པོ་ཆེ་རྣམ་གསུམ་ཡང་ཚང་ཞིང་། བསྟན་པ་རིན་པོ་ཆེ་འབར་བའི་སྣོད་ཀྱང་དགེ་འདུན་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། འདུལ་བ་ནས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་པ་དང་། སབསླབ་པ་རིན་ཆེན་མཆོག་ཉིད་ལ། །དྲན་དང་འདུན་པའི་ཡིད་དག་གིས། །སྒོ་གསུམ་བསྡམས་པས་བསྲུང་བྱེད་པ། །ཞིང་གི་མཆོག་ཏུ་བཤད་པ་ཡིན། །སེམས་ཀྱི་ས་གཞི་དུལ་བ་ལ། །མི་དགེའི་ཐ་བ་རབ་བཅོམ་ནས། །གདུག་སེམས་དྲི་དང་རི་བསལ་ཏེ། །ཡོན་ཏན་ས་གཞི་དག་པ་ཡིན། །ཞེས་པས་སོ།།

ཕ་རོལ་ཏུ་ཕྱིན་པའི་ཐེག་པའམ། གསང་སྔགས་ཀྱི་ཐེག་པ་གང་ཡང་རུང་སྟེ། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་རྣམས་ཚོགས་གསོག་པའི་ཞིང་ཕུན་སུམ་ཚོགས་པ་ནི་རང་གི་བླ་མ་དམ་པ་ཞིང་དག་སྟེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་རང་གི་ལུས་ལས་ཁྲག་ཕྱུང་ནས་བཞུགས་ས་ཆག་ཆག་ནི་བཏབ། བུ་མོ་ལྔ་བརྒྱ་རྒྱན་གྱིས་བརྒྱན་ནས་ནི་ཕུལ། མོས་པ་དང་གུས་པ་ཆེན་པོ་བྱས་པས་སྐད་ཅིག་མ་ལ་མཐོང་ལམ་ཐོབ་པ་ལྟ་བུ་དང་། བླ་མ་ཆེན་པོ་ནཱ་རོ་པས་དཔལ་ཆེན་པོ་ཏཻ་ལོ་པ་ལ་ལོ་བཅུ་གཉིས་སུ་མོས་གུས་བྱས་པས། མཆོག་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་མོས་གུས་ཆེན་པོ་བྱས་པས། ཐུན་གཅིག་ངོ་གཅིག་གིས་གྲོལ་བ་དང་། སློབ་དཔོན་བཟང་པོ་ཞབས་ལ། སློབ་དཔོན་ཏོག་རྩེ་བས་ནུབ་གཅིག་ལ་མོས་གུས་མཐར་ཐུག་པ་བྱས་པས་མཆོག་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པས་བླ་མ་ཞིང་དག་སྟེ། ཚྭ་སྒོ་ཅན་ལ་ལེགས་རྨོས་ཀྱང་། །སྟོན་ཐོག་ཕུན་སུམ་ཚོགས་མི་འབྱུང་། །ཞིང་རབ་གཤིན་ལ་རྨོས་བྱས་ན། །སྟོན་ཐོག་ཕུན་སུམ་ཚོགས་པའང་འཐོབ། །ཅེས་པས་སོ།། རྒྱུད་སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་ཡང་ནི་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པ་དང་། ཡང་སྡོམ་པ་འབྱུང་བ་ལས། མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མའི་མཆོད་པ་བརྩམ་པར་བྱ། །དེ་མཉེས་པ་ལས་དངོས་གྲུབ་ནི། །ཡེ་ཤེས་དམ་པའང་འཐོབ་པར་འགྱུར། །ཞེས་པ་དང་། དཔལ་གསང་བ་འདུས་པ་ལས། སྲོག་ཆགས་བྱེ་བ་གསོད་ལྡན་ཞིང་། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པས་ཀྱང་། །ཆོས་འདི་ལ་ནི་ཞུགས་གྱུར་ཅིང་། །བླ་མ་ལ་གུས་ཡོད་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང༌། བླ་མ་ལ་གུས་མེད་གྱུར་ན། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་པ་དང༌། ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །སྐྱ་བ་འཛིན་པ་མེད་པ་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཞེས་པ་དང་། ཀྱེེ་རྡོ་རྗེའི་རྒྱུད་ལས་ཀྱང་། ལྷན་ཅིག་སྐྱེས་པ་བདེ་བའི་རོ། །གང་གིས་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང་། དཔལ་དུས་ཀྱི་འཁོར་ལོའི་ཆ་ལག་བླ་མའི་ཡོན་ཏན་ཡོངས་སུ་བཟུང་བ་ལས། བསྐལ་པར་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང༌། །སྲོག་ཆགས་བྱེ་བའི་ཚེ་བསྐྱབས་ཀྱང་། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཡིས་ནི་ཐོབ་པར་ངེས། །ཞེས་གསུངས་པས། བླ་མ་ཞིང་ཡོངས་སུ་དག་སྟེ། མོས་གུས་རབ་བྱས་ན་མཆོག་གི་དངོས་གྲུབ་ཐོབ། འབྲིང་བྱས་ན་ཅི་འདོད་པའི་དོན་འགྲུབ། མོས་གུས་ཐ་མ་བྱས་ཀྱང་འགྲོ་བ་གཞན་ལ་ཕན་པ་འོང་། ཕ་དང་མས་ནི་འཇིག་རྟེན་འདི་ཡི་བདེ་སྐྱིད་ཙམ་ལ་སྦྱོར་བ་ཡིན་གྱི། བླ་མ་དམ་པས་ནི་ཚེ་འདི་དང་ཚེ་རབས་ཐམས་ཅད་ཀྱི་འབྲས་བུ་མཐར་ཐུག་པ་སྐྱེ་བར་བྱེད་པས་བླ་མ་ཞིང་དག་སྟེ། བླ་མ་ལ་མོས་གུས་བྱས་ན་རང་ལ་ཡང་གཞན་གྱིས་སངས་རྒྱས་ཀྱི་འདུ་ཤེས་སྐྱེ། མོས་པ་དང་གུས་པའི་རྟེན་མཆོག་ཏུ་འགྱུར། དེ་བས་ཞིང་ཡོངས་སུ་དག་པ་ཡིན་ལ། ཚོགས་གསོག་པའི་ཞིང་ཡོངས་སུ་དག་པ་ཐལ་ནས།

དངོས་པོ་ཡོངས་སུ་དག་པ་ནི། ཕྲོགས་པ་དང་བརྐུས་པ་ལྟ་བུ་མ་ཡིན་པ། ཤ་དང་ཆང་དང་སྒོག་པ་དང་དུག་དང་མཚོན་མ་ཡིན་པ། ཆོས་དང་མཐུན་པའི་འཚོ་བ་ཡོངས་སུ་དག་པ། ཟས་དཀར་གསུམ་དང་མངར་གསུམ་ལ་བསྟེན་པའོ།།

བསམ་པ་ཡོངས་སུ་དག་པ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་པས། དུས་གསུམ་དུ་རང་གིས་བྱས་པའི་དགེ་བའི་རྩ་བ་ཕྱོགས་གཅིག་ཏུ་བློས་མདུན་དུ་བྱས་ནས། དགེ་བའི་རྩ་བ་འདིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་པའོ།།

དེ་ཡང་བསྔོ་མཁན་ནི་གཞན་ལ་ཞུས་ན་ལེགས་པར་གསུངས་པ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་བཟང་སྤྱོད་ལས་གསུངས་སོ།།

དེ་ཡང་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་མ་བསྔོས་ན་ཟད། འགྱོད་པ་སྐྱེས་ན་ཟད། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་ན་ཟད། ལོག་ལྟ་སྐྱེས་ན་འཛད། བླ་མ་ལ་མ་གུས་པ་དང་མ་མོས་ན་རྩ་བ་ནས་འཛད། མི་ཟད་པའི་གཏེར་དུ་སྦ་བ་ལ་ནི་དཀོན་མཆོག་གི་སྤྱན་སྔར་བསྔོ་བ་དང་། དགེ་འདུན་སྨོན་ལམ་ལ་དབང་བས་བསྔོ་བ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བསྔོ་བ་དང་། རང་གི་བླ་མ་དམ་པས་བསྔོ་བ་མཆོག་ཡིན་པས། དེ་རྣམས་འཛོམས་ན་རབ། བསྔོ་མཁན་གང་རུང་ཞིག་དགོས། བསྔོ་མཁན་གྱི་རྗེས་ཟློས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་འདུན་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། ལྷ་དཀོན་མཆོག་གསུམ་ལ་མཆོད་པ་དང་། དགེ་འདུན་ལ་ཆོས་སྟོན་དྲངས་པ་དང་། ཕ་རོལ་ཏུ་ཕྱིན་པའི་བཀའ་སྒྲོག་པ་དང་། ཚ་ཚ་བཏབ་པ་དང་། ཆུ་གཏོར་བཏང་བ་ལ་སོགས་པའི་དགེ་བ་དེས། སྦྱིན་པ་དམ་པ་སེམས་ཀྱི་རྒྱན། སེམས་ཀྱི་ཡོ་བྱད་རྣལ་འབྱོར་གྱི་ཚོགས། དོན་གྱི་མཆོག་དེས་ཕ་དང་མ་དང་མཁན་པོ་དང་སློབ་དཔོན་གྱིས་ཐོག་མར་བྱས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག། ལན་གསུམ་བྱ། དེ་ནས་དགེ་བའི་རྩ་བ་དེས་བྱང་ཆུབ་མ་ཐོབ་བར་དུ་ཡང་མི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག། ཚེ་རིང་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག། ནད་མེད་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག། ལོངས་སྤྱོད་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བར་གྱུར་ཅིག། བཙན་ཞིང་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག། གཟུགས་མཛེས་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག། དེ་ཁོ་ན་བཞིན་དུ་གྱུར་ཅིག།

གཤིན་པོའི་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། ཚེ་ལས་འདས་པ་མིང་༼འདི་༽ཞེས་བགྱི་བས། འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། བདག་ཅག་ཉེ་དུ་འབྲེལ་བ་ཤུལ་ན་འདུག་པ་རྣམས་ཀྱིས། ཚེ་འདས་ཤིང་ལུས་བརྗེས་པའི་མིང་༼འདི་༽ཞེས་བྱ་བའི་དོན་དུ། དཀོན་མཆོག་གསུམ་མཆོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་བཀའ་བསྒྲགས་པ་དང་། དགེ་འདུན་ལ་ཆོས་སྟོན་དྲངས་པ་དང༌། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་དང༌། ཚ་ཚ་བཏབ་པ་དང༌། ཆུ་གཏོར་བཏང་བ་དང༌། བདུན་ཚིགས་བྱས་པ་དང་། ཡུལ་མི་ཉེ་རིང་ལ་སྟོན་མོ་དྲངས་པའི་དགེ་བའི་རྩ་བ་དེས། ཚེ་འདས་ཤིང་ལུས་བརྗེས་པ་མིང་༼འདི་༽ཞེས་བྱ་བ། འགྲོ་བ་རིས་དྲུག་གང་དང་གང་དུ་སྐྱེས་ཀྱང་དགེ་བའི་རྩ་བ་འདི་དག་དེ་དང་དེའི་རྗེས་སུ་འབྲང་ཞིང་རྗེས་སུ་ཞུགས་པར་གྱུར་ཅིག། ཚེ་ལས་འདས་པ་མིང་༼འདི་༽ཞེས་བྱ་བ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག། ཅེས་ལན་གསུམ་བྱའོ། །དགེ་འདུན་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་གྱུར་ཅིག། ཅེས་ལན་གསུམ་བྱའོ། །


དད་ལྡན་གཡོ་སྒྱུ་ཆུང་བ་དང་།། བསོད་ནམས་བསགས་པ་ཆེ་བ་དང༌།། ནོར་བདུན་རྒྱན་གྱིས་མཛེས་པ་ཡི།། དགེ་སློང་རིན་ཆེན་རྡོ་རྗེ་ཡིས།།
ཤཱཀྱའི་དགེ་སློང་རྡོར་རྒྱལ་ལ།། མོས་དང་བྱང་ཆུབ་སེམས་འགྲོ་བས།། ཕྱོགས་རིས་སྤངས་པའི་ཡིད་དག་གིས།། ཀུན་ལ་ཕན་པའི་དོན་དུ་ཞུས།།
དགེ་བ་གངས་རི་ལྟར་དཀར་བས།། འགྲོ་བའི་ཡིད་ཀྱི་མུན་པ་དག། ཡེ་ཤེས་སྒྲོན་མེས་བསལ་ནས་ཀྱང་།། ཆོས་རྗེ་ཐུབ་པ་ཐོབ་པར་ཤོག།
སེམས་བསྐྱེད་མུ་ཏིག་ཕྲེང་བ་འདིས།། སེམས་ཅན་མ་ལུས་ཐམས་ཅད་ཀྱང་།། བསླབ་པ་གསུམ་ལ་གནས་གྱུར་ནས།། བདེ་བ་ཆེན་པོར་གནས་གྱུར་ཅིག།


སེམས་བསྐྱེད་མུ་ཏིག་ཕྲེང་བ་རྫོགས་སོ།། །།