Rgyal sras sprul pa'i glegs bam/Full text

From Bodhicitta
< Texts‎ | Rgyal sras sprul pa'i glegs bamTexts/Rgyal sras sprul pa'i glegs bam/Full text

རྒྱལ་སྲས་སྤྲུལ་པའི་གླེགས་བམ།
FULL TEXT


Description

Referencergyal sras sprul pa'i glegs bam [རྒྱལ་སྲས་སྤྲུལ་པའི་གླེགས་བམ།].
PeopleShabkar Tsokdruk Rangdrol



[edit]
Source DharmaCloud Input by Khenpo Tamphel
Date 2026-01-23
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །རྒྱལ་སྲས་སྤྲུལ་པའི་གླེགས་བམ་བཞུགས་སོ། །

༄༅། །ན་མོ་གུ་རུ་མཉྫ་གྷོ་ཥ་ཡ། །གཡས་ནས་ཙ་ན་དན་ལྡེ་གུ་འཇམ་པོས་སྐུ་ལ་བྱུག་པར་བྱེད་པ་དང་། །གཡོན་ནས་སྟ་གྲི་རྣོན་པོས་སྐུ་ལུས་གཤག་པར་བྱེད་པ་གཉིས་ལ་ཡང་། །ཉེ་རིང་ཆགས་སྡང་ཕྱོགས་རིས་མི་མངའ་དགྲ་གཉེན་བར་མའི་སེམས་ཅན་རྣམས། །རང་གི་བུ་བཞིན་བརྩེ་བས་སྐྱོང་མཛད་སྟོན་པ་སངས་རྒྱས་གུས་ཕྱག་འཚལ། །བྱམས་བརྩེ་བྱང་ཆུབ་སེམས་ཀྱི་གྲུ་ཆེན་ལ། །བརྟེན་ནས་འགྲོ་ཀུན་འཁོར་བའི་མཚོ་ལས་བསྒྲལ། །རྣམ་མཁྱེན་ནོར་བུའི་གླིང་དུ་འཁྲིད་མཁས་པའི་། དེད་དཔོན་མཆོག་གྱུར་ཇོ་བོ་ཡབ་སྲས་མཆོད། །རྒྱལ་བའི་གསུང་རབ་དགོངས་འགྲེལ་ཚིག་དོན་གཅིག་ཀྱང་མ་ལུས་ཐུགས་སུ་ཆུད། །རྒྱལ་ཁམས་ཡོངས་ལ་བསྟན་པ་སྤེལ་བའི་བསྟན་འཛིན་སྐྱེ་བུས་ས་སྟེང་ཁྱབ། །རྒྱལ་བསྟན་སྤེལ་ལ་འགྲན་ཟླ་བྲལ་ཞེས་རབ་འབྱམས་ཕྱོགས་བཅུའི་ཞིང་ན་གླེང་། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོར་ལན་བརྒྱར་འདུད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་ཀྱི། །གདམས་པ་སྟོན་མཛོད་རྩ་བའི་བླ་མ་ལ། །སྙིང་ནས་ཕྱག་དང་བཅས་ཏེ་གསོལ་བ་འདེབས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྙན་པ་ཡོངས་གྲགས་རྒྱལ་སྲས་ཐོགས་མེད་ཀྱི། །སྙན་བརྒྱུད་གདམས་པ་བློ་སྦྱོང་དོན་བདུན་མའི་། །སྙན་པའི་བ་དན་དཀར་པོ་བདག་གིས་འཕྱར། །སྙན་གྱི་དབང་པོ་གཏོད་ལ་ཀུན་གྱིས་ཉོན། །དེ་ཡང་གངས་རིའི་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྒྱལ་སྲས་ཐོགས་མེད་རིན་པོ་ཆེས། རྒྱལ་བའི་གསུང་རབ་ཀུན་གྱི་ཉིང་ཁུ་རྒྱལ་སྲས་རྣམས་ཀྱི་ཐུགས་དམ་གྱི་མཐིལ། སངས་རྒྱས་ཀྱི་ས་རུ་བགྲོད་པའི་མྱུར་ལམ། དཔལ་ལྡན་ཨ་ཏི་ཤ་ཡི་མན་ངག །བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱོང་བའི་ཚུལ། སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཕྱི་རབས་གང་ཟག་རྣམས་ཀྱི་དོན་དུ་ཡི་གེར་བཀོད་པ་བློ་སྦྱོང་དོན་བདུན་མ་ཞེས་ཡོངས་ལ་གྲགས་པ་དེ་ནི་གང་བཤད་པར་བྱ་བའི་ཆོས་སོ། ། དེ་ཇི་ལྟར་འཆད་ན་བླུན་པོ་བདག་དང་བདག་འདྲས་གོ་སླ་ཞིང་ཡིད་ཆེས་པའི་ཕྱིར། དེའི་དོན་གྱི་ཆ་རགས་རིམ་ཙམ་ཞིག་སྔོན་གྱི་གཏམ་རྒྱུད་དང་གསུང་སྒྲོས་ཁྱད་པར་ཅན་རྣམས་དང་སྦྱར་ནས་བཤད་པར་བྱའོ། །

དེ་ཡང་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་ཁམས་གཞན་ལས་ཀྱང་ཆེས་ཆེར་རྣམ་པར་དག་པའི་ཞིང་ཁམས་ཤིག་ཏུ་རྒྱལ་བ་དབང་པོའི་ཏོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། སླར་ཡང་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཚུལ་བསྟན་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནས། དེ་བཞིན་གཤེགས་པ་འོད་སྲུངས་འཇིག་རྟེན་དུ་བྱོན་པའི་ཚེ། བྲམ་ཟེ་ཁྱེའུ་བླ་མར་གྱུར། དེ་ནས་དགའ་ལྡན་དུ་དམ་པ་ཏོག་དཀར་དུ་གྱུར་པ་དེ་ཉིད་ལྷའི་རོལ་མོའི་སྒྲ་ལས་འཛམ་བུའི་གླིང་དུ་ཕེབས་པར་བསྐུལ་བས། གཟིགས་པ་ལྔས་གཟིགས་ཏེ་སེར་སྐྱའི་གནས་སུ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཤིང་། མཆུ་ཟླ་བ་ལ་སྐུ་བལྟམས། དེ་ནས་དགུང་ལོ་ཉེར་དགུའི་བར་དུ་རྒྱལ་པོའི་ཁབ་ཏུ་བཞུགས་ནས་ལྷ་མི་གྲངས་མེད་སྨིན་པར་མཛད། ཉེར་དགུ་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ལོ་དྲུག་ཏུ་དཀའ་བ་སྤྱད། དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དབང་གི་དྲུང་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་འཁོར་བསྐོར་ཏེ་འགྲོ་བ་གྲངས་མེད་པ་ཞིག་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་གསུང་རབ་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་ཀྱི་གདམས་པ། རྒྱལ་ཚབ་བྱམས་པ་མགོན་པོ་ལ་གནང་། དེས་འཕགས་པ་ཐོགས་མེད་ལ་གནང་། དེས་སློབ་དཔོན་དབྱིག་གཉེན་ལ་གནང་། དེས་འཕགས་པ་གྲོལ་སྡེ་ལ་གནང་། དེས་བཙུན་པ་གྲོལ་སྡེ་ལ་གནང་། དེས་སེང་གེ་བཟང་པོ་ལ་གནང་། དེས་གུ་ཎ་མི་ཏྲ་ལ་གནང་། དེས་ཀུ་སུ་ལུ་ཆེ་བ་ལ་གནང་། དེས་ཀུ་སུ་ལུ་ཆུང་བ་ལ་གནང་། དེས་བླ་མ་གསེར་གླིང་པ་ལ་གནང་སྟེ། བླ་མ་འདི་གསེར་གླིང་རྒྱལ་པོའི་སྲས་ཡིན། གླིང་དེ་འཛམ་གླིང་དང་གླིང་ཆུང་གཉིས་ཀ་མ་ཡིན་ཞིང་། གླིང་དེར་རེས་ནང་པའི་བསྟན་པ། རེས་ཕྱི་པའི་བསྟན་པ་བྱུང་བ་ལས། དེ་དུས་ཕྱི་པ་ཡོད། ཁོང་འཁྲུངས་མ་ཐག་དཀོན་མཆོག་ལ་སྐྱབས་འགྲོ་མཛད་པས། མུ་སྟེགས་བྱེད་རྣམས་ཀྱི་བློ་ལ་མ་རན་ཀྱང་། རྒྱལ་པོའི་སྲས་སུ་སོང་བས་ཅི་ཡང་བྱེད་མ་ནུས་སོ། །ལོ་དྲུག་བདུན་ལོན་དུས་ནགས་གསེབ་ཏུ་བྱོན་པས། ཐུབ་པའི་གསེར་སྐུ་མཐོ་གང་ཙམ་ཞིག་རྙེད་བྱུང་ནས། དེ་ལ་ཕྱག་མཆོད་འབའ་ཞིག་མཛད། ཆེར་སྐྱེད་པ་དང་འདི་ཆོས་ལ་མོས་པར་འདུག་པས། རྒྱ་གར་དུ་ཆོས་སློབ་ཏུ་བཏང་བ་དྲག་ཟེར་ནས་རྒྱ་གར་དུ་བཏང་བས། མཁས་པའི་མཆོག་ཏུ་གྱུར་ཅིང་། གྲགས་པས་ཀྱང་འཛམ་གླིང་ཁྱབ་པར་གྱུར། དེ་ནས་གསེར་གླིང་དུ་བྱོན་ནས་ཐམས་ཅད་ནང་པའི་བསྟན་པ་ལ་བཀོད་དེ་ཆོས་དང་དཔལ་འབྱོར་གཉིས་ཀ་རྒྱས་པར་མཛད་དོ། ། དེས་ཇོ་བོ་རྗེ་ལ་གནང་། ཇོ་བོ་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་བྱ་བའི་སྲས་བར་བ་ཡིན། ཁོང་ལ་འབངས་གྲོང་ཁྱེར་འབུམ་ཚོ་བདུན་ཡོད། ལོངས་སྤྱོད་རྒྱ་ནག་སྟོང་ཀུན་དང་མཉམ། ཁོང་འཁྲུངས་མ་ཐག་སྒྲོལ་མའི་ཞལ་གཟིགས། བུ་ཆུང་གི་དུས་སུ་བླ་མ་ར་ཧུ་ལ་གུན་བྷ་དྲ་ལ་ཀྱེ་རྡོར་གྱི་དབང་ཞུས་པས་ཞལ་མཐོང་། ཆེར་སྐྱེས་ནས་ལོ་ཉེར་དགུའི་བར་དུ་སྤྱིར་རིག་པའི་གནས་ལྔ་ཁྱད་པར་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་ཤིང་གྲུབ་པ་བརྙེས། ཡི་དམ་མང་པོའི་ཞལ་གཟིགས། དཀྱིལ་འཁོར་གྱི་སྒོ་མང་པོ་ཕྱེ། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་མངོན་ཤེས་ལྔ་ཐོབ་བོ། །ཇོ་བོའི་ཐུགས་དགོངས་ལ། ད་ནི་ནགས་སམ་དུར་ཁྲོད་དུ་བསྡད་ལ་གསང་སྔགས་ཀྱི་སྒོ་ནས་ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་དུ་བསམ་མ་ཐག །བླ་མ་རཱ་ཧུ་ལ་རི་ནག་བྱ་རྐང་ཅན་ན་བཞུགས་པས་མཁྱེན་ནས། དེ་དང་ཇོ་བོ་བཞུགས་པའི་བར་ལ་ཉིན་ལམ་མང་པོ་ཡོད་ཀྱང་སྐད་ཅིག་ལ་ཇོ་བོའི་མདུན་དུ་བྱོན་ནས། ཁྱོད་ཀྱིས་རིག་པའི་གནས་ལྔ་ཤེས་པ་སོགས་གོང་གི་ཡོན་ཏན་དེ་རྣམས་ཀྱིས་གར་ཡང་མི་ཕྱིན་པས། རབ་ཏུ་བྱུང་ལ་ཡི་དམ་ཐུགས་རྗེ་ཆེན་པོ་ལ་གྱིས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྒོམས་གསུངས། བླ་མས་དེ་ལྟར་གསུངས་ཀྱང་། ང་རང་ཆ་ལུགས་འདི་ལ་གནས་ཏེ་གསང་སྔགས་ཀྱི་ཀུན་སྤྱོད་བྱ་སྙམ་དུ་དགོངས་པ་ལ། ནུབ་ཅིག་རྨི་ལམ་དུ་ཐུབ་པ་འཁོར་བཅས་གདུགས་ཚོད་གསོལ་གྱིན་འདུག་པའི་གྲལ་གཤམ་ན་ཁོང་རང་ཡང་འདུག་ལ། ཐུབ་པ་འཁོར་བཅས་ཁོང་ལ་སྤྱན་རས་གཟིགས་ནས། ཁྱོད་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་གསུངས་པ་ཞིག་རྨིས་པས། ད་ངེས་པར་རབ་ཏུ་འབྱུང་དགོས་པར་འདུག་དགོངས་ནས་ཕལ་ཆེན་སྡེར་ཚིག་རྫོགས་མཛད་དེ། བླ་མ་དྷརྨ་རཀྵི་ཏ་ལ་བློ་སྦྱོང་ཞུས་པས་བྱང་ཆུབ་སེམས་ལ་ངེས་ཤེས་སྐྱེས། ཡང་བླ་མ་བྱམས་པའི་རྣལ་འབྱོར་པ་ལ་ཞུས་པས་སྔར་བས་ངེས་ཤེས་སྐྱེས། རྡོ་རྗེ་གདན་ལ་ཕྱི་བསྐོར་མཛད་པའི་ནམ་མཁའ་ལ་བུད་མེད་རྒན་གཞོན་གཉིས་འདུག་པས་རྒན་པ་ལ་གཞོན་པས་ཕྱག་འཚལ་ནས། མྱུར་དུ་སངས་རྒྱས་འཐོབ་པར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཞུ་ཡིན་འདུག་པ་ལ། རྒན་པ་ན་རེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུངས་ནས། གསང་སྔགས་ལུགས་ཀྱི་བྱང་སེམས་སྒོམ་པའི་མན་ངག་ཅིག་གསུང་གིན་འདུག་པ་ལ་ཇོ་བོས་ཀྱང་གསན་པས་བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་ཐུགས་སུ་ཆུད་ཅིང་། བྱང་ཆུབ་ཀྱི་སེམས་ལ་སྔར་བས་ཀྱང་ངེས་ཤེས་སྐྱེས། ཡང་ནང་བསྐོར་ལ་བྱོན་པས་གཙང་ཁང་གི་ལྷ་ཆུང་བ་རྣམས་ཀྱིས་ལྷ་ཆེ་བ་ལ་ཕྱག་འཚལ་ནས་སྔར་ལྟར་ཞུས་པས། ལྷ་ཆེ་ཆེ་རྣམས་ཀྱིས་སྔར་ལྟར་གསུངས་ནས། ཕར་ཕྱིན་ལུགས་ཀྱི་བྱང་སེམས་སྒོམ་ལུགས་ཤིག་གསུང་གིན་འདུག་བའང་གསན་པས་སྔར་ལྟར་གྱུར། དེ་ནས་བླ་མ་གསེར་གླིང་པ་བྱང་ཆུབ་སེམས་ཀྱི་བདག་པོ་བྱེད་ཀྱིན་འདུག་པས། ཁོང་ལའང་ཞུ་རུ་འགྲོ་བར་དགོངས་ནས་ཚོང་པ་མང་པོ་དང་བསྡོངས་ཏེ་གསེར་གླིང་དུ་ཕྱིན་པས་བླ་མ་དང་མཇལ་མ་ཐག་སྐྱེ་བ་སྔ་མའི་བླ་མར་ཤེས། མོས་གུས་ཚད་མེད་སྐྱེས། བླ་མས་ཀྱང་བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་བྱེད་པ་ཡིན་གསུངས་ནས། ཁོང་རང་གིས་རྙེད་པའི་གསེར་སྐུ་དེ་གནང་། ཁྱེད་ཅི་ལ་འོང་གསུངས། བདག་བྱང་ཆུབ་ཀྱི་སེམས་ཞུ་རུ་འོང་བ་ལགས་ཞུས་པས། འོ་ན་ལོ་བཅུ་གཉིས་སུ་སྡོད་ནུས་སམ་གསུངས། ནུས་ལགས་ཞུས། དེར་ལོ་བཅུ་གཉིས་དབུ་སྔས་སྦྲེལ་ནས་ཞུས་གདམས་ངག་བུམ་པ་གང་བྱོས་གནང་ནས་བདག་པས་གཞན་གཅེས་ཀྱི་ལྷག་བསམ་རྣམ་དག་འཁྲུངས། དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་བྱོན། ཉིན་གཅིག་ཇོ་བོ་ཁ་སར་པ་ཎི་ལ་ཕྱག་མཆོད་མཛད་དུ་བྱོན་པས་ཁ་སར་པ་ཎིས་ཇོ་བོ་ལ་ཁྱོད་ཀྱིས་རྙེད་པ་ལེགས་པོ་རྙེད་དོ་ད་ནི་སེམས་ཅན་ལ་ཕན་པ་དཔག་མེད་སྒྲུབས་ཤིག །ཁྱད་པར་བོད་དུ་སོང་། དེ་ན་ཁྱོད་ཀྱི་ཡི་དམ་སྒྲོལ་མ་ཡང་འགྲོ་དོན་མཛད་ཀྱིན་ཡོད་གསུངས་ནས་ལུང་བསྟན་པ་ལྟར་བོད་དུ་བྱོན་ནས་བྱང་ཆུབ་སེམས་ཀྱི་གདམས་པ་འདིས་མཚོན་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། །

ཇོ་བོ་རྗེ་ལ་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་ཡོད་ཀྱང་། བླ་མ་གསེར་གླིང་པའི་མཚན་ཐོས་པ་ཙམ་གྱིས་སྤྱན་ཆབ་འབྱིན་ཕྱག་ཐལ་མོ་སྦྱོར། ཟླ་བ་རེ་རེ་བཞིན་འདས་མཆོད་ཀྱང་མཛད་པ་ལ་བུ་ཆེན་རྣམས་ཀྱིས་ཇོ་བོ་ལ་མཁས་གྲུབ་ཀྱི་བླ་མ་མང་དུ་བཞུགས་པ་ལ་གསེར་གླིང་བ་ལ་འདི་ཙམ་གྱིས་གུས་པ་ཅི་ལགས་ཞུས་པས། ངའི་བླ་མ་རྣམས་ལ་ཡོན་ཏན་ཆེ་ཆུང་ཡོད་ནས་ཁྱད་པར་བྱས་པ་མིན་གསེར་གླིང་པ་ཁོ་བོ་ལ་བཀའ་དྲིན་ཆེ་བས་ཡིན་གསུངས། བཀའ་དྲིན་ཅི་བདོག་ཞུས་པས། ཁོ་བོ་ལ་ཡོན་ཏན་དུ་བྱ་བ་སེམས་བཟང་པོ་ཕྲུག་ཙམ་ཞིག་ཡོད་པ་འདི་གསེར་གླིང་པའི་སྐུ་དྲིན་ཡིན་གསུངས། ཐེངས་ཅིག་ཕྱག་བསྙུང་དུ་བྱུང་བ་ལ་འབྲོམ་སྟོན་གྱི་པང་དུ་ཕྱག་བཞག་ནས། འདི་ལ་ཁྱོད་ཀྱིས་བྱིན་རླབས་ཤིག་གྱིས་དང་། ཁྱོད་ལ་བསམ་པ་བཟང་པོ་ཡོད་གསུངས་ནས། བསམ་པ་བཟང་པོ་ཁོ་ན་ལ་རྩིས་སུ་མཛད། ཁམས་བདེ་བྱེད་པ་ལའང་སེམས་བཟང་པོ་བྱུང་ངམ་གསུངས། ཞལ་ཏ་མཛད་པ་ལའང་སེམས་བཟང་པོ་གྱིས་ཨང་གསུངས། ཇོ་བོས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་གནང་། དེས་མཉམ་མེད་བོ་ཏོ་བ་རིན་ཆེན་གསལ་ལ་གནང་། དེས་ཤ་ར་བ་ལ་གནང་། དེས་བྱང་སེམས་འཆད་ཁ་བ་ལ་གནང་། འཆད་ཁ་བ་ཁོང་གི་སྔར་གསང་སྔགས་གསར་རྙིང་གི་ཆོས་མང་དུ་མཁྱེན། མཚན་ཉིད་ཀྱི་གཞུང་ལ་ཡུན་རིང་སྦྱངས། པོ་ཏི་བརྒྱ་ཙམ་ཞིག་མཁྱེན་ཀྱང་། ཐུགས་ཀྱི་གཏིང་ན་འཚང་རྒྱ་བ་ལ་ཆོས་བྱེད་ལུགས་འདི་འདྲ་མིན་པའི་མན་ངག་གི་གནད་ཟབ་མོ་ཞིག་ཡོད་ཡོང་སྙམ་པ་ཞིག་ནར་མར་བྱུང་། ནམ་ཞིག་ན་དགེ་བའི་བཤེས་གཉེན་གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མའི་དཔེ་ཞིག་གཟིགས་པས། ཁེ་དང་རྒྱལ་ཁ་གཞན་ལ་འབུལ། །གྱོང་དང་བུབ་ཁ་རང་གིས་ལེན། །གསུངས་པ་དེ་ལ་ཐུགས་དད་ཆེན་པོ་འཁྲུངས་ནས། དཔོན་གཡོག་འགའ་དང་བཅས་ཤ་ར་བའི་སྤྱན་སྔར་ཕྱིན་ཏེ་བདག་གིས་མཐོང་བའི་ཆོས་ཤིག་ན། བདག་གི་བདེ་བ་སེམས་ཅན་ལ་བཏང་ཞིང་། སེམས་ཅན་གྱི་སྡུག་བསྔལ་རང་གི་ཁུར་དུ་བླང་བར་བྱ་གསུངས་པར་གདའ་བས། དེ་བདག་གི་སེམས་ལ་ཕན་པ་ཞིག་བྱུང་བས། དེ་སངས་རྒྱས་པའི་གདམས་ངག་གཤའ་མ་ཞིག་ལགས་སམ་ཞུས་པས། ཇོ་བོ་སྟོན་པ་ཁྱོད་ཀྱི་སེམས་ལ་ཕན་མ་ཕན་གྱི་ཁ་ན་ཅི་ཡོད། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་བསྒྲུབ་ན་མི་བསྒྲུབ། བསྒྲུབ་ཕན་ཆད་བསམ་པ་དེ་ལྟ་བུ་ཞིག་ལ་མ་བརྟེན་པར་འགྲུབ་མི་སྲིད་གསུངས། འོན་དེ་ལ་ཡིད་ཆེས་ཀྱི་ལུང་ཞིག་འཚལ་ཞུས་པས། འཕགས་པ་ཀླུ་སྒྲུབ་ལ་ཚད་མར་མི་བྱེད་པོ་སུ་ཡོད། རིན་ཆེན་འཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་གསུངས་གདའ་བ་གསུངས་པས། ཤིན་ཏུ་མོས་པར་གྱུར་ཏེ། བློ་སྦྱོང་གི་གདམས་པ་འདི་ཞུས་ནས་ཐུགས་ཉམས་སུ་བཞེས་པས་གདེངས་ཐོབ་པར་གྱུར་ཅིང་། ཆོས་འདིའི་འཕྲིན་ལས་ཀྱི་བཀའ་བབ་བྱང་སེམས་འཆད་ཁ་བ་དེ་ཉིད་ཀྱིས་སྤྱིལ་བུ་པ་ལ་གནང་། དེས་ལྷ་སྤྱིལ་ཕུ་པ་ལ་གནང་། དེས་རམ་པ་ལྷ་སྡིང་བ་ལ་གནང་། དེས་སངས་རྒྱས་དབོན་ལ་གནང་། དེས་ཡོན་ཏན་དཔལ་ལ་གནང་། དེས་མཁན་ཆེན་བདེ་བ་དཔལ་ལ་གནང་། དེས་མཁན་ཆེན་བཀའ་བཞི་པ་ལ་གནང་། དེས་རིན་པོ་ཆེ་བསོད་ནམས་གྲགས་པ་ལ་གནང་། དེས་རྒྱལ་སྲས་ཐོགས་མེད་བཟང་པོ་ལ་གནང་། ཁོང་གི་སྐུ་ཚེ་རིལ་པོར་བློ་སྦྱོང་འདི་ཉམས་སུ་བཞེས་པས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་པས། འབྲེལ་ཚད་དོན་དང་ལྡན་པར་གྱུར་ཏེ། ཐ་ན་དུད་འགྲོའི་རིགས་སུ་གཏོགས་པ་རྣམས་ཀྱང་སྐུའི་གམ་དུ་ཉེ་བར་སླེབས་པ་ན་ཞེ་སྡང་ཞི་ནས་ཕན་ཚུན་བྱམས་སེམས་དང་ལྡན་པར་གྱུར་ཞེས་གྲགས་སྟེ། དེ་ཡང་སེམས་དཔའ་ཆེན་པོ་དེ་ལ་གཞན་གྱིས་ཕུལ་བའི་ཤ་ཁྱི་ཞིག་ཡོད་པ་ཡང་རྣ་བ་མོ་དང་རྩེ་བ་དང་། སྤྱང་ཀི་ཞིག་ཡོད་པའང་སེམས་ཅན་ལ་མི་འཚེ། ངང་པ་ཞིག་ཡོད་པ་དེས་ཀྱང་སེམས་དཔའ་ཆེན་པོས་བསྐོར་བ་མཛད་པའི་ཚེ་བསྐོར་བ་བྱེད་པ་བྱུང་། བླ་མ་དཔལ་ཡེ་ལ་ཤིག་ནད་བྱུང་དུས་ཁོང་གི་ཤིག་ནད་བླངས་པ་དང་། སྤྱང་པོ་ཤིག་ནད་ཅན་གྱི་ཤིག་ནད་བླངས་པ་སོགས་གཞན་གྱི་སྡུག་བསྔལ་དངོས་སུ་བླངས་པའི་ལོ་རྒྱུས་ཀྱང་མང་དུ་མཆིས། ཚོགས་ཆོས་གསུངས་པའི་དུས་སེམས་ཅན་གྱི་སྡུག་བསྔལ་ལ་མ་བཟོད་ནས་རྒྱལ་སྲས་པ་ཉིད་ཀྱིས་བཤུམས་ཙ་ན་ཆོས་ཉན་བྱིངས་པོ་ངུ་ཆོ་ཐེག་ཐེག་འོང་། དེ་ལ་མཚན་ཉིད་པ་ཞིག་ན་རེ། མཁན་པོ་བུ་སྟོན་པས་ཆོས་གསུངས་ཙ་ན་བཞད་གད་ཐེག་ཐེག་ཉམས་དགའ་ཞད་ཆེ་བར་འདུག །འདི་པས་ཆོས་གསུངས་པ་འདི་མི་གཅེས་ཤི་བ་བཞིན་དུ་ངུ་ཆོ་ཐེག་ཐེག་སྡུག་ཞད་ཆེ་ཟེར། ཁོང་གི་ཐུགས་རྗེ་ཆེན་པོས་གཞན་ནག་ཅན་བསྐྱབས་པ་དང་། འཇིགས་པས་ཉེན་པ་ཐར་པར་མཛད་པའི་གཏམ་རྒྱུད་ཀྱང་མང་དུ་སྣང་། རྒྱལ་སྲས་རིན་པོ་ཆེ་དེས་རྗེ་བཙུན་རེད་མདའ་བ་ལ་གནང་། དེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་གནང་། ཁོང་གིས་བྱང་ཆུབ་སེམས་ཀྱི་གདམས་པ་འདི་ཉིད་ཐུགས་ཉམས་སུ་བཞེས་ནས་རྗེས་སུ་གདམས་པ་འདིས་མཚོན་པའི་ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྟོད་ཛ་ཏི་དབྱུག་པས་བརྡུང་པ་མན་ཆད་ནས། སྨད་རྒྱ་མོ་ཆུ་ལ་དེར་འཐག་པ་ཡན་ཆད་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གསེར་སྦྱངས་བཙོ་མ་ལྟ་བུས་ཁྱབ་པར་མཛད། ངུར་སྨིག་འཆང་བས་འཛིན་མའི་ཁྱོན་ཀུན་དོག་པོར་བགྱིས་ནུས་པ་ཙམ་བྱུང་། དེས་ཐུགས་སྲས་ཧོར་སྟོན་ནམ་མཁའ་དཔལ་ལ་གནང་། དེས་རྗེ་དགེ་འདུན་གྲུབ་ལ་གནང་། དེས་འདུལ་འཛིན་བློ་གྲོས་སྦས་པ་ལ་གནང་། དེས་པཎ་ཆེན་ཡེ་ཤེས་རྩེ་མོ་ལ་གནང༌། དེས་སྐྱབས་མཆོག་དཔལ་ལ་གནང་། དེས་རྗེ་བཙུན་དབེན་ས་བ་ཆེན་པོ་ལ་གནང་། དེས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གནང་། དེས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ལ་གནང་། དེས་རྗེ་ཞབས་དྲུང་ལྷ་བ་བློ་བཟང་དར་རྒྱས་ལ་གནང་། དེས་གྲུབ་ཆེན་བློ་བཟང་བྱམས་པ་ལ་གནང་། དེས་གྲུབ་དབང་ཆོས་རྒྱ་མཚོ་ལ་གནང་། དེས་གྲུབ་དབང་བློ་བཟང་རྣམ་རྒྱལ་ལ་གནང་། དེས་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་ལ་གནང་། དེས་དྲིན་ཅན་རྩ་བའི་བླ་མ་ཡོན་ཏན་ལྷུན་གྲུབ་ལ་གནང་། དེས་བདག་ལ་དགྱེས་བཞིན་གནང་བའོ། །

བརྒྱུད་པའི་བླ་མ་དེ་དག་རྣམས་ཀྱང་ལུང་རྟོགས་ཡོན་ཏན་དུ་མ་ལ་མངའ་བརྙེས་པ། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་པ། སྤྱན་དང་མངོན་ཤེས་སོགས་ཡོན་ཏན་མཐའ་ཡས་པ་མངའ་བ། མཐའ་ཡས་པའི་འགྲོ་བ་སྒྲོལ་བ་ལ་གཅིག་ཏུ་གཞོལ་ཞིང་མཐུ་དང་ལྡན་པ། ཁྱད་པར་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་རྟོགས་པ་མཆོག་ཏུ་གྱུར་པའི་མཁས་གྲུབ་འབའ་ཞིག་གོ །

བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ཡིད་བཞིན་གྱི་ནོར་ལས་ལྷག་པ་འདི་ཉིད་ཉམས་སུ་ལེན་པ་ལ། ༈ དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང་། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་དང་། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བདུན་ལས། དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་ནི། མཉམ་མེད་གསེར་གླིང་བ་དང་ཇོ་བོ་ཡབ་སྲས་སོགས་བཀའ་གདམས་བླ་མ་རྣམས་ཀྱིས་ཆོས་གང་ཉམས་སུ་ལེན་ཀྱང་། དང་པོ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གཏོང་བའི་ཕྱག་ལེན་ལྟར། ཐོག་མར་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས། བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་ཙོག་བུ་སོགས་སྤྱོད་ལམ་གང་བདེར་གནས་ནས་རང་རྒྱུད་ལ་བརྟགས་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། མདུན་གྱི་ནམ་མཁར་ཐུབ་དབང་གི་གཙོར་བྱས་ཚོགས་ཞིང་གི་ལྷ་གསལ་གདབ་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང་། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེ་བ་དང་། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་འདེབས་པ་རྣམས་ཐུན་གྱི་ཐོག་མར་བཏང་ནས། ཆོས་གང་ཉམས་སུ་བླང་ཡང་ རྒྱུད་ལ་ཉམས་རྟོགས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་རྣམས་གོང་འཕེལ་དུ་འགྲོ་བའི་ཐབས་གནད་བླ་ན་མེད་པའོ། །ཁྱད་པར་བློ་སྦྱོང་འདིའི་བླ་བརྒྱུད་གསོལ་འདེབས་རྒྱས་པ་བྱ་ཞིང་། དེ་མ་ཐུབ་ན། མཉམ་མེད་ཐུབ་པའི་དབང་པོ་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱི། །བློ་སྦྱོང་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །བྱང་ཆུབ་སེམས་གཉིས་འབྱོངས་པར་བྱིན་གྱིས་རློབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ཡང་ཡང་འདེབས་པར་བྱའོ། །དེ་ཡང་ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་ཚེ་འདིར་མྱུར་བར་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པས་ཐོག་མར་ལམ་གྱི་རྩ་བ་བླ་མ་དགེ་བའི་བཤེས་གཉེན་བསྟེན་དགོས་ཏེ། མཉམ་མེད་པོ་ཏོ་བ་ཆེན་པོས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་སོགས་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཚུལ་བཞིན་བསྟེན་ནས་གཞན་ལ་ཡང་། ཆོས་རྣམས་ཀུན་གྱི་དང་པོའི་མགོ་ནི། བཤེས་གཉེན་དམ་པ་མི་བཏང་བ་ཡིན་གསུངས། རྒྱལ་སྲས་ཐོགས་མེད་རིན་པོ་ཆེས། མཁན་ཆེན་བསོད་ནམས་གྲགས་པ་ལ་སོགས་པའི་བཤེས་གཉེན་དམ་པ་མང་པོ་བསྟེན་ནས་གཞན་ལ་ཡང་། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ་འགྱུར་བའི་། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་། །གཅེས་པར་འཛིན་པ་རྒྱལ་སྲས་ལ་ལག་ལེན་ཡིན། །

གསུངས། དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོས་རྗེ་བཙུན་རེད་མདའ་བ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་གཞན་ལ་ཡང་། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པ། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡི། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ། །ཞེས་གསུངས་པ་ལྟར། མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་དགོས། དེ་ལ་བསམ་པ་དད་གུས་ཀྱིས་བསྟེན་ཚུལ་ནི། སྔོན་སངས་རྒྱས་འཁོར་བཅས་ལྷོ་ཕྱོགས་ཀྱི་རི་མཐོ་བ་ལ་གཤེགས་པ་དང༌། འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱི་བསམ་པ་ལ། ཀྱེ་མ་ད་ལྟ་ནི་སངས་རྒྱས་ལ་ཆོས་ཉན་དུ་ཡོད་ན། སངས་རྒྱས་འདས་ནས་ཇི་ལྟར་བྱ་སྙམ་པ་དང་། སངས་རྒྱས་ཀྱི་ཞལ་ནས། ཀྭ་ཡེ་མཐོང་བ་དོན་ཡོད་ཁྱོད། །ཕྱི་མའི་དུས་སུ་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་ཀྱིས་སྟོན། །གསུངས། ཡང་སྔོན་སྟོན་པ་སངས་རྒྱས་ཀྱིས་བྱ་གསོད་པའི་རྔོན་པ་སཏཱ་ཞེས་པ་སྐུ་དངོས་ཀྱིས་གདུལ་བའི་སྐལ་བར་མ་གྱུར་པས། ཁོ་རང་འདྲ་བའི་རྔོན་པར་སྤྲུལ་ཏེ་ཐབས་ཀྱིས་བཏུལ་བའི་ལོ་རྒྱུས་བཞིན། སྔོན་དུས་སངས་རྒྱས་ཀྱིས་འདུལ་བའི་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ལ་དེང་སང་སྙིགས་དུས་འདིར་གང་ལ་གང་འདུལ་གྱི་དགེ་བའི་བཤེས་གཉེན་གྱི་སྐུར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །གསུངས། དེས་ན་ང་ལ་བླ་མ་དགེ་བའི་བཤེས་གཉེན་འདི་རྣམས་སངས་རྒྱས་མི་ཡི་གཟུགས་སུ་ཤར་བ་ཡིན་སྙམ་དུ། སངས་རྒྱས་དང་འདྲ་བའི་དད་གུས་བྱའོ། །སྔོན་རྩི་རྒྱལ་བ་ཡེ་ཤེས་བྱ་བས་སྟོན་མོ་ཞིག་བྱས་ནས། དགེ་བཤེས་ལ་ཡུན་རིང་བ་ལོ་བཅུ་བཞི་ཙམ་བསྟེན་པ་ལ། རྒྱུད་དང་ཆོས་གཉིས་ཧ་ཅང་འདྲེས་མ་འཚལ་ན། དེ་གཉིས་འདྲེས་པའི་ཐབས་ཇི་ལྟར་བགྱི་ཞེས་ཞུས་པས། དགེ་བཤེས་ཀྱི་ཞལ་ནས། རབས་ཆད་པོ་ཅིག་བུ་བུ་ཟེར་ནས་ངུས་སོ། །གཞན་གྱིས་ཁྱོད་བུ་མེད་པར་ཅི་ལ་དུ་བྱས་པས། ང་བུ་མེད་པས་དུ་བ་ཡིན་ཟེར་རོ། །དེ་བཞིན་དུ་ཁྱོད་རྒྱུད་དང་ཆོས་འདྲེར་མ་བཏུབ་པ་དེ་ཡང་། ཁྱོད་རང་ལ་དད་པ་མེད་པས་ལན་བ་ཡིན་པས། དད་པ་དད་པ་གྱི་ས་ལ་དུས་གསུངས་སྐད། སྔོན་ཇོ་བོ་རྗེ་ལ་བོད་ཀྱི་དགེ་བཤེས་མང་པོས་ཆོས་གཅིག་ཞུ་ལགས་ཞུས་པས། དད་པ་བསྐྱེད་མཛོད་གསུངས། དེ་མ་གསན་པ་ཡིན་སྙམ་ནས་སྐད་བསྐྱེད་དེ། ཨ་ཏི་ཤ་ཆོས་ཞུ་ལགས་ཞུས་པས། ཧེ་མ་ཐོས་པ་ཏ་མ་ལགས་ཏེ། གདམས་ངག་དད་པ་ཁོ་ན་ལགས་མོད། དད་པ་བསྐྱེད་མཛོད་གསུངས་སྐད། དེས་ན་བླ་མ་ལ་སངས་རྒྱས་དངོས་དང་། ཞལ་ནས་གསུངས་པའི་ཆོས་ལ་སངས་རྒྱས་ཀྱི་གསུང་དང་ཁྱད་པར་མེད་པའི་ཡིད་ཆེས་ཀྱི་དད་པ་དྲག་པོ་བྱའོ། །སྔོན་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། ཡི་དམ་ཕྱག་ན་རྡོ་རྗེ་ཞལ་གཟིགས་པའི་དུས་སུ། གསང་བའི་བདག་པོའི་ཞལ་ནས། ལས་ཀྱི་རྡོ་རྗེ་བླ་མ་ལ་མོས་གུས་མ་ཐོབ་པར་ཡི་དམ་ལྷའི་ཞལ་གཟིགས་ཟེར་བ་དང་། ཉམས་མྱོང་བཟང་པོ་སྐྱེས་ཟེར་བ་རྫུན་ཡིན། འཆི་བ་མི་རྟག་པ་རྒྱུད་ལ་མ་སྐྱེས་པར་འཇིག་རྟེན་བློས་གཏོང་ཟེར་བ་རྫུན་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པར་སྡིག་པ་མ་བྱས་ཟེར་བ་རྫུན་ཡིན། འཁོར་བའི་ཉེས་དམིགས་མ་དྲན་པར་འཇིག་རྟེན་མཐའ་དག་བློས་གཏོང་ཟེར་བ་རྫུན་ཡིན། ཕན་སེམས་རྡུལ་ཙམ་ཡང་མེད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས་ཟེར་བ་རྫུན་ཡིན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་མ་རྟོགས་པར་སྟོང་པ་ཉིད་རྟོགས་ཟེར་བ་རྫུན་ཡིན། ལས་ཀྱི་རྡོ་རྗེ་ཆོས་གཤའ་མ་ཞིག་བྱེད་ན་གཞི་དད་པ་གལ་ཆེ་གསུངས། འོ་ན་ངའི་བླ་མ་འདི་སངས་རྒྱས་དངོས་ཡིན་ན་སྐྱོན་འདྲ་འདུག་པས་སངས་རྒྱས་དངོས་རང་མ་ཡིན་ནོ་སྙམ་ན། དེ་རང་སྣང་མ་དག་པའི་དབང་གིས་དེ་ལྟར་མཐོང་བ་ཡིན་ཏེ། སྔོན་དྲང་སྲོང་སྐར་མ་ལ་དགའ་བས། སངས་རྒྱས་ལ་མུ་སྟེགས་ཀྱི་དྲང་སྲོང་དུ་མཐོང་བ་ཡིན། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོ་རོ་སྨད་འབུས་གཡེང་བར་མཐོང་། སློབ་དཔོན་མཚོ་སྐྱེས་ཀྱིས། ཡན་ལག་མེད་པའི་རྡོ་རྗེ་ཕག་རྫིར་མཐོང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་འཕགས་པ་འཇམ་དཔལ་ཞིང་ལས་བྱེད་པར་མཐོང་། ན་རོ་པས་ཏེ་ལོ་བ་ཉ་གསོན་པོར་བསྲེགས་པ་སོགས་མི་འཚམས་པ་བྱེད་པའི་སྨྱོན་པ་ལྟ་བུར་མཐོང་། མི་ཏྲི་པས་རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པ་རྔོན་པར་མཐོང་བ་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ལ་ཡང་མཐོང་སྣང་དེ་འདྲ་བྱུང་ན་ཉོན་མོངས་པའི་གཏིང་དུ་ལྷུང་བ་བདག་ལ་མཐོང་སྣང་ལོག་པ་དེ་འདྲ་འབྱུང་བ་སྨོས་ཅི་དགོས་སྙམ་དུ་རང་གིས་བླ་མའི་མཛད་སྤྱོད་འགའ་རེ་སྐྱོན་དུ་མཐོང་ཚེ། དཔེར་ན་མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་བ་བཞིན། དེ་བླ་མའི་སྐྱོན་མ་ཡིན་རང་སྣང་མ་དག་པའི་སྐྱོན་གྱིས་དེ་ལྟར་མཐོང་བ་ཡིན་སྙམ་དུ་སླར་མོས་གུས་ཆེར་བྱའོ། །རས་ཆུང་བས། རྗེ་བཙུན་གྱིས་ཆོས་གསུངས་པ་དང༌། གསུང་གང་བྱོན་ཡང་ཐུགས་ཁྲོས་ཐབས་སུ་གསུངས་པ་དེ་ཅི་ལ་དགོངས་པ་ལགས་ཞུས་པས། རྗེ་མི་ལའི་ཞལ་ནས། དེ་གཅིག་ཏུ་ན་ངའི་ཁམས་རིགས་ཀྱང་ཡིན་ལ། གཉིས་སུ་ང་དང་མི་ཕལ་ཆེར་སྤྱོད་པ་ཡེ་རང་མི་མཐུན་པར་འདུག་པ་དེས་ལན་པ་ཡིན་ནམ་གསུངས། དགེ་བཤེས་ལྷ་བཟོ་པ་ལ་སྟོད་ལུང་པས་མཇལ་རེས་ཀྱི་བཀའ་བཀྱོན་དྲག་པོ་རེ་བྱོན་པ་ལ། ལྷ་བཟོ་བའི་སློབ་མའང་ཡིན་པས། ཉག་མོ་བས། སློབ་དཔོན་འདི་འོ་སྐོལ་དཔོན་སློབ་ལ་སྡང་བ་རང་ཞིག་འདུག་བྱས་པས། ལྷ་བཟོ་པའི་ཞལ་ནས། ཁྱོད་ཀྱིས་བཀའ་བཀྱོན་དུ་གོའམ། ཁོ་བོ་ལ་འདིས་འདི་ལྟ་བུ་རེ་མཛད་རེས་ཀྱིས་དཔལ་ཧེ་རུ་ཀའི་བྱིན་གྱིས་བརླབས་པ་འདྲ་བ་རེ་འོང་གིན་ཡོད་གསུངས། དེས་ན་བཀའ་བཀྱོན་དང་བརྡུང་བརྡེག་བྱས་ན་ཡང་བྱིན་རླབས་དང་བཀའ་བསྒོ་ཡིན་པས་དགའ་བ་བསྒོམ་དགོས་ཏེ། པཎ་ཆེན་ན་རོ་པ་ཆེན་པོའི་སྐྱེ་མཐའ་འགྲོ་མགོན་གཙང་བ་རྒྱ་རས་ཀྱི་ཞལ་ནས། བརྡུང་བརྡེག་བྱས་ན་དབང་བསྐུར་ཡིན། །བྱིན་རླབས་འཇུག་ན་དེ་ལ་འཇུག །བཀའ་བཀྱོན་དྲག་པོ་དྲག་སྔགས་ཡིན། །བར་ཆད་ཐམས་ཅད་དེ་ཡིས་སེལ། །ཐུགས་ལ་མི་འདོགས་དུས་ཙ་ན། །ཐུགས་རྗེའི་ཞགས་པས་འཛིན་རྟགས་ཡིན། །བྱམས་ན་བྱམས་ཏེ་ལེགས་པ་ཡིན། །སྡང་ན་སྡང་པས་འཚོངས་པ་ཡིན། །གསུངས། གཞན་ཡང་སྔོན་སྟོན་པ་སངས་རྒྱས་ཀྱིས། གཞན་ལ་སྡིག་པའི་རྣམ་སྨིན་ཤིན་ཏུ་ཆེ་ཞིང་། སུ་གང་གིས་བཟློག་ཏུ་མེད་པར་མྱོང་དགོས་པ་སྟོན་པའི་ཆེད་དུ་དགོངས་ནས། འཕགས་སྐྱེས་ཀྱིས་ཤཱཀྱ་བདུན་སྟོང་བསད་དུས། དབུ་སྨྱུང་ཞིང་ཀླད་པ་མི་བདེ་བ་བྱུང་བ་དང་། ཉིན་གཅིག་སེང་ལྡེང་གི་ཚལ་བ་སོར་བཞི་བ་ཞིག་ཞབས་ལ་ཟུག་པ་དང་། བདུད་ཀྱིས་སྒྲོགས་རྡོ་འཕངས་པས་ཞབས་གཡས་པའི་མཐེ་བོང་ལ་ཕོག་པའི་ཁྲག་འོ་མའི་རྒྱུན་ལྟར་བབ་པའི་ཚུལ་བསྟན་པ་དང་། ཡང་ལས་ཀྱི་རྣམ་པར་སྨིན་པ་རང་གིས་མྱོང་ངེས་རྣམས་གཞན་ལ་བསྒྱུར་དུ་མི་བཏུབ་པ་སྟོན་པའི་ཆེད་དུ། ཀུན་ཏུ་རྒྱུ་གནག་ལྷའི་བུ་སངས་རྒྱས་ཀྱི་སྐུ་མདུན་དུ་བསད་པ་ལ། སངས་རྒྱས་ཀྱིས་མ་བསྐྱབས་པར་བཏང་སྙོམས་སུ་བཞག་པ་དང་། ཡང་ཕྱི་རབས་གང་ཟག་རྣམས་ལ་སྡུག་བསྔལ་བྱུང་ན་ཡིད་མི་སུན་པར་བྱ་བའི་ཆེད་དུ། མུ་སྟེགས་ཀྱི་བྲམ་ཟེ་བྷ་ར་ཛེས། སངས་རྒྱས་ལ་རྔན་བགྲངས་ཏེ་སྤྱོ་བ་བྱས་པ་དང་། བྲམ་ཟེའི་བུ་མོ་གྲགས་མས་ཤིང་གི་གཞོང་བུར་བཅུག་ནས་ཁོ་མོའི་ལུས་ནི་དགེ་སྦྱོང་གོའུ་ཏ་མས་སྦྲམ་པར་བྱས་སོ་ཞེས་སྐུར་བ་བཏབ་པ་དང་། གྲོང་ཁྱེར་བ་ལ་ཅན་དུ་བསོད་སྙོམས་ལ་ཕྱིན་པས། འབྲས་ཟེག་པ་གཅིག་ཀྱང་མ་རྙེད་པར་ལྷུང་བཟེད་སྟོང་པར་ལོག་པ་དང་། མཐའ་འཁོབ་ཀྱི་གྲོང་ཁྱེར་ལ་ཕྱིན་དུས། བསོད་སྙོམས་མ་འབྱོར་བར། ཚོང་པའི་རྟཆས་སྲན་མ་རུལ་བ་བཞེས་དགོས་པའི་ཚུལ་བསྟན་པ་དང་། ཡང་ངལ་ཞིང་དུབ་པའི་མཐའ་སྤང་པའི་ཆེད་དུ་སྐུ་རྒྱབ་སྨྱུང་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ། སྨན་ཨུཏྤལ་ཧ་ཏ་གྷན་དྷ་བླངས་པ་དང་། སྐུ་ན་བགྲེས་ཏེ་ལོ་དྲུག་ཅུ་རྩ་གཅིག་ལོན་པ་དང་ངལ་ཉེ་གནས་ཤིག་དགོས་གསུངས་ནས་ཀུན་དགའ་བོས་རྩིས་རྣམ་པ་བཞི་བཟུང་ནས་ལོ་ཉི་ཤུ་རྩ་གཉིས་སུ་ཉེ་གནས་བྱས་པའི་ཚུལ་བསྟན་ཏོ། །དེ་བཞིན་དུ་རང་གི་བླ་མ་ཡང་སངས་རྒྱས་མི་གཟུགས་སུ་ཤར་པ་ཡིན་གཤིས། བཟང་ངན་གྱི་མཛད་པ་གང་བསྟན་ཀྱང་དེ་གང་གི་ཆེད་དུ་བསྟན་པ་ཡིན་མི་ཤེས་སྙམ་དུ་རབ་ཏུ་དད་ཅིང་གུས་པར་བྱའོ། །དེ་ལྟར་ཅི་མཛད་ལེགས་པར་མཐོང་བའི་དད་གུས་ཆེན་པོ་བྱསན་བླ་མའི་བྱིན་རླབས་སེམས་ལ་ཞུགས་ནས་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འཆར་སྟེ། ཇོ་མོ་འུར་མོས། ངས་སྒོམ་ཙམ་མ་བྱས་པ་ལ་རྣམ་རྟོག་རང་བཞིན་པ་མི་སྐྱེ་བར་འདུག་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་བླ་མའི་བྱིན་རླབས་ཞུགས་ན། རྣམ་རྟོག་རང་སར་ཞི་ནས་ཕྱག་རྒྱ་ཆེན་པོ་ངོ་འཕྲོད་པ་ཅི་རིགས་ཡོད་གསུངས། ཡང་རྗེ་མི་ལ་རས་པ་ལྷོ་བྲག་ཏུ་རྗེ་མར་པའི་གཟིམ་ཁང་ལ་ཕྱག་འཚལ་བ་ལ་བྱོན་དུས་ན་སྤྱན་ཆབ་མང་པོ་འབྱིན་པ་ལ།

རས་ཆུང་བ་རྣམས་ཀྱིས་མི་བཤུམས་པར་ཞུ་ཞུས་པས། ངས་རྗེ་མར་པ་ཡབ་ཡུམ་གྱི་བཀའ་དྲིན་དྲན་པ་ཡིན་གསུངས། སྔོན་གྲུབ་ཐོབ་གླིང་ཆེན་རས་པ་དེ་ཉིད་སྐབས་ཤིག་ཏུ་དཔལ་ཕག་མོ་གྲུ་པ་ལ་མོས་གུས་ཚད་མེད་པ་སྐྱེས་ནས་གསོལ་བ་འདེབས་ཤིང་སྤྱན་ཆབ་ཕྱུང་སྟེ་དབུ་གྱང་ལ་བརྡབས་པས། དཔལ་ཕག་མོ་གྲུ་པ་དེ་ཉིད་ཚོགས་པ་མང་དག་ཅིག་ལ་གསུང་ཆོས་གནང་གིན་ཡོད་པ་ལ་སྐུའི་བཞུགས་སྟངས་མི་ཐུབ་པར་འགུལ་བསྐྱོད་མཛད་ཀྱིན་འདུག་པ་ལ། མཛད་པ་དེ་འདྲ་ཅི་ལགས་ཞུས་པས། གླིང་རས་ཁོ་མོས་གུས་སྐྱེས་ནས་མགོ་བོ་བྱང་ལ་རྡེབ་ཅིང་འདུག །ང་ལ་སྡོད་ཚུགས་པའི་དབང་མི་གདའ་མོས་གུས་གཏིང་ནས་སྐྱེས་པའི་སློབ་མ་འདི་འདྲ་ལ་ཟེར་པ་ཡིན་གསུངས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སློབ་པ་ལམ་གྱི་དུས་སུ། སྐྱེ་བ་ཡོད་ན་འཆི་བར་འགྱུར། །འགོག་པ་འདི་ནི་བདེ་བ་ཡིན། །བྱ་བའི་ཚིག་བཅད་ཕྱེད་པ་རེ་ཙམ་མམ། ཚིག་བཅད་རེ་རེ་ཙམ་གྱི་ཕྱིར་དུ་བླ་མའི་བཀའ་དྲིན་བསབ་པའམ། བླ་མ་མཉེས་པར་བྱེད་པ་ལ་གསེར་སྲང་བྱེ་བ་ཕྲག་འབུམ་མམ། རྒྱལ་པོའི་སྲས་དང་བཙུན་མོ་ཡང་ཡོན་དུ་ཕུལ་བ་དང་། སྐུ་ལུས་ལ་མར་མེ་སྟོང་འཛུག་པ་སོགས་སྐུ་སྲོག་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་བཏང་སྣང་། བདག་གིས་དེ་ལྟ་བུའི་དཀའ་ལས་གང་ཡང་མྱོང་མི་དགོས་པར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཟབ་རྒྱས་ཆོས་མང་པོ་ཐོབ་རྒྱུ་བྱུང་བ་བླ་མ་ཐུགས་རྗེ་ཅན་གྱི་བཀའ་དྲིན་ཡིན། དྲིན་ལན་མཇལ་དགོས་ཤིག་འབྱུང་རྒྱུ་ཡིན་ན་སྟོང་གསུམ་གསེར་གྱི་ཕྱུར་བུར་བཀང་ནས་ལན་སྟོང་ཕུལ་ཡང་སྐུ་དྲིན་གྱི་ཆ་ཤས་ཙམ་ཡང་ག་ལ་འཁོར་སྙམ་དུ། ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་བསྐྱངས་པའི་བཀའ་དྲིན་རྣམས་ཡང་ཡང་དྲན་པར་བྱས་ཏེ། བླ་མ་འདི་བདག་ལ་བཀའ་དྲིན་རེ་ཆེ་སྙམ་དུ་ཕྱག་དང་ཞེ་ས་ལྡང་པ་སོགས་གུས་པ་ཁྱད་པར་ཅན་བྱའོ། །སྦྱོར་བ་ཟང་ཟིང་གི་ནོར་འབུལ་བ། ལུས་ངག་གི་ཞབས་ཏོག་བྱེད་པ། བཀའ་བཞིན་སྒྲུབ་པའི་མཆོད་པ་གསུམ་གྱི་སྒོ་ནས་བསྟེན་ཚུལ་ནི། སྔོན་མཉམ་མེད་ཇོ་བོ་རྗེ་ཡེར་བ་ལྷ་རི་སྙིང་པོའི་མགུལ་ན་བཞུགས་དུས། དགེ་བཤེས་འབྲོམ་གྱིས་གསེར་ཞོ་དགུ་དགུ་ལ་སྲང་རེ་བྱས་པའི་སྲང་བརྒྱ་དང་བཅུ། རྟ་བཅོ་བརྒྱད་ལ་སོགས་པའི་འབུལ་མོ་ཆེ་ཕུལ། རྔོག་ལེགས་པའི་ཤེས་རབ་ཀྱིས་བཀའ་གདམས་པ་ཆོས་བུ་ཆོས་ཞུ་དུས་གསེར་གྱི་མཎྜལ་མདའ་གང་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཚོམ་བུ་བཀོད་ནས་ཕུལ་བ་དང༌། ལྷོ་བྲག་མར་པ་ལ་གཞུང་གི་རྔོག་སྟོན་ཆོས་རྡོར་གྱིས་སྙན་བརྒྱུད་ཀྱི་གདམས་པ་ཞུ་དུས་ཕྱི་ནང་གི་ནོར་ཡོད་ཚད་དང་། ཐ་ན་ར་མ་རྒན་མོ་རྐང་པ་ཆག་པ་ཡན་ཆད་ཕུལ་བ་ལྟར། ཟང་ཟིང་གི་ནོར་གང་ཡོད་ཕུལ་ནས་བླ་མ་མཉེས་པར་བྱ་དགོས། སྔོན་གྲུབ་ཐོབ་གླིང་རས་པས། སྒོ་གཅིག་མཛད་དེ་ཉིན་ཅིག་མོ་རེང་མ་རྒན་མོ་ཞིག་གི་སྒོར་བྱོན་ནས། ད་ནངས་ང་ལ་གདན་ནོན་གྱིས་གསུངས་པས། དྲང་རྒྱུ་མེད་ཟེར་ཐོན་འགྲོ་གྲབས་བྱེད་ཀྱིན་འདུག་པས། མོའི་ཐུ་བ་ནས་བཟུང་སྟེ། ང་ལ་རྩམ་པ་དྲང་རྒྱུ་མེད་ན་ལོ་མ་སྦང་མ་གང་འདུག་བླང་གསུངས། མོ་ནང་དུ་ལོག་སོང་བས། ཕྱེ་སྒྱེ་སྤགས་ཏེ་སྲན་རྩམ་ཕྱེ་སྐྱོགས་སུ་ཧབ་གཉིས་ཙམ་ཡོད་པ་ཁྱེར་བྱུང་བ། ཀ་པཱ་ལར་བླུགས་ནས་བཞེངས་བྱོན་པས། ལམ་ལ་སྒོག་ཆག་གཅིག་ཚར་འདུག་པ་བསྡུས་ཡོང་ནས་ཆུ་ཁར་བྱོན། སྒོག་ཆག་དེ་བརྡུང་། སྲན་རྩམ་དེ་ལ་བསྲེས་ཆུ་བླུག་སྦྲུས་ཏེ་བཅང་བ་ཆེན་པོ་གཅིག་བྱུང་བ་ལ་སྐྱུ་བྱས་སྒོག་ཆུ་དེ་བླུག་ནས་ཞལ་དུ་གསོལ་བས། བདའ་དྲགས་ཏེ་སྲེད་པ་ཅིག་སྐྱེས་པ་ལ་ཁ་ནང་ནས་བཏོན་ཏེ། དཔལ་ཕག་མོ་གྲུ་པ་མཆོད་ཅེས། ནམ་མཁར་དོར་བཏང་ནས་གད་ཕུག་ཅིག་ཏུ་ཐུགས་དམ་ལ་བཞུགས་སོ། །དེའི་དུས་ཚོད་ན་དཔལ་ཕག་མོ་གྲུ་པ་ཉེ་གནས་སྟག་ལུང་པའི་ཕྱག་ཕྱི་བྱས་ཏེ། ཞོག་ཇ་བཞེས་པའི་གསོལ་དཀར་གྱི་ནང་དུ་སླེབས་བྱུང་བ་ལ། འགྲོ་བའི་མགོན་པོའི་ཞལ་ནས། ད་ནང་གི་གླིང་རས་ཀྱི་སྒོག་ཆུ་དེ་ཞིམ་གསུངས་པ་ལ། སྟག་ལུང་པས་རྒྱུ་མཚན་ཞུས་པས། ཁོ་བོད་ནང་གི་ལྟོ་བ་ལ་སྒོག་ཆབ་ཅིག་གིས་ཕུལ་ནས་ཟ་ཀྱིན་འདུག་པ་སྲེད་པ་སྐྱེས་ནས། དཔལ་ཕག་མོ་གྲུ་པ་མཆོད་ཟེར་ནས་འདིར་སྟེར་བྱུང་པ་ཡིན་གསུངས། དེས་ན་ཟས་ཁམ་གཅིག་རྙེད་ཀྱང་བླ་མ་མཆོད་དགོས། སྔོན་སངས་རྒྱས་བཅོམ་ལྡན་འདས་བུ་མོ་ཡེ་ཤེས་ལྡན་ཞེས་བྱ་བར་གྱུར་ཚེ། ཆོས་སྨྲ་བ་ཞིག་སྦྱང་བ་ལ། སྨན་པས་དེའི་སྨན་ལ། མི་གསོན་པོའི་ཤ་དང་ཁྲག་དགོས། ཟེར་བ་ལ། བུ་མོ་དེས་རང་གི་ལུས་ཀྱི་ཤ་ཁྲག་ཕུལ་པའི་ལོ་རྒྱུས་བཞིན། བླ་མ་ལ་ཕན་ན་རང་གི་ལུས་ཀྱི་ཤ་ཁྲག་འབུལ་དགོས་རུང་མི་ཆགས་པར་དགའ་ཞིང་སྤྲོ་བཞིན་འབུལ་ཐུབ་པ་ཞིག་དགོས། སྔོན་རྗེ་བཙུན་མི་ལ་རས་པས། ལྷོ་བྲག་མར་པ་མཉེས་ཕྱིར། སྲས་མཁར་དགུ་ཐོག་ཁྱམས་དང་བཅས་པ་བརྩིགས་རྒྱབ་ཏུ་རྒལ་མིག་གསུམ་ཙམ་བྱུང་བ་ལྟར། ལུས་ངག་གི་སྒོ་ནས་བླ་མ་ལ་ཞབས་ཏོག་གང་དགོས་བྱེད་དགོས། རྣལ་འབྱོར་པ་ཕྱག་པ་ཁྲི་མཆོག་གིས་ཇོ་བོ་རྗེའི་བཀའ་བཞིན་རྭ་སྒྲེང་གི་ཤུག་གསེབས་ན་རི་དྭགས་རྣམས་དང་ཁྱད་པར་མེད་པར་བཞུགས་ནས་སྐུ་ཚེ་གང་པོ་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་པ་ལྟར། དབེན་པའི་གནས་སུ་བསྡད་ནས་བཀའ་བཞིན་སྒྲུབ་པའི་མཆོད་པ་ཕུལ་ནས་བླ་མ་མཉེས་པར་བྱེད་དགོས། དེ་ལྟར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བླ་མ་ཚུལ་བཞིན་དུ་བསྟེན་ན་དོན་ཐམས་ཅད་འགྲུབ་སྟེ། སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤ་དང་ཁྲག་དང་རུས་པ་དང་། རྐང་སོགས་ཀྱི་ལུས་དང་སྲོག་བཏང་སྟེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བསྙེན་བཀུར་བྱས་པས་ཚེ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་དང་། ན་རོ་པཎ་ཆེན་གྱིས་ཀྱང་གྲུབ་ཆེན་ཏེ་ལོ་པ་བསྟེན་དུས་ལུས་སྲོག་ཐོད་ལ་བོར་ནས་དཀའ་བ་དཔག་ཏུ་མེད་པ་བྱ་དཀའ་བ་རྣམས་སྤྱད་པས་བཞེད་དོན་གྲུབ་པ་དང་། མར་པ་ལོ་ཙཱས་བླ་མན་རོ་བ་ཆེན་པོ་སྐུ་གཤེགས་ཟིན་ཀྱང་དད་པའི་ཤུགས་ཆེན་པོས་བཙལ་བས་བླ་མ་དང་མཇལ་བའི་ལོ་རྒྱུས་དང་། རྗེ་བཙུན་མི་ལས་ལྷོ་བྲག་མར་པ་ཡབ་ཡུམ་ལ་བསྙེན་བཀུར་བྱས་པས་དོན་ཐམས་ཅད་གྲུབ་པ་དང་། བྱ་ཡུལ་པས་སྤྱན་སྔ་བ་ཚུལ་བཞིན་དུ་བསྟེན་པས། ནངས་མ་གཅིག་ལ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་ཚིག་དོན་མ་ལུས་པ་ཐུགས་ལ་འཁྲུངས་པ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་འབྲས་ཀྱི་ཆར་འབེབས་ནུས་པས་བླ་མའི་བཀའ་བཞིན་བསྒྲུབས་པའི་ཉེ་གནས་ལོ་བཅུ་གཉིས་ཀྱི་སྔོན་དུ་སངས་རྒྱས་པ་དང་། བལ་པོའི་དཔེ་དཀར་བྷེ་ཧ་རར། བླ་མ་གྲུབ་པ་ཐོབ་པའི་ཉིན་པར་ཉིད་ཀྱི་སྔོན་དུ་ཉེ་གནས་ལོ་བཅུ་གཅིག་གི་གོང་དུ་གྲུབ་པ་ཐོབ་པ་དང་། ཇོ་བོ་རྗེའི་ཉེ་གནས་དགོན་པ་གོང་མ་སྒྲུབ་པ་བྱས་པའི་སློབ་མ་གཞན་བས་ཁང་གིས་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པས་རྟོག་པ་བཟང་བར་གྱུར་པ་དང་། ཆོས་རྗེ་ས་སྐྱ་བ་ཆེན་པོའི་སློབ་མ་དགེ་བཤེས་གཙུག་ཏོར་རྒྱལ་པོ་འདས་པའི་ཚེ། རིན་པོ་ཆེའི་ཁྲི་དང་གདུགས་དང་མེ་ཏོག་གི་ཆར་བབ་ནས་མཁའ་སྤྱོད་དུ་གཤེགས་པ་ཡུལ་བ་ཐམས་ཅད་ཀྱིས་མཐོང་བ་དང་། དགེ་བའི་བཤེས་གཉེན་ཉི་མ་ འོད་ལ་རྫུ་འཕྲུལ་དང་མངོན་ཤེས་བྱུང་བ་སོགས་གཏམ་རྒྱུད་དེ་རྣམས་དྲན་པར་བྱས་ཏེ་དགའ་ཞིང་སྤྲོ་བཞིན་དུ་བླ་མའི་ཞབས་ཏོག་བྱེད་དགོས། སྔོན་ཇོ་བོ་རྗེ་གཤེགས་ཁར་སློབ་མ་རྣམས་ཚོགས་ནས་བླ་མ་མི་བཞུགས་པ་ལ་ཉེ་བར་སྣང་། བླ་མའི་སྲོལ་འཛིན་པ་སུ་ཡོད་ཅེས་གླེང་བའི་དུས་སུ་ནག་ཚོའི་ཞལ་ནས། ངས་ཏ་མི་ཤེས་ཏེ་ཆོས་ཐམས་ཅད་ཀྱི་ནང་ནས་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བར་བཤད་འདུག་པས་བླ་མའི་ཞབས་ཏོག་འབྲོམ་སྟོན་པ་འདྲ་བ་རེ་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་འཛིན་པ་ཞིག་འོང་ན་ཁོང་ལ་འོང་མཆི་གསུངས། ཡང་ཇོ་བོའི་སློབ་མ་རྣལ་འབྱོར་པའི་ཐུགས་དགོངས་ལ། ང་བསོད་ནམས་ཆུང་བས་བླ་མའི་ཞབས་ཏོག་བྱས་བྱས་ནས་སྒོམ་པའི་དུས་མ་བྱུང་སྙམ་པའི་འདུ་ཤེས་ཤིག་བྱུང་བ་ན། ཇོ་བོའི་ཞལ་ནས་ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུང་སྟེ་ཇོ་བོའི་མངོན་པར་མཁྱེན་པའི་ཞལ་ཏ་ཡིན་པར་གདའ། ཡང་རྣལ་འབྱོར་ཆེན་པོས་ཇོ་བོའི་ཞབས་ཏོག་མཛད་པ་ལ་ཁོང་ཀུན་གྱིས་སྒྲུབ་ཐབས་ཤིག་མ་ཞུས་པར་རྟ་ཕྱུགས་ཀྱི་ཉ་ར་བྱེད་ཅིང་བསྡད་པས་ཅི་ཡང་མི་འོང་སྙམསནས་རྩྭ་གཏུབ་ཅིང་ཡོད་ཙ་ན། སྟོན་པའི་ཚེམས་དང་ཞལ་ནེམས་ནེམས་མཛད་ཅིང་བཀྱོན་ཐབས་སུ་ཡོན་ཏན་ཐམས་ཅད་བླ་མའི་ཞབས་ཏོག་བྱས་པ་ལས་འབྱུང་བ་ཡིན་ཏེ། སྒྲུབ་ཐབས་རེ་རེ་ཞུས་པས་ཅི་ཡང་མི་འོང་ཨང་བྱ་བ་ལན་གསུམ་གསུངས། དགེ་བཤེས་དགོན་པ་པའི་ཞལ་ནས། སློབ་དཔོན་སྟོན་པས་ལོ་ཙཱ་བྱས། སློབ་དཔོན་རྣལ་འབྱོར་པས་བླ་མའི་གཡོག་བྱས། ངས་དབེན་པར་རྩེ་གཅིག་ཏུ་སྒོམ་བྱས་པ་ལ་རྟོག་པ་ཁོང་གཉིས་པོ་མཐོ་བར་འདུག་གསུངས། གྲུབ་ཐོབ་གླིང་ཆེན་རས་པས། ང་ལ་དུས་དེང་སང་ཇ་ཞིམ་པོ་རྒྱུན་མ་ཆད་པར་འཐུང་རྒྱུ་བྱུང་བ་འདི་སྔ་མོ་རྗེ་ཕག་མོ་གྲུ་བར་བཀའ་ཆོས་ཞུ་དུས་ཞིག་ལ་ཇ་ཁོག་མ་གང་ཕུལ་པ་ཡིན་ཏེ། དེའི་བསོད་ནམས་ཡིན་ནམ་སྙམ་གསུངས། དེས་ན་སྐལ་ལྡན་གྱི་སློབ་མ་རྣམས་ཀྱིས་དབེན་པར་བསྒོམས་པ་ལས་ཀྱང་མཚན་ལྡན་རྩ་བའི་བླ་མའི་ཞབས་ཏོག་བྱསན་ཉམས་རྟོགས་བཟང་པོ་དང་བསོད་ནམས་ཆེན་པོ་སྐྱེ་བས། དུས་དང་རྣམ་པ་ཐམས་ཅད་དུ་བླ་མའི་ཞབས་ཏོག་ཁོ་ན་ལ་བརྩོན་པར་བྱའོ། །སྔོན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ། སློབ་མ་གཅིག་གིས། བླ་མའི་གསུང་བཞིན་ཚེ་འདིའི་འཁྲི་བ་བཅད། ཆུ་བུག་སྒོ་ལ་འདྲིལ་བ་བྱས་ནས་རྩེ་གཅིག་ཏུ་བསྒོམས་པས་བླ་མ་སངས་རྒྱས་སུ་མཐོང་བ་སོགས་ཀྱི་ཡོན་ཏན་མང་རབ་བྱུང་ལགས་པ་བཀའ་དྲིན་ཆེ། ད་འདི་བཞིན་བྱས་ནས་བསྡད་ན་དགའ་འམ། མཚམས་བཏོན་ནས་སྐུ་མདུན་དུ་འོང་ན་དགའ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་འཕྲད་དུ་འོང་མི་དགོས། བླ་མའི་རྣལ་འབྱོར་སྒོམ་པ་དང་མ་བྲལ་ན་ཚེ་རབས་ཐམས་ཅད་དུ་བླ་མ་དང་མི་འབྲལ་བ་ཡིན་གསུངས། དེས་ན་བླ་མ་དང་འབྲལ་བ་མེད་པར་འདོད་པས་དུས་རྟག་ཏུ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་འབད་དགོས། ཡང་ཆོས་རྗེ་རྒོད་ཚང་པས་ཉམས་ལེན་མཐིལ་བླ་མའི་གསོལ་འདེབས་ལ་མཛད་པ་ལ། དགེ་སློང་སངས་རྒྱས་འོད་ཀྱིས། གསོལ་འདེབས་ཀྱི་ཕན་ཡོན་ཞུས་པ་ལ་འདི་ལྟར་གསུང་སྟེ། གསོལ་བ་བཏབ་པའི་ཕན་ཡོན་ནི། །སྤྱིར་ནི་བསམ་གྱིས་མི་ཁྱབ་ལགས། །མདོ་ཙམ་བསྡུ་ན་འདི་ཚོ་ཡིན། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྗེ་དང་ཐུགས་ཡིད་གཅིག་ཏུ་འདྲེ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཐུན་མོང་མ་ཡིན་རྟོག་པ་འཆར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྒྱུན་ཆད་མེད་པའི་ཉམས་མྱོང་ཡོང་། །གསོལ་བ་བཏབ་པའི་ཕན་ཡོན་ནི། །དཀོན་མཆོག་ཐུགས་རྗེས་རྟག་ཏུ་སྐྱོབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཅི་བསམ་དགོས་འདོད་ལྷུན་གྱིས་འགྲུབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །མཁའ་འགྲོ་ཆོས་སྐྱོང་བུ་བཞིན་གཟིགས། །གསུངས། དགེ་བཤེས་སྟོན་པའི་ཞལ་ནས། ངས་ནི་ཡི་དམ་ལྷ་ལ་གསོལ་བ་བཏབ་པ་ལས། ཨ་ཏི་ཤ་ལ་གསོལ་བ་བཏབ་པ་བྱིན་རླབས་ཆེ་བར་ཉམས་མྱོང་ཡོད་གསུངས། རོང་ཆུང་རས་པས། རྗེ་བཙུན་ལག་བསྒོམ་པ་དང་བླ་མ་ལ་གསོལ་བ་བཏབ་པ་ཕན་ཐོག་གང་ཆེ་ལགས་ཞུས་པས། རྗེ་མི་ལའི་ཞལ་ནས། བླ་མ་མཚན་ལྡན་ཞིག་ལ་སློབ་མ་གུས་ལྡན་པ་ཞིག་གིས་གསོལ་བ་བཏབ་ན་སྒོམ་ཞོར་ལ་འོང་གསུངས། དེས་ན་དུས་རྒྱུན་དུ་བླ་མ་ལ་གསོལ་བ་འདེབས་པ་གལ་ཆེ། གཞན་ཡང་བླ་མ་ལན་རེ་ཙམ་དྲན་པའི་ཕན་ཡོན་ནི། ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། གང་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་བསྐྱེད་པ་ལས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་བ་སྐད་ཅིག་དྲན་པ་བསོད་ནམས་ཆེ། དེ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བསྒོམས་པ་བས་བླ་མ་སྐད་ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་འདི་ཉིད་དུ་སངས་རྒྱས་པའི་ཕྱིར་རོ། །ཞེས་དང་། ཀུན་འདུས་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་པས། །བླ་མ་དྲན་པ་བསོད་ནམས་མཆོག །བསོད་ནམས་འདིའི་ཕ་མཐའ་ཡས། །གསུངས། ཀྲི་ཡ་དཔུང་བཟང་གི་རྒྱུད་ལས། གསྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་ཀུན་གྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །གསུངས། བླ་མ་མཐོང་བའི་ཕན་ཡོན་ནི། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་མཐོང་བ་ནི། ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི་འབྱུང་གནས་སོ། །བྱང་ཆུབ་སེམས་དཔའི་སྐྱོད་པ་ཐམས་ཅད་ཡོངས་སུ་ནག་ཅིང་ཡོངས་སུ་རྫོགས་པའི་རྒྱུའོ། །དྲན་པ་རྣམ་པར་དག་པ་བྱེད་པའོ། །གཟུངས་ཀྱི་དཀྱིལ་འཁོར་ལ་སྦྱོར་བའོ། །ཏིང་ངེ་འཛིན་གྱི་སྣང་བ་སྐྱེད་པའོ། །སངས་རྒྱས་མཐོང་བ་སྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་འབབ་པའོ། །ཞེས་དང་། གྲོ་ལུང་པའི་བསྟན་རིམ་ལས། དེ་མཐོང་བས་ཀྱང་ཡོན་ཏན་རིན་ཆེན་ཚོགས། །ཀུན་འབྱུང་རྒྱལ་སྲས་སྤྱོད་པ་རྫོགས་པའི་རྒྱུ། །དྲན་དང་ཏིང་འཛིན་གཟུངས་སོགས་འགྲུབ་པ་སྟེ། །སངས་རྒྱས་མཐོང་ཞིང་དོན་ཆེན་ཀུན་རྫོགས་འགྱུར། །གསུངས། །ཕ་དམ་པའི་ཞལ་ནས། ཡི་དམ་གྱི་ལྷ་བརྒྱའི་ཞལ་མཇལ་བ་ལས། བླ་མའི་ཞལ་རས་ལན་ཅིག་མཇལ་བ་ཕན་ཡོན་ཆེ་སྟེ་བོད་བླུན་པོ་ཚོས་མི་གོ ། འགྲང་བའི་མི་ལ་མར་ཟན་བརྒྱ་བྱིན་པ་ལས། རྟོགས་པའི་མི་ལ་ཟན་ཆང་གཅིག་བྱིན་པ་བསོད་ནམས་ཆེ་སྟེ་བོད་བླུན་པོ་ཚོས་མི་གོ་གསུངས་སྐད། དེས་ན་དུས་རྟག་ཏུ་བླ་མ་ཡིད་ལ་ཡང་ཡང་དྲན་ཞིང་ཞལ་མཇལ་ཕྱག་དབང་ཞུ་བ་ལ་ཡང་བརྩོན་པར་བྱའོ། །

ཡང་སྐུ་བཞེངས་པ་དང་མཆོད་ཅིང་བསྟོད་པའི་ཕན་ཡོན་ནི། ཨ་ཏི་བཀོད་པའི་རྒྱུད་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་བས། །བླ་མའི་སྐུ་འབག་སུས་བྲིས་པ། །འདིནི་བསོད་ནམས་ཁྱད་པར་འཕགས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །གང་གིས་བླ་མའི་སྐུ་འབག་ལ། །མཆོད་ཅིང་བསྟོད་པ་སུས་བྱས་པ། །རྡོ་རྗེ་འཆང་ལ་བསྐལ་པ་བརྒྱར། །མཆོད་ཅིང་བསྟོད་པའི་བསོད་ནམས་ཆེ། །འབུམ་ཕྲག་སུམ་ཅུ་རྩ་ལྔ་ཡང་། །ཕོད་ཅིང་མཉམ་པ་མ་ཡིན་ནོ། །གསུངས།

འདས་མཆོད་བྱས་པའི་ཕན་ཡོན་ནི། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། འབླ་མ་འདས་ནས་གདུངས་པས་མཆོད་བྱསན། །དགེ་བའི་རྣམ་སྨིན་བླ་མའི་རྗེས་འབྲངས་ཏེ། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང༌། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །ཞེས་དང་། ཨ་ཏི་བཀོད་པའི་རྒྱུད་ལས། འའདས་པའི་ལོ་ཟླ་ཚེས་གྲངས་ལ། །མནོར་བ་ནི་བརྩིས་བྱས་ནས། །མཆོད་པའི་རྣམ་པ་སུས་བྱས་པ། །ཚོགས་གཉིས་རབ་ཏུ་རྫོགས་པ་དང་། །ཚེ་འདིར་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་དང་། ཤ་ར་བའི་ཞལ་ནས། འའདུས་བྱས་ཀྱི་དགེ་བ་ལ། དགེ་བའི་བཤེས་གཉེན་ལ་འདས་མཆོད་བྱས་པ་བསོད་ནམས་ཆེ་གསུངས། དེས་ན་བླ་མའི་སྐུ་བཞེངས་པ་དང་། སྐུ་གཟུགས་ལ་མཆོད་ཅིང་བསྟོད་པ་དང་། ཞིང་བ་རྗེས་དུས་འདས་མཆོད་ཀྱང་ཕུན་སུམ་ཚོགས་པ་བྱའོ། །ཡང་བླ་མ་བསྟེན་ཚུལ་ཅུང་ཟད་རེ་ལོག་ན་ཡང་དོན་མི་འགྲུབ་སྟེ། ཌ་བྷི་ཧེ་རུ་ཀས་དང་པོ་ཕྱུགས་རྫི་བྱེད་པའི་དུས་སུ། ནཱ་རོ་བ་ཆེན་པོ་ལ་དད་ནས་ཡང་ཡང་མཇལ་བས། ནཱ་རོ་བའི་ཞལ་ནས། ཁྱོད་ང་ལ་དད་དམ་གསུངས། དད་ལགས་ཞུས་པས། འོན་ཆང་ཞིག་ཁྱེར་ལ་ཤོག་གསུངས། ཕྱིན་པས་དེའི་ནུབ་འཁོར་ལོ་བདེ་མཆོག་གི་དབང་བསྐུར་བས། དབང་ཐོབ་པ་དང་གྲུབ་པ་ཐོབ་པ་མཉམ་དུ་བྱུང་། དེའི་ཚེ་བྲམ་ཟེ་ཞིག་ཌོཾ་བྷི་པ་ལ་དད་ནས་ཆོས་ཞུ་ཟེར་བ་ལ། བླ་མ་ཌོ་བྷི་པའི་ཞལ་ནས། བྲམ་ཟེ་ལ་ང་རྣལ་འབྱོར་པའི་ཕྱིའི་ཀུན་སྤྱོད་ལ་མ་དད་ཡོན་ཏན་འགྲིབ་པ་ཡིན་ནོ་གསུངས། བྲམ་ཟེས་ཌོཾ་བྷི་པ་ལ་བརྟེན་ནས་རྫུ་འཕྲུལ་དང་མངོན་ཤེས་ཐོབ་ཅིང་། བླ་མ་ལ་བསྙེན་བཀུར་ཚུལ་བཞིན་དུ་བྱེད་པའི་ཚེ། བླ་མས་ཆང་སྐུགསོལ་བའི་ཞལ་སྐྱགས་ཅུང་ཟད་བྲམ་ཟེའི་མགོ་ལ་ཕོག་པ་བྲམ་ཟེ་གཞན་ཞིག་གིས་མཐོང་བ་དེ་ན་རེ། དེ་འདྲ་ཁྱོད་ཀྱི་བླ་མ་ཡིན་ནམ་ཟེར་བ་ལ། ཁོས་ངའི་བླ་མ་མིན་བྱས་པས། ཁོའི་རྒྱུད་ཀྱི་མངོན་ཤེས་དང་རྫུ་འཕྲུལ་ཐམས་ཅད་དུང་གི་རྡུལ་ཕྱིས་པ་བཞིན་དུ་སོང་ངོ་། །ཡང་སྣར་ཐང་པའི་ལམ་མཆོག་འགྲེལ་བ་ལས། བླ་མ་རིགས་ངན་གྱི་ཁྲིའི་དྲུང་ན་སློབ་མ་རྒྱལ་པོ་ཡོད་པའི་མགོ་ཐོག་ཏུ་བླ་མའི་སྐྱག་པ་བྱུང་བ་ལ་བྱིན་རླབས་བྱུང་སྙམ་པའི་དད་གུས་ཀྱིས་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་ཅིང་། དེ་ནས་མི་མང་པོས་བསྐོར་བའི་ཚེ། བླ་མ་བྱོན་པ་ལ་ཡིད་ཀྱིས་དད་གུས་བྱས། དངོས་སུ་མིས་འཕྱས་དོགས་ནས་ཕྱག་མ་བྱས་པས་དངོས་གྲུབ་ཡལ་སྐད། སྔོན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནས་སངས་རྒྱས་ཡེ་ཤེས་ཞབས་ལ་ཁྱོད་ཐོག་མར་ལྷ་འམ་ང་ལ་ཕྱག་བྱེད་གསུངས་པས། ད་ལམ་ལྷ་གལ་ཆེ་སྙམ་ནས་ཕྱག་མཛད་པས་ལྷ་མེད་སོང་། གཟོད་བླ་མ་རང་ལ་ཕྱག་བྱས་པས་དངོས་གྲུབ་ཐོབ་པར་ཞེས་གསུངས། དེས་ན་རང་རེ་ལ་དུས་གསུམ་སངས་རྒྱས་རྣམས་ལས་ཀྱང་བླ་མ་དགེ་བའི་བཤེས་གཉེན་རྣམས་བཀའ་དྲིན་དང་བྱིན་རླབས་ཆེ་བ་ཡིན་པས། བླ་མ་བཞེངས་ཤིང་ཕེབས་པའི་དུས་ཕྱག་དང་ལྡང་བ་ཙམ་ཡང་མ་བྱས་པར་བསྡད་ན་ཡང་ཉེས་དམིགས་ཆེ་བས་དུས་རྟག་ཏུ་བླ་མ་ཕྱག་མཆོད་ཞིང་གི་མཆོག་ཏུ་གོ་ནས་ཕྱག་འཚལ་ཞིང་བསྐོར་བ་བྱེད་པ་དང་། མཆོད་བསྟོད་བཀུར་བ་ལ་འབད་པར་བྱའོ། །སྔོན་སངས་རྒྱས་ཡེ་ཤེས་ཀྱིས་འཁོར་ལྔ་བརྒྱ་ཙམ་ལ་ཆོས་འཆད་པའི་ཚེ། འཇམ་དཔལ་བཤེས་གཉེན་ཐག་རིང་པོ་ནས་བྱོན་པ་མ་གཟིགས་པ་ལྟར་སྤྱན་བྱོལ་པས་སྤྱན་གཉིས་ས་ལ་ལྷུང་། གསོལ་བ་བཏབ་པས་ཡེ་ཤེས་ཀྱི་སྤྱན་གནང་སྐད། སྔོན་གླིང་རས་པས་ཕྱག་རྒྱ་མ་བསྟེན་པ་ལ། བླ་མ་ཁྱུང་ཚང་པ་མ་མཉེས་པར་བཀའ་བཀྱོན་འགའ་ཡར་གནང་ཟློབར་ལན་ཅིག་མ་དད་པ་ཞིག་བྱུང་། རྒྱུ་དེ་ལ་བརྟེན་ནས་ད་ལྟ་མི་ཁ་ཅུང་ཟད་རེ་ཟེར་བ་ཡང་དེས་ལན་སྙམ་གསུངས། ཡང་སྔོན་སློབ་དཔོན་ནག་པོ་སྤྱོད་པ་དང་། པཎྜི་ཏ་རྒྱལ་བའི་ལྷས་བླ་མའི་བཀའ་བཅག་ནས་སྤྱོད་པ་ལ་བྱོན་ནས། གཉིས་ཀ་ལ་ཁྲག་ཐུར་དུ་ཟགས་ཏེ་གྲོངས་པའི་ཚུལ་བསྟན། དེས་ན་བླ་མ་ལ་མ་དད་པ་ཅུང་ཟད་རེ་དང་། བཀའ་ལན་རེ་ཙམ་བཅག་ན་ཡང་ཉེས་དམིགས་ཆེ་བས། དུས་ཀུན་དད་ཅིང་གུས་པའི་སྒོ་ནས་བླ་མའི་བཀའ་བཞིན་སྒྲུབ་པ་གཅེས་སོ། །སྔོན་འཕན་ཡུལ་ནང་ན། ཇོ་གདན་པ་ཞིག་གིས་མི་བསད་པས་ཚོགས་གྲལ་ནས་ཕུད་པས། དེ་ཕུར་མདོ་ན་ཆུང་མ་ཞིག་དང་འབྲེལ་ཡོད་པ་ལ། ལན་ཅིག་སྤྱན་སྔ་ཚུལ་ཁྲིམས་འབར་དང་མཇལ་བས་སྤྱན་སྔ་བས་ལས་རྒྱུ་འབྲས་གསུངས་ནས། མདོ་འགག་བླ་མ་དམ་པ་ཞིག་བསྟེན་དགོས་ཚུལ་ཞིབ་པར་གསུངས་པས། ཇོ་གདན་གྱི་བསམ་པ་ལ་བླ་མ་འདི་ཚོ་མི་མགོ་བསྐོར་བའི་རྫུན་ལབ་པ་ལ་ནི་མཁས་པར་གདའ། འོན་ཀྱང་རྭ་སྒྲེང་དུ་འབྲོམ་གྱི་སྐུ་མདུན་དུ་ཕྱིན་པ་ཞིག་བྱས་ནས་དད་པ་ཞིག་སྐྱེ་ཨེ་ཐུབ་བསམས་ནས་ཕྱིན་པས། འབྲོམ་འདས་པ་དང་ཐུག །དེ་ནས་དགེ་བཤེས་དགོན་པ་བ་དང་མཇལ་བས། དགེ་བཤེས་དགོན་པ་བས་ཆོས་གསུངས་པ་ཐམས་ཅད་ལ་ཁོ་ཡིད་མ་ཆེས་ཏེ། ལན་ཅིག་ཚོགས་གཅིག་ན། འདི་འོག་སྟོང་ཕྲག་ཉི་ཤུན། །མནར་མེད་དཔའ་བོ་དེ་ཙམ་མོ། །གསུངས་པས། དེར་ཇོ་གདན་ཡིད་མ་ཆེས་ཏེ། འདི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མི་སུས་ཕྱིན་ནས་མནར་མེད་པ་ཡོད་པ་མཐོང་བ་ལགས་ཞུས་པས། དགེ་བཤེས་དགོན་པ་བ་རེ་ཤིག་སྤྱན་ཆབ་ཀྱིས་བ་རྣངས་ནས་ལན་མ་ཐེབ་པས། དགེ་བཤེས་ཀར་སྡེ་དེ་ཐམས་ཅད་མཁྱེན་པས་གསུངས་པ་ཡིད་ཆེས་ཀྱི་གནས་སུ་བཟུང་དགོས་པ་མ་གཏོགས། དེ་ན་ཕྱིན་མཁན་གྱིས་བཤད་པ་ལ་ཡིད་བརྟན་བྱས་པ་མིན་བྱས་པས། ཇོ་གདན་དེས། དེས་ན་ཐམས་ཅད་མཁྱེན་པ་ཡང་། ཐམས་ཅད་མཁྱེན་པ་ཡིན་ཞེས་མནའ་ཨེ་ཐོན་ཟེར་ནས་ལང་སོང་། ཕྱིས་ཇོ་གདན་དེ་ལ། རྒྱལ་གསེར་ཁང་པའི་བན་དེ་ཞིག་གིས། ཁྱོད་དགེ་བཤེས་དགོན་པ་བ་ལ་དད་པ་སྐྱེས་སམ་བྱས་པས། དགེ་བཤེས་དགོན་པ་བ་དེ་རྫུན་མ་རླབས་པོ་ཆེ་ཞིག་འདུག །ཁོ་དེ་ངུ་བ་སྐད་མང་པོ་བྱེད་འདུག་སྟེ། ཕོ་ཁྱོ་ག་ང་མགོ་བསྐོར་ཐུབ་པ་ཞིག་མིན་ཟེར། དེས་ན་ཁྱོད་དགོན་པ་བ་ལ་དད་པ་ཡོད་དམ་དྲིས་པས། ཁོ་ན་རེ་དད་པའམ་དེ་ཅི་ལ་ཟེར་མི་ཤེས། སྤྱིར་ཆོས་སྒོར་ཞུགས་པ་དང་། བསྙེན་རྫོགས་བྱས་པ་དང་། སྦྱངས་པ་བྱས་པ་དང་། ཆོས་ཞུས་པ་ཐམས་ཅད་ལས་བྱང་ཆུབ་བཟང་མོ་དང་ནུབ་གཅིག་ཉལ་བ་གཉིས་ནུབ་གཅིག་ཉལ་བ་དེ་ལ་དགའ་བ་བྱུང་ཟེར། གཏམ་དེ་ཁམ་པ་ལུང་པས་གསན་པས་ཞག་བཅུའི་བར་དུ་རྣལ་ཡེ་མ་བྱུང་བར་བཤུམས་གདའ། དེས་ན་ཇོ་གདན་པ་དེ་འདྲ་བ་ཞིག་ཏུ་ནམ་ཡང་མི་འགྲོ་བའི་སྨོན་ལམ་འདེབས་དགོས། མདོར་ན་བླ་མ་བསྟེན་དུས། བཀའ་བཀྱོན་གནང་ཡང་དད་ལོག་མི་བྱེད་ཅིང་། བླ་མ་ཁུར་དུ་མ་སོང་རྒྱན་དུ་འགྲོ་བ་ཞིག་བྱ་དགོས་ཏེ། གཙང་པ་རྒྱ་རས་ཀྱི་ཞལ་ནས། བདེ་སྐྱིད་འཛོམས་ཙ་ན་ཁ་ཕོ་སུས་ཀྱང་ཐོང་། སྡུག་ཐུག་ཙ་ན་ཁ་ཕོ་ཐོན་པ་ཞིག་གྱིས། བླ་མས་ཐུགས་ལ་འདོགས་ཙ་ན་མོས་གུས་སུས་ཀྱང་སྐྱེ། བཀའ་བཀྱོན་བཏང་ཙ་ན་དད་པ་མ་ལོག་པ་ཞིག་གྱིས། འགལ་རྐྱེན་མེད་དུས་ཇོ་བཟང་སུས་ཀྱང་ཡོང་། རྐྱེན་ངན་བྱུང་ཙ་ན་གཉེན་པོས་སླེབས་པ་ཞིག་གྱིས་གསུངས། དགེ་བཤེས་དོལ་བས། ཕུ་ཆུང་བ་ལ་བླ་མ་བསྟེན་ཚུལ་ཞུས་པས། དགེ་བཤེས་པའི་ཞལ་ནས། བླ་མ་བསྟེན་པའི་དུསན། དགེ་བའི་བཤེས་གཉེན་གྱི་རྒྱན་དུ་འགྱུར་བར་བྱ་ཡི། ཁུར་དུ་འདུག་པ་མི་བྱ། གསུངས། དེའི་དོན་ནི། དཔེར་ན་རྒྱན་བཟང་པོ་བཏགས་པའི་མི་དེ་རྒྱན་གྱིས་སྐྱོ་བར་མི་འགྱུར་གྱི། རྒྱན་ཡོད་པ་དེ་སྲིད་དུ་དགའ་བར་འགྱུར་བ་བཞིན་དུ། བླ་མའི་དྲུང་ན་འདུག་པའི་དུས་སུ། བླ་མ་དགྱེས་པར་འགྱུར་བ་བྱ་ཡི། སྐྱོ་བར་འགྱུར་བ་མི་བྱ་གསུངས། དེས་ན་རྒྱལ་བའི་གསུང་རབ་བླ་མ་གོང་མ་རྣམས་ཀྱི་གསུང་བཞིན་མཚན་ལྡན་གྱི་བླ་མ་ཚུལ་བཞིན་དུ་བསྟེན་པ་ལ་འབད་པར་བྱའོ། །དེ་ལྟར་མཚན་ལྡན་གྱི་བླ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས། ཐོས་པ་བྱེད་དགོས་ཏེ། སྔོན་འདས་པའི་དུས་དྲང་སྲོང་ཆེན་པོ་མཆོག་ཅེས་བྱ་བ། མངོན་པར་ཤེས་པ་ལྔ་དང་ལྡན་པ་རྟག་ཏུ་བྱམས་སྙིང་རྗེ་དང་ལྡན་པ་ཞིག་བྱུང་བ་ལས། དེ་འདི་སྙམ་དུ་འདི་ཙམ་གྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སེལ་ཡང་མི་ནུས། འཕགས་པའི་ལྟ་བ་བསྐྱེད་ཀྱང་མི་ནུས་སོ། །འཕགས་པའི་ལྟ་བ་གང་ལས་སྐྱེ་ན་མང་དུ་ཐོས་པ་དང་། ཚུལ་བཞིན་དུ་སོ་སོར་རྟོགས་པ་ལས་སྐྱེ་བས་ཐོས་པ་བཙལ་ལོ་སྙམ་དུ་བརྩོན་པ་ན། སངས་རྒྱས་བཅོམ་ལྡན་འདས་མཐོང་སྟེ་ཆོས་དུ་མ་བསྟན་ནས། ཁྱོད་རྟག་ཏུ་འདུ་འཛི་མེད་པར་ཚུལ་བཞིན་དུ་སོ་སོར་རྟོགས་པ་ལ་བརྩོན་པར་བྱ་ཞེས་གསུངས། ཡང་སངས་རྒྱས་བཅོམ་ལྡན་འདས་ལ། འཁོར་རྣམས་ཀྱིས་སྦྱིན་པ་དང་། ཚུལ་ཁྲིམས་གཉིས་དང་། ཐོས་པ་བསོད་ནམས་གང་ཆེ་ཞུས་པའི་ལན་དུ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་མདུན་ན་ཡུངས་འབྲུ་གཅིག་འདུག་པ་བཞིན་དུ་སྦྱིན་པའི་ཚོགས་དང་ཚུལ་ཁྲིམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །རིའི་རྒྱལ་པོ་རི་རབ་ཇི་ལྟ་བ་བཞིན་དུ་ཐོས་པའི་ཚོགས་ལྟ་བར་བྱའོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པ་རྣམས་ཀྱིས། ཐོས་པའི་ཚོགས་ལ་བརྩོན་པར་བྱའོ། །གསུངས། འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྤྲིན་མེད་ཅིང་གནམ་དྭངས་བའི་ནམ་མཁའ་ལ་ནི་ཆར་འབབ་པའི་རྒྱུ་མེད་དོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་ཉུང་བ་ལ་ཡང་དམ་པའི་ཆོས་ཀྱི་ཆར་འབབ་པའི་རྒྱུ་མེད་དོ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེརན་སྤྲིན་མེད་གནམ་ཐང་ནམ་མཁའ་ལ། །ཆར་འབབ་པ་ནི་ནམ་ཡང་མི་དམིགས་སོ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཐོས་ཉུང་ལ། །ཆོས་སྟོན་ནམ་ཡང་དམིགས་པར་མི་འགྱུར་རོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྤྲིན་ཆེན་པོ་ལས་བྱུང་བའི་ཆར་གྱི་རྒྱུན་ནི་ལོ་ཏོག་ཐམས་ཅད་ལ་མངོན་པར་འབབ་བོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། མང་དུ་ཐོས་པའི་ཆོས་ཀྱི་སྤྲིན་ལས་བྱུང་བའི་དམ་པའི་ཆོས་ཀྱི་ཆར་ཡང་སེམས་ཅན་ལ་མངོན་པར་འབབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེརན་སྤྲིན་ཆེན་གློག་དང་བཅས་པ་ལས། །ཆར་པ་འབབ་པས་ལོ་ཏོག་ངོམས་པར་བྱེད། །དེ་བཞིན་བྱང་ཆུབ་སེམས་དཔའི་དམ་ཆོས་ཀྱི། །སྤྲིན་བྱུང་ཆོས་ཀྱིས་སེམས་ཅན་ཚིམ་པར་བྱེད། །གསུངས། ཡང་སྔོན་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་སྒྲ་ངང་བ་ལྔ་བརྒྱས་ཐོས་པས་དད་ནས་ཤི་འཕོས་མ་ཐག་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པ་ལ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི་ངོ་མཚར་རྨད་དེ། ཆོས་ཀྱི་ཆར་གྱིས་ངོམས་པ་མ་མཆིས་སོ། །ཆུང་ངུ་ན་དུད་འགྲོའི་སྐྱེ་གནས་ལྟ་བུ་ཡང་ཆོས་ཐོས་པས་བསོད་ནམས་ཐོབ་ན་མི་ལྟ་ཅི་སྨོས་ཏེ། དད་པའི་སེམས་ཀྱིས་གཟུངས་སུ་བཟུང་བའི་བསོད་ནམས་ཀྱི་འབྲས་བུ་དེ་བས་བརྒྱ་སྟོང་གིས་ལྷག་སྟེ་དཔེར་མ་མཆིས་སོ་གསུངས། སྔོན་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་དུས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། མི་གཉིས་ཀྱིས་བསྙེན་གནས་བླངས་ཏེ་བསྲུངས་བ་ལས། གཅིག་གིས་གཙང་མར་བསྲུངས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། གཅིག་གིས་བསྙེན་གནས་རལ་བས་ཀླུར་སྐྱེས་པ་ལས། བསྙེན་གནས་ཀྱི་དཔེ་བླངས་ནས་ཡང་བསྙེན་གནས་བསྲུངས་པས། ཕྱིས་ལྷར་སྐྱེས་ནས་སྟོན་པ་མཆོད་དུ་བྱུང་བ་ལ། ཆོས་བསྟན་པས། འཁོར་བའི་རྒྱ་མཚོ་ལས་ཐར། འཕགས་པའི་གོ་འཕང་ཐོབ་སྐད། ཡང་གཅིག་གིས་སངས་རྒྱས་འོད་སྲུངས་ཀྱི་དུས་སུ། དགེ་བསྙེན་གྱི་བསླབ་པ་བླངས་པ་ཉམས་པས་ནེ་ཙོར་སྐྱེས་ནས། སངས་རྒྱས་ཤཱཀྱ་ཐུབ་པ་དང་མཇལ་ཏེ་སེམས་དད་ཅིང་གུས་པར་གྱུར་པ་ལས་རེ་ཞིག་ན་ཁྲས་བསད་དེ་ཤི་བར་གྱུར་པ་ལྷར་སྐྱེས་ནས། སྟོན་པ་ལས་ཆོས་མཉན་པས་འཕགས་པ་ཐོབ་སྐད། ཡང་སུམ་ཅུ་རྩ་གསུམ་གྱི་ལྷནོར་བུ་དྲི་མ་མེད་པ་ཞེས་བྱ་བ་དེས་སྔོན་ཕ་བསད་པ་ལས། འཆི་ཁར་བཤེས་གཉེན་དམ་པ་དང་འཕྲད་པའི་མཚམས་སྦྱོར་ཁྱད་པར་ཅན་བྱུང་བ་དང་། སྔོན་གྱི་དགེ་བའི་ལས་ཤིག་གིས་ཐོག་མར་ལྷར་སྐྱེས། ཕྱིས་དམྱལ་བར་སྐྱེས་ཏེ་ངན་སོང་དང་མི་ཁོམ་པར་གཏན་འཁྱམས་ལྟ་བུར་བྱ་དགོས་པ་ལས། དེ་ལ་སོགས་པའི་སེམས་ཅན་གྱི་ཕྱིར་སྤྱོད་རྒྱུད་གསུངས་ཤིང་། དེ་དམྱལ་བར་སྐྱེ་བ་ལ་བརྒྱ་བྱིན་གྱིས་ཆོས་གསུངས་པ་དག་བྱས་པས། དེ་དགའ་ལྡན་གྱི་ལྷར་སྐྱེས་གསུངས། ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཁམས་འདིར་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། ལྷ་མིའི་གཙོར་བྱས་པའི་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་མང་པོས་བཀའ་ཆོས་ཐོས་པས་སྐད་ཅིག་ཙམ་དང་། དར་ཅིག་ཙམ་བསྒོམས་པས་ཀྱང་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། རྗེས་སུ་ཉེ་གནས་ཀུན་དགའ་བོས་ཀྱང་ཞག་བདུན་ཙམ་ལས་བསྒོམ་མ་དགོས་པར་དགྲ་བཅོམ་པ་ཐོབ་པར་གསུངས། དེས་ན་མཚན་ལྡན་གྱི་བླ་མ་དམ་པའི་ཞབས་དྲུང་ནས། ཐེག་པ་ཆེན་པོའི་བཀའ་ཆོས་ཞུས་ནས་ཉན་པ་ལ་བརྩོན་པར་བྱའོ། །ཡང་སྔོན་ཚོང་དཔོན་ཞིག་རྒྱ་གར་མཐའ་ཕྱོགས་ཞིག་ལ་ཚོང་དུ་འགྲོ་ཁར། ནང་མི་རྣམས་ཀྱིས་ནོར་དངོས་པོ་འདི་འདྲ་ཁྱེར་ཤོག་ཅེས་གཉེར་དམ་བྱས་པའི་ཚེ། ནེ་ཙོ་སྨྲ་མཁན་ཞིག་ཡོད་པ་དེ་ལ། དངོས་པོ་གང་ཁྱེར་ཡོང་དགོས་བྱས་པས། ནེ་ཙོ་ན་རེ། གཞན་གང་ཡང་མི་དགོས། ལམ་ཁར་ནེ་ཙོའི་ཁྱུ་ཆེན་པོ་ཞིག་དང་འཕྲད་བྱུང་ན། དེའི་དབུས་སུ་སོང་ལ། ནེ་ཙོ་སྨྲ་མཁན་གྱིས་ཁྱེད་རྣམས་ཁམས་བཟང་ཞིང་བཟའ་ཤིང་གི་ར་བ་ན་གང་སྐྱིད་སྐྱིད་བྱས་སྡོད་པ་དགའ་སྟེ། ང་མིའི་ལག་ཏུ་ཐེབས་ནས་སྦུབས་ཤིན་ཏུ་འཐུམས་པ་ཞིག་འདུག་པས། དེ་ལས་ཐར་པའི་ཐབས་གང་འདྲ་བྱས་ན་དྲག་གམ་ཞེས་འཕྲིན་བསྐུར་བྱུང་ཞེས་ལབ་རོག་གྱིས་བྱས་སོ། །དེ་ནས་ཚོང་དཔོན་ལམ་དུ་ཐོན་ནས་ཟླ་ཤས་སོང་ཚེ་ནེ་ཙོའི་ཁྱུ་ཆེན་པོ་ཞིག་དང་འཕྲད་དེའི་དབུས་སུ་སོང་ནས་འཕྲིན་བསྐྱལ་བའི་ཚེ། ནེ་ཙོ་དེ་རྣམས་ཀྱི་ནང་ནས་གཅིག་སེམས་སྡུག་དྲན་མེད་བརྒྱལ་བ་ལྟ་བུའི་གཤོག་པ་ལྷེབ་ལྷེབ་བྱེད་ཅིང་སྐད་ཅིག་ལ་ལྗོན་ཤིང་གི་རྩེ་ནས་ས་ལ་ལྷུངས་ཏེ་ཤི་སོང་བ་ལྟར་བྱས་བས། ཚོང་དཔོན་གྱིས་འཕྲིན་བསྐྱལ་བ་དྲན་སྡིག་པ་ཆེན་པོ་བསགས་སྙམ། འགྱོད་བཞིན་ཚོང་ལ་ཕྱིན་ཚོང་ཐེབས་ནས་ནང་དུ་འཁོར་བ་དང་། ནེ་ཙོ་སྨྲ་མཁན་གྱིས་འཕྲིན་ཨེ་བསྐྱལ་བྱས་ཚེ། ཚོང་དཔོན་གྱིས་འཕྲིན་བསྐྱལ་ཏེ། ཐོས་མ་ཐག་ནེ་ཙོ་གཅིག་ཤི་སོང་བྱས་པས། དེ་ཐོས་པ་དང་དུས་མཉམནེ་ཙོ་སྨྲ་མཁན་དེ་ཡང་སྡུག་བསྔལ་བའི་ཉམས་དང་བཅས་ཏེ་ཚང་ནང་ནས་གློ་བུར་དུ་ཤི་སོང་བ་ལྟར་བྱས་ཚེ། ཚོང་དཔོན་དེ་ཡང་འགྱོད་པ་རྟས་མི་ཟིན་པ་བྱུང་ནས། ང་ཡིས་འཕྲིན་དེ་འདྲ་གང་དུ་བསྐྱལ་བའི་ས་དེར་སྡིག་པ་ཚབས་ཅན་བསགས། ད་ཆ་ངསནེ་ཙོ་སྙིང་རྗེ་བ་འདི་ཡང་མེད་པར་བྱས་ཚར་སྙམ་ཚང་ནས་ཕྱིར་བཏོན་འགྲམ་དུ་དུ་ཡིན་བསྡད་པས། ནེ་ཙོ་ཤི་རྫུ་བཏབ་པ་ལས་ལངས་ཏེ་བཏབ་བཏབ་པ་བྱས་འཕུར་ནས་རྒྱ་གར་ལ་སོང་ངོ་། །དེ་ལ་དཔག་ནས་ནེ་ཙོ་སྔ་མ་དེས་ཀྱང་ཤི་རྫུ་བྱས་པ་ཡིན་པར་ཤེས་སོ། །དེ་ཡང་ནེ་ཙོ་སྔ་མ་དེས་ཤི་རྫུ་གྱིས་དང་ཚང་ནས་ཐར་ཡོང་ཞེས་བརྡ་བསྟན་པ་དེའི་དོན་ནེ་ཙོ་སྨྲ་མཁན་གྱིས་གོ་ནས། ཤི་རྫུ་བྱས་པས་ཚང་ནས་ཐར་ཏེ་རྒྱ་གར་དུ་སླེབ་པ་བཞིན། བླ་མ་དམ་པས་འཁོར་བ་ནས་ཐར་པའི་ཐབས་དམ་པའི་ཆོས་བསྟན་པ་དེའི་དོན་སློབ་མ་རྣམས་ཀྱིས་གོནས། དེ་བཞིན་ཉམས་སུ་བླངས་ན་འཁོར་བ་ལས་ཐར་ནས་བདེ་ཆེན་སངས་རྒྱས་ཀྱི་ས་ལ་སླེབ་ངེས། སྔོན་ལོང་བ་ཞིག་གིས། སྟོན་དུས་ནང་མི་རྣམས་བཙས་མ་རྒྱག་ཏུ་སོང་བའི་ཤུལ་དུ་ནང་བསྲུངས་ནས། ཉི་མ་མང་པོ་བསྡད་པས་སེམས་སུན་སྡོད་མ་ཚུགས་པར་ཉིན་གཅིགནང་ནས་ཕྱིར་ཐོན་ཕར་རྒྱང་རིང་ཞིག་ཏུ་ཁམས་བསེང་བྱེད་དུ་སོང་བས། སླར་ཕྱིར་འོང་དུས་མགོ་འཐོམས་ནས་ལམ་མ་ཤེས་དུས་ཁོང་སང་གི་གླང་རི་ཁར་ཡོད་པའི་སྐད་གོ་ཆེ་ཁོའི་བསམ་པ་ལ། ད་གླང་གི་མཇུག་མ་ལག་ཏུ་ཐེབས་ན་ཁོནང་དུ་འགྲོ་དུས་ང་ཡང་སླེབས་ཡོང་སྙམ། དེ་ཕྱོགས་སུ་སོང་གླང་གི་རྩར་སླེབ་པ་དང༌། མཇུག་མ་ནས་བཟུང་བས་གླང་གི་རྡོ་དང་ཚེར་མ་ལ་སོགས་ས་ཆ་རྩུབ་བོ་གང་དུ་ཁྱེར་ཀྱང་མཇུག་མ་མ་བཏང་བར་གར་འགྲོ་སར་བརྒྱུགས་པས་དགོང་མོ་ནང་དུ་སླེབས་པ་བྱུང་། དེས་ན་བཀའ་གདམས་པའི་གསུང་འགའ་རེན་ལོང་བའི་གླངོ་མཇུག་བྱ་དགོས་ཟེར་བ་དཔེ་དེ་ཡིན་པར་གདའ། དེ་བཞིན་དུ་བླ་མ་དགེ་བའི་བཤེས་གཉེན་གྱིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གདམས་པ་བསྟན་པ་རྣམས། རྐྱེན་ངན་གང་བྱུང་ཡང་ནམ་ཡང་མི་བཏང་བར་ཉམས་སུ་བླངས་ནན་མ་ཕུགས་སངས་རྒྱས་ཀྱི་ས་ལ་སླེབ་བར་འགྱུར་རོ། །

སྨྲས་པ། རྣམ་དག་སྡོམ་པ་དམ་ཚིག་ཚུལ་བཞིན་བསྲུང་། །རྣམ་མང་མདོ་སྔགས་དགེ་བའི་ཆོས་སྡུད་ཅིང་། །རྣམ་པ་ཀུན་ཏུ་འགྲོ་བའི་དོན་མཛད་པའི་། །རྣམ་གྲོལ་ཝཱ ལམ་སྟོན་བླ་མ་སྤྱི་བོར་བཞུགས། །རྒྱལ་བའི་གསུང་རབ་བསྟན་བཅོས་ཕལ་ཆེར་གྱི། །བར་སྐབས་རྣམས་སུ་ཚིགས་བཅད་མཛད་པ་བཞིན། །འདིར་ཡང་ལེགས་བཤད་འདོམ་པའི་སྐབས་སྐབས་སུ། །ཚིགས་བཅད་དབྱངས་སྙན་དལ་བུས་སྒྲོག་པར་བྱ། །སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་དང་ལྡན། །ཕན་བཏགས་མ་བཏགས་མེད་པར་འགྲོ་ཀུན་གྱི། །མགོན་སྐྱབས་དཔུང་གཉེན་མཛད་པའི་ལྷ་མཆོག་དེ། །སྟོན་པ་སངས་རྒྱས་མ་གཏོགས་གཞན་མ་མཆིས། །མགོན་དེའི་གསུང་རབ་འོ་མའི་རྒྱ་མཚོ་ཡི། །སྙིང་པོ་བྱང་ཆུབ་སེམས་ཀྱི་མར་མཆོག་དེ། །བོད་ཡུལ་ལྗོངས་འདིར་བསྣམས་ནས་བྱོན་མཁན་རྗེ། །མཉམ་མེད་ཇོ་བོ་མ་གཏོགས་གཞན་ན་གང་། །དེ་ཉིད་བདག་ལ་རབ་ཏུ་བརྩེ་བའི་སྒོས། །སྩོལ་མཛད་དྲིན་ཅན་རྩ་བའི་བླ་མ་ཡི། །སྐུ་དྲིན་གཞལ་དགོས་བྱུང་ན་སུ་ཡིས་འཁོར། །སྙམ་ནས་དད་གུས་དབྱར་གྱི་མཚོ་ལྟར་རྒྱས། །དུས་གསུམ་སངས་རྒྱས་ཐམས་ཅད་མཆོད་པ་ལས། །བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་ཆེ། །བསྐྱེད་རིམ་བསྐལ་པའི་བར་དུ་བསྒོམས་པ་ལས། །བླ་མ་དྲན་པ་བསོད་ནམས་འབུམ་ཕྲག་ལྷག །བསྙེན་སྒྲུབ་བཟླས་པ་ས་ཡ་བྱས་པ་ལས། །བླ་མའི་གསོལ་འདེབས་ལན་གཅིག་བྱས་པ་དགའ། །ཡི་དམ་ལྷ་བརྒྱའི་ཞལ་རས་མཇལ་བ་ལས། །བླ་མ་ཡུད་ཙམ་མཇལ་བ་ཕན་ཡོན་ཆེ། །རང་ལ་དམ་ཆོས་སྟོན་པའི་བླ་མ་རྣམས། །དུས་གསུམ་སངས་རྒྱས་ལས་ཀྱང་དྲིན་ཆེ་བས། །དྲིན་གཟོའི་ཕྱིར་དུ་ཟང་ཟིང་ནོར་འབུལ་ཞིང་། །ལུས་ངག་ཞབས་ཏོག་བཀའ་བཞིན་སྒྲུབ་པས་མཆོད། །བླ་མས་ལྟོ་གོས་ཆོས་གསུམ་གནང་བའི་དུས། །དད་པ་མི་སྐྱེ་བ་ཞིག་མེད་མོད་ཀྱང་། །སྐབས་རེ་བཀའ་བཀྱོན་བརྡུང་གཏག་གནང་བའི་དུས། །དད་པ་མི་ལོག་པ་རེ་བྱེད་པ་གཅེས། །རྟག་ཏུ་ངུ་དང་ནཱ་རོ་མི་ལ་རྗེ། །འབྲོམ་སྟོན་ལ་སོགས་གོང་མའི་རྣམ་ཐར་བཞིན། །དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ནུསན། །ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ་པར་ངེས། །སངས་རྒྱས་ཀུན་དངོས་མཚན་ལྡན་བླ་མ་ལ། །བརྟེན་ནས་བྱང་ཆུབ་སེམསཀྱི་གདམས་པ་སོགས། །ཟབ་རྒྱའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་སྨོན། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དེ་ལྟར་བླ་མ་དགེ་བའི་བཤེས་གཉེན་བསྟེན་ནས། རྙེད་དཀའི་དལ་བའི་རྟེན་ལ་སྙིང་པོ་ལེན་དགོས་ཏེ། རྗེ་རིན་པོ་ཆེས། དལ་བའི་རྟེན་འདི་ཡིད་བཞིན་གྱི་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། ཌགསུངས། སངས་རྒྱས་ཐུགས་རྗེ་ཅན་གྱི་ཞལ་ནས། མི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན་དེ་ཐོབ་ནས། དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས། ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ། གཏན་དུ་སྡུག་བསྔལ་བར་འགྱུར་ཏ་རེ་གསུངས། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་ཐོབ་པ་ལ། རྒྱུ་དགེ་བ་ཕུན་སུམ་ཚོགས་པ་སྒྲུབ་དགོས་ལ། སེམས་ཅན་གྱི་ནངན་དགེ་བ་རྣམ་དག་སྒྲུབ་པ་ཉུང་བས། འབྲས་བུ་དལ་འབྱོར་ཐོབ་པ་དཀའ་ལ། དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་ལ་བལྟས་ན་དལ་འབྱོར་ཐོབ་པ་སྲིད་པ་ཙམ་དུ་འདུག་པ་ལས། བདག་གིས་དལ་འབྱོར་ཐོབ་པ་འདི་དོན་མེད་པར་མི་འགྱུར་བར། ཆོས་རྣམ་དག་ཅིག་བྱེད་དགོས་སྙམ་དུ་སྒོམས་གསུངས། མཉམ་མེད་པོ་ཏོ་བའི་ཞལ་ནས། ཆོས་ཀྱི་དབུ་དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་རྗེས་སུ་དྲན་པ་བསྒོམ་པ་འདི་ཡིན་གསུངས། འདི་གཉིས་ཀྱི་དོན་ལ་སོ་ཞིག་ཅི་ཐེབས་བྱེད་དགོས། འདི་གཉིས་ལ་སོ་ཞིག་ཐེབས་ན་ཆོས་ཀྱི་སྒོ་དབྱེ་བས། གོང་མ་ཐམས་ཅད་རྒྱུད་ལ་སྤུངས་པ་བཞིན་དུ་ཡོང་བ་ཡིན་པས། ཆོས་ཀྱི་དབུ་བྱ་བ་དེ་ལ་ཟེར་གསུངས། སྔོན་མདོ་ཁམས་སྒང་གི་མི་གཉིས་ལ་མར་ཁུ་སྤྱི་ལ་དྲངས་པས། ལྟོ་ལ་ངན་ཤོས་ཀྱིས་སྐུ་གཏིང་རིང་པོ་བྱས་ཀྱིན་བཅུས་པས། ཁ་ཡི་རྩར་སླེབ་ཙ་ན་སྐེ་རྩར་ཆག་ཀྱིན་མར་ཁུ་བས་ཟན་རང་ཡང་ཁར་མ་ཆུད་པར་ས་ལ་ལྷུང་གིན་སོང་བས། གཅིག་གིས་ཁྲེལ་བས། མར་ཁུ་མང་དུ་འོང་བའི་ཐབས་གཏིང་ཟབ་པ་ཡང་གལ་ཆེ་སྟེ། སྐེ་རྩ་དེར་གཟོབ་ཟེར་རོ། །དཔེ་དེ་བཞིན་དུ་སྐད་ཅིག་ལ་སངས་རྒྱ་བའི་ཐབས་སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཡང་གལ་ཆེ་སྟེ། སྐེ་རྩ་འདྲ་བའི་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། ལས་འབྲས་འདི་ལ་གཟབ་དགོས། མ་གཟབ་ན་མར་ཁུ་དང་འདྲ་བའི་སངས་རྒྱས་བས་ཟན་དང་འདྲ་བའི་ལྷ་མི་རང་ཡང་མི་ཐོབ་པར་འགྲོ་གསུངས། སྔོན་འཕན་ཡུལ་རྒྱ་ཕུ་པ་གཅིག་གིས་གཙང་དུ་ཕྱིན་པ་དང་། གཞན་གཙང་པ་རྣམས་གླུ་ལེན་པའི་ངག་ལས། ལོ་ལྡེང་བུ་ཅིག་ཡིན་ནོ་ཅོག །གསེར་གྱི་རི་ལ་བརྐོས་ན་ཨང་། །ཟེར་བ་ཐོས་པས། ང་ནི་དེ་རང་ཡིན་སྙམ། ཕྱིར་འོང་ནས་གསེར་བརྐོས་སོ། །དེ་བཞིན་དུ་དལ་འབྱོར་གྱི་མི་ལུས་ཐོབ་པ་འདི་ལྷ་མི་ཀུན་གྱི་སྨོན་པའི་གནས་ཡིན་པས། སྨོན་ནེ་ཐོག་ཏུ་སླེབ་པའི་དུས་འདིར་ཆོས་བྱེད་དགོས། སྔོན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ནས། མ་སྐྱེས་ཟེར་བ་ཚོར་མ་སྐྱེས། སྐྱེ་བར་ཤོག་ཟེར་བ་རྣམས་ཀྱི་སྟེང་དུ་ད་རེས་ཕྱིན་ནས་འདུག་པས། ད་ཅིའི་ཕྱིར་དོན་མེད་པར་སྡོད་སྙམ་དུ་ཆོས་ལ་འབད་དགོས། སྔོན་ཕ་བུ་གསུམ་གྱིས་ཟན་ཟ་བའི་ཚེ། བུ་ཆུང་བས་རང་གི་ཟན་སྐལ་རྒྱབ་ཏུ་སྦས། ཕ་དང་ཕུ་བོའི་ཟན་ལ་ཟོས་པས། ཁོ་རང་གི་ཟན་རྒྱབ་ནས་ཁྱིས་ཁྱེར་བས་ངུས། མ་དུ་བྱས་པས། བརྒྱ་ལ་ལན་ཅིག་གི་ཟན་དེ་ཁྱིས་ཁྱེར་བ་ཟེར་ཏོ། །དེ་བཞིན་དུ་རང་ཅག་རྣམས་ཀྱིས་ཀྱང་། རྙེད་པར་དཀའ་བའི་མི་ལུས་ལན་ཅིག་རྙེད་པ་འདི་འཆི་བདག་ཁྱི་རྐུན་དང་འདྲ་བས་མ་ཁྱེར་གོང་དུ་འདིར་སྙིང་པོ་ལེན་དགོས། སྔོན་མི་གཅིག་གི་སྒོར་མི་མང་པོ་བྱུང་བའི་ནང་ནས་དགྲ་སྙིངན་བ་ཞིག་ཡོད་པ་མཐོང་ནས། ཁོ་རང་ནངན་གྲི་བརྡར་གྱིན་མ་སོད་ཀྱིས་དོགས་ནས། ཕ་མེས་ཀྱིས་བཀུག་སྟེ་དྲི་བོས་གཏོང་ཉེན་ཡོད་ཟེར་ཏོ། །དེ་བཞིན་དུ་ཕ་མེས་དང་འདྲ་བའི་སྔོན་ལས་ཀྱིས་དལ་འབྱོར་གྱི་ལུས་འདི་བཀུག་སྟེ། དྲེ་བོས་ཆོས་མ་བྱས་པར་སྡིག་ལ་ཞུགས་ནས་ཆུད་ཟོས་སུ་གཏོང་ཉེན་ཡོད་གསུངས། སྔོན་མ་གཅིག་ལ་གཙང་ཁྱབ་བསླབ་སྟེ། དགེ་དོན་ལེགས་ཀྱི་གཞི། ཆོས་ཚུལ་རབ་ཀྱི་དབྱིངས། མཆོད་རྟེན་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ་གྱིས་བྱས་པས། ཁོས་དེ་མ་ཤེས་པར། ཡག་ན་ཡག་ཀྱི་གཞི། ཉེས་ན་ཉེས་ཀྱི་གཞི། ཡག་གཞི་ཉེས་གཞི་ལ་གུས་པས་ཕྱག་འཚལ་ལོ་ཟེར་རོ། །དེ་བཞིན་དུ་དལ་འབྱོར་འདི་ལ་བརྟེན་ནས་དགེ་བ་བསྒྲུབས་ན་སྐྱེ་བ་གཏན་གྱི་བདེ་མགོ་ཚུགས་པས་ཡག་ལ། སྡིག་པ་བསགསན་གཏན་དུ་སྡུག་བསྔལ་བར་འགྱུར་བས་དེ་བས་རིག་པ་སྒྲིམ་དགོས། ཕུ་ཆུང་བའི་ཞལ་ནས། དལ་འབྱོར་གྱི་མི་ལུས་ཐོབ་ནས་དགེ་བའི་ལས་མ་བྱས་པར་ཤི་ན། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས་ལོངས་མ་སྤྱད་པར་སྟོར་དུ་བཅུག་པ་དང་འདྲ་སྟེ། སྡིག་པ་བྱས་ན་ནོར་བུ་དུག་དང་འདྲེས་པའི་ལྷད་ཟན་རྡོག་པོ་གཅིག་ཏུ་བཙོངས་པ་དང་འདྲ་གསུངས། དེ་བས་ན་ད་རེས་དགེ་བ་ལ་འབད་དགོས། སྔོན་འཕན་ཡུལ་ཕྱ་མཁར་བྱ་བ་ན་མཁར་གཏོས་ཅན་ཞིག་ཡོད་པ་དགྲས་འཕྲོགས་ནས་ཡུན་རིང་དུ་བ་ཉེན་དུ་སོང་བས། རྒད་པོ་ཞིག་དུས་རྟག་ཏུ་མཁར་དེས་གདུང་ནས་ཡོད་པ་ལ། ལན་ཅིག་རྒད་པོའི་རྣ་བ་ལ་ཕྱ་མཁར་ཐོབ་ཟེར་བ་ཐོས་པས་འགྲོ་མི་ནུས་བཞིན་དུ་མདུང་ཞིག་གི་གསུམ་གཉིས་ཙམ་ནས་བཟུང་ཕྱེད་ཤལ་བྱེད་ཅིང་། རྨའི་ཕྱི་མཁར་ཐོབ་པ་འདི་རྨི་ལམ་མིནན་རུང་ཟེར་ལོ། །དེ་བཞིན་དུ་དལ་འབྱོར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་སྙམ་ནས་དགའ་བའི་ཤུགས་ཀྱིས་དེ་ཆུད་མི་གསོན་པར་ཆོས་སྒྲུབ་དགོས་སྙམ་དུ་ཡང་ཡང་བསམ་པར་བྱའོ། །དགེ་བཤེས་དོལ་པ་ཉིད་ཀྱི་ཞལ་ནས། ངས་དལ་འབྱོར་རྙེད་པར་དཀའ་བ་འདི་ལ་འཕྲིག་ཅིག་ཚུད་པས་ཆོས་ཡོད་དེ་ནས་བྱུང་གསུངས། འོན་དལ་འབྱོར་རྙེད་དཀའི་སྒོམ་སྐྱེས་པའི་ཚད་ཅི་ཙམ་ཡིན་སྙམ་ན། དགེ་བའི་བཤེས་གཉེན་སྤྱན་སྔ་བ་ལྟ་བུ་རེ་ཡིན། ཁོང་མནལ་ཡེ་མ་ལོག་པར་ཐུགས་དམ་མཛད་པ་ལ། དགེ་བཤེས་རྣལ་འབྱོར་བས། བུ་སྐབས་སུ་ཁམས་བག་རེ་མ་གསེང་ན། ཁམས་ལོག་འོང་ཉེན་ཡོད་དོ་གསུངས་པས། དེ་དེར་ལགས་ཏེ། དལ་འབྱོར་རྙེད་དཀའ་འདི་བསམ་ཙ་ན་གཉིད་ལོག་ལོང་རང་མི་གདའ་གསུངས་ཟེར། དེ་ལ་ཆོས་རྗེ་རྒྱལ་སྲས་པའི་གསུང་གིས། དེ་ཤིན་ཏུ་མད་པར་གདའ། དེ་འདྲ་རེ་མེད་ཁ་མི་འདུག་སྟེ། རང་རེས་ནི་དེས་ཆ་ཙམ་ཡང་མ་ནུས་པར་འདུག །ཁོང་གིས་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་སོང་ཟེར་སྟེ། མི་ཚེ་ལ་མནལ་ཡེ་མ་ལོག་པའི་ཚོད་དུ་འདུག་གསུངས་པ་ལྟར། དལ་འབྱོར་གྱི་མི་ལུས་རྙེད་དཀའ་བསམས་ནས། དམ་པའི་ཆོས་ལ་ཉིན་མཚན་མེད་པར་འབད་པར་བྱའོ། །དེ་ཡང་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བར་མ་ཟད་འཇིག་སླ་བའི་ཚུལ་བསམས་ནས་ཆོས་མྱུར་དུ་བྱ་དགོས་སྟེ། རྗེ་རིན་པོ་ཆེས། རྙེད་དཀའ་འཇིག་སླནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །གསུངས། བདག་ཅག་གི་སྟོན་པའི་ཞལ་ནས། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོགནི་འཆད་ཚེ་ཡི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་རྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད་གསུངས། ཡང་རྒྱལ་པོ་ལ་གདམས་པ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་འདོར། ཕ་རོལ་ཏུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེགས། ནགས་ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འཁྱམས། ཟས་ཀྱི་ཐ་མ་ནི་ཟ། མལ་གྱི་ཐ་མར་ནི་ཉལ། གཉེན་གྱི་ཐ་མས་ནི་བསྐོར་ནས། སྦྱིན་པ་བྱིན་ནོ་ཞེས་གསོལ་བ་ནི་འདེབས། དེའི་ཚེ་དེའི་དུས་ན། ཆོས་འབའ་ཞིག་སྐྱབས་དང་མགོན་དང་དཔུང་གཉེན་དུ་འགྱུར་རོ་གསུངས། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། ཆེ་ལ་ངེས་པ་མེད་ཅིང་འཆི་བའི་རྐྱེན་ཤིན་ཏུ་མང་བས་དེ་རིང་ཙམ་མི་འཆི་བའི་གདེང་ཡང་མི་འདུག་པས། ད་ལྟ་ཉིད་དུ་དམ་པའི་ཆོས་བྱ་དགོས་སྙམ་དུ་སྒོམ་མོ་གསུངས། ཨ་མི་ཐར་རྒྱལ་གྱིས་བོད་ཀྱི་མཐའ་ཅི་འགྱུར་བྱས་པས། དགེ་བཤེས་སྟོན་པའི་ཞལ་ནས། ཐར་རྒྱལ་བོད་ཀྱི་མཐའ་ལ་མ་རྟོག ཐར་རྒྱལ་གྱི་མཐའ་ལ་རྟོག་གསུངས་པ་ལྟར། གཞན་གྱི་སྐྱོན་སོགས་ལ་མི་རྟོག་པར། རང་ཉིད་ངེས་པར་འཆི་ཞེང་ནམ་འཆི་ཆ་མེད། དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་སྤུ་ཙམ་ཡང་མེད་ཚུལ་ལ་བརྟགས་ནས་ད་ལྟ་རང་འཆི་བྲོད་དམ་པའི་ཆོས་ལ་འབད་དགོས། རྗེ་མི་ལས། ཐུགས་སྲས་རས་ཆུང་པ་ཕེབས་ཁར་ཕྱག་ནས་བཟུང་སྟེ། འཆི་བ་འཆི་བ། རྩ་ན་རྩ་ན། གཏུག་གེ་གཏུག་གེ ། གདའ་ཡེ་གདའ་ཡེ། ཞེས་ཞལ་གདམས་མཐར་ཐུག་ལ་འཆི་བ་རྩ་ན་གཏུག་གདའ་ཡེ་གསུངས། ཡང་ཁ་ཆེའི་བླ་མ་ཏ་ཁིན་ལ་ཟེར་བས། མེ་ཏོག་ཅིག་ལ་བལྟས་ནས། མེ་ཏོག་འདི་དང་པོ་མདངས་མཚར་ཞིང་བུང་བ་མང་པོའི་འཕུར་ལྡིང་གཡོ་བཞིན། དབྱངས་སྙན་རྣ་བའི་དཔྱིད་དུ་འཇོ་བ་ཞིག་མཆིས་མོད་ཀྱང་། སྟོན་གྱི་སེར་བུ་ཁོ་བྱུང་ཚེ། མདངས་ཉམས་དྲི་ཤོར་ལོ་མ་ཕྱོགས་ཀུན་ཏུ་འཐོར་བུང་བའི་འགྲོ་འོང་ཙམ་ཡང་མེད་པ་དེ་བཞིན་དུ། རང་ཅག་འཁོར་བ་ལ་སྤྱོད་པ་རྣམས་ཀྱང་ཕོ་གཞོན་དང་མོ་གཞོན་སྡེབས། རྒྱན་གོས་ཀྱི་གཟབ་འཕྱོར་ངོམས། བདེ་བདེ་སྐྱིད་སྐྱིད་སྐད་དུ་འདོད་ཡོན་ཁོ་ནར་སྤྱོད་སྐབས། འཆི་བ་མི་རྟག་པ་ཁོ་བྱུང་ཚེ་ལུས་ཀྱི་བཀྲག་མདངས་ཉམས་དྲོད་ཤོར་མཐར་ལྟ རུས་པ་དུར་ཁྲོད་ན་ཕྱོགས་ཀུན་ཏུ་འཐོར། ཉེ་འབྲེལ་གྱི་འགྲོ་འོང་ཙམ་ཡང་མེད་པ་དེ་གའི་ངང་ཚུལ་བསམས་ན། ཆོས་ཟབ་མོ་ཞིག་ཡོང་བར་འདུག་ཟེར་བ་བཞིན་དུ། གང་ལ་བལྟས་ཀྱང་མི་རྟག་པ་དྲན་པ་ཞིག་དགོས། ཕུ་ཆུང་པས། གཞན་ཤི་བའི་གཏམ་གསན་པ་རྣམས་གྲངས་བགྲང་གིན་འཆི་བ་འཆི་བ་ཞེས་གསུངས་ཤིང་བསྒོམ་པར་མཛད་གསུངས། དགེ་བཤེས་དགོན་པ་པའི་ཞལ་ནས། ཇོ་བོ་ཀུན་གྱི་ཙབ་ཙུབ་དེ་ཡོངས་ཞོག་ལ། འཆི་བ་གཅིག་པུ་སོམ་དང་། ཆོས་ཡོངས་དེ་ལ་འོང་གི་བྱ་བ་དེ་ཡིན་གསུངས། ཡང་རྗེ་རིན་པོ་ཆེའི་ཞལ་ནས། སྐྱེས་བུའི་དོན་སྒྲུབ་པའི་དུས་ནི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁོན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲོར་བསྡད་ཅིང་བདེ་འགྲོར་ལན་རེ་ཙམ་འོང་ཀྱང་མི་ཁོམ་པའི་གནས་སུ་ཤས་ཆེ་བས། དེར་ཆོས་སྒྲུབ་པའི་སྐབས་མ་རྙེད་ལ། སྒྲུབ་པས་ཆོག་པའི་རྟེན་རེ་རྙེད་པ་ཡང་ཆོས་ཚུལ་བཞིན་དུ་མི་སྒྲུབ་པ་ནི། ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན། བློས་མི་འཆི་བའི་ཕྱོགས་འཛིན་པ་ནི། རྒྱུད་པ་ཀུན་གྱི་སྒོ་དང་། འཆི་བ་དྲན་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྒོའོ་གསུངས། མཁས་གྲུབ་རྗེས། འཆི་བ་མི་རྟག་པའི་བློ་ཤུགས་དྲག་ཅིག་མ་སྐྱེས་ན་མིའི་སྔོན་དུ་གྲུབ་གྲུབ་མཛེས་མཛེས་ལོ་འདོད་གྲགས་འདོད་ཅིག་གིས་ཁྱེར་ནས། ཐོས་བསམ་སྒོམ་གསུམ་དགེ་བ་ལྟར་སྣང་དུ་སོང་ནས་ཚེ་ཕྱི་མ་ལ་ཕན་པ་ཡེ་མི་ཡོང་། གཉིད་རྨུགས་དང་བྲེ་མོའི་གཏམ་དང་བཟའ་བཏུང་རྣམས་ཀྱང་བཤོལ་ཐབས་མེད་པ་བཞིན་སོང་ནས་དེའི་དབང་དུ་འཆོར། མི་རྟག་པའི་བློ་ཤུགས་དྲག་ཅིག་སྐྱེས་ན་འཆི་ཁར་མི་འགྱོད་པའི་སྟེང་དུ་འཆི་བ་ལ་དགའ་བྲོད་སྐྱེ་བ་ཞིག་ཡོང་བས་འཆི་བ་སེམས་པ་གལ་ཆེ་གསུངས། སྔོན་གྱི་དུས་བོད་སྟོན་རྣམས་སྣང་བ་སེལ་ལམ་མི་སེལ། སངས་རྒྱས་ལ་ཡེ་ཤེས་མངའ་འམ་ཞེས་རྩད་གཅོད་པ་ལ། པོ་ཏོ་པའི་ཞལ་ནས། སྣང་སེལ་མི་རྟག་པ་འདི་ཡིན་ཏེ། ཚེ་འདིའི་སྣང་བ་ཐམས་ཅད་འདིས་སེལ་གསུངས། བྱང་དུ་ནད་པ་ཞིག་གི་རིམ་གྲོར་ཟན་གྱི་བཤོས་བུ་བཏང་བ་མི་གཅིག་གིས་བླངས་པ་ལ་འཕྱས་པས། ངན་ན་ཡང་ངན་བྱང་གསར་ཁའི་བཤོས་བུ་དེ་རང་རྙེད་པར་གྱིས་དང་ཟེར་ལོ། །དེ་བཞིན་དུ་མི་རྟག་པ་སྒོམ་པ་ལ་ཡང་ངན་ངན་པོར་བྱེད་ཀྱིན་འདུག་སྟེ། འདི་རྒྱུད་ལ་སྐྱེས་པ་མཛོད་དང་། དེས་ཆོག་གི་གསུངས། པོ་ཏོ་བ་ལ་དམིགས་པ་སྤོ་བར་ཞུས་ཙ་ན། སྤོ་རྒྱུ་མེད། འདི་ཁོ་ན་བསྒོམ་འདི་ལས་ཟབ་པ་མེད། ཡང་ཁྱོད་ང་བས་རྒྱུད་ཚོད་མཐོན་འདིར་བསྡད་པས་མི་ཕན། ང་དང་མཉམན་ང་ལ་སྣང་སེལ་ཆེན་པོ་འདིས་ཕན་པ་བྱུང་བས་ཁྱེད་ལའང་ཕན་མཆི་གསུངས། སྔགས་པ་ཞིག་གི་བུ་མོ་ཤེད་ངའི་མེ་ལོང་འདི་ཆུང་ཟེར། ཕ་ཤེད་སྔོན་དུ་བྱད་བལྟ་བ་འདི་ལ་གྱིས་དང་དེར་ཆུང་འདུག་ན་ངའི་འཁར་རྔ་ཚུགས་ལ་སོང་ཟེར་ལོ། །དེ་བཞིན་དུ་མི་རྟག་པ་ཆོས་ཆུང་ཟེར་བ་ལ། སྔོན་ལ་འདི་རྒྱུད་ལ་སྐྱེས་པ་མཛོད་དང་། དེ་ནས་གཞན་རྩད་ཆོད་གསུངས། སྔོན་རྒྱལ་པོ་ཨུ་ཏྲ་མཐའ་ཡས་ཀྱི་བཙུན་མོ་ཟླ་འོད་བྱ་བ་ཞག་བདུན་ནས་འཆི་བར་ངེས་པ་དེར་དགྲ་བཅོམ་མ་རི་མ་ཞེས་པ་ཞིག་ལ་གཏད། རབ་ཏུ་བྱུང་ནས་མི་རྟག་པ་བསྒོམ་དུ་བཅུག་པས་ཞག་བདུན་ནས་ཤི་ནས་ལྷར་སྐྱེས་བཅོམ་ལྡན་འདས་ལ་ཆོས་མཉན་པས་བདེན་པ་མཐོང་། དེས་ན་འཕོ་བ་འམ་འཆི་ཁ་མའི་ཆོས་ལ་ཡང་འདི་ཟབ་པར་གདའ། སྔོན་བཅོམ་ལྡན་འདས་ཀྱིས་ཞི་ལྷག་གི་ཏིང་ངེ་འཛིན་མཐའ་ཡས་པ་ཞིག་ཐོབ་ཀྱང་ད་དུང་ཐར་པའི་གོ་འཕང་མ་བརྙེས་པ་ལ། ལམ་བདེན་བཞི་མི་རྟག་པ་སོགས་བཅུ་དྲུག་ཁོང་དུ་ཆུད་དེ་བསྒོམས་པས། བདུད་རྩིའི་གོ་འཕང་བརྙེས་ཟེར། དེས་ན་མི་རྟག་པ་བསྒོམས་ན། འཚང་རྒྱས་བ་ལ་ཡང་མྱུར་བ་ཡིན་པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་འཆི་བ་མི་རྟག་པ་བསྒོམ་པར་བྱའོ། །ཡང་རྒྱལ་སྲས་རིན་པོ་ཆེས། མདོ་ལས་མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་དབུགས་དབྱུང་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་གསུངས། དེས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པར་འདོད་པ་དང་དབུགས་དབྱུང་ལུང་བསྟན་བྱིན་གྱིས་བརླབ་པར་འདོད་པས་འཆི་བ་མི་རྟག་པ་བསྒོམ་པར་བྱ། སྔོན་དྭགས་པོའི་སློབ་མའི་ཁྱུ་རྒྱན་གྲུབ་ཐོབ་རྣལ་འབྱོར་པ་ཆོས་གཡུང་བྱ་བ་ལ། ཁམས་པ་ཞིག་གིས་གོས་ཡུག་གཅིག་ཕུལ་ནས་ཆོས་ཞུས་པས་མ་གནང་། ཡང་ནན་གྱིས་ཞུས་པས། ཁོའི་ལག་པ་ནས་བཟུང་སྟེ། ང་ཡང་འཆི་ཁྱོད་ཀྱང་འཆི་བྱ་བ་དེ་ལན་གསུམ་བསྐྱར་ནས་བླ་མས་ཀྱང་དེ་ལས་གསུངས་པ་མེད། ང་ལ་ཡང་ཉམས་སུ་ལེན་རྒྱུ་དེ་ལས་མེད། ཁྱོད་རང་ཡང་དེ་སྒོམས། དེ་ལས་ལྷག་པ་ཡོད་རེ་གསུངས་ནས་དབུ་སྙུང་བཞེས། དེར་ཁམས་པས་ཀྱང་བསྒོམས་པས་གྲུབ་ཐོབ་ཅིག་བྱུང་སྐད། དེས་ན་གྲུབ་པ་ཐོབ་པར་འདོདན་ཡང་འཆི་བ་མི་རྟག་པ་བསྒོམ་པར་བྱ། སྔོན་ཡེར་པའི་ཞང་བཙུན་གྱིས་གཤེགས་དོགས་འབའ་ཞིག་བྱས། བསྙུན་ནད་ཅུང་ཟད་རེ་ལ་བསྙད་འདོགས་གྱིན། ད་ཆ་ཆ་གསུངས་ནས་ཡོ་བྱད་ཅི་ཡོད་ཐམས་ཅད་གཞན་ལ་བསྔོས་ནས། མེད་མི་རུང་ཅི་རིགས་ལ། མ་ཤིའི་བར་དུ་གཡར་ཆུག་གསུངས། གཤེགས་པ་ན་ལྷའི་རོལ་མོ་དི་རི་བ་ཐམས་ཅད་ཀྱིས་ཚོར་བ་བྱུང་། དེས་ན་འཆི་ཁར་ངོ་མཚར་བའི་ལྟས་འདོད་ན་ཡང་འཆི་བ་མི་རྟག་པ་སྒོམས། སྔོན་མི་ཞིག་གིས་དུར་ཁྲོད་ཅིག་ན་བུད་མེད་ཤི་བའི་རོ་ལྟོ་དྲལ་བ་ཞིག་མཐོང་ནས། དེ་ཅི་འདྲ་བར་བུད་མེད་ཐམས་ཅད་དེ་འདྲ་ལ་རང་གི་ལུས་ཀྱང་དེ་འདྲའོ་སྙམ་ཡང་ཡང་ཡིད་ལ་བྱས་པས། དེ་ཤི་ནས་རྒྱ་གར་དུ་རྣམ་ཐོས་སྲས་ཀྱི་དཔལ་ལ་འགྲན་དུ་རུང་བའི་གཙོ་བོ་ཆེན་པོ་ཞིག་གི་སྲས་སུ་སྐྱེས། རིགས་ཀྱི་བུ་གྲགས་པ་ཞེས་བྱ་བར་གྱུར་ཏེ་ཆེར་ལོན་པ་ན་བཙུན་མོའི་འཁོར་གྱིས་བསྐོར་ཏེ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་གཉིད་ལོག་སད་ནས་བུད་མེད་གཉིད་ལོག་པ་རྣམས་མཐོང་བ་ན། དུར་ཁྲོད་ཅིག་ན་འདུག་པ་སྙམ་དུ་མི་གཙང་བ་དང་སྐྱག་བྲོ་བ་དང་། ཡིད་འབྱུང་བ་དང་འཇིགས་པའི་འདུ་ཤེས་སྐྱེས་ཏེ། དེ་ཉིད་དུ་ལངས་ནས་ནམ་ལ་བྲོས་ཕྱིན་པས། བཅོམ་ལྡན་འདས་དང་མཇལ་ཆོས་མཉན་པས་བདེན་པ་མཐོང་དགྲ་བཅོམ་ཐོབ་སྐད། དེ་དང་འདྲ་བར་ད་ལྟ་མི་རྟག་པའི་བློ་ནན་གྱིས་སྦྱངས་ན་སྐྱེ་བ་ཕྱི་མར་ཡང་མི་རྟག་པ་དྲན་ནས་ཅི་ལ་ཡང་མི་ཆགས་ཆོས་མིན་པས་དགོས་པ་མེད་སྙམ་ཆོས་ཁོ་ན་བྱས་ནས་སངས་རྒྱས་ཀྱི་སར་ཐོགས་པ་མེད་པར་འགྲོ་བ་ཞིག་འོང་བས་འཆི་བ་མི་རྟག་པ་བསམ་པ་ལ་འབད་འཚལ། ཡང་ཤི་ན་ལས་ཀྱི་དབང་གིས་འཁོར་བ་མཐོ་དམན་དུ་སྐྱེས་ནས་བདེ་སྡུག་སྣ་ཚོགས་མྱོང་བའི་ཚུལ་ལ་བསམས་ནས་དགེ་སྡིག་གི་འདོར་ལེན་བྱ་དགོས། སྔོན་ཇོ་བོ་སྟོད་མངའ་རིའི་ཡུལ་དུ་བྱོན་དུས། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་ལ་བོད་ཀྱི་ཡུལ་དུ་ཆོས་ཟབ་ཟབ་པོ་དང་མཚར་མཚར་པོ་བས་ཀྱང་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ་ཞེས་ཞུ་བ་ཕུལ་བས། དེ་ལ་ཇོ་བོ་ཤིན་ཏུ་མཉེས་ནས་ཇོ་བོའི་ཞལ་ནས། ཆོས་ཤིན་ཏུ་ཟབ་པ་ལས་རྒྱུ་འབྲས་ཁོ་ན་ཡིན། ཡི་དམ་གྱི་ལྷའི་ཞལ་མཐོང་བ་བས། ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པ་ཐོབ་ན་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡི་དམ་གྱི་ལྷའི་ཞལ་མཐོང་བས། ད་འདི་ཙམ་ལ་ལྟོས་ཏེ་སྐྱོན་མི་འོང་གིས་སྙམ་ནས། དགེ་འདུན་གྱི་ཡོ་བྱད་ཅུང་ཟད་ཐུག་ཐུབ་ཏུ་སྤྱད་པས། ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་ཞིག་ཏུ་སྐྱེས་པ་དང་། བི་ཀ་མ་ལ་ཤཱི་ལའི་ལག་བདེ་བས། དགེ་འདུན་གྱི་དེ་རིང་གི་བསྙེན་བཀུར་ནངས་པར་དུ་བསྐྱུར་བས། དེའི་ནུབ་མོ་ཡི་དྭགས་སུ་སྐྱེས་པ་དང་། ཡང་དགེ་འདུན་གྱི་གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་པོ་ཆེ་བྱས་ཏེ། འབྲས་བྲེ་ཕྱེད་ཐུག་ཐུབ་ཏུ་ སྤྱད་པ་ཡི་དྭགས་ཤིན་ཏུ་དབང་ཆུང་བར་སྐྱེས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས། སྔོན་རྒྱལ་པོ་སེང་གེ་སྒྲའི་གྲོང་ཁྱེར་དུ་ལས་རྒྱུ་འབྲས་མེད་པར་ལྟ་བའི་མུ་སྟེགས་རྒྱང་འཕེན་པ་ཞིག་དང་། རྗེ་བཙུན་ཏེ་ལོ་བ་གཉིས་ཀྱིས་རྩོད་པ་བྱས་ཏེ་ལུང་རིགས་ཀྱིས་སུན་ཕྱུང་ཡང་། ཁོ་ན་རེ་ལས་རྒྱུ་འབྲས་དངོས་སུ་མ་མཐོང་བས་ཡིད་མི་ཆེས་ཟེར་བ་ལ། འོ་ན་ཁྱོད་རང་མིག་ཚུལ་ལ་ང་ལ་འཇུས་ཤིག་གསུངས་ནས། དམྱལ་བའི་གནས་སུ་ཁྲིད་དེ་བཙོ་བསྲེག་གི་སྡུག་བསྔལ་ཉམས་སུ་མྱོང་བ་མཐོང་བ་དང་། ཟངས་གཅིག་ན་ཁྲོ་ཆུ་ཁོལ་ཞིང་བཙོ་རྒྱུ་མེད་པ་ཞིག་འདུག་ནས་དྲིས་པས། འཛམ་བུ་གླིང་ན་རྒྱུ་འབྲས་མེད་པར་འདོད་པའི་མུ་སྟེགས་པ་མི་དགེ་སྣ་ཚོགས་སྤྱོད་པ་ཞིག་ཡོད། དེ་ཤི་ན་འདིར་འཚོད་པ་ཡིན་ཟེར་བ་བསྟན་པས་དེར་ཁོ་ན་རེ། མི་དགེ་བ་སྤྱད་པས་ངན་འགྲོར་འགྲོ་བ་བདེན་པར་འདུག་སྟེ། དཀར་པོའི་རྒྱུ་འབྲས་མ་མཐོང་ཞིང་མེད་པས་དགེ་བ་མི་སྒྲུབ་ཟེར་བ་ཡང་ངས་བསྟན་གྱིས་གསུངས་ནས། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ཁྲིད་དེ། ལྷའི་གཞལ་ཡས་ཁང་རྣམསན་ལྷ་ཕོ་མོ་ཟུང་རེ་འདོད་ཡོན་ལྔའི་བདེ་བ་ལ་སྤྱོད་པ་ལ། ཁང་པ་གཅིག་ན་ལྷ་མོ་རྐྱང་པ་གཅིག་ལས་མི་འདུག་པ་ལ་དྲིས་པས། འཛམ་བུ་གླིང་ན་ལས་རྒྱུ་འབྲས་ཡོད་པར་འདོད་པ་མི་དགེ་བ་སྤོང་ཞིང་དགེ་བ་སྤྱོད་པ་ཞིག་ཡོད། དེ་ཤི་ནས་འདིར་སྐྱེ་བ་ཡིན་ཟེར་བ་དང་། མུ་སྟེགས་པ་དེ་དད་ནས་རྗེས་སུ་བཟུང་སྟེ་གདམས་པ་བསྟན་པས་སྨིན་ཅིང་གྲོལ་བར་གྱུར་ཏོ། །ཡང་རིགས་ངན་གཏུམ་པོའི་གྲོང་ཁྱེར་དུ་ཤན་པ་སྲོག་ཆགས་མང་པོ་བསད་ནས། ཁོ་རང་གི་བུ་སྨད་གསོ་བཞིག་ཡོད་པ་གདུལ་བྱར་གཟིགས་ནས་བྱོན་པ་དང་། ཁོས་སྲོག་ཆགས་མང་པོ་བསད་པའི་ཤ་འཚོད་ཅིང་ཡོད་པ་ལ། བུ་དེ་མི་སྣང་བར་བྱས་ཏེ་ཤ་རྣམས་བུའི་ཤར་བསྒྱུར་ནས། ཏེ་ལོ་པས་ཤ་བླངས་པས་ཁྲོས་ནས་མ་སྦྱིན་ཤའི་ཁ་ཕྱེ་སྟེ་བལྟས་པས། རང་གི་བུའི་ཤར་སོང་ནས་འདུག་པ་མཐོང་ནས་བྲེད་དེ་སྡུག་བསྔལ་ནས་ངུས་པས། ཁྱོད་རང་བུ་མེད་ན་སྡུག་བསྔལ་བ་ལྟར། གཞན་ཡང་བསད་ན་སྡུག་བསྔལ་བསམ་གསོད་བྱས་པས། ཁོ་ན་རེ། ངའི་བུ་བྱུང་ན་དག་མི་གསོད་ཟེར་རོ། །སྲོག་གཅོད་སྤངས་ན་བུ་ཡོད་པ་བྱ་གསུངས་བུ་གཏད་ནས། རང་གི་བྱས་པའི་སྡིག་པ་ནི། །འབྲས་བུ་རང་ལ་སྨིན་པར་ཤེས། །ཞེས་གསུངས་ནས། ཁོ་དད་པར་གྱུར་ནས་རྗེས་སུ་བཟུང་སྟེ་གདམས་པ་བསྟན་པས་སྨིན་ཅིང་གྲོལ་བར་གྱུར་ཏོ། །དེས་ན་ལས་རྒྱུ་འབྲས་འདི་ཤིན་ཏུ་བདེན་པས་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་ནས་སྲོག་གཅོད་ལ་སོགས་པའི་མི་དགེ་སྡིག་པ་སྤོང་ཞིང་། ཚེ་ཐར་སྲོག་བླུ་སོགས་རྣམ་དཀར་དགེ་བའི་ཕྱོགས་ལ་བརྩོན་པར་བྱའོ། །སྔོན་རྒྱལ་པོ་ཆོས་ཀྱི་བླ་མ་ཞེས་བྱ་བ་དེ་མཐའ་ཡས་པའི་ཞིང་ཚེར་མ་ཅན་ཞེས་བྱ་བ་དགེ་སྡིག་གི་སྒྲ་མི་གྲག་པ་ཞིག་ཏུ་ཕྱིན་ཏེ། ཀླ་ཀློའི་མི་དེ་དག་གི་ཡིད་ལ་ཅི་དྲན་པ་བཤད་ཅིང་ལྷན་ཅིག་འགྲོགས་པས། ཁོང་ཚོན་རེ། ངེད་ཀྱིས་ཅི་དྲན་པ་ཁྱེད་ཀྱིས་ཤེས་པར་འདུག་པས། གང་དག་ཅིག་ན་སངས་རྒྱས་སམ་ཅིག་ཡོད་ཟེར་བ་དེ་ཁྱོད་ཡིན་ནམ་ཟེར་བ་ལ་ཡིན་སྨྲས་སོ། །ཁོང་རྣམས་ན་རེ། ཁྱེད་འདིར་ཅི་ལ་འོང་ཟེར་བ་ལ། ཁྱེད་ཅག་ལ་ཆོས་འཆད་དུ་འོང་བྱས་པས། ཆོས་ཀྱིས་ཅི་བྱེད་ཟེར། ཆོས་མེད་ན་ངན་སོང་དུ་སྐྱེའོ་སྨྲས་པ་དང་། ཁོ་ཅག་ན་རེ། ཆོས་དང་ངན་སོང་སྟོན་དང་ཟེར། དེར་སྤྲུལ་པའི་དམྱལ་བ་བསྟན་པས། འདི་རེ་སྡུག་ཟེར། །ཁྱེད་རང་ཡང་འདི་འདྲར་སྐྱེ་སྨྲས་པས། ཅིའི་ཕྱིར་སྐྱེ་ཟེར། སྲོག་བཅད་པ་ལས་སྐྱེ་སྨྲས་པས། འོ་ན་སྲོག་མི་གཅོད་ཟེར་རོ། །ཡི་དྭགས་བསྟན་པས་འདི་ཅི་ལས་བྱུང་ཟེར། སེར་སྣ་བྱས་པ་ལས་བྱུང་སྨྲས་པས། སེར་སྣ་མི་བྱེད་ཟེར། བྱོལ་སོང་བསྟན་པས་འདི་ཅི་ལས་བྱུང་ཟེར། འདི་ལོག་ལྟ་ལས་བྱུང་སྨྲས་པས། ལོག་ལྟ་མི་བྱེད་ཟེར། ལྷ་མ་ཡིན་འཐབ་རྩོད་བསྟན་པས། འདི་ཅི་ལས་བྱུང་ཟེར། འདི་ཕྲག་དོག་བྱས་པ་ལས་བྱུང་བ་ཡིན་སྨྲས་པས། ཕྲག་དོག་མི་བྱེད་ཟེར། ལྷའི་གཟུགས་དང་ལོངས་སྤྱོད་བསྟན་པས། འདི་རེ་དགའ་ཟེར། འདི་དག་དགེ་བ་སྤྱད་པ་ལས་བྱུང་ངོ་སྨྲས་པ་དང་། ངེད་ཅག་ཀྱང་དགེ་བ་སྤྱོད་དོ་ཟེར་ནས་ཆོས་ལ་ཚུད་དོ། །དེས་ན་ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་ཆེས་པར་བྱས་ནས། སྲོག་གཅོད་པ་དང་། སེར་སྣ་དང་། ལོག་ལྟ་དང་། ཕྲག་དོག་སོགས་མི་བྱེད་པར་མཆོད་སྦྱིན་སོགས་རྣམ་དཀར་དགེ་ཆོས་ལ་བརྩོན་པར་བྱའོ། །སྔོན་ཤན་པ་སྲོག་གཅོད་ཀྱི་གླིང་ན། ཤན་པ་དམར་རུ་རྩེ་དང་། དཀར་རུ་རྩེ་ཞེས་བྱ་བ་གཉིས་དགའ་མཐུན་བྱས་ཏེ། ཉིན་རེ་བཞིན་ལུག་རེ་དང་ཕག་རེ་གསོད་པ་ ལ། ཉིན་ཅིག །ལུག་གཅིག་མིག་ཅེར་རེ་བལྟ་ཞིང་ཕག་གིས་ཀྱང་སྐད་ངན་བཏོན་པས། དམར་རུ་རྩེ་ཁྲོས་ནས་ལུག་གི་མིག་ཏུ་ས་བཏབ། ཕག་གི་ལྕེ་བཅད་ནས་བསད་པས་དམྱལ་བར་སྐྱེས་སོ། །དཀར་རུ་རྩེས་སྙིང་རྗེ་སྐྱེས་ནས་གསོད་མ་ཕོད་པར་ནགས་ཁྲོད་ཅིག་ཏུ་བསྡད་པས། དེར་ཁོ་རྟོགས་ནས་སྔོ་ཞིག་ཟོས་པས་སྔོ་སྨན་དེའི་ནུས་པས་རི་ཁ་ཞིག་ཏུ་འཕུར་ནུས་པ་བྱུང་། དེ་རྔོན་པ་ཞིག་གིས་མཐོང་ནས་རྒྱལ་པོ་ལ་སྨྲས་པས། རྒྱལ་པོ་དེ་ལ་ངོ་མཚར་སྐྱེས་ནས་བྱ་དགའ་མང་པོ་བྱིན་ནོ། །དེ་ལ་ལྷ་ཚངས་པ་ཡ་མཚན་སྐྱེས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྲོག་གཅོད་སྡིག་པ་བྱས་པ་ཡི། །རྣམ་སྨིན་མངོན་དུ་སྣང་བ་ནི། །དམར་རུ་རྩེ་ནི་དམྱལ་བར་ལྷུང༌། །དཀར་རུ་རྩེ་ནི་མཐོ་རིས་སོང་། །དགེ་སྡིག་ལས་འབྲས་དེ་འདྲ་བ། །མངོན་སུམ་སྣང་བ་ཡ་མཚན་ཆེ། །ཟེར་རོ། །དེས་ན་སྲོག་གཅོད་པ་སྤངས་ཏེ་ཚེ་ཐར་གཏོང་དགོས། ཡང་མ་བྱིན་ལེན་པ་རྐུན་མའི་གླིང་ན། རྐུན་མ་མང་པོ་ཁྱིམ་བདག་དཔའ་བོ་ཞེས་བྱ་བའི་མཛོད་དུ་རྐུར་ཕྱིན་པས། ཟླ་བོ་རྣམས་ཀྱིས་ནོར་མང་པོ་ཁུར་བས། ནང་ནས་རྐུན་མ་དགའ་བོ་ཞེས་བྱ་བའི་བསམ་པ་ལ། ཁྱིམ་བདག་གིས་དཀོན་མཆོག་ལ་བསྔོས་པའི་ནོར་ལ་འདི་ལྟར་འཛིན་ཆགས་ཀྱིས་རྐུ་བ་མཚང་ཆེ་སྙམ་གད་མོ་ཆེན་པོ་ཞིག་ཤོར་བ་ཁྱིམ་བདག་གིས་ཚོར་ཡང་ཁོ་ལ་ཅི་ཡང་མ་བྱས། གཞན་ཟླ་བོ་རྣམས་དེད་པའི་ཚེ། ཤིང་གི་ལྷ་མོ་འོད་འཆང་མས་ལུང་བསྟན་ནས། ཁྱིམ་བདག་གིས་གསེར་གྱི་གཏེར་རྙེད་དེ་ཕྱུག་པོར་གྱུར་ཏོ། །དེ་ལ་ངོ་མཚར་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། དགེ་བའི་བསོད་ནམས་མཐུ་ཡིས་ནི། །དཔའ་བོ་ཁྱིམ་བདག་གསེར་དང་ལྡན། །རྐུན་མ་དགའ་བོ་མཐོ་རིས་སྐྱེས། །ཟླ་བོ་གཞན་མ་ངན་སོང་ལྷུང་། །ཨེ་མཤིན་ཏུ་ངོ་མཚར་ཆེ། །མ་བྱིན་ལེན་སྤོངས་སྦྱིན་པ་ཐོངས། །ཟེར་རོ། །དེས་ན་མ་བྱིན་པ་ལེན་པ་སྤངས་ནས་སྦྱིན་པ་མང་པོ་གཏོང་དགོས། ཡང་འདོད་ལོག་སྤྱོད་པ་སྨད་འཚོང་མའི་གླིང་ན། སྨད་འཚོང་མ་དག་འབྱིན་མ་དང་། གསལ་བའི་འོད་ཅེས་བྱ་བ་གཉིས་ཡོད་པའི་། གསལ་བའི་འོད་ན་རེ། འདི་ལྟར་ངོ་ཚ་ལ་སྐྱུགས་བྲོ་བ། སྡིག་ཆེ་ལ་ཚིམ་པ་མེད་པ། འདི་འདྲ་བའི་ལས་བྱེད་པ་ཟེར་ནས་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ཏེ། ཚངས་སྤྱོད་ཀྱི་སྡོམ་པ་བླངས་ནས་བསྲུངས་པས་ལྷའི་བུ་རིན་ཆེན་འོད་ཅེས་བྱ་བར་སྐྱེས་སོ། །དག་འབྱིན་མ་འདོད་པ་ལ་ཤིན་ཏུ་ཆགས་ཏེ། མཉམ་པོར་དགའ་བ་ལ་རིན་ཐང་གཞན་གྱིས་སྟེར། འདི་ལས་ལྷག་པ་གང་ན་ཡོད་སྙམ་ནས་འདོད་ལོག་སྤྱད་པས། ཡི་དྭགས་ཀྱི་མངལ་ངན་སྐྱགས་ཀྱི་འདམ་དུ་སྐྱེས་པས། དེ་ལ་ཡ་མཚན་ནས་ལྷའི་བུ་རིན་ཆེན་སྙིང་པོས་ཚིགས་སུ་བཅད་དེ་སྨྲས་པ། འཁོར་བའི་རྩ་བ་འདོད་ཆགས་ཏེ། །སྤངས་པས་འོད་གསལ་ལྷ་རུ་སྐྱེས། །སྤྱད་པས་དགའ་བྱིན་ཡི་དྭགས་ལྷུང་། །འདི་ཡང་ཡ་མཚན་ངོ་མཚར་ཆེ། །འདོད་ལོག་སྤོངས་ལ་ཚངས་སྤྱོད་སྲུངས། །ཟེར་རོ། དེས་ན་འདོད་པས་ལོག་པར་གཡེམ་པ་སྤངས་ནས་ཚངས་སྤྱོད་ཀྱི་སྡོམ་པ་བསྲུང་དགོས། ཡང་རིགས་ངན་རྫུན་དུ་སྨྲ་བའི་གླིང་ན། རིགས་ངན་རྫུན་པོ་ཆེ་ཞེས་བྱ་བ་དང་། བྲམ་ཟེ་རྫུན་མེད་ཅེས་བྱ་བ་གཉིས་ཀྱིས་རྒྱལ་པོའི་མ་ཧེ་སྟོང་ཁྱུ་ཞིག་འཚོས་པས། མ་ཧེ་རྣམས་ཀྱི་ནང་ན་ཁྱུ་མཆོག་རྟ་རི་ཞེས་བྱ་བ་རྩྭའི་ཕུད་ཟ་བ། ཆུའི་ཕུད་འཐུང་བ། འགྲོ་བའི་སྣ་འདྲེན་པ། སྡོད་པའི་མཇུག་བསྡུད་པ། སྤོ་མཐོ་ལ་བསྡད་ནས་དགྲ་དང་གཅན་གཟན་གྱི་བྱ་ར་བྱེད་པ་ཞིག་ཡོད་པ་ལ་རྫི་བོ་གཉིས་ཀྱིས་དེ་བསད་ནས་ཟོས་པ་ལ། དེར་རིགས་ངན་ན་རེ། ངེད་རང་གཉིས་ལ་རྒྱལ་པོས་ཆད་པ་འོང་བས། ཁྱུ་མཆོག་རྟ་རི་བ་རྦབ་ལ་ལྷུངས་ནས་ཤི་གྱིས་ཤིག་ཟེར་རོ། །བྲམ་ཟེ་ན་རེ། ངས་སྐྱེས་ནས་རྫུན་བྱེད་མ་མྱོང་བས། ད་ཡང་རྫུན་མི་ཤེས་སོ་ཟེར་སྐད། དེར་རྒྱལ་པོས་ཁྱུ་མཆོག་རྟ་རི་འཚོ་འམ་ཟེར་བ་ལ། བྲམ་ཟེས་ཁྱུ་མཆོག་ངེད་གཉིས་ཀྱིས་བསད་ནས་ཟོས་སོ་བྱས། རིགས་ངན་གྱིས་རྦབ་ལ་ལྷུངས་ནས་ཤི་ཞེས་རྫུན་བྱས་པས་ལྕེ་བཅད་དོ། །དེ་ལ་ཡ་མཚན་ནས་ལྷ་དབང་ཕྱུག་ཆེན་པོས་ཚིགས་སུ་བཅད་དེ་སྨྲས་པ། རྫུན་ལས་ལྡོག་ནས་བདེན་པ་སྨྲས། །བྲམ་ཟེས་བྱ་དགའ་མཐོ་རིས་ཐོབ། །རིགས་ངན་ལྕེ་བཅད་ངན་སོང་ལྷུང༌། །དེ་བས་རྫུན་སྤོངས་བདེན་པར་སྨྱོས། །ཟེར་རོ། །དེས་ན་རྫུན་སྤངས་ནས་བདེན་པར་སྨྲ་དགོས། ཡང་ཚིག་རྩུབ་ཨག་ཙར་དུ་སྨྲ་བའི་གླིང་ན། ཁྱིམ་བདག་ནག་པོ་བརྩེགས་པ་ཞེས་བྱ་བ་ཚིག་རྩུབ་མོ་ཤ་སྟག་སྨྲ་བ་ཞིག་དང་། བྲམ་ཟེ་པདྨའི་ངང་ཚུལ་ཅན་ཞེས་བྱ་བ་ངག་འཇམ་པོར་སྨྲ་བ་ཞིག་ཡོད་པས། བྲམ་ཟེས་ཁྱིམ་བདག་ལ་དེ་སྐད་མ་ཟེར། མཚོན་གྱི་རྨ་ནི་འཚོ་བ་ཡིན། །ཚིག་ངན་རྨ་ནི་འཚོ་མ་ཡིན། །སྨྲས་པས། ཁྱིམ་བདག་ན་རེ། ཚིག་རྩུབ་ཁ་དྲག་གི་ཁ་ནོན་ཡིན། །ང་ལ་སུས་ཀྱང་ཚིག་ལྡོག་མི་ནུས་ཟེར་ནས། ཚིག་རྩུབ་དང་ཨག་ཙར་ཉི་ཚེ་སྨྲས་པས། ཡུལ་པ་ཁ་ལོག་སྟེ་ཁྱིམ་ཕྲོགས་ནས། བྲམ་ཟེ་ལ་བྱིན་ནོ། །དེར་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ངོ་མཚར་སྐྱེས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཚིག་རྩུབ་ཀུན་གྱི་ཞེ་བཟློག་པ། །སྨྲས་པས་ཁྱིམ་བདག་ཡུལ་དང་བྲལ། །ངག་འཇམ་ཀུན་གྱི་ཡིད་དང་མཐུན། །བྲམ་ཟེ་ནོར་ལྡན་ངོ་མཚར་ཆེ། །ཨེ་མ་ངོ་མཚར་ཤིན་ཏུ་ཆེ། །ཚིག་རྩུབ་སྤོངས་ལ་ངག་འཇམ་སྨོས། །ཟེར་རོ། །དེས་ན་ཚིག་རྩུབ་མོ་སྤངས་ནས་ངག་འཇམ་པོ་སྨྲར་དགོས། ཡང་ངག་འཁྱལ་ཅལ་ཅོལ་དུ་སྨྲ་བའི་གླིངན། མགར་བ་མུ་ཅོར་དུ་སྨྲ་བ་ཞེས་བྱ་བ་ངག་འཁྱལ་ཅི་རུང་རུང་དུ་སྨྲ་བ་ཞིག་དང་། འབའ་རོ་གྲགས་པ་སེང་གེ་ཞེས་བྱ་བ་དོན་དང་ལྡན་པའི་གཏམ་ཉི་ཚེ་སྨྲ་བ་ཞིག་ཡོད་པ་ལས། མགར་བའི་ཁྱིམ་དུ་དགེ་སློང་ཉི་མའི་འོད་ཟེར་ཞེས་བྱ་བ་ཞིག་ཕྱིན་པས། མགར་བས་ངག་འཁྱལ་ཅི་རུང་རུང་སྨྲས་པས། འབའ་རོས་མགར་བ་ལ་བབ་ཅོལ་དུ་མ་སྨྲ། དགེ་སློང་རང་ཡང་བྲང་ཁང་དུ་གཤེགས་འཚལ་བྱས་པས། དགེ་སློང་ལ་འཚོ་བ་མ་དྲངས་པར་ངག་འཁྱལ་བ་བརྗོད་པས། དགེ་སློང་ཁམས་ལོག་སྟེ་རྦབ་ལ་བྲུལ་ཏེ་གྲོངས་སོ། །དེར་རྒྱལ་པོས་ངའི་མཆོད་གནས་འདི་ཙུག་ལ་འགྲོ་བ་ཅི་ཡིན་ཟེར། །འབའ་རོས་ལོ་རྒྱུས་ཞིབ་ཏུ་སྨྲས་པས་འབའ་རོལ་བྱ་དགའ་སྦྱིན། མགར་བའི་ལྕེ་བཅད་དོ། །དེར་ལྷའི་དྲང་སྲོང་སྐར་མདའ་གདོང་གིས་ཚིགས་སུ་བཅད་དེ་སྨྲས་པ། ངག་འཁྱལ་སྨྲ་བ་སྨྱོན་པ་འདྲ། །མགར་བ་མུ་ཅོར་ལྕེ་དང་བྲལ། །འབའ་རོ་ནོར་དང་བྱ་དགའ་ཐོབ། །རྣམ་སྨིན་འཕྲལ་བྱུང་ངོ་མཚར་ཆེ། །ངག་འཁྱལ་སྤོངས་ལ་དོན་དམ་སྨྱོས། །ཟེར་རོ། །དེས་ན་ངག་འཁྱལ་སྤངས་ནས་དོན་དང་ལྡན་པ་སྨྲ་དགོས། ཡང་ཕྲ་མ་འབྱེད་བྱེད་ཀྱི་གླིང་ན། ཕྲ་མ་སྨྲ་བ་དགའ་བྱེད་ཅེས་བྱ་བ་ཕྲ་མ་མང་པོ་བྱེད་པ་ཞིག་ཡོད་པ་དེས། འབའ་རོ་ཡུལ་དཔོན་ཞེས་བྱ་བ་ལོངས་སྤྱོད་ལྡན་པ་ཞིག་ཡོད་པ་དང་། ཡུལ་དེའི་རྒྱལ་པོ་གཉིས་ཀྱི་བར་དུ་ཕྲ་མ་བཅུག་སྟེ། རྒྱལ་པོའི་རྩར་ཕྱིན་ནས་འབའ་རོས་རྒྱལ་པོ་བསནོར་ང་ཆེ་འཁོར་ང་བཟང་རྒྱལ་པོ་ལ་བདོས་ཀྱང་ཐུབ་བོ་ཟེར་གྱིན་འདུག་ཅེས་ཕྲ་མ་བསྐྱལ་བས། རྒྱལ་པོ་དང་འབའ་རོ་འཁྲུག་པ་ཆེན་པོ་ཤོར་ཏེ་འཐབ་བོ། །ཡུལ་དེ་ན་བྲམ་ཟེ་མཛའ་བོ་ཞེས་བྱ་བ་འཐབ་པ་ཐམས་ཅད་སྡོམ་པར་བྱེད་པ་ཞིག་ཡོད་པ་དེས། རྒྱལ་པོ་དང་འབའ་རོ་གཉིས་བསྡམས་བྱས་ཏེ་རྒྱལ་ཁམས་བདེ་བ་ལ་བཀོད་དོ། །རྒྱལ་པོ་དང་འབའ་རོ་གཉིས་ཀྱིས་ཕྲ་མ་ཡིན་པར་ཤེས་ནས་ཕྲ་མ་མཁན་གྱི་ལྕེ་བཅད། བྲམ་ཟེ་ལ་ཁོང་གཉིས་ཀྱིས་གསེར་སྲང་བརྒྱ་རྩ་རེ་བྱིན་ནོ། །དེར་ཡ་མཚན་སྐྱེས་ནས་མིའམ་ཙཱ འི་རྒྱལ་པོས་ཚིགས་སུ་བཅད་དེ་སྨྲས་པ། ཕྲ་མ་གཞན་འབྱེད་རྣམ་སྨིན་གྱིས། །ལྕེ་བཅད་ངན་སོང་གནས་སུ་ལྷུང་། །བྲམ་ཟེ་མཛའ་བོ་སྡུམ་མཁན་དེས། །གསེར་སྲང་ཉིས་བརྒྱའི་བྱ་དགའ་ཐོབ། །རྣམ་སྨིན་འཕྲལ་བྱུང་ངོ་མཚར་ཆེ། །ཕྲ་མ་སྤོངས་ལ་འཐབ་རྩོད་སྡུམས། །ཟེར་རོ། །དེས་ན་ཕྲ་མ་སྤངས་ནས་འཐབ་རྩོད་བསྡུམ་དགོས། ཡང་བརྣབ་སེམས་འདོད་པའི་གླིང་ན། ཁྱིམ་བདག་འོད་གསལ་ཞེས་བྱ་བ་ཤིན་ཏུ་ཕྱུག་པ། རང་གི་ནོར་ལ་ཤིན་ཏུ་ཆགས་པ། གཞན་གྱི་ནོར་ལ་ཡང་ཁྲམ་དང་གཡོ་རྒྱུའི་འབྲལ་བ། ཁྱད་པར་དཀོན་མཆོག་གི་ནོར་ལ་ཆགས་པ་ཞིག་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཆགས་པ་དང་བྲལ་བ་ཞིག་ཡོད་པས་ཁྱིམ་བདག་ལ་སྨྲས་པ། འདི་ཙམ་གྱི་ནོར་འདུག་བཞིན་དུ་ཆོག་ཤེས་མེད་པར་གཞན་གྱི་ནོར་ལ་བརྣབ་པ། ཁྱད་པར་དཀོན་མཆོག་གི་ནོར་ལ་བརྣབ་སེམས་བྱེད་པ་འཇིག་རྟེན་འདིར་ཡང་བཀྲ་མི་ཤིས། ཕྱི་མར་ངན་སོང་དུ་ལྟུང་བར་འགྱུར་རོ་བྱས་ཀྱང་མ་ཉན་པར་གཞན་གྱི་ནོར་དང་ཁྱད་པར་དཀོན་མཆོག་གི་དཀོར་ལ་བརྣབ་སེམས་ཆེན་པོ་བྱས་པའི་འབྲས་བུས་ནོར་ཐམས་ཅད་དམག་གིས་འཕྲོག །སྙིང་མ་ཧཱ་ཀ་ལས་བཏོན་ནས་བསད་པས། ཚེ་ཕྱི་མ་ལ་ཡི་དྭགས་སུ་སྐྱེས་སོ། །ལི་ཙ་བྱི་ལ་རྒྱལ་ཁམས་ཀྱི་མིས་བསྙེན་བཀུར་བྱས་ནས་ནོར་ལ་ཟད་པ་མ་བྱུང་ངོ་། །དེ་ལ་ཡ་མཚན་ནས་སའི་ལྷ་མོ་བསྟན་མས་སྨྲས་པ། ཆོག་མི་ཤེས་པའི་འདོད་པ་ལས། །འདིར་སྡུག་ཕྱི་མར་ངན་སོང་མྱོང་། །ཆགས་ཞེན་མེད་པའི་ལི་ཙ་བྱི། །བདེ་ཞིང་ཕྱུག་པ་ངོ་མཚར་ཆེ། །བརྣབ་སེམས་སྐྱུངས་ལ་འདོད་ཡོན་སྤོངས། །ཟེར་རོ། །དེས་ན་བརྣབ་སེམས་སྤངས་ནས་འདོད་ཆུང་ཆོག་ཤེས་བྱེད་དགོས། །ཡང་གནོད་སེམས་བརྡུང་འཚོག་གི་གླིང་ན། གྱད་ཟླ་བ་བཟང་པོ་ཞེས་བྱ་བ་ཐམས་ཅད་ལ་བརྡུང་ཞིང་འཚོག་པ་ཞིག་དང་། ལྷའི་བུ་གསེར་གཟུངས་ཞེས་བྱ་བ་བྱམས་པ་དང་ལྡན་པ་ཞིག་ཡོད་པས། གྱད་ཟླ་བ་བཟང་པོས་དུས་རྒྱུན་དུ་གཞན་ལ་གནོད་སེམས་རང་བྱས་པའི་རྐྱེན་གྱིས་གཤིན་རྗེའི་ཕོ་ཉས་ཁྲིད་ནས་དམྱལ་བར་སྐྱེས་སོ། །ལྷའི་བུ་གསེར་གཟུངས་ནི་དུས་རྒྱུན་དུ་སེམས་ཅན་ལ་བྱམས་པ་དང་ལྡན་པས་མངོན་སུམ་དུ་ལྷ་ཡུལ་དུ་སྤྱན་དྲངས་སོ། །དེའི་ཚེ་ལྷའི་དབང་ཕྱུག་རྣམ་ཐོས་སྲས་ཀྱིས་སྨྲས་པ། ཀུན་ལ་གནོད་སེམས་ལྡན་པ་ཡི། །གྱད་ནི་མངོན་སུམ་གཤིན་རྗེས་ཁྲིད། །བྱམས་པ་ལྡན་པའི་གསེར་གཟུངས་ནི། །ལྷ་གནས་སྤྱན་དྲངས་ངོ་མཚར་ཆེ། །གནོད་སེམས་སྤོངས་ལ་བྱམས་སེམས་སྐྱེད། །ཟེར་རོ། །དེས་ན་གནོད་སེམས་སྤངས་ནས་བྱམས་སྙིང་རྗེ་བསྐྱེད་དགོས། ཡང་ལོག་ལྟ་མུ་སྟེགས་ཀྱི་གླིང་ན། མུ་སྟེགས་འོད་སྲུངས་རྫོགས་བྱེད་ཅེས་བྱ་བ་ཚེ་སྔ་ཕྱི་མེད། དཀོན་མཆོག་རྫུན་ཡིན་ཟེར་རང་ཡང་དེ་ལྟར་བསམ་ལ་གཞན་ལ་ཡང་དེ་ལྟར་སྟོན་པ་ཞིག་དང་། དགེ་སློང་སེང་གེ་ཞེས་བྱ་བ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། ཐ་མར་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་སྨོན་ལམ་འདེབས་པ་ཞིག་ཡོད་པས། མུ་སྟེགས་ལྟ་བ་ལོག་པའི་སྐྱོན་གྱིས་དམྱལ་བར་སྐྱེས་སོ། །དགེ་སློང་དཀོན་མཆོག་ལ་མོས་པའི་བྱིན་རླབས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། རྫུ་འཕྲུལ་ལྡན་པའི་མུ་སྟེགས་རྫོགས་བྱེད་ཀྱང་། །མངོན་སུམ་ཉིད་དུ་དམྱལ་བའི་གནས་སུ་སྐྱེས། །ལོག་པར་འཛིན་པ་ཐམས་ཅད་སྙིང་རེ་རྗེ། །ཡང་དག་ལྡན་པའི་དགེ་སློང་སེང་གེ་ནི། །དཀོན་མཆོག་གསུམ་ལ་མོས་གུས་བྱས་པ་ཡིས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེས་པ་ཡ་མཚན་ངོ་མཚར་ཤིན་ཏུ་ཆེ། །ལོག་ལྟ་སྤོངས་ལ་ཡང་དག་ལྟ་ལྡན་མཛོད། །ཟེར་རོ། །དེས་ན་ལོག་ལྟ་སྤངས་ནས་ཡང་དག་ལྟ་བ་དང་ལྡན་པར་བྱ་དགོས། གཞན་ཡང་སྔོན་མ་དམ་པ་རྒྱ་གར་གྱིས་ཉིན་གཅིག་ཐུགས་དམ་ལ་བཞུགས་དུས། ཨ་ཚ་ལ་སོགས་པའི་སྒྲ་ལུང་པ་གང་བ་ཙམ་གསན་འོད་གསལ་གྱི་ངང་ནས་བལྟས་པས། དིང་རི་གླང་འཁོར་གྱི་གྲྭ་བཙུན་རྣམས་ཀྱིས་ཤིག་ཡོད་པའི་དུག་སྦྲུལ་ཉི་མ་ལ་བཞག་པའི་ནང་གི་ཤིག་ཉི་མས་ཚིག་པ་ཡིན་པ་མཁྱེན་ནས། གྲྭ་བཙུན་རྣམས་བོས་ཏེ། ཁྱེད་རྣམས་དམྱལ་བར་འགྲོ་བ་ལ་གཞན་མི་དགོས་པར་གདའ། ཤིག་ཡོད་པའི་དུག་པོ་ཉི་མ་ལ་བཞག་པ་འདི་ཁོ་ནའི་ཆོག་པར་གདའ་གསུངས། དེ་ནས་བཟུང་གྲྭ་བཙུན་རྣམས་ཀྱིས་ཤིག་ཡོད་པའི་གོས་ཉི་མ་ལ་ཡང་མི་འཇོག་པ་བྱུང་། དེས་ན་རང་གི་ལུས་ཀྱི་ཤིག་ཡན་ཆད་མི་གསོད་པར་སྡིག་པ་ཆུང་ངུ་ལ་ཡང་འཛེམས་དགོས། ཡང་ཕ་དམ་པའི་ཞལ་ནས། ཁྱེད་དིང་རིའི་རྒན་རྒོན་ཕལ་ཆེར་དམྱལ་བར་འགྲོ་བ་ལ་གཞན་མི་དགོས། ཁ་ཁོ་ནའི་ཆོག་པར་གདའ་གསུངས། རྒད་པོ་ཞིག་ན་རེ། ངེད་ཚོའི་ཁ་འདིས་དམྱལ་བའི་རྒྱུ་ཅི་ལྟར་སྒྲུབ་པར་གདའ་ཞུས་པས། ཁྱེད་རྣམས་འཆི་ལ་ཉེ་ཡང་མ་ཎི་བགྲང་རྒྱུ་བཞག་ནས། ད་དུང་ལུག་གཅིག་གསོད་ཀྱང་ཀ་གསོད་རོག་གྱིས་ཟེར་ཇུས་ཉེས་གཏོང་། ནང་མི་ཁྱིམ་མཚེས་རྣམས་ལ་ཚིག་ངན་མང་པོ་རྒྱག་པ་འདི་ལགས་མོད་གསུངས་པས། དེ་ནས་བཟུང་རྒན་རྒོན་རྣམས་ཀྱི་ཁ་འཇམ་དུ་སོང་སྐད། ཡང་རྒད་པོ་གཅིག་ན་རེ། ཁྱེད་ཀྱིས་ཆོས་ཁོ་ན་གསུངས་པ་ལས། སྐབས་རེ་སྒྲུང་དང་གཏམ་རྒྱུད་སོགས་འཇིག་རྟེན་པའི་གཏམ་རེ་ཡང་གསུངས་ན་ལགས་ཞུས་པས། ཕ་དམ་པ་ཐུགས་ཁྲེལ་ཏེ། རྒད་པོ་ཁྱོད་ཀྱི་ཁ་ལ་རུལ་དྲི་མི་ཁའམ་གསུངས་པས། མི་བྲོ་ལགས་ཅི་ཡིན་ནམ་ཞུས་པས། ཁྱོད་ཀྱི་ཁོག་གི་སྙིང་དེ་རུལ་ཡོད་པའི་ཚོད་རེད་གསུངས། དེ་ནས་བཟུང་དིང་རིའི་རྒན་རྒོན་སྙིང་རུལ་བ་ཚོ་གསུངས། རྗེས་སུ་སྐུ་མདུན་དུ་སོང་ན། ཁོང་གིས་སྒྲུབ་ཁང་གི་སྒོ་རྒྱབ་ནསནང་དུ་མི་གཏོང་། སྒོ་ན་བཞུགས་དུས་སོངན། ན་བཟའི་དབུ་བཏུམ་ནས་བཞུགས། ཞལ་མཇལ་གསུང་ཐོས་དགོས་ཞུས་པའི་ཚེ། ཞལ་མཇལ་རྒྱུ་ཅི་ཡོད། ཨ་ཙ་ར་རྒད་པོ་དེ་ལགས་མོད། ངས་ཆོས་མ་གཏོགས་འཇིག་རྟེན་པའི་གཏམ་ནི་མི་ཤེས། ནམ་འཆི་ཆ་མེད་ལ་ལོང་གཏམ་ལབ་ཁོམ་མེད། ཁྱེད་དིང་རིའི་རྒན་རྒོན་སྙིང་རུལ་པ་ཚོ། འཆི་བ་མི་ཡོང་པས་མ་ཎི་མ་བགྲང་། ཉི་ཕུག་དྲོས་ནས་ལོང་གཏམ་ལོ་བ་གསུངས། དེས་ན་འཆི་བ་བསམས་ནས་ཆོས་གཞན་མ་ནུས་ཀྱང་། མ་ཎི་རེམས་ནས་བགྲང་དགོས། སྔོན་སངས་རྒྱས་ཀྱིས་ལྗགས་ཀྱི་དབང་པོ་ཕྱུང་སྟེ་ཞལ་གྱི་དཀྱིལ་འཁོར་མངོན་པར་བཀབ་བོ། །དེ་ནས་རིམ་པ་བཞིན་དབུ་དང་སྐུ་དང་། སེང་གེ་ཁྲི་དང་། འཁོར་རྣམས་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་མངོན་པར་བཀབ་བོ། །དེ་ནས་ལྗགས་ཀྱི་དབང་པོ་ཕྱིར་བསྡུས་ཏེ་བཀའ་སྩལ་པ། རིགས་ཀྱི་བུ་འདི་འདྲ་བའི་ལྗགས་ཀྱིས་དེ་བཞིན་གཤེགས་པ་རྣམས་རྫུན་གསུངས་པར་མི་འགྱུར་གྱིས། ཁྱེད་རྣམས་དད་པར་གྱིས་ཤིག་གསུངས། དེས་ན་སངས་རྒྱས་ཀྱིས་རྫུན་མི་གསུངས་པའི་རྟགས་སུ། ལྗགས་ཀྱང་དེ་ལྟར་མངའ་བས་གསུང་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་དགོས། སྔོན་ཉེ་གནས་ལེགས་པའི་སྐར་མས། མུ་སྟེགས་གཅེར་བུ་སྡུག་བསྔལ་འགྱུར་བྱ་བ་དེ་དགྲ་བཅོམ་པ་ཡིན་ཟེར་བ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གླེན་པ་འདིནི་ད་ནས་ཞག་བདུན་ནས། མ་ཞུ་བའི་ནད་ཀྱིས་ཤི་ནས་རྒྱལ་པོའི་ཁབ་ཀྱི་ཕྱི་ས་ཁུང་དུ་སྐྱུགས་པ་ཟ་པའི་ཡི་དྭགས་སུ་སྐྱེ་བར་འགྱུར་ན། དགྲ་བཅོམ་པ་དེ་ལྟར་འགྱུར་རམ་གསུངས་པས། ཁོ་སྡུག་བསྔལ་འགྱུར་གྱི་དྲུང་དུ་སོང་ནས་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཟེར་བས་ཟོན་གྱིས་ཤིག་བྱས་པས། དེས་ཟོན་བྱས་ཏེ་ཞག་དྲུག་ལྟོགས་པར་བསྡད་པས། ལྟོགས་ཆེསནས་བུ་རམ་ཞིག་ཟོས་ཆུ་བཏུངས་པས་དེ་ཉིད་མ་ཞུ་ནས་ཞག་བདུན་པ་ལ་ཤི་སྟེ། དེར་སྐྱེས་པ་དང་། ལེགས་པའི་སྐྲ་མ་མཚན་མོ་དོན་ཞིག་ལ་ཕྱིན་པས། དེན་ཅག་ཅག་པ་ཞིག་འདུག་པས་སུ་ཡིན་བྱས་པས། ང་གཅེར་བུ་པ་སྡུག་བསྔལ་འགྱུར་ཡིན་ཟེར། ཁྱོད་དེར་སྐྱེས་སམ་བྱས་པས། སྐྱེས་ཁྱོད་བཅོམ་ལྡན་འདས་ལ་ཡིད་མི་ཆེས་སམ་ཟེར། དེས་ན་སངས་རྒྱས་ཀྱིས་དུས་གསུམ་ས་ལེར་མཁྱེན་པས་རྫུན་གསུངས་དོན་མེད་པས་གསུངས་པའི་ཆོས་ལ་ཡིད་ཆེས་དགོས། སྔོན་བདུད་ལྷས་སྦྱིན་གྱིས། སངས་རྒྱས་བཅོམ་ལྡན་འདས་གསོད་སྙམ་སྒྲོགས་རྡོ་འཕང་དགེ་འདུན་པའི་དབྱེན་སོགས་བྱས་དུས་རྒྱུན་དུ་སངས་རྒྱས་འཁོར་བཅས་ལ་གནོད་པ་ཅི་འཁྱོལ་བྱས་ཀྱང་། ཁོ་མ་ཞུ་བའི་ནད་ཀྱིས་ཐེབས་པ་སྨན་པས་ཀྱང་བོར་ནས་འཆི་ལ་ཉེ་ཚེ། སངས་རྒྱས་ཀྱིས་སྙིང་རྗེ་ནས་ཕྱག་སྤྱི་བོར་བཞག་བྱིན་རླབས་བྱས་ཏེ། ནད་ལས་གྲོལ་བར་བྱས། དུས་རྒྱུན་དུ་རང་གི་སྲས་དགྲ་གཅན་འཛིན་དང་ལྷས་སྦྱིན་གཉིས་ལ་ཁྱད་པར་མེད་པར་བྱམས། དེས་ན་སངས་རྒྱས་བཅོམ་ལྡན་འདས་ལ་དགྲ་གཉེན་ལ་ཁྱད་པར་མེད་པར་ཀུན་ལ་བྱམས་པས་རྫུན་གསུངས་དོན་མེད་པས། སངས་རྒྱས་ཀྱི་ལས་རྒྱུ་འབྲས་ཀྱི་ཆོས་གང་ལ་ཡང་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས་སྤང་བླང་མ་ནོར་བར་བྱ། དེ་ཡང་མི་དགེ་བའི་དབང་གིས་ངན་སོང་དུ་སྐྱེསན། སྡུག་བསྔལ་ཡོད་པ་སྨོས་ཅི་དགོས། ལས་དང་ཉོན་མོངས་པ་གཞན་གྱི་དབང་གིས་མཐོ་རིས་ལྷ་མིའི་ནང་དུ་སྐྱེས་ན་ཡང་སྡུག་བསྔལ་མ་གཏོགས་བདེ་བ་མེད་དེ། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན་པས་ན་སྤྱིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དང་། དགོས་སུ་འཁོར་བའི་ཁྱིམ་ཐབ་བྱས་པ་མེའི་འོབ་སྲིན་མོའི་གླིང་དུག་སྦྲུལ་ནག་པོའི་ཚང་དུ་ཆུད་པའི་མི་དང་འདྲ་ལ། ཡང་དགོས་ཁྱད་པར་ཅན་དུ་འཁོར་བའི་ཕུན་ཚོགས་ནོར་ལོངས་སྤྱོད་འཛོམ་པོ་རྣམས་ཀྱང་། དུག་དང་འདྲེས་པའི་ཁ་ཟས། སྤུ་གྲིའི་ཁར་ཆགས་སྦྲང་རྩི། དུག་སྦྲུལ་མགོ་ཡི་ནོར་བུ་ལྟར་རེག་ན་ཡང་ཕུང་ལ། དེ་ཉིད་བསྟེན་ན་སྨོས་ཅི་དགོས་སྙམ་དུ། མཐོ་རྒྱལ་པོའི་རྒྱལ་སྲིད་ལ་ཡང་ཡིད་སྨོན་སྐད་ཅིག་ཙམ་ཡང་མེད་པ་ཞིག་བྱ་དགོས་ཏེ། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་དུག་གི་སྡོང་པོ་འདྲ་བར་གཟིགས། ལོངས་སྤྱོད་ཐམས་ཅད་མཆིལ་སྣབས་བཞིན་དུ་དོར་ནས་མཚན་གུང་ཞིག་ལ་བྲོས། མཆོད་རྟེན་རྣམ་དག་དྲུང་ནས་དབུ་སྐྲ་བསིལ། ཆུ་བོ་ནི་ར་ཛ་ནའི་འགྲམ་དུ་དཀའ་བ་སྤྱད། རྒྱ་གར་རྡོ་རྗེ་གདན་ན་ནས་སངས་རྒྱས་ཏེ། འགྲོ་ལ་བདེན་བཞིའི་ཆོས་འཁོར་བསྐོར་དུས་སུ་ཡང་ཐོག་མར་སྡུག་བདེན་འཁོར་བའི་ཉེས་དམིགས་ཤ་སྟག་གསུངས་པ་ལ་ལྟོས་དང་འཁོར་བ་སྡུག་བསྔལ་ཡིན་པ་ཧ་གོ་ཡོང་། སངས་རྒྱས་ཀྱི་འཁོར་ཉན་ཐོས་དགྲ་བཅོམ་རྣམས་ཀྱིས་ཀྱང་འཁོར་བ་འདིའི་ནང་དུ་སྐྱེས་ཕྱིན་ཆད་ནས་ནོར་ཡོད་ན་ཡོད་སྡུག་མེད་ན་མེད་སྡུག་ཡོད་མེད་མཉམ་སྡུག །མི་ཚེ་སྡུག་ཟད་ལ་འགྲོ་བའི་ཚུལ་ལ་བསམས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ། དེ་བཞིན་དུ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས། ཕ་ཡུལནོར་རྫས་ཐམས་ཅད་འཕོང་ཕྱིས་པའི་རྡོ་བཞིན་དུ་བསྐྱར་ནས། མཚན་ལྡན་གྱི་བླ་མ་དམ་པའི་གསུང་བཞིན་ན་བུན་གོས་ལྟར་གྱོན་བྲག་ཕུག་ཞྭ་ལྟར་བསྟེན་གྱོང་ལྟོ་གོས་གཏམ་གསུམ་ལ་བཏང་ནས། སྒྲུབ་པ་ཁོ་ན་ལ་གཞོལ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་ནས་རང་གཞན་གྱི་དོན་གཉིས་ལྷན་གྱིས་འགྲུབ་པ་བྱུང་། དེ་ལྟ་བུའི་གོང་མའི་རྣམ་ཐར་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་ཉམས་ལེན་དུ་འཁྱེར་ཤེས་དགོས་ལ་སྟོན་པ་སངས་རྒྱས་ནས་བཟུང་ད་ལྟའི་རྩ་བའི་བླ་མ་ཡར་བཟུང་གི་དངོས་བརྒྱུད་བླ་མ་རྣམས་ཀྱིས་འཁོར་བ་སྤྱི་དང་བྱེ་བྲག་ཁྱིམ་ཐབ་དང་འདོད་ཡོན་ལ་སྤྱད་པའི་ཉེས་དམིགས་ཆེར་གསུངས་པའི་ནང་ལྟར། འཇིག་རྟེན་འཁོར་བའི་བདེ་བ་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་བྱེད་པར། འདོད་ཡོན་ཤིག་ཙམ་རེའི་རྩ་བ་ན་སྡུག་བསྔལ་རི་ཙམ་རེ་ཡོད་ཚུལ་ལ་བསམས་ནས། སྐྱུགས་ནད་ཅན་ལ་ཟས་བསྟན་པ་བཞིན་ཞེན་པ་གཏིང་ནས་ལྡོག་ཅིང་། སེང་གེའི་སྔོན་དུ་རྩྭ་སྔོན་པོ་བཞག་པ་ལྟར་འདོད་པ་སྤུ་ཙམ་ཡང་མེད་པར་ནག་ཅན་བཙོན་དོང་ནས་བྲོས་པ་ལྟར། འཇིག་རྟེན་ཁྱིམ་ཐབ་རྒྱལ་པོའི་བཙོན་ར་འདྲ་བ་འདི་ལ་ཕྱི་མིག་ཙམ་ཡང་མི་ལྟ་བར་རྒྱང་རིང་པོར་བོར་ནས། རི་ཁྲོད་དབེན་པའི་བསིལ་གྲིབ་ཏུ་འཁོད་ནས་དམ་པའི་ཆོས་ཀྱི་བདུད་རྩི་ངོམ་མེད་དུ་འཐུངས་ནས། ཚེ་འདིར་འཆི་མེད་རྡོ་རྗེ་སྐུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བྱ་དགོས། དེ་ལྟར་བྱེད་པ་ལ་ཐོག་མར་འདོད་ཡོན་གྱི་ཉེས་དམིགས་བསམས་ནས། ཚེ་བློས་གཏོང་དགོས། འདིར་འདོད་ཡོན་གྱི་ཉེས་དམིགས་ཅུང་ཟད་ཅིག་བརྗོད་ན། སྔོན་སངས་རྒྱས་འཁོར་བཅས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་དུས་བསྐལ་པ་དང་པོའི་མིས་གཏེར་སྦས་པ་ཆར་ཆུ་ཆེ་དྲགས་པས་ས་ཁར་ཐོན་ནས་འོད་འབར་བ་གཟིགས་ཚེ། འདི་ན་དུག་སྦྲུལ་དྲག་པོ་འདུག་ཅེས་བསྐོར་ནས་ཕྱིན་པས། དེ་ན་འབྲས་བུ་དང་རྩ་བ་འཐུ་པའི་མི་ཞིག་ཡོད་པས་ཐོས་ནས་འོང་བལྟས་པས། གསེར་ཡིན་ཚེ་བླངས་ནས་ཁྱེར་ཕྱིན་ལྐོག་ནས་ལོངས་སྤྱད་པ་ཡུལ་དེའི་རྒྱལ་པོ་མ་སྐྱེས་དགྲས་གོ་ནས། མི་དེའི་ནོར་ཐམས་ཅད་འཕྲོག་ནས་བཙོན་རར་ཁྲིད་པ་བཞིན། དེང་སང་ཡང་ནོར་མང་པོ་ཅན་ལ་གཞན་རྒྱལ་བློན་ཧམ་ཅན་གྱི་ཆད་ལས་སྣ་ཚོགས་འབྱུང་བ་ལ་ལྟོས་དང་གོ་ཡོང༌། ནོར་ལ་ཆགས་ན་ཕྱི་མར་ཡང་བརླགས་ཏེ། སྔོན་དགེ་སློང་ཞིག་རང་གི་ལྷུང་བཟེད་ལ་ཆགས་ཏེ། ཤི་ནས་ལྷུང་བཟེད་ནང་དུ་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་པ་དང་། བུད་མེད་ཞིག་རང་གི་ལུས་ལ་ཆགས་ཏེ་ཤི་བས་ལུས་དེ་ཉིད་ཀྱི་ནང་དུ་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་པ་དང་། ཁྱིམ་བདག་ཅིག་གསེར་ལ་ཆགས་བཞིན་དུ་ཤི་བས། གསེར་དེ་ཉིད་ལ་འཁྲིལ་པའི་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་པར་གསུངས། དེས་ན་གོང་ལ་ཡང་མ་ཆགས་མ་ཞེན་པ་དགོས། ཁྱད་པར་དུ་དཀོར་ལ་ཤིན་ཏུ་འཛེམ་དགོས་ཏེ། སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ། ཏིང་ངེ་འཛིན་ལ་བཞུགས་པས། ཐུགས་རྗེའི་ནུས་པས་ཕ་བོང་དེ་གས་པའི་བར་ནས། སྦྲུལ་གཉའ་ཤིང་གང་ཙམ་ལ་སྦལ་བ་མཐེ་བོང་ཙམ་སྟོང་མང་པོས་སོ་འཐམས་ནས་ཡོད་པ་ཞིག་ཐོན་བྱུང་བ་ལ། ལྗགས་ཆབ་གཏོར་ནས་གནས་སྤོར་མཛད་མཐར། འོ་ཞིང་དང་བསམ་པ་མ་དག་པའི་དགེ་བ་སྟེར་མཁན་དང་། ཟ་མཁན་ཚེ་འདི་འདྲ་བ་ཡང་ཡོང་གསུངས། ཡང་ཀརྨ་པ་ཆེན་པོ་དགུང་ལོ་དྲུག་བཞེས་དུས། ལོང་པོ་ལྕགས་མཁར་ཟེར་བའི་ལུང་བ་དང་ཉེ་བའི་ཐད་ན་བཞུགས་ནས། ཞབས་འཆག་པར་བྱོན་པས། ལམ་ནས་མི་རིང་བ་ན་ཕ་བོང་ཆེན་པོ་ཞིག་ལ། སྐུ་རྩེད་ཀྱི་ཚུལ་དུ་ཕྱག་བཅག་ཕྱོགས་དུ་མ་ནས་བཙུགས་པས། ཕུར་བུའི་ཤུལ་ལྟ་བུ་བྱུང་སྟེ། བར་བྱེ་བ་གཤོག་ཅིག་གསུངས་པས། གཤགས་པའི་བར་ནས་སྲོག་ཆགས་གློ་བ་འདྲ་བ་ཁྲུ་གང་ཙམ་ལ། ཕྱི་ཐམས་ཅད་སྲོག་ཆགས་ནག་པོ་དང་། ནང་ཐམས་ཅད་སྲོག་ཆགས་དཀར་པོ་ཏིལ་གྱི་འབྲུ་ཙམ་ཐེམ་མེར་ནེམ་མེར་གང་བ་བྱུང་བས། ལྗགས་མཆིལ་བཏབ་ནས་ཏིང་ངེ་འཛིན་གཏད་པས། དེའི་མོད་ལ་ཐམས་ཅད་ཤི་བས། རོ་དེ་བསྲེག་སྦྱོང་མཛད་ནས་གནས་སྤར་རོ། །དེའི་རྒྱུ་མཚན་ཞུས་པས། སྔོན་ང་རོལ་བའི་རྡོ་རྗེའི་དུས་སུ་ཡུལ་འདིའི་གཤིན་གསོན་གྱི་དཀོར་ཟ་བའི་བླ་མ་གཅིག་གིས་ང་ལ་ངན་སོང་ནས་འདྲེན་པར་ཞུས་ནས་ངས་ཁས་བླངས་པ་ཡིན། སྲོག་ཆགས་ནག་པོ་མང་པོས་ཟ་བ་གཤིན་ཟས་ཟོས་པའི་རྣམ་སྨིན་དང་། དཀར་པོ་མང་པོས་ཟ་བ་གསོན་དཀོར་ཟོས་པའི་རྣམ་སྨིན་ཡིན། དེ་ངས་ཁས་བླངས་པ་ལྟར་དྲངས་པ་ལགས། དེ་མིན་ངན་འགྲོ་ནས་ངན་འགྲོར་འགྲོ་བ་ཡིན་གསུངས། ཡང་རྗེ་ཁ་རག་པ་ཆེན་པོའི་དུས་ལ། ཁྲ་ཞིག་གིས་ཉིན་རེ་སྲོག་ཆགས་མང་པོ་བསད་པས། སླར་གང་དུ་སྐྱེས་གཟིགས་པས་སྔར་བསགས་དགེ་སྡིག་གཉིས་ཀྱི་དགེ་བ་དེ་སྔོན་ལ་སྨིན་ནས། འབྲོག་པ་ཤིན་ཏུ་ཕྱུག་པོའི་བུར་སྐྱེས་ནས། སྲོག་གཅོད་ལས་ཀྱི་མྱུར་བར་ཚེའི་དུས་བྱས་སོ། །དེ་ནས་གང་ལ་སྐྱེ་གཟིགས་པས། བླ་མ་དགེ་བའི་བཤེས་གཉེན་གདུལ་བྱ་ཤིན་ཏུ་ཆེ་བར་སྐྱེས་ནས། གདུལ་བྱ་ཆེ་དྲག་གཤིན་གསོན་གྱི་འདྲེན་ཆོག་ཐམས་ཅད་རྟ་སྟེང་ནས་བྱེད་པས། བླ་མ་རྟ་ཆོག་པ་ཞེས་གྲགས་སོ། །མཐར་དབང་མོ་ཆེ་ཞིག་བཙུགས་ནས་མི་ཀུན་འདུས་པའི་དུས། བླ་མ་དེ་སྐུ་གཤེགས་སོང་དེ་ན་རྗེ་ཁ་རག་པའི་ཉེ་གནས་ཀྱང་ཡོད་པས་ཀུན་ཁ་འཆམ་པར། བླ་མའི་དབང་པོ་ལྔ་པོ་ལ་སྦྱང་ཆོག་ཞུ་རྒྱུ་རྗེ་ཁ་རག་པ་ལ་བསྐུར་ན་ལེགས་ཞེས་ཉེ་གནས་ལ་བསྐུར་བས། ཉེ་གནས་ཀྱིས་ཁྱེར་ནས། རྗེའི་དྲུང་དུ་མ་སླེབ་ཙམ་ན། འདི་ཁྱེར་ན་བཀའ་བཀྱོན་འདྲ་ཡོང་སྙམ། དར་གྱི་སྒྲིལ་འབོག་བཅས་མ་ཚད་ཀྱི་བྲག་འོག་ཅིག་ཏུ་བཞག་ནས། དྲུང་དུ་ཕྱིན་ནས་གནས་ཚུལ་ཕུལ་བས་རྗེའི་ཞལ་ནས། འོན་ངའི་སྣམ་སྦྱར་འདིས་གཡོག་གསུངས། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས་གནང་བས། དེ་བཞིན་བྱ་སྙམ་ནས་ཉེ་གནས་ཀྱིས་ཁྱེར་དེ་སོང་བས། བྲག་འོག་དེར་དབང་པོ་ལྔ་པོ་དེ། སྡིག་པ་ཆེ་ཆུང་ར་ཙམ་དུ་སོང་ཟིན་ནས་ཚུར་ལ་གཟེངས་བྱས་པས། འདུལ་སྐལ་གྱི་རྟེན་འབྲེལ་མ་འཛོམ་པས། སྣམ་སྦྱར་གཡོག་མ་ཐུབ་པར་འཇིགས་སྐྲག་གིས་བྲོས་པས། ཕ་ཚད་དུ་བྲག་ཆེན་པོ་ཞིག་ཡོད་པར། དེ་ལས་དབང་གིས་གས་པའི་བར་དུ་སོང་ངོ༌། །དེའི་ཕྱི་ལ་སྔོན་ལན་ཆགས་ཀྱི་འབྲེལ་བ་ཡོད་ཚད་ཀྱི་སྲོག་ཆགས་རིགས་འདྲ་གྲངས་མེད་སོང་། མཐར་ལས་ཀྱི་དབང་གིས་བྲག་དེ་སླར་ཁ་ཟུམ་པ་བྱུང་། སྡིག་པ་དེའི་སྙིང་ག་ནས་ཡར་ཤུག་པའི་སྡོང་པོ་ཞིག་སྐྱེས་པས་ཤུག་སྡོང་ཆེན་པོ་དེ་བྱའི་རྐང་པས་མ་ཟད་ཀྱི་བར་དུ། སྡུག་བསྔལ་མྱོང་དགོས་པར་གསུངས། སྔོན་སངས་རྒྱས་ཀྱི་དྲུང་དུ་བུད་མེད་རྒན་མོ་ལོ་བརྒྱ་ལོན་པ། དབུལ་ཞིང་ཕོངས་པ་མི་སྡུག་པ་ཞིག་ཕྱིན་ནས། དྲི་བ་དང་དྲིས་ལན་རྒྱ་ཆེར་གསུངས་པས་མཐར་སྒྲེས་མོ་དེ་ཤི་འཕོས་ནས། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་ནས། སངས་རྒྱས་གྲངས་མེད་པ་ལ་མཆོད་པ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པས། ཀུན་དགའ་བོས། འོ་ན་འདི་ལྟར་དུ་དབུལ་ཞིང་ཕོངས་པ། མི་སྡུག་པ་གང་ལགས་ཞུས་པས། བཀའ་སྩལ་པ། སྔོན་སངས་རྒྱས་འཁོར་བ་འཇིགས་ལ་ང་རབ་ཏུ་བྱུང་བའི་དུས། འདིནི་ངའི་མར་གྱུར་ཏེ་དེའི་གོང་དུའང་། ངའི་སྐྱེ་བ་བརྒྱའི་མ་ཡིན་པས། དེའི་དུས་སུ་ངའི་ཟན་ཞིག་གི་གཤམ་ནས་བཅད་དེ་ཟོས་པས་དེའི་རྣམ་པར་སྨིན་པས། འདི་ཕན་ལ་སྐྱེ་བ་ལྔ་བརྒྱའི་བར་དུ། རྒན་མོ་མི་སྡུག་པ་དབུལ་བར་གྱུར་པས། འདི་ནི་དབུལ་བའི་མཐའ་མ་ཡིན་ནོ་གསུངས། དེས་ན་མཐུ་མ་གཏོང་དཀོར་ཐོངས་ཟེར་བ་ལྟར། དཀོར་འདི་མཐུ་ལས་ཀྱང་འཇིགས་པས། དཀོར་བསྡུས་ནས་རང་གིས་བག་མེད་དུ་ཟ་ཞིང་གཞན་ཉེ་འབྲེལ་གྱི་ཁ་ལ་རྒྱག་པ་སོགས་གཏན་ནས་བྱེད་མི་རུང་པས། འདི་ལ་གཟབ་པར་བྱའོ། །འོན་ཚེ་བློས་ཇི་ལྟར་གཏོང་དགོས་སྙམན། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱིམ་དང་བཟུང་བ་ཐམས་ཅད་སྤངས་ལོ་དྲུག་དཀའ་བ་སྤྱད་ཚེ་བློས་གཏོང་ལུགས་ཅི་འདྲ་མཛད་འདུག །དེ་ལ་ཁ་མིག་ཡར་བལྟ་བྱེད་དགོས། ཁོང་གིས་རྗེས་འཇུག་འོ་སྐོལ་རྣམས་ལ། ཟས་བསོད་སྙོམས་པ། གོས་ཕྱག་དར་ཁྲོད་པ། གནས་ཤིང་དྲུང་བ། སྨན་བཀུས་ཏེ་བོར་བ་བཞི་བསྟེན་དགོས་ཞེས་གསུངས་པ་ལྟར། ངེད་རྣམས་ཀྱིས་ཀྱང་མཁན་སློབ་རྣམས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་རྣམས་དྲན་པར་བྱས་ནས་ལག་ལེན་ལ་འདེབས་དགོས། དེ་ཡང་ཇི་ལྟར་འདེབས་ན། དངོས་པོ་ཐམས་ཅད་སྤངས་ནས་འཕྲལ་དུ་རྙེད་པའི་བཟའ་བཏུང་བཟང་ངན་གང་རྙེད་ཙམ་གྱིས་ཆོག་ཤེས་པར་བྱེད་པ་ཟས་བསོད་སྙོམས་པ། གོས་བཟང་པོ་དང་མང་པོ་སྤངས་ནས། བཟང་ངན་གང་རྙེད་པས་ཆོག་པར་བྱེད་པ། གོས་ཕྱག་དར་ཁྲོད་པ། གནས་མལ་བཟང་པོ་སྤངས་ཏེ་རྩོལ་མེད་བཟང་ངན་གང་བྱུང་གིས་ཆོག་པས་གནས་ཤིང་དྲུང་བ། གཞན་གྱིས་བཀུས་ཤིང་ལོངས་སྤྱད་དེ་བོར་བའི་སྨན་བཟང་ངན་རྩོལ་མེད་གང་བྱུང་གིས་ཆོག་པར་བྱེད་པས་སྨན་བཀུས་ཏེ་བོར་བ་དང་། བཞི་པོར་གནས་པར་བྱའོ། །བླ་མ་གོང་མ་རྣམས་ཀྱི་ཞལ་ནས་ཚེ་བློས་གཏོང་བ་ལ། གཏད་པ་བཞི། རྡོ་རྗེ་གསུམ། བུད་སྙེགས་ཐོབ་གསུམ། དགོས་པ་ཡིན་གསུངས། དང་པོ་བཞིན། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་བྲག་སྟོང་པར་གཏད། རྡོ་རྗེ་གསུམ་ནི། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲོལ་མེད་རྡོ་རྗེ་རྗེས་ལ་འཇོག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། ཕྱི་མ་གསུམ་ནི། མི་ཁྱུ་ནས་བུད། ཁྱི་གྲལ་སྙེགས། ལྷ་གྲལ་ཐོབ། གསུམ་མོ། འདི་རྣམས་བཅོམ་ལྡན་འདས་ཀྱིས་རབ་བྱུང་ཇི་ལྟར་མཛད། དཀའ་བ་ལོ་དྲུག་སྤྱད་ལུགས། རྗེས་འཇུག་ཇི་ལྟར་རབ་ཏུ་བྱུང་བ་སོགས་གསུངས་ལུགས་རྣམས་གོན་གོང་གི་གནད་རྣམས་ཤིན་ཏུ་ཟབ་པ་ཆོས་ཀྱི་མཐིལ་དུ་གོནས་ཡོང་། དེ་བཅུ་ལ་ཕུག་ནོར་བཅུ་ཞེས་པའི་ཐ་སྙད་མཛད། དེ་རྣམས་ཡིད་ལ་བཞག་པ་ཙམ་གྱིས་ཉོན་མོངས་ཀྱི་རྫོང་འགྱེལ། ལས་ངན་གྱི་གྲུ་འཇིག །གཉེན་པོའི་ཐང་བདེ་བ་ལ་སླེབས་པས། ཕུག་ནོར་གྱི་མཆོག་རང་དུ་སྣང་ངོ༌། །དེས་ན་ཚེ་བློས་གཏོང་ཚུལ་གྱི་གདམས་པ་འདི་རྣམས་སྙིང་ལ་བཅངས་ནས་ལག་ལེན་ལ་ཐེབས་ངེས་བྱའོ། །སྔོན་ཇོ་བོ་རྗེ་ལྷ་གཅིག་སྐྱེས་བུ་དམ་པ་དེ་འདའ་ཁར་རྣལ་འབྱོར་པ་ཕྱག་པ་ཁྲི་མཆོག་གིས། ཇོ་བོ་གཤེགས་པ་ན་བདག་གིས་བསྒོམ་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་པས་བོར་ལ་ཐོང་གསུངས། འོན་འཆད་པར་ཞུ་ཞུས་པས་ཀྱང་དེ་སྐད་གསུངས། འོན་རེས་བཤད་རེས་བསྒོམ་མམ་ཞུས་པས་ཀྱང་དེ་སྐད་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། ཚེ་འདི་བློས་ཐོང་གསུངས། བཙུན་པ་གཅིག་གིས་དགོན་པར་བསྐོར་བ་བྱས་པས། སྟོན་པ་རིན་པོ་ཆེའི་ཞལ་ནས། ཇོ་བོ་བསྐོར་བ་བྱེད་པའང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་དགའ་གསུངས། ཁོའི་བསམ་པ་ལ་ཕྱག་གཅིག་བྱས་ན་དགའ་བ་ཡིན་ནམ་སྙམ་ནས་བྱས་པས་ཀྱང་དེ་སྐད་གསུངས། དེ་བཞིན་དུ་ཁ་ཏོན་དང་སྒོམ་བྱས་པས་ཀྱང་དེ་སྐད་གསུངས། འོན་ཅི་བགྱི་ལགས་ཞུས་པས། ཚེ་འདི་བློས་ཐོང་ཞིག་ལན་གསུམ་གསུངས། ཆོས་རྗེ་རེད་མདའ་བའི་ཞལནས། ཐོས་པའི་གཏིང་དཔོག་ནས། ཚེ་བློས་གཏོང་གི་སྒྲུབ་པ་སྙིང་པོར་བྱེད་པ་ལས་ལྷག་པའི་རྒྱལ་བ་སྲས་བཅས་མཉེས་པར་བྱེད་པའི་མཆོད་པ་གཞན་མེད། དེའི་ཐད་ན་དེང་སང་གི་འཆད་ཉན་འདྲ་བ་གཞན་དོན་ལྟར་སྣང་ཡིན། རྙེད་བཀུར་ལྷུར་བྱེད་ཀྱི་ཐབས་དབང་བསྐུར་ལུང་ཁྲིད་ལ་སོགས་འཁོར་སྡུད་པའི་ཐབས་གཞན་དོན་ལྟར་སྣང་བྱེད་པ་རྣམས་ལ་སྙིང་པོ་མེད་གསུངས། དེ་བས་ན་གང་ལ་བསམས་ཀྱང་སྙིང་པོ་མེད་པའི་ཚེ་ཐུང་འདི་ལ་མ་ཆགས་པར་བློས་ཅི་ཐོང་བྱའོ། །སྔོན་རས་ཆུང་བ་ལ་རྒད་པོ་བཟའ་མི་གཉིས་ཀྱིས་གཡུ་རྡོག་ཆེན་པོ་ཞིག་བཅོལ་བས། ཚགས་མི་བྱེད་བྱས་པས་མཉན་པར་བཅོལ་སོང་། དགོང་མོ་ས་སྲོས་པ་དང་། མི་ར་སློག་གྱོན་པ། ཕད་ཚེ་ལ་ཁྲེས་པོ་བྱས་པ། སྐྱ་སྤྱི་བོར་བཀྱིག་པ་ཞིག་ནང་དུ་འོང་བ་མཐོང་ནས། ཕྱི་ལ་བལྟར་ཕྱིན་པས། གནམ་སྒོ་ཕྱེད་ནས་གཞན་ཅི་ཡང་མི་འདུག་ཚེ། ལྷ་འདྲེའི་བར་ཆད་དུ་ཤེས་ནས། ནངས་པར་གཡུ་ཁོ་རང་ལ་གཏད་སྐད། དེས་ན་ནོར་ཚགས་བྱེད་པ་ཕར་ཞོག །ཐ་ན་གཞན་གྱིས་ནོར་བཅོལ་བ་ཡང་ལེན་མི་རུང་། སྔོན་རྗེ་བཙུན་མི་ལ་རས་པས་བྲག་དཀར་རྟ་སོན་ཟླ་ལ་དཀའ་ཐུབ་མཛད་དུས་ལན་ཅིག་མཚན་མོ་མི་གཅིག་གིས་རྗེ་བཙུན་ལ་ཟས་ནོར་ཡོད་དུ་རེ་ནས་བྱུང་སྟེ་ཕུག་པའི་ནང་ཀུན་གཡེང་གིན་འདུག་པ་ལ། རྗེ་བཙུན་གྱིས་རྒོད་ཅིག་ཤོར་ཏེ། ངས་ཉིན་མོ་མ་རྙེད་པའི་ས་དེ་ནས་ཁྱོད་ཀྱིས་མཚན་མོ་ཨེ་རྙེད་ལྟོས་ཤིག་བྱས་པས། ཁོ་རང་ཡང་རྒོད་ཅིང་ཐོན་སོང་གསུངས། དེ་ལྟ་བུ་བྱེད་རྒྱུ་བྱུང་ན་རབ། མ་བྱུང་ཡང་དེའི་ཆ་འདྲ་ཙམ་རེ་ཅིས་ཀྱང་བྱའོ། །སྔོན་བྱང་ཆུབ་སེམས་དཔའ་མཆེད་དྲུག་ནགས་སུ་སྒོམ་གྱིན་བཞུགས་དུས་པདྨའི་རྩ་བ་གསོལ་བ་ལས་གཅིག་གིས་པདྨའི་རྩ་བརྐུས་སྣང་བས་ཁོང་རྣམས་ཀྱིས་རྩ་བ་སུས་རྐུས་པ་དེ་ལ་ལོངས་སྤྱོད་མངའ་ཐང་གྲ་རྒྱས་པ་རེ་ཡོང་ན་སྡུག་ཐག་ཆོད་པ་རེ་ཡོང་དགོངས་ནས། གཅིག་ན་རེ། བྲམ་ཟེ་ཁྱེད་ཀྱི་རྩ་བ་སུས་ཁྱེར་བ། །འབྱོར་བའི་མཚན་མས་བརྒྱན་པའི་ཁྱིམ་པ་བ། །ཆུང་མ་ཡིད་དུ་འོང་བ་རྙེད་པར་ཤོག །བུ་དང་ཚ་བོ་རྣམས་དང་ལྡན་པར་ཤོག །ཁ་ཅིག་ན་རེ། བྲམ་ཟེ་ཁྱེད་ཀྱི་རྩ་བ་སུས་ཁྱེར་བ། །ཕྲེང་བ་དོ་ཤལ་ཅན་ལྡན་གོས་བཟང་དང་། །བུ་ཡིས་རེག་པའི་རྒྱན་རྣམས་བཏགས་བྱས་ཏེ། །འདོད་པ་མི་ཟད་པ་ལ་སྤྱོད་པར་ཤོག །གཅིག་ན་རེ། གང་གི་རྩ་བ་མཐོང་ལ་ཆོས་མ་མཐོང་། །དེ་ནི་གཅིག་པུ་དགེ་བ་རྣམས་དང་བྲལ། །བསྙེན་བཀུར་བྱས་པས་མྱོས་པར་གྱུར་ནས་ནི། །ཁ་ཟས་ཞིམ་པོ་དག་ལ་དགའ་བར་ཤོག །གཅིག་ན་རེ། བྲམ་ཟེ་ཁྱེད་ཀྱི་རྩ་བ་སུས་ཁྱེར་བ། །རིགས་བྱེད་ལེགས་པར་ལོབ་ནས་སྟོན་པར་བྱེད། །དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །དེནི་ཡུལ་མི་ཀུན་གྱིས་མཆོད་བྱེད་ཤོག །ཞེས་དམོད་པ་རེ་རེ་བོར་རོ། །དེས་ན་ནོར་ལོངས་སྤྱོད་མངའ་ཐང་གྲ་རྒྱས་པ་དེ་སྐྱིད་མིན་སྡུག་བསྔལ་གྱི་གྲ་རྒྱས་པ་ཡིན་པས། སྤོང་ཅི་ཐུབ་ལ་འབད་པར་བྱའོ། །བཀའ་གདམས་ཀྱི་བླ་མ་འགའ་རེས་ནོར་འདིས་མཐོ་རིས་ཐར་པའི་གནས་སུ་ཡར་འགྲོ་བའི་ལམ་ནོར་དུ་བཅུག་ནས། དམྱལ་བ་ཡི་དྭགས་ལ་སོགས་པའི་ངན་སོང་གི་ལམ་ལོག་པ་རུ་མར་འགྲོ་བའི་རྒྱུ་བྱེད་པས་ན། ནོར་ཟེར་བའི་སྒྲ་དོན་དེ་ཡིན། དེའི་རྒྱུ་མཚན་ཤེས་ན་ནོར་གསོགས་པ་ཕར་ཞོག །ནོར་ཟེར་བའི་མིང་གོ་ན་ཡང་འཇིགས་རྒྱུ་ཡོང་བར་གདའ་གསུང་སྐད། འཇིག་རྟེན་ཁ་དཔེ་ལ་ཡང་། འཁོར་བ་རྒྱ་ཆེན་སྡུག་བསྔལ་གྲངས་མང་ཟེར་བ་ལྟར། དེང་སང་གི་ཕྱུག་པོ་ཕལ་ཆེར་གྱིས་ནོར་ཡོད་ཚེ། རང་གིས་ཟ་མི་ཐུབ་གཞན་ལ་སྟེར་མི་ཐུབ། ཆོས་ཕྱོགས་ལ་གཏོང་མི་ཐུབ་པརནོར་མང་པོ་བསགས་པའི་མཐར་གང་ཡོད་ན། སེར་སྣ་ཅན་གྱི་ཟས་ནོར་ཏེ། །ཧམ་པ་ཅན་གྱི་ཁ་ལ་རྒྱག །ཟེར་བ་ལྟར་ཡུལ་དེའི་དཔོན་པོའམ། ཡང་ན་མི་ངན་ཧམ་ཅན་གྱིས་དོན་མེད་ཀྱི་བསྙད་མང་པོ་བརྐོས། ནོར་ཐམས་ཅད་ཁྱེར་ཡོང་། གཞན་ཡང་ནོར་ནི་ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན་གསུངས་པ་དང་། མངའ་ཐང་རྒྱས་ཀྱིན་སྡུག་བསྔལ་མཚོ་རྡོལ་གསུངས་པ་དང་ནོར་དགྲ་འདྲེ་འབོད་པའི་གཡབ་མོ་ཡིན་གསུངས་པ་ལྟར། ནོར་ལོངས་སྤྱོད་གྲ་རྒྱས་པ་རྣམས་ལ་མིས་གནོད་པ་ཙམ་དུ་མ་ཟད་ལྷ་འདྲེ་རྣམས་ཀྱིས་ཀྱང་ན་ཚ་ཤི་ཆད་གོད་ཁ་སོགས་མི་འདོད་པའི་རིགས་རྒྱུན་མི་ཆད་དུ་བཏང་ཡོང་། དེས་ན་ཚེ་འདིའི་མི་ནོར་ཟས་གསུམ་གང་ལ་ཡང་མི་ཆགས་པར་རྗེ་མི་ལ་རས་པ་ལྟ་བུ་འོང་བའི་སྨོན་ལམ་འདེབས་པར་བྱའོ། །སྔོན་རྭ་སྒྲེང་ན་ཇོ་བོའི་དངུལ་གྱི་གདུང་ཁང་བྱེད་མཁན་ཨ་ཙ་ར་མ་ནུ་བྱ་བ་ཡོད་པ། ཚེས་བཅོ་ལྔའི་ཟླ་བ་ཤར་བ་ན་ངུ་སྐད། དེ་ཙུག་ཡིན་བྱས་པས། ད་ཙམ་ན་རྒྱ་གར་ན་ངའི་བུ་མོ་རྣམས་ཟླ་རྩེད་བྱེད་པར་དྲན་ཟེར་རོ། །འོན་ཁྱོད་ད་ལྟ་རང་སངས་རྒྱ་བ་དང་། བུ་སྨད་དང་འཕྲད་པ་གང་ལ་འདེམ་བྱས་པས། བུ་སྨད་དང་འཕྲད་པ་འདམ་ཟེར་ལོ། །དེས་ན་རང་རེ་ཡང་འཁོར་བ་ལ་ཤི་སྤར་འཐམ་པ་ཨ་ཙ་ར་མ་ནུ་དེ་འདྲ་བ་ཞིག་ཏུ་མི་འགྱུར་བ་བྱའོ། །སྔར་མངོན་ཤེས་ཀྱིས་ལུང་སྟོན་བྱེད་པ་ཞིག་ཡོད་པ་ལ། དེ་ན་རེ། བྲན་ཀ་མོན་པོ་དམྱལ་བར་སྐྱེ་བར་འདུག་ཟེར། དེར་ཁོ་ན་རེ། དམྱལ་བར་སུ་སྲེག་པ་སྲེག་ང་རངནི་འདི་ན་ཆང་འཐུང་ཟེར་ལོ། །དེས་ན་འོ་ཅག་གིས་ཀྱང་འཁོར་བའི་ཉེས་དམིགས་མ་བསམས་ན་བྲན་ཀ་མོན་པོའི་ལན་མོ་བྱེད་ཉེན་ཆེ་བས། ད་ནི་ཤ་ཆང་ལ་སོགས་པའི་འདོད་ཡོན་སྤོང་ཅི་ཐུབ་ལ་འབད་པར་བྱའོ། །སྔར་བྲམ་ཟེ་རྣམས་ལ་དུས་སྟོན་བཟང་པོ་ཟླ་བ་གསུམ་མམ། བཞི་ཡོད་པ་ལ། དེར་བྲམ་ཟེའི་ལག་པ་ལ་སྦྲང་རྩིའི་རྒྱས་བཏབ་པའི་བྲམ་ཟེ་ཞིག་མཁས་པ་ཡོན་ཏན་དང་ལྡན་པ་ཡིན་ཡང་། སྲེད་པ་ཆེ་བས་སྦྲང་རྩིའི་རོ་མངར་བ་ལ་ཆགས་ནས་རྒྱ་དེ་ལྕེས་བལྡགས། དེར་རྒྱ་མེད་པ་དང་སྒོ་སྲུང་གིས་མ་བཏང་བར་དུས་སྟོན་ཤོར་རོ། །དེ་བཞིན་དུ་རང་རེ་ཡང་སྦྲང་རྩི་ལྟ་བུའི་ཚེ་འདིའི་བདེ་སྐྱིད་ཅུང་ཟད་ལ་ཆགས་ན། དུས་སྟོན་བཟང་པོ་ལྟ་བུའི་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་པ་འཆད་པས་གང་ལ་ཡང་མ་ཆགས་པར་བྱ་གསུངས་སོ། །སྔོན་ཤཱཀྱའི་རྒྱལ་པོ་བཟང་ལྡན་སོགས་ཤཱཀྱ་ལྔ་བརྒྱ་ཅིག་ཆར་རབ་བྱུང་བྱས་ནས། བཟང་ལྡན་ཕྱག་དར་ཁྲོད་ཀྱི་གོས་གྱོན། རིགས་ངན་ལས་བསོད་སྙོམས་བླངས་ཏེ་བྱུང་བ་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་བས་བརྒྱལ་ནས་བོག་སོང་ངོ་། །དེར་དལ་གྱིས་བསླངས་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱོན་ནས། བཟང་ལྡན་རྒྱལ་སྲིད་སྤངས་ནས་འདི་ལྟར་དུ་བགྱིད་པ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། བཟང་ལྡན་ནི་ད་ལྟ་ག་ན་འདུག་ཀྱང་བདག་རེ་སྐྱིད་བདག་རེ་སྐྱིད། སྔར་རྒྱལ་པོའི་ཕོ་བྲང་ན་སྲུང་མ་བརྒྱ་ཕྲག་གིས་བསྐོར་ཏེ་གནས་ཀྱང་རྟག་ཏུ་འཇིགས་ཤིང་བག་ཚ་བ་ལ། ད་ནི་སྤྱིལ་བུ་སྒོ་མེད་ན་ཡང་བག་ཚ་བ་མེད་པར་བདེའོ་ཞེས་ལན་གསུམ་གསུམ་བརྗོད་པར་འདུག་གསུངས། དེ་བཞིན་དུ་ཚེ་བློས་བཏང་ནས། རི་ཁྲོད་དབེན་པའི་དགའ་ཚལ་བསྟེན་པའི་གང་ཟག་དེ་ལས་སྐྱིད་པ་ཞིག་རྒྱལ་པོ་ལ་ཡང་མེད། དེས་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཚེ་བློས་བཏང་ནས་དབེན་པར་སྐྱིད་པའི་རྒྱང་གླུ་ཁོ་ན་བླངས་པ་ལ་ལྟོས་དང་ཧ་གོ་ཡོང་། ཡང་སྔོན་མི་གླེན་པ་ཞིག་ཕྱོགས་གཞན་ཞིག་ཏུ་ཚོང་ལ་སོང་ནས། དགོང་གཅིག་ཚིལ་བུ་ཞིག་མེ་ལ་བསྲེགས་ནས་ཚ་མོ་ཁནང་དུ་བཞག་པས་ཁ་ལྕེ་གཉིས་ཀ་ཚིག་པས། ཨ་ཚ་ཞེས་སྐད་ངན་དང་བཅས་ཏེ་ཕར་རྒྱང་རིང་དུ་འཕང་བའི་ཕྱིར་ཉིན་སྔ་མོ་མཐོང་ཚེ། ད་དུང་ཡང་བྱེད་ནས་ཕྱི་ཟིལ་བ་ཙ་རེ་འདུག་སྟེ། ནང་ན་ད་དུང་མེ་དམར་པོ་ཞིག་འབར་གིན་ཡོད་ཡོང་ཟེར། དེའི་ཕྱོགས་སུ་མི་འགྲོ་སྐད། དེ་བཞིན་དུ་འདོད་ཡོན་ཤིག་ཙམ་རེ་རྩ་ན། སྡུག་བསྔལ་རི་ཙམ་ཡོད་ཚུལ་བསམས་ནས་སྤོང་ཅི་ཐུབ་ལ་འབད་དགོས། སྔོན་མི་གླེན་པ་ཞིག་གིས་རྔ་ཆེན་པོ་ཞིག་ལེན་དུ་སོང་ནས། ཁོས་བསམ་པ་ལ་སྒྲ་དང་གཟུགས་ཆེ་ཚུལ་ལ་ལྕིད་ཁོག་ཆེ་ཡོང་སྙམ་ཤེད་ཆེན་པོས་ཡར་བཏེགས་པས། ཡར་མགོ་ཐོག་ཏུ་ཤོར་ནས་ས་ལ་ལྷུང་དུས་སྒྲ་ཆེན་པོ་བྱུང་ཚེ། ཁོས་འཛུམ་བྱས་ཁྱོད་སྒྲ་ཆེ་བ་མ་གཏོགས་ལྕིད་གང་ཡང་མི་འདུག་ཟེར། དེ་བཞིན་དུ་ལྷ་མིའི་བདེ་སྐྱིད་ཟེར་བ་འདི་ལ་སྒྲ་ཆེ་བ་ཙམ་མ་གཏོགས་སྙིང་པོ་གང་ཡང་མི་འདུག་པས། གང་ལ་ཡང་མ་ཆགས་པར་བྱའོ། །སྔོན་མི་གླེན་པ་ཞིག་གིས་གཞན་གྱི་སྣུམ་རྫ་མ་གང་ཁུར་ནས་ལམ་ལ་འགྲོ་དུས་བསམ་བློ་འདི་ལྟར་བཏང་། ངས་མི་ཡི་གླ་བྱས་རྔན་པ་བསགས་པས་བ་མོ་ཞིག་ཉོས། བ་མོ་དེ་མང་དུ་སོང་བ་དང་སྐྱེས་དམན་ཞིག་བླངས་དེ་ལ་བུ་ཞིག་བྱུང་ན་བུ་དེས་ང་སྒོ་ན་ཡོད་ཚེ། ཨ་ཕ་ཞེས་བོས་ན་ངས་ཨ་ཟེར་དགོས། ནང་དུ་ཤོག་ལ་ཇ་འཐུང་ཟེར་དུས་ཡོང་ཡོང་ཞེས་མགོ་གུག་གུག་བྱ་དགོས་སྙམ་མོག་གུག་གུག་བྱས་པས། སྣུམ་ཁུར་གྱི་ལུང་ཐག་མགོ་ལ་དཀྲིས་ཡོད་པ་ཤོར་ནས་རྫ་མ་ས་ལ་བརྡབ་ནས་སྣམ་ཐམས་ཅད་མེད་པ་བྱས་པས། སྣམ་བདག་ཚིག་པ་ཟོས་ནས་ཁོ་ལ་མང་པོ་བརྡུངས་ནས་བཏང་སྐད། དེས་ན་མི་དྲན་དགུ་དྲན་གྱི་མགོ་ལ་མི་ཡོང་དགུ་ཡོང་དྲན་རྒྱུ་མ་མངན་བཟང་། སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་མི་མདའ་རྩལ་ཆེ་བ་ཞིག །གཞན་རྩལ་ཅན་གྱི་གྲོགས་ཁ་ཤས་དང་འགྲོགས་ནས། རྒྱ་གར་ནུབ་ཕྱོགས་ཀྱི་མཐའ་ལོགས་ཤིག་ཏུ་སོང་སོང་བས། སྐབས་ཤིག་ནགས་ཁྲོད་ཉམས་དགའ་ཞིག་ཏུ་སླེབས། དེ་ན་མཁའ་འགྲོ་མ་ཞིག་ཡོད་པ་དེས། འདོད་པའི་དོན་གཅིག་ཡོད་པ་དེ་ཁོང་རྣམས་ཀྱིས་བསྒྲུབས་པས་མཁའ་འགྲོ་མ་ཐུགས་མཉེས་ནས་མི་དེ་ཀུན་ལ་ནོར་བུ་ཞིག་བྱིན་པས། མི་དེ་རྣམས་ཀྱིས་གཅིག་གིས་ང་དགོས། ཡང་གཅིག་གིས་ང་དགོས་ཞེས་འཕྲོག་རེས་བྱས་སྟེང་ནས་འཁྲུག་པ་ཤོར་ཚེ། ནང་ནས་མདའ་རྩལ་ཆེ་བའི་མི་དེས། ང་ལ་ནོར་བུ་མི་དགོས་ཁྱེད་རྣམས་ཀྱིས་འཁྲུག་པ་མ་རྒྱག་ཅེས་བར་བཤོལ་བས་མི་ཀུན་ཐང་ཆད་ཚེ་གཅིག་ན་རེ། འོ་ན་ངེད་རྣམས་མི་འགྲིག་ན། ཁོ་ལ་བྱིན་བྱས་པས། གཞན་ཀུན་གྱིས་ཀྱང་དེ་ཡོང་ཞེས། སྔར་ནོར་བུ་མི་དགོས་ཟེར་མཁན་དེ་ལ་བྱིན་ནས་ཐོབ་སྐད། དེས་ན་འདོད་པ་མེད་ན། དངོས་གྲུབ་ཐམས་ཅད་མི་འདོད་བཞིན་དུ་ཐོབ་ཡོང་། སྔོན་ལྷའི་དབང་བོའི་བསོད་ནམས་ལས་ཆེས་ལྷག་པའི་གང་པོ་བྱ་བ་རབ་ཏུ་བྱུང་ནས། ཆོས་གང་ཞིག་ཡིད་ལ་བྱས་ན་མྱུར་དུ་གྲོལ་བ་ཐོབ་པའི་གདམས་ངག་སྤྱི་མ་ཞིག་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས། གཞན་ཅི་ཡང་མི་གསུངས་པར་ཁྱོད་འདོད་པ་ལ་ཆགས་ན་གྲོལ་བ་མི་ཐོབ་པས། ཁྱོད་འདོད་པ་ལ་མ་ཆགས་པ་གྱིས་དང་གྲོལ་བ་འཐོབ་བོ་ཞེས་ཚེ་བློས་གཏོང་གི་ཆོས་ཉག་གཅིག་གསུངས་ནས། ཁོང་གིས་བསྒོམས་པས་དགྲ་བཅོམ་པ་ཐོབ་པར་གསུངས། དེས་ན་དགྲ་བཅོམ་པའི་གོ་འཕང་འཐོབ་པར་འདོད་པས་ཀྱང༌། ཚེ་བློས་གཏོང་བའི་གདམས་པ་འདི་ཐུགས་དམ་གྱི་མཐིལ་དུ་གཟུང་བར་བྱའོ། །སྔོན་ཐུབ་པས་ཐུགས་བསྐྱེད་དུས་བསྟན་པ་ལ་ཆོས་གོས་ངུར་སྨིག་སོར་བཞི་འཆང་བ་ལའང་བཟའ་བཏུང་བསམ་པ་བཞིན་མ་ཐོབ་ན། བདག་གིས་སངས་རྒྱས་བསླུས་པས་སངས་རྒྱས་མི་ཐོབ་པར་གྱུར་ཅིག །ཅེས་དམ་བཅའ་མཛད་ཅིང་། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀྱིས། །སེན་མོའི་སྟེང་དུ་ཞིང་རྨོས་ཀྱང་། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་ཕོངས་པར་མི་འགྱུར་རོ། །གསུངས་པས་རང་གི་ངོས་ནས་ཐུབ་པའི་བཀའ་ལ་བློ་འགེལ་ནུས་ན། དབེན་པའི་གནས་སུ་རྩེ་གཅིག་ཏུ་སྒྲུབ་པ་བྱེད་པ་ལ་འཚོ་བས་ཕོངས་མི་སྲིད་དོ། །སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ཐར་གྱིས་ཀྱང་ཤེས་ཏེ་རྒྱ་བོད་དུ་སྔོན་བྱོན་པའི་དམ་པ་ཕལ་མོ་ཆེས་ཚེ་འདི་བློས་བཏང་སྟེ། དབེན་པའི་གནས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ཤ་སྟག་མཛད་འདུག་ཀྱང་རྙེད་བཀུར་དང་སྙན་གྲགས་འབད་མེད་དུ་རྒྱས་པ་ལས། འཚོ་བས་ཕོངས་ནས་ཆོས་དང་སྲོག་ གི་བར་ཆད་དུ་གྱུར་པ་དེ་དག་སུ་ལའང་བྱུང་བའི་ལོ་རྒྱུས་མི་སྣང་ངོ་། །དེས་ན་ཚེ་བློས་ཐོངས་ན་རྙེད་བཀུར་སྙན་གྲགས་ཀྱང་འབད་མེད་ལྷུན་འགྲུབ་ཏུ་འོང་བར་གདའ། སྔོན་རྗེ་བཙུན་འབྲོག་ལ་ཕྱི་གངས་ཀྱི་ར་བ་ན་བཞུགས་དུས། མགོན་པོ་བྱ་རོག་གདོང་ཅན་ཡང་བྱུང་བས། རྗེ་མི་ལའི་ཞལ་ནས། ཁྱིངས་ཚེ་སྟོད་ལ་མཐུ་ཁོ་ན་ལ་ལས་ཀ་བྱེད་དགོས་པ་ཞིག་བྱུང་དུས་ན་ཁྱོད་མི་འདུག །ད་ཁྱོད་ཀྱི་དགོས་པ་ཅི་ཡོད་གསུངས་ནས། གླང་བེར་གཅིག་གིས་བརྡུངས་པས་ཆོས་སྐྱོང་ན་རེ་དེ་དུས་རྗེ་བཙུན་ཆོས་པ་མིན་པས་ང་འཁོར་ས་མེད་པ་ལགས། ད་ནི་རྗེ་བཙུན་ཆོས་ཁོ་ན་མཛད་པས་ཡང་ཡང་འཁོར་དགོས་པ་ཡིན་གསུངས་པས། རྗེ་བཙུན་མི་ལས་ཁྱོད་རང་བདེན་གསུངས། ཡང་རྗེ་བཙུན་ཆུ་བར་ན་བཞུགས་དུས་སུ། ནོར་ལྷ་ཐམས་ཅད་དྲུང་དུ་བྱུང་བས་མི་ལས་གླང་བེར་གྱིས་ཁོང་ཚོ་བརྡུངས་ནས། ངས་ཚེ་སྟོད་ལ་ཟན་ཁམ་རེ་མི་རྙེད་པ་བྱུང་དུས་ཁྱེད་ཚོ་མི་འདུག །ད་ཁྱེད་ཀྱི་དགོས་པ་མེད་གསུངས་པས། དེ་དུས་ན་རྗེ་བཙུན་འདོད་པས་གདུང་པས། ངེད་ཚོ་འཁོར་ས་མ་བྱུང་བ་ལགས། ད་ལྟ་ནི་རྗེ་བཙུན་འདོད་པ་ཟད་པས། ངེད་ཚོ་རང་དབང་མེད་པར་འཁོར་བ་ལགས་ཞུས་པས། མི་ལའི་ཞལ་ནས་ཁྱེད་བདེན་གསུངས། དེས་ན་ཆོས་སྐྱོང་ནོར་ལྷ་རྣམས་འཁོར་བར་འདོད་ན་ཡང་། ཚེ་བློས་བཏང་ནས་ཆོས་བཞིན་བྱས་ན་འོང་བའི་ཚུལ་ལ་བསམས་ནས། ཚེ་འདིའི་འདོད་ནག་འདིའི་དབང་དུ་མ་སོང་བ་བྱས་ཚེ་བློས་ཅི་ཐོང་ལ་འབད་དགོས། ཚེ་བློས་མ་ཐོངས་བར་དགོན་ཆུང་རེ་བདག་ཏུ་བཟུང་། ཆགས་སྡང་གི་འཁོར་ལོ་བསྐོར་ན། བཀའ་རྒྱུད་པའི་གདུང་བརྒྱུད་ཆད་པ་དང་འདྲ་སྟེ། རྗེ་མི་ལའི་ཞལ་ནས། སྒོམ་ཆེན་པ་སྡོད་ཚུགས་ལ་སྙད་བཏགས་ནས། དགོན་ཆུང་རེ་བརྩིགས་པས་མི་གསོག་དགུ་གསོག་བྱེད་ཙ་ན། སྒོམ་དང་བྲལ་ཚར་བ་ཡིན་གསུང་སྐད་དོ། །ཡང་ངས་གཞི་དགོན་མ་བཟུང་བས་འཚོངས། དགོན་ཆུང་ཁྲ་ཙོང་ངེ་བ་ཞིག་བརྩིགས་ན་འཛིན་ཆགས་ཤུགས་ལ་སྐྱེས། གང་ཟག་བློ་ཆུང་རྣམས་སྒོམ་དང་བྲལ་གསུངས། ཡང་དུས་ཕྱིས་རྩན་ངའི་བརྒྱུད་འཛིན་ཡིན་ཟེར་ནས། རི་ཁྲོད་སྤངས་ཏེ་དགོན་ཆུང་རེ་བཟུང་ནས། མདུནན་ཆང་བུམ་རེ་བཞག་ནས་ལག་པས་རྔ་ཁོག་རེ་བཟུང༌། ཁས་མི་ནག་པ་ལ་ཆོས་ནག་སྒྲོག །དེ་ཙམན་ངའི་བརྒྱུད་པ་ཆད་པ་ཡིན་གསུངས། ལར་ཡང་ཆོས་པ་དང༌། སྒོམ་ཆེན་པ་བྱ་བ་དེ་ནི་རྒས་ལ་ཐུག་ཙམན་འཛིན་ཆགས་ཇེ་ཆུང་ལ་འགྲོ་དགོས་པ་ཡིན་པ་ལ། དུས་ད་ལྟའི་ཆོས་པ་དང་། སྒོམ་ཆེན་པ་ཕལ་ཆེར་ནི། རྒས་ཁ་ཤི་ཁར་སོང་བ་དང་འཛིན་ཆགས་ཇེ་ཆེར་འགྲོ་བར་འདུག་གསུངས། དེས་ན་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དེ་ལྟ་བུ་ཞིག་ཏུ་མ་གྱུར་པ་བྱའོ། །མདོར་ན་འཁོར་བ་འདིར་འཁོར་བའི་རྒྱུ་རྐྱེན་དེ་ལས་བཟང་ངན་སྣ་ཚོགས་བྱས་པ་ལས་བྱུང་། ལས་དེ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་དབང་གིས་བསགས། དེའི་རྩ་བ་གང་ལ་ཐུག་ན། ང་ལྟོགས་ཡོང་། ང་གྲང་ཡོང་། ང་སྐོམ་ཡོང་། ངན་ཡོང་། ང་ཤི་ཡོང་། ང་ལ་ཟས་དགོས། ང་ལ་གོས་དགོས། ང་ལ་བུ་དགོས། ང་ལ་ནོར་དགོས། མི་དགོས་དགུ་དགོས་ཀྱི་འདོད་ནག་མཁན། ང་བདག་འགོང་པོ་ཕུང་རྒན་འདི་ལ་ཐུག་འདུག་པས། སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་དགྲ་ནག་པོ་བདག་འཛིན་འགོང་པོ་འདི་ཅི་ཐུལ་ལ་འབད་དགོས། བདག་འཛིན་དེ་རིང་བརླག་ན་དེ་རིང་འཚང་རྒྱ། སང་བརླག་ན་འཚང་རྒྱ་བས། བདག་འཛིན་ཉོན་མོངས་འདུལ་བའི་གདམས་ངག་ནི་ཆོས་ཐམས་ཅད་ཡིན་མོད་ཀྱང་། ཉི་མ་གཅིག་གིས་མུན་ནག་ཀུན་སངས་པ། ཨ་རུ་ར་རྣམ་རྒྱལ་གཅིག་གིས་ནད་ཀུན་འཇོམས་པ། ཡིད་བཞིན་གྱི་ནོར་བུ་གཅིག་གིས་ཀུན་གྱི་རེ་བ་སྐོང་བ། གྲི་གཅིག་གིས་འཆིང་བ་ཀུན་གཅོད་པ། མི་དཔའ་བོ་གཅིག་གིས་དགྲ་ཀུན་ཐུལ་པ་ལྟར་ཆོས་གཅིག་ཉམས་སུ་བླངས་པས། བདག་འཛིན་ཉོན་མོངས་ཀུན་ཐུལ་ནས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་བྱེད་པའི་གདམས་ངག་ཀུན་གྱི་མཆོག་ཏུ་གྱུར་པ་དེ་གང་ཡིན་སྙམ་ན། དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་ཡིན་པའི་ཚུལ་ནི། སྔོན་བྱོན་རྒྱལ་བ་སྲས་དང་བཅས་པས་མགྲིན་གཅིག་དབྱངས་གཅིག་ལྟར་གསུངས་པས། བློ་གྲོས་ཅན་རྣམས་ཀྱིས་འདི་ལ་གཅིག་དྲིལ་དུ་འབད་པར་བྱའོ། །

སྨྲས་པ། ས་སྐྱོང་རྒྱལ་བློན་ཆེ་དགུའི་སྤྱི་བོར་བཀུར། །ས་སྟེང་འདི་ནི་འགྲན་ཟླ་མ་མཆིས་ཀྱང་། །ས་གཞི་བཞིན་དུ་དམན་པའི་ས་བཟུང་ནས། །ས་ལམ་སྟོན་མཁས་བླ་མས་ཐུགས་རྗེས་གཟིགས། །འཇིག་རྟེན་པ་ཡང་དཔོན་པོ་བཟང་པོ་ཡི། །དྲིན་གྱིས་སྐྱིད་ཚེ་གླུ་དབྱངས་ལེན་པ་བཞིན། །བདག་ཀྱང་བླ་མ་དམ་པའི་བཀའ་དྲིན་གྱིས། །སྐྱིད་པའི་དུས་འདིར་ཆོས་ཀྱི་གླུ་དབྱངས་ལེན། །དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །མྱུར་དུ་ལྷ་ཆོས་བྱེད་པའི་དུས་ལ་བབ། །ད་རེས་དོན་ཆེན་བྱང་ཆུབ་མ་བསྒྲུབས་ན། །ཕྱིན་ཆད་མི་ལུས་ཡང་ཡང་རྙེད་པར་དཀའ། །དེ་རིང་ཙམ་ཡང་མི་འཆིའི་ངེས་པ་མེད། །ད་ལྟ་ཉིད་དུ་ལྷ་ཆོས་བྱེད་རེ་རན། །གློ་བུར་ཤི་ནས་འཇིག་རྟེན་ཕ་རོལ་ཏུ། །འགྲོ་དུས་དམ་ཆོས་མ་གཏོགས་ཕན་པ་མེད། །དགེ་སྡིག་གཉིས་ལས་འབྲས་བུ་བདེ་སྡུག་འབྱུང་། །སྡིག་པ་སྤངས་ནས་དགེ་བ་སྒྲུབ་པ་གཅེས། །སྔ་མ་ཅི་བྱས་རང་གི་ལུས་ལ་ལྟོས། །ཕྱི་མར་གར་འགྲོ་རང་གི་སེམས་ལ་དྲིས། །སྡིག་པའི་དབང་གིས་ངན་སོང་གསུམ་པོ་རུ། །སྐྱེས་ན་སྡུག་བསྔལ་ཡོད་པ་སྨོས་ཅི་དགོས། །ལས་ཉོན་དབང་གིས་མཐོ་རིས་ལྷ་མི་རུ། །སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་མེད། །འཁོར་བར་སྐྱེ་བའི་རྒྱུན་ལས་ཡིན་པས། །ལས་དེ་གསོག་མཁན་ཉོན་མོངས་བདག་འཛིན་ཏེ། །དཔེར་ན་སྡོང་པོ་རྩད་ནས་གཅོད་པ་ལྟར། །བདག་བློ་འཛིན་ཕུང་རྒན་རྩད་ནས་གཅོད་རེ་རན། །བདག་འཛིན་འགོང་པོ་ཐུལ་ནས་ཚེ་གཅིག་ལ། །སངས་རྒྱས་ཐོབ་ཐབས་གདམས་པ་ཀུན་གྱི་མཆོག །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་པོ། །ད་ནི་ཉམས་སུ་ལེན་པའི་དུས་ལ་བབས། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

༈ གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱོང་ཚུལ་ནི། ཡོངས་འཛིན་པཎྜི་ཏའི་ཞལ་ནས། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་དག་གིས་ནི། སྔོན་ལ་གནས་ལུགས་རྟོགས་པའི་ལྟ་བ་རྒྱུད་ལ་བསྐྱེད་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྗེས་སུ་སྦྱོང་བའང་ཡོད་གསུངས། དེ་བཞིན་དུ་དགོངས་པ་རབ་གསལ་ལས། ཐེག་ཆེན་གྱི་རིགས་ཅན་ཆོས་ཀྱི་རྗེས་འབྲང་ནི། ཡང་དག་པའི་དེ་ཁོ་ན་ཉིད་ཤེས་པའི་འཚོལ་བ་སྔོན་དུ་བཏང་སྟེ། དོན་དམ་པ་ལེགས་པར་གཏན་ལ་ཕབ་པའི་འོག་ཏུ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་བརྟེན་ནས། སེམས་བསྐྱེད་ཅིང་ཐུབ་པའི་བརྟུལ་ཞུགས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་བོ་གསུངས། དེས་ན་ཐོག་མར་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་སྟོན་ཏེ། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་བླ་མ་ལ་གསོལ་བ་བཏབ་སྟེ། ཡན་ལག་བདུན་པ་ཕུལ་ནས་ལུས་དྲང་པོར་འདུག་ལ་དབུགས་ཕྱིར་འགྲོ་ནང་འགྲོ་ཉི་ཤུ་རྩ་གཅིག་གི་བར་དུ་ལྷག་ཆད་མེད་པར་བགྲངས་ཏེ། འདིས་བསམ་གཏན་གྱི་སྣོད་དུ་རུང་བར་འགྱུར་རོ། །ཞེས་གསུངས་ལྟར་བྱའོ། །དེ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་འདི་ལྟར་བསྒོམ་དགོས་ཏེ། དཔེར་ན། རྨི་ལམ་གྱི་སྣང་བ་སྣ་ཚོགས་དེ་ཉིད་གཉིད་ཀྱིས་བསླད་པའི་སེམས་སྣང་ཡིན་པ་དེ་བཞིན་དུ། ད་ལྟར་གྱི་ཡུལ་སྣང་སྣ་ཚོགས་འདི་ཡང་བག་ཆགས་ཀྱིས་བསླད་པའི་སེམས་སྣང་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །གསུངས། རྒྱལ་སྲས་རིན་པོ་ཆེས། འདི་ལྟར་གཟུང་བའི་ཡུལ་དུ་གྱུར་པའི་སྣོད་བཅུད་འདི་དག་རྨི་ལམ་དང་འདྲ་སྟེ། རང་གི་སེམས་ཉིད་འཁྲུལ་ནས་དེ་ལྟར་སྣང་བ་ཡིན་གྱི། སེམས་ལས་ལོགས་སུ་གྱུར་པ་ཅུང་ཟད་ཀྱང་མེད་པར་སྒྲོ་འདོགས་བཅད་གསུངས། སྔོན་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གཉིད་ཀྱིས་ལོག་པའི་རྨི་ལམན་གསེར་གྱི་རྔ་ཀུན་ཏུ་སྣང་བ་ཉི་མའི་དཀྱིལ་འཁོར་འདྲ་བ་ཞིག་མཐོང་ངོ་། །ཕྱོགས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་རིན་པོ་ཆེའི་ཤིང་དྲུང་ན་རིན་པོ་ཆེ་བཻཌཱུརྱའི་ཁྲི་རྣམས་ལ་བཞུགས་ཤིང་། འཁོར་བརྒྱ་སྟོང་དུ་མས་བསྐོར་ཏེ། མདུན་གྱི་བལྟས་ནས་ཆོས་སྟོན་པ་མཐོང་ངོ༌། །དེ་ནས་ཡང་སྐྱེས་བུ་བྲམ་ཟེའི་གཟུགས་ལྟ་བུ་ཞིག་གིས་རྔ་དེ་བརྡུངས་པ་མཐོང་སྟེ། རྔའི་སྒྲ་དེ་ལས། གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདིན། །ངན་སོང་སྡུག་བསྔལ་གཤིན་རྗེ་སྡུག་བསྔལ་དང་། །དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །འཇིག་རྟེན་ཕོངས་པ་ཐམས་ཅད་ཞི་གྱུར་ཅིག །ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག །ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི །ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་པའི་དབྱངས་ལྡན་གྱུར། །སངས་རྒྱས་བྱང་ཆུབ་དམ་པ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ནི་སྟོན་གྱུར་ཅིག །ཉོན་མོངས་འཇོམས་འགྱུར་སྡུག་བསྔལ་སེལ་བར་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒྲ་མང་པོ་ཐོས་སོ། །ཡང་སྔོན་སངས་རྒྱས་འོད་སྲུངས་ཀྱི་སྦྱིན་བདག་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ། གླང་པོའི་རྒྱལ་པོ་སྐར་ཁུང་ནས་བྱུང་བ་ལ་དེའི་མཇུག་མ་འཐོག་པ་དང་། སྐོམ་པའི་ཕྱི་ནས་ཁྲོན་པ་སྟེགས་པ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པ་དང་། ཙན་དན་ཤིང་ཕལ་བ་རིན་མཉམ་པར་བྱེད་པ་དང་། ཀུན་དགའ་ར་བའི་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པ་ལེན་པས་ཕྲོགས་པ་དང༌། གླང་པོའི་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་དང་། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་དང་། སྤྲེའུ་རྒྱལ་པོར་དབང་བསྐུར་བ་མཐོང་བ་དང་། རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལས་རེ་རེའི་ལག་ཏུ་རས་ཡུག་ཚང་མ་རེ་རེ་བྱུང་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་འདུས་ནས་འཐབ་རྩོད་བྱེད་པ་རྨིས་པ། སངས་རྒྱས་འོད་སྲུངས་ལ་ཞུས་པས། ཁོང་གི་ཞལ་ནས། ཁྱེད་ཀྱི་རྨིས་ལྟས་དེ་རྣམས། མ་འོངས་པ་ན། ཤཱཀྱ་ཐུབ་པའི་བསྟན་པ་ལ། དགེ་སློང་རྣམས་ཁྱིམ་ནས་བྱུང་ཡང་། གཙུག་ལག་ཁང་དང་རྙེད་པ་ལ་ཆགས་པ་འབྱུང་བ་དང་། གཞན་གྱིས་ཆོས་བཤད་པ་ན་ཉན་པར་མི་བྱེད་པ་འབྱུང་བ་དང་། བཟའ་བའི་ཆེད་དུ་ཆོས་སྟོན་པ་འབྱུང་བ་དང་། མུ་སྟེགས་ཀྱི་གཞུང་དང་སངས་རྒྱས་ཀྱི་བཀའ་མཉམ་པར་འཛིན་པ་འབྱུང་བ་དང༌། དགེ་འདུན་གྱི་ལོངས་སྤྱོད་ཀྱིས་ཁྱིམ་པའི་ངོ་སྲུང་བ་འབྱུང་བ་དང་། དགེ་སློང་སྡིག་ཅན་གྱིས་ཁྲིམས་ལྡན་དགེ་སློང་ཟིལ་གྱིས་གནོན་པ་འབྱུང་བ་དང་། ཚུལ་ཁྲིམས་ཉམས་པས། ཚུལ་ཁྲིམས་ལྡན་པ་ལ་སྐུར་བ་འདེབས་པ་འབྱུང་བ་དང་། རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བ་འབྱུང་བ་དང་། ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡེ་བ་བཅོ་བརྒྱད་འབྱུང་བ་དང་། ཤཱཀྱ་ཐུབ་པའི་བསྟན་པ་རྩོད་པའི་ཆོས་ཀྱིས་ཉམས་པར་འགྱུར་བའི་སྔ་ལྟས་སོ། །ཞེས་མ་འོངས་ལུང་བསྟན་རིམ་པ་བཞིན་དུ་གསུངས། སྔོན་མཉམ་མེད་དྭགས་པོ་རིན་པོ་ཆེ་དེ་ཉིད། དགེ་བཤེས་རྒྱ་ཡོན་བདག་གི་རྩར་བྱོན་ཏེ། ཇོ་བོ་རྗེས་མན་ངག་མཐའ་དག་གསན། དགེ་བཤེས་ཁོང་གི་ཞལ་ནས། ང་ལ་ཇོ་བོའི་གདམས་པ་སངས་རྒྱས་ལག་པས་བྱེད་པ་འདྲ་བ་ཡོད་དེ་ཁྱོད་ལ་བསྟན་གྱིས་གསུངས་ནས། དམིགས་པའི་འགྲོ་ལྡོག་ཟད་པ་མེད་པ་གསུངས་པ་བཞིན་བསྒོམས་པས། རྨི་ལམ་དུ་གསེར་འོད་དམ་པ་དང་མདོ་སྡེ་ས་བཅུ་བ་ནས་བཤད་པའི་ས་བཅུ་ཐོབ་པའི་སྔ་ལྟས་ཀྱི་རྨི་ལམ། ཁྲི་རྐང་དག་ལ་འཛེགས་པ་དང་། ལྗོན་ཤིང་དག་ལ་འཛེགས་པ་དང་། ཕལ་བའི་སྐས་ལ་འཛེགས་པ་དང་། མཆོད་རྟེན་དག་ལ་འཛེགས་པ་དང་། གྱེན་ལ་ཤིན་ཏུ་འཛེགས་པ་དང་། རི་བོའི་རྩེ་ལ་འགྲོ་བ་དང་། རིན་ཆེན་སྐས་ལ་འཛེགས་པ་དང་། ནམ་མཁའི་སྐས་ལ་འཛེགས་པ་སོགས། རྨི་ལྟས་ངོ་མཚར་ཅན་དཔག་ཏུ་མེད་པ་བྱུང་ངོ་། །ཡང་རྗེ་བཙུན་མི་ལ་མཇལ་དུ་འགྲོ་བར་ཐག་བཅད་ནས། བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ། གསོལ་བ་བཏབ་ནས་ཉལ་བའི་རྨི་ལམ་ན། རག་དུང་རིང་པོ་ཞིག་བུས་པའི་སྐད་ཀྱིས་འཛམ་བུའི་གླིང་ཐམས་ཅད་ཁྱབ་པ་རྨིས་དེ། དེང་སང་རག་དུང་འདི་ལས་སྒྲ་ཆེ་བ་མེད་ཟེར་བ་རྨིས། ཡང་ནམ་མཁའ་རྟེན་མེད་པ་ལ་རྔ་བོ་ཆེ་ཡང་དག་པ་གཅིག་འདུག་སྟེ། བརྡུངས་པས་སྒྲ་ཆེན་པོ་ཚད་མེད་པ་བྱུང་སྒྲ་དེ་ལ་རི་དྭགས་མང་པོ་ཉན་ཞིང་འདུག །མི་མང་པོ་དཔག་ཏུ་མེད་པ་འདུག་པ་ལ། མོན་མོའི་ཆ་ལུགས་བྱས་པའི་བུད་མེད་གཅིག་ན་རེ། མི་འདི་རྣམས་ལ་རྔ་འདི་བརྡུང་། རི་དྭགས་འདི་རྣམས་ལ་འདི་སྦྱིན་ཟེར་ནས་འོ་མ་ཐོད་ཕོར་གང་བྱིན། འདིས་རི་དྭགས་མང་པོ་འདི་རྣམས་ལ་མི་ཁེབས་བྱས་པས། ཁྱེད་རང་འཐུངས་དང་རི་དྭགས་འདི་རྣམས་ལས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁེབས་པར་འོང་། ང་ནི་ཉི་མ་ནུབ་ཕྱོགས་སུ་འགྲོ་ཟེར་བ་རྨིས། ད་ལྟ་སྣོད་དང་མི་ལྡན་པ་རྣམས་ལ་ལམ་རིམ་གྱིས་སྦྱངས་ཏེ་རྔའི་སྒྲ་ལ་ཉན་པའི་མི་རྣམས་ཡིན་པར་འདུག །བཀའ་གདམས་ཀྱི་བླ་མ་རྣམས་ཀྱང་དྲིན་ཆེ། རི་དྭགས་དེ་རྣམས་རི་ཁྲོད་འགྲིམ་པའི་སྒོམ་ཆེན་པ་རྣམས་ཡིན་པར་འདུག །བླ་མ་ཆེན་པོ་མི་ལའི་གདམས་ངག་ཐབས་ལམ་དང་། ཕྱག་རྒྱ་ཆེན་པོ་ཁོ་ནས་ཀྱང་སྔར་གྱི་རྨི་ལམ་གྱི་ལྟས་དེ་ཀ་ལྟར་བྱུང་གསུངས། དེས་ན་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་སྣང་ལ་རང་བཞིན་གྱིས་མ་གྲུབ་ཅིང་སེམས་ཀྱི་རྣམ་རོལ་ཏུ་ཤེས་པར་བྱའོ། །ཡང་སྔོན་ལམ་འབྲས་པའི་སྒོམ་ཆེན་པ་ཞིག་ལ་རྩ་རླུང་གི་བྱེད་པས་སྐོམ་པའི་ཉམས་ཤིག་བྱུང་སྟེ། ཆུ་འཐུང་བར་འདོད་ནས། ཆུ་ར་ཆུ་མིག་གཙང་པོ་རྣམས་སུ་ཆུ་འཐུང་དུ་ཕྱིན་པས་ཆུ་མི་འདུག་ཐེ་ཚོམ་སྐྱེས་ནས་ཆོས་གོས་ཕར་ཁའི་བྲག་བར་གཅིག་ཏུ་བཞག་སྟེ། ཕྱིར་ལོག་ནས་ཉལ་བསྡད། གཉིད་སད་པ་དང་སྐོམ་ཉམས་ཀྱང་ཡལ་འདུག །ཆུ་ར་སོགས་ནའང་ཆུ་འདུག །ཆོས་གོས་ཀྱང་ཕ་ཀི་ན་འདུག་པས་ལེན་པ་ལ་ཀོ་བ་བཏང་དགོས་པར་བྱུང་ཟེར། ད་ལྟར་ཆུ་ཡོད་དུ་སྣང་བ་བདེན་རྒྱུ་མེད། ཆུ་མེད་དུ་སྣང་བ་རྫུན་རྒྱུ་མེད་པས་ན། ཅིར་སྣང་རང་སེམས་སུ་ཐག་བཅད་དོ། །འོ་ན་སྣང་བ་འདི་ཕྱི་རོལ་གྱི་དོན་མིན་ན་སྲ་ཞིང་འཐས་པ་སོགས་སུ་སྣང་བ་མི་རིགས་སྙམ་ན། བག་ཆགས་གོམས་པའི་ཕྱིར་རིགས་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ཕྱི་རོལ་གྱི་ཡུལ་འདི་རྣམས་སེམས་རྟོགས་པའི་བག་ཆགས་རྒྱས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་སྲ་ཞིང་འཐས་པ་འདི་ལྟར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། དེ་ལྟར་སྣང་དུ་རུང་སྟེ། དཔེར་ན་གྲོང་ཁྱེར་ཝ་ར་ཎ་སིར། བྲམ་ཟེ་མོ་ཞིག་གིས་རང་ལུས་སྟག་ཏུ་བསྒོམས་པས། ཐམས་ཅད་ཀྱིས་སྟག་དངོས་སུ་མཐོང་ནས་མི་ཐམས་ཅད་བྲོས་ཏེ། གྲོང་ཁྱེར་སྟོང་བ་བྱུང་ངོ༌། །ཡང་དགེ་སློང་ཞིག་གིས་རང་ལུས་མི་གཙང་བར་བསྒོམས་པས། ཐམས་ཅད་ཀྱིས་ཀེང་རུས་སུ་མཐོང་བ་བྱུང་ངོ་། །དེ་རྣམས་ཡུན་ཐུང་ངུས་ཀྱང་དེ་ལྟར་སྣང་ན། ཐོག་མ་མེད་པའི་དུས་ནས། བག་ཆགས་བརྟས་པས་ཅི་སྟེ་མི་སྣང་། དེས་ན་ཅི་སྣང་ཐམས་ཅད་རང་སྣང་ཡིན་ནོ། །མདོར་ན་འོ་སྐོལ་རྣམས་ལ། གཉིད་སེམས་ཀྱི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལས་མཚན་མོ་བཟང་ངན་གྱི་རྨི་ལམ་མང་པོ་བྱུང་བ་དེ་དག་ཐམས་ཅད་རྨིས་པའི་དུས་སུ་སྣང་ལ་རང་བཞིན་མེད་ཅིང་། ཐམས་ཅད་སེམས་སུ་རང་སྣང་ཙམ་ལས་ཕྱི་རོལ་ན་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པ་དེ་བཞིན་དུ། ད་ལྟ་སེམས་ཀྱིས་ལས་བཟང་ངན་སྣ་ཚོགས་བསགས་པའི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། སྣོད་བཅུད་བཟང་ངན་གྱི་སྣང་བ་ཅི་སྣང་ཡང་སྣང་བའི་དུས་ནས་རང་བཞིན་གྱིས་གྲུབ་པ་མེད་ཅིང་། སེམས་ཀྱི་རང་སྣང་ཙམ་ལས་ཕྱི་རོལ་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པས་ཆོས་ཐམས་ཅད་སེམས་ཀྱི་རོལ་པར་ཤེས་པར་བྱའོ། །འོ་ན་དེ་ལྟར་བྱེད་མཁན་སེམས་ཀྱི་གནས་ལུགས་ཇི་ལྟ་བུ་ཞིག་ཡིན་སྙམ་ན། སེམས་ཀྱི་གནས་ལུགས་བརྟགས་ཤིང་དཔྱད་ནས་བཙལ་བའི་ཚེ། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར། གདོད་ནས་སྟོང་ཞིང་གསལ་ལ་འཛིན་པ་མེད་པ་སྒྲིབ་མེད་ཟངས་ཐལ་ཁྱབ་བརྡལ་ཀློང་ཡངས་ནམ་མཁའ་ལྟ་བུ་ཡིན་པས། དེའི་ངང་ལ་ནམ་མཁའ་ལྟ་བུར་མཉམ་པར་འཇོག་དགོས་སྟེ། འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འདྲེན་པ་མཉམ་མེད་སྟོན་པ་སངས་རྒྱས་ཀྱི་ཞལ་གྱི་བུམ་བཟང་ལས། འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ། འདོད་ཆགས་པར་འགྱུར་བའམ། ཞེ་སྡང་བར་འགྱུར་བའམ། གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཞིག་ཡིན། དེ་ལ་སེམས་འདུས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུངས་སེམས་ནི་ནང་ནའང་མེད་ཕྱི་རོལ་ན་མེད་གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུངས་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་དང་། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ཀྱང་མི་རྙེད་དོ། །གང་མི་རྙེད་པ་དེའི་མ་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན། མ་འོངས་པ་ཡིན་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །ཞེས་གསུངས། གཞན་ཡང་བྱམས་པས་ཞུས་པ། བཅོམ་ལྡན་འདས་ནང་གི་སེམས་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ་ནམ་མཁའ་ལྟ་བུའོ། །གསུངས། ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཤིང་གི་དྲུང་ན་བཞུགས་དུས། ཕྱོགས་བཅུའི་སངས་རྒྱས་རྒྱ་མཚོ་ཙམ་གྱི་ཞལ་མཐོང་བ་དེ་དག་རྣམས་ཀྱིས་གསུང་གཅིག་གིས་བཀའ་སྩལ་པ། སེམས་ཀྱི་སྤྱོད་ཡུལ་ཅི་འདྲ་ཞེས། །རང་གི་སེམས་ནི་སོ་སོར་རྟོག །སངས་རྒྱས་ཀུན་གྱི་གསུང་ཐོས་ནས། །རང་གི་སེམས་ལ་རྟོགས་བཞིན་དུ། །ཡུན་རིང་དུན་གནས་པ་ན། །སེམས་ཀྱི་རྣམ་པ་མ་མཐོང་སྟེ། །གསུངས། མཉམ་མེད་པོ་ཏོ་པའི་ཆིག་ལབ་རིང་མོ་ལས། ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ཐོག་མ་མེད་པ་ནས་འཁྱམས་པ་འདི་རང་སེམས་མ་རྟོགས་པས་ལན་ནས་འདུག །ད་འཁོར་བའི་སྡུག་བསྔལ་གྱི་འཇིགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་རང་གི་སེམས་རྟོག་དགོས། གསུངས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། དྭགས་པོ་སྨན་ལུང་གི་རྒྱ་སོག་ཕུར་སྒྲུབ་པ་མཛད་པའི་ཚེ། མདུན་གྱི་ནམ་མཁར་རྗེ་བཙུན་འཇམ་པའི་དབྱངས་མངོན་སུམ་བྱོན་ནས་ཉམས་ལེན་མདོར་བསྡུས་གསུངས་པ་ལ། རྗེ་ཉིད་ཀྱིས་བསྡུས་དོན་མཛད་པ་ལས། གང་ལ་གནས་པ་མེད་པར་ནི། །སེམས་ཉིད་ནམ་མཁའ་ལྟ་བུར་བསྒོམ། །དེ་ཡི་གྲོགས་རྣམས་ཀུན་ལ་འབད། །བསེ་རུ་ལྟ་བུར་གནས་པར་བྱ། །འདུ་འཛི་དག་ཀྱང་སྤང་བར་བྱ། །ནང་དུ་མཉམ་པར་བཞག་པར་བྱ། །བྱང་ཆུབ་ཆེན་པོ་བརྙེས་པར་བྱ། །ལས་ཀྱི་རྣམ་པར་སྨིན་པ་གདོན་མི་ཟ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་བསྒོམས་ཏེ། །དྲན་པའི་མེ་ཆེན་རྒྱུན་ཆད་མེད་པར་སྦྱར། །ཡུལ་དྲུག་བུད་ཤིང་ངེས་པར་འཚིག་པར་འགྱུར། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །སྔོན་ཆད་གང་གིས་མ་དམིགས་མི་དམིགས་ཕྱིར། །ནམ་མཁའ་བཞིན་དུ་འདི་ཡི་མཐའ་དང་བྲལ། །ཡུལ་གྱི་སྣང་བ་ནམ་མཁའི་པདྨོ་བཞིན། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་སྒྲུབ། །དེ་འདྲ་གང་ཡིན་དེ་དག་རྒྱལ་བའི་ལམ། །ཞེས་གསུངས། རྗེ་རིན་པོ་ཆེས་དང་པོ་ལྟ་བའི་དོགས་པ་མ་ཆོད་པར་ཡུལ་རྒྱ་གར་རང་དུ་འབྱོན་དགོངས་ཚེ། གྲུབ་ཆེན་ལས་ཀྱི་རྡོ་རྗེས་ཡི་དམ་ཕྱག་ན་རྡོ་རྗེ་ལ་ཞུས་པས་ཡི་དམ་གྱིས་སྐུ་མི་སྟོན་པའི་གཞོམ་མེད་ཀྱི་སྒྲ་ཅིག་གིས་འདི་སྐད་གསུངས། ལས་ཀྱི་རྡོ་རྗེ་མ་ཏི་བྷཏྲ་ཤཱི་ལ། ངའི་ཚིག་འདི་ཚོ་རྣ་བར་སྐྱོལ་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཡེ་ཤེས་ཀྱི་ཊཀྐི་མ་ཐམས་ཅད་ཀྱི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག །ཐེག་པའི་ཡང་རྩེ་སྨན་མཆོག་ཆེན་པོའི་སྒྲུབ་པ། སེམས་ཉིད་འོད་གསལ་གྱི་རྩད་ཆོད་གསུངས། ཡང་ལས་ཀྱི་རྡོ་རྗེས་ཞུས་པ། འོད་གསལ་གྱི་ངོ་བོ་ཇི་ལྟ་བུ་ལགས་ཞུས་པས། གསང་བདག་གི་ཞལ་ནས། ལས་ཀྱི་རྡོ་རྗེ། འོད་གསལ་གྱི་ངོ་བོ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདུ་གསུངས། ཡང་གསང་བདག་གི་ཞལ་ནས། ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི་སུས་ཀྱང་མ་བཅོས་པ། རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན། འདི་ལ་བཅའ་བཅོས་མ་བྱེད་པར་ཁོང་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་མེད། དེ་བཞིན་དུ་རང་བཞིན་གསལ་བ་འདི་ཡེ་གདོད་མ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་རྩལ་ཐུགས་རྗེ་འགག་མེད་གང་ཤར་ཡང་རང་བཞིན་གྱིས་རྡུལ་ཙམ་དུ་ཡང་མ་གྲུབ་པས་གསུམ་ཀ་དབྱེར་མེད་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང་། དེས་དབྱེར་མེད་དུ་སངས་རྒྱ་ཡི། གསུངས། མཁས་གྲུབ་རིན་པོ་ཆེའི་ཞལ་ནས། སྔོན་དུ་སེམས་ལྟ་བུ་དེ་ཚོལ་བའི་གཞིར་བྱས་ནས། དེ་ཉིད་ལ་རང་བཞིན་སེམས་པའི་རིག་པས་ཇི་ལྟར་གྲུབ་ཚུལ་བཙལ་བ་ན། ཅུང་ཟད་ཀྱང་མ་རྙེད་པའི་ངེས་པ་ལྷང་ངེ་སྐྱེས་པའི་འཛིན་སྟངས་ཀྱི་ཤུགས་མ་ཉམས་པར་སྐྱོང་བའི་ངེས་ངོན། དང་པོ་འཚོལ་བའི་གཞིར་བྱས་པའི་རང་སེམས་ལ་སོགས་པའི་སྣང་བ་གཏན་ནས་ལྡོག་དགོས་ཞེས་གསུངས། སངས་རྒྱས་གཉིས་པ་ཇོ་བོ་རྗེས། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགསན་ཇོ་བོ་ཞལ་གྱེས་ཏ་རེའི་ལྷ་ཁང་གི་ཐད་ཀ་ན་ཚུར་བྱོན་ཙ་ན། ནམ་མཁའ་ན་བུད་མེད་རྒན་གཞོན་གཉིས་ཀྱི་གཞོན་ཤོས་ཀྱིས་ཆོས་ཐམས་ཅད་གང་དུ་འདུས་དྲིས་པས། རྒན་ཤོས་ན་རེ། རང་གི་སེམས་སུ་འདུ་ཟེར། སེམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཟེར་བས། སེམས་ཀྱི་མཚན་ཉིད་ནམ་མཁའ་ལྟ་བུ་ཡིན་གསུངས་པས། ཇོ་བོའི་དེའི་དུས་སུ་སེམས་ཙམ་དང་དབུ་མའི་ལྟ་བ་ཐུགས་སུ་ཆུད་སྐད། ཡང་ཇོ་བོ་རང་གི་ཞལ་ནས། སེམས་ནི་ཤིན་ཏུ་བརྟག་དཀའ་སྟེ་ཁ་དོག་མེད་པ་དབྱིབས་དང་བྲལ་བ་ནམ་མཁའ་དང་འདྲ་བ་རང་བཞིན་གྱིས་མ་གྲུབ་པའོ། །གསུངས། སྔོན་ཇོ་བོ་རྗེ་ལ། འབྲོམ་སྟོན་པས་སྟོང་པ་ཉིད་ཀྱི་ལྟ་སྒོམ་ཁོ་ནས་སངས་རྒྱ་བ་ལགས་མ་ཞུས། འདི་ལྟར་སྣང་ཚོད་གྲག་ཚོད་འདི་ཐམས་ཅད་རང་གི་སེམས་ལས་མ་བྱུང་བ་མེད། སེམས་རིག་པ་སྟོང་པ་ཡིན། དེ་རིག་སྟོང་གཉིས་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་མ་ཡེངས་པར་དྲན་པ་རྒྱུན་ཆགས་པ་དེ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུའི་ཚོགས་གཉིས་གསོག་པ་དེ་སྤྱོད་པ་ཡིན། དེ་ད་ལྟ་ཉམས་འོག་ཏུ་ཆུད་པ་ཞིག་ཡོད་ན་རྨི་ལམ་དུ་འོང་། རྨི་ལམ་དུ་བྱུང་ན་འཆི་ཁར་འོང་། འཆི་ཁར་བྱུང་ན་བར་དོར་འོང་། བར་དོར་བྱུང་ན་མཆོག་གི་དངོས་གྲུབ་འཐོབ་ངེས་པ་ཡིན་གསུངས། འབྲོམ་རིན་པོ་ཆེའི་ཞལ་ནས། ཐམས་ཅད་སེམས་ཀྱི་རང་བཞིན་ཡིན། སེམས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན། སྟོང་པ་ཡེ་སྟོང་སྤྲོས་བྲལ་གྱི་རང་བཞིན་དུ་ཤེས་པ་ནི་ཡེ་ཤེས་ཡིན་ཏེ་སངས་རྒྱས་སུ་གསུངས་པས། སངས་རྒྱས་ལས་ལྷག་པའི་ལྷ་མེད་གསུངས། སྔོན་སློབ་དཔོན་བསམ་ཡས་ན་བཞུགས་དུས། དད་ཅན་རྒན་པོ་རྔོག་ཤེས་རབ་རྒྱལ་པོ་ཞེས་བྱ་བ་ལོ་དྲུག་ཅུ་རྩ་གཅིག་ལོན་པ་ཞིག་གིས། འཆི་ཁ་མའི་ཆོས་ཤིག་ཞུ་འཚལ་ཞུས་པས། སློབ་དཔོན་གྱིས་རྒན་པོའི་སྙིང་ཁར་ཕྱག་འཁར་བཙུགས་ནས་གདམས་པ་འདི་གསུངས་སོ། །ཉོན་ཅིག་རྒན་པོ། རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་ལྟོས་ཤིག །གཟུགས་དང་ཁ་དོག་ཏུ་གྲུབ་པ་མེད། མཐའ་དང་དབུས་སུ་གྲུབ་པ་མེད། དང་པོ་བྱུང་ས་མེད་དེ་སྟོང་། བར་དུ་གནས་ས་མེད་དེ་སྟོང་། ཐ་མ་འགྲོས་མེད་དེ་སྟོང་། སྟོང་བ་ཅིར་ཡང་མ་གྲུབ་པ་གསལ་ལ་དྭངས་པ་ཅིག་འདུག་པ་དེ་མཐོང་ནས། ངོ་ཤེས་ན་རང་ངོ་རང་གིས་ཤེས་པ་ཡིན། དེ་ལྟར་རྟོགས་ན་འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་ཀྱི་སེམས་ལ་རྒ་བ་མེད་དོ། །རྒན་པོ་ཡང་དག་པའི་དོན་ཉམས་སུ་ལོངས་ཤིག་གསུངས་པས། མིང་ཡང་རྒན་པོ་འཁར་བཙུགས་ཀྱི་གདམས་པ་ཞེས་བྱའོ། །རྔོག་ཤེས་རབ་རྒྱལ་པོ་དེ་ཉོན་མོངས་པའི་འཆིང་བ་ལས་གྲོལ་ནས་གྲུབ་པ་ཐོབ་པོ། །སྔོན་སློབ་དཔོན་ཆེན་པོ་བྲག་དམར་བསམ་ཡས་ན་བཞུགས་དུས། དད་ལྡན་རྒན་མོ་སྟག་བཟའ་དགེ་ལྡན་མས་འཆི་ཁའི་ཆོས་ཤིག་ཞུ་འཚལ་ཞུས་པས། སློབ་དཔོན་གྱིས་རྒན་མོའི་སྙིང་ཁར་ཕྱག་མཛུབ་བཙུགས་ནས། གདམས་པ་འདི་གསུངས་སོ། །རྒན་མོ་ཉོན་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང་། ཁམས་གསུམ་གྱི་སེམས་ཅན་ལ་ཁྱད་ཅི་ཡོད་བྱས་ན། སེམས་ཉིད་ཀྱི་དོན་རྟོགས་མ་རྟོགས་གཉིས་ལས་མེད། སེམས་ཉིད་ཀྱི་དོན་རྟོགས་ནས་སངས་རྒྱས་ཏེ། དོན་མ་རྟོགས་པའི་མ་རིག་འཁྲུལ་བས་སྡུག་བསྔལ་བྱུང་། མར་འཁོར་བར་འཁྱམས་པ་ཡིན། སངས་རྒྱས་ཀྱི་རྒྱུ་དེ་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡིན། རང་ངོ་རང་གིས་ཤེས་པའི་མན་ངག་ནི། ཉམས་སུ་ལེན་པའི་དུས། རང་རིག་པ་དྲི་མ་མེད་པ། སལ་ལེ་སེང་ངེ་ཧྲིག་གེ་བདེ་བ་གསལ་བ་མི་རྟོག་པ་ཞེན་འཛིན་མེད་པ་བློས་མ་བསླད་པ་འདི་ཁོ་ན་སངས་རྒྱས་ཀྱི་དགོངས་པ་ཡིན། འདི་རྒན་མོས་ཉམས་སུ་ལོང་མཛོད་ཅིག་གསུངས་པས། མིང་ཡང་རྒན་མོ་མཛུབ་བཙུགས་ཀྱི་གདམས་པ་ཞེས་བྱའོ། །རྒན་མོ་དཔོན་གཡོག་གཉིས་པོ་ཉོན་མོངས་པའི་འཆིང་བ་ལས་གྲོལ་ནས་གྲུབ་པ་ཐོབ་བོ། །དེས་ན་འཆི་ཁ་མའི་མི་ལ་ཡང་གདམས་ངག་འདི་ལས་ཟབ་པ་དང་ངོ་མཚར་བ་ཞིག་གཞན་ན་མེད་པར་གདའ། ཡང་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། ཡི་དམ་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཞིག་གི་ཞལ་གཟིགས་པའི་ཚེ། དབུས་ཞལ་མཐིང་ཁའི་ཞལ་ནས། ལས་ཀྱི་རྡོ་རྗེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བསླབ་པའི་གནས་བཞི་ལ་བསླབ་པ་གལ་ཆེ་གསུངས། བསླབ་པའི་གནས་བཞི་གང་ལགས་ཞུས་པས། དང་པོ་སངས་རྒྱས་ངོ་ཤེས་པར་བྱ་བ་ལ་བསླབ། ངོ་ཤེས་ནས་འདྲིས་པར་བྱ་བ་ལ་བསླབ། འདྲིས་ནས་མི་འབྲལ་བར་བྱ་བ་ལ་བསླབ། མ་བྲལ་བའི་དོན་སྨིན་ཅིང་ནར་སོན་པར་བྱ་བ་ལ་བསླབ་གསུངས། གཡས་ཞལ་དཀར་པོའི་ཞལ་ནས། དེ་ལ་གནད་ཀྱི་གདམས་པ་བཞི་གཅེས་ཏེ། མཁའ་ལྟར་དག་པའི་ལྟ་བ་ལ། །རིག་པའི་ཁྱུང་ལྡིང་ཡན་དུ་ཆུག །གསེར་གླིང་བསམ་གཏན་སྒོམ་པ་ལ། །མ་ཡེངས་རྒྱུན་དུ་གནས་པར་མཛོད། །གླང་ཆེན་ལྟ་བུའི་སྤྱོད་བ་ལ། །འཛིན་ཆགས་མེད་པར་རོལ་དུ་ཁྲིད། །བསྒྲུབ་ཏུ་མེད་པའི་འབྲས་བུ་ལ། །བརྩོན་འགྲུས་ཤིན་ཏུ་མྱུར་བ་གཅེས། །གསུངས། གཡོན་ཞལ་དམར་པོའི་ཞལ་ནས། དེ་ལ་གཅེས་པ་བཞི་དང་ལྡན་པ་ཞིག་དགོས། མུ་མཐའ་བྲལ་བའི་ལྟ་བ་ལ། །གདེངས་ཀྱིས་ཆོད་པ་ཤིན་ཏུ་གཅེས། །བསམ་དུ་མེད་པའི་སྒོམ་པ་ལ། །དྲན་པས་ཟིན་པ་རབ་ཏུ་གཅེས། །བླང་དོར་མེད་པའི་སྤྱོད་པ་ལ། །བག་དང་ལྡན་པ་རབ་ཏུ་གཅེས། །འཐོབ་ཏུ་མེད་པའི་འབྲས་བུ་ལ། །རེ་དོགས་བྲལ་བ་ཤིན་ཏུ་གཅེས། །གསུངས། ཡང་ལས་ཀྱི་རྡོ་རྗེས་ཞུས་པ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཀྱང་རྣམ་གཡེང་ལེ་ལོ་ཆགས་སྡང་རེ་དོགས་ཀྱི་དབང་དུ་སོང་ནས། རྟོགས་པའི་དུས་མི་གདའ་བས། ད་མྱུར་དུ་རྟོགས་པའི་གདམས་པ་ཞིག་བསྟན་དུ་གསོལ་ཞེས་ཞུས་པས། ལས་ཀྱི་རྡོ་རྗེ། ལྟ་བ་ལ་བལྟ་རུ་མེད་ཀྱང་རྟོགས་སུ་ཡོད་དེ། གཡེང་བ་ཅན་རྣམས་ལ་དཀའ་བས། གཡེང་བ་ཐམས་ཅད་རྒྱབ་ཏུ་བསྐྱར་བ་གཅེས། སྒོམ་པ་ལ་བསྒོམ་དུ་མེད་ཀྱང་གོམས་སུ་ཡོད་དེ། ལེ་ལོ་ཅན་རྣམས་ལ་དཀའ་བས། མགོ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་བསྐྱེད་པ་རབ་ཏུ་གཅེས། སྤྱོད་པ་ལ་སྤྱད་དུ་མེད་ཀྱང་རྩལ་སྦྱང་དུ་ཡོད་དེ། ཆགས་སྡང་ཅན་རྣམས་ལ་དཀའ་བས། ཆགས་སྡང་གཏིང་ནས་སྤོང་བ་རབ་ཏུ་གཅེས། འབྲས་བུ་ལ་འཐོབ་ཏུ་མེད་ཀྱང་མངོན་དུ་འགྱུར་དུ་ཡོད་དེ། རེ་དོགས་ཅན་རྣམས་ལ་དཀའ་བས། རེ་དོགས་ཏིལ་འབྲུ་ཙམ་ཡང་མེད་པ་ཤིན་ཏུ་གཅེས། གསུངས། ཡང་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོ་བ་ཞིག་ཏུ་གྱུར་པའི་ཞལ་ནས། ལས་ཀྱི་རྡོ་རྗེ། སྟོང་པ་བཙོན་དུ་ཟུང་། རིག་པ་རྟོད་ལ་ནོན། གཟུང་འཛིན་བཅུད་ལ་བོར། རྣམ་རྟོག་འགགས་སུ་ཆུག །ཚིག་བཞི་པོ་འདི་རབ་ཏུ་གཅེས་གསུངས། ཡང་དེ་ལ་གནད་ཀྱི་གདམས་པ་དྲུག་གཅེས་ཏེ། ཆོས་ཉིད་སྟོང་པ་ལ་དངོས་པོའི་ཁོང་འཚང་མི་གཞུག །རིག་པ་གཅེར་བུ་ལ་མཚན་མའི་གོས་ཀྱིས་མི་དཀྲི། སེམས་ཉིད་གཉུག་མ་ལ་ཆགས་སྡང་གི་རྟེན་མི་བཅའ། ཡེ་ཤེས་རྣམ་དག་ལ་དགེ་སྡིག་གི་བློ་མི་གཞུག །མཚན་མ་རང་གྲོལ་ལ་གཟུང་འཛིན་གྱི་མདུད་པས་མི་བཅིང་། ཡེ་སྟོང་ཡེ་གྲོལ་ལ་དངོས་པོ་དང་མཚན་མར་མི་གཟུང་། ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་བཞིན་དུ་དང་པོ་རང་སེམས་སངས་རྒྱས་སུ་ངོ་ཤེས་ནས་ཉམས་སུ་བླངས་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རྒྱལ་སྲས་རིན་པོ་ཆེའི་སློབ་དཔོན་སྐྱོབ་པ་དཔལ་ལ་གདམས་པ། སེམས་རྟོག་མེད་ཀྱི་ངང་ལ་གསལ་སེང་ངེ་བ་དེའི་ངོ་བོ་ལ་བལྟས་ནས་ཅིར་ཡང་མ་གྲུབ་པར་སྟོང་སང་ངེ་གནས་པ་དེ་ལ། རིག་པ་གསལ་སྟོང་འཛིན་མེད་ཟེར་བ་ཡིན། དེ་དང་པོ་ནས་ཐམས་ཅད་ལ་ཡོད་མོད་ཀྱི་གཟུང་འཛིན་གྱི་རྣམ་པར་རྟོག་པས་བསྒྲིབས་པས་ངོ་མ་ཤེས་པ་ཡིན། ཁྱེད་རང་གིས་ཉམས་ལེན་གྱི་སྟོབས་ཀྱིས་ངོ་བོ་མཐོང་བ་ཡིན་པས། སེམས་ཀྱི་ངོ་བོ་སྟོང་པར་འདུག་པ་དེ་ལ་ལེགས་པར་ལྟོས། དེའི་ཐོག་ཏུ་ཞོག་མཛོད། ཡོན་ཏན་གྱི་འཆར་ཚུལ་གོང་ནས་གོང་དུ་འབྱུང་ཞིང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བས། དགའ་བ་སྒོམས་ལ་ཉམས་སུ་ལོངས་མཛོད་གསུངས། སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨིག་གར་གྱི་རྣམ་རོལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། བྱ་བཏང་རི་ཁྲོད་འཛིན་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་དཔལ་འབྱོར་ཕུན་ཚོགས་ཀྱིས་བསྐུལ་ངོར། ཕྱག་རྒྱ་ཆེན་པོའི་གནད་འགག་མགུར་དུ་བཞེངས་པ་ལས། སྔོན་ཐོག་མ་མེད་ནས་ད་ལྟའི་བར། །སེམས་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས། །ད་འཁྲུལ་པའི་རང་མཚང་རིག་པ་ན། །སེམས་སྟོང་ཉིད་རང་ཞལ་རྗེན་པར་མཐོང་། །ཆོས་ཀུན་གྱི་རང་བཞིན་གདོད་མའི་གཤིས། །དོན་དབྱེར་མེད་སེམས་ཀྱི་རྡོ་རྗེ་དེ། །བློས་མ་བཅོས་ལྷུག་པར་འཇོག་པ་འདི། །ལམ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །ཞེས་དང༌། གཞན་ཡང་ཉམས་མགུར་འདི་ལྟར་མཛད་དེ། ཧ་ཧ། སེམས་གསལ་རིག་འགག་མེད་སྐྱེ་བ་འདི། །སྐྱེ་མེད་དུ་མཐོང་བ་ཡ་རེ་མཚན། །སྐྱེ་མེད་ལ་གནས་དང་འགག་པ་གང་། །མོ་གཤམ་གྱི་བུ་མོའི་འགྱིང་བག་བཞིན། །སེམས་རང་བཞིན་སྟོང་པའི་མཐའ་དང་བྲལ། །གདང་འགག་མེད་ཅིང་ཡང་འཆར་ཞིང་སྣང་། །དབྱིངས་གཟུང་འཛིན་གྱི་སྒྲོག་ལས་རྣམ་གྲོལ་ཀྱང་། །དེར་སྦར་འཛིན་བྱེད་པ་འདི་ཅི་འདྲ་ཞིག །ཁོང་གཞན་མཚོ་ལྟ་ཁྲིད་དང་ཕྱག་ཆེན་སྒོམ། །མི་ཁོ་བོ་ལ་བསྒོམ་བྱ་སྒོམ་བྱེད་དང་། །དོན་འདི་སྒོམ་གྱི་མཚན་མ་རྡུལ་ཙམ་མེད། །སྒོམ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ད་མྱུར་དུ་ཤི་འམ་གསོན་ཀྱང་སླ། །སེམས་སྣང་སྟོང་བདེ་ཆེན་གྱི་གྲོགས་མཆོག་དང་། །དུས་སྐད་ཅིག་ཀྱང་མི་འབྲལ་འགྲོགས་ནས་འགྲོ། །སྡུག་བསྔལ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཁ་ཕྱིར་བལྟའི་ཐ་སྙད་རྟོག་གེ་བས། །འདི་ཐོས་ན་འགལ་འདུའི་ཕུང་པོར་སེམས། །དོན་ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །གླུ་འདི་འདྲ་གསན་ན་འཛུམ་པ་འཆོར། །གསུངས། ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་བ་སྐལ་བཟང་རྒྱ་མཚོས་རྗེ་རིན་པོ་ཆེའི་ལེགས་བཤད་དང་། ཡོངས་འཛིན་དམ་པའི་དྲིན་ལ་བརྟེན་ནས་ངེས་དོན་གྱི་རྟོགས་པ་ཐུགས་ལ་འཁྲུངས་ཚེ་ཉམས་མགུར་འདི་གསུངས་སོ། །སྙིང་འདབ་བརྒྱད་ཨ་ཝ་དྷུ་ཏིའི་དབུས། །གཞི་འགྱུར་མེད་སེམས་ཀྱི་རྡོ་རྗེའི་གར། །ལྷ་སངས་རྒྱས་ཀུན་འདུས་བློ་བཟང་གྲགས། །ཕ་བླ་མའི་ངོ་བོར་ཕྱག་འཚལ་ལོ། །གཞི་འཁོར་འདས་ཆོས་རྣམས་མ་ལུས་པ། །ནང་རང་གི་སེམས་ཀྱིས་བཏགས་པ་ཙམ། །སེམས་དེ་ཡང་བརྟགས་ན་སྐྱེས་འགག་བྲལ། །གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོ། །སྟོན་མཁའ་ལ་ཆུ་འཛིན་དྭངས་པ་བཞིན། །དབྱིངས་རང་སེམས་དབྱེར་མེད་སྣང་ངོ་ལ། །མྱོང་སྣང་གིས་སྤྲོས་པ་མ་ལུས་ནུབ། །ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་བ། །གཤིས་ཅིར་ཡང་མ་གྲུབ་རྫུན་པོ་ཆེ། །སྣང་གྲགས་ཀུན་སྒྱུ་མའི་ལྟད་མོར་མཐོང་། །ཉམས་དགའ་བ་སྣང་སྟོང་ཟུང་འཇུག་འདིས། །བསླུ་མེད་ཀྱི་རྟེན་འབྲེལ་ངེས་པ་རྙེད། །རྗེ་མཁྱེན་པའི་གཏེར་དང་དབྱེར་མེད་པའི། །ཕ་བློ་བཟང་གྲགས་པའི་ལེགས་བཤད་དང་། །རྗེ་མཚན་ལྡན་བླ་མའི་བཀའ་དྲིན་ལས། །ངས་ངེས་དོན་གླུ་རུ་བླངས་པ་ཡིན། །གསུངས། སྔོན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྗེ་སྲོང་བཙན་སྒམ་པོ་ལ། ལྷ་མོ་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོས། གདམས་ངག་ཚིག་གཅིག་གིས་རྟོགས་གྲོལ་དུས་གཅིག་ཏུ་འོང་བ་ཞིག་ཞུ་འཚལ་ཞེས་ཞུས་པས། སྤྲུལ་པའི་རྒྱལ་པོས་བཀའ་སྩལ་བ། རྒྱ་མོ་བཟའ་ཉོན་ཅིག །སེམས་ཅན་གྱི་བློ་མ་རིག་པ་དེ་སེལ་བར་བྱེད་པ་ལ། གདམས་ངག་ཚིག་གཅིག་ལས་མེད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན། སེམས་ཕྱི་ན་མེད་པས་ནང་དུ་ལྟོས་ཤིག །བལྟས་པས་སེམས་ཀྱི་ངོ་བོ་གང་དུ་ཡང་མ་རྙེད་ཅིང་མ་གྲུབ་པ། ངོ་བོ་སྟོང་པ། རྣམ་པ་གསལ་བ། ཉམས་སུ་མྱོང་བ་ཞིག་འདུག་པ་དེ་ལྟ་བ། སྟོང་གསལ་ངང་ལས་དུས་རྟག་ཏུ་མ་ཡེངས་པ་དེ་སྒོམ་པ། རང་ཇི་ལྟར་འདུག་ཀྱང་གསལ་སྟོང་དང་མི་འབྲལ་བ་དེ་སྤྱོད་པ། སྟོང་གསལ་གྱི་ངང་ལས་ལུས་བོར་བའི་དུས་སུ་སངས་རྒྱས་པ་འབྲས་བུའོ། །ཞེས་གསུངས་པས་རྒྱ་མོ་བཟའ་རྟོགས་གྲོལ་དུས་གཅིག་ཏུ་གྱུར་ཏོ། །དེས་ན་དམ་པ་གོང་མ་རྣམས་ཀྱི་གསུང་བཞིན། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཀྱི་རྩད་བརྡར་ཡང་ཡང་བཅད་ནས། ངོ་བོ་སྟོང་པ་ཉིད་ནམ་མཁའ་ལྟ་བུར་གཏན་ལ་ཕབ་ནས། སྟོང་སངས་ནམ་མཁའ་ལྟ་བུའི་རྒྱུན་སྐྱོང་བ་ལ་འབད་པར་བྱའོ། །སྔོན་བླ་མ་ཅོག་རོ་རྣལ་འབྱོར་པ་ལ། སློབ་མ་ཞང་སྒོམ་བྱ་བ་དང་མཚན་ཉིད་པའི་སྟོན་པ་གཉིས་ཀྱིས། རྡུལ་ཕྲ་རབ་འདི་ཆ་བཅས་ལགས་སམ་ཆ་མེད་ལགས་ཞེས་དྲིས་པས། ང་ལ་ཤེས་པ་སྤྲོས་བྲལ་དུ་ལྷོད་བཞག་ཙ་ན། རྟོག་པ་རང་འགགས་སུ་ཁེག། །འགགས་ནས། སེམས་གསལ་དྭངས་རྟོག་མེད་ལ་བཞག་ཚད་ལྷན་ལྷན་འགྲོ་བ་ཞིག་ཡོད་ཀྱིས། རྡུལ་ཕྲ་རབ་འདི་ཆ་བཅས་སམ་ཆ་མེད་ཁྱེད་རང་གང་ཡིན་པ་གྱིས། ང་བརྟག་དཔྱད་རང་མི་འཇུག་གསུངས་སོ། །དེ་བཞིན་དུ་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་དུ་རྟོགས་ནས། ཕྱི་གཟུང་བའི་ཡུལ་ལ་ནང་འཛིན་པའི་སེམས་མི་འཇུག་པར་ཤེས་པ་ལྷོད་ཀྱིས་གློད་ནས་ནམ་བཞག་ཀྱང་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་རང་འགག་ལ་སོང་ནས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་ལྷན་ལྷན་མ་གནས་ཀྱི་བར་དུ་དྲན་ཤེས་ཀྱིས་བསྐྱང་བར་བྱའོ། །དེ་ལྟར་བསྐྱངས་པས་སྟོང་ཉིད་ཀྱི་རྟོགས་པ་མངོན་དུ་འགྱུར་ཚུལ་ནི། སྔོན་གྲུབ་ཐོབ་གླིང་རས་པས། ལོ་གསུམ་གྱི་དམ་བཅའ་ཕུལ་ནས་སྒྲུབ་པ་ལ་ཞུགས། ཞག་གསུམ་སོང་བའི་ཐོ་རངས་མོས་གུས་ཆེན་པོ་ཞིག་གིས་སྣ་དྲངས་ཏེ། རྟོགས་པ་མུན་ལ་ཁྲི་གདུགས་ཤར་བ་ལྟ་བུ་ཕྱི་ནང་གི་ཆོས་ཐམས་ཅད་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མདའ་ཕུག་མེད་པར་མངོན་སུམ་དུ་རྟོགས། ཐུགས་དམ་དེ་ལ་བྲལ་ཐོབ་མེད་པར་བརྟན་པ་ཡང་ཐོབ། གླིང་གི་ཐུགས་དགོངས་ལ་སྣང་བ་རྒྱ་ཡན་མ་རིག་པ་སྡུག་བཙིར་གྱི་ཁ་ན་མི་འདུག །བསྒོམས་མ་བསྒོམ། ངོ་ཤེས་མ་ཤེས། བལྟས་མ་བལྟས། དྲན་མ་དྲན། གང་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་ཡོ་ལང་ལས་མི་འདུག་སྙམ་ནས། མཚམས་ལས་ཐོན་ཏེ། དགོན་པ་དང༌། ཡུལ་གྲོང་ཀུན་ཏུ་ཉུལ་ཞིང་བསྒོམས་པས། རྗེས་སུ་ཕག་མོ་གྲུ་པ་མཇལ་དུས། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཤིག་གསུངས་ནས་བསྒོམས་ལགས་ཏེ། །བསྒོམ་བྱ་དང་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་གཟུང་རྒྱུ་མི་གདའོ། །ཞེས་པ་ལ་སོགས་པའི་མགུར་ཕུལ་པས་བླ་མ་ཤིན་ཏུ་མཉེས་ནས། རྒྱ་གར་གྱི་ཆུ་བོ་གངྒཱ་ཕན་ཆད་ན་བྲམ་ཟེ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་རྟོགས་པ་མཐོ་བར་གདའ་གསུངས། ཐུགས་ཤིན་ཏུ་དགྱེས་པར་གྱུར་སྐད། སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཀུན་ལ་མངོན་ཤེས་ཐོགས་མེད་དུ་གསུངས་པས། སློབ་མ་རྣམས་ཀྱིས་ངོ་མཚར་ཆེ། ཇི་ལྟར་མཁྱེན་པར་གདའ་ལགས་ཞུས་པས། སེམས་མཉམ་པར་གཞག་པས་ཁྱབ་བརྡལ་ནམ་མཁའ་ལྟ་བུས་དུས་གསུམ་ས་ལེར་ཤེས་པས། ང་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག་ལ་གསོལ་བ་ཐོབ་གསུངས། དེ་བཞིན་དུ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་རྟོགས་པའི་མགུར་བཞེངས་པ་ལས། འོད་གསལ་ངང་ལ་མཉམ་རྗེས་མེད། །རྣལ་འབྱོར་ལུས་རྒྱ་ཞིག་ཙ་ན། །མཐའ་བྲལ་འཁོར་འདས་ཡོངས་ལ་ཁྱབ། །ཚེ་ཕྱི་མ་ཁྱེད་སྐུ་ཁམས་ཅི་བདེར་བཞུགས། །བདག་རྫོགས་པ་ཆེན་པོའི་ཕུ་ཐག་བཀྲོལ། །ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་། །དབུ་མ་ཆེན་པོའི་ངང་དུ་ཉལ། །ཕ་རོལ་ཕྱིན་པའི་ས་ལ་སླེབས། །གསུངས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། ཡངས་སོ་ཆེ་འོ་ཆོས་ཀྱི་དབྱིངས། །ནམ་མཁའ་འདྲ་སྟེ་སྤྲོས་དང་བྲལ། །ལྟ་བ་རྟོགས་པའི་ཚད་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །ཞེས་དང་། འཆི་མེད་རིག་པའི་དོན་ལ་སྦྱངས། །འབྱུང་བཞིའི་ཕུང་པོ་ནམ་ཡང་འཇོག །རིག་པ་གནས་ལུགས་བཙན་ས་ཟིན། །ན་རྒ་འཆི་སྐྱིད་རྣལ་འབྱོར་ལགས། །གསུངས། རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེན་མོ་ལས། དེ་ལྟར་བསྒོམས་པས་ཡུན་རིང་མ་བསྒོམས་སྙམ་ནས་བལྟས་ཙ་ན། ནམ་དང་ཉི་མ་འུད་འུད་བཅད་ནས་སྣང་ན་སེམས་ཟིན་པ་ཡིན་ལ། རིང་རབ་བསྒོམས་སྙམས་ནས་བལྟས་པ་ན་ཅི་ཡང་མ་སོང་སྣང་ན། སེམས་མ་ཟིན་པ་ཡིན། སེམས་ཟིན་པའི་ཚེ་ན། རྒྱུད་ལ་ཉོན་མོངས་པ་ཆུང་བ་དང་གཉིད་ཀྱང་སྐྱེ་བ་ལ་མི་འོང་སྙམ་པ་འོང་། དེ་ནས་སྔ་དྲོ་ལ་སོགས་པ་ཐུན་རེ་ལ་འཁྱོངས་པ་ན། མཚན་ཉིད་བཞི་ལྡན་དུ་སྐྱེ་སྟེ། མི་རྟོག་པ་ནི་མཉམ་པར་གཞག་པ་ན། དབུགས་ཕྱི་ནང་དུ་འགྱུ་བ་ཡང་མི་ཚོར་བར་དབུགས་དང་རྟོག་པ་ཕྲར་སོང་པའོ། །གསལ་བ་ནི་སྟོན་དུས་ཀྱི་ཉི་མ་ཕྱེད་ཀྱི་དུས་ཀྱི་ནམ་མཁའི་དཀྱིལ་གསལ་བ་དང་ཁྱད་པར་མེད་པའོ། །དྭངས་པ་ནི་ཏིང་གཙང་མའི་ནང་དུ་ཆུ་བླུགས་ནས་ཉི་མ་ལ་བཞག་ནས་བལྟས་པས་དྭངས་པ་དང་འདྲ་བ་འོང་བའོ། །ཕྲ་བ་ནི་མཚན་ཉིད་གསུམ་པོ་དེའི་ངང་ནས་བལྟས་པ་ན་དངོས་པོ་སྤུའི་རྩེ་མོ་གཤགས་པའི་ཆ་གཅིག་བྱུང་བ་ཡང་མཐོང་བ་འོང་བའོ། །གསུངས། དེས་ན་དེ་ལྟ་བུ་ནམ་འོང་གི་བར་བསྒོམ་ལ་འབད་དགོས་ཏེ། སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རང་དོན་མངོན་དུ་གྱུར་ནས་གཞན་དོན་ལ་ཕེབས་པའི་དུས་སུ། འབྲས་སྤུངས་ཀྱི་བཀའ་བཅུ་བ་ཞིག་ན་རེ། ཁྱེད་གང་ནས་བྱོན། ད་གང་དུ་གཤེགས། ཡོན་ཏན་ཅི་མཁྱེན། དོན་གང་ལ་བྱོན་ཟེར་བ་ལ། ང་ཡུལ་བློ་འདས་ཞེན་མེད་ནས་ཡོང་། སློབ་མ་འཚོལ་དུ་འགྲོ། རང་རྒྱུད་འདུལ་བ་ཤེས། དོན་བསྟན་པ་དང་སེམས་ཅན་གྱི་དོན་བྱེད་པ་ཡིན་གསུངས་པས། སློབ་མ་ལ་ཆོས་བཤད་རྒྱུ་ཅི་ཡོད་ཟེར་བ་ལ། ཕྱི་རོལ་གྱི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་སྟོན། ནང་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་སྟོན་པ་ཤེས། ཉམས་ལེན་སློབ་མ་ལ་རག་ལས་གསུངས། དེས་ན་འདི་ལྟ་བུའི་གནས་ལུགས་ཀྱི་དོན་བླ་མས་སྟན་ཀྱང་ཉམས་ལེན་རང་ལ་རག་ལས་པས། དུས་རྟག་ཏུ་ཉམས་ལེན་ལ་བརྩོན་པར་བྱའོ། །མཉམ་གཞག་ལས་ལངས་ནས་ཐུན་མཚམས་རྣམས་སུ། ཅི་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་སྣང་སྟོང་དུ་བསྒོམ་མོ། །དེ་ཡང་མ་ཡིན་པ་ལ་ཡིན་པར་བསྒོམ་པ་མིན། ཡིན་པ་ལ་ཡིན་པར་གསལ་བཏབ་ཅིང་བསྒོམ་པ་ཡིན་ཏེ། དེ་ཡི་རྒྱུ་མཚན་སྔོན་སངས་རྒྱས་ཀྱི་དུས་སུ་སྒྱུ་མ་མཁན་བཟང་པོ་བྱ་བས། རྒྱལ་པོའི་ཁབ་ཀྱི་བཙོག་དགུ་ཐམས་ཅད་འདུས་པའི་གནས་དེར་ཁྱམས་དང་ཁྲི་དང་གདན་དང་གསོལ་ཟས་དང་རིམ་གྲོ་བ་ལ་སོགས་པ་བཀོད་པ་ཕུན་ཚོགས་ཤིག་སྤྲུལ་ནས། སངས་རྒྱས་ལ་མངོན་ཤེས་ཡོད་མེད་ཚོད་བགམ་པའི་ཕྱིར་གདུགས་ཚོད་ལ་སྤྱན་དྲངས་པས། སངས་རྒྱས་ཀྱིས་མཁྱེན་བཞིན་བྱོན་ནོ། །དེར་སྒྱུ་མ་མཁན་བཟང་པོས་ཚོད་བརྟག་པའི་ཕྱིར་འདི་ལྟར་བགྱིས་པའི་ནོངས་པ་འཆགས་ལགས་སོ། །འདི་དག་བཤིག་པར་འདོད་ཀྱང་མ་ནུས་ལགས་ཞུས་པས། ཁྱོད་ཀྱི་འདི་སྒྱུ་མའི་སྤྲུལ་པ་ཡིན་ནོ། །སེམས་ཅན་རྣམས་ནི་ལས་ཀྱི་དང་། དགེ་འདུན་རྣམས་ནི་ཆོས་ཀྱི་དང་། ང་ནི་ཡེ་ཤེས་ཀྱི་སྒྱུ་མའི་སྤྲུལ་པ་ཡིན་ནོ། །དེ་ལྟར་ཤེས་ན་དེ་དག་དྲོངས་ཤིག་གསུངས་པས་ཁོས་ཀྱང་དྲངས་སོ། །སངས་རྒྱས་འཁོར་བཅས་ཀྱིས་ལོངས་སྤྱད་དེ། འཁོར་རེ་རེས་ཀྱང་། ཇི་ལྟར་དེ་ནི་སྒྱུ་མ་མཁན། །བཟང་པོས་སྤྲུལ་པ་བྱས་པ་ལྟར། །འཇིག་རྟེན་ཆོས་རྣམས་དེ་འདྲ་སྟེ། །བྱིས་པ་རྣམས་ཀྱིས་མི་ཤེས་སོ། །ཞེས་སོགས་ཀྱི་ཚིག་བཅད་རེ་གསུངས་སོ། །རྗེས་སུ། གང་གིས་སྦྱིན་པ་གང་ལ་བྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་གསུངས་པས། བཟང་པོས་དད་པས་ཏིང་ངེ་འཛིན་ཐོབ་བོ། །དེ་ལས་ལངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། མ་འོངས་པ་ན་སངས་རྒྱས་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན། ཡང་སྔོན་དགེ་བཤེས་རོང་བོ་དཀོན་རྒྱལ་གྱིས། བྲང་རིངས་ཀྱི་མཐའ་འོག་ཏུ་ཇ་མང་བསྐོལ་བྱས། རྟ་བརྒྱ་དང་དངུལ་བྲེ་བཅུ་གཅིག་དང་། དར་ཟབ་མང་པོ་ཕུལ་ནས། ཁྱུང་པོ་རྣལ་འབྱོར་ཁྱོད་ཅག་གིས། །རྒྱ་གར་ཡུལ་དུ་ལན་གསུམ་བྱོན། །བླ་མ་བརྒྱ་དང་ལྔ་བཅུ་བཙལ། །རྩ་བའི་བླ་མ་བཞི་ཡོད་པས། །ཁྱེད་གྲུབ་ཐོབ་ཏུ་གྱུར་ནས་སྣང་བ་རང་བཞིན་མེད་པར་རྟོགས་པ་ཡིན་ཟེར་བས། བྲག་འདི་ལ་ཕར་ཐལ་ཚུར་ཐལ་འགའ་རེ་གྱིས་ལ། ནམ་མཁའ་འདི་ལ་སྐྱིལ་ཀྲུང་གྱིས་ལ་འདུག་དང་ཟེར་བ་ལ། བྲག་རི་དེ་ལ་ཐལ་བྱུང་དུ་ཕྱིན་ཏེ། ནམ་མཁར་སྐྱིལ་ཀྲུང་བྱས་ནས་གཅིག་དང་དུ་མར་སྣང་བ་ལ་སོགས་པའི་རྫུ་འཕྲུལ་འགའ་རེ་བསྟན་པས་རོང་པོ་དང་གྲྭ་པ་ཐམས་ཅད་ཤིན་ཏུ་དད་དེ། དེ་ལྟ་བུའི་ཡོན་ཏན་དེ་གདམས་ངག་གང་བསྒོམས་པ་ལས་བྱུང་བ་ཡིན། ཟེར་བ་ལ། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །སྒྱུ་མ་ལྟ་བུར་ཉམས་བླངས་པས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །སྣང་ཡང་བདེན་མེད་ཆོས་རྣམས་ལ། །བྱིས་པས་བདེན་པར་བཟུང་བས་འཁྲུལ། །མེད་བཞིན་སྣང་བོ་ཨེ་མ་ཧོ། །ལ་སོགས་པའི་ཆོས་བཤད་པས་དད་དེ། ཟླ་བ་བཅུ་གཅིག་ནས། རོང་པོས་ཡི་དམ་གྱི་ཞལ་མཐོང་ནས། སྣང་བ་བདེན་མེད་དུ་རྟོགས་སོ། །དེས་ན་སྣང་གྲགས་གི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམས་ནས་མངོན་དུ་འགྱུར་ངེས་བྱའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་སྒོམ་བཞིན་བའི་ངང་ནས་མཐར་སྐོར་དུ་སེམས་ཅན་ཐམས་ཅད་དམིགས་ནས་འདི་ལྟར་བསམ་སྟེ། འཁོར་བ་ལ་ཐོག་མ་མེད་པས་རང་གི་སྐྱེ་བ་ལ་ཡང་ཐོག་མ་མེད་ཅིང་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུལ་ཕྱོགས་དང་ས་ཕྱོགས་འདིར་མ་སྐྱེས་པ་གཅིག་ཀྱང་མེད་སྐྱེས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིའི་ལུས་མ་བླངས་བྱ་བ་གཅིག་ཀྱང་མེད་བླངས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིས་བདག་གི་མ་མ་བྱས་པ་གཅིག་ཀྱང་མེད། བྱས་བ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་རེ་རེས་ཀྱང་མིའི་རྟེན་ལ་བདག་གི་མ་མ་བྱས་པ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་མི་ཆོད་ཅིང་ད་དུང་ཡང་བྱེད་པར་འགྱུར། དེས་ན་དྲིན་གྱིས་བསྐྱངས་པའི་མ་ཅིས་ཀྱང་ཡིན་སྙམ་དུ་བསམ་མོ། །བདག་གི་མ་འདིས་ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བགྲངས་ལས་འདས་པ་བྱས་བྱས་པ་ཡིན། ཁྱད་པར་ཚེ་འདིར་ཡང་དང་བོར་མངལ་དུ་བརྩེ་བས་བསྐྱངས། བཙས་པའི་ཚེ་འཇམ་པའི་སྟན་ལ་བཞག །སོར་མོ་བཅུའི་རྩེ་ལ་གཡེངས། ཤའི་དྲོད་ལ་སྦྱར། བརྩེ་བའི་འཛུམ་གྱིས་བསུས། དགའ་བའི་མིག་གིས་བལྟས། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། མ་རང་སྲོག་ལ་བབས་པ་ལྟ་བུའི་སྡུག་བསྔལ་བྱུང་བ་ལས། བདག་ཅུང་ཟད་ན་བ་ལ་སྡུག་བསྔལ་ཆེ་བར་བྱས། སྡིག་སྡུག་གཏམ་ངན་རང་སྲོག་ལའང་མ་བལྟས་པར་ཤ་ཐང་ཐང་དུ་བསྒྲུབས་པའི་ཟས་ནོར་ཐམས་ཅད་བདག་ལ་བརྩེ་བས་ཕོག །མ་རང་གི་ཁྱེར་འཁོས་དང་བསྟུན་པའི་ཕན་པ་དང་བདེ་བ་ཚད་མེད་པ་བསྒྲུབས། གནོད་པ་དང་སྡུག་བསྔལ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ་མོ། །དེ་བཞིན་དུ་ཕ་ལ་སོགས་པའི་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ཀྱིས། ཚེ་སྔོན་མ་རྣམས་ལ་མ་བྱས་པའི་དུས་སུ་ཚེ་འདིའི་མས་དྲིན་གྱིས་བསྐྱངས་པ་བཞིན་དུ་ཕན་ཚད་མེད་བཏགས་གནོད་པ་ཚད་མེད་ལས་བསྐྱབས་པས། དྲིན་ཅན་ཤ་སྟག་ཡིན་སྙམ་དུ་བསམ་མོ། །དཔེར་ན་མ་བཟང་མོས་བུ་གཅེས་ཕྲུག་དེ་ལ་ཟས་གོས་ཀྱི་ཕོངས་ནས་ལུས་སེམས་ལ་བདེ་བ་མེད་པའི་ཚེ། ངའི་བུ་ལ་བདེ་བ་ཞིག་བྱུང་ན་སྙམ། མ་སྤྲང་མོ་ཞིག་ཡིན་ན་ཡང་། །ཟས་ཁམ་གང་རྙེད་ན་ཡང་མ་རང་གིས་ཟ་མི་ཕོད་པར་བུ་ལ་བྱིན་ནས་དུས་རྒྱུན་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གང་བྱམས་བྱམས་བྱེད་པ་ལྟར། ཚེ་འདིར་ཡང་ལྟོ་གོས་ཀྱི་ཕོངས་པའི་ངན་སློང་སོགས་ལུས་སེམས་ལ་བདེ་བ་མེད་པའི་མ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང༌། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཕྱོགས་མེད་ཀྱི་བྱམས་པ་བསྒོམ་དགོས། སྔོན་ཨ་མདོ་ཕྱོགས་ཀྱི་སྡེ་གཉིས་འཁྲུགས་ནས་མི་བསད་མང་པོ་བྱུང་། ཉིན་ཅིག་རྒན་མོ་མ་བུ་གཉིས་རི་ཁར་ཕྱིན་པས། གཞན་གྱི་སྡེ་དེའི་དམག་འོང་བ་མཐོང་ཚེ། མའི་བསམ་པ་ལ་ང་བསད་རུང་བུ་མོ་འདི་མ་བསད་ན་ཅི་མ་རུང་སྙམས། བྱམས་པའི་སེམས་ཀྱིས་བུ་མོ་དེ་འོག་ཏུ་བཅུག་གོས་ཀྱིས་བཀབ་ནས་བསྡད་པའི་སྟེང་གི་མ་བསང་ནས་སོང་། བུ་མོ་འོག་ན་ཡོད་པ་མ་ཚོར་བར་ཐར་བ་བྱུང༌། དེས་ན་བདེ་བ་མེད་པའི་ཕ་མ་སེམས་ཅན་ལ་སྙིང་ཐག་པ་ནས་བྱམས་དགོས་ཏེ། རྒྱལ་སྲས་རིན་པོ་ཆེས། སེམས་ཅན་འདི་དང་འདི་ཞེས་བྱ་བ་བདེ་ཞིང་སྐྱིད་འདུག་ཟེར་བ་གསན་ཙ་ན། དེ་ལེགས་སོ་གསུངས་ནས་ཤིན་ཏུ་མཉེས་ཤིང་། དྲུང་ན་འཁོད་པ་རྣམས་ལ་ཡང་མཉམ་ཉིད་དུ་ཉེ་རིང་མེད་པར་བྱམས་གསུངས། སྔོན་ཀུན་དགའ་བོ་རྒྱལ་པོའི་ཁབ་ཏུ་ཞུགས་ནས་མཐར་གྱིས་བསོད་སྙོམས་བླངས་སོ། །དེའི་ཚེ་བྲམ་ཟེ་ཅི་ཡང་མེད་པ་གཅིག་གིས། མ་རྒན་མོ་ཁུར་ཏེ་སློང་མོ་བྱས། དེ་ཡང་ཁ་ཟས་ཞིམ་པོ་དང་ཤིང་བོག་བཟང་པོ་རྙེད་ན་མ་ལ་སྟེར་ཞིང་ཁ་ཟས་ངན་པ་དང་ཤིང་ཐོག་སྐམ་པོ་དག་རྙེད་ན་ཁོ་རང་ཟ་བ་དེ་མཐོང་ནས་རབ་ཏུ་དགའ་བས། རིགས་ཀྱི་བུ་མ་ལ་སྲིད་ཞུ་བྱེད་ཅིང་མཆོད་པར་བྱེད་པ་ངོ་མཚར་ཆེ་ཞེས་སྨྲས་སོ། །དེ་བཞིན་དུ་རང་གི་མའི་གཙོར་བྱས་པའི་མ་གྱུར་སེམས་ཅན་ཐམས་ཅད་ལ་གང་བྱམས་བྱམས་བྱེད་དགོས། དེ་ལྟར་བྱམས་པ་བསྒོམས་ན་བསོད་ནམས་ཆེ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང༌། འཇམ་དཔལ་ཞིང་བཀོད་ལས། བྱང་ཤར་མཚམས་ན་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་བའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ། དགེ་སློང་འགོག་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་རྣམས་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་སྤྱོད་སྤྱད་པས་ནི་ཞིང་འདིར་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན། སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་པས་ན། ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས། ཞེས་དང་། རྗེ་རིན་པོ་ཆེའི་ཞལ་ནས་བྱམས་པ་ཡོད་ན་ལྷ་མིས་བྱམས་ཤིང་ངང་གིས་འདུ་བ་དང་། རྒྱལ་བས་ཀྱང་བདུད་སྡེ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་པས་སྲུང་བའི་མཆོག་ཏུ་འགྱུར་ཞེས་དང་། སྤྱན་སྔ་བས་སྨྱུག་རུམ་པ་ལ་ནན་ཏར་ན་ཕ་རོལ་པོ་འཇོམས་པ་ལ་བྱམས་པ་ཙམ་མེད། དེ་བས་ན་བྱམས་པ་བྱ་བ་འདི་མིང་ཐོས་པ་ཙམ་གྱིས། སྙིང་སངས་སངས་འདུག་གསུངས། འདི་གལ་ཆེ་བའི་རྒྱུ་མཚན་མང་པོ་སྤྱན་སྔ་བས་གསུངས་པས་གླིང་ཐང་པས་ཕྱག་མཛད་དེ། བདག་དུས་འདི་ནས་བཟུང་སྟེ། བྱམས་སྙིང་རྗེ་འབའ་ཞིག་བསྒོམ་པར་ཞུ་ཞུས་པས། དགེ་བའི་བཤེས་གཉེན་པས་དབུ་ཞྭ་ཕུད། ཐལ་མོ་སྤྱི་བོར་སྦྱར་ནས། ཤིན་ཏུ་ཆེ་ཡང་བཟང་ལགས་ཞེས་ལན་གསུམ་གསུངས། མྱུར་ལམ་ལས། ཚེ་འདི་ལ་འཛམ་བུ་གླིང་ཙམ་ལ་བྱམས་པ་བསྒོམས་ན། དེ་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། གླིང་གཉིས་ལ་སྐྱེས་ན། དེ་ལ་དབང་བའི་ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། གསུམ་ལ་སྐྱེས་ན་དེ་ལ་དབང་བའི་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། གླིང་བཞི་ལ་སྐྱེས་ན་དེ་ལ་དབང་བའི་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། སྟོང་གསུམ་ལ་སྐྱེས་ན་ལྷའི་དབང་པོ་ཚངས་པར་འགྱུར། སྟོང་ཆུང་དང་སྟོང་གཉིས་པ་དང་བར་མ་ལ་སྐྱེས་ན་དེ་ལ་དབང་བའི་བདག་པོར་འགྱུར། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ལ་སྐྱེས་ན། དེའི་འབྲས་བུ་རྫོགས་པའི་སངས་རྒྱས་མིན་པ་གཞན་དུ་མི་འགྱུར་གསུངས། རྒྱལ་སྲས་རིན་པོ་ཆེའི་བྱམས་པའི་ཤུགས་ཀྱིས་དྲུང་ན་འཁོད་པའི་བྱ་དང་རི་དྭགས་གཅན་ཟན་ཀུན་ཀྱང་གཅིག་ལ་གཅིག་ཕན་ཚུན་གནོད་པ་མེད་ཅིང་བྱམས། སློབ་མ་རྣམས་ཀྱང་ཁོང་ང་ཁོན་ལ་མཉེས་ཤིང་བྱམས་སྙམ་དུ་ཐམས་ཅད་དེ་ལྟར་དུ་སེམས་ཤིང་། དེ་རྣམས་ཀྱང་གཅིག་ལ་གཅིག་མཐོང་ཆེ་ཞིང་བྱམས་པས། ཕན་ཚུན་ཆེ་མི་རྩོད་པར་གྲལ་འོག་ཏུ་སྡོད་པ་ལ་ཧབ་ཐོབ་བྱེད་ཅིང་གཅིག་ལ་གཅིག་སྙན་པར་སྨྲ་བའོ། །གསུངས། ཡང་མཁར་སྔོན་བྱ་བའི་སྡེའི་ཕྱུག་པོ་ཞིག་གིས་དགེ་རྩ་བྱེད་པའི་དུས། ཁྲོ་ཟངས་ཆེན་པོར་ཇ་བསྐོལ་ཡོད་པའི་ནང་དུ་བུ་ཆུང་ལོ་བརྒྱད་ཙམ་ཞིག་ལོན་པ་ལྷུང་སོང་བ་བཏོན་ཚེ། ཤ་ཀུན་ཚོས་པ་མས་མཐོང་བ་དང་། ཤས་མི་བཟོད་པའི་སྙིང་རྗེ་དྲག་པོ་སྐྱེས་ཏེ། བུ་འདི་ལྷུང་བ་ལས་མོ་ལྷུང་རུང་བཟོད་ཟེར་གདོང་ལ་སྦར་ཤད་བྱས་མགོ་ས་ལ་བརྡབ་ནས་ཁྲག་བྱུང་ཚེ་གཞན་གྱིས་རེ་ཞིག་བར་དུ་བཟུང་ནས་སྡོད་དགོས་བྱུང་། དེ་བཞིན་དུ་རྒྱ་ནང་ན་རྒྱ་མི་ཕལ་ཆེར་གྱིས་ཕག་པ་མ་ཤི་གོང་དུ་ཆུ་ཁོལ་མའི་ནང་དུ་འཚོད་པ་དང་ཕག་ཕྲུག་དང་ཁྱིམ་བྱ་རྣམས་རྫ་ཁོག་ནང་དུ་བཅུག་ནས་འོག་ནས་མེ་སྦར་ནས་གསོན་སྲེག་བྱེད་པ་དང་། བལ་པོ་ན། ཁྱོ་ག་ཤི་ན་རོ་དང་ལྷན་དུ་བུད་མེད་ཀྱང་མེ་ནང་དུ་བཅུག་ནས་གསོན་སྲེག་བྱེད་པ་དང་། གཞན་ཡང་ནག་ཅན་མི་ལ་ཁྲིམས་གཅོད་པ་དང་། ཆུ་དང་མེ་དང་གཡང་དུ་ལྷུང་ནས་ཤི་བ་མཐོང་ཐོས་རྣམས་ཡིད་ལ་དྲན་པར་བྱས་ནས་སྡུག་བསྔལ་གྱིས་མནར་བའི་ཉམ་ཐག་ཕ་མ་སེམས་ཅན་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སྔོན་མཚུངས་མེད་བཟོད་པ་རྒྱ་མཚོ་ལྷོ་ཁའི་ཕྱོགས་སུ་གནས་བསྐོར་དུ་ཕེབས་པའི་ཉིན་གཅིག་ཤ་བ་ཞིག་རྔོན་པ་གཉིས་དང་ཁྱི་ཞིག་གིས་དེད་ནས། ཆུ་བྲག་འཐབ་པའི་བར་དུ་བཅུག་ཚེ་འགྲོས་མ་རྙེད་པར་སྲོག་དང་འབྲལ་བ་ཤེས། རྔོན་པ་གཉིས་ལ་ཕྱི་མིག་བལྟ་བཞིན་བློས་མ་ཚུགས་འཇིགས་པའི་ཆུ་ནང་དུ་བྲོས་དུས་དེར་ཁྱིས་རྨུག་རྔོན་པས་རྡོ་ཡིས་རྒྱབ་ནས་གསོད་པའི་དུས། སྙིང་རྗེ་ཚད་མེད་པ་སྐྱེས་ནས་སྤྱན་ཆབ་ཤོར་ཞིང་ཤ་བ་ལ་ཕན་པའི་འཕོ་བ་དང་སྨོན་ལམ་རྒྱས་པར་མཛད་སྐད། དེ་བཞིན་སྡིག་ཅན་རྣམས་ཀྱིས་བྱ་དང་རི་དྭགས་ཉ་སོགས་སེམས་ཅན་གཞན་གསོད་པ་རྣམས་ལ་དམིགས་ནས་སྙིང་རྗེ་མཆི་མ་འཁྲུག་ནུས་པ་ཙམ་བསྐྱེད་དགོས། རྗེ་བཙུན་མི་ལ་རས་པ་དབྱར་སོས་ཅིག་ཐང་ཆེན་པོ་དཔལ་ཐང་དུ་བྱོན་པས། ཁྱི་ཞིག་ཤི་བའི་རོ་ལ་འབུ་མང་པོ་བྱུང་འདུག་པ་གཟིགས་ནས་སྙིང་རྗེ་ཆེན་པོ་རྒྱུད་ལ་འཁྲུངས་ནས། ཁྱི་རོ་དེའི་འགྲམ་དུ་ཐུགས་གཏད་ནས་ཞག་དྲུག་བཞུགས། ཁྱི་དེའི་རྣམ་པར་ཤེས་པ་མཐོ་རིས་སུ་དྲངས། འབུ་རྣམས་ལ་ལས་ཀྱི་འབྲེལ་བ་བཞག་གསུངས། ཡང་གཉའ་ནང་ཚོང་འདུས་སུ་ཕེབས་པས་མོན་པ་ཞིག་གིས་ལུག་ནག་པོ་ཞིག་ལ་ཁོང་ལག་བཏང་བས། རྨ་བཟོས་ཙམ་ན་རྒྱུ་མ་ན་ར་ར་ལུག་ཤོར་ཏེ། འཇིགས་ནས་སྐད་ཆེན་པོ་འདོན་ཞིང་འདར་ཁྲི་ལེ་བའི་ངང་ལ་རྗེ་བཙུན་ཡབ་སྲས་ལ་སྐྱབས་འཚོལ་དུ་བྱུང་ནས་ལུག་ཚེའི་དུས་བྱེད་པའི་བར་ལ། རྗེ་བཙུན་གྱིས་སྤྱན་ཆབ་བསིལ་ཞིང་ལུག་ལ་འཕོ་བ་མཛད་ནས། རྣམ་ཤེས་བྱང་ཆུབ་ལམ་ལ་བཀོད་དེ་སྙིང་རྗེ་ཆེན་པོ་མི་བཟོད་པའི་ངང་ནས། ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཐར་བའི་ལམ་ལ་ཡར་ལྟོས་དང་། །ཨ་ཙ་མ་སྡིག་ཅན་སྙིང་རེ་རྗེ། །ལ་སོགས་པའི་མགུར་གནང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ར་ལུག་གཡག་གསུམ་གསོད་སར་སོང་ནས་མིག་ནས་མཆི་མ་མ་བྱུང་གི་བར་དུ་སྙིང་རྗེ་བསྒོམ་དགོས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་པཎ་ཆེན་རིན་པོ་ཆེའི་ཞལ་ནས་ཐོག་མར་ཤན་པས་གསོད་བཞིན་པའི་ལུག་ལྟ་བུའི་སྡུག་བསྔལ་གྱི་ཉམ་ཐག་པའི་འགྲོ་བ་ལ་བསྒོམ། དེའི་ཚུལ་ནི། མདུན་དུ་དེའི་རྣམ་པ་གསལ་བར་དམིགས་ནས། ཡན་ལག་རྣམས་ནི་བཅིངས། བྲང་གི་པགས་པ་ནི་གཤགས། ཤན་པའི་ལག་པ་ཁོང་བར་བཅུག་པས། སྲོག་ལ་བབ་པ་ནི་མངོན་སུམ་དུ་ཤེས། མིག་ཤན་པའི་གདོང་ལ་ཧྲིག་ཧྲིག་བལྟ་ཞིང་སྡུག་བསྔལ་གྱིས་ཉམ་ཐག་པའི་ཚུལ་བསམས་ནས། དེས་ན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །ཞེས་སྙིང་རྗེ་སྒོམ་ཚུལ་གསལ་བར་གསུངས་པ་ལྟར་ཡང་དང་ཡང་དུ་བསྒོམ་པར་བྱའོ། །དཔེར་ན་མ་སྒོ་རུ་སོང་ཤུལ་ནས་བུ་ཐབ་ཁའི་མེ་ནང་དུ་ལྷུངས་ནས་རྐང་ལག་ཚིག །རྒྱུ་མ་ལུག་པ་མཐོང་ཚེ། བཟོད་བླགས་མེད་པའི་སྙིང་རྗེ་ཤས་མི་བཟོད་པ་སྐྱེ་བ་ལྟར་ནག་ཅན་གྱི་མི་བཙོན་དོང་དུ་ཆུད་པ་དང་། སྡིག་ཅན་གྱི་མི་དམྱལ་བའི་མེ་དོང་དུ་ལྷུངས་པ་སོགས་སྡུག་བསྔལ་གྱིས་ཉམ་ཐག་པ་ཐམས་ཅད་ཡང་ཡང་ཡིད་ལ་དྲན་པར་བྱས་ཏེ། དེ་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་བཞིན་སྙིང་རྗེ་ཤུགས་དྲག་ལ་རྒྱུན་རིང་བ་བསྒོམ་པར་བྱའོ། །རྒྱལ་སྲས་རིན་པོ་ཆེ་དགུང་ལོ་བཅུ་དྲུག་ཙམ་ལོན་དུས་སུ། དགེ་བཤེས་གཅིག་གིས་བང་ཆེན་པ་ལ་བཏང་བས། བོ་དོང་ནས་ས་སྐྱར་འབྱོན་པའི་ཕྱེད་ལམ་སླེབ་པའི་ཐང་དཀྱིལ་གཅིག་ན་ཁྱིའི་ཕྲུག་གུ་བཞི་ལྔ་ཞིག་སྐྱེས་པ་མས་བོར་ནས་སོང་འདུག་པ་གཟིགས་པས་སྙིང་རྗེ་ནས་བཤུམས་ཤིང་། འཁྱག་པ་དང་། ཕོ་རོག་གཅན་ཟན་གྱིས་གསོད་ཀྱི་དོགས། དེ་རིང་འདི་བ་བསྐྱལ་ལ་དོ་ནུབ་མཚན་བསྐྱངས་ལ་འགྲོ་དགོས་དགོངས། ཁྱི་གུ་ནང་དུ་སྐྱེལ་བ་ལོག་ནས་བྱོན་གསུངས། ཡང་དགུང་ལོ་ཉི་ཤུ་ཙམ་ལ། ཨེའི་དགེ་འདུན་རྣམས་ཆོས་གཞི་ལ་བཏེགས་པས་རྒྱ་སྒོའི་རྩ་ན་སྤྲང་མོ་ཞ་བོ་ཞིག་ཡོད་པ་དེ་ངུ་ཡིན་འདུག་པ་ལ་ཐུགས་ཀྱིས་མ་བཟོད་ནས་ཅི་ཉེས་དྲིས་པས། བཙུན་པ་ཐམས་ཅད་འབྱོན་པར་འདུག་དེ་ནས་ང་ལ་ལྟོ་སྟེར་མི་མི་འོང་ཟེར། ངས་ཁྱོད་ལེན་དུ་འོང་གིས་དུཿཁ་མ་བྱེད་གསུངས་ཏེ་ཐག་པ་ཁྱེར་ནས་བྱོན་ཏེ་སྔོན་ལ་གོས་གདན་བསྐྱལ། དེ་ནས་མོ་རང་ཁུར་ནས་ཆོས་པའི་རར་བསྐྱལ་གསུངས། དེས་ན་སེམས་ཅན་དངོས་སུ་དུཿཁ་བ་མཐོང་ན་ལྟ་སྨོས་ཀྱང་ཅི་འཚལ། གཞན་གྱིས་སེམས་ཅན་དུཿཁ་བ་འདི་འདྲ་འདུག་ཟེར་བ་གསན་ན། ངའི་མ་རྒན་དེ་སྙིང་རེ་རྗེ་གསུངས་ཏེ། བཤུམས་ནས་གསུང་གླེང་ཀྱང་འཕྲོ་ཆད་ནས་འགྲོ་ཞིང་། གླང་རི་ཐང་པ་ལ་གཞན་གྱིས་ངོ་ནག་པོ་བྱས་པ་གསན་པས། ངས་མ་རྒན་སེམས་ཅན་རྣམས་ཀྱི་དུཿཁ་འདི་ལ་བསམ་ཙ་ན་ངོ་གདོང་དཀར་པོ་ཡོང་བ་མི་འདུག་གསུངས་ཟེར། དེ་ཁོང་མད་པར་གདའ་གསུངས་ནས་སྤྱན་ཆབ་ཉིལ་ཉིལ་མཛད་ཅིང་འདི་ལྟར་ཡང་གསུངས་སོ། །དུཿཁའི་མང་གཟིར་འགྲོ་འདི་ཡལ་བོར་ནས། །རང་ཉིད་ཞི་བདེ་འབའ་ཞིག་དོན་གཉེར་བ། །ཕ་མ་མེ་ཡིས་ཚིག་པ་ཡལ་བོར་ནས། །རང་ཉིད་བསིལ་བའི་རྫིང་བུར་ཁྲུས་བྱེད་འདྲ། །འགྲོ་འདིས་རང་གི་བདེ་བ་ཡལ་བོར་ནས། །བདག་གི་དོན་དུ་ཁ་ཁུར་གང་བླངས་པ། །ས་དང་རྒྱ་མཚོའི་རྡུལ་བས་ཆེས་མང་ན། །དེ་དག་བདག་གིས་ཇི་ལྟར་ཡལ་བར་འདོར། །ཐོག་མེད་དུས་ནས་ལན་མང་ཕན་བཏགས་པའི་། །འགྲོ་མང་བཟོད་དཀའི་སྡུག་བསྔལ་གྱིས་གཟིར་བ། །མཐོང་ཐོས་དྲན་ཡང་གས་པར་མ་གྱུར་པ། །བདག་གི་སྙིང་འདི་ལྕགས་ལས་བྱས་སམ་ཅི། །སྔོན་ཆད་ཡང་ཡང་དུཿཁ་སེལ་བྱེད་མ། །མནར་མེད་མེ་ཡི་ནང་དུ་ཚིག་གྱུར་པ། །དེ་ལ་སྙིང་རྗེའི་བསམ་པ་མི་སྐྱེ་བ། །བདག་འདྲ་མི་ཡི་ལུས་ཅན་དུད་འགྲོར་ཟད། །ཅེས་གསུངས་ཤིང་། སྙིང་རྗེའི་ཉམས་བྱུང་རྒྱལ་དུ་བཏང་ན་ཉིན་མཚན་ཁོར་ཡུག་ཏུ་དེ་ཉིད་ལ་རྩེ་གཅིག་ཏུ་འབྱམས་ནས་ཕྱི་རོལ་པས་བལྟས་ན་བརྒྱལ་བར་མངོན་པ་ལྟར་ཡོང་གིན་འདུག་གསུངས། གཞན་ཡང་འདི་ལྟར་གསུངས་ཏེ། ངན་སོང་གསུམ་ཏ་ཨ་ཅང་ཆེ། མིའི་ནང་ནས་ཀྱང་དུཿཁ་ལ་དངོས་སུ་སྤྱོད་པ་འདི་རྣམས་སྙིང་ཤིན་ཏུ་རྗེ་མོད། བསམ་བློ་ལེགས་པར་བཏང་ན་དུཿཁ་ཡི་རྒྱུ་ལ་ལོངས་སྤྱོད་པ་འདི་རྣམས་སྙིང་རྗེ་གསུངས་ཤིང་། ད་ལྟ་འཇིག་རྟེན་གྱི་མི་ཆེ་རུ་རེ། གྲུང་དུ་རེ། འཁོར་མང་ཁ་དྲག་ནོར་ཆེ་ལས་སུ་སྡིག་པ་འབའ་ཞིག་བྱེད་པ་དེ་འདྲ་རྣམས་གཟིགས་པའམ། དྲན་པའམ། དེ་དག་གི་གླེང་མོ་བྱུང་ཙ་ན་སྤྱན་ཆབ་འབྱིན་ཞིང་། ཕ་རོལ་པོ་རྣམ་རྟོག་སྐྱེར་འོང་བསམ་པ་བྱུང་ནས་ཉམས་སྣ་བསྐྱིལ་གིན་ཚོད་བཟུང་བ་མིན་ན། དེ་འདྲ་རྣམས་དང་ཕྲད་ཙ་ན་མཆི་མ་རང་དབང་མེད་པར་ཡོང་གིན་འདུག་གསུངས། དགེ་བཤེས་སྟོན་པའི་དྲུང་དུ། ཁམ་པ་ལུང་པའི་སློབ་མ་བཙུན་པ་ཞིག་བྱུང་བ་ལ་སྟོན་པའི་ཞལ་ནས། ཁམ་པ་ལུང་པ་ཁོང་ཅི་མཛད་ཀྱིན་འདུག་གསུངས་པས། ཁོང་པ་གྲོག་ཁ་རེར་བཞུགས་དབུ་བཏུམས་ཏེ་བཤུམས་པ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས། སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་གསུངས་པར་གདའ། དེས་ན་ཇོ་བོ་བཀའ་རྒྱུད་རྣམས་ཀྱང་ཐུགས་དམ་གྱི་གཙོ་བོ་འདི་ལ་མཛད་པར་གདའ་གསུངས། དེ་ཡང་སྙིང་རྗེ་ཆེན་པོ་ནི། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་མེད་མི་རུང་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་འབྱུང་བ་ཡིན། ཞེས་དང་། བློ་གྲོས་མི་ཟད་པར་བསྟན་པ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱུནི་མིའི་སྲོག་གི་དབང་བོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་དང་། གཱ་ཡ་གོ་རི་ལས་ཀྱང་། འཇམ་དཔལ་བྱང་ཆུབ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་གང་། གནས་ནི་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལན་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེར། དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱི་ན་སྲོག་གི་དབང་པོ་མཆིསན། དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་དང་། སློབ་དཔོན་ཟླ་བ་གྲགས་པས་ཀྱང་། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི་། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སྙིང་རྗེ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་མེད་མི་རུང་དུ་གསུངས་སོ། །དེས་ན་སློབ་དཔོན་ཀ་མ་ལ་ཤི་ལའི་ཞལ་ནས། སྙིང་རྗེ་ནི་ཏིང་ངེ་འཛིན་ལ་འདུག་ཀྱང་རུང་། སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །གསུངས་པ་ལྟར་བསྒོམ་པ་ལ་བརྩོན་པར་བྱའོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་ཆེན་པོ་ཡང་ཡང་བསྐྱེད་ནས། བདག་པས་གཞན་གཅེས་ཀྱི་བློས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་རྣམ་པར་ཐར་པ་ལྟར་འགྲོ་བ་གཞན་དོན་ལ་ལུས་དང་སྲོག་ལ་མི་ལྟ་བར་འཇུག་དགོས་ཏེ། སྔོན་ཐུབ་པའི་དབང་པོ་འདི་རྒྱལ་པོ་པདྨ་བྱ་བར་འཁྲུངས། དུས་ཅིག་གི་ཚེ་ཁོང་གི་མངའ་རིས་སུ་ནད་ཡམས་ཆེན་པོ་བྱུང་ནས་མི་མང་པོ་ཤི་བས། རྒྱལ་པོས་སྨན་པ་རྣམས་བོས་ཏེ། འདི་ལ་ཅིས་ཕན་དྲིས་པས། དེ་དག་ན་རེ་ཉ་རོ་ཧི་ཏའི་ཤ་ཡོད་ན་ཕན། གཞན་གང་ཕན་ནད་ཀྱི་གྲིབ་ཀྱིས་རྨུགས་ནས་མི་ཤེས་པར་འདུག་ཞུས་པས། རྒྱལ་པོས་དུས་བཟང་ལ་བབ་པའི་སྔ་དྲོ་ཁྲུས་བྱས་གོས་གསར་པ་གྱོན། གསོ་སྦྱོང་བླངས་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། གསོལ་བ་དྲག་པོ་བཏབ་ནས། བདག་ཤི་མ་ཐག་ཆུ་ཀླུང་ཟློག་བྱེད་དུ། ཉ་རོ་ཧི་ཏར་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ། ཁང་བཟང་ཁྲུ་སྟོང་པའི་ཁ་ནས་མཆོངས་སོ། །དེ་མ་ཐག་ཏུ་ཆུ་དེར་ཉ་དེར་རྫུས་ཏེ་སྐྱེས་སོ། །དེ་ནས་མིའི་སྐད་དུ། ཉ་རོ་ཧི་ཏ་ཡིན་པས། ངའི་ཤ་ལོངས་ལ་ཟོ་ཞིག་ཅེས་སྨྲས་པས། ཐམས་ཅད་ཀྱིས་ཤ་བླངས་ཏེ་གཞོགས་གཅིག་གི་ཤ་ཟད་ཙ་ན་གཞོགས་སྒྱུར་ཅིང་བཅད་པས། གཅིག་ཟོས་ཙ་ན་གཅིག་གི་ཤ་སྐྱེས་ཏེ། །དེ་ལྟར་གཞོགས་རེ་མོས་ཀྱི་ཟོས་པས་ནད་ཐམས་ཅད་ལ་ཕན་ནོ། །དེར་མི་རྣམས་ལ། ཁྱེད་ཀྱི་དོན་དུ་ངས་འདི་ལྟར་བྱས་སོ་ཞེས་སྔར་གྱི་ལོ་རྒྱུས་གསུངས་ཏེ། ངེད་ཀྱིས་དྲིན་ལན་དུ་སྡིག་པ་སྤོངས་ལ་དགེ་བ་ཅི་ནུས་སྒྲུབས་ཤིག་གསུངས་པས། དེ་དག་གིས་ཀྱང་བཀའ་བཞིན་སྒྲུབ་བོ། །དེ་ནས་བཟུང་སྟེ་དེ་དག་ངན་འགྲོ་ལོག་པར་མ་ལྷུང་ངོ་གསུངས། ཡང་ཐུབ་པ་འདི་ཉིད་རུས་སྦལ་ཆེན་པོ་ཞིག་ཏུ་འཁྲུངས་པའི་དུས་སུ། ཚོང་པ་ལྔ་བརྒྱ་རྒྱ་མཚོར་ཕྱིན་པས་གྲུ་ཞིག་སྟེ་འཆི་བ་ལ་ཐུག་པ་ལ། རུས་སྦལ་གྱི་མིའི་སྐད་དུ། ཐམས་ཅད་ང་ལ་ཞོན་ཅིག་ངས་བསྒྲལ་གྱིས་གསུངས་ནས། རྒྱ་མཚོ་ལས་བསྒྲལ་བས་ཐང་ཆད་དེ་མཚོ་མཐར་གཉིད་པས། སྦྲང་བུ་ཀེ་ཏ་ཀ་བརྒྱད་ཁྲིས་ཁོང་གི་ཁྲག་འཇིབ་པས། གཉིད་སད་དེ་བལྟས་པས་སྦྲང་བུ་མང་པོ་འདུག །ཆུར་ཕྱིན་པ་འམ་ས་ལ་འགྲེས་ན། སྦྲང་བུ་མང་པོ་འཆི་བར་འདུག་དགོངས་དེ་ཀ་ལ་བཞུགས་ཏེ་སྐུ་ཚེ་བཏང་བས། སངས་རྒྱས་པའི་དུས་སུ་སྦྲང་བུ་རྣམས་ལྷ་བརྒྱད་ཁྲིར་གྱུར་ནས། སངས་རྒྱས་ལ་ཆོས་ཉན་པས། དེ་དག་གིས་བདེན་པ་མཐོང་བར་གསུངས། ཡང་རྒྱལ་པོ་གསེར་གྱི་གཙུག་ཏོར་གྱི་སྲས། གཙུག་ན་ནོར་བུ་ཞེས་བྱ་བར་གྱུར་ཚེ། དབུ་ལ་རིན་པོ་ཆེའི་གཙུག་ཏོར་ཡོད་པ་ལས། བདུད་རྩི་འབབ་ཅིང་། དེ་ལྕགས་ལ་རེག་པས་ལྕགས་རྣམས་གསེར་དུ་བསྒྱུར་ནུས་པ་དེ་བྲམ་ཟེ་སློང་མཁན་ཞིག་ལ་བཅད་ནས་སྦྱིན་པ་དང་། རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་ཚེ། གནོད་སྦྱིན་སྤུན་ལྔ་ལ་སྐུ་ལུས་ཀྱི་ཁྲག་གི་སྦྱིན་པ་བཏང་བ་དང་། རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པའི་ཚེ། སྟག་མོ་ལ་སྐུ་ལུས་སྦྱིན་པ་དང་། རྒྱལ་བུ་ཟླ་འོད་དུ་གྱུར་ཚེ་བྲམ་ཟེ་ལ་དབུ་བཅད་ནས་སྦྱིན་པ་སོགས་སློབ་པ་ལམ་གྱི་དུས་སུ་རང་ཡལ་བར་དོར་གཞན་གཅེས་པར་བཟུང་ནས། གཞན་དོན་མཛད་མཛད་ནས་སངས་རྒྱས་པ་ལྟར། རང་གིས་ཀྱང་ཚེ་རབས་ཐམས་ཅད་དུ་བདག་པས་གཞན་གཅེས་ཀྱི་བློས་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་བཏང་ནས། མ་གྱུར་འགྲོ་བའི་དོན་ཁོ་ན་ལ་འབད་པར་བྱའོ་སྙམ་པའི་དམ་བཅའ་ཡིད་སྨོན་ཡང་ཡང་བྱའོ། །སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ནི། བདག་གིས་ནམ་ཞིག་སེམས་ཅན་གྱི་དུཿཁ་སེལ་བར་ནུས་སྙམ་པ་དང་། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང༌། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱི་སེམས་ཅན་གྱི་དོན་ནུས་སྙམ་པ་དང༌། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ནས་ཀྱང་སེམས་ཅན་ལ་ཕན་འདོགས་སྙམ་པ་དང་། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་ནུས་སྙམ་པ་དང་། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་དུཿཁ་ངེས་པར་འབྱིན་ནུས་སྙམ་པ་དང་། སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་། དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་ལ་སིམ་པར་མི་བྱེད་པའི་ཚིག་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་། ལུས་དང་ཤེས་རབ་དང་ནོར་དང་དབང་ཕྱུག་དང་ལྡན་པ་དང་། གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང་། སེམས་ཅན་གྱི་སྡིག་པའི་འབྲས་བུ་བདག་ལ་སྨིན་ཞིང་། བདག་གི་བདེ་བའི་འབྲས་བུ་དེ་དག་ལ་སྨིན་པར་གྱུར་ཅིག་སྙམ་པ་རྣམས་སོ། །ངོ་བོ་རྣམ་རྟོག་ཡིན་ཀྱང་ངོ་མཚར་ཅན་ཡིན་པས་སྐྱེས་བུ་ཆེན་པོ་རྣམས་ཀྱང་བསྒོམ་པར་གསུངས་ན། འོ་སྐོལ་རྣམས་ཀྱིས་ལྟ་ཅི་སྨོས། དེས་ན་འདི་ལ་ནན་ཏན་བྱེད་པ་གཅེས་སོ། །སྔོན་བདག་ཅག་གི་སྟོན་པ་འདི་མཛའ་བོའི་བུ་མོ་རུ་གྱུར་ཚེ། རྒྱ་མཚོར་རིན་ཆེན་ལེན་དུ་ཆས་པས་མས་སྒོ་བཅད་ནས་ཉལ་ཏེ། འགྲོར་མ་བཅུག་པ་ལ་ཁྲོས་ནས་མའི་མགོ་རྐང་པས་ཕུལནས་ཕྱིའི་རྒྱ་མཚོར་སོང་དུས་གྲུ་ཞིག་ཤིང་ཚལ་ཞིག་ལ་འཇུས་ནས་རྒྱ་མཚོའི་གླིང་ཞིག་ཏུ་སླེབས། ལྕགས་ཁང་ཞིག་གི་ནང་དུ་ཕྱིན་པས་མི་གཅིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་བསྐོར་ནས་ཀླད་པའི་དཀྱིལ་དུ་འབུགས་ཀྱིན་འདུག །འདིས་ཅི་བྱས་པ་ཡིན་དྲིས་པས་མའི་མགོ་ལ་འགོམས་པའི་རྣམ་སྨིན་ཡིན་ཟེར། འོ་ན་ང་ཡང་ལས་ཀྱི་འདིར་ཁྲིད་སྙམ་པ་དང་། དེ་མ་ཐག་ལྕགས་ཀྱི་འཁོར་ལོ་དེ་མགོ་ཐོག་ཏུ་བྱུང་ནས་འཁོར་ཏེ། སྡུག་བསྔལ་གྱིས་གཟེར་ཚེ་དེས་རྐྱེན་བྱས་སེམས་ཅན་ལ་སྙིང་རྗེ་དྲག་པོ་སྐྱེས་ཏེ། ངས་སེམས་ཅན་གྱི་ཕྱིར་དུ་འཁོར་ལོ་འདི་བཟོད་པར་བྱ་ཡིས། གཞན་གང་གིས་འདི་འདྲའི་ལས་བྱས་པ་རྣམས་འདིར་མ་འོངས་ཤིག་བྱས་པས། འཁོར་ལོ་ནམ་མཁའ་ལ་འཕགསནས་འདུག་པ་དང་། ཤི་འཕོས་ནས་དགའ་ལྡན་དུ་སྐྱེས་སོ། །ཡང་སྔོན་དེ་བཞིན་གཤེགས་པ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཚེ། ཤིང་རྟ་དྲངས་པས་རོགས་གཞན་ཞིག་ཡོད་པས་འདྲེན་མ་ནུས་ཚེ། དམྱལ་སྲུང་རྣམས་ཀྱིས་བརྡུངས་པ་ལ་སྙིང་རྗེ་སྐྱེས་ནས། འདིའི་ཐག་པ་ཡང་ངའི་གཉའ་བར་ཐོག་དང་། བདག་གཅིག་པུས་དྲང་བར་བྱའོ་བྱས་པས། དམྱལ་སྲུང་ན་རེ། ཁྱོད་སྙིང་རྗེ་ཆེ་བ་ཞིག་ཡོད་ཟེར། ལྕགས་ཀྱི་ཐོ་བ་མགོ་ལ་བརྒྱབས་པས། ཁོང་ཚེ་འཕོས་ནས་ལྷར་སྐྱེས་སོ། །དེས་ན་མྱུར་དུ་མཐོ་རིས་ལྷའི་གནས་སུ་སྐྱེ་འདོད་རྣམས་ཀྱིས་ཀྱང་། བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཡང་སྔོན་མི་ནག་མདུང་ཐུང་ཅན་གྱིས་ཚོང་པ་ལྔ་བརྒྱ་གསོད་པའི་བསམ་ངན་སྐྱེས་པ་ན། དེད་དཔོན་སྙིང་རྗེ་ཅན་གྱི་བསམ་པ་ལ། མི་ལྔ་བརྒྱའི་སྲོག་དང་བྲལ་བ་བྱུང་ན། དེ་རྣམས་སྙིང་རྗེ། དེའི་ལས་དབང་གིས་མི་འདི་དམྱལ་བར་སྐྱེ་ངེས་པས་འདི་ཡང་སྙིང་རེ་རྗེ། དེ་བས་བདག་གིས་མི་འདིའི་སྲོག་བྲལ་ནས་ང་རང་གཅིག་པུ་དམྱལ་བར་འགྲོ་བར་བྱའོ་སྙམ་ནས། མི་དེ་ཁོ་རང་གིས་མདུང་བསྣུན་ནས་བསད་པས། སྙིང་རྗེ་ཆེན་པོའི་དབང་གིས་བསྐལ་པ་འབུམ་གྱི་འཁོར་བ་ཕྱིར་བསྙིལ་ཚོགས་རྫོགས་པར་གསུངས། སྔོན་བྲམ་ཟེ་ཁྱེའུ་སྐར་མས་ཚེ་ལོ་བཞི་ཁྲི་བཞི་སྟོང་དུ་ཚངས་པར་སྤྱད་ནས་བཞུགས་ཚེ། བུ་མོ་ཞིག་ཆགས་པའི་དབང་གིས་སྲོག་འཆད་དུ་ཉེ་བར་གཟིགས་ནས། སྙིང་རྗེ་ཆེན་པོ་སྐྱེས་ཏེ་ཁྱིམ་དུ་ལོ་བཅུ་གཉིས་གནས་ནས་ཡང་ཁྱིམ་ནས་བྱུང་སྟེ། ཚངས་པར་སྤྱད་པས་བསྐལ་པ་ཁྲིའི་འཁོར་བ་ཕྱིར་བསྙིལ་དེ་ཚོགས་རྫོགས་པར་གསུངས། དེས་ན་སྲོག་བཅད་པ་དང་མི་ཚངས་སྤྱད་པ་ལ་སོགས་པའི་སྡིག་པས་མི་གོས་པར་འདོད་པས་ཀྱང་། བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །སྔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་བསྒྲུབས་པས་ཉིན་གཅིག་ལམ་ནས་ཁྱི་མོ་རོ་སྨད་འབུས་གཡེང་བ་ཞིག་གཟིགས་པས། ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་སྐྱེས་བརླ་ཤ་བཅད་པའི་སྟེང་དུ་འབུ་རྣམས་ལྕེས་ལེན་རྩིས་བྱས་པས་ལས་སྒྲིབ་ཀུན་དག་ནས། རྒྱལ་བ་བྱམས་མགོན་ཞལ་མཇལ། བླ་མ་དྷརྨ་རཀྵི་ཏས་བདག་གཞན་མཉམ་བརྗེས་ཀྱི་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པོས་བརླའི་ཤ་བཅད་དེ་ནད་པ་ཞིག་ལ་ཕན་པའི་ཕྱིར་དུ་བྱིན་པས། ཐུགས་རྗེ་ཆེན་པོའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། བླ་མ་བྱམས་པའི་རྣལ་འབྱོར་པས། བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་འབའ་ཞིག་བསྒོམས་པས། བྱམས་མགོན་ཞལ་གཟིགས་ལུང་བསྟན་ཐོབ། ཇོ་བོ་རྗེས་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད་པས། རྗེ་བཙུན་སྒྲོལ་མ་ལ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཤིང་རྒྱ་བོད་གཉིས་སུ་འགྲོ་དོན་རྒྱ་ཆེན་པོ་བྱུང་། དེས་ན་ཡི་དམ་ལྷའི་ཞལ་མཐོང་འདོད་པ་དང་། གདུལ་བྱ་འགྲོ་དོན་ཆེ་བར་འདོད་པས་ཀྱང་། བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །རྗེ་བཙུན་བྱམས་པ་མགོན་པོ་རྒྱལ་པོ་གསེར་མདོག་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་གསེར་བཟང་འོད་ཀྱི་དྲུང་ནས་ཐུགས་བསྐྱེད། དེ་ནས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ལོན་ནས། ཐུབ་པའི་དབང་པོ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་གྱི་དྲུང་དུ་ཐུགས་བསྐྱེད་པར་གསུངས། ཐུགས་བསྐྱེད་པ་ལ་བྱམས་མགོན་སྔ་ཡང་འཚང་རྒྱ་བ་ལ་ཐུབ་པའི་དབང་པོ་སྔ་བ་ནི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཆེས་ཤུགས་དྲག་ཏུ་བསྐྱེད་པའི་མཐུ་ཡིན་པར་གསུངས། དེས་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཀྱང་། བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བསླབ་པར་བྱའོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང་སྟེ། ལུས་དང་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཐམས་ཅད་བློ་ཡིས་བླངས་ནས་མ་སེམས་ཅན་ཐམས་ཅད་ལ་གཏོང་བའི་ཚུལ་ནི། སྡོང་པོ་བཀོད་པའི་མདོ་ལས། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བའི་ཡིད་བཞིན་གྱི་ལུས་སུ་བསྒྱུར། ཞེས་དང་། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། འབྱུང་བ་ཆེན་པོ་བཞིའི་སྒོ་སྣ་ཚོགས་ཚུལ་སྣ་ཚོགས་ནས། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་བདག་ཉིད་ཀྱི་ལུས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའི་གཞིར་བསྒྱུར་ཞེས་དང་། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་དབེན་པར་སོང་སྟེ། ཡིད་ནང་དུ་བསྡུས་ནས། བསམ་པ་དག་ཅིང་སྙིང་ཐག་པ་ནས། དད་པས་ཀུན་ཏུ་རྟོགས་པ་དག་གིས། སྦྱིན་པར་བྱ་བའི་ཆོས་རྣམ་པ་སྣ་ཚོགས་པ་རྒྱ་ཆེན་པོ་དཔག་ཏུ་མེད་པ་དག་མོས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་དག་སྟོབ་པར་བྱེད་དེ། དེས་བྱང་ཆུབ་སེམས་དཔའ་ཚེགས་ཆུང་ངུས་ཚོགས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པའི་སྦྱིན་པའོ། །ཞེས་གསུངས་པ་ལྟར་གང་ལ་གང་འདོད་ཀྱི་རྣམ་པར་བློས་སྤྲུལ་ནས་གཏོང་བ་ཡིན། དེ་ལ་དང་པོ་ལུས་གཏོང་བའི་དམིགས་པ་ནི། ཡོངས་འཛིན་རིན་པོ་ཆེའི་ཞལ་ནས། རང་གི་ལུས་ཡིད་བཞིན་གྱི་ལུས་ཀྱི་རྣམ་པར་བསམས་ལ། ཐོག་མར་ཚེ་འདིའི་མ་གསལ་བཏབ་སྟེ། དེ་ལ་བྱམས་པ་དང་སྙིང་རྗེའི་ཀུན་ནས་བསླངས་ཏེ། རང་གི་ལུས་རང་འདོད་ལ་ལྟོས་པ་མེད་པར་མ་ལ་བཏང་བས། ལུས་དེ་ལས་གང་ལ་གང་འདོད་ཀྱི་དངོས་པོ་ཐམས་ཅད་བྱུང་ནས། མ་རྒན་དེའི་ལུས་ཀྱི་ཉེས་སྐྱོན་ཐམས་ཅད་དག་ནས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་ཕུན་སུམ་ཚོགས་པ། ནད་ལ་སོགས་པའི་སྐྱོན་རྣམ་པ་ཀུན་ནས་མེད་ཅིང་། ལྷའི་ལུས་ལྟ་བུར་བཟང་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་ཏུ་གྱུར། ལུས་དེ་ལ་དགོས་པའི་ལོངས་སྤྱོད་ཐམས་ཅད་ཀྱང་བསམ་པ་བཞིན་དུ་གྲུབ་སྟེ་ཆོས་སྒྲུབ་པའི་ཕྱི་ནང་གི་མཐུན་རྐྱེན་ཐམས་ཅད་ཚང་། སེམས་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཕྱིན་དྲུག་བསྡུ་བཞི་ལ་སོགས་པ་ལམ་ཐམས་ཅད་རྫོགས་ཏེ། ལུས་གཟུགས་ཀྱི་སྐུ་དང་སེམས་ཆོས་སྐུའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་རང་གི་ཕ་ལ་ཡང་དམིགས་ནས་དེ་བཞིན་དུ་སྦྱར་ཏེ་གཏོང་བའི་སེམས་བསྒོམ། དེ་ནས་ཉེ་འབྲེལ་གཞན་རྣམས་ལ་དེ་བཞིན་དུ་བསྒོམ། དེ་ནས་རང་གི་ཉེ་འཁོར་གྱི་སེམས་ཅན་རྣམས་ལ་དེ་བཞིན་དུ་བསྒོམ། དེ་ནས་རིམ་གྱིས་རྒྱ་ཇེ་ཆེར་བཏང་སྟེ་འཛམ་བུའི་གླིང་གི་སེམས་ཅན་རྣམས་དང་། གླིང་བཞིའི་སེམས་ཅན་རྣམས་དང་། དེ་ནས་སྟོང་དང་པོ། དེ་ནས་སྟོང་གཉིས་པ། དེ་ནས་སྟོང་གསུམ་པ། མཐར་སེམས་ཅན་ཐམས་ཅད་ལ་དམིགས་པ་གོང་བཞིན་བྱས་ལ་གཏོང་བ་བསྒོམ། ཡང་རེས་འགའ་དམྱལ་བ་མནར་མེད་ནས་བཟུང་སྟེ་རིམ་གྱིས་སེམས་ཅན་ཐམས་ཅད་ལ་ལུས་གཏོང་བའི་དམིགས་པ་སྦྱང་། དེའི་ཚུལ་ནི། རང་གི་ལུས་ཡིད་བཞིན་གྱི་ལུས་ཀྱི་རྣམ་པ་ལས་ལུས་དཔག་ཏུ་མེད་པ་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲུལ་ནས། ཡང་སོས་ལ་སོགས་པའི་ཚ་དམྱལ་བརྒྱད། ཆུ་བུར་ཅན་ལ་སོགས་པའི་གྲང་དམྱལ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བའི་སེམས་ཅན་དམྱལ་བ་ཇི་སྙེད་ཡོད་པ་རྣམས་ལ་བཏང་བས། དེ་ཐམས་ཅད་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བྱེད་པ་ལྟར་སྐད་ཅིག་ལ་དམྱལ་བའི་ལུས་འགྱུར་ནས། འཕགས་པའི་ནོར་བདུན་གྱིས་ཕྱུག་པའི་མཐོ་རིས་ཡོན་ཏན་བདུན་ལྡན་གྱི་ལུས་དལ་འབྱོར་གྱི་ལུས་ཤ་སྟག་ཐོབ་པར་བསམ་མོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཟས་གོས་སོགས་གང་ལ་ཅི་འདོད་པར་འབྱུང་བ་ལྟར་ཡིད་བཞིན་གྱི་ལུས་ལས་དམིགས་ཡུལ་དེ་དག་ལ་ཁ་ཟས་རོ་བརྒྱ་བ། གོས་སྟོང་ཕྲག་བརྒྱ་བ། ཁང་པ་བརྩེགས་པ་ལྔ་བརྒྱ་པ་དང་། སྨོན་ལམ་གཅིག་ཏུ་བྱས་པའི་གྲོགས་ཕུན་སུམ་ཚོགས་པ་སྟེ། གང་གིས་ལོངས་སྤྱོད་པའི་རྟེན། ཡུལ་གང་ལ་ལོངས་སྤྱོད་པའི་ལོངས་སྤྱོད། གང་ལྷན་ཅིག་ལོངས་སྤྱོད་པའི་འཁོར་ཕུན་སུམ་ཚོགས་པ་རྣམས་ཐོབ་ཅིང་། དེ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་གྱུར་པར་བསམ་མོ། །དེ་བཞིན་དུ་ཕྱིའི་རྐྱེན་གཙོ་བོ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་དགྱེས་བཞིན་དུ་རྗེས་སུ་འཛིན་པ། གོང་ལ་ཐོས་བསམ་བྱ་བའི་གཞི་མདོ་སྔགས་ཀྱི་གསུང་རབ་ལ་སོགས་ཕྱིའི་རྐྱེན་རྣམས་དང༌། ནང་གི་རྐྱེན་དད་པ་སོགས་འཕགས་པའི་ནོར་བདུན། དབང་པོ་ལྔ། སྟོབས་ལྔ། རྫུ་འཕྲུལ་གྱི་རྐང་པ་བཞི། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད། ལམ་བསླབ་པ་རིན་པོ་ཆེ་གསུམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཏེ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས། ཚོགས་གཉིས་མཐར་ཕྱིན་ཏེ་སངས་རྒྱས་ནས་ཐམས་ཅད་ཀྱང་སེམས་རྒྱུད་ཆོས་སྐུའི་བདེ་བ་དང་ལྡན་པར་བསམ་མོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན། ཡི་དྭགས་ཀྱི་རིགས་སུམ་ཅུ་སོ་དྲུག་གིས་བསྡུས་པའི་སེམས་ཅན་ཇི་སྙེད་ཡོད་པ་རྣམས་ལ་ལུས་བཏང་བས། སྔར་བཞིན་དེ་དག་སོ་སོའི་ལུས་སེམས་ཀྱི་ཉེས་སྐྱོན་དང་གདུང་བ་རྣམས་ཞི་ཞིང་སྒྲིབ་གཉིས་དག་སྟེ། སངས་རྒྱས་ནས་ཆོས་སྐུའི་བདེ་བ་དང་ལྡན་པར་བསམ་མོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་དུད་འགྲོ་བྱིངས་ན་གནས་པ་རྣམས་དང་ཁ་འཐོར་བ་རྣམས་ལ་བཏང་བས། དེ་དག་སོ་སོའི་ལུས་སེམས་ཀྱི་ཉེས་སྐྱོན་དང་གདུང་བ་རྣམས་ཞི་ཞིང་སྒྲིབ་གཉིས་དག་སྟེ། སངས་རྒྱས་ནས་ཆོས་སྐུའི་བདེ་བ་དང་ལྡན་པར་བསམ་མོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་གླིང་ཕྲན་བརྒྱད་ན་མི་ཁོམ་པའི་སྐྱེ་གནས་སུ་སོང་བའི་མིའི་འགྲོ་བ་དང༌། གཞན་ཡང་ཚེ་དེ་ལ་ཐར་ལམ་བསྒྲུབ་པའི་སྐལ་བ་མེད་པ་རྣམས་ལ་ལུས་བཏང་བས། སྔར་བཞིན་དེ་དག་སོ་སོའི་ལུས་སེམས་ཀྱི་ཉེས་སྐྱོན་དང་གདུང་བ་རྣམས་ཞི་ཞིང་སྒྲིབ་གཉིས་དག་སྟེ། སངས་རྒྱས་ནས་ཆོས་སྐུའི་བདེ་བ་དང་ལྡན་པར་བསམ་མོ། །ཚེ་དེ་ལ་ཐར་ལམ་སྐྱེ་བའི་སྐལ་བ་དང་ལྡན་པའི་མི་རྣམས་ལ་ལུས་བཏང་བས། ལམ་སྒྲུབ་པའི་ཕྱིའི་རྐྱེན་རྣམས་དང་ནང་གི་བསམ་པའི་རྐྱེན་ཐམས་ཅད་ཚང་ནས་སྔར་ལྟར་སངས་རྒྱས་པར་བསམ་མོ། །དེ་བཞིན་དུ་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་འདོད་ལྷ་རིགས་དྲུག །ཚངས་རིས་ནས་འབྲས་བུ་ཆེ་བའི་བར་གྱི་གཟུགས་ཁམས་གནས་རིགས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་ན་གནས་པའི་སེམས་ཅན་རེ་རེ་ལའང་ལུས་ཚང་བ་རེ་རེ་བཏང་བས། སྔར་བཞིན་དེ་དག་སོ་སོའི་ཉེས་སྐྱོན་དང་སྒྲིབ་གཉིས་དག་ནས་རིམ་གྱིས་སངས་རྒྱས་པར་བསམ། སྲིད་པ་བར་མ་དོར་གནས་པའི་སེམས་ཅན་རྣམས་ལ་བཏང་བས་དེ་དག་སོ་སོའི་ལུས་སེམས་ཀྱི་ཉེས་སྐྱོན་དང་གདུང་བ་རྣམས་ཞི་ཞིང་སྒྲིབ་གཉིས་དག་སྟེ། སངས་རྒྱས་ནས་ཆོས་སྐུའི་བདེ་བ་དང་ལྡན་པར་བསམ་མོ། །ཡང་རེས་འགའ་ནི་ཤར་ལ་སོགས་པ་ཕྱོགས་མཚམས་ཀྱིས་ཕྱེ་བའི་སེམས་ཅན་རྣམས་ལ་རིམ་གྱིས་བཏང་བར་བྱ་སྟེ། འདི་ལྟར་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་རྣམས་ལ་ལུས་བཏང་ལ་རིམ་གྱིས་སྔར་བཞིན་སངས་རྒྱས་པར་བསམ། དེ་བཞིན་དུ་ཕྱོགས་མཚམས་ལྷག་མ་རྣམས་ལའང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་སེམས་ཅན་ལ་རང་གི་ལུས་གཏོང་བའི་ཚུལ་སྒོ་སྣ་ཚོགས་ནས་སྦྱངས་ཏེ། རེས་འགའ་རང་གི་ལུས་དཔག་ཏུ་མེད་པ་སྤྲུལ་ནས་སེམས་ཅན་རེ་རེ་ལའང་བཏང་བས་གང་ལ་གང་འདོད་ཀྱིས་ཚིམ་པར་བསམ། རེས་འགའ་ལུས་གཅིག་པུ་འདི་ལས་གང་ལ་གང་འདོད་ཀྱི་དངོས་པོ་དཔག་ཏུ་མེད་པ་སྤྲུལ་ནས་སེམས་ཅན་རྣམས་ལ་གཏོང་། དེ་ལྟར་སེམས་ཅན་ཐ་མལ་པ་རྣམས་ལ་ལུས་གཏོང་བའི་དམིགས་པ་སྦྱངས་ནས། ལམ་ཞུགས་ཀྱི་གང་ཟག་རྣམས་ལ་རང་གིས་ལུས་གཏོང་བའི་ཚུལ་ནི། ཐེག་པ་དམན་པའི་གང་ཟག་རྣམས་ལ་རང་གི་ལུས་ཡིད་བཞིན་གྱི་ལུས་ཀྱི་རྣམ་པར་བསྒྱུར་ནས་རེ་རེ་ལ་ལུས་རེ་རེ་ཕུལ་བས། ཐེག་དམན་གྱི་ལམ་དུ་ཞུགས་པའི་ཉན་རང་དེ་རྣམས་ཀྱི་ཉེས་སྐྱོན་ཐམས་ཅད་སྐད་ཅིག་ལ་དག་ནས། སྐུ་ལུས་གཟུགས་ཀྱི་སྐུར་གྱུར་ཐུགས་རྒྱུད་ཀྱི་སྒྲིབ་པ་དང་གནས་ངན་ལེན་ཐམས་ཅད་སྐད་ཅིག་ལ་དག །ཐེག་པ་ཆེན་པོའི་ས་ལམ་རྫོགས་ཏེ་ཐུགས་ཆོས་ཀྱི་སྐུར་གྱུར་པར་བསམ། དེ་བཞིན་དུ་ཐེག་པ་ཆེན་པོའི་ཚོགས་ལམ་ནས་ས་བཅུ་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ལུས་ཡིད་བཞིན་གྱི་ལུས་ཀྱི་རྣམ་པར་བློས་སྤྲུལ་ནས་ཕུལ་བས། སེམས་དཔའ་ཆེན་པོ་དེ་དག་གི་སྐུ་ལུས་དང་ཐུགས་རྒྱུད་ལ་ཉེས་སྐྱོན་ཕྲ་མོ་ཡོད་པ་ཐམས་ཅད་དག། ཚོགས་གཉིས་མྱུར་དུ་རྫོགས་ཏེ། སྐུ་མཚན་དཔེས་སྤྲས་པའི་གཟུགས་སྐུ་དང་། ཐུགས་ཆོས་སྐུར་གྱུར་པར་བསམ་མོ། །དེ་ནས་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྔར་བཞིན་དུ་རང་གི་ལུས་ཡིད་བཞིན་གྱི་ལུས་ཀྱི་རྣམ་པ་དཔག་ཏུ་མེད་པར་བསམས་ཏེ་ཕུལ་བས། དེ་དག་རེ་རེའི་དྲུང་དུའང་ལུས་དུ་མར་སྤྲུལ། ལུས་རེ་རེ་ལ་མགོ་དཔག་ཏུ་མེད་པ་དང་། མགོ་རེ་རེ་ལ་ལྕེ་དཔག་ཏུ་མེད་པར་བློས་སྤྲུལ་ཏེ། རྒྱུ་དང་འབྲས་བུའི་ཡོན་ཏན་ལས་བརྩམས་ཏེ་ངག་གིས་བསྟོད་དབྱངས་བརྗོད་པ་དང་། ཡིད་ཀྱིས་དད་པ་བསྒོམ་ཞིང་ལུས་ཀྱིས་ཕྱག་འཚལ་བ་དང་། ཡིད་བཞིན་གྱི་ལུས་ལས་མཆོད་པའི་ཚོགས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་བྱུང་བར་བསམས་ཏེ་ཕུལ་བས། དེ་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་འཁྲུངས་པར་བསམ་ཞིང་། ཕྱོགས་བཅུའི་ཞིང་ན་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་དུ་ཉེ་བ་རྣམས་ལ། རང་གི་ལུས་སྔར་ལྟར་ཕུལ་ཞིང་གསོལ་བ་བཏབ་པས། མྱ་ངན་ལས་མི་འདའ་བར་བསྐལ་པའི་བར་དུ་བཞུགས་ནས་ཆོས་འཁོར་བསྐོར་བར་བསམ། རང་གི་བླ་མ་དངོས་སུ་བཞུགས་པ་རྣམས་ལ་ལུས་སྔར་བཞིན་ཕུལ་བས། སྐུ་ཚེ་མཛད་པ་འཕྲིན་ལས་དང་བཅས་པ་རྒྱ་ཆེར་འཕེལ་བར་བསམ་མོ། །ཡང་རང་གི་ལུས་ཡིད་བཞིན་གྱི་ལུས་ཀྱི་རྣམ་པ་དཔག་ཏུ་མེད་པར་སྤྲུལ་ནས་སྣོད་ཀྱི་འཇིག་རྟེན་རྣམས་ལ་བཏང་བར་བྱ་སྟེ། དེ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་སྣོད་ཀྱི་ཞིང་རྣམས་ལ་བཏང་བས། སྣོད་ཀྱི་འཇིག་རྟེན་གྱི་མི་གཙང་བ་སྡོང་དུམ་ཚེར་མ། གྱོ་མོ། གསེག་མ། ངམ་གྲོག །གཡང་ས་ལ་སོགས་པའི་སྣོད་ཀྱི་སྐྱོན་ཐམས་ཅད་དག་ཅིང་གནས་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་བ། ཡངས་པ་རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུ་དང་རྩིག་པ། གསེར་དང་། དངུལ་དང་། མུ་ཏིག་གི་ཕྱེ་མ་གྲམ་བུར་བརྡལ་བ་ཨུཏྤལ་དང་། ཀུ་མུད་ད་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པ། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ་དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་། རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ་སོགས་དག་པའི་ཞིང་ཕུན་སུམ་ཚོགས་པར་གྱུར་ཏེ། སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་རྣམས་ལ་མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོ་བསམ་གྱིས་མི་ཁྱབ་པར་བྱུང་བར་བསམ་ཞིང་། ཞིང་དེ་དག་ན་ཡོད་པའི་བཅུད་ཀྱི་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་འབྱོར་བ་དེ་དག་ང་རྒྱལ་དང་རྒྱགས་པ་དང་དྲེགས་པའི་རྐྱེན་དུ་སྐད་ཅིག་ཀྱང་མི་འགྲོ་ཞིང་། བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཤ་སྟག་ཏུ་གྱུར་པར་བསམས་སྟེ། འདི་ནི་སངས་རྒྱས་ཀྱི་ཞིང་སྦྱོང་དུ་ཡང་འགྱུར་བས་གལ་ཆེའོ། །དེ་ལྟར་ལུས་གཏོང་བའི་དམིགས་པ་སྦྱངས་ནས། ལོངས་སྤྱོད་གཏོང་བའི་དམིགས་པ་སྦྱོང་བ་ནི། ཟས་གོས་གནས་ཁང་འཁོར་གཡོག་སོགས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བློས་སྤྲུལ་ནས། ཐོག་མར་རང་གི་མ་ནས་བཟུང་། མཐར་སེམས་ཅན་ཐམས་ཅད་ཀྱི་བར་གོང་བཞིན་བཏང་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཡུལ་དེ་དག་རེ་རེ་ལའང་ཆ་ཚང་བ་རེ་བྱུང་ཞིང་། དེ་དག་ཀྱང་ཚོགས་རྫོགས་པའི་མཐུན་རྐྱེན་ཤ་སྟག་ཏུ་གྱུར་ནས། དེའི་རྐྱེན་གྱིས་མྱུར་དུ་ཚོགས་རྫོགས་ནས་སངས་རྒྱས་པར་བསམ། དེ་ནས་ལམ་ཞུགས་ཉན་རང་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ། སྔར་ལྟར་འབུལ་བའི་དམིགས་པ་བྱེད། དེ་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བློས་སྤྲུལ་ནས་འབུལ་ཞིང་དམིགས་པ་སྔར་ལྟར་བྱེད། དེ་ནས་དགེ་རྩ་གཏོང་བའི་དམིགས་པ་སྦྱོང་བ་ནི། རང་གིས་དུས་གསུམ་དུ་བསགས་པ་དང་གསོག་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་དམིགས་ཡུལ་དུ་བྱས་ལ། ཚེ་འདིའི་མ་ནས་བཟུང་མཐར་སེམས་ཅན་ཐམས་ཅད་ཀྱི་བར་ལ་གཏོང་ཚུལ་གོང་ལྟར་བྱེད། དེ་ནས་ཉན་རང་རྣམས་དང་བྱང་སེམས་རྣམས་དང་། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་སངས་རྒྱས་རྣམས་ལའང་གོང་ལྟར་འབུལ་བའི་དམིགས་པ་སྦྱང་། དེ་ལྟར་རང་གི་ལུས་ལོངས་སྤྱོད་དགེ་རྩ་རྣམས་གཞན་ལ་གཏོང་བའི་དམིགས་པ་སྦྱོང་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ཡིན་པས་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་རྒྱ་ཆེར་བསྔགས་ཤིང་། དེའི་ནང་ནས་ཀྱང་དགེ་རྩ་གཏོང་བ་འདི་ཤིན་ཏུ་གལ་ཆེ་བར་གསུངས། དེ་ནས་གཞན་གྱི་སྡུག་བསྔལ་ལེན་པ་ལ་འཇུག །དེ་ཡང་གཞན་གྱི་སྡུག་བསྔལ་བླངས་ནས་མི་མངོན་པར་བྱེད་པའམ། རང་གི་ཕུང་པོ་ལས་ལོགས་སུ་གཞན་ཞིག་ཏུ་འཇོག་པ་ལྟ་བུ་མིན་གྱི། རང་གི་སྙིང་གི་ནང་དུ་ལེན་པ་ཡིན་པས། མ་རྒན་སེམས་ཅན་གྱི་རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་མ་ལུས་པ་བླངས་ཏེ། རང་གི་སྙིང་གི་ནང་དུ་གཅེས་འཛིན་གནས་པའི་མགོ་ཐོག་ཏུ་བབ་པའི་མོས་པ་བྱ་གསུངས། དེ་ལྟར་མི་འདོད་པ་མཐའ་དག་བདག་གཅེས་འཛིན་གྱི་ཐོག་ཏུ་སྤུངས་པས། གཅེས་འཛིན་འགོང་པོ་སྐད་ཅིག་ཉིད་ལ་བརླགས་པར་བསམ། ལེན་པ་བསྒོམ་པ་འདིའི་སྐབས་སུ་ཡང་སྔར་བཤད་པ་ལྟར། རང་གི་ཚེ་འདིའི་མ་ནས་མཐར་སེམས་ཅན་ཐམས་ཅད་ཀྱི་བར་རིམ་གྱིས་ལེན། ཡང་རེས་འགའ་དམྱལ་བ་པ་རྣམས་ནས་བཟུང་རིམ་གྱིས་བླངས་ཏེ། ཚ་དམྱལ་བ་རྣམས་ལ་ལྕགས་སྲེགས་ཀྱི་ས་གཞིར་མེས་བསྲེག་པ་དང་། མཚོན་གྱིས་གཏུབ་པ་དང༌། ཟངས་ཞུན་ཁར་ལྡུགས་པ་ལ་སོགས་པ་ཚ་བའི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་རྣམས་དང་། གྲང་དམྱལ་བ་རྣམས་ལ་ལུས་འཁྱག་རོམ་གྱི་སྦུབས་སུ་ཆུད་པ་དང་། གྲང་བས་ཉེན་ཏེ་ལུས་དུམ་བུ་སྟོང་དུ་གས་པ་སོགས་གྲང་བའི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་རྣམས་བསམས་ཏེ། བཟོད་བླགས་མེད་པའི་སྙིང་རྗེ་བསྐྱེད་ནས་བདག་གིས་མ་རྒན་འདི་རྣམས་འདི་ལྟར་དུ་ཉམ་ཐག་པ་སྙིང་རེ་རྗེ། སྡུག་བསྔལ་འདི་ཐམས་ཅད་བདག་གིས་བླངས་ལ་འདི་རྣམས་ད་ལྟ་ཉིད་དུ་ཐར་བར་བྱའོ་སྙམ་དུ་སྙིང་རྗེ་དང་ལྷག་བསམ་ཤུགས་དྲག་པོས་དམྱལ་བའི་གནས་ཀྱི་སྡུག་བསྔལ་ཐམས་ཅད་རང་གི་ཕུང་པོའི་སྟེང་དུ་བླངས་པས། དམྱལ་བ་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ། ཉོན་མོངས་པ་ཐམས་ཅད་ཞི། ལུས་གནས་འགྱུར་ཏེ་མཚན་དཔེས་བརྒྱན་པའི་ལུས་སུ་གྱུར་སེམས་ཆོས་སྐུར་གྱུར་པར་བསམས་ཤིང་དེ་ལྟར་གྱུར་ན་དགའ་བའི་འདུན་པ་དྲག་པོ་བྱའོ། །དེ་བཞིན་དུ་ཡི་དྭགས། དུད་འགྲོ། ལྷ་མ་ཡིན། མིའི་འགྲོ་བ། འདོད་ལྷ་རིགས་དྲུག །གཟུགས་མེད་ཀྱི་ལྷ་རྣམས་ལ་སོ་སོའི་སྡུག་བསྔལ་ཇི་ལྟར་ཡོད་པ་རྣམས་བསམས་ལ། སྡུག་བསྔལ་དེ་དང་དེ་དག་ལས་མྱུར་དུ་གྲོལ་ན་ཅི་མ་རུང་སྙམ་པ་དང་། སྡུག་བསྔལ་དེ་དང་དེ་དག་ཐམས་ཅད་བདག་གི་ཕུང་པོ་འདིའི་སྟེང་དུ་བླངས་ནས། དེ་དག་མྱུར་དུ་ཐར་བར་བྱའོ་སྙམ་དུ་སྙིང་རྗེ་དང་ལྷག་བསམ་ཤུགས་དྲག་ཏུ་བསྐྱེད་ནས། དེ་དག་གི་སྡིག་སྡུག་རྣམས་རང་ལ་བླངས་པས་དེ་དག་སྡིག་སྡུག་ཐམས་ཅད་དང་བྲལ་ནས། སངས་རྒྱས་པར་བསམས་ཤིང་དེ་ལྟར་གྱུར་ན་དགའ་བའི་འདུན་པ་དྲག་པོ་བྱ། དེ་ནས་ཉན་རང་རྣམས་ཀྱི་སྐུ་ལུས་ལ་ཡོད་པའི་ནད་དང་རྒས་པའི་སྡུག་བསྔལ་ལ་སོགས་པ་རྣམས་དང་། ཐུགས་རྒྱུད་ཀྱི་གནས་ངན་ལེན་དང་བག་ཆགས་ཐམས་ཅད་རང་ལ་བླངས་པས། དེ་དག་གི་སྐུ་ལུས་སྐད་ཅིག་ལ་གནས་འགྱུར་ནས་གཟུགས་ཀྱི་སྐུ་དང་། ཐུགས་ཆོས་ཀྱི་སྐུར་གྱུར་ནས་སངས་རྒྱས་པར་བསམ། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཤེས་སྒྲིབ་ཕྲ་མོ་ཚུན་ཆད་རང་གི་རྒྱུད་ལ་ཚུར་བླངས་པས། སེམས་དཔའ་ཆེན་པོ་དེ་རྣམས་སྐད་ཅིག་ལ་སངས་རྒྱས་པར་བསམ། དེ་ནས་སྣོད་ཀྱི་འཇིག་རྟེན་གྱི་ངམ་གྲོག་དང་གཡང་ས་ལ་སོགས་པ། ལས་དབང་གིས་བྱུང་བའི་སྐྱོན་ཐམས་ཅད་རང་གི་ཕུང་པོ་འདིའི་སྟེང་དུ་བླངས་པས། སྣོད་ཀྱི་ཉེས་སྐྱོན་ཐམས་ཅད་དག་ནས་དག་པའི་ཞིང་ལྟ་བུར་གྱུར་པར་བསམས་གསུངས། མདོར་བསྡུ་ན་རྒྱལ་སྲས་རིན་པོ་ཆེས། ཐོག་མར་རང་གི་རྩ་བའི་མ་གསལ་བར་དམིགས་ཏེ། འདིས་བདག་ལྟོ་བ་ན་གནས་པ་ནས་བཟུང་སྟེ། ཆུད་མ་ཟོས་པར་བསྐྱངས་པས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཞིང་། ལམ་སྒྲུབ་ཏུ་བྱུང་བས་ཤིན་ཏུ་དྲིན་ཆེ། ཚེ་འདི་ཁོ་ནར་མ་ཟད་ཀྱི་ཐོག་མ་མེད་པ་ནས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བཟུང་། གནོད་པ་ལས་བསྐྱབས། ཕན་བདེ་བསྒྲུབས་པས་ཤིན་ཏུ་དྲིན་ཆེ། དེ་ལྟར་བདག་གི་དོན་བྱས་བྱས་ནས་འདིས་འཁོར་བར་དུཿཁ་སྣ་ཚོགས་མྱོང་བ་སྙིང་རེ་རྗེ་སྙམ་དུ་ཡིད་ལ་དྲག་ཏུ་སྒོམས་ལ། ད་ནི་ངས་ཀྱང་འདི་ལ་ལན་དུ་ཕན་གདགས་གནོད་པ་བསལ་བར་བྱའོ། །འདི་ལ་གང་གིས་གནོད་ན་དུཿཁ་དང་ཀུན་འབྱུང་གཉིས་ཀྱིས་གནོད་དེ་དུཿཁས་དངོས་སུ་གནོད་ཅིང་། ཀུན་འབྱུང་གིས་བརྒྱུད་ནས་གནོད་པས། དེ་གཉིས་ངས་བླངས་སྙམ་དུ་བསམས་ལ། མའི་རྒྱུད་ན་ཡོད་པའི་དུཿཁ་ཀུན་འབྱུང་ཐམས་ཅད་མ་ལུས་པར་རང་གི་སྙིང་ནང་དུ་བྱུང་བར་བསྒོམ་ཞིང་། བྱུང་ན་དགའ་བའི་འདུན་པ་དྲག་ཏུ་བྱའོ། །མ་ལ་ཅིས་ཕན་ན་བདེ་བ་དང་དགེ་བས་ཕན་པས། བདག་གི་བདེ་དགེ་ཐམས་ཅད་རང་འདོད་ལ་ལྟོས་པ་མེད་པར་མ་ལ་བཏང་བས། མ་དེ་འཕྲལ་ལ་བདེ་ཞིང་ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འཛོམ་ནས། འཕྲལ་ལ་སངས་རྒྱས་ནུས་པ་ཙམ་དུ་གྱུར་པར་བསྒོམ་ཞིང་། དེ་ལྟར་གྱུར་ན་དགའ་བའི་འདུན་པ་དྲག་ཏུ་བསྐྱེད་དོ། །དེ་བཞིན་དུ་ཕ་ལ་སོགས་ལའང་བསྒོམ་སྟེ། མཐར་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །དེ་ཡང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱང་། ཐོག་མ་མེད་པ་ནས་བདག་གི་ཕ་མར་གྱུར་ཏེ། ཕན་དཔག་ཏུ་མེད་པ་བཏགས་པས་དྲིན་ཤིན་ཏུ་ཆེ་ལ། དྲིན་ཅན་དེ་རྣམས་འཁོར་བར་དུཉྩཁ་སྣ་ཚོགས་ཀྱིས་གཙེས་པ་ལ་དུཿཁ་དེ་དག་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམ་ལ། དེ་དག་གི་དུསྶཁ་བདག་ལ་ཐིམ་ཞིང་། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་རྣམས་སེམས་ཅན་ལ་བཏང་ནས། དེ་དག་བདེ་དགེ་འཕེལ་བར་བསམ། དེ་ལྟར་གྱུར་ན་དགའ་བའི་འདུན་པ་དྲག་ཏུ་བྱའོ། །བདག་གཞན་བརྗེ་བའི་བློ་དེ་སྐྱེ་སླ་བའི་ཕྱིར། རླུང་ཕར་འགྲོ་བ་ན་དེ་དང་འགྲོགས་ནས་བདག་གི་བདེ་དགེ་ཐམས་ཅད་གཞན་ལ་སོང་ཞིང་། ཚུར་འོང་བ་ན་གཞན་གྱི་སྡིག་སྡུག་ཐམས་ཅད་བདག་ལ་བྱུང་བར་སྒོམས་གསུངས། ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེས་པ་ན། བདག་ལྟར་ཡུལ་གསུམ་ལ་བརྟེན་ནས། དུག་གསུམ་སྐྱེས་པའི་སེམས་ཅན་མང་པོ་ཡོད་པས། དེ་རྣམས་ཀྱི་དུག་གསུམ་ཐམས་ཅད་བདག་ལ་འདུས་ནས། དེ་རྣམས་ལ་ཆགས་སྡང་གཏི་མུག་མེད་པའི་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་མོ། །དེ་ལ་དྲན་པ་བསྐུལ་ཕྱིར་སེམས་ཅན་རྣམས་ཀྱི་སྡིག་པ་དང་དུཿཁ་ཐམས་ཅད་བདག་ལ་སྨིན་ཞིང་། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་ཅེས་བརྗོད་ཅིང་འདུན་པ་དྲག་ཏུ་བྱའོ། །གཞན་གྱི་དུཿཁ་ལེན་ནུས་པར་བྱ་བའི་ཕྱིར། བདག་ལ་མ་འོངས་པ་ན་འབྱུང་བའི་དུཿཁ་རྣམས་ད་ལྟ་བླངས་པས། རྒྱུད་གཞན་གྱི་དུཿཁ་ཡང་ལེན་ནུས་པར་འགྱུར་རོ་ཞེས་གང་གསུངས་པ་ལྟར་བྱའོ། །དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་མ་སྦྱངས་ན། གཞན་གང་བསྒོམས་ཀྱང་ལམ་ལ་ས་ཆོད་ཆེན་པོ་མི་འབྱུང་བས། འདི་རྒྱུད་ལ་སྐྱེ་བའི་ཕྱིར་དུ་བསྐལ་པ་དུ་མའི་བར་དུ་འབད་དགོས་ཀྱང་འབད་པར་བྱ་སྟེ། འབྲོམ་རིན་པོ་ཆེས། རྣལ་འབྱོར་པ་ཆེན་པོ་ལ། ཁྱོད་ལ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཞིག་པའི་སྒོམ་ཡོད་ཀྱང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེ་བ་ཡིན་གསུངས། ཇོ་བོ་རྗེས་བྱམས་པ་དང་སྙིང་རྗེ་སྦྱོང་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱི་ཤེས་པ་གསུངས། ཡང་ཐེག་ཆེན་ཆོས་སྒོར་འཇུག་འདོད་པས། །མུན་སེལ་གདུང་བ་ཞི་བྱེད་པ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །བསྐལ་པར་འབད་པས་སྐྱེ་ཡང་རུང་། །གསུངས། ཞང་སྣ་ཆུང་སྟོན་པས་ཇོ་བོ་ལ་གདམས་ངག་ཞུས་ཀྱང་། འཇིག་རྟེན་བློས་ཐོང་། བྱང་ཆུབ་ཀྱི་སེམས་བསྒོམ་བྱ་བ་ཞིག་ལས་མི་འོང་བྱས་པ་ལ། དགེ་བཤེས་སྟོན་པས་ཁྲེལ་ནས། དེ་ཇོ་བོའི་གདམས་ངག་གི་མཐིལ་ཕྱུང་པ་ལ་གསུངས། རྗེ་རིན་པོ་ཆེས་བསྐལ་པ་དུ་མའི་བར་དུ་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་ཆེས་ཕྲ་བར་བྱས་ཏེ། ལམ་རྣམས་ལ་དཔྱད་པ་ན་འདི་ཉིད་འཚང་རྒྱ་བའི་ཐབས་དམ་པར་རྒྱལ་བ་སྲས་བཅས་ཀྱིས་གཟིགས་གསུངས། དགེ་བཤེས་འཆད་ཁ་བ་ཞིང་གཤེགས་ཁར་སྣང་སྲིད་ཀྱི་སྒྲ་གཅིག་ལ་བློ་སྦྱོང་གི་སྒྲ་འདི་ལས་སྙན་པ་མེད་པས་ཁྱེད་ཀྱིས་བརྗོད་དང་གསུངས། དེས་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཚུལ་གྱི་ཆོས་སྐོར་འདི་རྣམས་ཐུགས་དམ་གྱི་མཐིལ་དུ་བཟུང་ནས། རང་གི་ཉམས་སུ་ལེན་ཅིང་གཞན་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། །སྨྲས་པ། དབང་ཕྱུག་ཕུན་ཚོགས་དཔའ་བོ་མཁའ་འགྲོ་ཡང་། །དབང་དུ་བསྡུ་ན་གཞན་རྣམས་སྨོས་ཅི་དགོས། །དབང་ཕྱུག་བརྒྱད་ལྡན་ཟླ་མེད་བླ་མ་ཡིས། །དབང་དང་བྱིན་རླབས་དངོས་གྲུབ་མཐའ་དག་སྩོལ། །རང་གི་སེམས་ལ་གོམས་འདྲིས་ཡོང་ཕྱིར་དང་། །སྐལ་བཟང་སློབ་མ་གཞན་ལ་ཕན་པའི་ཕྱིར། །གལ་ཆེ་དུས་སུ་འབུམ་ཡང་བརྒྱ་ཚར་རེ། །སྒྲོག་བཞིན་ཆོས་འདི་ཡང་ཡང་བསྒྲག་པར་བྱ། །སྣང་སྲིད་སྣོད་བཅུད་ཆོས་རྣམས་མ་ལུས་པ། །རྨི་ལམ་བཞིན་དུ་སྣང་སྟོང་སེམས་ཀྱི་འཕྲུལ། །སེམས་ཀྱི་གནས་ལུགས་གདོད་ནས་ནམ་མཁའ་འདྲ། །སྟོང་གསལ་འཛིན་མེད་ངང་ལ་མཉམ་པར་ཞོག །ཐུན་མཚམས་རྣམས་སུ་རང་གཞན་སྣོད་བཅུད་ཀུན། །སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་གྱིས། །གྲུབ་པ་རྡུལ་ཙམ་མེད་པར་ཤེས་བྱས་ནས། །རྒྱལ་སྲས་སྤྱོད་པ་གང་ལ་བསླབ་པར་བྱ། །འཁོར་པའི་སྡུག་བསྔལ་མྱོང་བའི་སེམས་ཅན་གྱིས། །རང་གི་ཕ་མ་མ་བྱས་གཅིག་ཀྱང་མེད། །བྱས་ཚེ་ཚེ་འདིའི་མ་བཞིན་དྲིན་ཆེ་བས། །ཕ་མ་འདི་དག་འཁོར་འཁྱམས་སྙིང་རེ་རྗེ། །སྙམ་དུ་ཡིད་ཀྱིས་བདེ་དགེ་གཞན་ལ་བཏང་། །གཞན་གྱི་སྡུག་བསྔལ་ཚུར་ལ་ལེན་པར་བྱ། །ཡུལ་སྣང་ཡིད་དུ་འོང་དང་མི་འོང་དང༌། །བར་མ་གསུམ་ལ་བརྟེན་ནས་དུག་གསུམ་པོ། །སྐྱེས་དུས་འདི་ལྟར་གཞན་ལ་སྐྱེས་ཚད་ཀུན། །རང་ལ་འདུ་བར་གྱུར་ཅིག་སྙམ་དུ་སྒོམས། །འགྲོ་ཀུན་སྡིག་དང་སྡུག་བསྔལ་བདག་ལ་སྨིན། །བདག་གི་བདེ་དགེ་འགྲོ་ལ་སྨིན་གྱུར་ཅིག །སྙམ་དུ་བརྗོད་ན་དེ་འདྲའི་གཏམ་སྙན་ཞིག །འཇིག་རྟེན་ཁམས་ན་མེད་པས་བརྗོད་པར་རིགས། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

༈ གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཚུལ་ནི། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། དུཿཁ་ཐམས་ཅད་བདག་འཛིན་གྱིས་བསྐྱེད་པས། བདག་འཛིན་ལ་དགྲར་བལྟས་ཏེ། བདག་མེད་ལ་བདག་ཏུ་ལྟ་བའི་བློ་འདིས་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ། དུཿཁ་ཐམས་ཅད་བསྐྱེད་ཅིང་མཐོ་བ་ལ་ཕྲག་དོག །དམའ་བ་ལ་བརྙས་བཅོས། མཉམ་པ་ལ་འགྲན་སེམས་ཐམས་ཅད་འདི་ལས་བྱུང་ཞིང་། བདག་འཁོར་བ་ལས་མི་ཐར་བ་དང་། མི་དང་མི་མ་ཡིན་པས་གནོད་པ་ལ་སོགས་པ་དུཿཁ་ཐམས་ཅད་འདིས་བྱས་པ་ཡིན་ཏེ། ཞི་བ་ལྷས། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ད་ནི་འཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། །ཞེས་གསུངས་པས་བདག་འཛིན་ནམ་བྱུང་ཙ་ན། བརྟགས་ན་བདག་གང་ཡང་མི་འདུག་པ་ལ། ཅིའི་ཕྱིར་བདག་ཏུ་འཛིན། ཞེས་བདག་འཛིན་ནམ་སྐྱེས་དུས་སྤངས་ཏེ། ཕྱིན་ཆད་བདག་གཅེས་འཛིན་མི་སྐྱེ་བར་བྱ་བའི་ཕྱིར་འབད་པར་བྱ་གསུངས། ཤ་བོའི་ཞལ་ནས། ད་རེས་ཀྱི་ཚེ་ཐུང་འདི་ལ་འགོང་པོ་འདི་ཅི་ཐུལ་ཞིག་བྱ་འཚལ་གསུངས། དགེ་བཤེས་འབན་གྱི་ཞལ་ནས། ད་ནི་སེམས་ཀྱི་མཁར་སྒོར་གཉེན་པོའི་མདུང་ཐུང་ཞིག་མནན་ལ་བསྡད་པ་མིན་པ་གཞན་བྱ་རྒྱུ་མེད། ཁོ་བསྒྲིམས་ན་ང་ཡང་བསྒྲིམ། ཁོ་གློད་ན་ང་ཡང་གློད་གསུངས། བདག་འཛིན་ལ་དགྲར་བལྟས་ནས་སྤོང་བ་འདི་ལ་ཤ་བོ་སྒང་པའི་ཞལ་ནས། འགོང་བོ་འགོང་རྫོང་གི་ཆོས་ཞེས་གསུངས་སོ། །དེ་ལྟར་བདག་འཛིན་ལ་དགྲར་བལྟས་ནས། གཞན་གཅེས་པར་འཛིན་དགོས་ཚུལ་ནི། རྒྱལ་སྲས་རིན་པོ་ཆེས། སྤྱིར་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཀྱི་མ་བྱས་པའི་དྲིན་ཅན་ཡིན་པས། སྔར་ཡང་དྲིན་ཆེ་ལ་བླན་མེད་པའི་བྱང་ཆུབ་སྒྲུབ་པ་ཡང་སེམས་ཅན་ལ་རག་ལས་ཏེ། ཞི་བ་ལྷས། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས་པ་ལྟར། སངས་རྒྱས་སྒྲུབ་པའི་གང་ཟག་ལ། སངས་རྒྱས་དང་སེམས་ཅན་མཉམ་པའི་ཚོད་ཡིན་པས། དེ་ལྟར་དྲིན་ཆེ་བའི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་དྲག་པོ་བསྒོམས་ནས། དེ་དག་གི་དུཿཁ་བདག་ལ་བླང་ཞིང་། བདག་གི་བདེ་དགེ་དེ་རྣམས་ལ་སྦྱིན་པར་བྱའོ། །ཁྱད་པར་དུ་བདག་ལ་གནོད་པར་བྱེད་པའི་མིའམ་མི་མ་ཡིན་པ་བྱུང་ན། གནོད་བྱེད་འདིས་ཐོག་མ་མེད་པ་ནས་བདག་གི་མ་བྱས་ནས། རང་གི་སྡིག་སྡུག་གཏམ་ངན་ལ་མ་འཛེམས་པར་བདག་གི་དོན་བྱས་བྱས་ནས། འཁོར་བར་དུཿཁ་སྣ་ཚོགས་མྱོང་ཞིང་། འཁྲུལ་བའི་སྟོབས་ཀྱིས་སྔོན་གྱི་ཉེ་དུ་ཡིན་པར་ངོ་མ་ཤེས་པ་དང་། བདག་གི་ལས་ངན་གྱིས་བསྐུལ་ནས། འདིས་བདག་ལ་གནོད་པའི་སྡིག་པ་བྱས་པས་ཕྱིས་དེའི་འབྲས་བུ་དུཿཁ་མྱོང་བར་འགྱུར་བས། བདག་ལ་བརྟེན་ནས་འདིས་དུས་ཡུན་རིང་པོར་དུཿཁ་མྱོང་ཞིང་། མྱོང་བར་འདུག་པས་སྙིང་རེ་རྗེ་སྙམ་དུ་དྲག་ཏུ་བསྒོམ། སྔར་ནི་ངས་འདི་ལ་གནོད་པ་འབའ་ཞིག་བྱས་འདུག །ད་ནི་འདིའི་གནོད་པ་བསལ་ཞིང་ཕན་པ་བསྒྲུབ་པར་བྱ་སྙམ་དུ་བསམས་ལ་གཏོང་ལེན་དྲག་ཏུ་བསྒོམ། ཁྱད་པར་མིའམ་ཁྱི་ལྟ་བུ་ཡིན་ན་དེ་ལ་དངོས་སུ་ཕན་ཅི་ཐོག་ལ་འབད་ཅིང་། གང་ལྟར་བྱས་ཀྱང་དངོས་སུ་ཕན་གདོགས་མ་ནུས་ན། བསམ་པས་གནོད་བྱེད་འདི་དུཿཁ་དང་བྲལ། བདེ་བ་དང་ལྡན། སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་། ངག་ཏུའང་བརྗོད་པར་བྱའོ། །ཡང་ད་ཕྱིན་ཆད་བདག་གིས་དགེ་བ་ཅི་བྱེད་ཐམས་ཅད་འདིའི་དོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་པར་བྱའོ། །པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར་བཞི་ནི། ཉིན་གཅིག་གི་འཚོ་བ་ལས་ལྷག་མ་བྲེ་གང་ཡང་རང་དོན་དུ་མི་འཛིན་པ་དང་། ཉིན་ཞག་ཕྲུགས་གཅིག་ལ་ཆོས་སྤྱོད་བཅུ་ཁ་ཚང་རེ་མཛད་པ་དང་། རྐྱེན་ངན་ཅི་བྱུང་ཡང་སྟོང་པ་ཉིད་སྒོམ་པ་མ་གཏོགས་སྲུང་བ་གཞན་མི་བྱེད་པ་དང་། གནོད་པ་བྱེད་པའི་ལན་དུ་ཕན་འདོགས་པ་དང་བཞི་ཡིན་པ་ལས། ཐ་མ་འདི་དང་ཆོས་རྗེ་རྒོད་ཚང་བའི་ཐུགས་དམ་བཅུ་གཉིས་ཀྱི་ཡ་གྱལ་གྱི་གནོད་བྱེད་ལ་ལན་དུ་ཕན་འདོགས་པའི་དམ་བཅའ་མཛད་པ་སོགས། སྐྱེས་བུ་ཆེན་པོ་རྣམས་ཀྱིས་གནོད་ལན་ལ་ཕན་འདོགས་པ་ཕལ་ཆེ་བ་བསམ་པའི་སྒོ་ནས་ཕན་འདོགས་པ་ཡིན་ལ། དེ་ཡོད་ན་སྦྱོར་བས་ཕན་འདོགས་པ་འབད་མེད་དུ་འབྱུང་སྟེ། བྱང་ཆུབ་སེམས་འགྲེལ་ལས། གཞན་དོན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པས། གནོད་བྱེད་ལ་ཕན་སེམས་དྲག་ཏུ་བྱའོ། །འདི་ཡོད་ན་བློ་སྦྱོང་གི་བསླབ་བྱ་དང་། དམ་ཚིག་ཀྱང་ཕལ་ཆེར་འདིར་འདུས་སོ་གསུངས། སྔོན་བཅོམ་ལྡན་འདས་དྲང་སྲོང་བཟོད་པ་ཅན་དུ་གྱུར་པ་ན། རྒྱལ་པོ་རྩོད་འབྱུང་བློན་པོ་བཞི་དང་བཅས་པས། དེའི་ཡན་ལག་བཅད་པའི་ཚེ། ཁྱེད་ཀྱིས་ད་ལྟར་ངའི་ཡན་ལག་བཅད་པས། ངས་མ་འོངས་པའི་དུསན། ཁྱོད་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་གཅད་པར་བྱའོ། །ཞེས་དང་། ཡང་དེ་ལ་ཕྱག་དར་གྱི་རྡུལ་གཏོར་བ་ན། ཁྱེད་ཀྱིས་ང་ལ་རྡུལ་གྱིས་བགོས་པས་ངས་མ་འོངས་པ་ན་ཁྱེད་ཀྱི་ཉོན་མོངས་པའི་རྡུལ་བསལ་བར་བྱའོ། །ཞེས་དམ་བཅས་པ་དང་། གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས། གནོད་ལན་དུ་ཕན་འདོགས་པའི་དམ་བཅའ་མཛད་པའི་རྗེས་སུ་སློབ་པར་འདོད་པས། དེ་ལྟར་དམ་བཅའ་ཞིང་སྨོན་ལམ་འདེབས་པའི་ཚུལ་ནི། རྒྱལ་སྲས་རིན་པོ་ཆེས། ཡན་ལག་བདུན་པ་སྔོན་དུ་བཏང་ནས། སེམས་རྩེ་གཅིག་པའི་སྒོ་ནས། མཁྱེན་བརྩེ་ནུས་པ་ཕུལ་དུ་ཕྱིན་པའི་མཐུས། །འགྲོ་ལ་ཕན་པར་འདོད་པའི་བསམ་པའི་དོན། །ཇི་ལྟར་བསམ་བཞིན་འགྲུབ་མཛད་བསླུ་མེད་སྐྱབས། །རྒྱལ་སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་གམ་བདག་གི་བཤེས་ལ་སྒོ་གསུམ་གྱིས། །གནོད་པ་བྱེད་པ་མཐོང་ཐོས་དྲན་གྱུར་ན། །བཟོད་དང་སྙིང་རྗེའི་སྟོབས་ཀྱིས་གནོད་བྱེད་ལ། །ཅི་ནུས་དངོས་པོ་བསམ་པས་ཕན་གདགས་བགྱི། །གང་ཞིག་ཁྲོ་དང་ང་རྒྱལ་དབང་གྱུར་ནས། །བདག་གི་ལུས་ལ་རྨ་སྲོལ་ཆེར་བཏོད་དེ། །འཆི་བར་ངེས་པའི་གནས་སྐབས་བྱུང་གྱུར་ནའང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །ནོར་ལ་ཆགས་པའམ་བདག་ལ་སྡང་བ་ཡིས། །བདག་གི་བདོག་ཀུན་ཕྲོགས་ནས་ཉིན་གཅིག་ཙམ། །འཚོ་བའི་ཟས་ཙམ་མེད་པའི་སྐབས་བྱུང་ནའང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །འགྲོ་མང་དབུས་སུ་སྡང་མིག་ལྡན་པའི་མིས། །ཚིག་ངན་བཟོད་པར་དཀའ་བས་དམ་འཕབ་ནས། །གདོང་པ་འདེགས་པའི་སྐབས་ཀྱང་མེད་བྱས་ནའང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །གང་ཞིག་ཐོས་ན་བདག་ལ་འགྲོ་ཀུན་གྱིས། །ཁྲེལ་བར་འགྱུར་བའི་གྲགས་ངན་མི་བཟད་པ། །ཕྱོགས་བཅུར་བསྒྲགས་པ་མཐོང་ཐོས་དྲན་གྱུར་ནའང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །བདག་ལ་ཉེས་སྐྱོན་ཡོད་དམ་མེད་ཀྱང་རུང་། །མཐོ་དམན་མཉམ་པ་སུ་ཡང་རུང་བ་ཡིས། །གནོད་པའི་རྣམ་པ་ཆེ་ཆུང་ཅི་བྱས་ཀྱང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །བདག་གི་མཐུན་ཕྱོགས་རྣམས་ལ་གཞན་དག་གིས། །གནོད་པ་བྱས་པ་མཐོང་ཐོས་དྲན་གྱུར་ནས། །ཆགས་སྡང་དབང་གིས་བདག་སེམས་འཁྲུག་གྱུར་ནའང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །བདག་གི་ལུས་དང་སྲོག་ལ་གནོད་བྱེད་པ། །དེ་དག་ཚེ་རིང་ནད་མེད་དགྲ་དང་བྲལ། །ལམ་ལ་བར་དུ་གཅོད་པ་ཀུན་སྤངས་ནས། །ཆོས་སྐུ་སྐྱེ་འཇིག་བྲལ་བ་མྱུར་ཐོབ་ཤོག །མཐུ་འམ་འཇབ་བུས་བདག་གི་ནོར་ཁྱེར་དེ། །དཔལ་འབྱོར་ཕུན་ཚོགས་ཆོག་ཤེས་བློ་དང་ལྡན། །འཕགས་པའི་ནོར་བདུན་དག་ལ་ལོངས་སྤྱད་ནས། །ལོངས་སྤྱོད་རྫོགས་སྐུའི་དཔལ་འབྱོར་མྱུར་ཐོབ་ཤོག །བདག་གི་དགེ་བའི་བར་ཆད་བྱེད་པ་རྣམས། །ཅིབྱེད་ན་།བར་དུ་གཅོད་པའི་བདུད་བཞི་རབ་བཅོམ་སྟེ། །སྤྲུལ་སྐུ་ཐོབ་ནས་འགྲོ་ཀུན་དོན་བྱེད་ཤོག །བདག་གི་ཡན་ལག་གཅོད་པར་བྱེད་རྣམས་ཀྱི། །ཉོན་མོངས་དུཿཁ་བདག་གིས་གཅོད་པར་ཤོག །བདག་ནི་ཆུ་བོར་འདོར་བར་བྱེད་ན་དེ། །འཁོར་བའི་ཆུ་ལས་བདག་གིས་སྒྲོལ་བར་ཤོག །བདག་ནི་བཙོན་རར་འཆིང་བྱེད་དེ་དག་གི །བདག་ལྟའི་འཆིང་བ་བདག་གིས་གཅོད་པར་ཤོག །བདག་གི་བདེ་བ་འཇོམས་པར་བྱེད་པ་རྣམས། །ཟག་མེད་བདེ་ལ་བདག་གིས་འགོད་པར་ཤོག །བདག་ལ་དུཿཁ་སྐྱེད་པར་བྱེད་པ་དེའི་། །མདོར་ན་སུ་ཡིས་དངོས་སམ་བསམ་པ་ཡིས། །བདག་ལ་འཕྲལ་དང་ཡུན་དུ་གནོད་པའི་ལས། །བྱས་དང་བྱེད་དང་བྱ་འགྱུར་དེ་དག་གི ། གནོད་པ་ཐམས་ཅད་བདག་གིས་སེལ་བར་ཤོག །ཅེས་གསུངས་པ་ལྟར་གནོད་ལན་དུ་ཕན་འདོགས་པའི་དམ་བཅའ་དང་སྨོན་ལམ་བྱ་ཞིང་འཕྲལ་དུ་ལག་ལེན་ལ་ཡང་ཕན་ཅི་ཐོག་བྱའོ། །ཡང་དངོས་སུ་གྲགས་ངན་དང་སྐུར་བ་བཏབ་ཀྱང་མི་ཁྲོ་བ་གླང་ཐང་བ་ལྟ་བུ་རེ་བྱེད་དགོས་ཏེ། ཁོང་ལ་ཁྱིམ་བདག་ཕྱུག་པོ་ཞིག་གིས་བུ་མ་སོས་པ་ལ། ཐེངས་གཅིག་བུ་ཞིག་སྐྱེས་པ་ལ་མོ་རྩིས་བྱས་པས། དགེ་བཤེས་བཟང་པོ་ཞིག་གི་བུ་ཡིན་བྱས་ན་སོས་པར་འདུག་ཟེར་བས། ཁོ་བོའི་ཆུང་མས་བུ་དེ་ཁོང་གི་དྲུང་དུ་བཞག་སྟེ། ཁྱེད་རང་གི་བུ་དེ་ན་ཡོད་དོ་བྱས་ནས་བྲོས་ཐབས་སུ་བྱས་སོང་བས་ཁོང་པ་ཅིའང་མི་གསུངས་པར། བུད་མེད་གཞན་ཞིག་ལ་བཅོལ་ནས་གསོས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར། ལོ་འགའ་སོང་ཙ་ན་ཕ་མ་གཉིས་འོངས་ནས་བསྙེན་བཀུར་དང་འབུལ་བ་ཆེན་པོ་བྱས་ཏེ་བུ་བླངས་ཟེར་བ་དང༌། སྣེ་ཟུར་བ་ལའང་ཕྲག་དོག་གིས་དེ་འདྲ་བྱུང་བའི་ལོ་རྒྱུས་གསུངས། དེས་ན་གྲགས་པ་ངན་པ་དེ་འདྲ་བྱུང་ན་ཡང་། དེ་ལྟར་མི་ཁྲོ་སྙམ་དུ་བསམ་པར་བྱའོ། །མ་ཉེས་ཀྱང་ཉེས་པར་ཁས་བླངས་ན་སྡིག་པ་འཛད་དེ། རྭ་སྒྲེང་དུ་དགེ་སློང་བཟང་པོ་ཞིག་གིས་ཇ་རྡུང་བའི་རྩ་རུ་ཕྱིན་པས། སྡེར་མ་བོར་བའི་ཁག་བྱུང་ནས། མཁན་པོ་ལ་བདག་ལ་ཉེས་པ་མེད་དེ་གང་དྲག་ཞུས་པས། ཁས་ལོང་ལ་མང་ཇ་བསྐོལ་རྒྱལ་གྱིས། ད་གཟོད་གཙང་སར་ཐོན་པར་འདུག་གིས་གསུངས་པས། ཁོང་གིས་ཀྱང་དེ་ལྟར་བྱས་པས། དེའི་ནུབ་མོ་སྡིག་པ་མང་པོ་དག་པའི་རྟགས་བྱུང་། ཕྱིས་གཞན་ནས་སྡེར་མའི་རྩད་ཆོད་བྱུང་སྟེ། ཁོང་གཙང་སར་ཡང་ཐོན་པས་མཁན་པོ་ལའང་མོས་སུ་སོང་། དེ་ལྟར་བྱས་པ་ལ་དགའ་བ་སྐྱེས་གསུངས། ཡང་གནོད་བྱེད་ལྷ་འདྲེ་ཡིན་ན། ངས་ཐོག་མ་མེད་པ་ནས་ཁྱོད་ཀྱི་ཤ་ཁྲག་ལ་སོགས་པ་ཟོས་ཤིང་བཏུངས་པས། དེའི་ལན་དུ་བདག་གི་ཤ་ཁྲག་ལ་སོགས་པ་ཁྱོད་ལ་སྦྱིན་པར་བྱའོ་སྙམ་དུ་བསམས་ལ། གནོད་བྱེད་དེའི་མདུན་དུ་རང་གི་ལུས་བློས་ཁ་ཕྱེ་སྟེ། བདག་གི་ཤ་ཁྲག་རུས་པ་ལ་སོགས་པ་གང་འདོད་ཟོ་སྙམ་དུ་བློས་ལིངས་ཀྱིས་བསྐྱུར་ཞིང་ངག་ཏུའང་བརྗོད་པར་བྱའོ། །དེ་ནས་གནོད་བྱེད་དེས་བདག་གི་ཤ་སོགས་ཟོས་པས་བཀྲེས་སྐོམ་སོགས་ཞི་ནས། ལུས་སེམས་ཟག་མེད་ཀྱི་བདེ་བས་གང་ཞིང་། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པར་བསམ་མོ། །དེ་བཞིན་ཤ་ཁྲག་ཟ་བའི་ལྷ་འདྲེ་ཇི་སྙེད་ཡོད་པ་ཐམས་ཅད་ལ། བདག་གི་ལུས་སྔར་ལྟར་བྱིན་པས་ཐམས་ཅད་ཚིམ་ནས་བདེ་ཞིང་དགེ་བར་གྱུར་པར་བསམ། དེ་ལྟར་ན་ཉེས་པ་ཐམས་ཅད་བདག་གཅེས་འཛིན་ལས་བྱུང་འདུག་པས། དེ་ལ་དགྲར་བལྟས་ལ་གནོད་པ་ཅི་འཁྱོལ་བྱ་ཞིང་། ཕན་བདེ་ཐམས་ཅད་སེམས་ཅན་ལས་བྱུང་འདུག་པས། དེ་ལ་གཉེན་དུ་བལྟས་ལ་ཕན་ཅི་ཐོགས་བྱེད་དེ། གླང་རི་ཐང་བའི་ཞལ་ནས། ངས་ཅི་ཙམ་པའི་ཆོས་ཟབ་མོ་ཞིག་ཞལ་ཕྱེ་ནས་བལྟས་ཀྱང་། སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་པའི་ཡིན་པར་འདུག །དེའི་གནད་ཀས་ཁེ་དང་རྒྱལ་ཁ་གཞན་ལ་གཏོང་། གྱོང་དང་བུབ་ཁ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས། ཉོན་མོངས་པ་དང་ཕྱི་ནང་སྣོད་བཅུད་ཀྱི་གནོད་པ་ལ་བརྟེན་པའི་དུཿཁ་གང་བྱུང་ཡང་། ཉོན་མོངས་པ་དང་དུཿཁ་འདི་དག་ཐམས་ཅད་རང་གི་སེམས་འཁྲུལ་བའི་སྣང་བ་ཡིན་པས། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་ནི་རྨི་ལམ་དུ་མེས་ཚིག་པའམ་ཆུས་ཁྱེར་ནས་ཉམ་ཐག་པ་ལྟར་མི་བདེན་པ་ལ་བདེན་པར་བཟུང་བས་ལན་པ་ཡིན། དོན་དམ་པར་ནི་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་པས། ཉོན་མོངས་སམ་དུཿཁ་དེའི་ངོ་བོ་ལ་བལྟས་ན། དེ་དང་པོ་གང་ནས་ཀྱང་མ་སྐྱེས་པས་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་ལ་འགག་རྒྱུ་མེད་པས་འགག་མེད་ལོངས་སྐུ་ཡིན། སྐྱེ་འགག་མེད་པ་ལ་བར་དུ་གནས་པ་མེད་པས་གནས་མེད་སྤྲུལ་སྐུ་ཡིན། དེ་རྣམས་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཡིན་པས། འཁྲུལ་སྣང་སྐུ་བཞིར་བལྟ་བ་འདི་སྐུ་བཞི་ངོ་སྤྲོད་ཀྱི་གདམས་པ་ཡིན་ནོ་གསུངས། པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར་བཞིའི་ནང་ནས། རྐྱེན་ངན་ཅི་བྱུང་ཡང་སྟོང་པ་ཉིད་བསྒོམས་པ་ལྟར་འོ་སྐོལ་གྱིས་ཀྱང་ལྷ་འདྲེ་ལ་སོགས་པའི་རྐྱེན་ཅི་བྱུང་ཡང་སྟོང་ཉིད་བསྒོམས་ན་སྲུང་པའི་མཆོག་ཏུ་འགྱུར་ཏེ། སློབ་དཔོན་ཨཱརྱ་དེ་བའི་ཞལ་ནས། སྟོང་པ་ཉིད་ནི་བསྒོམས་བྱས་ན། །འཆི་བདག་གིས་ཀྱང་མི་ཚུགས་ཏེ། །བདུད་རྣམས་བྱེ་བ་དག་གིས་ཀྱང་། གནོད་པར་འགྱུར་བར་ག་ལ་སྲིད། །གསུངས། སྔོན་རྗེ་བཙུན་མི་ལ་རས་པ་བྲག་དམར་ཁྱུང་ལུང་ན་བཞུགས་དུས། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་ཨ་ཙ་ར་བདུན་དུ་རྫུས་ནས་གླགས་འཚོལ་དུ་བྱུང་དུས། ཁྲོ་བོའི་ལྟ་སྟངས་ཀྱི་ངང་ནས་སྔགས་བཟླས་རུང་མ་སོང་། སྙིང་རྗེ་ཆེན་པོ་ཐུགས་ལ་འཁྲུངས་ནས་ཆོས་བཤད་རུང་འགྲོར་མ་འདོད་པའི་ཚེ། ཐུགས་ལ་ང་ལ་ལྷོ་བྲག་མར་པས་ཆོས་ཐམས་ཅད་རང་སེམས་སུ་ངོ་སྤྲད་ཅིང་། རང་སེམས་འོད་གསལ་སྟོང་པར་ཁོ་ཐག་ཆོད་པ་ལ། གདོན་བགེགས་ཕྱི་རོལ་དུ་བཟུང་ནས་སོང་ན་དཀའ་བ་འདི་བྱེད་དོན་མི་འདུག་དགོངས་མི་འཇིགས་པའི་གདེངས་མངོན་དུ་གྱུར་ནས། ལྟ་བ་གདེངས་དང་ལྡན་པའི་མགུར་གསུངས་བཞིན། ནང་དུ་ཐལ་གྱིས་བྱོན་པས། ཨ་ཙ་ར་རྣམས་འཇིགས་སྐྲག་དངངས་ནས་གཅིག་ལ་གཅིག་ཐིམ་པའི་མཐར། གཅིག་པོ་ཡང་རླུང་ཚུབ་འཁྱིལ་བ་ཞིག་བྱས་ནས་མེད་པར་སོང་། ཡང་སྔོན་སྒོམ་ཆེན་པ་ཞིག བྲག་ཕུག་འདྲེ་ཅན་ཞིག་ཏུ་བསྡད་པའི་འདྲེ་མོ་ཞིག་བྱུང་ནས། མ་སྡོད་བྱས་ཀྱང་མ་ཉན་པར་སྟོང་ཉིད་བསྒོམ་བཞིན་བསྡད་པས། འདྲེ་མོ་ཕྱིར་ལོག་ནས་འདྲེ་དམག་མང་པོ་ཁྲིད་འོངས་ཐོག་མར་རྡོ་ཆར་ཞིག་ཕབ་ནས་ནང་དུ་འོངས་ནས་འདྲེ་གཅིག་གིས་མི་ཁོ་གང་ཟེར་ཚེ། ད་ཅི་འདི་ན་ཡོད་དེ་ད་མི་འདུག་ཟེར་སྨིན་ཕྲག་ལ་མཛུབ་མོ་བཙུགས་ཚེ། འདྲེ་མོ་ཞར་མ་ཞིག་ན་རེ། རེ་ཡོད་རེ་མེད་པ་ཞིག་གིས་རྡོ་རྗེས་བརྒྱབས་ནས་ངའི་མིག་ཡ་ཅིག་འདི་ཡང་བཅར་བ་ཡིན་པས། ད་བསྡད་ན་མི་བཟང་འགྲོ་འགྲོ་ཟེར་ཐམས་ཅད་སོང་སྐད། དེས་ན་སྟོང་ཉིད་བསྒོམས་ན་ལྷ་འདྲེས་གནོད་པར་ཡང་མི་ནུས་པས་སྟོང་ཉིད་བསྒོམ་པ་གལ་ཆེའོ། །གཞན་ཡང་གནོད་བྱེད་འདིས་བདག་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་བསྐུལ་མ་བྱས་པས་བཀའ་དྲིན་ཆེ། བདག་གཉེན་པོ་དང་བྲལ་ནས། ཉོན་མོངས་བ་སྐྱེས་པ་མ་ཚོར་བ་ལ་འདིས་སྦྲན་པས། བླ་མ་འམ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་སྙམ་དུ་བསམ། ཡང་མཛེ་ནད་ལ་སོགས་དུཿཁ་དྲག་པོ་བྱུང་ན། དུཿཁ་འདི་མེད་ན་བདག་ཚེ་འདིའི་ཤོམ་ར་ལ་སོང་ནས་ཆོས་མི་དྲན་པར་འདུག་པ་ལ། འདིས་ཆོས་དྲན་དུ་བཅུག་པས་འདི་བླ་མ་དཀོན་མཆོག་གི་འཕྲིན་ལས་ཡིན་སྙམ་དུ་བསམ། མདོར་ན་བླ་མ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལྟར། གནོད་བྱེད་དམ་དུཿཁ་འདི་དག་ལ་བརྟེན་ནས། བདག་ལ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བར་འདུག་པས། འདི་དག་གིས་གོ་བཅད་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །བདག་ལ་དུཿཁ་བྱུང་བ་ན་འདི་མེད་ན་དགའ་སྟེ་སྙམ་པའི་བསམ་པ་འབྱུང་བས། དེའི་ཚེ་ཁྱེད་ཀྱིས་དུཿཁ་མི་འདོད་ཅིང་བདེ་བ་འདོད་ན་བདེ་བའི་རྒྱུ་ཚོགས་བསོགས་ཤིག་བྱས་པའི་བརྡ་ཡིན་གྱི་སྙམ་པ་བྱས་ལ། བླ་མ་དཀོན་མཆོག་གི་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། འབྱུང་བོའི་གཏོར་མ་སོགས། མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཚོགས་གསོག་པ་ལ་འབད་ཅིང་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། བླ་མ་དང་དཀོན་མཆོག་ལ་མཎྜལ་ཕུལ་ལ་གསོལ་བ་དྲག་ཏུ་བཏབ་ནས། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་གདབ་བོ། །ཁྱེད་དུཿཁ་མི་འདོད་ན་དུཿཁའི་རྒྱུ་སྡིག་པ་སྤོངས་ཤིག་བྱས་པའི་བརྡ་ཡིན་སྙམ་པ་བྱས་ལ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ཉེས་པ་ལས་ལྡོག་པའི་སྟོབས་དང་། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྟེན་གྱི་སྟོབས་དང་། སྟོང་པ་ཉིད་བསྒོམ་པ་དང་། གཟུངས་སྔགས་ཁྱད་པར་ཅན་ཟློས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་ཚད་དུ་སློང་བར་བྱའོ། །གདོན་ལ་གཏོར་མ་ཕུལ་ཏེ། ཁྱེད་ཀྱིས་བདག་གིས་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་གྲོགས་བྱས་པས་བཀའ་དྲིན་ཆེ། ད་དུང་སེམས་ཅན་གྱི་དུཿཁ་བདག་ལ་སྨིན་པར་མཛད་དུ་གསོལ། ཞེས་ཞེ་ཐག་པ་ནས་གསོལ་བ་གདབ་བོ། །དེ་ལྟར་མི་ནུས་ན་གཏོར་མ་བྱིན། བྱམས་སྙིང་རྗེ་བསྒོམས་ལ། ངས་ཁྱོད་ལ་འཕྲལ་དང་ཡུན་དུ་གང་ཕན་བྱ་ཡིས། ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག་ཅེས་བསྒོ་བར་བྱའོ། །ཆོས་སྐྱོང་ལ་གཏོར་མ་ཕུལ་ལ། ཆོས་ཀྱི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་འགྲུབ་པར་གསོལ་བ་གདབ་པོ། །ནད་གདོན་དང་དགྲ་ལ་སོགས་པ་གློ་བུར་བ་བྱུང་ནས་དུཿཁ་དྲག་པོ་བྱུང་ན། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུའི་སྡུག་བསྔལ་བྱུང་བ་དཔག་ཏུ་མེད་པ་ཡོད་པས། དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམས་ལ། དེ་དག་གི་དུཿཁ་ཐམས་ཅད་བདག་ལ་འུབ་ཀྱི་བསྡུ། ཡང་གནོད་བྱེད་འདིས་བདག་གིས་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བའི་གྲོགས་བྱས་པས་བླ་མ་ལྟར་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་དུཿཁ་བ་མཐོང་ན་དེ་མ་ཐག་ཏུ་བླང་ཞིང་། རང་ངམ་གཞན་ལ་ཉོན་མོངས་པ་དྲག་པོ་སྐྱེས་པ་ན། གཞན་གྱི་ཉོན་མོངས་པ་ཐམས་ཅད་བདག་ལ་འདུ་བར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །རྐྱེན་ངན་ལམ་དུ་བྱ་ཐབས་འདི་ཐམས་ཅད་ཀྱིས་རེ་དོགས་གཉིས་འགོག་པ་ཡིན་པས། མཐར་ཐུག་རེ་དོགས་གཉིས་དང་བྲལ་བའི་ལམ་ལ་སྐྱེལ་ཡང་། ད་ལྟའི་དུས་སུ་དགྲ་ཟུན་གཉིས་སུ་བྱས་ནས་སྦྱོང་བ་ཤིང་འཁྱོགས་པོ་སྲོང་བ་དང་འདྲའོ་ཞེས་གླང་རི་ཐང་པས་གསུངས་སོ། །སྨྲས་པ། ཆོས་རབ་འབྱེད་པའི་བློ་གྲོས་རྒྱ་ཆེ་བའི། །ཆོས་རྣམས་ཀུན་གྱི་དེ་ཉིད་ལེགས་རྟོགས་ནས། །ཆོས་དབྱིངས་ངང་ལས་ནམ་ཡང་མ་གཡོས་བཞིན། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བླ་མ་མཆོད། །ཆོས་ཚིག་ལྷུག་པར་སྨྲ་བའི་བར་སྐབས་རེ། །ཚིགས་སུ་བཅད་པ་ཡོད་ན་ལྷག་པར་སྙན། །དེ་ཕྱིར་གོང་དུ་བཤད་པའི་མདོ་འགག་རྣམས། །སླར་ཡང་ཚིགས་སུ་བཅད་ནས་སྨྲ་བར་བྱ། །སྣོད་བཅུད་སྡིག་པའི་འབྲས་བུས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་གཅེས། །སྡུག་བསྔལ་རང་ཉིད་གཅེས་པར་བཟུང་ལས་བྱུང་། །བདེ་སྐྱིད་གཞན་རྣམས་གཅེས་པར་བཟུང་ན་ཡོང་། །གནོད་བྱེད་རང་གི་ཚེ་སྔོན་མ་ཡིན་ཀྱང་། །ཉོན་མོངས་གནོད་གྱིས་སྨོས་ནས་ངོ་མ་ཤེས། །བུ་ལ་གནོད་པ་བྱེད་པ་སྙིང་རེ་རྗེ། །གནོད་བྱེད་དགྲ་འདིས་ཚེ་སྔོན་མ་བྱས་དུས། །བུ་ངའི་དོན་དུ་སྡུག་བསྔལ་དཔག་མེད་མྱང༌། །ད་ཡང་བུ་ངའི་ལས་ཀྱིས་ཁོ་བསྐུལ་ནས། །ང་ལ་གནོད་པ་བྱས་ན་ཕྱི་མ་རུ། །སྡུག་བསྔལ་མྱོང་ངེས་ཤིན་ཏུ་སྙིང་རེ་རྗེ། །བདག་ལ་གནོད་པའི་ལན་དུ་བྱམས་པ་དང་། །སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྒོམ་གྱུར་ན། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་ཐོབ་པར་འགྱུར། །ང་ལ་གནོད་པར་མི་འདུག་ཕན་པར་འདུག །སྙམ་དུ་དྲིན་གཟོ་མི་དང་ཁྱི་ལྟ་བུ། །དངོས་སུ་ཡོད་ན་ཕན་ཐོགས་གང་ནུས་བྱ། །མེད་ན་ཡིད་ཀྱིས་གཏོང་ལེན་ཡང་ཡང་བྱ། །རྨི་ལམ་སྐབས་སུ་མེས་ཚིག་ཆུས་ཁྱེར་ནས། །ཉམ་ཐག་པ་ལྟར་སྡུག་བསྔལ་གང་བྱུང་ཀྱང་། །འཁྲུལ་སྣང་ཙམ་ཡིན་རང་བཞིན་གྲུབ་པ་མེད། །ཉོན་མོངས་སྡུག་བསྔལ་ངོ་བོ་བལྟས་ཙ་ན། །གང་ནས་མ་སྐྱེས་སྐྱེ་མེད་ཆོས་ཀྱི་སྐུ། །མ་སྐྱེས་པ་ལ་འགག་མེད་ལོངས་སྐུ་ཡིན། །སྐྱེ་འགག་གནས་པ་མེད་པ་སྤྲུལ་པའི་སྐུ། །དེ་རྣམས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཉོན་མོངས་སྡུག་བསྔལ་ངོ་བོ་སྐུ་བཞི་རུ། །བལྟ་བ་སྐུ་བཞི་ངོ་སྤྲོད་གདམས་པ་ལགས། །ཤེས་ན་གནོད་བྱེད་མ་ཡིན་བྱང་ཆུབ་སེམས། །གཉིས་པོ་སྦྱོང་བའི་གྲོགས་ཡིན་ངོ་མཚར་ཆེ། །སྡུག་བསྔལ་མེད་ན་སྙམ་པ་སྐྱེས་པའི་ཚེ། །འོ་ན་དེ་རྒྱུ་སྡིག་པ་སྤོང་དགོས་པའི། །བརྡའ་ཡིན་སྙམ་དུ་སྔར་བྱས་འགྱོད་པ་དང་། །ཕྱིན་ཆད་མི་བྱེད་སྙམ་པའི་དམ་བཅའ་བྱ། །བདེ་བ་ཡོད་ན་སྙམ་པ་སྐྱེས་ཙ་ན། །འོ་ན་དེ་རྒྱུ་ཚོགས་གསོག་བྱ་དགོས་པའི། །བརྡའ་ཡིན་སྙམ་དུ་མཆོད་སྦྱིན་གཏོང་བ་དང་། །ལུས་ངག་ཡིད་གསུམ་སྒོ་ནས་ཚོགས་གསོག་བྱ། །གདོན་ལ་གཏོར་མ་ཕུལ་ཏེ་བྱང་ཆུབ་སེམས། །སྦྱོང་བའི་གྲོགས་ལྡན་མཛོད་ཅེས་བསྒོ་བར་བྱ། །ཆོས་སྐྱོང་མཆོད་ལ་ཆོས་ཀྱི་འགལ་རྐྱེན་ཞི། །མཐུན་རྐྱེན་འགྲུབ་པར་མཛོད་ཅེས་འཕྲིན་བཅོལ་བྱ། །གློ་བུར་ནད་གདོན་དགྲ་སོགས་སྡུག་བསྔལ་རིགས། །རང་ངམ་གཞན་ལ་བྱུང་བ་མཐོང་ཐོས་ཚེ། །འདི་འདྲའི་སྡུག་བསྔལ་ཡོད་ཚད་སྙིང་རེ་རྗེ། །འགྲོ་ཀུན་སྡུག་བསྔལ་ཡིད་ཀྱིས་རང་ལ་བསྡུ། །དཔེར་ན་རྩྭ་ཤིང་ཅི་ཙམ་མང་ན་ཡང་། །མེ་དཔུང་འབར་བའི་གྲོགས་སུ་འགྲོ་བ་ལྟར། །གནོད་བྱེད་སྡུག་བསྔལ་ཅི་ཙམ་བྱུང་ན་ཡང་། །བྱང་ཆུབ་སེམས་གཉིས་འཕེལ་བའི་གྲོགས་སུ་འགྱུར། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

༈ བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། རྒྱལ་སྲས་རིན་པོ་ཆེས། ད་ནས་བཟུང་སྟེ་ཟླ་བ་འདི་དང་། ལོ་འདི་དང་། མ་ཤིའི་བར་དང་། སངས་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱའོ། །ཞེས་བློས་འཕེན་པ་དྲག་པོ་ཡང་ཡང་བྱའོ་གསུངས། དེ་ཡང་རྗེ་བཙུན་མི་ལ་རས་པ་བྲག་དཀར་རྟ་སོར་བཞུགས་དུས་སུ། བདག་ཉམས་རྟོགས་ཁྱད་པར་ཅན་ཞིག་མ་སྐྱེས་ཀྱི་བར་དུ་རི་ཁྲོད་འདིར་ལྟོགས་གྲིར་ཤི་རུང་། དད་ཟས་དང་གཤིན་ཟས་ཀྱི་ཐལ་བ་འགམ་ཕྱིར་མི་འབབ། འཁྱགས་གྲིར་ཤི་རུང་གོས་ཕྱིར་མི་འབབ། སྐྱོ་གྲིར་ཤི་རུང་འདུ་འཛི་དང་གཡེང་བའི་ལས་མི་བྱེད། ན་སྟེ་ཤི་རུང་སྨན་ཐུན་གཅིག་གི་ཕྱིར་ཡང་མི་འབབ། ཚེ་འདིའི་བྱ་བ་སྒྲུབ་ཕྱིར་ལུས་འགུལ་བ་ཙམ་ཡང་མི་བྱེད་པར་སྒོ་གསུམ་ཡེངས་མེད་དུ་སངས་རྒྱས་བསྒྲུབ་བོ། །བདག་གི་དམ་བཅའ་འདི་རྣམས་འགྲུབ་པར་བླ་མ་ཡི་དམ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་སྒྲུབས་ཤིག །གལ་ཏེ་དམ་བཅའ་འདི་རྣམས་ལས་འགལ་ན་བསྒྲུབ་པ་མི་བྱེད་པའི་མི་ལུས་བས་ཤི་བ་སྐྱིད་པས། དམ་ཅན་རྒྱ་མཚོས་དམ་བཅའ་ལས་འགལ་མ་ཐག་ཏུ་ངའི་སྲོག་ཆོད་ཅིག །བླ་མ་ཡི་དམ་གྱིས་ཕྱི་མར་དམ་པའི་ཆོས་དང་མཇལ་ནས་བསྒྲུབ་པ་བྱེད་ནུས་པའི་མི་ལུས་སུ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་དམ་བཅས་ནས་དམ་བཅའ་སྨོན་ལམ་གྱི་གླུ་འདི་བླངས་སོ། རྗེ་ནཱ་རོའི་བུ་བརྒྱུད་ཐར་པའི་ལམ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །བདུད་འཇིག་རྟེན་གྱི་གཡེང་བས་མི་གཡེང་བར། །བསྒོམ་མཉམ་གཞག་གི་བསམ་གཏན་འཕེལ་བར་ཤོག །ཞི་གནས་ཀྱི་རྫིང་ལ་མི་ཞེན་པར། །ལྷག་མཐོང་གི་མེ་ཏོག་འཁྲུངས་པར་ཤོག །སྤྲོས་བཅས་ཀྱི་ཙབ་ཙུབ་མི་ལྡང་བར། །སྤྲོས་མེད་ཀྱི་ལོ་འདབ་རྒྱས་པར་ཤོག །སྒྲུབ་ཁང་དུ་ཡིད་གཉིས་མི་སྐྱེ་བར། །ཉམས་རྟོགས་ཀྱི་འབྲས་བུ་སྨིན་པར་ཤོག །བདུད་རིགས་ཀྱིས་བར་ཆད་མི་ནུས་པར། །རང་སེམས་ལ་ངེས་ཤེས་འདྲོངས་པར་ཤོག །ཐབས་ལམ་ལ་ཐེ་ཚོམ་མི་སྐྱེ་བར། །ཕ་རྗེས་བུ་ཡིས་ཟིན་པར་ཤོག །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞེས་སྨོན་ལམ་བཏབ་ནས་དཀའ་སྤྱད་སྙིང་རུས་མཛད་ནས་ལོ་དྲུག་བསྒོམས་པའི་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ནམ་མཁའ་ལ་འཕུར་ནུས་པ་བྱུང་། སྔོན་ཇོ་བོ་རྗེས་མངའ་རིས་སུ་ཕེབས་དུས། ལོ་ཙཱ་བ་རིན་ཆེན་བཟང་པོས་ཆོས་མང་པོ་ཞུས་སོ། །ཇོ་བོས་ངའི་ལོ་ཙཱ་བ་ལ་འགྲོ་དགོས་གསུངས་པས། དབུ་དཀར་པོར་སོང་བ་བསྟན་ནས། ད་སྒྲུབ་པ་ཞིག་བྱེད་པར་ཞུས་པས། འོ་ན་དེ་ལྟར་གྱིས་གསུངས། དེར་ཁོང་གི་སྒྲུབ་ཁང་གསུམ་རིམ་སྒོ་ལ་རིམ་པ་བཞིན། སྒོ་འདིའི་ནང་ཡན་ཆད་དུ། མི་དགེ་བ་དང་། ཆོས་མིན་དང་། རང་འདོད་ཀྱི་རྟོག་པ་སྐྱེས་ན་ཆོས་སྐྱོང་རྣམས་ཀྱིས་ངའི་མགོ་ཚལ་བར་ཁོས་ལ། ཕྱི་མར་མནར་མེད་དུ་སྐྱུར་ཅིག་ཅེས་མནའ་བོར་ནས་བསྒྲུབས་པས་ལོ་དྲུག་ནས་མཆོག་གི་དངོས་གྲུབ་ཐོབ་བོ། །དེས་ན་ཆོས་བཞིན་བྱེད་པ་ལ་ཐོག་མར་འཕེན་པ་དྲག་པོ་བཏང་དམ་བཅའ་ཞེ་མནའ་བོར་ནས་སྒྲུབ་པ་གལ་ཆེའོ། །གཞན་དུ་འགྲོ་ཡང་ཁེ་དང་རྒྱལ་ཁ་གཞན་ལ་སྟེར། གྱོང་དང་ཕམ་ཁ་རང་གིས་ལེན་སྙམ་པའི་འཕེན་པ་བཏང་ནས་སོང་ན་རྐྱེན་ངན་པ་རེ་འཕྲད་ཀྱང་བློ་སྦྱོང་མི་འཆོར་ཏེ། སྐྱོར་མོ་ལུང་ན་ཇོ་གདན་བཟང་པོ་ཞིག་ཡོད་པ། དུས་མི་བདེ་བ་ཞིག་གི་དུས་སུ། ཉིན་གཅིག་རྒྱུ་འགྲུལ་ལ་འགྲོ་དགོས་པ་བྱུང་བས། ཁོང་གི་ཐུགས་དགོངས་ལ། དེང་སང་གི་དུས་མི་བདེ་ལུགས་འདིས། དེ་རང་ཡང་ཅི་ཡོང་མི་ཤེས་ཏེ། མི་འདོད་པའི་རྐྱེན་ཅི་བྱུང་ཡང་ཆོས་མ་ཤོར་བ་ཞིག་བྱེད་དགོས་སྙམ་པའི་འཕེན་པ་བཏང་ནས་ཕྱིན་པས། འཇིགས་སར་མི་ངན་མང་པོ་རུབ་ཀྱིས་བྱུང་བས། དང་པོ་སྙིང་ཧད་པ་ཞིག་བྱུང་། དེའི་རྗེས་ལ་ད་ནང་གི་དམ་བཅའ་དྲན་ནས། ཁྱེད་རང་ལ་འཁྱེར་རྒྱུ་གང་འདུག་ཁྱེར་ཅིག་བྱས། ཁོང་ཚོའི་གསེབ་ཏུ་ཕྱིན་པས་ཐུགས་བདེ་འབོལ་གྱིས་སོང་གསུངས། དེས་ན་དུས་རྒྱུན་དུ་བློ་སྦྱོང་གི་ནང་ལྟར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་དང་ནམ་ཡང་མི་འབྲལ་བར་བྱའོ་སྙམ་པའི་བློས་འཕེན་པ་དྲག་པོ་ཡང་ཡང་བཏང་བར་བྱའོ། །རྒྱལ་སྲས་རིན་པོ་ཆེས། སྐུ་ཚེ་ཧྲིལ་པོར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་པ་ལྟར། ཐུན་དང་ཐུན་མཚམས། འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་ལ་ཡང་དང་ཡང་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱོང་བའོ། །དེ་ལྟར་སྦྱངས་ཀྱང་རྒྱུད་ལ་མི་སྐྱེ་ན་སྐབས་རེ་རི་ཁྲོད་ཤིན་ཏུ་དབེན་པའི་མི་མེད་ལུང་སྟོང་ངམ། ཡང་ན་གཞན་གྱི་སྐད་མི་གོ་བའི་བུག་པ་ཕུག་རིང་ཚོར་ཕྱིན་ནས། རང་གི་མདུན་དུ་བླ་མ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམས་ལ། བླ་མ་སྤྱན་རས་གཟིགས་དབང་ཕྱུག་མཁྱེན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ཀྱང་རྒྱུད་ལ་མི་སྐྱེ་བའི་ལས་ངན་དྲེད་པོ་བདག་ལ་ཐུགས་རྗེས་གཟིགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ད་ལྟ་ཉིད་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྐད་ངན་བཏོན་ནས་ངུ་ངག་གིས་གསོལ་བ་འདེབས། དེ་ནས་རྐང་པ་གཡས་ཀྱི་པུས་མོ་ཡར་གྱེན་དུ་བསླང་། གཡོན་གྱི་པུས་མོ་མར་ས་ལ་ཕབ། ལག་པ་གཡས་ཀྱི་གྲུ་མོ་པུས་མོར་བཙུགས་ཏེ་ལག་སོར་རྣམས་འགྲམ་པ་ལ་སྦྱར། གཡོན་གྱི་སོར་མོ་རྣམས་པུས་མོ་ལ་བཀབ་སྟེ། མྱ་ངན་གྱི་འདུག་སྟངས་བྱས་ལ། དམྱལ་བ་ཡི་དྭགས་ལ་སོགས་པའི་རིགས་དྲུག་གི་སེམས་ཅན་གྱི་སྡུག་བསྔལ་རིམ་བཞིན་རྒྱུད་སྟེང་དུ་བླངས་ནས་རང་གིས་མྱང་བར་བསམ་ཞིང་། དེ་ལྟར་མངོན་སུམ་དུ་མྱོང་མཁན་གྱི་མ་རྒན་སེམས་ཅན་ཉམ་ཐག་རྣམས་ཀྱི་ཉིན་རེ་ཙམ་གྱི་སྡུག་བསྔལ་ཡང་སུ་ཞིག་གིས་བཟོད་སྙིང་རེ་རྗེ་སྙམ་དུ་ངག་ཏུ་ཡང་། ངའི་ཕ་མ་སེམས་ཅན་ཉམ་ཐག་འདི་རྣམས་སྙིང་རེ་རྗེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཁྱེན། ཕ་མ་སེམས་ཅན་འདི་རྣམས་ལ་ཐུགས་རྗེས་གཟིགས་ཞེས་སྐད་ངན་ཆེན་པོ་རྒྱབ་ནས་ངུ་ཞིང་། ངུ་རྒྱུ་མི་ཡོང་ན་ཡང་ཡོང་བ་ལྟར་བྱས་ཡུན་རིང་དུས་ན་ནམ་ཞིག་ངུ་རྒྱུ་ཡོང་སྟེ་བླ་མ་གོང་མ་འགའ་རེས། སྨྱོ་རྫུ་བྱས་ན་སྨྱོ་འགོ ། ཆོས་རྫུ་བྱས་ན་ཆོས་འགོ་ཟེར་བ་དང་། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ་ཟེར་བ་ལྟར། སྐབས་ཐོག་དེར་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་མ་སྐྱེས་ཀྱང་སྐྱེས་སོང་བ་ལྟར་བྱས་དུས་ན། ཆོས་ཐམས་ཅད་རྟེན་འབྲེལ་ལ་རག་ལས་པས། སྐབས་ཤིག་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་གསུངས། སྔོན་ལྡི་རི་བྲག་པོ་བྱ་བ་སྤུན་གཉིས་ཀྱིས། དགེ་བཤེས་སྟོན་པ་ལ་གྲུབ་མཐའ་ཉན་འོངས་པས། སྟོན་པ་རིན་པོ་ཆེའི་ཞལ་ནས། རྒྱ་གར་ན་ནང་པ་སངས་རྒྱས་པའི་འཇུག་པ་གཅིག་བྱ་བ་དང་། ཕྱི་རོལ་པའི་འཇུག་པ་རྣམ་པ་བདུན་བྱ་བ་ཡོད་ཟེར། རང་ཅག་བླ་མའི་མན་ངག་སྒོམས། མན་ངག་གང་ཡིན་ན་འཆི་བ་དང་ལས་འབྲས་མང་དུ་བསྒོམས་ལ་ཚུལ་ཁྲིམས་དག་པར་བྱ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམས་ནས། དེས་འཕངས་པས་སྒོ་དུ་མ་ནས་ཚོགས་གསོག་སྒྲིབ་པ་སྦྱོང་བ་མན་ངག་ཡིན་གསུངས། ཡང་སྟོན་པ་འོད་ཟེར་རྒྱ་མཚོ་བྱ་བ་ཞིག་གིས་ཞུས་པ་ལ་ཡང་དེ་སྐད་གསུངས། ཁམས་པ་དཔལ་འབར་གྱིས་འགྲོ་ཆོས་ཞུས་པས་ཀྱང་སྟོན་པ་རིན་པོ་ཆེའི་ཞལ་ནས། འགྲོ་འཆག་ཉལ་འདུག་ཐམས་ཅད་ཏིང་ངེ་འཛིན་དུ་འགྲོ་བ་ཞིག་ཡོད་དེ། དེ་གཞོན་དུས་ལུས་སེམས་ལ་སྦྱངས་པ་བྱས་པ་ཞིག་ལ་ཡོང་བ་ཡིན། རང་ཅག་བླ་མའི་མན་ངག་སྒོམས། མན་ངག་གང་ཡིན་ན་འཆི་བ་དང་ལས་འབྲས་མང་དུ་བསམས་ནས་ཚུལ་ཁྲིམས་དག་པར་བྱ། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་སྒོམས། དེས་འཕངས་པས་ཚོགས་སྣ་ཚོགས་ནས་གསོག །སྡིག་སྣ་ཚོགས་ནས་སྦྱངས་པ་དེ་མན་ངག་ཡིན་གསུངས། དེས་ན་བྱང་ཆུབ་ཀྱི་སེམས་གཉིས་སྐྱེས་པ་དང་འཕེལ་བའི་དོན་དུ་ཅི་ནུས་པའི་ཚོགས་གསོག་པར་བྱའོ། །ཚོགས་གསོག་ཚུལ་ནི་བླ་མའི་ཞབས་ཏོག །དཀོན་མཆོག་མཆོད་པ། དགེ་འདུན་ལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་བྱ་ཞིང་ཁྱད་པར་ཚེགས་ཆུང་ངུའི་ཚོགས་གཉིས་བདེ་བླག་ཏུ་རྫོགས་པའི་ཐབས་གཏོར་མ་བཏང་ན་ཕན་ཡོན་ཆེ་སྟེ། སྔོན་གྲོང་ཁྱེར་སེར་སྐྱའི་ནགས་ཁྲོད་དུ། གཅུང་དགའ་བོ་ཆོས་ཡིད་ལ་བྱེད་ཅིང་ཡོད་པའི་དྲུང་དུ་ནམ་གྱི་ཆ་སྨད་ལ། ཡི་དྭགས་ཁ་ལ་མེ་འབར་བ་འཇིགས་ཤིང་སྐྱི་གཡའ་བ་ཞིག་བྱུང་ནས། ཁྱོད་ད་སྟེ་ཞག་བདུན་ནས་འཆི་བ་ཡོད། ངའི་ཟས་སྐལ་ཡིན་ཟེར་བས། དགའ་བོ་བྲེད་ནས་བཅོམ་ལྡན་འདས་ལ་ཞུས་པས། སྟོན་པས་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་གཏོར་མ་འདི་ཐོངས་གསུངས་ནས། དགའ་བོས་གཏོར་མ་བཏང་བས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་གྲོལ་ཏེ། ཡོན་ཏན་ཚད་མེད་བརྙེས་པར་གསུངས། སྔོན་རྣལ་འབྱོར་ཀུན་ལྡན་རི་པ་ཞེས་པ་ཞིག་གིས། གཏོར་མ་གཏོང་བའི་དུས་སུ། མི་མ་ཡིན་ཕྲ་མོ་མང་པོ་གླུ་གར་བྱེད་ཅིང་རྩེད་མོ་བྱེད་ཀྱིན་ཡོད་པ་ལས་ཕྱིས་དེ་རྣམས་ངུ་བ་ལ། ཁྱེད་རྣམས་ཅི་ལ་ངུ་བྱས་པས། ཁྱེད་ད་ཞག་བདུན་ནས་འཆི་བར་འདུག་པས། ངེད་རྣམས་ལ་གཏོར་མ་སྟེར་མཁན་མི་ཡོང་བ་འདུག་པས་ངུ་བ་ཡིན་ཟེར་སྐད། དེ་ལ་ཐབས་མེད་དམ་བྱས་པས། ཁོང་རྣམས་ན་རེ། ཐབས་ཡོད། བདོག་པ་ཐམས་ཅད་ཐོངས་ཤིག །ངེད་རྣམས་ཀྱིས་རྒྱ་མཚོའི་འགྲམ་ན་སྨན་ཆེན་པོ་ཞེས་བྱ་བའི་དངུལ་ཆུ་ཡོད་པས་བླངས་ནས་སྦྱིན་གྱིས། དེའི་བཅུད་ལེན་གྱིས་ཤིག་དང་ཚེ་འཕེལ་བར་འགྱུར་རོ་ཞེས་ཟེར་བས། རྣལ་འབྱོར་པས་རྫས་ཀྱི་དངོས་པོ་ཡོད་ཚད་པོ་གཏོར་མར་བཏང་བས་ཚེ་འཕེལ་ནས་ལོ་ལྔ་བརྒྱ་ཐུབ་པར་གསུངས། གཞན་ཡང་གཏོར་མ་བརྒྱ་རྩ་བཏང་ན་ཚེ་ཡི་བར་ཆད་སེལ་ཞིང་ཚེ་རིང་བ་སོགས་ཕན་ཡོན་བཅུ་གཉིས་ཙམ་འབྱུང་བར་གཏོར་མ་བརྒྱ་རྩའི་རྣམ་བཤད་ནས་གསུངས་སོ། །དེས་ན་གཏོར་མ་བརྒྱ་རྩ་གཏོང་བ་ལ་ཡང་བརྩོན་པར་བྱའོ། །ཚོགས་བསགས་ན་སྒོམ་གང་ཡང་རྒྱུད་ལ་མྱུར་དུ་སྐྱེས་ནས་གྲུབ་པ་ཐོབ་སྟེ། སྔོན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་གྲུབ་པ་ཐོབ་པ་རྣམས་ཀྱིས་ཐོག་མར་ཚེ་བློས་གཏོང་དུས། ནོར་གང་ཡོད་དགེ་འདུན་སྡེ་ལ་ཕུལ་ནས་དབེན་པར་སྒོམ་བྱས་པས། ཉམས་རྟོགས་མྱུར་དུ་ཤར་ནས་གྲུབ་པ་ཐོབ་པ་ཤ་སྟག་བྱུང་། རྗེས་སུ་དགེ་འདུན་གྱི་སྡེ་རྣམས་འཐོར་བ་བྱུང་ནས་གྲུབ་པ་ཐོབ་འདོད་པ་རྣམས་ཀྱིས་ཚེ་བློས་གཏོང་དུས། ནོར་གང་ཡོད་ཁྱིམ་པ་སོགས་ཞིང་མ་དག་པ་ལ་བཏང་ནས་དབེན་པར་སྒྲུབ་པ་ཡུན་རིང་བྱས་ཀྱང་གྲུབ་པ་ཐོབ་པ་མ་བྱུང་སྐད། བླ་མ་དྷརྨ་རཀྵི་ཏས། བསོད་ནམས་ཀྱི་ཚོགས་རླབས་ཆེན་བསགས་པའི་མཐུས། གནས་ལུགས་སྟོང་པ་ཉིད་ཀྱི་དོན། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་ཐུགས་ལ་འཁྲུངས། དབུ་མ་རིགས་ཚོགས་རྣམས་ཀྱང་གཞན་གྱིས་བསླབ་པ་དང་དཔེ་གཟིགས་པ་ལ་མ་ལྟོས་པར་ཐུགས་ལ་ཝལ་གྱིས་ཤར་ནས་ཞལ་འདོན་དུ་མཛད་པ་ཞིག་བྱུང་གསུངས། དེས་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས། རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པའི་ཕྱིར་སྒོ་སྣ་ཚོགས་ནས་ཚོགས་གསོག་པ་ལ་འབད་པར་བྱའོ། །རྒྱལ་སྲས་རིན་པོ་ཆེས། བདག་གཅེས་འཛིན་གྱི་རྣམ་རྟོག་བྱུང་བ་ན། འདིས་ཐོག་མ་མེད་པ་ནས་དུཿཁ་སྣ་ཚོགས་ལ་སྦྱར། ཚེ་འདིར་ཡང་སྡིག་པ། ཆོས་འདོད་པ་བཞིན་མ་བྱུང་བ་ལ་སོགས་པ་ཐམས་ཅད་འདིས་བྱས་པ་ཡིན་སྙམ་པ་བྱས་ལ། བདག་གཅེས་འཛིན་གྱི་རྣམ་རྟོག་རྒྱངས་ཀྱིས་སྤང་བར་བྱའོ་གསུངས། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱི་ཞལ་ནས། ང་རྒྱལ་གྱི་བྲག་རི་ལ་བདག་འཛིན་གྱི་རྫོང་བཅས་ནས་ཉོན་མོངས་ཀྱི་དམག་དཔུང་འགྱེད་པ། ཞེ་སྡང་གི་རལ་གྲིས་བསོད་ནམས་ཀྱི་ལྗོན་ཤིང་གཅོད་པ། ཁོང་ཁྲོའི་གཞུ་ལ་ཚིག་རྩུབ་ཀྱི་མདའ་བཀང་སྟེ་ཕ་རོལ་གྱི་སྙིང་ལ་འདེབས་པ། སེར་སྣའི་ཞགས་པས་གཏོང་སེམས་ཀྱི་སྐྱེས་བུ་དམ་དུ་བཅིང་བ། ཚུལ་མིན་ཡིད་བྱེད་ཀྱི་རླུང་དམར་གྱིས་འདོད་ཆགས་ཀྱི་ཆུ་བོ་གཡོས་པས་དགེ་བའི་གྲུ་བཤིག་པ། ཐེ་ཚོམ་གྱི་ཁ་ཕྲག་ཏུ་ཤེས་རབ་ཀྱི་འགྲོས་བཤོལ་བ། ཐར་འདོད་ཀྱི་སྐྱེས་བུ་ལྟ་ངན་གྱི་དོང་དུ་འཇུག་པའི་དགྲ་བོ་འདི་ལ་སྔོན་ཆད་དགྲར་མ་གོ ། ད་ནི་རྗེ་བླ་མའི་བྱིན་རླབས་ཀྱིས་རང་ལ་དགྲར་ངོ་འཕྲོད། ཞེས་གསུངས་ཤིང༌། སེམས་དཔའ་ཆེན་པོ་ཧོར་སྟོན་པའི་ཞལ་ནས། གཏི་མུག་མ་རིག་པས་དྲངས་པའི་རང་གཅེས་པར་འཛིན་ཅིང་། གཞན་ཡལ་བར་འདོར་བ་འདིས་ལོག་པར་ལྟ་བའི་མཚོན་རྣོན་པོ་བཟུང་སྟེ། དགེ་སྡིག་ཁྱད་དུ་བསད་ནས་མངོན་མཐོ་ངེས་ལེགས་ཀྱི་སྲོག་གཅོད་པའི་སྡིག་ཅན་བཤན་པ་མཁན་དེ་ཡང་འདིར་འདུག །རང་གཅེས་འདིས་དུག་གསུམ་གྱི་རྐྱལ་བ་ཐོགས་དགེ་བའི་ལོ་ཐོག་འཇོམས་པར་བྱེད་པའི་ཆོམ་རྐུན་དེ་ཡང་འདིར་འདུག །སྙིང་གི་ཕུགས་སུ་བསོད་ནམས་མ་ཡིན་པའི་རྫས་ངན་དུ་མ་བསགས་ནས། མི་དང་མི་མ་ཡིན་གྱི་གནོད་བྱེད་ཐམས་ཅད་སྤྱན་འདྲེན་པར་བྱེད་པའི་ཕུང་བྱེད་འུག་པའི་མགོ་བོ་ཅན་དེ་ཡང་འདིར་འདུག །མདོར་ན་གྱོང་དང་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་གཞི་རང་གཅེས་ཀྱི་དབང་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བཏང་ན། ཕྱི་དགྲ་དང་ནང་འཁྲུག །འདི་ཕྱིའི་གནོད་པ་ཐམས་ཅད་འབྱུང་བའི་སྔ་ལྟས་ལྟས་ངན་གྱི་བྱེའུ་མགོ་སྔོན་ལྟ་བུ་དེ། རང་གཅེས་འཛིན་གཞན་ཡལ་བར་འདོར་བའི་བློར་ཤེས་པར་བྱས་ལ། འདི་ལ་དགྲར་ཅེར་གྱིས་བཟུང་ལ་དགྲ་ཟུན་གྱི་རུ་ཕྱེད་པར་བྱ་ཞེས་གསུངས་པ་ལྟར། བདག་འཛིན་ལ་དགྲ་རུ་བལྟས་ནས་མིང་ངན་བཏགས། ནམ་བྱུང་ཡང་ཁྱད་གསོད་སུན་འབྱིན་ཁོ་ན་བྱས། ཚེ་མཇུག་འདི་ལ་འགོང་པོ་འདི་ཅི་ཐུལ་ལ་འབད་པར་བྱའོ། །རྒྱལ་སྲས་རིན་པོ་ཆེས། དགེ་སྦྱོར་ཐམས་ཅད་ཀྱི་གཤམ་དུ་ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་དང་མི་འབྲལ་བར་གྱུར་ཅིག །རྐྱེན་ངན་ཅི་བྱུང་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་ཅིང་། བླ་མ་དཀོན་མཆོག་དང་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས། དེ་ལྟར་འགྱུར་བར་མཛད་དུ་གསོལ། ཞེས་གསོལ་བ་ཡང་གདབ་བོ་གསུངས། གསོལ་བ་འདེབས་ཚུལ་ཡང་དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཅི་ལྟར་འཁྲུངས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ལ་ཇི་ལྟར་མངའ་བ། ངེས་པའི་དོན་གྱི་མདོ་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འབྱོར་པ་རྒུད་པ། མཐོ་བ་དམའ་བ། བདེ་བ་སྡུག་པ། ན་བ་འཆི་འཕོ་བ། སྐྱེ་བའི་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་བརྗེད་པར་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་དང་བར་ཆད་ཅི་བྱུང་ཡང་ཆོས་འདིའི་གྲོགས་སུ་འཁྱེར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་པར་བྱའོ། །འོ་ན་ཆོས་འདིའི་ལུགས་ཀྱི་འཆི་ཁ་མའི་གདམས་ངག་ཅི་ལྟར་བྱེད་ན། རྒྱལ་སྲས་རིན་པོ་ཆེས། ཡོ་བྱད་ཐམས་ཅད་བླ་མ་དཀོན་མཆོག་ལ་མཆོད་པ་ལ་སོགས་བསོད་ནམས་གང་ཆེ་སར་གཏང་ལ། དེ་རྣམས་ལ་ཆགས་ཞེན་མེད་པར་བྱ། བླ་མ་དཀོན་མཆོག་ལ་ཡན་ལག་བདུན་པ་ཕུལ་སྟེ། བདག་བར་དོ་ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་འདི་སྟོན་པའི་བླ་མ་དང་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་ཅིང་། དེ་ལྟར་སྨོན་ལམ་ཀྱང་གདབ་པོ། །བདག་གཅེས་འཛིན་གྱི་རྣམ་རྟོག་འདིས་སྔར་ཡང་སྡུག་ཏུ་བཅུག །ད་དུང་ཡང་འདི་དང་མ་བྲལ་ན་བདེར་མི་སྟེར་འདུག་ཅིང་། ད་ལྟ་ཡང་ལུས་འདི་ལ་གཅེས་པར་བཟུང་ནས་དུཿཁ་བར་འདུག་པས། ལུས་ལ་གཅེས་འཛིན་གྱི་རྣམ་རྟོག་སྤངས་ནས། སེམས་ལ་བདག་ཏུ་བཟུང་རྒྱུ་མི་འདུག་པས། ལུས་སེམས་གང་ལ་ཡང་བདག་འཛིན་སྤང་ལ་བཞག་གོ །ངས་བར་དོར་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བྱའོ། །དེ་ནས་སྔར་གྱི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་ཚུལ་དེ་དྲན་པར་བྱེད་པའོ་གསུངས།

སྤྱོད་ལམ་ནི། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གྲོང་ཁྱེར་རྩྭ་ཅན་དུ། མྱ་ངན་ལས་འདའ་བའི་ཚུལ་སྟོན་པའི་ཚེ། སྐུའི་གཞོགས་གཡས་པ་ཕབ། ཕྱག་གཡས་འགྲམ་པ་ལ་སྦྱར། གཡོན་བརླའི་སྟེང་དུ་བརྐྱངས། ཞབས་གཡས་པའི་སྟེང་དུ་གཡོན་པ་བཞག །དབུ་བྱང་དང་ཞལ་ནུབ་ཏུ་བསྟན་ནས་གཤེགས་པར་མཛད་དོ་སྙམ་དུ་སྟོན་པའི་རྣམ་ཐར་དྲན་པར་བྱས་ཏེ། གཞོགས་གཡས་པ་ཕབ། མཐེའུ་ཆུང་ངམ་སྲིན་ལག་གིས་སྣ་བུག་གཡས་བཀག་ལ་རླུང་གཡོན་ནས་རྒྱུ་བར་བྱ། ལག་པ་གཡོན་བརླའི་སྟེང་དུ་བརྐྱངས། རྐང་པ་གཡས་པའི་སྟེང་དུ་གཡོན་པ་བཞག །མགོ་བྱང་ཁ་ནུབ་ཏུ་བལྟ་བར་བྱའོ། །དེ་ལྟ་བུའི་སྤྱོད་ལམ་གྱིས་གནས་ན་བདུད་དང་ལོག་འདྲེན་གྱིས་གནོད་པར་མི་ནུས་ཤིང་། ཉོན་མོངས་པས་ཀྱང་མི་བརྫི་བ་དང་། སྟོན་པའི་རྣམ་ཐར་རྗེས་སུ་དྲན་པའི་མཐུས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཤུགས་དྲག་སྐྱེ་བ་སོགས་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས། དེས་ན་སྤྱོད་ལམ་འདིའི་འཆི་ཁ་ཙམ་དུ་མ་ཟད་དེང་སང་མཚན་མོ་ཉལ་བའི་ཚེ་ནའང་འདི་ལྟར་བྱས་ན་ཤིན་ཏུ་ལེགས་སོ། །དེ་ནས་བྱམས་སྙིང་རྗེ་སྔོན་དུ་འགྲོ་བས་རླུང་འགྲོ་འོང་ལ་བསྐྱོན་ནས་གཏོང་ལེན་གཉིས་པོ་སྦྱང་ངོ༌། །དེའི་རྗེས་ལ་འཁོར་འདས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་སེམས་སྣང་ཡིན། སེམས་ཉིད་ཅིར་ཡང་མ་གྲུབ་པའི་ངང་ལ་བློས་ཅིར་ཡང་མི་འཛིན་པར་བཞག་གོ །དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་སྤེལ་ཞིང་སྒོམ་པའི་འཕྲོ་ལ་འཆི་བར་བྱའོ། །འཆི་ཁ་མའི་གདམས་ངག་ལ་འུད་ཆེ་བ་མང་སྟེ། འདི་བས་ངོ་མཚར་ཆེ་བ་མེད་གསུངས། དེ་ཡང་བྱམས་པ་དང་སྙིང་རྗེ་བདག་པས་གཞན་གཅེས་ཀྱི་སྒོ་ནས་འཕོས་ན་འཕོ་བའི་མཆོག་ཡིན་ཏེ། མ་སྨད་གཉིས་ཆུས་ཁྱེར་བས། མ་ལ་བུ་མོ་འདི་མ་ཤི་ན། བུ་མོ་ལ་མ་འདི་མ་ཤི་ན་སྙམ་པའི་བསམ་པ་བྱུང་བས་གཉིས་ཀ་ཚངས་པའི་གནས་སུ་སྐྱེས་པར་གསུངས། རྒྱལ་སྲས་རིན་པོ་ཆེས། སྐུ་གཤེགས་ཁར་སྙིང་རྗེ་དམིགས་པ་ཆེད་ཀྱིས་མ་བྱས་ཀྱང་། འགྲོ་བའི་དུཿཁ་དྲན་ཙམ་ན་ངམ་ངམ་ཤུགས་ཀྱིས་སྐྱེས་པར་འདུག །བྱུང་རྒྱལ་དུ་བཏང་ན་ཉིད་ཅག་རྣམས་ཡ་ང་བར་དོགས་ནས་དྲན་འཛིན་ཆེན་པོ་བྱས་པ་ཡིན། འཆི་ཁར་འཕོ་བ་ཡང་སྒོམ་པ་ལ་འདི་འདྲའི་འཕྲོ་ལ་ཤི་ན་ཡང་ལེགས་པ་ཡིན་མོད་གསུངས། གཞན་ཡང་དམྱལ་བ་གྱད་ཀྱི་ཤིང་རྟ་འདྲེན་པ་དང་། མཛའ་བོའི་བུ་མོའི་ལོ་རྒྱུས་སོགས་དང་། བདག་པས་གཞན་གཅེས་ཀྱི་བློ་བཅོས་མིན་སྐྱེས་པས། འདི་ཉིད་དུའང་ངོ་མཚར་བའི་ལྟས་དུ་མ་འབྱུང་སྟེ། བྱ་བ་ཀོ་ཁར་ཀོ་བ་གཅིག་གི་ནང་དུ་བཙུན་པ་དྲུག་དང་བང་ཆེན་པ་གཅིག་གིས་ཞུགས་ནས་ཀོ་བ་གཏང་བས་ཆུའི་བཞི་ཆ་ཙམ་སོང་བ་དང་། ཀོ་མཁན་ན་རེ་ཅུང་ལྕི་འདུག་པས་སྐྱལ་ཤེས་པ་ཡོད་ན་གཅིག་འཐོན་རོགས་གྱིས། ཡང་ན་ང་ཡིས་འཐོན་གྱི་ཁྱེད་རང་གཅིག་གིས་སྐྱ་བ་ཟུངས་ཟེར་བ་ལ། ཐམས་ཅད་ཀྱིས་གཉིས་ཀ་མི་ཤེས་པར་འདུག །བང་ཆེན་པ་དེ་ན་རེ་ཐམས་ཅད་ཤི་བ་བས་ང་གཅིག་པུ་ཤི་བ་དྲགས་ཟེར་ནས་ཆུ་ལ་མཆོངས་པས། དེ་མ་ཐག་འཇའ་ཟུག །མེ་ཏོག་གི་ཆར་བབ། སྐྱལ་མི་ཤེས་ཀྱང་ཇི་ཞིག་ལྟར་ན་ཆུ་མཐར་ཐོན་ནས་མ་ཤི་ཟེར། དེ་སྔར་ཆོས་ཙམ་བྱས་པའི་རིགས་སུ་མི་འདུག་ཟེར་ཏེ། བློ་རྣམ་དག་ལན་རེ་ལའང་དེ་འདྲ་འབྱུང་ན། འཆི་ཁར་མང་དུ་བསྒོམས་ན་འཕོ་བའི་མཆོག་ཡིན་པ་སྨོས་ཅི་དགོས་གསུངས། ཡང་འཕོ་བྱ་འཕོ་བྱེད་དང་བྲལ་བའི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་འཕོ་ན་ཡང་འཕོ་བའི་མཆོག་ཡིན་ཏེ། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཞལ་ནས། འཆི་ཁར་ཚེ་འདིའི་ཆགས་ཞེན་གྱི་འཁྲུལ་པ་ཐམས་ཅད་རྦད་ཀྱིས་བཅད་ལ། དོན་དམ་པར་སེམས་ལ་སྐྱེ་ཤི་མེད་པར་ཐག་བཅད། ཕྱག་རྒྱ་ཆེན་པོ་ལ་སྒོམ་རྒྱུ་མེད་པར་ཐག་བཅད། སྒོམ་མེད་ཀྱི་དོན་ལ་མ་ཡེངས་པར་བཞག་པས་ཡེ་ཤེས་ཟང་ཐལ་དུ་སོང་ནས་བར་དོ་མེད་པར་འཚང་རྒྱའོ་གསུངས། དེས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྒོ་ནས་འཕོ་བར་བྱའོ། །གཞན་ཡང་དམིགས་པ་དང་རླུང་སྦྱོར་སོགས་ཀྱི་སྒོ་ནས་འཕོ་བའང་ཤིན་ཏུ་ཟབ་གསུངས། རྫས་ཀྱི་འཕོ་བ་ནི། རྡོ་ཁབ་ལེན་དང་། འགྲོན་བུ་བུ་ཆེ་མ་བསྲེགས་པ་ཞིབ་ཏུ་བཏགས་ནས་སྦྲང་སྨྱོན་གྱིས་སྦྲས་ཏེ་རིལ་བུ་སྲན་མ་ཙམ་བྱས་པ་འཆི་ཁར་ཆང་ལ་སྦྱངས་ནས་སྤྱི་གཙུག་ཏུ་བསྐུད་པའང་གནད་ཟབ་མོ་ཡིན་གསུངས་སོ། །སྨྲས་པ། ལེགས་བྱས་དགེ་ཚོགས་བྱེ་བས་བསྐྲུན་པའི་སྐུ། །ལེགས་བཤད་འགྲོ་བའི་རྣ་བར་སྒྲོག་པའི་གསུང་། །ལེགས་ཉེས་ཆོས་ཀུན་ས་ལེར་མཁྱེན་པའི་ཐུགས། །ལེགས་ཚོགས་རྩ་བ་བླ་མའི་ཞབས་ལ་འདུད། །དམ་པའི་ཆོས་ཀྱི་གླུ་དབྱངས་ལེན་པ་དེ། །དམ་པ་གོང་མའི་ཕྱག་སྲོལ་ཡིན་པས་ན། །དམ་ཆོས་གླུ་དབྱངས་སྙན་མོ་ལེན་ལ་སྤྲོ། །དམ་གཙང་མཆེད་ལྕམ་སློབ་བུའི་ཚོགས་རྣམས་ཉོན། །དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར། །བྱང་ཆུབ་སེམས་གཉིས་སྦྱོང་བའི་འཕེན་པ་བཏང་། །ཡང་དང་ཡང་དུ་བྱང་ཆུབ་སེམས་གཉིས་སྦྱང་། །དེ་གཉིས་སྐྱེ་དང་འཕེལ་ཕྱིར་ཚོགས་བསགས་བྱ། །རང་ཉིད་གཅེས་པར་འཛིན་པའི་རྣམ་རྟོག་འདིས། །སྔར་ཡང་སྡུག་བཏང་ད་དུང་ཡིན་ན་ཡང་། །སྡུག་ལ་སྦྱོར་ངེས་ཆོས་བཞིན་མ་བྱུང་བ། །འདི་ཡིས་ལན་པ་ཡིན་པས་དུག་བཞིན་སྤོངས། །དགེ་སྦྱོར་མཇུག་ཏུ་སངས་རྒྱས་མ་ཐོབ་བར། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཤོག །རྐྱེན་ངན་ཅི་བྱུང་བྱང་ཆུབ་སེམས་གཉིས་ཀྱི། །གྲོགས་སུ་འཁྱེར་བར་ཤོག་ཅེས་སྨོན་ལམ་གདབ། །འཆི་ཁར་ཡོ་བྱད་ཐམས་ཅད་མཆོད་པ་སོགས། །བསོད་ནམས་ཆེ་སར་བཏང་ནས་ཆགས་མེད་བྱ། །བླ་མ་མཆོག་གསུམ་མདུན་གྱི་ནམ་མཁར་དམིགས། །ཡིད་ཀྱིས་ཡན་ལག་བདུན་པ་མཎྜལ་ཕུལ། །བདག་ནི་བར་དོར་ཕྱི་མར་སོང་ན་ཡང་། །བྱང་ཆུབ་སེམས་གཉིས་འབྱོངས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་ཀྱི་གདམས་པ་སྟོན་མཛད་པའི་། །རྩ་བའི་བླ་མར་མཇལ་བར་བྱིན་གྱིས་རློབས། །ཞེས་པས་གསོལ་བ་ཤུགས་དྲགས་ཡང་ཡང་བཏབ། །དེ་ལྟར་འགྲུབ་པའི་བསྔོ་བ་སྨིན་ལམ་བྱ། །ལུས་འདི་གཅེས་པར་བཟུང་ནས་སྡུག་བསྔལ་བར། །འདུག་པས་ལུས་ཀྱི་གཅེས་འཛིན་རྣམ་རྟོག་སྤོངས། །སེམས་ལ་བདག་ཏུ་བཟུང་རྒྱུ་མི་འདུག་པས། །ལུས་སེམས་གང་ལ་བདག་འཛིན་སྤངས་ལ་བཞག །བར་དོར་སོང་ཡང་བྱང་ཆུབ་སེམས་གཉིས་པོ། །སྦྱང་བར་བྱ་སྙམ་འདུན་པ་ཡང་ཡང་བྱ། །དེ་ནས་འཆི་ཁར་བྱང་ཆུབ་སེམས་གཉིས་པོ། །སྦྱོང་ཚུལ་དེ་ཡང་ཡིད་ལ་དྲན་པར་བྱ། །གཞོགས་གཡས་འོག་བཅུག་ལག་གཡས་འགྲམ་པ་བརྟེན། །མཐེ་འུ་ཆུང་གིས་སྣ་བུག་གཡས་པ་བཀག །དེ་ནས་བྱམས་དང་སྙིང་རྗེ་སྔོན་དུ་བཏང་། །རླུང་གི་འགྲོ་འོང་ལ་བརྟེན་གཏོང་ལེན་སྦྱོངས། །དེ་ཡི་རྗེས་ལ་འཁོར་འདས་སྐྱེ་འཆི་སོགས། །སྣང་གྲགས་ཆོས་རྣམས་རང་གི་སེམས་སྣང་ཡིན། །སེམས་ཉིད་ངོ་བོ་ཅིར་ཡང་མ་གྲུབ་པའི་། །ངང་ལ་ཅིར་ཡང་མི་འཛིན་རང་བབས་བཞག །དེ་ལྟར་བྱང་ཆུབ་སེམས་གཉིས་སྤེལ་བཞིན་དུ། །བསྒོམ་པའི་འཕྲོ་ལ་འཆི་བར་བྱེད་པ་གཅེས། །འཆི་ཁ་མ་ཡི་གདམས་ངག་འུད་ཆེ་བ། །མང་པོ་འདུག་ཀྱང་འདི་ཉིད་ངོ་མཚར་ཆེ། །མཚན་ལྡན་བླ་མ་དམ་པའི་ཐུགས་ཀྱི་སྲས། །མར་གྱུར་འགྲོ་བ་ཡོངས་ཀྱི་གཅེས་ཕྲུག་ངས། །འདི་འདྲའི་གདམས་པ་ཟབ་མོ་བསྒོམ་བཞིན་དུ། །མཐོ་རིས་ཐར་པའི་གནས་སུ་ཡར་ལ་འགྲོ། །ཨེ་མ་དད་ལྡན་སྐྱེ་བོ་ཕོ་མོ་རྣམས། །འཆི་ངེས་ནམ་འཆི་ཆ་མེད་འཆི་དུས་སུ། །གདམས་ངག་འདི་འདྲ་བརྟེན་ལ་ཡར་ཤོག་དང་། །ཕྱི་མར་དག་པའི་ཞིང་ནས་མཇལ་བར་ངེས། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

༈ ལྔ་པ་བློ་འབྱོངས་པའི་ཚད་ནི། དེ་ནས་རྒྱལ་སྲས་རིན་པོ་ཆེས། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་ནི། བདག་འཛིན་འདུལ་བར་འདུས་པས། བདག་འཛིན་གྱི་གཉེན་པོར་མ་སོང་ན་ཆོས་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་སོང་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། ཆོས་ཆོས་སུ་སོང་མ་སོང་གི་ཁྱད་པར་འདི་ན་ཡོད་པས། འདི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན་གསུངས། གཞན་དག་ན་རེ། ཇོ་བོ་དེ་ཀུན་གྱི་རྒྱུད་ལ་ཆོས་སྐྱེས་འདུག །ཆོས་པ་བཟང་པོ་བྱ་བ་དེ་ལ་ཟེར་བ་ཡིན་ཞེས་གཞན་གྱིས་མ་ཁྲེལ་བའང་དཔང་པོ་ཡིན་མོད་ཀྱིས། དེ་གཙོ་བོར་མི་བཟུང་སྟེ། འཇིག་རྟེན་ཕལ་བ་རྣམས་ཀྱིས་བདག་གི་སེམས་མི་རྟོགས་པས། ཕྱིའི་སྤྱོད་ལམ་ལེགས་པ་སྣ་རེ་ཙམ་མཐོང་བས་ཀྱང་མགུ་སྲིད་པས་སོ། །དེས་ན་རང་གི་སེམས་ཀྱིས་མ་ཁྲེལ་བ་ཞིག་དཔང་པོའི་གཙོ་བོ་ཡིན་པས། བློ་གཟུ་བོས་ལེགས་པར་བརྟགས་པས་རང་ལ་རང་གིས་མ་ཁྲེལ་ན་བློ་འབྱོངས་པའི་རྟགས་ཡིན་པས། གཉེན་པོ་བསྐྱེད་ལ་རང་ལ་རང་གིས་མ་ཁྲེལ་བ་ལ་འབད་པར་བྱའོ། །བློ་ལེགས་པར་སྦྱངས་པའི་སྟོབས་ཀྱིས། ད་ཕྱིན་ཆད་རྐྱེན་ངན་ཅི་བྱུང་ཡང་བློ་སྦྱོང་གིས་ལམ་དུ་ཁྱེར་བས་ཆོག་སྙམ་པའི་བློ་གདེང་འཆོས་ན་བློ་འབྱོངས་པའི་ཚད་ཡིན་པས། རྐྱེན་ངན་ཅི་བྱུང་ཡང་དེ་ལ་དགའ་བ་བསྒོམས་ནས། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་ཐམས་ཅད་ལེན་པ་ལ་ཉམ་ང་བ་མེད་པར་བསླབ་པར་བྱའོ། །རྟ་རྩལ་ཅན་དེ་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར། མ་བརྟགས་པར་གློ་བུར་དུ་གནོད་བྱེད་ལ་སོགས་པ་རྐྱེན་ངན་བྱུང་ན་ཞེ་སྡང་སོགས་མི་སྐྱེ་བར། རྐྱེན་ངན་དེ་ཉིད་བློ་སྦྱོང་གི་གྲོགས་སུ་ཁད་ཀྱིས་འགྲོ་ཡིན་འདུག་ན། བློ་སྦྱོང་འབྱོངས་པའི་ཚད་ཡིན་པས། དེ་ལྟར་འགྱུར་བ་ལ་འབད་པར་བྱའོ། །འབྱོངས་པའི་ཚད་འདི་དག་ནི་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་གྱི། འབྱོངས་ཟེར་ནས་ད་སྦྱོང་མི་དགོས་པ་མ་ཡིན་པས་རྟགས་འདི་དག་བྱུང་ནས་ཀྱང་འབད་དེ་བློ་སྦྱོང་བར་བྱའོ་གསུངས། གཞན་ཡང་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་ཀྱིས་མི་ཁྲེལ་ཞིང་བསྟོད་བཀུར་བསྔགས་གསུམ་བྱེད་ན་དཔང་པོ་ཀུན་གྱི་མཆོག་ཡིན་ཏེ། རྒྱལ་སྲས་རིན་པོ་ཆེ་ལ་སྐྱེས་བུ་དམ་པ་གཞན་གྱིས་བསྟོད་བཀུར་བསྔགས་གསུམ་མཛད་ཚུལ་ནི། སྤང་ལོ་ཙཱ་བ་བློ་གྲོས་བསྟན་པའི་གསུང་ན་རེ། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མར་འདྲིས་པའི་དོན་ལ་བརྩོན་པར་སྒོམ། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་ས་སྐྱ་པཎྜི་ཏས་གསུངས་པ་དེ་གུ་རུ་ཐོགས་མེད་ཁོང་གིས་བྱས་པ་ཡིན་ནོ། །འོ་སྐོལ་ཆོས་པ་རྣམས་ཀྱི་ནང་ན་ཆོས་བྱེད་པ་མང་རབ་འདུག་སྟེ། བརྟན་པ་ཐོབ་པ་རང་དུ་ཙམ་བདོག་གམ། གཞན་གྱི་རྒྱུས་ནི་ང་ལ་མེད། བརྟན་པ་ཐོབ་ངོ་ཤེས་པ་གུ་རུ་ཐོགས་མེད་ཁོང་ཡིན། ཕོ་སྐྱེས་པ་ཟེར་ན་དེ་ཀུན་ལ་ཟེར་ལགས། མི་གཞན་གྱིས་ངའི་རྒྱུད་ཚོད་དུ་སླེབ་པ་ལ་ད་རུང་དཀའ་ལས་ཆེན་པོ་ཡོད། ངས་གུ་རུ་ཐོགས་མེད་ཀྱི་རྒྱུད་ཚོད་ལ་སླེབ་པ་ལ་བསྐལ་བ་མང་པོར་ཚོགས་གསོག་དགོས། ང་ཁོང་གི་བླ་མ་ཡིན། ཁོ་ངའི་སློབ་མ་ཡིན་ཏེ། ང་ནི་བླ་མ་གཅིག་ལས་ཀྱང་དེ་ལ་མོས། མི་རྒན་ནམ་འཆི་བའི་སྔས་ཁ་དེར་གུ་རུ་ཐོགས་མེད་ཡོད་པ་ཞིག་བྱུང་ན་དགའ་སྟེ། ང་ཕྱོགས་ཐམས་ཅད་དུ་རྒྱུག །ཁོང་ས་གཅིག་ཏུ་བཞུགས་པ་འདིས་ཡིད་སྨོན་ཐོག་ཏུ་ཨེ་འབབ་ཡིན་གསུངས་ཟེར་ཞིང་། གསུང་ཡིག་སྙན་དངགས་དང་བཅས་པ་བསྐུར་བའི་ནང་ན་ཡང་། ཁྱོད་ལ་ང་འདྲའི་སློབ་དཔོན་བརྒྱ་ཡོད་ཀྱང་། །ང་ལ་ཁྱོད་འདྲའི་སློབ་མ་ཁྱོད་ལས་མེད། །ཅེས་སོགས་ཀྱི་བསྟོད་པ་མང་པོ་ཡང་འདུག་གོ །ཀུན་མཁྱེན་རོང་པོའི་གསུང་ན་རེ། ང་ལ་ཕ་བས་ལྷག་པའི་བུ་གཅིག་ཡོད་པ་ཡིན། ངའི་སློབ་མ་འདི་འདྲ་གཞན་ལ་ཡོད་ན་སྨོན་ནེ་འཆོར། སྐྱེས་བུ་དམ་པ་འདི་འདྲ་འཇིག་རྟེན་ན་དཀོན་གསུངས་ཟེར། བླ་མ་རིན་ཡེ་བ་བླ་མ་ཡིན་ཡང་། སེམས་དཔའ་ཆེན་པོའི་མཚན་བརྗོད་ཙམ་ན། ཕྱག་ཐལ་མོ་སྦྱར། སྤྱན་ཆབ་འབྱིན་ཟེར་རོ། །རྒྱ་མ་དཔོན་པོས་ཆོས་རྗེ་ཀུན་མཁྱེན་པ་ལ་མཇལ་དུ་ཕྱིན་དུས། ཁྱེད་དངུལ་ཆུ་བ་རྣམས་བླ་མའི་སྐལ་བ་བརྒྱ་ལ། རྒྱལ་སྲས་པ་དེ་མཚུངས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཡིན། འདི་ནས་འཕོས་མ་ཐག་བྱམས་མགོན་གྱི་དྲུང་དུ་ཟང་ཐལ་ལེར་འགྲོ་རྒྱུ་དེ་ཡིན། དེའི་རྒྱུ་ཐམས་ཅད་ཁོང་ལ་ཚང་བ་ཡིན་གསུངས་ཟེར། ཡང་རྟ་ནག་ཏུ་འབྱོན་སྐབས་ཤིག །དངུལ་ཆུའི་ཐད་ཀྱི་སྤྲིན་ལ་ཕྱག་མཛུབ་བཙུགས་ནས། དེར་འདུས་པ་རྣམས་ལ་ཕ་གིའི་འོག་ན་སངས་རྒྱས་མི་གཟུགས་སུ་བཞུགས་པ་གཅིག་ཡོད་པ་ཡིན་ཨེ་ཤེས་གསུངས་ཟེར། དཔལ་ལྡན་ས་སྐྱའི་དགེ་བའི་བཤེས་གཉེན་འཇམ་སྒེག་གི་གསུང་ན་རེ། དབུས་གཙང་གཉིས་པོ་འདི་ན་མཐོང་ཐོས་དྲན་པ་ལ་དགེ་བའི་བཤེས་གཉེན་མང་པོ་འདུག་སྟེ། གཞན་སུ་བས་ཀྱང་བོ་དོང་ཐོགས་མེད་ལ་སྨོན། ང་ཡང་ཚེ་མཇུག་ལ་སྒོམ་ཞིག་ཞུ་རྒྱུ་བྱུང་ན་བོ་དོང་ཐོགས་མེད་དེ་ལ་ཞུ། ཁོང་མཚམས་དམ་པོ་ཞིག་ཡོད་པར་འདུག་པས། རྟེན་འབྲེལ་མ་འགྲིག་ན། ང་རང་གི་སློབ་མ་རྡོར་གཞོན་ལ་སྒོམ་ཞིག་ཞུ། འདི་གཉིས་མིན་པ་བླ་མ་སྒོམ་ཆེན་སུ་ལ་ཡང་ཡིད་མི་སྨོན་གསུངས་ཟེར། བླ་མ་མཉམ་མེད་པས། ཁོ་རང་གི་སློབ་མ་སྒོམ་ལ་འགྲོ་བ་རྣམས་ལ། ཁྱོད་ཚེ་འདི་དང་འདྲེས་པའི་སྒོམ་ཞིག་བྱེད་ན་བླ་མ་འདི་དང་འདིའི་རྩར་རྒྱུགས། ས་མེད་རྡུལ་མེད་ཀྱི་ཆོས་ཤིག་བྱེད་ན་བོ་དོང་ཐོགས་མེད་དེའི་རྩར་རྒྱུགས། ད་ལྟ་དེ་བས་ལྷག་པ་མེད་དོ་གསུངས་པ་འདུག་ཟེར། མཁན་ཆེན་བུ་སྟོན་པའི་གསུང་གིས་ཀྱང་། སྡེ་སྣོད་གསུམ་གྱི་དོན་ལ་མཁས་གྱུར་ཅིང༌། །རྒྱུད་སྡེ་ཟབ་མོའི་རྟོགས་པ་ཀུན་ཆུབ་པ། །བྱང་ཆུབ་སེམས་གཉིས་འབྱོངས་པ་རྒྱལ་བའི་སྲས། །ཞེས་སོགས་ཀྱི་བསྟོད་པ་ཡང་མཛད་ཅིང་། སེམས་དཔའ་ཆེན་པོ་ཞ་ལུར་བྱོན་པས་རེས་ཁོང་རང་གི་གྲྭ་པ་རྣམས་ལ། ད་ལྟ་བོད་གངས་ཅན་གྱི་ཁྲོད་ན་ཆོས་ཤེས་ནས་ཉམས་སུ་བླང་ངོ་ཤེས་པ། རྒྱལ་སྲས་ཐོགས་མེད་པ་ཙམ་གཅིག་ཡིན། ངས་ཀྱང་ཆོས་ཤེས་ཤེས་ཏེ། ཀུན་མཁྱེན་འཕགས་འོད་ཀྱི་གསུང་ཞིག་ལ་བརྟེན་ནས་བཤད་ཉན་བྱེད་དགོས་པ་བྱུང་ནས། ཁོང་གི་འདྲ་བའི་ཉམས་ལེན་བྱུང་བ་མེད། འདི་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་ཆོས་འབྲེལ་ཐོགས་པ་ཙམ་རེས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་ངོ་ཤེས་པ་ཡིན་པས། མཚམས་ལ་ཡོད་ཀྱང་གསེང་ལ་ཆོས་ཞུས། དེ་བར་གྱི་ཞབས་ཏོག་ཐམས་ཅད་བླ་བྲང་ནས་བྱེད་པ་ཡིན་གསུངས་ཟེར། དེའི་རེས་སེམས་དཔའ་ཆེན་པོས་ཀྱང་ཟླ་བ་གཅིག་ཞ་ལུར་བཞུགས་ནས། གང་ལ་གང་འདོད་ཀྱི་ཆོས་གསུངས་ཏེ། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ཅེས་གྲགས་སོ། །དེ་བཞིན་དུ་སྐྱེ་བུ་དམ་པ་གཞན་རྣམས་ཀྱིས་བསྔགས་བརྗོད་བྱེད་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པའི་རྟགས་ཡང་དག་པ་ཡིན་པར་ཤེས་པར་བྱའོ། །གླང་རི་ཐང་པའི་ཞལ་ནས། ངས་བློ་འབྱོངས་མ་འབྱོངས་ཁམས་སུ་སྟོན་པ་ཤེར་འབུམ་ཅན་དུ་ཕྱིན་ནས་ཤེས། ཁོང་སྙིང་དང་འདྲ་བའི་མཆེད་གྲོགས་ཡིན་པས། ང་བྱུང་བ་ལ་རབ་ཏུ་དགའ་ནས་རྙེད་བཀུར་ཕུན་ཚོགས་འོང་དུ་རེ་བ་ལ། དེ་ལྟར་མི་བྱེད་པར་མ་ཟད་སླར་བརྡུང་བརྡེག་བྱས། ཅི་ཡོད་འཕྲོག་ཀྱང་ང་ལ་ཁོང་ཁྲོ་མི་སྐྱེ་ཞིང་སྔར་གྱི་བརྩེ་བ་དེ་མི་འགྱུར་བ་འདུག་ན་འབྱོངས་པ་ཡིན་འདྲ་གསུངས། དེ་བཞིན་དུ་རེ་ཆེ་ས་ནས་གནོད་པ་བསྐྱལ་ན། སྔར་གྱི་བརྩེ་གདུངས་དེ་མི་འགྱུར་ན་བྱམས་སྙིང་རྗེ་བྱང་སེམས་ལ་བློ་འབྱོངས་པའི་རྟགས་ཡིན། སྔོན་སངས་རྒྱས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ། ཤི་བིའི་རྒྱལ་པོར་གྱུར་ཚེ་སྤྱན་གཉིས་པོ་བླངས་ནས། བྲམ་ཟེ་ལོང་བ་གཅིག་ལ་བྱིན་པ་དང་། རི་བོང་དུ་གྱུར་པའི་ཚེ་བྲམ་ཟེ་བཀྲེས་པ་ཞིག་གསོ་ཕྱིར་མེ་དཔུང་གི་ནང་དུ་མཆོང་བ་དང་། ལྷའི་དབང་པོར་གྱུར་ཚེ་ལྷ་མ་ཡིན་དང་གཡུལ་འགྱེད་དུས། རང་གི་སྲོག་བློས་བཏང་ནས་བྱའི་ཕྲུག་གུའི་སྲོག་བསྐྱབས་པ་དང༌། དྲང་སྲོང་བཟོད་པ་སྨྲ་བར་གྱུར་ཚེ། རྒྱལ་པོས་ཡན་ལག་ཐམས་ཅད་གཏུབས་ཀྱང་བཟོད་པ་བསྒོམས་པ་དང་། ཚངས་པའི་རྒྱལ་པོར་གྱུར་པའི་ཚེ་ཡན་ལག་བྱིན་ནས། ལྟ་ངན་ཡང་དག་ལམ་ལ་བཀོད་པ་དང་། གླང་པོ་ཆེར་གྱུར་ཚེ་སྐྱེ་བོ་བདུན་བརྒྱ་ཙམ་བཀྲེས་པས་ཉེན་པ་ལ། ལུས་པོ་གཡང་ལ་བསྐྱུར་ནས་བྱིན་ཏེ་གསོས་པ་ལྟར། གཞན་སྡུག་བསྔལ་གྱིས་ཉམ་ཐག་ལ་རང་གི་གཅེས་པའི་ལུས་ཀྱང་གཏོང་སྙམ་པ་ཡང་ཡང་བྱུང་ན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་འབྱོངས་པའི་རྟགས་སོ། །ཡང་སྔོན་སངས་རྒྱས་རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་ཚེ། བུ་དང་བུ་མོ་རྒྱལ་སྲིད་ཀུན་སྦྱིན་པར་བཏང་བ་དང༌། ས་སྐྱོང་རྒྱལ་པོར་གྱུར་ཚེ་དུད་འགྲོ་བགྲང་ལས་འདས་པའི་སྲོག་སྐྱོབ་མཛད་པ་དང་། བྲམ་ཟེ་ཞིག་ཏུ་གྱུར་ཚེ་དཀའ་ཐུབ་ཀྱིས་ཟས་ཅུང་ཟད་ལས་མེད་རུང་། དེ་ཡང་སློང་བ་ཞིག་བྱུང་བ་ལ་སྦྱིན་པར་བཏང་བ་དང་། ཚོང་དཔོན་ཟིལ་གྱིས་མི་ནོན་པར་གྱུར་ཚེ། རང་ལ་ནོར་རྫས་མེད་རུང་། ཕོངས་པ་སྙིང་རྗེ་ནས་རྩྭ་བཙོང་ནས་རིན་གྱིས་སློང་མཁན་གསོས་པ་ལྟར། རང་ལ་ནོར་རྫས་གང་ཡོད་ཐམས་ཅད་གཏོང་ནུས་ཤིང་། མེད་རུང་ནོར་བཙལ་ནས་ཀྱང་། སེམས་ཅན་ཕོངས་པ་གསོ་སྙམ་པའི་འདུན་པ་ཡང་ཡང་སྐྱེས་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་སོ། །ཡང་སྔོན་སངས་རྒྱས་གཙུག་ཕུད་བྱང་ཆུབ་ཏུ་གྱུར་ཚེ། རྒྱལ་པོས་བརྙས་ཀྱང་ཁྲོ་མེད་བཟོད་པ་བསྒོམས་པ་དང་། མ་ཧེ་རུ་གྱུར་ཚེ་སྤྲེའུས་ཡང་དང་ཡང་དུ་གཙེས་པ་ལ། ཁྲོ་མེད་བཟོད་པ་བསྒོམས་པ་དང་། ངང་པའི་རྒྱལ་པོར་གྱུར་ཚེ་རྙི་ནང་དུ་བཟུང་ཀྱང་ཁྲོ་བ་དང་འཇིགས་པ་མེད་པར་སླར་ཆོས་བསྟན་པ་དང་། ཀུན་ཏུ་རྒྱུ་བྱང་ཆུབ་ཏུ་གྱུར་ཚེ། མང་པོས་བརྙས་ཀྱང་ཁྲོ་མེད་བཟོད་པ་བསྒོམས་པ་ལྟར། མཆོག་དམན་བར་བ་མང་པོས་བརྙས་སྨོད་ཁྱད་གསོད་སུན་འབྱིན་བརྡེག་བརྡུང་གང་བྱས་ཀྱང་། ཁོང་ཁྲོ་མི་ལངས་པར་བཟོད་པ་བསྒོམ་ནུས་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། ཡང་སྔོན་བྱང་ཆུབ་སེམས་དཔའ་སྤྲེའུར་གྱུར་ཚེ། སྡིག་ཅན་ཁྲོན་པའི་ནང་ནས་དྲངས་རྗེས་སུ་མི་ངན་དེས་གནོད་པ་བསྐྱལ་ཀྱང་། གནོད་ལན་དུ་ཡང་ཕན་བཏགས་པ་དང་། རི་དྭགས་ཤ་རར་གྱུར་ཚེ། རང་ལ་གནོད་པ་སྐྱེལ་བའི་སྡིག་རྒྱལ་གཡང་ལ་ལྷུང་ནས་འཆི་ལ་ཉེ་བ་སྙིང་རྗེས་ཡར་དྲངས་པ་དང་། རི་དྭགས་བསེ་རུར་གྱུར་ཚེ་ཆུས་ཁྱེར་བའི་མི་ཆུ་ལས་བསྒྲལ་ནས་རྗེས་སུ་མི་ངན་དེས་གནོད་པ་བྱས་ཀྱང་ཕན་བཏགས་པ་དང་། རྒྱལ་བུ་དགེ་དོན་དུ་གྱུར་ཚེ། སྡིག་དོན་གྱིས་བསམ་ངན་སྐྱེས་ནས། མིག་ལ་སྨྱུག་ཚལ་བརྒྱབ་ནས་མིག་བཅར་ཀྱང་རྗེས་སུ་གནོད་ལན་དུ་ཕན་གདགས་པ་ལྟར། རང་ལ་གནོད་པ་བྱེད་མཁན་ཅི་བྱུང་རུང་བཟོད་པ་བསྒོམ་པར་མ་ཟད། ད་དུང་སྙིང་རྗེ་ཚན་པོས་གནོད་ལན་དུ་ཕན་འདོགས་པ་དང་། དངོས་སུ་ཕན་འདོགས་མ་ནུས་ན་ཡང་། ཡིད་ཀྱིས་བྱ་ཞིང་མ་འོངས་པ་ན་ཕན་ཐོགས་པའི་སྨོན་ལམ་འདེབས་པ་བྱུང་ན། བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་ཡང་དག་པའོ། །སྔོན་ཕན་ཡུལ་གླང་ཐང་བ་ཡིན་པའི་སྟོན་སྒོམ་བྱང་ཆུབ་སེམས་དཔའ་གཅིག་ལ་ཤིག་ནད་བྱུང་བའི་སྟེང་དུ་གཞན་གྱི་ཤིག་ནད་ཐམས་ཅད་བླངས་ཏེ། ཤིག་ཐམས་ཅད་ལ་ལུས་དངོས་སུ་སྦྱིན་པར་བཏང་ནས་གཤེགས་པ་རྒྱལ་སྲས་རིན་པོ་ཆེས་གསན་ཚེ་རྗེས་སུ་ཡི་རངས། ཤཱཀྱ་ཐུབ་པ་རུས་སྦལ་དུ་འཁྲུངས་པའི་དུས་སུ། སྲིན་བུ་ཀེ་ཏ་ཀ་བརྒྱད་ཁྲིར་སྐུ་ལུས་སྦྱིན་པར་བཏང་བ་དང་དོན་གྱི་ཆ་མཐུན་པ་དེ་ཉིད་ཡིན། ཁོང་གི་སེམས་ལ་འགྱོད་པ་ཡོང་བའི་རིགས་སུ་མི་འདུག་ངོ་མཚར་ཆེ་གསུངས། ཁོང་གིས་ཀྱང་འཆད་ཉན་མཛད་ཚེ། འཇམ་དབྱངས་དོན་ཡོད་པ་སྐུ་མཆེད་ཀྱིས་བོ་དོང་དུ་ཆོས་གསུངས་པའི་དུས། རྒྱ་སྒོའི་འགག་ན་ཤིག་ནད་ཚབ་ཅན་བྱུང་བའི་སྤྲང་རྒན་ལུས་ཀྱི་ཟུང་ཤོར་བ་གོས་དང་སྟན་ལ་སོགས་པ་ཤིག་གི་ཕུང་པོར་གྱུར་པ་ཞིག་གི་དྲི་ཆེན་པོ་མནམ་པ་ཞིག་འདུག་པ་དེ་ལ། དྲུང་སྐུ་མཆེད་པའི་སྐྱ་བོ་ཚོས། དྲུང་ནས་སྐྱུག་བྲོ་འགག་དེར་མ་བསྡད་ཟེར་ཞིང་འབུད་པར་གཟིགས་པས། སྙིང་རྗེ་དྲག་པོ་སྐྱེས་ཤིང་སྤྱན་ཆབ་ཤོར་ཏེ། དེའི་ནུབ་མོ་ཁོའི་གོས་དང་སྟན་ཤིག་གི་ཕུང་པོར་གྱུར་པ་རྣམས་ནང་དུ་ཁྱེར། སྤྲང་པོ་ལ་ན་བཟའ་གཅིག་གཉིས་དང་། བཟའ་རྒྱུ་གནང་ནས་ཤིག་རྣམས་ལ་སྐུ་ལུས་སྦྱིན་པར་བཏང་སྟེ། ཤིག་གི་ཕུང་པོའི་གསེབ་ཏུ་གཟིམས་ནས་ཞག་གཅིག་གཉིས་སོང་བ་དང་། སློབ་དཔོན་དང་མཆེད་གྲོགས་འགའ་རེས་ཚོར་ནས་བལྟར་བྱོན་པས། སྤྲང་པོའི་གོས་དང་སྟན་ཤིག་གི་ཕུང་པོར་སོང་བ་རྣམས་གསོལ་སྐུ་ལུས་ཐམས་ཅད་འབྲུམ་ནད་འཐུག་པོ་བྱུང་བ་བཞིན་དུ་གྱུར་འདུག་པ་མཐོང་ནས། ཁོང་རྣམ་པ་ཧ་ལས་ཏེ། ཉིད་ད་དུང་ལུས་གཏོང་བའི་དུས་ཙམ་ལ་མ་སླེབ་ལས་ཆེ། དེ་འདྲ་ཧ་ཅང་ཐལ་དྲགས་མི་མཛད་པར་ཞུ་ཞེས་ཞུ་བ་ནན་གྱིས་ཕུལ་ཡང་མ་གསན་པར་གསོས་པས། རིང་པོར་མ་ལོན་པར་ཤིག་རྣམས་ཡལ་ནས་སོང་ཞེས་གྲགས་སོ། །དེ་བཞིན་དུ་རང་གཞན་གྱི་ཤིག་ཐམས་ཅད་ལ་ལུས་ཟར་འཇུག་ནུས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོངས་པའི་རྟགས་ཡིན། སྔོན་རྗེ་བཙུན་མི་ལ་རས་པ་ལ། ཨ་ནེས་ཆུང་དུས་སྡུག་མང་པོ་བཏང་བའི་རྗེས་ནས་ཆོས་མཛད་དུས་ཀྱང་། གཡོ་ཐབས་དུ་མའི་སྒོ་ནས་ཞིང་རྣམས་ལེན་དུས། ཁོང་གི་ཐུགས་བསམ་ལ། ཞེ་སྡང་སྐྱེ་ཡུལ་མེད་ན་བཟོད་པ་སུ་ལ་བསྒོམ། ང་རང་དོ་ནུབ་ཤིན་ཞིང་གི་མི་ཚད་འདི་རྣམས་ཀྱིས་ཀྱང་ཅི་བྱེད་སངས་རྒྱས་ཐོབ་པའི་ཐབས་ལ་བཟོད་པ་མཆོག་ཏུ་གསུངས་པ་ཡིན། དེ་བསྒོམ་པའི་རྟེན་ཨ་ནེ་ཡིན་ཞིང་དམ་པའི་ཆོས་དང་མཇལ་བ་ཡང་ཨ་ཁུ་དང་ཨ་ནེའི་དྲིན་ཡིན། བཀའ་དྲིན་དུ་ཆེ་བའི་དྲིན་ལན་དུ་ཕྱི་མ་སངས་རྒྱས་ཐོབ་པའི་སྨོན་ལམ་རྟག་ཏུ་འདེབས། ཚེ་འདིར་ཞིང་དུ་མ་ཟད་ཁང་པ་ཡང་བྱིན་པས་ཆོག་སྙམ་པ་བྱུང་བ་ལྟར། ཨ་ནེ་ལ་ཡང་གོ་བར་ལབ་སྟེ་བྱང་ཆུབ་སྒྲུབ་པ་ལ་བླ་མའི་གདམས་ངག་མིན་པ་ཅིས་ཀྱང་དགོས་པ་མེད་པས། ཞིང་དུ་མ་ཟད་ཁོང་པ་ཡང་ཨ་ནེས་ཁྱེར་ཅིག་བྱས་གླུ་འདི་བླང་ངོ༌། །རྗེ་བླ་མའི་བཀའ་དྲིན་རི་ཁྲོད་འགྲིམས། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །འཇིག་རྟེན་འཁོར་བ་ལས་ཀྱིས་དུབ། །འབགས་ན་ཐར་པའི་སྲོག་རྩ་གཅོད། །སྐྱེ་བའི་སོ་ནམ་སྡིག་པའི་ལས། །སྤྱད་ན་ངན་སོང་སྡུག་བསྔལ་མྱོང་། །ཉེ་དུའི་གདུང་སེམས་བདུད་ཀྱི་མཁར། །བརྩིགས་ན་མེ་འོབས་ཀྱི་ནང་དུ་ཚུད། །ཟས་ནོར་གྱི་གསོག་འཇོག་མི་ཡི་ནོར། །བསགས་ཚད་དགྲ་བོའི་རྒྱགས་ཕྱེ་ཡིན། །སྐྱིད་འདོད་ཀྱི་ཇ་ཆང་བཙན་དུག་གི་ཆུ། །འཐུངས་ན་ཐར་པའི་སྲོག་རྩ་གཅོད། །ཨ་ནེའི་ཞིང་རིན་སེར་སྣའི་ཟས། །ཟོས་ན་ཡི་དྭགས་ཀྱི་གནས་སུ་སྐྱེ། །ཨ་ནེའི་ཁ་ཏ་ཞེ་སྡང་གི་ཚིག །ལབ་ན་བདག་གཞན་གཉིས་ཕུང་ཡོང་། །བདག་གི་ཞིང་ཁང་ཐམས་ཅད་ནི། །ཨ་ནེས་ཁྱེར་ལ་དགའ་བར་གྱིས། །མི་ཁ་ཆོས་ཀྱིས་སངས་པ་ཡིན། །ལྷ་ཁ་སྙིང་པོའི་སྒྲུབ་པ་ཡིན། །འདྲེ་ཁ་སྙིང་རྗེས་གནོན་པ་ཡིན། །ཉེས་ཁ་རླུང་ལ་བསྐུར་བ་ཡིན། །རང་ཁ་གྱེན་ལ་བལྟ་བ་ཡིན། །རྗེ་མི་བསྐྱོད་ཀྱི་ངོ་བོ་བཀའ་དྲིན་ཅན། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཞེས་པའི་གླུ་བླངས་པས། ཨ་ནེ་ན་རེ། ཆོས་པ་བཟང་པོ་བྱ་བ་ཚ་བོ་འདི་འདྲ་ལ་ཟེར་བ་ཡིན། དགའ་རབ་ཡིན་ཟེར། དགའ་ནས་སོང་ངོ༌། །ཡང་རྒྱལ་སྲས་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་རྒྱལ་མཚན་པས་ཆོས་ཞུ་བ་ལ་ས་སྐྱར་གདན་དྲངས་ནས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། ཚུར་བྱོན་དུས། ལབ་བཙས་ནག་པོར་ཇག་པ་བྱུང་སྟེ། སེམས་དཔའ་ཆེན་པོ་རང་གི་སྐུ་ལ་མ་རེག །ཞབས་ཏོག་པ་རྣམས་འོལ་ལེ་བ་རེ་བཀྱིགས་ཏེ། ཇག་པ་ཟ་མ་ཟ་དུས། ཞབས་ཏོག་པ་གཅིག་བཀྱིགས་པ་གྲོལ་བྱུང་བའི་རྩ་ན་ཇག་པའི་རལ་གྲི་བཞག་འདུག་པ་ཁྱེར་ནས་བྲོས་ན་བསམ་ཡོད་ཙ་ན། སེམས་དཔའ་ཆེན་པོས་མཁྱེན་ནས། ཉིད་དེ་བློ་ཙབ་ཙུབ་མ་བྱེད་ཨང་གསུངས་པས་འབྲོས་མ་ནུས་ཟེར། དངོས་པོ་འདི་རྣམས་རིན་ཆེན་སྒང་བའི་ས་ཆར་མ་འཁྱེར། ངས་བློས་བཏང་ཡོད་པས་འཕྲོག་པ་ཡིན་སྙམ་པའི་བློ་ཡང་མ་བྱེད། ངའི་གོས་ལགས་འཁྱེར་ན་ཡང་ཁྱེར་གསུངས་པས། ཇག་པ་རྣམས་ཀྱིས་ཕྱག་འཚལ་ནས། ངེད་ཚོ་ཡང་ཕོངས་ནས་ཐབས་རྡུགས་པས། ཉིད་ལྟ་བུ་ཞིག་དང་ཐུག་ཟེར་གྱིན་འདུག་ཟེར། ཇག་པ་རྣམས་ལ་རྗེས་ཟློས་བྱེད་དུ་བཅུག་ནས་བསྔོ་བ་ཡང་མཛད་ཅེས་ཐོས་ཤིང་། ཉིད་ཀྱི་ཞལ་ནས། ནོར་ལ་ཆགས་པའམ་བདག་ལ་སྡང་བ་ཡིས། །བདག་གི་བདོག་ཀུན་འཕྲོགས་ནས་ཉིན་གཅིག་ཙམ། །འཚོ་བའི་ཟས་ཙམ་མེད་པའི་སྐབས་བྱུང་ནའང་། །དེ་ཚེ་དམ་བཅའ་འདི་ནི་དྲན་པར་བགྱི། །ཞེས་གནོད་ལན་དུ་ཕན་འདོགས་པར་དམ་བཅས་པ་ལྟར་མཛད་དོ། །བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེ་ལ་དད་ཅན་སྦྱིན་བདག་གཞན་གྱིས་ཕུལ་པའི་དུད་འགྲོ་མང་པོ་ཡོད་པ། ཉིན་གཅིག་མགོ་ལོག་གི་ཇག་པ་མང་པོ་བྱུང་ནས་དེད་ནས་སོང་བ་ཁོང་གིས་གསན་ཚེ། སྡིག་པའི་རྒྱུ་དེ་རྣམས་མེད་པ་ཞིག་བྱ་སྙམ་ཡོད་ད་བར་ལུས་སོང་། ད་རེས་འདོད་ཐོག་ཏུ་ཕབས་བྱུང་གསུངས། དགེ་འདུན་པ་རྣམས་འཚོགས་སུ་བཅུག་ནས་མང་ཇ་བཏང་། བསྔོ་བ་རྒྱས་པ་ཞིག་གསུངས་ནས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་རྒྱལ་སྲས་རིན་པོ་ཆེའི་གསུངས་པ་ལག་ལེན་ལ་འདེབས་རྒྱུ་བྱུང་གསུངས། ཐུགས་གང་དགྱེས་དགྱེས་མཛད་སྣང་། ཡང་བཀྲ་ཤིས་སྒོ་མང་དགོན་ཆེན་གྱི་ཐག་ཉེའི་རི་ཁྲོད་ན། དགེ་སློང་གཅིག་བཞུགས་པ་ལ། ཤིང་བསྒྱེལ་བའི་མི་ཞིག་ཡོད་པ་དེས་ཉིན་གཅིག་དགེ་སློང་རི་ལ་ཁམས་བསེང་དུ་ཕེབས་པའི་ཤུལ་དུ་མི་དེ་ནང་དུ་འཛུལ་ནས། གང་ཡོད་ཁུར་ནས་སྒོར་ཐོན་པ་དང་། དགེ་སློང་ཁམས་བསིང་ནས་ཕེབས་པ་གཉིས་ཁ་ཐུག་བརྒྱབ་པས། མི་དེས་ཅི་ཡང་མི་སྨྲ་བར་ཡར་ལངས་ནས་བསྡད་ཚེ། དགེ་སློང་གིས་ད་ཡར་ནང་དུ་ཁུར་བྱས་ནང་དུ་ཁུར་ནས་ས་ལ་ཕོག །ཇ་སྐོལ་དུ་བཅུག་འཐུངས་ནས། ད་དུང་དེའི་ཐོག་ཏུ་གང་ཡོད་བསྣན་ནས་མང་དུ་བཏང་། ཁྲེས་པོ་བཏེགས་ཏེ། ད་སོང་གཞན་ལ་ངས་རྐུས་ཡོང་མ་ཟེར། ང་ལ་གནང་སོང་གྱིས། ཕྱིན་ཆད་གཞན་ལ་དེ་འདྲ་མ་བྱེད་ཅེས་ཁ་ཏ་བསླབ་བྱ་མཛད་མི་དེ་རང་ཡུལ་དུ་བཏང་བས། རྗེས་སུ་བསྔོ་བ་སྨོན་ལམ་ཀྱང་བྱས་ཟེར་བའི་དགེ་སློང་བྱང་ཆུབ་སེམས་དཔའ་ཞིག་བྱུང་། དེས་ན་དེ་འདྲའི་ཇག་པ་རྐུན་མ་བྱུང་ནས་རང་གི་ནོར་ཐམས་ཅད་ཁྱེར་ན་ཡང་། དགའ་ཞིང་སྤྲོ་བཞིན་བསྔོ་བ་དང་སྨོན་ལམ་འདེབས་ཐུབ་པ་བྱུང་ན། བྱང་ཆུབ་ཀྱི་སེམས་རྒྱུད་ལ་འབྱོངས་པའི་རྟགས་ཡིན། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་ངས་བཤད་དོ། །ཡང་འཁྲུལ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ཀྱང་དངངས་གྱུར་ན། །རྣལ་འབྱོར་ཅན་གྱིས་ཤ་མི་ཟ། །གསུངས་པ་ལྟར། འཕགས་པ་ཀ་ཏ་ཡ་ན་འབྲུམ་བུ་མེ་དབལ་ནག་པོས་སྙུང་བ་ལ། སྨན་པས་ར་ཤ་དང་ར་ཁྲག་ཕྱི་ནང་གཉིས་ཀར་གཏོང་བར་ཞུས་པས། བསླབ་པ་ལས་འགལ་བ་ལས་འཆི་བ་དགའ་གསུངས་ནས། མ་བཞེས་པར་མྱ་ངན་ལས་འདས་པ་དང་། འགྲོ་མགོན་ཕག་མོ་གྲུ་པས་བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་། །ཁ་ན་མ་ཐོ་བའི་ཟས་ཤ་ལ་སོགས་པ་གཏན་ནས་སྤངས་པས། ཚིལ་བུའི་སྡོར་ཙམ་བཏབ་པའི་ཐུག་པའང་མི་བཞེས་ཤིང་། སྐུ་མྱ་ངན་ལས་འདའ་ཁར་དུག་གི་སྙུང་གཞི་བྱུང་བ་ལ། སྔགས་ཀྱིས་བཏབ་པའི་ཆང་གི་ཉིང་ཁུ་ཞལ་གང་བཞེས་ན་ཕན་པར་གསལ་བཞིན་དུ། སྐུ་སྲོག་དང་བདོས་ནས་སྤངས་པར་གསུངས། རྗེ་སྟག་ལུང་ཐང་བ་སྐུ་གཤེགས་ཁར་བཞེས་ཐུག་ལ་ཚིལ་བུའི་སྡོར་བཏབ་ན་སྙིང་དྭངས་འགྲོ་བར་ཞུས་པ་ལ། མི་ཚེ་ཧྲིལ་བོ་བསྲུང་ཐུབ་ནས། ཤི་ཁར་སྡོམ་པ་ཉམས་པས་ཅི་རུང་གསུངས་མ་གསན་པར་སྐུ་གཤེགས་པ་དང་། དགེ་བཤེས་ཁ་རག་པའི་སྐུ་ཚེ་སྔ་མར། ཚེ་རབས་ལྔ་བརྒྱའི་བར་དུ་ཤ་མ་བཞེས་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་པའི་མཐུས། སྐུ་རིང་དེ་ལ་ཇོ་མོ་ཁ་རག་གི་རི་ཁྲོད་དེ་ན་བཞུགས་དུས། བྱ་རི་དྭགས་ཐམས་ཅད་ཉེ་དྲུང་དུ་འཁོད་ཅིང་། རྒྱུན་དུ་གནས་པའི་ཚེ་དབྱར་རི་དྭགས་མོ་རྣམས་ཀྱི་འོ་མ་ཡང་བཞོས་ནས་འཐུང་སྐད། རྒྱལ་སྲས་རིན་པོ་ཆེས། སྐུ་ཚེ་དེ་ལ་དགོངས་ལོ་ལྔ་བཅུ་ང་བདུན་བར་དུ་ཤ་གཏན་ནས་མ་བཞེས་ཤིང་། སློབ་མ་གཞན་ལ་ཡང་ཉིད་ཀྱི་ཞལ་ནས། ཐོག་མེད་དུས་ནས་གཉེན་གྱུར་སྲོག་ཆགས་རྣམས། །ལས་ཀྱི་ཤི་ནའང་མཆི་མ་འབྱུང་རིགས་ན། །དེ་དག་ཤ་ཡི་ཆེད་དུ་བསད་པའི་ཤ།།ཟ་བར་རིགས་པ་མ་ཡིན་ཤེས་རབ་གྲུབ། །གསུངས། ཇོ་བོ་རྗེ། འབྲི་གུང་སྐྱོབ་པ་ཡབ་སྲས། སྟག་ལུང་ཐང་པ་སོགས་སྐྱེས་ཆེན་མང་པོ་ཞིག་གིས། བུ་རམ་དང་སྦྲང་རྩི་སོགས་ལ་ཚོགས་དང་། འོ་མ་དང་ཞོ་སོགས་ལ་ཚོགས་ཆང་མཛད་པའི་ལོ་རྒྱུས་ལ། དཔོན་སློབ་ལོ་ཆེན་ནི་རྗེས་སུ་ཡི་རངས་ཆེར་མཛད་ཅིང་། ཆོས་རྗེ་རྒོད་ཚང་སྣ་ཚོགས་རང་གྲོལ་གྱིས་ཀྱང་། དེང་སང་བན་དེ་ཕལ་མོ་ཆེས་ཟ་འདོད་འཐུང་འདོད་ཁོ་ནའི་ཆེད་དུ། ཚོགས་ཆང་བཟོས་ནས་བག་མེད་དུ་འཐུང་མཁན་ཚོ་བལྟས་ན་ནི། གོང་གི་ཇོ་བོ་དང་འབྲི་སྟག་སོགས་ཀྱི་མཛད་པ་དེ་ཡང་ཡ་མཚན་ཆེའོ། །གསུངས། དཔེར་ན་ཨ་མ་བཟང་མོ་དེས། རང་གི་བུ་བུ་མོའི་ཤ་གཏན་ནས་ཟ་འདོད་མི་སྐྱེ་བ་ལྟར། ཕ་མ་སེམས་ཅན་གྱི་ཤའི་རིགས་སུ་གྱུར་པ་གཏན་ནས་ཟ་འདོད་མི་སྐྱེ་བ་བྱུང་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་རྟགས་ཡིན། སྔོན་རྒྱ་གར་གྱི་རྒྱལ་པོ་ཞིག་གིས། འབངས་མི་ཞིག་ལ་ཆད་པ་གཅོད་ངེས་བྱུང་ཚེ། འཇིགས་ནས། ཕ་མ་བུ་གསུམ་ཡོད་པ་ཞག་བརྒྱད་ཀྱིས་སླེབ་པའི་ཡུལ་ཞིག་ལ་བྲོས་ནས་སོང་བས་ལམ་ནོར་ནས་ཞག་བཅུ་གཉིས་ལ་ཡང་མ་སླེབ་པར་ཀུན་ལྟོགས་ནས་ཤི་ལ་ཐུག་ཚེ། བུའི་ཕ་མའི་དྲིན་ལན་འཇལ་ཕྱིར་གཡང་ཞིག་ལ་མཆོངས་ནས་འཆི་རུ་བཅུག་པས། ཕ་མ་གཉིས་ཀྱིས་བུའི་ཤ་ཟ་མི་འདོད་ན་ཡང་། སྲོག་མི་འཆད་པར་འགྲོ་སར་སླེབ་ཕྱིར། མི་འདོད་བཞིན་དུ་ཟ་དགོས་བྱུང་བ་ལྟར། བྱང་ཆུབ་སེམས་དཔའ་ལ་ནམ་ཡང་ཤ་ཟ་འདོད་ཀྱི་སྲེད་པ་གཏན་ནས་མི་སྐྱེ་ན་ཡང་། ལོ་ལོན་ལུས་ཟུང་ཟད་ཟས་གཞན་གྱིས་མ་ཕན་ཚེ། གཞན་དོན་དུ་ལུས་སྲོག་འཚོ་བའི་ཕྱིར་མི་ཟ་ཐུ་མེད་འདྲ་བྱུང་ནས་ཤ་ཟ་དགོས་བྱུང་ཚེ། འདོད་སྲེད་གཏན་ནས་མི་སྐྱེ་བར་མ་ཟད་སེམས་ཅན་དེ་ལ་དམིགས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་ན། བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། ཡི་དམ་ཕྱག་ན་རྡོ་རྗེའི་ཞལ་ནས། ལས་ཀྱི་རྡོ་རྗེ་ཚེ་འདི་ལ་བློ་ལོག་ན་ལྟོ་གོས་ཀྱིས་ཕོངས་ཀྱང་མི་འགྱོད། བླ་མའི་བཀའ་དང་མ་འགལ་ན། དམ་ཚིག་ཉམས་ཟེར་ཡང་མི་འགྱོད། དལ་འབྱོར་ཆུད་མ་ཟོས་ན། ཆོས་མ་བྱས་ཟེར་ཡང་མི་འགྱོད། སེམས་ལ་གཡོ་སྒྱུ་མེད་ན། འཕགས་པ་མ་མཉེས་ཟེར་ཡང་མི་འགྱོད། སྟོང་ཉིད་སྙིང་རྗེ་དང་མ་བྲལ་ན། ཆོས་སྤྱོད་ཞན་ཟེར་ཡང་མི་འགྱོད། མཉམ་པ་ཉིད་ཀྱི་རྟོགས་པ་ཤར་ན། གང་ཟག་གིས་གཤེ་ཡང་མི་འགྱོད་པས། དེ་རྣམས་དང་ལྡན་པ་ཞིག་བྱེད་དགོས་གསུངས་པ་ལྟར་བྱུང་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་གསུངས། ཡང་བློ་སྦྱོང་རྒྱུད་ལ་མ་སྐྱེས་པའི་རྟགས་ལ་འདི་འདྲ་འབྱུང་སྟེ། སྔོན་ལམ་ཁ་ཞིག་ནས་དགེ་སློང་གཅིག་ལ་གྲྭ་པ་ཁ་རྒོད་ཞིག་འཕྲད་ཚེ། ཁྱོད་སུ་འདྲ་ཞིག་ཡིན་ཞེས་དྲིས་པས། བློ་སྦྱོང་བ་ཞིག་ཡིན་བྱས་པས། གྲྭ་པ་ན་རེ། ཁྱོད་བློ་སྦྱོང་བ་ཡིན་ན་ཁྱོད་ཀྱི་ཕའི་ཤ་ཟོ་བྱས་པས། ཁོ་ངོ་མདངས་འགྱུར་བརྡུང་རེ་རྒྱག་གྲབ་བྱས་ཚེ། ངས་ཁྱོད་ལ་ཀུ་རེ་བྱས་བློ་མ་འབྱོངས་འདུག་པས་ད་དུང་བློ་སྦྱོངས་ཟེར་སྐད། དེ་བཞིན་དུ་ཚིག་ངན་རེ་ཙམ་ཡང་མི་ཐེག་ན་བློ་མ་འབྱོངས་པ་ཡིན། ཡང་སྔོན་རྒྱལ་བ་འབྲི་གུང་པས་སློབ་མ་མང་པོ་གངས་རིར་བཏང་། ལོ་ཁ་ཤས་སྒྲུབ་པ་བརྒྱབས་ནས་འོངས་པ་ལ་ཁྱེད་རྣམས་ཀྱི་རྒྱུད་ལ་ཉམས་རྟོགས་ཡོན་ཏན་ཅི་འདྲ་སྐྱེས་གསུངས་པས། ནང་ནས་དབུ་མཛད་ན་རེ། སྒྱུ་ལུས་འབྱོངས་ལགས་ཞུས་པས། ཁྱོད་རྗེས་སུ་གཅིག་སྡོད་གསུངས་བསྡད་ཚེ། ཁྱོད་ཀྱིས་སྒྱུ་ལུས་འབྱོངས་པ་ལགས་ཏེ། ཁྱོད་ལ་གངས་རི་ནས་བུད་མེད་ཀྱི་གཏམ་ངན་ཞིག་བྱུང་བ་དེ་བདེན་ན་ཤིན་ཏུ་མ་ལེགས་པ་ཞིག་བྱུང་གསུངས་ཚེ། ཁོ་ངོ་མདངས་འགྱུར་ནས། དེ་སུས་སྐུ་མདུན་དུ་ཞུ་མཁན་བྱུང་། ངས་ཡིད་ལ་ཡང་མ་ཤར་ན་ང་ལ་འདི་འདྲའི་གཏམ་ངན་སྒྲོག་པ་ཟེར་ཚིག་ངན་མང་པོ་ལབ་ཚེ། ཁོང་གིས་ངས་ཁྱོད་ལ་ཀུ་རེ་བྱས་པ་ཡིན། སྒྱུ་ལུས་མ་འབྱོངས་འདུག་པས་ད་དུང་སྦྱོངས་གསུངས་སྐད། དེས་ན་གཏམ་ངན་རེ་རྣ་བས་ཐོས་ཚེ་མི་བཟོད་ན་བློ་སྦྱོང་རྒྱུད་ལ་མ་སྐྱེས་པ་ཡིན། སྔོན་བླ་མ་ཞིག་གིས་ཤའི་ཉེས་དམིགས་མང་པོ་བཤད་ཚེ། དེའི་ཉིན་ཉེ་གནས་ཀྱིས་ཚོད་བརྟགས་ཕྱིར་ཤ་སྐུ་མདུན་དུ་མ་ཁྱེར་བས། བླ་མས་ཤ་ཁྱེར་ཤོག་བྱས་པས། ཉེ་གནས་ཀྱིས་དེ་རིང་ཁོང་གིས་ཤའི་ཉེས་དམིགས་མང་པོ་གསུངས་ཚེ། མི་བཞེས་སམ་སྙམ་ཁྱེར་འོང་མ་ནུས་བྱས་པས། དེ་ཁས་བཤད་ཚོད་རེད། ད་ཤ་ཚོད་ཁྱེར་ཤོག་ཟེར་སྐད། ལ་དག་པ་གཅིག་ན་རེ། བཤད་རྒྱུད་དེ་བླ་མ་ཚོས་བཤད་ཡོང་ཏེ། གོ་རྒྱུ་དེ་བླ་མས་ཀྱང་གོ་མི་ཡོང་ཟེར་བ་ལྟར། ཁས་ཆོས་བཤད་མང་པོ་བྱས་ཀྱང་། ལག་ལེན་ལ་མི་ཐེབས་ན་བློ་སྦྱོང་རྒྱུད་ལ་མ་སྐྱེས་པའི་རྟགས་ཡིན། སྔོན་ཇོ་བོ་རྗེ་སྟོད་མངའ་རིས་ན་བཞུགས་དུས་བོད་པའི་དྲུང་ཡིག་ཅིག་ཡོད་པ་ཉིན་གཅིག་དཔེ་ཆ་ལ་སྣག་ཚ་བོ་བ་གཟིགས་ནས་འགྲམ་ལྕག་ཅིག་བཏང་། རྗེས་སོར་དབུས་གཙང་དུ་སླེབས་ནས་ཡང་དྲུང་ཡིག་གིས་སྣག་ཚ་བོ་ནས་མ་དཔེ་བརྫད་པ་གཟིགས་ནས་ཡང་འགྲམ་ལྕག་ཚ་བོ་ཞིག་བཏང་ཚེ་ཁོ་ཚིག་པ་ཟོས་ནས་ང་ལ་འགྲམ་ལྕག་ལན་གཅིག་མིན་ལོ་སྔ་མ་མངའ་རིས་ནས་ཀྱང་གཅིག་བཏང་། ད་ལན་ཡང་གཅིག་བཏང་ཞེས་ཚིག་ངན་སྨྲས་པའི་ཚེ། ཇོ་བོ་རྗེས། ངེད་རྒྱ་གར་བ་ད་ལྟ་ཁོང་ཁྲོ་ལངས་ཀྱང་ད་ལྟ་ཞི་ནས་སེམས་ལ་བཞག་རྒྱུ་མི་འོང་། ཁྱེད་བོད་ཀྱི་མི་འདི་བསམ་པ་ངན་པར་འདུག་གསུངས་སྐད། དེས་ན་བོད་ཀྱི་སྐུ་དྲག་བསམ་པ་ངན་པ་ཁ་ཅིག་གིས། སྔར་གཞན་གྱིས་གནོད་པ་རེ་བསྐྱལ་བ་ཞེ་ལ་བཞག་ནས་ཕྱིས་གནོད་ལན་འཇལ་ཐུབ་པའི་དུས་བྱུང་ཚེ། གནོད་ལན་ཅི་འཁྱོལ་བསྐྱེལ་ཞིང་། གལ་ཏེ་ཕའི་རིང་ལ་བསྐྱེལ་མ་ཐུབ་ན་ཞེ་ལ་བཞག་ནས་བུའི་རིང་ལ་གནོད་བསྐྱེལ་བ་ལྟར། བསམ་ངན་ཡིད་ལ་བཞག་ནས་ནམ་ཡང་མི་བརྗེད་པར་དྲན་ཅིང་། གནོད་ལན་དུ་གནོད་བསྐྱེལ་སྙམ་པ་ཡིད་ན་ཡོད་ཕྱིན། བློ་སྦྱོང་རྒྱུད་ལ་མ་སྐྱེས་པའི་རྟགས་ཡིན་གསུངས། དེ་ལྟར་བློ་སྦྱོང་རྒྱུད་ལ་སྐྱེས་མ་སྐྱེས་ལེགས་པར་བརྟགས་ནས་རྒྱུད་ལ་སྐྱེས་པའི་རྟགས་ཁྱད་པར་ཅན་དེ་དག་རྣམས་དང་ལྡན་པ་ཞིག་བྱའོ། །སྨྲས་པ། རབ་གུས་མཆོད་བསྟོད་བཀུར་ལ་མི་ཆགས་ཤིང༌། །རབ་མང་གནོད་པ་བྱེད་ལ་མི་སྡང་བར། །རབ་ཡངས་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །རབ་མཆོག་བླ་མ་རྗེ་ཡིས་འགྲོ་ཀུན་སྐྱོངས། །གཞོན་ནུ་སོ་དཀར་དུས་སུ་བློ་སྦྱངས་པས། །མགོ་བོ་དཀར་པོར་སོངས་ཀྱང་བློ་རེ་བདེ། །ལུས་སེམས་གཉིས་པོ་བདེ་ཞིང་སྐྱིད་པའི་མོད། །མགུར་དབྱངས་སྐད་གསེང་མཐོན་པོས་ལེན་སྙིང་འདོད། །ཚིགས་སུ་བཅད་པའི་ལེགས་བཤད་སྙན་མོ་ཡིས། །ཐོས་ཚད་ཡིད་ལ་དགའ་བ་བསྐྱེད་པར་ནུས། །དེ་ཕྱིར་དད་ཅན་རྣམས་ཀྱིས་ཐོས་པའི་མོད། །སེམས་ལ་ཕན་ཐོགས་འབྱུང་བའི་མགུར་དབྱངས་འཐེན། ཐེག་པ་ཆེ་ཆུང་ཆོས་རྣམས་ཐམས་ཅད་ཀྱི། །དགོས་པ་བདག་འཛིན་ཕུང་རྒན་འདུལ་ལ་འདུས། །དམ་ཆོས་བདག་འཛིན་གཉེན་པོར་མ་སོང་ན། །བྱས་ཚད་ཐམས་ཅད་དོན་མེད་སོང་བ་ཡིན། །བདག་འཛིན་ཉོན་མོངས་གཉེན་པོར་སོང་ཙ་ན། །བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཀྱི་མཆོག །ལྷ་ཆོས་བྱས་ཚད་གནད་དུ་སོང་མ་སོང་། །ཁྱད་པར་འདི་ནི་ཡོད་པས་ཆོས་པ་ཀུན། །སྲང་ལ་འཇལ་བའི་རྒྱ་མ་འདི་ཡིན་གསུངས། །ཆོས་པ་བཟང་པོ་བྱ་བ་དེ་ཡིན་ཞེས། །གཞན་གྱིས་མ་ཁྲེལ་དཔང་པོ་ཡིན་མོད་ཀྱང་། །རང་གི་སེམས་ལ་རང་གིས་མ་ཁྲེལ་བ། །བྱུང་ན་དཔང་པོའི་གཙོ་བོ་ཡིན་པར་གདའ། །མི་འདོད་རྐྱེན་ངན་ཅི་བྱུང་བློ་སྦྱོང་གི །ལམ་དུ་ཁྱེར་ན་ཆོག་གོ་སྙམ་པ་ཡི། །བློ་གདེང་ཡོད་ན་བློ་སྦྱོང་འབྱོངས་པའི་ཚད། །རྟ་རྩལ་ཅན་གྱི་མི་དེ་རྟ་ཐོག་ནས། །ཡེངས་ཀྱང་སྟེང་ནས་ས་ལ་མི་ལྷུང་ལྟར། །གློ་བུར་གནོད་བྱེད་རྐྱེན་ངན་ཅི་བྱུང་ཡང་། །དེ་ལ་ཞེ་སྡང་ལ་སོགས་མི་སྐྱེ་བར། །རྐྱེན་ངན་ཅི་བྱུང་ཐམས་ཅད་བློ་སྦྱོང་གི །གྲོགས་སུ་འགྲོ་བར་འདུག་ན་བློ་སྦྱོང་ཆོས། །རྒྱུད་ལ་སྐྱེས་པའི་རྟགས་ཚད་བཟང་པོ་ལགས། །དེ་ལྟར་འབྱོངས་རག་བར་དུ་འབད་པར་བྱ། །བློ་སྦྱོང་རྒྱུད་ལ་འབྱོངས་རྟགས་བྱུང་ཟེར་ནས། །ཕྱིན་ཆད་སྦྱོང་མི་དགོས་པ་མ་ཡིན་པས། །བློ་སྦྱོང་རྒྱུད་ལ་སྐྱེས་རྟགས་ཅི་བྱུང་ཡང་། །ད་དུང་ཡང་ཡང་འབད་ནས་སྦྱང་བར་བྱ། །བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཚད་དང་། །ལྡན་པའི་སྐྱེས་བུ་དམ་པ་སུ་ཡིན་ཀྱང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བཞིན། །ཀུན་གྱིས་སྤྱི་བོར་བཀུར་ནས་མཆོད་པར་འོས། །དེ་ལྟར་བློ་སྦྱོང་སྒོམ་པའི་གང་ཟག་རྣམས། །སྐྱེ་བ་ཕྱི་མར་འགྲོ་སའི་ལམ་གཅིག་ཅིང་། །སངས་རྒྱས་ཞིང་གཅིག་རིགས་ཀྱི་བདག་པོ་གཅིག །སངས་ཡང་མཉམ་པོར་རྒྱ་བའི་སྐལ་བ་ཡོད། །རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་མཆོད་ཀུན། །སྐྱེ་བ་ཕྱི་མར་དག་པའི་ཞིང་ནས་མཇལ། །ངོ་མཚར་སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། །ལྷན་དུ་སོང་ནས་རྒྱལ་བ་མཆོད་གྱུར་ཅིག །ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

༈ དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། རྒྱལ་སྲས་རིན་པོ་ཆེས། ང་བློ་སྦྱོང་བ་ཡིན་ཟེར་ནས་བསླབ་པ་ཕྲ་མོ་ཁྱད་དུ་གསོད་པ་སྤངས་ཏེ། བསམ་པ་བློ་སྦྱོང་དང་ལྡན་པའི་སྒོ་ནས། སོ་ཐར་ནས་རྡོ་རྗེ་ཐེག་པའི་བར་རང་གིས་ཇི་ལྟར་ཁས་བླངས་པའི་བསླབ་པ་རྣམས་མ་ཉམས་པར་བསྲུང་བར་བྱའོ། །བསླབ་བྱ་ཕྲ་མོ་ཡིན་ཡང་ཁྱད་དུ་བསདན་ཤིན་ཏུ་ཉེས་པ་ཆེ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ལ། བཙུན་ཆུང་གཅིག་ཆོས་ཉན་དུ་བྱུང་བས། ཁྱོད་འོད་སྲུངས་ཀྱི་བསྟན་པ་ལ་རྨ་འབྱིན་པར་མ་ཟད། ངའི་བསྟན་པ་ལའང་རྨ་འབྱིན་པར་བྱེད་དམ། རང་གི་གཟུགས་ཀྱིས་ཆོས་ཉོན་གསུངས་པས། བཙུན་ཆུང་དེ་ལོག་སོང་། ཕྱིར་ཉིན་སྦྲུལ་ཆེན་པོ་ཞིག་གི་མགོ་ལ། ཤིང་ཨེ་ལའི་འདབ་ཀྱི་སྡོང་པོ་ཆེན་པོ་སྐྱེས་པ་ཞིག་བྱུང་བ་ལ་མི་ཐམས་ཅད་སྐྲག་ནས་བྲོས་པས། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལ་མ་འཇིགས་ཤིག །ཁར་སང་གི་བཙུན་ཆུང་དེ་ཡིན་གསུངས། འོ་ན་འདིའི་རྒྱུ་ཅི་ཡིན་ཞུས་པས་འདི་འོད་སྲུངས་ཀྱི་དགེ་སློང་ཡིན་པ་ལ། ཁོ་བྲེལ་བ་ཞིག་གི་དུས་སུ་ལམ་འགག་གཅིག་ཏུ་ཤིང་ཨེ་ལའི་འདབ་ཀྱི་ཡལ་ག་ལ་ཆོས་གོས་ཐོགས་པས་དགེ་སློང་ཁྲོས་ཏེ། བསླབ་པ་ཁྱད་དུ་བསད་ནས་ཤིང་བཅད་པས་འདི་ལྟར་གྱུར་པ་ཡིན་གསུངས། དེས་ན་བསླབ་པ་ཕྲ་མོ་ཚུན་ཆད་མ་ཉམས་པར་བསྲུང་བར་བྱའོ། །སྔོན་སློབ་དཔོན་ཇོ་བཙུན་བྱ་བའི་དགེ་བཤེས་བཟང་པོ་ཞིག་གིས་བླ་མའི་དུས་མཆོད་བཅད་པས། ཚལ་པའི་དཔོན་དགའ་དེས་ཁོང་གི་སློབ་མ་གཅིག་ལ་ད་ལྟ་དབུས་གཙང་གི་དགེ་བཤེས་ཙམ་ལ་ཁོང་བཟང་བར་འདུག་པ་བླ་མའི་དུས་མཆོད་གཅོད་པ་རང་མི་འཐད་དམ་བྱས་པས། ཁོས་སློབ་དཔོན་གྱི་དྲུང་དུ་ཕྱིན་ཏེ་མི་ཀུན་འདི་སྐད་ཟེར་བྱས་པས། ང་བླ་མ་ལ་མོས་གུས་མེད་པའམ། ཆ་རྐྱེན་འཕངས་པ་མིན། དེ་ལ་དམིགས་ནས་ཚོང་པ་མང་པོ་ཡོང་བར་གདའ་བ་དང་། དགེ་འདུན་རྣམས་གཡེངས་ནས་དགེ་སྦྱོར་འཆག་པ་དང་། བཙུན་པ་གཉེན་པོ་ཆུང་ཆུང་རྣམས་ཆུད་ཟ་བར་འདུག་པས་བཅག་པ་ཡིན། སྡོམ་གསུམ་ལ་ཉེས་ལྟུང་གིས་མ་གོས་པ་ཞིག་བྱེད་ཀྱིན་ཡོད། འདིས་ཐུགས་དགོངསརྫོགས་མཆི་གསུངས་པ་ལ། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། དུས་མཆོད་རང་དེ་བཟང་བར་འདུག་ངོ་མཚར་ཆེ་གསུངས། བདག་གཅེས་འཛིན་མེད་པར་གཞན་གྱིས་གོ་བར་བྱ་བའི་ཕྱིར། ཤིང་གཉན་གཅོད་པ་དང་། མཛེ་ཕོ་དང་འགྲོགས་པ་ལ་སོགས་པ་ཐོ་ཅོའི་སྤྱོད་པ་རྣམས་སྤངས་ཏེ། དགེ་བཤེས་སྟོན་པས་རྭ་སྒྲེང་དུ་བསྟན་པའི་སྲོལ་བཙུགས་པའི་བཀའ་གདམས་ཀྱི་རྣམ་ཐར་དང་མི་འགལ་བར་བྱའོ། །མིའི་གནོད་པ་བཟོད་ལ། ལྷ་འདྲེའི་གནོད་པ་མི་བཟོད་པ་དང་། ཆེ་བ་ལ་གུས་ལ་ཆུང་བ་ལ་བརྙས་པ་དང་། གཉེན་ལ་བྱམས་ལ་དགྲ་ལ་སྡང་བ་ལ་སོགས་ཕྱོགས་རེ་བ་ཐམས་ཅད་སྤངས་ལ། ཐམས་ཅད་ལ་བློ་འབྱོངས་པར་བསླབ་བོ། །བསམ་པ་སྔར་རང་གཅེས་པར་འཛིན་པ་ཏེ། ད་བདག་པས་གཞན་གཅེས་པར་བསྒྱུར་ལ། ལུས་ངག་གི་སྤྱོད་པ་གྲོགས་ཆོས་མཐུན་རྣམས་དང་འདྲ་བར་སོ་ཐུབ་པར་བྱ་སྟེ། བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་ལ་ཆོད་ཆེ་བ་ཞིག་བྱེད་དགོས་ཞེས་འཆད་ཁ་བ་ལ་གསུངས་པས། གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པ་ཞིག་བྱའོ། །གཞན་ལ་འཇིག་རྟེན་པའི་སྐྱོན་ཞར་བ་ལ་སོགས་དང་། ཆོས་ཀྱི་སྐྱོན་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་མི་སྙན་པའི་ཚིག་རྣམས་མི་བརྗོད་པའོ། །སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་ཆོས་སྒོར་ཞུགས་པ་རྣམས་ལ་སྐྱོན་མཐོང་ན། ང་རང་སྣང་བ་མ་དག་པ་ཡིན་གྱིས། ཁོང་བ་ལ་དེ་འདྲའི་སྐྱོན་ཡོད་ཉེན་མེད་སྙམ་དུ་བསམ་ལ་གཞན་སྐྱོན་རྟོགས་པའི་བློ་དེ་སྤང་བར་བྱའོ། །འགའ་ཞིག་གིས་ལ་ལ་ལ་འཕྱ་སྨོད་བཏང་ཙ་ན། ནཱ་རོ་པས་ཏེ་ལོ་པ་ཉ་བཤའ་བ་ལ་སོགས་སུ་མཐོང་བ་དང་། སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་ཉོ་ཚོང་བྱེད་པར་མཐོང་བ་སོགས་ཀྱི་གཏམ་རྒྱུད་གསུངས་ནས། འོ་སྐོལ་རང་བློ་མ་དག་པ་ཡིན། ཁོང་ཀུན་ཅི་འདྲ་ཡིན་མི་ཤེས། ལར་ཡང་འོ་སྐོལ་གྱིས་མི་ལ་སྐྱོན་བརྗོད་མང་པོ་བྱས་ཙ་ན། འོ་སྐོལ་ལ་ཡང་ཐམས་ཅད་ཀྱིས་ཚུར་འཐབ་པ་ཞིག་རྟེན་འབྲེལ་གྱིས་ཅིས་ཀྱང་འོང་གསུངས། དེས་ན་གཞན་སྐྱོན་རྟོགས་པའི་བསམ་སྦྱོར་སྤང་བར་བྱའོ། །རང་རྒྱུད་ལ་ཉོན་མོངས་པ་གང་ཆེ་བརྟགས་ནས། གང་ཆེ་བ་དེའི་གཉེན་པོར་ཆོས་ཐམས་ཅད་སྤངས་ནས། དེ་ཉིད་ཐོག་མར་བཏུལ་ལོ། །བློ་སྦྱོང་བྱས་པས་ཚེ་འདིའི་རྙེད་བཀུར་ལ་སོགས་པ་དང་། ཕྱི་མ་ལ་ལྷ་མིའི་བདེ་བ་དང་། རང་ཉིད་མྱ་ངན་ལས་འདས་པ་ཐོབ་པ་ལ་སོགས་པ་རང་འདོད་ཐམས་ཅད་སྤང་བར་བྱའོ། །དངོས་པོའི་བདེན་འཛིན་དང་། བདག་གཅེས་འཛིན་གྱི་རྣམ་རྟོག་འདྲེས་པའི་དགེ་སྦྱོར་ཐམས་ཅད་ཟས་དུག་ཅན་དང་འདྲ་བས་དེ་སྤང་བར་བྱའོ། །ཕ་རོལ་གྱིས་གདོན་པ་བྱས་པ་ལ་འཁོན་དུ་བཟུང་ནས། འཁོན་དེ་ལས་ནམ་ཡང་མི་ལྡོག་པ་དེ་སྤང་བར་བྱའོ། །གཞན་གྱིས་ཚིག་ངན་སྨྲས་པའི་ལན་དུ་གཞན་གྱི་བློ་ལ་གནོད་པའི་ཚིག་ངན་མི་སྨྲ་ཞིང་ཉེས་པ་བྱུང་ན་འདིས་ལན་ཞེས་མི་སྨྲའོ། །སྔོན་མུ་སྟེགས་སྟོན་པ་ལ་ཕྱོགས་པའི་ཀུན་ཏུ་རྒྱུ་ཞིག་གིས། ཀུན་དགའ་བོ་ལ། ཁྱེད་ཀྱི་དགེ་སྦྱོང་གོའུ་ཏ་མ་ཡོན་ཏན་ཆེན་པོ་དང་ལྡན་ཟེར་བ་རྫུན་ནོ། །ཡང་དག་པ་ཁོ་བཙས་ནས་ཞག་བདུན་ལོན་པ་ན་མ་ཤི་བས་སྡིག་ཅན་ཡིན་པར་མངོན་ནོ། །ཡབ་རྒྱལ་པོ་དང་ཆུང་མ་རྣམས་ཀྱི་གདོང་མཆི་མས་གང་བཞིན་བསྐྱུར་ནས་བྲོས་པས་ཁྲེལ་མེད་པ་ཡང་ཡིན་པར་མངོན་ནོ་ཞེས་ངན་སྨྲས་བྱས་སོ། །ཡང་མུ་སྟེགས་སྟོན་པ་དྲུག་གིས། སྟོན་པ་སངས་རྒྱས་ལ་ཕྲག་དོག་གི་དབང་གིས་འདི་སྐད་སྨྲས་ཏེ། གོའུ་ཏ་མ་འདིས་ཅི་ཡང་མི་ཤེས་ཕོ་བྲང་ནས་བྱུང་སྟེ་བྱང་ཆུབ་ཤིང་དྲུང་ན་འདུག་འདུག་ནས། ང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ཟེར་བ་རྫུན་ནོ། །དེ་ཡིན་ན་རྒྱལ་པོ་ཨ་ཁྱི་ཏས་བསོད་སྙོམས་སྦྱིན་པར་བོས་ནས། རྟ་ཆས་འབའ་ཞིག་བྱིན་ཏེ་ངན་དུ་བྱས་ཀྱང་མ་ཤེས་ཏེ་དེར་སོང་བས་ན་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཡང་ཀུན་དགའ་བོ་ལ་ཀུན་དགའི་ར་བ་ན་བྱ་མང་པོ་ཅིའི་ཕྱིར་ཅ་ཅོའི་སྐད་འབྱིན་ཞེས་དྲིས་ན། བྱ་མང་པོ་ཟས་ཕྱིར་རོ་ཞེས་སྨྲས་སོ། །དེ་དང་སྦྱར་ན་ཐམས་ཅད་ཤེས་པ་མ་ཡིནནོ། །བཙས་མ་ཐག་ཏུ་མ་ཡང་ཤི་བས། བཀྲ་མི་ཤིས་ཏེ་སྡིག་ཅན་ཡང་ཡིན་ནོ། །ཕ་མ་ལ་རིམ་གྲོ་མི་བྱེད་པར་རི་ལ་ལངས་ཏེ་སོང་པས་དྲིན་མི་ཤེས་པ་ཡིན་ནོ། །ཆུང་མ་བླངས་པ་ལ་ཡང་ཆུང་མའི་བྱ་བ་མ་བྱས་པར་བོར་ནས་སོང་བས་ཁྲེལ་མེད་པ་ཡང་ཡིནནོ། །དཔེར་ན་རླུང་ཆེན་པོ་ལངས་ན་ཤིང་ལོ་ཐམས་ཅད་ལྷན་ཅིག་སྤུངས་པ་ལྟར་སངས་རྒྱས་ཀྱི་ཆོས་ཀྱང་དེ་དང་འདྲའོ། །བྱ་མང་པོ་མིས་བོར་བའི་ཁ་ཟས་ལ་འདུ་བ་ལྟར། འཁོར་ཡང་དེ་དང་འདྲ་སྟེ་ཅི་རྙེད་རྙེད་ལེན་ཅིང་ཟའོ། །དེས་ན་དགེ་སྦྱོང་གོའུ་ཏ་མ་འཁོར་བཅས་ལ་སུ་ཞིག་མཆོད་པ་བྱ་བར་སེམས་ཞེས་སྐུར་བ་བཏབ་བོ། །དེས་ན་སངས་རྒྱས་ལ་ཡང་དེ་འདྲའི་སྐུར་བ་འདེབས་མཁན་བྱུང་ན། འོ་སྐོལ་ལ་སྨོས་ཅི་དགོས་སྙམ་དུ་གཞན་གྱིས་གཤེ་སྐུར་སྣ་ཚོགས་པ་བྱེད་མཁན་བྱུང་ཡང་ལན་དུ་ཚིག་ངན་མི་སྨྲ་བར་ཁ་རོག་པར་གནས་པར་བྱའོ། །གཞན་ཡང་གྲུབ་ཐོབ་ཨོ་རྒྱན་པ་ལ་སློབ་མ་རྣམས་ཀྱིས་ཞུས་པ། བྱང་ཆུབ་སེམས་དཔའ་གཞན་དོན་བྱེད་པ་ལ་མི་ཁ་དང་གཤེ་སྐུར་ལ་མི་འཇིགས་པ་ཞིག་དགོས་གསུངས་པ་དེ་ལ་ཇི་ལྟ་བུ་ཞིག་དགོས་ལགས་ཞུས་པས། དེ་འདི་ལྟར་ཡིན་མོད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཐེག་པ་ཆེན་པོ་ཁས་བླངས། འགྲོ་བ་སེམས་ཅན་གྱི་དོན་ལ་ཞུགས་པའི་དུས་སུ། ཕྱི་མིས་གཤེ་སྐུར་དང་ངན་སྨྲ་ལ་མི་འཇིགས་པ་ཞིག་དགོས་པ་ཡིན། གཤེ་སྐུར་དང་ངན་སྨྲ་ལ་འཇིགས་ན། ཐེག་པ་ཆེན་པོ་མི་ཡོང་། གཏམ་ངན་དང་སྒྲོ་སྐུར་ལ་འཇིགས་ན་ཐེག་པ་ཆེན་པོ་མི་བཏུབ། མ་ཉེས་པའི་ཁ་ཡོགས་དང་། འཕྱར་ཁ་ལ་འཇིགས་ན་ཐེག་པ་ཆེན་པོ་མི་ཡོང་བས། བདེ་སྡུག་དང་མཐོ་དམན་གང་བྱུང་ཡང་། ཆོས་ཉིད་ཀྱི་ཀློང་དུ་རྒྱག་པ་གཅིག་དགོས་པ་ཡིན། དེའི་རྒྱུ་མཚན་ཐེག་པ་ཆེན་པོ་ཟེར་བ་མི་དེས་གོ་མོད། བྱང་ཆུབ་སེམས་དཔའ་ཟེར་བ་དེ་ཡང་སེམས་ཅན་དཔག་ཏུ་མེད་པའི་དོན་འགྲུབ་པ་ལ་ཟེར་བ་ཡིན་མོད། སེམས་ཅན་གྱི་དོན་མི་འགྲུབ་ན་སེམས་བསྐྱེད་ཀྱི་དགོས་པ་མེད། བསྟོད་སྨད་དང་གཤེ་སྐུར་ལ་སོགས་པའི་སྙན་པ་དང་། མི་སྙན་པ་དང༌། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་འགལ་མཐུན་ཐམས་ཅད་སེམས་དཔའ་གཞན་དོན་ལ་ཞུགས་པའི་དུས་སུ་ཡོང་བ་ཡིན་ཏེ། ཆོས་རྗེས་སྐྱ་བའི་ཞལ་ནས། འཕེན་ཟེལ་རིན་ཆེན་ལ་བལྟ་ཡི། །འགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་གསུངས་པས། ཉན་ཐོས་དང་ལྟ་སྤྱོད་མཐུན་པའི་སྤྱིལ་ཆུང་རེ་རུ་ཞུགས། ངག་ཏུ་སེམས་བསྐྱེད་པ་སྐད་དུ་ཟེར། འགྲོ་དོན་ལ་ཤི་བཟུར་ཀུ་བཟུར་དུ་བཟུར། བདེ་སྡུག་ལ་སྐྱོན་ཡོན་དུ་བལྟ། འགལ་རྐྱེན་དུམ་ཙམ་བྱུང་ན། བྱ་འཇོལ་མོ་བཞིན་དུ་ས་ཕྱོགས་གཞན་དུ་བཟུར་ནས་འགྲོ་བ་དེ་ལ། གཤེ་སྐུར་དང་ལོག་སྒྲུབ་གང་ན་ཡོང་། དཔེར་ན་མགོ་ཆག་དང་རྨས་མའི་རིགས་དེ་དཔའ་བོ་གཡུལ་དུ་ཞུགས་པ་ལས་ཡོང་བ་ལགས་མོད། སྡར་མ་ཝ་བྲོས་བྱེད་པ་ལ་རྨས་ག་ན་མཆི། དཔེ་དེ་བཞིན་དུ་བསྟོད་སྨད་དང་སྒྲོ་སྐུར་ལ་སོགས་པ་ཐེག་པ་ཆེན་པོ་གཞན་དོན་བྱེད་དུས་ཡོང་བ་ཡིན། དེའི་རྒྱུ་མཚན་ཡང་མ་རུངས་པ་འདུལ་བ་ལ་འཕྲིན་ལས་ཀྱང་བཞི་ཀ་དགོས། སྡོད་ས་ངེས་མེད་དུ་སྡོད་དགོས། ཟླ་བོ་སེམས་ཅན་དང་འགྲོགས་དགོས། སུ་མ་རུངས་པ་རྣམས་དང་འགྲོགས་དགོས་པ་ཡིན་མོད། དཔེར་ན་ཕྱུགས་མ་འཚོ་བའི་རྫི་བོ་དེ་བློ་མི་གསལ་བ་འདྲ། ཕྱུགས་རྫི་ཡང་དུས་ཐམས་ཅད་དུ་ཕྱུགས་དང་འགྲོགས་པ་ལས་ཤེས་པ་བླུན་པ་ལས་འོས་ཅི་ཡོད། དེ་དང་འདྲ་བ་སྨན་པ་མཁས་པ་དེ་དུས་རྟག་ཏུ་ནད་པ་དང་འགྲོགས་དགོས་ཏེ། ནད་པ་དང་འགྲོགས་མི་ནུས་ན་སྨན་པའི་བྱ་བ་མི་འགྲུབ། བརྟགས་པ་མཁན་པོ་དེ་དུས་རྟག་ཏུ་མཛེ་བོ་དང་འགྲོགས་དགོས་ཏེ། དེ་ལམ་དུ་མི་སློང་ན་བརྟགས་པ་མཁན་པོའི་དོན་མི་འགྲུབ་སྟེ། དེ་ལ་གཞན་གྱིས་བལྟས་ན་དུས་རྟག་ཏུ་ནད་པ་དང་མཛེ་བོ་སྐྱོང་བ་དེ་ལ་ཡང་འབྲང་གཙང་མོ་ཙམ་ཡོང་སྟེ་མི་མཆི། དེ་བཞིན་དུ་འགྲོ་དོན་བྱེད་པའི་དུས་སུ། ལོག་སྒྲུབ་མི་ཡོང་བ་ལ་རེ་མ་རེ་མེད། དེ་བྱུང་བ་ཐམས་ཅད་ཆོས་ཉིད་ཀྱི་སྟེང་དུ་རོ་སྙོམས་དགོས་པ་ལགས་མོད། དེ་རོ་མི་སྙོམས་ན་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཐར་ལ་བལྟས་ནས། ཕོ་སོ་སྐྱེད་དང་མིག་ཐག་འཚང་བས། ད་རུང་གནས་རི་ཁྲོད་ཀྱི་དགོན་པར་དབེན་པ་བརྟེན་པ་དྲག་པ་ཡིན་ཏེ། དེ་ལ་དགོངས་ནས་ཆོས་རྗེ་ས་སྐྱ་བའི་ཞལ་ནས། བསྟོད་སྨད་ཕལ་ཆེར་ཡ་རབས་ལ། །འབྱུང་གི་མ་རབས་བདེ་བའི་རྒྱུ། །ནོར་གོད་ཕལ་ཆེར་ཕྱུག་པོ་ལ། །འབྱུང་གི་དབུལ་པོ་བདེ་བའི་རྒྱུ། །ཞེས་གསུངས་པས། སྐབས་དོན་ལ་མཐོ་དམན་གྱིས་ལོག་སྒྲུབ་མི་བཟོད་ན། ཆོས་བརྒྱད་རང་དགར་སྤྱད་པས། གཞན་དོན་བས་རང་དོན་ཡང་མི་འགྲུབ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཞེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པས་མགོ་སྙོམས་མཛོད། །ཅེས་གསུངས། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་དགོས་པར་གདའ། འགྲོ་དོན་ཕེར་བ་འདི་དཀའ་ལས་ཆེ་བ་ལགས་མོད། འགྲོ་དོན་ཕེར་བ་ལ་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་ཆུད་ནས་ལེགས་ཚོགས་ཀྱི་རྟེན་འབྲེལ་འགྲིགས་པ་ལ་མཁས་པ་ཞིག་དགོས་པར་གདའ། ཆོས་བརྒྱད་ཀྱི་དབང་དུ་སོང་ན་གཞན་དོན་ལྟ་ཞོག །རང་དོན་ཡང་མི་འགྲུབ་པས་སེམས་ཅན་གྱིས་ལོག་སྒྲུབ་མི་བཟོད་པན་ད་དུང་སྒྲུབ་པ་རང་བྱས་ན་བཟང་། སེམས་ཅན་ད་དུང་མི་འཛད་པས། ཧ་ཅང་རིང་རྒྱུ་ཙམ་མེད། འགྲོ་དོན་ལ་ཞུགས་ནས་སྒྲོ་སྐུར་ལ་འཇིགས་མ་འཇིགས་མེད། དེའི་རྒྱུ་མཚན་སེམས་ཅན་གྱི་གཤིས་དེ་ཀ་ལས་མ་གྲུབ་པ་ལགས་མོད། སངས་རྒྱས་ཞལ་བཞུགས་པའི་དུས་ནའང་སྐུར་བ་བྱུང་སྟེ། བཅོམ་ལྡན་འདས་ཆུ་བོ་ནེ་རཉྫནའི་འགྲམ་ན་དཀའ་ཐུབ་ལ་བཞུགས་པའི་དུས་སུ་བདུད་ཀྱིས་ཟན་སྐམ་རུལ་བ་དང་། སྦང་སྐམ་སྤྱིལ་བོའི་མཐའ་མར་གཏོར་ནས་དཀའ་ཐུབ་བྱས་པ་མེད་དོ་ཟེར་ནས་སྐུར་བ་བཏབ་པ་དང་། ཡང་སྐྱེ་བོ་མང་པོའི་དབུས་ན་ཐུགས་བསྐྱེད་གསུངས་པའི་དུས་སུ། བདུད་ཀྱི་བུ་མོས་བཅོམ་ལྡན་འདས་ལ་བུ་ཆུང་གཏད་དུ་བྱུང་བ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་ཁར་ཆོས་གསུང་དུ་བྱོན་པས། གསེར་པ་རྣམས་ན་རེ། དགེ་སློང་འདི་བྱུང་བས་གསེར་ཡོང་འཕྲོ་ཆད། དགེ་སློང་དེ་འདྲེ་ཅན་གཅིག་འདུག་ཟེར་བ་ལྟ་བུའམ། སློབ་དཔོན་ཞི་བ་ལྷས། དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་པ་དང་། དེའི་གཉེར་པ་ན་རེ། ཁྱེད་བྱུང་བས་མ་ཧེའི་ཞོ་བསྐམས་ཁྱེད་བསོད་ནམས་མེད་པ་གཅིག་འདུག་པས། ད་མ་ཡོང་ཟེར་བས། དེར་སློབ་དཔོན་ཐུགས་མུག་སྟེ། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །གསུངས་ནས་གཤེགས་སྐད། དེས་ན་གཤེ་སྐུར་གྱིས་ཀྱང་ཐབས་མི་ཆག །གཤེ་སྐུར་འདེབས་མཁན་གྱིས་ཀྱང་ཐབས་མི་ཆག་པ་རོ་སྙོམས་ཤིང་དགག་སྒྲུབ་མེད་པ་ཞིག་དགོས་པ་ཡིན་གསུངས་པ་ལྟར་བྱའོ། །གཞན་གྱིས་གནོད་པ་བྱས་པ་ཞེ་ལ་བཞག་ནས། གནོད་པའི་ལན་འཇལ་བའི་དུས་བྱུང་ཙ་ན་འཇལ་བ་དེ་སྤོང་བའོ། །མིའི་སྐྱོན་མཚང་ནས་འབྲུ་བ་དང་། མི་མ་ཡིན་ལ་སྲོག་སྔགས་བཟློ་བ་ལ་སོགས་པ་གཞན་གྱི་སེམས་ལ་གནོད་པ་དྲག་པོ་འབྱུང་བའི་སྤྱོད་ལམ་མི་བྱེད་པའོ། །རང་ལ་འབབ་པའི་ལས་ཁུར་རམ་ཁག་ངན་གཡོ་སྒྱུའི་སྒོ་ནས་གཞན་ལ་བསྒྱུར་བ་སོགས་ཁོང་སྐྱོན་ཅན་གྱི་སྤྱོད་པ་དེ་ལྟ་བུ་སྤོང་བའོ། །འདི་ཤིན་ཏུ་ཉེས་པ་ཆེ་སྟེ། སྔོན་ཁ་ཆེའི་དགེ་སློང་ར་བ་ཏི་ཞེས་བྱ་བ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ། སློབ་མ་མང་པོ་ཡོད་པ་ཞིག་ནགས་ཀྱི་གསེབ་ན་ཆོས་གོས་ངུར་སྨིག་ཅིག་འཚོད་ཀྱིན་ཡོད་ཙ་ན། དེ་དང་ཉེ་བའི་ཁྱིམ་བདག་ཞིག་གི་བེའུ་སྟོར་ནས་འཚོལ་དུ་ཕྱིན་པས། དགེ་སློང་གཅིག་མེ་གཏོང་གིན་འདུག །ཁྱེད་ཅི་བྱེད་པ་ཡིན་བྱས་པས། ཆོས་གོས་འཚོད་པ་ཡིན་ཟེར། ཚོས་ཕྲུ་ཁ་ཕྱེ་ནས་བལྟས་པས་ཤ་རུས་འདུག་པ་ཟེར། ཁོང་རང་གིས་ཀྱང་ཤ་རུས་སུ་མཐོང་། དེར་ཁོས་ཁྲིད་ནས་རྒྱལ་པོ་ལ་གཏད་དེ། འདིས་བདག་གི་བེའུ་བརྐུས་པས་ཆད་པ་ཆོད་ཅིག་བྱས་པས། རྒྱལ་པོས་དེ་དོང་དུ་བཅུག་གོ །དེ་ནས་ཞག་འགའ་ནས་ཁོ་རང་གིས་བེའུ་རྙེད་དེ། དགེ་སློང་དེས་བེའུ་བརྐུས་པར་མི་གདའ་བས། གཏོང་བར་ཞུ་ཞུས་ནའང་རྒྱལ་པོ་ཡེངས་ནས་ཟླ་བ་དྲུག་ཏུ་བཏང་བ་མ་བྱུང་། དེར་ཁོང་རང་གི་སློབ་མ་རྫུ་འཕྲུལ་ཐོབ་པ་མང་པོ་ཡོད་པ་རྒྱལ་པོའི་ཁབ་ཏུ་བྱོན་ནས། དགེ་སློང་འདི་བཟང་པོ་ཞིག་ལགས་པས་གཏོང་བར་ཞུ་ཞུས་ཏེ། རྒྱལ་པོ་དགེ་སློང་གཏོང་དུ་བྱོན་པས། དགེ་སློང་འོ་བརྒྱལ་བ་གཟིགས་ནས་ཤིན་ཏུ་འགྱོད་དེ། ཁོས་ཀྱང་ལོན་ཐོངས་པ་ལགས་ནའང་། ངས་བརྗེད་པ་དེས་སྡིག་པ་ཆེན་པོ་བསགས་འདུག་ཞུས་པས། ང་རང་གི་ལས་ཀྱིས་ལན་པ་ཡིན་གསུངས། ལས་ཅི་འདྲ་བསགས་ཞུས་པས། ང་སྔོན་རྐུན་པོ་ཞིག་ཏུ་སྐྱེས། དེ་དུས་བེའུ་གཅིག་བརྐུས་པས། བདག་པོས་དེད་ནས། ནགས་གསེབ་ན་རང་སངས་རྒྱས་ཤིག་མཉམ་པར་བཞག་འདུག་པའི་མདུན་དུ་བསྐྱུར་ནས་བྲོས་པས། དེས་རང་སངས་རྒྱས་ཁྲིད་དེ་ཞག་དྲུག་དོང་དུ་བཅུག །དེའི་རྣམ་སྨིན་གྱིས་སྐྱེ་བ་མང་པོར་ངན་སོང་གི་དུཿཁ་མང་པོ་མྱང་། ཚེ་འདིར་ཡང་དུཿཁ་མྱང་བ་དེ་རྣམ་སྨིན་གྱི་ཐ་མ་ཡིན་གསུངས། དེས་ན་གཡོ་སྒྱུ་ཉེས་པ་ཆེ་ཚུལ་བསམས་ནས་དུག་བཞིན་དུ་སྤང་བར་བྱའོ། །ཕུགས་རང་བཟང་བར་འདོད་ནས་གཞན་ལས་ཕམ་ཁ་ལེན་པ་དང་། འདྲེ་གདོན་ནམ་ནད་ཞི་བར་འདོད་ནས་བློ་སྦྱོང་བ་ནི་ལྟོ་བཅོས་དང་འདྲ་བར་རང་འདོད་སྤང་བར་བྱའོ། །ཚན་གཅིག་གིས་རྣམ་རྟོག་ལ་བློ་སྦྱོང་བ་འདི་འདྲེ་གདོན་ལ་ཕན་པའི་ཐབས་ཤིག་ཏུ་གོ་བ་འདྲ་སྟེ། དེ་ཙུག་སོང་ན་བོན་བྱེད་པ་དང་ཁྱད་མེད། ཆོས་བྱ་བ་ཉོན་མོངས་དང་རྣམ་རྟོག་གི་གཉེན་པོར་འགྲོ་བ་ཞིག་དགོས་པ་ཡིན་གསུངས། ཕ་དམ་པ་ལ། ཆོས་བྱ་བ་ཅི་ལ་ཟེར་ལགས་ཞུས་པས། ཉོན་མོངས་པའི་གཉེན་པོར་འགྲོ་བ་ཞིག་ལ་ཟེར་བ་ཡིན་གསུངས། ལོངས་སྤྱོད་ཐུན་མོང་བ་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བདག་གིས་ཐོབ་པར་བྱེད་པའི་བསམ་སྦྱོར་སྤོང་བའོ། །འཇིག་རྟེན་པ་ཀུན་གྱིས་རང་གི་ལྷ་མ་མགུ་ནས་རང་ལ་གནོད་པ་བྱས་ན་ལྷ་བདུད་དུ་བབས་ཟེར་བ་ལྟར། བློ་སྦྱོང་གི་སྒོ་ནས་ང་རྒྱལ་དང་རློམ་སེམས་དྲག་པོ་བྱས་ན། ཆོས་ཆོས་མིན་དུ་སོང་བ་ཡིན། བློ་སྦྱོང་གིས་རང་རྒྱུད་འདུལ་དགོས་པ་ཡིན་པ་ལ། ང་རྒྱལ་གྱིས་རང་རྒྱུད་ལྷག་པར་རེངས་ན་ཆོས་གནད་དུ་མ་སོང་སྟེ། འདྲེས་ཤར་སྒོ་ནས་གནོད་པ་ལ། གླུད་ནུབ་སྒོར་སྐྱེལ་བ་དང་འདྲ་བས། དེས་ན་སྨན་ནད་ཐོག་ཏུ་བཏང་ཞིང་བདག་གཅེས་སྤངས་ལ་ཀུན་ལ་བྲན་གྱི་ཐ་མ་ལྟར་བྱའོ། །རང་གི་ཉེ་དུ་གྲོགས་མཆེད་ལ་སོགས་པ་ཤི་ན། དེ་དག་གི་ཟས་ནོར་དང་དཔེ་ཆ་ལ་སོགས་པ་ང་ལ་ཡོང་། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་གསོག་ཡོང་། རང་དང་མཉམ་པའི་སྒོམ་ཆེན་ཤི་ན། ང་གཅིག་པུ་ལ་སྐུ་བསོད་ཡོང་། དགྲ་ཤི་ན་གནོད་བྱེད་མི་ཡོང་བས་ང་འཚེངས་སྙམ་པ་ལྟ་བུ་རང་སྐྱིད་པའི་ཐབས་སུ་གཞན་སྡུག་པར་འདོད་པ་སྤང་ངོ༌། །འདི་ཉེས་པ་ཆེ་ལ་འབྱུང་ཉེ་བས་ཟོན་ཆེར་བྱེད་དགོས། ཆོས་པ་གཉོམ་ཆུང་རྣམས་ལ་དངོས་སུ་དགྲ་གར་མ་རང་མེད་ནའང་དགྲ་གཉེན་འདི་བློའི་འཛིན་སྟངས་སུ་འདུག་པས། བླ་མ་སློབ་དཔོན་དཔོན་པོ་དགོན་སྡེ་ཡུལ་ཕྱོགས་སོགས་ཀྱི་ཕྱོགས་ཆ་བཟུང་ནས། རང་ཕྱོགས་གཞན་ཕྱོགས་སུ་ཕྱེ་སྟེ། གཞན་ཕྱོགས་ཀྱིས་གནོད་པ་སྤུ་ཙམ་ཡང་མ་བསྐྱལ། རང་ཕྱོགས་ཀྱིས་ཕན་སྤུ་ཙམ་ཡང་མ་བཏགས་ཀྱང་། ཕོ་རུས་ཆེ་བར་འདོད་པ་འགའ་ཞིག །དངོས་བས་ཞེ་སྡང་ཆེ་བའི་རིགས་ཡོང་བར་འདུག །དགེ་བཤེས་ཆེ་རབ་གཉིས་འགྲན་ཟླར་ཡོད་པ་ལ། གཅིག་ལ་བུད་མེད་ཡོད་ཟེར་བ་ཐོས་པས། ཉེ་གནས་ལ་ཇ་ཞིམ་པོ་ཞིག་སྐོལ་ཅིག་གཏམ་སྙན་ཐོས་ཟེར། ཇ་བསྐོལ་ནས་དྲངས་ཏེ། གཏམ་སྙན་ཅི་གསན་ཞུས་པས། རང་རེའི་འགྲན་ཟླ་དེ་ལ་བུད་མེད་བྱུང་ལོ་ཟེར། དེ་ཀུན་སྤངས་གྲགས་རྒྱལ་གྱིས་གསན་པས། ཞལ་ནག་ཏིང་སོང་ནས། དེ་གཉིས་སྡིག་པ་གང་ཆེའམ་གསུངས་ཟེར་ཏེ། ཐུགས་ཤིན་ཏུ་མད་པར་འདུག་གསུངས། ཡོངས་འཛིན་རིན་པོ་ཆེའི་ཞལ་ནས། དབེན་པའི་གནས་སུ་གནས་པ་རྣམས་ལ། དངོས་སུ་ལུས་སྲོག་ལ་གནོད་པ་བྱེད་པའི་དགྲ་མ་བྱུང་ཡང་། གྲོགས་ནང་ཕན་ཚུན་ལ་དོན་མེད་དུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་དགྲར་འཛིན་པ་ནི་འབྱུང་ཉེ། དེའི་ཚེ་འགའ་ཞིག་ལ་དགྲར་བཟུང་། འགའ་ཞིག་ལ་གཉེན་ཉེ་བར་བཟུང་སྟེ། ཁོང་ཚོ་དང་ངེད་ཚོ་ཞེས་ཕྱོགས་རིས་སུ་གཅོད། དེ་ལ་བརྟེན་ནས་དགེ་འདུན་གྱི་སྡེ་འཁྲུག་འབྱུང་། དགེ་འདུན་གྱི་སྡེ་འཁྲུག་ནི་རྣམ་པར་སྨིན་པ་ཤིན་ཏུ་ཚབས་ཆེ་བར་གསུངས་ཏེ། སྔོན་དམ་པ་གོང་མ་རྣམས་ཀྱི་ཞལ་ནས། དགེ་འདུན་གྱི་སྡེ་འཁྲུག་པའི་ཚེ། གང་འཁྲུག་པ་བྱེད་པ་དེ་རྣམས་མནར་མེད་དུ་འགྲོ་བ་སྨོས་ཅི་དགོས། ས་དེར་གནས་པའི་སྲོག་ཆགས་གཞན་རྣམས་ལའང་ཁོང་ཁྲོ་རྒྱས་ཏེ་དམྱལ་བར་འགྲོ་བ་དང་། གནས་དེའི་ས་ཚིག་པ་ཞེས་བྱ་བར་འགྱུར་གསུངས། དེས་ན་ས་ཚིག་པ་ལ་མྱུ་གུ་མི་སྐྱེ་བ་བཞིན་དུ། སྡེ་འཁྲུགས་བྱས་པའི་ས་དེར་ཡང་སྒྲུབ་པ་བྱས་ཀྱང་འབྲས་བུ་གསར་དུ་མི་འབྱུང་བར་གསུངས་ཏེ། འདུལ་བ་ལུང་ལས་ཀྱང་། ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པའི་ཚེ་སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིར་སྲོག་ཆགས་སུའི་རྒྱུད་ལའང་དགེ་བའི་སེམས་མ་སྐྱེས་པ་གསར་དུ་སྐྱེ་བའི་རྒྱུན་ཆད་པར་གསུངས་པ་ལྟར་རོ། །དེས་ན་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པའི་རྣམ་པར་སྨིན་པ་རབ་ཏུ་ཚ་བ་མྱོང་དགོས་པའི་ལས་ཚབས་པོ་ཆེ་དེ་འདྲ་བ་ལ་ནི་སྲོག་གི་ཕྱིར་ཡང་མི་འཇུག་ཅིང་། དེ་འདྲ་བའི་ཀུན་སློང་གི་བསམ་པ་ཕྲ་མོ་ཙམ་ཡང་བཀག་ནས་ཚེ་རབས་ཐམས་ཅད་དུའང་། དེ་འདྲ་བའི་ལས་ཚབས་པོ་ཆེ་གསོག་པར་མ་གྱུར་ཅིག་ཅེས་སྨོན་ལམ་གདབ་བོ། །སྔོན་དགེ་བཤེས་གསལ་ཤེ་ཟེར་བ་སྡེ་སྣོད་ཐམས་ཅད་ལ་སྦྱངས་པའི་མཁས་པ་ཞིག་ཡོད་པ་དེས་ནམ་ཞིག་ན་སྡེ་འཁྲུག་གི་དཔོན་པོ་བྱས་པས། དགེ་བཤེས་སྟོན་པའི་ཞལ་ནས། ངའི་གསལ་ཤེ་ལོ་གསུམ་གྱིས་ཤི་བ་འགྱངས། ཁོ་དེའི་གོང་དུ་ཤི་ན་སྡེ་སྣོད་གསུམ་པ་ཞིག་ཤི་བ་ཡིན་པ་ལ་གསུངས། ཡང་དགེ་བཤེས་པོ་ཏོ་བ་མྱ་ངན་ལས་འདའ་ཁར། དགེ་འདུན་རྣམས་ལ་ཞལ་གདམས་གནང་སྟེ། རང་རེ་གཏོར་མ་ཆེན་པོ་ཞིག་བཞེངས་ཏེ་མནའ་ཞིག་བསྒྲགས་དགོས་ཡོད་དེ་མ་བྱུང་། སངས་རྒྱས་ཀྱི་བསྟན་པ་དུང་ལ་རྡུལ་ཕྱིས་པ་བཞིན་འོར་ཕྱིད་ལ་གཏོང་བ་དེ་དགེ་འདུན་གྱི་སྡེ་འཁྲུག་འདི་ཡིན་ནོ་གསུངས། དེ་ལྟ་བུའི་གནད་རྣམས་བསམ་ནས་སྤྱིར་སེམས་ཅན་སུ་ལའང་ངན་སེམས་མི་བསྐྱེད་ཅིང་། རྣམ་པ་ཀུན་ནས་གང་ཕན་དང་། ལྷག་པར་རང་གི་མིག་ལམ་དུ་སྣང་བའི་གྲོགས་ཆོས་མཛད་རྣམས་ལ་དག་སྣང་དང་གུས་པ་ཅི་སྐྱེ་བྱའོ། །ཞེས་གསུངས་སོ། །སྨྲས་པ། མངོན་པར་རྟོགས་པའི་ཡོན་ཏན་ཚད་མེད་རྣམས། །མངོན་དུ་གྱུར་ཀྱང་སྦས་པའི་ཚུལ་སྟོན་ཞིང་། །མངོན་མཐོང་ངེས་ལེགས་མནོར་ལམ་བཟང་ཀུན། །མངོན་སུམ་སྟོན་མཁས་བླ་མས་རྟག་ཏུ་སྐྱོངས། །ཆོས་པས་འཇིག་རྟེན་གླུ་ལེན་མི་འོས་ཀྱང་། །ཆོས་ཀྱི་མགུར་དབྱངས་སྐབས་རེ་ལེན་པར་རིགས། །ཆོས་བཞིན་བྱེད་པའི་བྱ་བཏང་རྣལ་འབྱོར་ངས། །ཆོས་ཀྱི་མགུར་དབྱངས་སྙན་ལ་རིང་བ་ལེན། །ང་ནི་ཐེག་ཆེན་བློ་སྦྱོང་མཁན་ཡིན་ཟེར། །བསླབ་པ་ཕྲ་མོ་ཁྱད་དུ་གསོད་མི་རུང་། །སོ་སོ་ཐར་ནས་རྡོ་རྗེ་ཐེག་པའི་བར། །རང་གིས་ཁས་བླངས་བསླབ་པ་ཉམས་མེད་སྲུངས། །བདག་འཛིན་མེད་པ་གཞན་གྱིས་གོ་བའི་ཕྱིར། །ཤིང་གཉན་གཅོད་དང་མཛེ་བོ་འགྲོགས་པ་སོགས། །ཐོ་ཅོའི་སྤྱོད་པ་ངན་པ་རྣམས་སྤངས་ཏེ། །དགེ་བའི་བཤེས་གཉེན་སྟོན་པས་རྭ་སྒྲེང་དུ། །བསྟན་པའི་སྲོལ་བཟང་བཙུགས་པའི་བཀའ་གདམས་ཀྱི། །རྣམ་ཐར་དང་དང་ནམ་ཡང་འགལ་མི་བྱ། །མི་ཡི་གནོད་པ་བཟོད་ལ་ལྷ་འདྲེ་ཡི། །གནོད་པ་མི་བཟོད་ཆེ་ལ་གུས་ན་ཡང་། །ཆུང་ལ་བརྙས་དང་གཉེན་ལ་བྱམས་ན་ཡང་། །དགྲ་ལ་སྡང་བ་ལ་སོགས་ཕྱོགས་རེ་བ། །ཐམས་ཅད་སྤངས་ནས་ཀུན་ལ་བློ་འབྱོངས་དགོས། །སྔ་སོར་རང་ཉིད་གཅེས་པར་འཛིན་པ་དེ། །ད་ནི་བདག་པས་གཞན་གཅེས་བསྒྱུར་ན་ལེགས། །ལུས་ངག་སྤྱོད་པ་ཆོས་མཐུན་གྲོགས་འདྲ་བར། །འགྱུར་ལྡོག་མེད་པར་རང་སོ་ཐུབ་པར་བྱ། །བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་བ་ལ། །ས་ཆོད་གཞན་ལས་ཆེ་བ་བྱེད་པ་དགོས། །གཞན་སྐྱོན་ཞར་བ་ཚུལ་ཁྲིམས་འཆལ་སོགས་ལ། །མི་སྙན་ཚིག་རྣམས་ནམ་ཡང་བརྗོད་མི་བྱ། །གཞན་གྱི་ཡིད་འོང་འཇམ་པའི་གཏམ་རྣམས་སྨྲ། །སེམས་ཅན་སྤྱི་དང་ཁྱད་པར་ཆོས་པ་ཡི། །སྐྱོན་འདྲ་མཐོང་ན་རང་སྣང་མ་དག་པའི་། །དབང་གིས་དེ་ལྟར་སྣང་བ་མ་གཏོགས་པ། །ཁོང་ལ་དེ་འདྲའི་སྐྱོན་མེད་སྙམ་དུ་བསམས། །གཞན་གྱི་སྐྱོན་ལ་ནམ་ཡང་རྟོགས་མི་བྱ། །རང་རྒྱུད་ཉོན་མོངས་གང་ཆེ་སྔོན་ལ་འདུལ། །རང་འདོད་རྙེད་བཀུར་རེ་བ་རྒྱབ་ཏུ་སྐྱུར། །གཅེས་འཛིན་དབང་གིས་དགེ་སྦྱོར་གང་བྱེད་སྤངས། །གནོད་པ་བྱས་པ་འཁོན་དུ་འཛིན་མི་བྱ། །ཚིག་ངན་ལན་དུ་ཚིག་ངན་མི་སྨྲ་ཞིང་། །ཉེས་པ་བྱུང་ན་འདིས་ལན་ཟེར་མི་རུང༌། །གནོད་པའི་ལན་དུ་གནོད་པ་བསྐྱེལ་མི་བྱ། །ཁག་ངན་གཞན་གྱི་ཐོག་ཏུ་བསྒྱུར་བ་སྤངས། །ནད་གདོན་ཞི་ཕྱིར་བློ་སྦྱོང་བསྒོམ་མི་བྱ། །ཐུན་མོང་ལོངས་སྤྱོད་ཐབས་ཀྱིས་ལེན་པ་སྤངས། །ང་རྒྱལ་རློམ་སེམས་གཏན་ནས་བྱེད་མི་རུང་། །རང་སྐྱིད་གཞོན་ཀུན་སྡུག་ན་བསམ་མི་བྱ། །དེ་དང་དེ་འདྲའི་བློ་སྦྱོང་དམ་ཚིག་རྣམས། །ནམ་ཡང་ཉམས་པ་མེད་པར་བསྲུང་ནུས་ན། །གནས་སྐབས་མཐར་ཐུག་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་གདོན་མི་ཟ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བདག་གཞན་འགྲོ་ཀུན་མཐོ་ནས་མཐོ་རུ་སོང་། །མཐར་ཐུག་སངས་རྒྱས་ཞིང་དུ་ལེགས་ཕྱིན་ནས། །ངོ་མཚར་ལྟད་མོ་སྣ་ཚོགས་བལྟ་བར་སྨོན། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

༈ བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྒྱལ་སྲས་རིན་པོ་ཆེས། བློ་སྦྱོང་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཐབས་ལ་སློབ་པ་སྟེ། དེ་ལ་ཟས་དང་གོས་ཀྱི་རྣལ་འབྱོར་ལ་སོགས་པ་ཐམས་ཅད་གཞན་ཕན་གྱི་སེམས་འབའ་ཞིག་གིས་བྱེད་པའོ། །བློ་སྦྱོང་བསྒོམས་པས་ན་ཚ་དང་འདྲེ་གདོན་དང་། མིས་སྡང་བ་དང་། རང་གི་ཉོན་མོངས་ཆེར་འགྲོ་བ་ལ་སོགས་བྱུང་ནས་བློ་སྦྱོང་བསྒོམ་སྙིང་མི་འདོད་པ་བྱུང་ན། འཇིག་རྟེན་གྱི་ཁམས་ན་བདག་གི་ཉེས་པ་འདི་ལྟ་བུ་བྱུང་བའི་སེམས་ཅན་མང་པོ་ཡོད་པས། དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམས་ནས། དེ་དག་གི་ཉེས་པ་རྣམས་བདག་ལ་འདུས་པར་གྱུར་ཅིག་སྙམ་དུ་བསམ་ཞིང་གཏོང་ལེན་བསྒོམ་པར་བྱའོ། །སྔ་དྲོའི་ཚེ་དེ་རིང་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱ་དགོས་སྙམ་པའི་འཕེན་པ་བཏང་ནས། ཉིན་མོའང་དེ་བཞིན་དུ་དྲན་ཤེས་བཞིན་གྱིས་ཟིན་པར་བྱས་ལ། དགོངས་མོ་ཉལ་བ་ན་ཉིན་པར་གྱི་སྤྱོད་པ་རྣམས་ལ་བརྟགས་ཏེ། བྱང་ཆུབ་ཀྱི་སེམས་གཉིས་དང་འགལ་བ་བྱུང་ན། བདག་ལ་རྔན་བགྲངས་ཏེ་བཤགས་པ་བྱས་ལ། ཕྱིས་དེ་འདྲ་མི་འབྱུང་བའི་བློ་བསྐྱེད། མ་འགལ་བར་འདུག་ན་དགའ་བ་བསྒོམ་སྟེ། ཕྱིས་ཀྱང་དེ་བཞིན་དུ་བྱའོ་སྙམ་དུ་བསམ་མོ། །འཁོར་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་བྱུང་ན་དེས་མ་དྲེགས་པར་སྒྱུ་མ་ལྟ་བུར་ཤེས་པར་བྱ་སྟེ། གཞན་ལ་ཕན་པའི་ཐབས་སུ་ཅི་འགྱུར་བྱ་ཞིང་། ཤིན་ཏུ་རྒུད་དེ་འོག་ནས་འགྲོ་བ་ཆུ་ལས་མེད་པ་བྱུང་ན་ཡང་། དེ་ཡང་སྒྱུ་མ་ལྟ་བུར་ཤེས་པར་བྱ་སྟེ། གཞན་གྱི་རྒུད་པ་ཐམས་ཅད་ལེན་པ་ལ་ཞུམ་པ་མེད་པར་བྱའོ། །ཆོས་སྤྱིའི་དམ་ཚིག་དང་། ཁྱད་པར་བློ་སྦྱོང་གི་དམ་ཚིག་གཉིས་མེད་ན། འདི་ཕྱིའི་བདེ་བ་གང་ཡང་མི་འབྱུང་བས། དམ་ཚིག་གཉིས་སྲོག་ལས་ཀྱང་གཅེས་པར་བསྲུང་བའོ། །ཉོན་མོངས་པ་སྐྱེས་པ་ན། དང་པོ་དྲན་པ་དཀའ། བར་དུ་བཟློག་པ་དཀའ། ཐ་མར་རྒྱུན་ཆོད་པར་དཀའ་བས། དང་པོ་ནམ་སྐྱེས་པ་ན་ངོས་ཟིན་པར་བྱས་ལ། བར་དུ་གཉེན་པོའི་སྟོབས་བསྐྱེད་དེ་སྤངས་ནས། མཐར་མི་འབྱུང་བར་བྱ་བའི་ཕྱིར་འབད་པར་བྱའོ། །ཆོས་བསྒྲུབ་པའི་རྒྱུའི་གཙོ་བོ་བླ་མ་བཟང་པོ་དང་མཇལ་བ་དང་། རང་གི་བློ་ལས་སུ་རུང་པས་ཆོས་ཚུལ་བཞིན་ཉམས་སུ་ལོངས་པ་དང༌། ཆོས་བསྒྲུབ་པ་ལ་དགོས་པའི་མཐུན་རྐྱེན་འཛོམ་པ་སྟེ། དེ་གསུམ་རང་མ་ཚང་ན་དགའ་བ་བསྒོམ་ཞིང་གཞན་ལ་དེ་གསུམ་ཚང་བར་སྨོན་ལམ་གདབ། རང་ལ་དེ་གསུམ་མ་ཚང་ན་འཇིག་རྟེན་གྱི་ཁམས་ན་བདག་ལྟར་རྒྱུའི་གཙོ་བོ་གསུམ་མ་ཚང་བས་ཆོས་རྣལ་མ་མ་བྱུང་བ་མང་པོ་ཡོད་པས། དེ་རྣམས་སྙིང་རེ་རྗེ་སྙམ་དུ་དེ་རྣམས་ཀྱི་རྒྱུ་གསུམ་མ་ཚང་བའི་ཉེས་པ་ཐམས་ཅད་བདག་ལ་སྨིན་ནས། དེ་དག་ལ་རྒྱུ་གསུམ་ཚང་བར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་སྒོམ་མོ། །ཐེག་པ་ཆེན་པོའི་ཡོན་ཏན་ཐམས་ཅད་བླ་མའི་མོས་གུས་ལ་རག་ལས་པས། བླ་མ་ལ་མོས་གུས་ཉམས་པ་མེད་པ་དང༌། བློ་སྦྱོང་ཐེག་ཆེན་གྱི་ཡང་སྙིང་ཡིན་པས། དེ་སྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པ་དང་། ཐེག་པ་ཆེ་ཆུང་གི་བསླབ་བྱ་ཕྲ་མོ་ཚུན་ཆད་མ་ཉམས་པར་བསྲུང་བའོ། །དེ་རྣམས་ཀྱི་ནང་ནས་ཀྱང་བླ་མའི་མོས་གུས་འདི་ཤིན་ཏུ་གལ་ཆེ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད་དབེན་པའི་རི་ལ་བཞུགས་དུས། དབུས་ཕྱོགས་སུ་སྤྲིན་ལངས་པ་ནམ་མཐོང་བའི་ཚེ། སྤྲིན་མ་ཀིའི་འོག་ན། ངའི་བླ་མ་ཡོད་གསུངས་ནས་ཕྱག་མཛད་ཅིང་ཁྱད་པར་མཆོང་ལུང་ཁྱུང་གི་རྫོང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པའི་དུས་ནམ་ཞིག་གི་ཚེ། འཚོ་བའི་སྟ་གོན་ལ་བཞེངས་པས། ཕྱེ་ཚྭ་ཆུ་སྡོར་དག་ལྟ་ཅི་སྨོས་ཏེ། སྒོ་ཁ་ན་ཤིང་ཡང་མི་འདུག །ཐབ་ཁ་ན་ཆུ་དང་མེ་ཡང་མི་འདུག་པས། ངའི་འདི་ཧ་ཅང་རང་ཡང་བློས་བཏང་དྲགས་འདུག་པས། ཤིང་ཞིག་འཐུ་རུ་འགྲོ་དགོས་དགོངས་ནས་བྱོན་ཏེ། ཤིང་ཐུ་བ་གང་ཙམ་རྙེད་པའི་ཚེ་རླུང་ཆེན་པོ་ཞིག་གློ་བུར་དུ་ལངས་ནས་རས་བཟུང་ཚེ་ཤིང་ཁྱེར། ཤིང་བཟུང་ཚེ་རས་ཁྱེར་བ་ལས་ཐུགས་དགོངས་ལ། ངས་སྔར་རི་ཁྲོད་དུ་དེ་ཙམ་ཞིག་བསྡད་རུང་། ད་དུང་བདག་འཛིན་བློས་མ་ཐོངས་པར་འདུག །བདག་འཛིན་བློས་མ་ཐོངས་པའི་ཆོས་སྒྲུབ་པས་ཅི་བྱེད་སྙམ། རས་དགའན་རས་ཁྱེར། ཤིང་དགའ་ན་ཤིང་ཁྱེར་གསུངས་གཉིས་ཀ་བློས་བཏང་སྟེ་བཞུགས་པས། འཚོ་བ་ངན་པའི་སྟབས་ཀྱི་བསེར་མའི་རྣམ་བས་ཡུད་ཅིག་ཐུགས་དྲན་མེད་དུ་ཐིམ་པ་ལས་བཞེངས་པའི་ཚེ། རླུང་ཞི་བ་དང་རས་དེ་ཤིང་སྡོང་གཅིག་གི་རྩེ་ལ་ལིང་ངེ་འདུག་པ་དང་། ཐུགས་སྐྱོ་བའི་ཉམས་ཤར་བའི་ངང་ལ་ཕ་བོང་ལུག་རོ་ཙམ་ཞིག་གི་ཁར་མཉམ་པར་བཞག་པའི་མཐར། ཤར་ཕྱོགས་གྲོ་བོ་ལུང་གི་ཕྱོགས་སུ་སྤྲིན་དཀར་པོ་ཞིག་ལིང་བྱུང་བས། སྤྲིན་ཡ་ཀིའི་འོག་ན་གྲོ་བོ་ལུང་གི་དགོན་པ་ཡོད། དེ་ན་ངའི་བླ་མ་སྒྲ་བསྒྱུར་མར་པ་ལོ་ཙཱ་དེ་བཞུགས་ཏེ་སྙམ་པ་དང་། བླ་མ་ཡབ་ཡུམ་མཆེད་གྲོགས་རྡོ་རྗེ་སྤུན་གྱི་འཁོར་དང་བཅས་པའི་དབུས་ན་རྒྱུད་ཀྱི་བཤད་པ་དབང་དང་གདམས་ངག་རྣམས་གནང་ཚུལ་དྲན་ནས། ད་ལྟ་བཞུགས་ན་ཅི་ལ་ཐུག་རུང་མཇལ་དུ་འགྲོ་བ་ཡིན་ཏེ་དགོངས་པ་དང་། སྔར་གྱི་སྐྱོ་ཤས་དེའི་ཁར་བླ་མ་དྲན་དྲགས་ཐུགས་སྐྱོ་བ་ཚད་ལས་འདས་པ་ཞིག་གི་ངང་ནས། སྤྱན་ཆབ་མང་པོ་བསིལ་ཞིང་ཐུགས་སྐྱོ་བའི་གདུང་དབྱངས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ། །ཕ་དྲན་པས་གདུང་སེལ་མར་པའི་ཞབས། །སྤྲང་གདུང་དབྱངས་ཐལ་ལོ་མར་པ་རྗེ། །བྲག་དམར་མཆོང་ལུང་ཤར་ཕྱོགས་ན། །ཆུ་འཛིན་སྤྲིན་དཀར་ལང་མ་ལིང་། །སྤྲིན་དཀར་པོ་ལྡིང་བའི་འོག་ཞིག་ན། །རྒྱབ་རི་གླང་ཆེན་འགྱིངས་བའི་མདུན་ཞིག་ན། །མདུན་རི་སེང་ཆེན་འགྱིངས་འདྲའི་སྟེང་ཞིག་ན། །གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན། །རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་སྒྲ་བསྒྱུར་མར་པ་བཞུགས། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་མོས་གུས་ཆུང་རུང་མཇལ་སྙིང་འདོད། །གདུང་སེམས་ཆུང་རུང་མཇལ་སྙིང་འདོད། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །ཡུམ་མ་ལས་ལྷག་པའི་བདག་མེད་མ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ས་སྐོར་ཐག་རིང་ཡང་མཇལ་སྙིང་འདོད། །ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་དེ། །དུས་ད་ལྟ་གསུངས་ན་དགའ་བ་ལ། །ང་ཤེས་རབ་ཆུང་རུང་འཛིན་སྙིང་འདོད། །བློ་གྲོས་ཆུང་ཡང་སྐྱོར་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །སྙན་བརྒྱུད་བརྡའ་ཡི་དབང་བཞི་དེ། །ད་ལྟ་བསྐུར་ན་དགའ་བ་ལ། །ང་འབུལ་བ་ཆུང་རུང་ཞུ་སྙིང་འདོད། །དབང་ཡོན་མེད་རུང་ཞུ་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །ཁྲིད་ཟབ་མོ་ནཱ་རོ་ཆོས་དྲུག་དེ། །ད་ལྟ་གསུང་ན་དགའ་བ་ལ། །ང་སྙིང་རུས་ཆུང་རུང་ཞུ་སྙིང་འདོད། །ང་བསྒོམ་བསྲན་ཆུང་རུང་སྒོམ་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །མཆེད་གྲོགས་དབུས་གཙང་དད་འདུས་དེ། །ད་ལྟ་བཞུགས་ན་དགའ་བ་ལ། །ང་ཉམས་རྟོགས་ངན་རུང་བསྡུར་སྙིང་འདོད། །གོ་བ་ཞན་རུང་བསྡུར་སྙིང་འདོད། །བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །སྤྲང་མོས་གུས་ཀྱི་ངང་ནས་འབྲལ་མེད་ཀྱང་། །བླ་མ་སྙིང་ནས་དྲན་པ་ཡི། །འདོད་པས་གདུངས་ནས་བཟོད་གླགས་མེད། །དབུགས་སྟོད་དུ་འཚངས་ནས་སྐད་མ་ཐོན། །བུའི་གདུང་བ་སོལ་ཅིག་བཀའ་དྲིན་ཅན། །ཞེས་གསུངས། ཡང་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཉིན་གཅིག་ཤར་ཕྱོགས་གངས་རིའི་རྩེ་ན་སྤྲིན་དཀར་པོ་ལྡིང་བ་མཐོང་བའི་རྐྱེན་བྱས། རྗེ་ཡབ་སྲས་ཆོས་མཛད་མཆེད་གྲོགས་དང་བཅས་པ་དྲན་ཏེ། ཤར་གངས་རི་མའི་གདུང་དབྱངས་འདི་བླངས་སོ། །ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་གནམ་ལ་བསྙེག་འདྲ་བ། །དེ་མཐོང་བའི་མོད་ལ་བླ་མ་དྲན། །དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས། །སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན། །འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར། །མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། །ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས། །ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས། །ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས། །བོད་ཁ་བ་ཅན་གྱི་སྐལ་ལྡན་ལ། །མགོན་ཁྱོད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །སྒོས་སྙོམ་ལས་འཛིན་པའི་དགེ་འདུན་གྲུབ། །བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། །རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན། །དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པར། །སྐྱབས་རེ་ས་གཞན་དུ་མི་འཚོལ་བས། །ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ། །དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང་། །སེམས་ཆགས་སྡང་དབང་དུ་མ་སོང་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཅིང་། །གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །གཞན་འཕུང་བར་འདོད་པའི་ཀུན་སློང་དང་། །རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་། །ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད། །འདི་བརྟགས་ན་ཀུན་གྱིས་ཁྲེལ་བའི་རྒྱུ། །ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས། །ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ། །རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན། །གདོན་ཐུགས་ལ་ཞུགས་པ་མ་ལགས་སམ། །དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །ཤགས་འགྱེད་པ་ཙམ་གྱི་བཤད་ཉན་ཡང་། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་། །དོན་དེ་ལྟར་གོ་བའི་བཤེས་གཉེན་ང་། །སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་། །དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ། །མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས། །ཡིད་ཕྱོགས་སུ་ལྷུང་བས་མ་འཆིང་བར། །བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས། །ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས། །གཏམ་འདི་ལ་བརྟེན་ནས་འགྲོ་བ་རྣམས། །བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་། །དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས། །དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོས་ཀྱང༌། རི་སྨན་ལྗོངས་དྲི་བཟང་ངད་པ་འཐུལ། །དུས་གསུམ་དུ་མེ་ཏོག་ལྡིང་ཁང་བཀྲ། ཤིང་གཡུ་ལོ་རྒྱས་པའི་ཚང་ཚིང་གིས། །རྗེ་བླ་མའི་མཛེས་སྐུ་ཡིད་ལ་ཤར། །ཆབ་ལྷུང་ལྷུང་འབབ་པའི་ཉལ་འགྲོའི་སྒྲ། །ཡིད་ཁོས་སུ་ཕེབས་པའི་འདབ་ཆགས་སྐད། །ཆོས་ལེགས་བཤད་དར་དིར་སྒྲོག་པ་ཡིས། །རྗེ་བླ་མའི་གསུང་དབྱངས་ཡིད་ལ་དྲན། །སྟོན་གཡའ་དང་བྲལ་བའི་དགུང་སྔོན་སྤོར། །སྤྲིན་དཀར་གསལ་ལང་ལོང་རྩིབ་ཤར་སྒྲེང་། །ཉི་གཞོན་གྱི་འོད་སྣང་ལམ་ལམ་འདིས། །རྗེ་བླ་མའི་མཁྱེན་བརྩེ་ཡིད་ལ་ཤར། །གསུངས། དེ་བཞིན་དུ་བླ་མ་སྐྱེས་བུ་དམ་པ་མང་པོས། བླ་མ་དྲན་པའི་གདུང་དབྱངས་བླངས་པ་མང་ངོ༌། །དེས་ན་རང་ཉིད་ཡུལ་གང་ན་གནས་ཀྱང་བླ་མ་མི་བརྗེད་པར་ཉི་མ་རེ་རེ་བཞིན་ཡང་ཡང་ཡིད་ལ་དྲན་པར་བྱས་ཏེ། སངས་རྒྱས་དངོས་སུ་མོས་ལ་རབ་ཏུ་གུས་པའི་ཕྱག་འཚལ་ཞིང་གསོལ་འདེབས་ཀྱི་གདུང་དབྱངས་ལེན་པར་བྱའོ། །སྔོན་ཞང་སྒོམ་རི་པས། ཆོས་རྗེ་རྒོད་ཚང་བ་ལ་ཁྲིད་ཞུས་ནས། ལིང་དེའི་བྲག་ལ་སྒོམ་གྱིན་བཞུགས་པས། མངའ་བདག་ཡབ་ཡུམ་ཤིན་ཏུ་དད་དེ། དགྲ་ནག་གི་དབང་ཞིག་ཞུ་བར་འདོད་ནས། ཁོང་པ་གདན་དྲངས་ཞབས་ཏོག་བཟང་པོ་བྱས་ཏེ། དྲུང་པ་གང་ལ་ཐུགས་དམ་མཛད་པའི་ཆོས་ཤིག་ཐུགས་ལ་འདོགས་པར་ཞུ། བདག་ཅག་ཀྱང་དེ་ལ་ཡི་དམ་བྱེད་པ་ལགས། ཞུས་པས། ཁོང་བ་ན་རེ། བདག་ལ་ཉམས་སུ་བླང་རྒྱུའི་ཆོས་གསུམ་ཡོད་དེ། ཉིད་ཅག་གིས་མི་འོང་མཆི། ཡོང་ན་བྱིན་པས་ཆོག་གསུངས། ཁོང་ཚོའི་བསམ་པ་ལ་ནག་འཇིགས་སྐོར་གསུམ་ཡིན་ཡོང་སྙམས་ནས། གསུམ་པོ་ཅིས་ཀྱང་ཐུགས་ལ་འདོགས་པར་ཞུ། བདག་ཅག་ཀྱང་ཉམས་སུ་ལེན་ལགས་ཞུས་པས། ཁོང་པ་ན་རེ། འོ་ན་ཆོས་རྣམ་དག་བྱེད་པ་ལ། ཆགས་སྡང་སྤོང་དགོས་པར་གསུངས། དང་པོ་འདོད་པའི་ཡུལ་སྤོང་བྱ་བ་ཡིན་པས། བདག་ལའང་ཉིད་ཅག་གི་མངའ་ཐང་ཙམ་མེད་ཀྱང་། བསམ་གླིང་ལ་སོགས་པའི་དགོན་གཞིས་དང་། འབྲི་མཚམས་ཕྱོགས་ན་འཁོར་དང་བུ་སློབ་རྒྱ་ཆེ་རབ་ཡོད་དེ། དེ་ཐམས་ཅད་སྤངས་ནས་བྱ་བྲལ་བྱས་པ་དེ་ཉམས་ལེན་གཅིག་ལགས་ཏེ། དེ་ཉིད་ཅག་གིས་མི་འོང་མཆི། གཉིས་པ་དགྲའི་སྒོ་གཤམ་བར་མ་ལ་རྒྱོབ་བྱ་བ་ཡིན་པས། ངེད་རང་གི་དགྲ་རྣམས་ཀྱི་ཡུལ་དུ་ཕྱིན་ནས་སྒོ་ཡོན་བླངས་པས་ཁོང་ཚོའང་ཤིན་ཏུ་དད་དེ། ཁོང་འདི་བཞིན་མཛད་ཕྱིན་ཆད་འོ་སྐོལ་རྣམས་ཀྱིས་ཀྱང་ཞབས་ཏོག་བྱ་དགོས་ཟེར་ནས་ནང་དུ་བོས་ཏེ་བསྙེན་བཀུར་བཟང་པོ་བྱས། དེ་ལྟར་དགྲ་རྣམས་དགའ་བ་བསྐྱེད་ཅིང་རང་གཞན་གྱི་ཞེ་སྡང་ཞི་བར་བྱས་པ་དེ་གཅིག་ལགས་ཏེ་མི་འོང་མཆི། གསུམ་པ་ནི་ཆགས་སྡང་སྤངས་ཤིང་དབེན་པ་བརྟེན་ནས། དལ་བར་བསྡད་དུ་འཕངས་པར་གདའ་བས། སྒོ་གསུམ་སྐད་ཅིག་ཀྱང་མི་དལ་བར་དགེ་སྦྱོར་གྱིས། དེ་གཅིག་ལགས་ཏེ་མི་འོང་མཆི། གསུངས་པ་ལྟར། ལུས་ངག་ཡིད་གསུམ་དགེ་བ་དང་མི་འབྲལ་བར་བྱེད་པའོ། །ཡུལ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཐམས་ཅད་ལ་ཕྱོགས་རིས་མེད་པར་བློ་སྦྱོང་བ་དང་། བློ་ལ་གང་ཤར་ཐམས་ཅད་བློ་སྦྱོང་གིས་ཁྱད་པར་བྱས་ནས། ཁ་ཙམ་མ་ཡིན་པར་གཏིང་ནས་འབྱོངས་པར་བྱེད་པའོ། །རང་གི་འགྲན་ཟླར་འདུག་པ་དང་ལྷན་ཅིག་ཏུ་འགྲོགས་པ་དང་། ཕར་གནོད་པ་མ་བྱས་ཀྱང་ཚུར་གནོད་པ་བྱེད་པ་དང༌། ཕན་བཏགས་པའི་ལན་དུ་གནོད་སྐྱེལ་བ་དང༌། ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ་ལ་སོགས་པ་སྐྱེ་དཀའ་བ་རྣམས་ལ་ལྷག་པར་བྱམས་སྙིང་རྗེ་སྒོམ་ཞིང་། བླ་མ་དང་ཕ་མ་ལ་སོགས་པ་ཡུལ་གཉན་པ་རྣམས་ལ་གནོད་པར་འགྱུར་བ་ཁྱད་པར་དུ་སྤང་བར་བྱའོ། །ཟས་གོས་ལ་སོགས་འཛོམ་པ་དང་། མི་དང་མི་མ་ཡིན་གྱི་གནོད་པ་མེད་པ་དང་། ཁམས་བཟང་བ་ལ་སོགས་པ་མཐུན་རྐྱེན་འཛོམ་པ་ལ་མི་ལྟོས་པར། མཐུན་རྐྱེན་མ་འཛོམ་ན་མ་འཛོམ་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་ལམ་དུ་འཁྱེར་བའོ། །ཐོག་མ་མེད་པ་ནས་ལུས་ཇི་སྙེད་བླང་བ་དོན་མེད་དུ་སོང་འདུག །ད་རེས་ཀྱི་ཚེ་འདི་ལ་དོན་གྱི་གཙོ་བོ་ཞིག་སྒྲུབ་དགོས་པར་འདུག་པས། ཚེ་འདི་བས་ཆོས་གཙོ། ཆོས་ལ་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། ཆོས་གཞན་བས་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཙོ། དེའང་ལུང་རིགས་ཀྱི་སྒོ་ནས་སྦྱོང་བ་ལས་བླ་མའི་མན་ངག་ལ་བརྟེན་ནས་སྦྱོང་བ་གཙོ་ཆེ་སྟེ། ཏིང་འཛིན་ཚོགས་ཀྱི་ལེའུ་ལས། ཇི་ཙམ་གྱི་སེམས་མཉམ་པར་འཇོག་ནུས་པ་དེ་ཙམ་གྱིས་གདམས་ངག་ཁོ་ནས་ཚིམ་པར་བྱས་ལ། སེམས་ཀྱི་ངང་ཚུལ་འཕྲལ་དུ་འབྱུང་བ་ཡང་། བླ་མ་ལ་ཞུས་ཤིང་བསྒོམ་པར་བྱ་ཡིས། ཚད་མ་རྣམ་བདུན་དང་། བརྡའ་སྤྲོད་རྣམ་བཞི་དང་། ཆོས་མངོན་པ་རྣམ་བདུན་དང་། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་མཚན་མས་ཡིད་མི་གདུང་སྟེ། བསྐལ་པ་དཔག་ཏུ་མེད་པར་ངལ་བ་བྱས་ཀྱང་། ཐ་སྙད་ཉེ་བར་སྦྱར་བ་དག་ནི་མི་ཟད་ཀྱིས། ཚེ་ཡོངས་སུ་གཏུགས་པ་ཁོ་ནར་ཟད་དོ་ཞེས་དང་། ཇོ་བོ་རྗེའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་གནས་ཀྱང་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ངེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །གསུངས། དེ་ཡང་པུ་ཏོ་བ་དང་། དགེ་བཤེས་ཆོས་ཀྱི་འོད་ཟེར་བྱ་བའི་མཁས་པ་ཆེན་པོ་ཞིག་ཡོད་པ་དེ་གཉིས་ལ། སློབ་མ་ཐུན་མོང་བ་མང་པོ་ཡོད་པ་ལས། ཁོང་ཚོ་ན་རེ། པོ་ཏོ་བས་ཆོས་བཤད་དུས་ངེས་ཤེས་སྐྱེ་བ་ཙམ་ཁྱེད་ཀྱིས་བཤད་པ་ལ་མི་སྐྱེ་བར་འདུག་ཞུས་པས། ཁོང་གི་ཐུགས་དགོངས་ལ་ཆོས་ང་མཁས་པས་དེ་ཙུག་མི་ཐང་། འོན་ཀྱང་ང་ལ་མེད་པའི་གདམས་ངག་ཁོང་ལ་ཡོད་པ་ཡིན་ཏེ་འོང་སྙམ་ནས། ཁོང་གིས་ཀྱང་པོ་ཏོ་བ་ལ་ཆོས་མཉན་པས། ཁོང་རང་ཡང་ངེས་ཤེས་སྐྱེས་ནས། ཁོང་ལ་ཆོས་མཉན་པས་མ་ཤེས་པའི་ཤེས་རྒྱུ་མ་བྱུང་སྟེ། མ་གོ་བའི་གོ་རྒྱུ་ཞིག་བྱུང་གསུངས་པས། པོ་ཏོ་བ་ན་རེ། བདེན་མ་ཤེས་པའི་ཤེས་རྒྱུ་མེད་དེ་ཆོས་ཁྱེད་རང་མཁས། མ་གོ་བའི་གོ་རྒྱུ་ཡོད་དེ་ངས་ཆོས་ཀྱི་མདེའུ་རྩེནང་དུ་བསྒྱུར་ནས་བཤད་པ་ཡིན་གསུངས། དེས་ན་བླ་མའི་མན་ངག་རང་གི་རྒྱུད་སྟེང་དུ་བསྐོར་ནས་ཉམས་སུ་ལེན་པ་གཅེས་སོ། །སྤྱོད་ལམ་གཞན་བས་མལ་དུ་བསྡད་ནས་སྦྱང་བ་གཙོ་ཆེ་སྟེ། ཤ་ར་བའི་ཞལ་ནས། ངས་མདུན་མ་ཐམས་ཅད་སྟན་ཐོག་གཅིག་ཏུ་བཅད་པ་ཡིན་གསུངས། ལ་སྟོད་ལྷོར་ཆོས་འཁོར་ཞིག་བྱུང་བ་ལ། སྐྱེས་པ་ཀུན་རྟ་རྩེད་ལ་སོགས་པ་མང་པོ་བྱེད་ཀྱིན་འདུག་པ་ལ། མ་གཅིག་ཞ་མའི་གཡོག་མོས་ཀྱང་བལྟས་པས་ཡ་མཚན་སྙམས་ནས། དགོང་མོ་མ་གཅིག་ལ། དེ་རིང་ལྟད་མོ་གདའ། ཁྱད་པར་དུ་ལངས་ནས་རྟ་རྒྱུག་པ་ལ་ཆགས་ཀྱིན་གདའ་ཞུས་པས། མ་གཅིག་ན་རེ། ངས་དེ་འདྲ་མིན་པ། སྟན་ཐོག་ཏུའང་ཆགས་གསུངས། ཡང་དགོན་པའི་ཞལ་ནས། སྡུག་རྒུར་ཚུགས་པའི་སྙིང་རུས་ཅན། །སྟན་ལ་ཆགས་པའི་སྐྱ་རྩལ་ཅན། །གསུངས། རྗེ་མི་ལས། དྭགས་པོ་ལྷ་རྗེ་ལ། གདམས་ངག་ཟབ་ཤོས་ཤིག་ཡོད་པ་ད་གཟོད་སྟེར་རོ་གསུངས་ནས་མ་གནང་། དྭགས་པོ་ཡུལ་ལ་འགྲོ་ཁར། གདམས་ངག་དེ་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཕངས་པར་འདུག་གསུངས་ནས་མ་གནང་། དེ་ནས་དྭགས་པོ་བ་ལ་སྐྱེལ་ཐུང་བྱས། སོ་སོར་ཁམས་བདེ་བྱས་ནས། དྭགས་པོ་བ་ཐག་རིང་པོར་སོང་བ་དང་། བོས་ཏེ་ལོག་ལ་ཤོག་དང་གསུངས་ནས། ལོག་ཕྱིན་པས། འཕངས་ཏེ་མ་ཕན་བསྟན་གྱིས་གསུངས་ནས། ན་བཟའ་སློག་སྟེ། སྟན་ཐོག་ཏུ་བཞུགས་དྲགས་པས། འཕོངས་རྨེན་པར་སོང་བ་དེ་བསྟན་ནས། ཟབ་ཤོས་འདི་ཡིན་ནོ་གསུངས། བླ་མ་གོང་མ་འགའ་རེས་སྟོན་ཆེན་ལྷམ་རྡོལ་བརྒྱ་ལས། བསྒོམ་ཆེན་སྟན་རྡོལ་གཅིག་དགའ་གསུངས་སྐད། དེས་ན་གནས་བསྐོར་སོགས་འགྲོ་འདུག་མང་པོ་མི་བྱེད་པར་གནས་བཟང་པོ་གཅིག་ནས། འཕོངས་རུལ་གདན་རྡོལ་ཤི་རུང་། བྱང་ཆུབ་སེམས་ཀྱི་གདམས་པ་ཟབ་མོ་འདི་འདྲ་བསྒོམ་དགོས། ཡུལ་སྤོང་བ་བས་གཉེན་པོ་བརྟེན་པ་གཙོ་ཆེ་བས་གཙོ་བོ་དེ་རྣམས་ཉམས་སུ་ལེན་པའོ། །ཆོས་སྒྲུབ་པའི་དུཿཁ་མི་བཟོད་པར་དགྲ་འདུལ་བ་དང་གཉེན་སྐྱོང་བ་ལ་སོགས་པའི་དུཿཁ་བཟོད་པ་གོ་ལོག་གོ །ཆོས་རྣམ་དག་བྱེད་པ་ལ་འདུན་པ་མི་བྱེད་པར། ཚེ་འདིའི་དཔལ་འབྱོར་ལ་འདུན་པ་བྱེད་པ་ནི་འདུན་པ་གོ་ལོག་གོ །ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཆོས་ཀྱི་རོ་མི་མྱང་བར། འཇིག་རྟེན་གྱི་བདེ་བའི་རོ་མྱང་བ་ནི་རོ་མྱོང་གོ་ལོག་གོ །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་སྒོམ་པར། ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་སྒོམ་པའི་སྙིང་རྗེ་གོ་ལོག་གོ །དེ་ཡང་སྔོན་སློབ་དཔོན་པཎྜི་ཏ་ཟེར་བ་དང་། ཉེ་གནས་གཞོན་རྒྱལ་ཟེར་བ་གཉིས་སྤུན་ཡིན་པས། པཎྜི་ཏ་ན་རེ། གཞོན་རྒྱལ་ཟེར་བའི་བློ་མ་ཁུག་པ་འཆི་བ་མ་དྲན་པ་འདི་སྙིང་རྗེ་གསུངས། ཉེ་གནས་ན་རེ། པཎྜི་ཏ་ཟེར་བའི་མཁོས་མེད་པོ་རང་གི་ལྟོ་གོས་ཙམ་ཡང་མི་འབྱོར་བ་འདི་སྙིང་རྗེ་ཟེར་ལ། ཁོའི་དེ་གོ་ལོག་ཡིན་གསུངས། གོ་ལོག་འདི་པེ་ཏ་མགོན་སྐྱིད་ཀྱིས་ཀྱང་བྱས་ཏེ། མོས་འབད་རྩོལ་ཆེན་པོ་བྱས་པས་རྩམ་པ་བྲེ་བཞི་ཙམ་དང་། ཤ་གཟུགས་གཅིག །ཆང་དམ་གང་རྙེད་ནས་ཁྱེར་ཏེ། མི་ལ་བཞུགས་སར་ཕྱིན་ནས་བཙལ་བའི་དུས་སུ་མ་རྙེད། མཇུག་ཏུ་བྲག་འོག་ཅིག་ན་འདུག་པས། ཁོང་ཟས་སུ་ཟ་ཁོ་ན་གསོལ་བས་མདོག་སྔོ་ནག་ཏུ་སོང༌། ཚྭ་མེད་པས་ལུས་ལ་སྤུ་ཆེན་པོ་སྐྱེས་འདུག་པ་མཐོང་ནས། འདི་མི་མ་ཡིན་ནམ་སྙམ་དུ་འཇིགས་པ་ཞིག་བྱུང་། ལེགས་པར་བརྟགས་པས་སོ་དེ་འདྲ་བར་འདུག་ནས་རྩ་རུ་ཕྱིན་ཏེ་ལག་པས་འཇུས་ནས། གཞན་གྱི་ཆོས་པ་ཀུན་རང་ཡང་སྐྱིད། གཉེན་ལ་ཡང་ཕན་པ་ཞིག་འདུག་སྟེ། ཨ་ཇོའི་ཆོས་འདི་འདྲ་རང་སྡུག་ལ། གཞན་ལ་མི་ཕན་པ་སུའི་ལུགས་ཡིན་ནམ་ཟེར་ནས་ངུས་སོ། །མོ་སྡུག་མ་ཆོས་རྒྱུས་ཆུང་བས་ལན་པ་ཡིན། ཨ་ཇོ་དེ་འདྲ་ལ་སྙིང་རྗེ་བསྒོམ་མི་དགོས། ཐམས་ཅད་མོའི་ཨ་ཇོ་ལྟར་སོང་ན་གོ་བཅད་པ་ཡིན། འོན་ཀྱང་མོའི་དེ་སྡིག་པར་མི་འགྲོ་གསུངས། མོའི་ཤ་ཆང་དེ་གསོལ་བས་རྩ་མདུད་གྲོལ་ནས་ནམ་མཁའ་ལ་འཕུར་བ་ཡིན་པར་འདུག་པས། དོན་ཆེན་འགྲུབ་པར་གདའ་གསུངས། རང་ལ་ལྟོས་པའི་མི་ཆོས་ལ་མི་སྦྱོར་བར། ཚེ་འདིའི་དཔལ་འབྱོར་ཆེ་བའི་ཐབས་ལ་སྦྱོར་བ་ནི་གཉེར་སེམས་གོ་ལོག་གོ །འཁོར་འདས་ཀྱི་བདེ་བ་དང་དགེ་བ་ལ་དགའ་བ་མི་བསྒོམ་པར། དགྲ་ལ་དུཿཁ་བྱུང་ན་དགའ་བ་བསྒོམ་པ་ནི་རྗེས་སུ་ཡི་རང་གོ་ལོག་གོ །གོ་ལོག་དྲུག་སྤངས་ནས། གོ་མ་ལོག་པ་དྲུག་ཉམས་སུ་བླང་བར་བྱའོ། །ཆོས་ལ་ངེས་འབྱུང་མ་སྐྱེས་པས་རེས་བྱེད་རེས་མི་བྱེད་པ་སྤངས་ནས། རྩེ་གཅིག་ཏུ་རྒྱུན་མི་འཆད་པར་བློ་སྦྱོང་བའོ། །བློ་སྦྱོང་ཉིད་ལ་བློ་ལིངས་སྒྱུར་ནས་ཕྱོགས་གཅིག་ཏུ་སྦྱོང་བའོ། །རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟགས་ནས་དེ་འབད་པ་དྲག་པོས་སྤང་སྟེ། དེ་ནས་ཉོན་མོངས་དེ་སྐྱེ་བའི་ཡུལ་བསྟེན་པ་ལ་སོགས་པའི་སྒོ་ནས་དེ་སྐྱེ་མི་སྐྱེ་བརྟགས་ཏེ། སྐྱེ་ན་ཡང་གཉེན་པོས་སྤང་ཞིང་། མི་སྐྱེ་བར་འགྱུར་བའི་བར་དུ་འབད་པར་བྱའོ། །ཕ་རོལ་ལ་བདག་གི་དྲིན་ཡོད་པ་དང་། རང་གིས་ཆོས་ཡུན་རིང་ལ་དོས་དྲགས་པ་བྱས་པ་དང་། མཁས་པ་དང་བཙུན་པ་ལ་སོགས་པའི་ཡུས་མི་བྱེད་པ་སྟེ། བདག་པས་གཞན་གཅེས་སྒོམ་པ་ལ་ཡུས་བྱས་མེད་དོ། །མི་ལ་རེ་བ་མ་ཆེ་ལྷ་ལ་གསོལ་བ་ཐོབ་བྱ་བ་རྭ་སྒྲེང་བའི་བཀའ་ཡིན་གསུངས། བདག་ལ་གཞན་གྱིས་མི་མང་སར་རྨ་ཕབ་པ་ལ་སོགས་ལ་ལན་མི་བྱ་ཞིང་ཀོ་ལོང་མི་སྡོམ་མོ། །ད་ལྟ་འོ་སྐོལ་ཆོས་པ་རྣམས་ཀྱི་ཆོས་བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་བསྲན་ཤའུ་བས་ཆུང་། ཀོ་ལོང་གཙང་བཙན་བས་དམ་པར་འདུག་སྟེ། དེས་ཆོས་ཀྱི་གོ་མི་ཆོད་པས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་གསུངས། ཅུང་ཟད་ཙམ་ལ་དགའ་མི་དགའི་རྣམ་འགྱུར་སྟོན་པ་ནི་གྲོགས་ལ་གཟན་པས་མི་བྱའོ། །གཞན་ལ་ཕན་བཏགས་པའམ། ཆོས་བྱས་པ་ལ་ཚིག་གི་གཏང་རག་དང་། སྙན་གྲགས་ལ་རེ་བ་མེད་པར་བྱའོ། །དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་པར་སྦྱངས་ནས་འབྱོངས་པའི་གདེངས་ཐོབ་པར་བྱའོ། །དུས་དང་སེམས་ཅན་དང་ཚེ་དང་ཉོན་མོངས་པ་དང་ལྟ་བའི་སྙིགས་མ་ལྔ་སྟེ། ལྔ་བདོ་བའི་དུས་འདིར་བདེ་བའི་རྐྱེན་ནི་ཉུང་། མི་དང་མི་མ་ཡིན་གྱིས་འཚེ་བ་ལ་སོགས་པའི་དུཿཁའི་རྐྱེན་ཤིན་ཏུ་མང་བས། རྐྱེན་ངན་གྱི་རུ་འཛིངས་པ་ན། དེ་ཉིད་བློ་སྦྱོང་གི་གྲོགས་སུ་བྱས་ནས་བློ་སྦྱོང་བསྒོམས་པས་རྐྱེན་ངན་ཅི་ཙམ་མང་ཡང་དགེ་སྦྱོར་འཕེལ་བར་འགྱུར་བས། དུག་ཐམས་ཅད་སྨན་དུ་བསྒྱུར་བར་བྱེད་པའི་བདུད་རྩི་ལྟ་བུ། བླ་མ་གསེར་གླིང་པའི་མན་ངག་འདི་མན་ངག་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་བློ་སྦྱོང་ཤེསན། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་བྱ་བ་བློ་སྦྱོང་སྒོམ་པའི་ལུས་འདི་ཉིད་ལ་ཟེར་བ་ཡིན་ཏེ། རང་གཞན་འཁོར་འདས་ཀྱི་བདེ་བ་ཐམས་ཅད་འདི་ལས་འབྱུང་བ་ཡིན་པས། རྩོམ་པ་ཐམས་ཅད་གཅིག་ཏུ་དྲིལ་ནས། སེམས་དང་ཆོས་འདྲེས་པར་ལེགས་པར་བློ་སྦྱངས་ན། རིང་པོར་མི་ཐོགས་པར་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ་གསུངས་སོ། །སྨྲས་པ། ཆོས་རྗེ་བླ་མར་ཕྱག་འཚལ་མཆོད་པ་འབུལ། །ཆོས་འགལ་སྡིག་ལྟུང་ཀུན་བཤགས་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་པར་བཞུགས་གསོལ་འདེབས། །ཆོས་སྤྱོད་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་ཚོགས་བསག་སྒྲིབ་སྦྱོང་གནད་བསྡུས་པའི་། །ཡན་ལག་བདུན་པ་ཞིག་ཀྱང་སྔོན་བཏང་ནས། །སླར་ཡང་བློ་སྦྱོང་བསླབ་བྱའི་རིམ་པ་རྣམས། །ཚིགས་སུ་བཅད་ནས་དབྱངས་སུ་ལེན་པར་བྱ། །ཟས་གོས་སྤྱོད་ཀྱང་གཞན་ཕན་སེམས་ཀྱིས་སྤྱོད། །རྐྱེན་ངན་མང་དུས་ལྷག་པར་གཏོང་ལེན་སྒོམས། །སྔ་དྲོ་བྱང་ཆུབ་སེམས་གཉིས་བསྒོམ་སྙམ་པའི་། །འཕེན་པ་བཏང་ནས་ཉིན་མོ་དྲན་ཤེས་བརྟེན། །དགོང་མོ་བྱང་ཆུབ་སེམས་གཉིས་འགལ་བའི་རིགས། །བྱུང་ན་རང་ལ་རྔན་བགྲངས་བཤགས་པ་བྱ། །ཕྱིན་ཆད་དེ་འདྲ་མི་བྱེད་འདུན་པ་བསྐྱེད། །མ་འགལ་འདུག་ན་རང་ལ་དགའ་བ་སྒོམས། །ཕྱིན་ཆད་དེ་བཞིན་བྱའོ་སྙམ་དུ་བསམ། །དར་བ་བྱུང་ཚེ་ཁེང་དྲེགས་མི་བྱ་ཞིང་། །རྒུད་པ་བྱུང་ཀྱང་ཞུམ་པ་མེད་པར་བྱ། །ཆོས་སྤྱིའི་དམ་ཚིག་ཁྱད་པར་བློ་སྦྱོང་གི །དམ་ཚིག་གཉིས་པོ་སྲོག་ལས་གཅེས་པར་སྲུངས། །ཉོན་མོངས་སྐྱེས་ཚེ་ངོས་བཟུང་གཉེན་པོས་སྤངས། །ཕྱིན་ཆད་མི་འབྱུང་ཕྱིར་དུ་འབད་པར་བྱ། །བླ་མ་བཟང་ཞིང་རང་བློ་ལས་སུ་རུང༌། །མཐུན་རྐྱེན་འཛོམ་ཚེ་དེ་ལྟར་གཞན་ལ་ཡང་། །འཛོམ་པར་གྱུར་ཅིག་སྙམ་དུ་སྨོན་ལམ་གདབ། །མ་འཛོམ་དུས་སུ་འདི་ལྟར་མ་འཛོམ་པར། །ལྷ་ཆོས་མ་འོང་བ་རྣམས་སྙིང་རེ་རྗེ། །མ་འཛོམ་ཉེས་པ་ཐམས་ཅད་བདག་ཉིད་ལ། །འདུས་པར་གྱུར་ཅིག་སྙམ་དུ་གཏོང་ལེན་བྱ། །བླ་མའི་མོས་གུས་ཉམས་པ་མེད་པ་དང་། །བློ་སྦྱོང་བསྒོམ་ལ་སྤྲོ་བ་མི་ཉམས་ཤིང་། །ཐེག་པ་ཆེ་ཆུང་བསླབ་བྱ་ཉམས་མི་བྱ། །ལུས་ངག་ཡིད་གསུམ་དགེ་དང་མི་འབྲལ་ཞིང༌། །ཡུལ་ལ་ཕྱོགས་རིས་མེད་པར་བློ་སྦྱོང་སྒོམས། །ཁྱད་པར་ལམ་གོལ་རྣམས་ལ་རྟག་པར་སྒོམས། །མཐུན་རྐྱེན་འཛོམ་ལ་མི་བལྟ་མ་འཛོམ་པ། །དེ་ཉིད་བྱང་ཆུབ་སེམས་ཀྱི་གྲོགས་སུ་འཁྱེར། །འཇིག་རྟེན་འདི་བས་དམ་པའི་ལྷ་ཆོས་གཙོ། །ཆོས་ལ་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། །ལྷ་ཆོས་གཞན་ལས་བྱང་ཆུབ་སེམས་གཉིས་གཙོ། །དེའང་ལུང་རིགས་སྒོ་ནས་སྦྱོང་བ་ལས། །བླ་མའི་མན་ངག་སྒོ་ནས་སྦྱོང་བ་གཙོ། །སྤྱོད་ལམ་གཞན་ལ་བརྟེན་ནས་སྦྱོང་བ་ལས། །རང་གི་མལ་དུ་བསྡད་ནས་སྦྱོང་བ་གཙོ། །ཡུལ་ངན་སྤོང་ལས་གཉེན་པོ་བརྟེན་པ་གཙོ། །གཙོ་བོ་དེ་རྣམས་ཉམས་སུ་ལེན་པར་བྱ། །ལྷ་ཆོས་སྒྲུབ་པའི་སྡུག་བསྔལ་མི་བཟོད་པར། །དགྲ་འདུལ་བ་དང་གཉེན་སྐྱོང་ལ་སོགས་པའི་། །སྡུག་བསྔལ་བཟོད་པ་བཟོད་པ་གོ་ལོག་གོ ། དམ་ཆོས་བྱེད་ལ་འདུན་པ་མི་བྱེད་པར། །དོན་མེད་ཚེ་འདིའི་དཔལ་འབྱོར་ཆེ་ཐབས་ལ། །འདུན་པ་བྱེད་པ་འདུན་པ་གོ་ལོག་གོ །ཐོས་བསམ་སྒོམ་གསུམ་སྒོ་ནས་ཆོས་ཀྱི་རོ། །མི་མྱང་འཇིག་རྟེན་འདི་ཡི་བདེ་བའི་རོ། །མྱང་བ་དེ་ནི་རོ་མྱོང་གོ་ལོག་གོ །སྡིག་པ་བྱེད་ལ་སྙིང་རྗེ་མི་བསྒོམ་པར། །ཆོས་ཀྱི་ཕྱིར་དུ་དཀའ་བ་སྤྱོད་པ་ལ། །སྙིང་རྗེ་བསྒོམ་པ་སྙིང་རྗེ་གོ་ལོག་གོ །རང་ལ་ལྟོསཔའི་མི་རྣམས་ལྷ་ཆོས་ལ། །མི་སྦྱོར་ཚེ་འདིའི་དཔལ་འབྱོར་ཆེ་ཐབས་ལ། །སྦྱོར་བ་དེ་ནི་གཉེར་སེམས་གོ་ལོག་གོ །འཁོར་འདས་གཉིས་ཀྱི་བདེ་དང་དགེ་བ་ལ། །དགའ་བ་མི་བསྒོམ་སྡུག་བསྔལ་དགྲ་བྱུང་ན། །དགའ་བ་རྗེས་སུ་ཡི་རང་གོ་ལོག་གོ །གོ་ལོག་དྲུག་པོ་དེ་ཉིད་ཤེས་བྱས་ནས། །མ་ལོག་པ་དྲུག་ཉམས་སུ་ལེན་པར་བྱ། །རེས་བྱེད་རེས་འཇོག་གཉིས་པོ་མི་བྱེད་པར། །རྩེ་གཅིག་རྒྱུན་ཆད་མེད་པར་བློ་སྦྱོང་སྒོམས། བློ་སྦྱོང་ཁོ་ན་བློ་གཏད་དོལ་ཆོད་སྦྱངས། །ཉོན་མོངས་གང་ཆེ་བརྟགས་ནས་དུག་བཞིན་སྤངས། །དེ་ནས་ཉོན་མོངས་སྐྱེ་བའི་ཡུལ་ལ་བརྟེན། །ད་དུང་སྐྱེས་སམ་མི་སྐྱེ་ལེགས་པར་བརྟགས། །སྐྱེ་ན་གཉེན་པོས་སྤོང་ཞིང་ཕྱིན་ཆད་ཀྱང་། །ནམ་ཡང་མི་སྐྱེ་བར་དུ་འབད་པར་བྱ། །གཞན་ལ་ལྟོ་གོས་ཆོས་ཀྱིས་ཕན་བཏགས་ཤིང༌། །རང་གིས་ཆོས་ཀྱང་ཡུན་རིང་བྱས་པ་སོགས། །རང་གཞན་བསྟན་འགྲོའི་དོན་ཆེན་གང་བསྒྲུབས་ཀྱང་། །ངས་བྱས་སྙམས་པའི་ཁོང་ཡུས་མ་ཆེ་ཞིང་། །རང་ལ་གཞན་གྱིས་མི་མང་འཚོགས་ས་རུ། །རྨ་ཕབ་ན་ཡང་ཀོ་ལོང་མི་སྡོམ་ཞིང་། །དགའ་དང་མི་དགའ་རྣམ་འགྱུར་སྟོན་པ་དེ། །གྲོགས་ལ་གཟན་པས་ནམ་ཡང་མི་བྱ་བར། །རྟག་ཏུ་འཛུམ་པའི་བཞིན་གྱིས་གནས་པར་བྱ། །གཞན་ལ་ཕན་བཏགས་པ་དང་ཆོས་བྱས་པ། །རྣམས་ལ་ཚུར་ལ་ཚིག་གི་གཏང་རག་དང་། །སྙན་གྲགས་འོང་དུ་རེ་བ་མེད་པར་བྱ། །དེ་ལྟར་བློ་སྦྱོང་བསླབ་བྱ་མ་ཉམས་པར། །བསླབ་ན་རང་གཞན་དོན་གཉིས་འགྲུབ་པར་ངེས། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

དེ་ཡང་འོ་སྐོལ་རྣམས་ཀྱིས་དཀའ་ལས་ཆེར་མེད་བཞིན་དུ། བླ་མ་རྣམས་ཀྱི་དྲིན་ལས་རང་གཞན་ཐམས་ཅད་འཚེངས་པའི་གདམས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་དང་འདི་འདྲ་ཐོབ་པ་ལ་དགའ་སྤྲོ་ཚད་མེད་པ་བསྐྱེད་ཅིང་། ཚེ་བློས་བཏང་སྟེ་དབེན་པ་བརྟེན་ནས་ཉིན་མཚན་མེད་པར་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་ཉམས་སུ་ལེན་དགོས་ཏེ། སྔོན་ཇོ་བོས་བླ་མ་གསེར་གླིང་པ་ལ་བྱང་ཆུབ་སེམས་ཀྱི་གདམས་པ་འདི་ཞུ་རུ་ཕེབས་དུས། རྒྱ་མཚོ་ཆེན་པོ་ལ་གྲུ་བཏང་ནས་ཟླ་བ་བཅུ་གསུམ་བྱོན་པ་སོགས། ཆོས་ཕྱིར་དཀའ་བ་མང་པོ་སྤྱོད་དགོས་བྱུང་ཚེ། བུ་སློབ་རྣམས་ལ་ཁྱེད་རྣམས་ཀྱིས་དཀའ་བ་མ་སྤྱད་པར་ཆོས་ཟབ་མོ་རྙེད་པ་དོན་རེ་ཆེ་ཡི། ད་ལེགས་པར་སྤྱོད་ཅིག་གསུངས། རྗེ་རིན་པོ་ཆེས་མདོ་རྒྱུད་ཀྱི་གསུང་རབ་དགོངས་འགྲེལ་ཐམས་ཅད། གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་ནས་ཉམས་སུ་བླངས་ནས་གདེངས་ཐོབ་པའི་གསུང་ཉམས་མགུར་དུ་མཛད་དེ། ཐེག་ཆེན་གཉིས་ཀྱི་ཐུན་མོང་ལམ་དང་ནི། །ཐུན་མོང་མིན་པའི་ལམ་གྱི་རིམ་པ་གཉིས། །གནད་བསྡུས་ཚང་བའི་ལམ་ལ་འདྲིས་པར་སྦྱངས། །ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །གསུངས། གཞན་ཚ་གོའི་དཔོན་པོ་ངག་དབང་གྲགས་པ་སོགས་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྟེ། ལམ་གྱི་གཙོ་བོ་རྣམ་གསུམ་གནང་ནས། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་ཇི་བཞིན་རང་གིས་རྟོགས་པའི་ཚེ། །དབེན་པ་བརྟེན་ནས་བརྩོན་འགྲུས་སྟོབས་བསྐྱེད་དེ། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །གསུངས། དེ་ཡང་སྔོན་རྒྱ་གར་གྲུབ་ཐོབ་ལཱུ་ཨི་པས་ཀྱང་རྗེ་བཙུན་མའི་བཀའ་བཞིན་དབེན་པའི་གནས་སུ་འཚོ་བ་དཀའ་ཐུབ་ལ་བརྟེན་ནས་སྒྲུབ་པ་མཛད་པ་དང་། གྲུབ་ཚེ་ན་དྲིལ་བུ་བས་ཀྱང་དབེན་པའི་ནགས་ཁྲོད་དུ་དཀའ་སྤྱད་དྲག་པོའི་སྒོ་ནས་སྒྲུབ་པ་མཛད་པར་གསུངས། དེ་བཞིན་དུ་རྒྱ་གར་གྱི་གྲུབ་ཆེན་ཕལ་མོ་ཆེས་དབེན་པའི་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པར་གདའ། བོད་དུ་སྔོན་བྲག་ཡེར་པའི་ཞང་བཙུན་དེར་མས་མི་རྟག་ངེས་འབྱུང་གིས་རྒྱུད་བསྐུལ་ནས། ཟང་ཟིང་ལོངས་སྤྱོད་ཀྱི་འཆིང་ཐག་རྦད་ཀྱིས་བཅད། སྐུ་ཚེ་གང་པོར་ཞེན་མེད་ཀྱི་བྱ་བཏང་ཁོ་ན་མཛད། གནས་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས། བྲག་རྒྱབ་ཀྱི་གཉན་སྟོན་ཤག་འབྱུང་གིས་ད་ལྟ་ཉིད་དུ་འཆི་ཉེན་ཡོད་གསུངས། ཐ་ན་མེ་ཤིང་གི་ཚགས་ཀྱང་མི་མཛད་པར་བྱ་རི་དྭགས་ཀྱི་སྤྱོད་པ་དང་ཁྱད་པར་མེད་པར་མཛད་ནས་གནས་དབེན་པ་རྣམས་སུ་སྒྲུབ་པ་ཁོ་ན་མཛད། འབན་གུང་རྒྱལ་གྱིས་འཇིག་རྟེན་ཆོས་བརྒྱད་མགོ་བསྙོམས། ཀུན་སློང་ངན་པའི་དབང་དུ་སྐད་ཅིག་ཀྱང་མ་ཤོར་བ་མཛད། སྐུ་འཚོ་ཙམ་ལ་སྡིག་མེད་ཀྱི་བསོད་སྙོམས་གསོལ་ཏེ་སྒྲུབ་པ་རང་མཛད། གྲུབ་ཐོབ་ཉི་ཕུག་པས། བྲག་རྟ་སྒོ་དབེན་པའི་མཐའ་རྩ་རུ། ཕྱེ་ཕུལ་དགུ་ལ་འཚོ་བའི་རྟེན་མཛད་ནས་དགུང་ལོ་བདུན་སྒྲུབ་པ་མཛད། ཤངས་ལྷ་ཕུའི་རིན་ཅེན་རྨོག་ཅོག་པས། ཤིང་ལོ་མའི་ཟས་ལ་བཅུད་ལེན་མཛད་ནས་ལོ་བཅུ་གསུམ་སྒྲུབ་པའི་རྒྱལ་མཚན་བཙུགས། རྒྱལ་གྱི་ཤྲཱིའི་རྗེ་རྒྱལ་བ་རྒོད་ཚང་བས་བྱང་ལྷ་ཁབ་དབེན་པའི་མཚོ་དབུས་སུ་ཚེ་བློས་བཏང་ཆུ་ཡི་དཀའ་ཐུབ་ལ་བརྟེན་ནས་ལོ་གསུམ་དུ་སྒྲུབ་པའི་སྲོལ་ཁ་བཟུང་། མོན་བུམ་ཐང་གི་དུང་མཚོ་རས་པས་འཇིག་རྟེན་གྱི་འདོད་ཡོན་བློས་བཏང་ཆུ་ཡི་བཅུད་ལེན་བྱས་ལོ་སུམ་ཅུར་སྒྲུབ་པའི་རྒྱལ་མཚན་བཙུགས། ཀོང་སྡོང་གི་གཏེར་སྟོན་འཇའ་ཚོན་སྙིང་པོས་གནས་བང་རི་འཇོག་གི་རི་ཁྲོད་དུ་ལོ་བཅུ་བདུན་བུག་སྒོ་འདག་སྦྱར་མཛད། གྲུབ་ཐོབ་བཀའ་བཞི་པས། གནས་སྔོ་རི་དབེན་པའི་བས་མཐའ་རུ། གང་བྱུང་གི་འཚོ་བ་ལ་བརྟེན་ནས། རྩེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས། ངོར་ཆེན་ཆོས་ཀྱི་རྒྱལ་པོས་གནས་དཔལ་རི་གཉིས་པ་དམར་སྒོམ་དུ། འཇིག་རྟེན་གྱི་ཞེན་པ་བློས་བཏང་ནས་ཚེ་ཧྲིལ་པོར་སྒྲུབ་པའི་རྒྱལ་མཚན་བཙུགས། རྗེ་ཀརྨ་པ་ཆོས་འཕེལ་གྱིས་གནས་དམིགས་ལུང་དབེན་པའི་བས་མཐའ་རུ། ལོ་བཅུ་གཉིས་སྒྲུབ་ཁང་གཅིག་ཏུ་བཞུགས། རི་མཚམས་ཀྱི་ཁ་རག་སྒོམ་ཆུང་བས། གཙང་གི་ཇོ་མོ་ཁ་རག་གི་བྲག་ཕུག་ཏུ། རི་དྭགས་ཀྱི་འོ་མ་སོགས་ལ་བརྟེན་ནས་སྒྲུབ་པ་ཡུན་རིང་མཛད། ཡུལ་ངམ་ཤོད་ཀྱི་ཆོས་རྗེ་ལོ་རས་པས། བྱང་གནམ་མཚོ་ཕྱུག་མོའི་མཚོ་དབུས་སུ། ལོ་གཅིག་གི་འཚོ་རྟེན་ལ་དཔོན་གཡོག་གཉིས་ཀྱིས་ལོ་བདུན་གྱི་རྒྱགས་བྱས་སྒྲུབ་པ་མཛད་པ་དང་། ཁྱད་པར་དུ་རྗེ་བཙུན་མི་ལ་རས་ཆེན་དེ། བྲག་དཀར་རྟ་སོ་དབུ་མ་རྫོང་ན་བཞུགས་དུས་ན། བཀའ་གདམས་པའི་དགེ་བཤེས་ཤེར་སེང་བྱ་བ་དེ། བལ་པོར་རྟེན་མཆོད་བསྒྲིགས་པ་ལ་འོངས་ནས། ཀློང་མདའ་ནས་བལྟས་པས། བྲག་དཀར་ན་དུད་པ་སྔོ་ཁྱུག་བྱུང་བ་མཐོང་ནས་ལམ་འགྲུལ་ལ། ཡ་ཀིར་སུ་ཡོད་པ་ཡིན་དྲིས་པས། ཡ་ཀི་ན་གུང་ཐང་རྩ་བ་མི་ལ་ཤེར་རྒྱལ་གྱི་བུ་ཐོས་པ་དགའ་བྱ་བ་ཁུ་བོ་དང་ཡུལ་པ་ཐམས་ཅད་ཕུང་ལ་གཏོང་མཁན་དེ་ཡོད་པ་ཡིན་ཟེར། དགེ་བཤེས་ཀྱིས་ཡང་དྲིས་པ། འོ་ན་ཁོ་ད་ལྟ་དེར་ཅི་བྱེད་པ་ཡིན་བྱས་པས། ལམ་འགྲུལ་ལ་ལན་རེ་སྡིག་བཤགས་བྱེད་པ་ཡིན་ཟེར། ལ་ལན་རེད་དུང་ཡང་མཐུ་སྒྲུབ་པ་ཡིན་ཟེར། ཚོད་ལོང་བ་མི་འདུག་ཟེར། དེར་དགེ་བཤེས་བལ་པོར་འགྲོ་བ་བཤོལ་ནས་བྲག་དཀར་ལ་ཕྱིན་པས། ཕུག་པའི་ནང་ན་མི་གཅེར་བུ་ལུས་ཐལ་སྐྱ་ཐུལ་ལེ་བོ་ཞིག་འདུག་པས། དགེ་བཤེས་ཀྱིས་ཁྱེད་འདིར་ཅི་བྱེད་པ་ཡིན། འདིར་བསྡད་ནས་ཅི་ཙམ་སོང་བྱས་པས། མི་ལ་ན་རེ། སྐྱེ་ཤིའི་འཇིགས་པས་ཆོས་བྱེད་པ་ཡིན་འདིར་བསྡད་ནས་ལོ་བཅུ་གཅིག་ཙམ་སོང་ཟེར། དགེ་བཤེས་ཀྱི་བསམ་པ་ལ། འོ་ན་ཁོང་གིས་ངའི་སྣ་ལེན་ཅིག་བྱེད་ཡོང་བསམས་ནས་ཡུད་ཙམ་བསྡད་པས། མི་ལ་ན་རེ་ཁྱེད་རང་བྲག་རྩ་ཕ་གིར་སོང་ལ་བཞུགས་མཛོད་ཟེར་བས། དགེ་བཤེས་ཀྱིས་བྲག་རྩར་ཕྱིན་ནས་བསྡད་པས། མི་ལའི་བསམ་པ་ལ། དགེ་བཤེས་ལ་ཁུར་པོ་ཆེན་པོ་འདུག་པས། ང་ལ་ཡང་བཟའ་རྒྱུ་འདྲ་སྟེར་རམ་བསམས་ནས་ཡོད་ཙ་ན། ཉིན་གཅིག་ནི་དགེ་བཤེས་ན་རེ། སྒོམ་ཆེན་པ་འདིར་ཤོག་དང་། ངའི་མིག་ལ་རྡུལ་སོང་བ་ལེན་རོག་གྱིས་ཟེར་བས། མི་ལས་ཕྱིན་ནས་ཁོང་གི་མིག་རྡུལ་བསལ་ནས་ཕུག་ལ་ཡར་བལྟས་པས། དགེ་བཤེས་ཀྱིས་རྫ་མ་ལ་ཟན་གཡོས་པ་དང་། སྐྱོ་ཚ་སྐོལ་བའི་ཟན་ཁ་ལེ་འདུག་པ་དང་། གཞན་ཡང་རྩམ་པ་དང༌། མར་དང༌། བུ་རམ་ཡང་འདུག་པས། མི་ལའི་བསམ་པ་ལ། དགེ་བཤེས་འདིས་ང་ལ་བཟའ་རྒྱུ་བྱིན་པའི་རིགས་སུ་མི་འདུག་པས། རྫ་མ་དེ་གཡར་ནས་བཀྲུས་ལ་འཐུང་དགོས། ཡུག་ཅིག་གིས་བཅུད་ལེན་དུ་འགྲོ་བར་འདུག་བསམས་ནས། ངའི་རྫ་མ་ཆག་པས་དགེ་བཤེས་ཀྱི་རྫ་མ་དེ་ཐེབས་ཅིག་གཡར་དགོས་གསུངས་པས། ཁོང་བའི་བསམ་པ་ལ། སྒོམ་ཆེན་པ་རི་ཁར་ཡུན་རིང་བསྡད་པ་གཙང་སྦྲ་ཆེ་བ་ཡིན་པས་རྫ་མ་བཀྲུས་ནས་གཏད་དགོས་བསམས་ནས། ཉིད་ཅག་ཡུག་ཙམ་ཕར་བཞུད་དང་། དེ་ནས་ངས་སྐད་ཅིག་བཏང་ཙམ་ན་རྫ་མ་ལེན་དུ་བྱོན་ཟེར་བས། མི་ལའི་བསམ་པ་ལ་རྫ་མ་གཡར་བྱས་པ་དེ་ལེགས། ང་ལ་ཟན་མར་ཞིག་དང་སྐྱོ་ཚ་ཞིག་སྟེར་བར་འདུག །དེ་ཡང་ཟན་དང་སྐྱོ་ཚ་སྤགས་ནས་ཟ། བུ་རམ་ལ་བཅུད་བྱེད། མར་ལ་སྐུ་མཉེད་བྱེད་བསམ་སྟེ་དགའ་ནས་ཡོད་ཙ་ན། དགེ་བཤེས་ཀྱིས་རྫ་མ་ལེན་དུ་བྱོན་ཟེར་བས་ཕྱིན་ཙ་ན། རྫ་མ་བཀྲུས་ནས་གཙང་སང་ངེ་གཏད་བྱུང་བས། དེར་མི་ལ་ངོ་ནག་ཏིང་བྱས་ནས། ད་རྫ་མ་མི་དགོས་ཟེར་ནས་སོང་། འདི་ལ་ནི་བླ་མ་རྗེ་བཙུན་ཆེན་པོ་དཔལ་ལྡན་བཞད་པའི་རྡོ་རྗེ། དུས་ཕྱིས་ཀྱང་ཡང་ཡང་དེའི་ཉིན་མོ་ལས་ཡི་མུག་པ་མ་བྱུང་གསུངས་སྐད། དེ་ནས་དགེ་བཤེས་རྒྱགས་ཟད་ནས་ཡུལ་དུ་ཕྱིན་ཏེ། གླེ་གླེང་ལ་ཞོར་འཕྲོས་བྱུང་བས། སྐ་སྐྱོང་པ་མཁན་པོ་ན་རེ། སྒོམ་ཆེན་དེ་རྒྱགས་མེད་ཕོངས་པ་ཞིག་ཡོད་པ་མིན་ནམ། ཁྱེད་ཀྱིས་རྫ་མ་ལེན་ཤོག་བྱས་དུས་ལག་ན་ཅི་འདུག་གསུངས། ལག་ན་ཕོར་གོག་སྟོང་པ་ཞིག་འདུག་ཞུས་པས། འོ་དེ་ཡིན་སྒྲུབ་པ་པོ་རྒྱགས་མེད་གཅིག་ཡིན་པར་འདུག་པས། ད་མྱུར་པོར་བསྙེན་བཀུར་བཟང་པོ་ཁྱེར་ལ་སོང་། ཆོས་ཀྱང་ཞུས་གསུངས་ནས། ཡང་བྲག་དཀར་དུ་ཆ་རྐྱེན་བཟང་པོ་ཁྱེར་ནས་ཕྱིན་པ་དང་། ཁོང་རྣམས་སླེབ་པའི་ཟླ་བ་གཅིག་གི་སྔོན་ཙམ་ལ་རྗེ་བཙུན་གྲུབ་པ་ཐོབ་ནས་གཉའ་ནམ་ཕྱོགས་སུ་གཤེགས་ཚར་འདུག་ཟེར། དུས་ཕྱིས་ཞབས་ལ་གཏུགས་ནས་ཆོས་ཞུས་པས་གྲུབ་ཐོབ་ཆེན་པོ་ལི་ཁོར་བྱར་རུ་ཡིན་སྐད། གཏམ་རྒྱུད་འདི་རྣམས་གསན་དུས་སྐྱུ་ར་རིན་པོ་ཆེ་འབྲི་ཁུང་པས་སྤྱན་ཆབ་དཔག་ཏུ་མེད་པ་བྱོན་སྐད་དོ། །དུས་ཕྱིས་ཀྱང་འབྲི་ཁུང་པའི་ཞལ་ནས། རི་པ་རྣམས་ལ་ཁྱེད་ཚོ་རི་ལ་འགྲོ་བ་རྣམས་ཀྱིས་ཕུག་སྟོན་རེ་གྱིས་ལ་འཚོ་བ་མཉམ་པོར་ཟོ་ཞིག །ལ་ལ་ཕྱུག་པོ། ལ་ལ་དབུལ་པོ་མ་བྱེད་ཅིག་གསུང་ནན་ཆེན་པོ་མཛད་པ་ཡིན་ཟེར། ད་ལྟ་ཡང་རི་པ་ཚོས་ཕུག་སྟོན་རེ་བྱེད་པ་གཏམ་རྒྱུད་འདིའི་རྗེས་སུ་འབྲངས་ནས་བྱེད་པ་ལགས་སོ། །ཡང་བྱ་ཞིག་གིས་ལུག་གི་སྲེ་ལོང་ཞིག་ཕུག་སྒོར་སྐྱལ་ནས་སོང་བ་དེས་ཀྱང་ཟླ་བ་གསུམ་ཙམ་ཆུའི་དབལ་བསད་པས་ལུས་པོ་མཉེན་ལྕག་གེ་སོང་སྐད། དེ་བཞིན་དུ་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་ཚེ་དང་སྒྲུབ་པ་སྙོམས་ནས་ད་ལྟ་འཆི་ཡང་ཉམས་དགའ་ཡལ་ལེ། ཤེས་པ་སྤྲོ་སེང་ངེ་། བག་དྲོ་འུར་རེ། བློ་བདེ་འབོལ་ལེ་འཆི་བ་ཞིག་བྱ་དགོས་ཏེ། མ་གཅིག་རི་མའི་ཞལ་ནས། མི་གཅིག་འཆི་བ་ལ་ང་ལས་ཉམས་དགའ་བ་མེད། ངའི་འཆི་བ་འདི་ཀུན་དཔེར་ན་རི་ཆེན་པོའི་འོག་ནས་ཐར་པའི་ཚོད་ཡིན་གསུངས། དེ་འདྲ་དེས་དུཿཁ་འདོད་ཀྱང་མི་མྱོང་སྟེ། གླང་ཐང་བ་ཆེན་པོ་སྐུ་འདའ་རུ་ཆ་ཙ་ན། ང་དམྱལ་བར་སྐྱེ་རུ་འདོད་ནས་སྙིང་ཐག་པས་སྨོན་ལམ་མང་པོ་བཏབ་པ་ཡིན་ཏེ། དེའི་སྨོན་ལམ་མི་འགྲུབ་པ་འདྲ། ད་ལྟ་ང་ལ་དག་པའི་སྣང་བ་འབའ་ཞིག་ལས། ཐ་མལ་གྱི་སྣང་བ་ཙམ་ཡང་མི་འདུག་གསུངས། ཞང་སྟོན་ཆོས་བླ་གྲོངས་ཁར་མགུར་གསུངས་པ། སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་གཏད་བྱས། །རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཟབ་ཡངས་ཆོས་ཀྱི་ངང་ལས་མ་གཡོས་པར། །འཆི་བ་འདིའི་བསོད་ནམས་བསགས་པ་ཡིན། །གསུངས། རྣལ་འབྱོར་གྱི་དབང་ཕྱུག་འཆད་ཁ་བས་ཐུགས་ལེགས་པར་སྦྱངས་པས། བདག་པས་གཞན་གཅེས་ཀྱི་ཐུགས་རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་སྐྱེས་པས་གེ་དང་ཐོབ་ཚེ། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །གསུངས། དེ་བཞིན་དུ་མདོ་སྨད་ཕྱོགས་ཀྱི་རྗེ་བཙུན་དཔལ་ལྡན་བཀྲ་ཤིས་ཀྱི་ཞལ་ནས། ང་དང་པོ་འཆི་བར་འཇིགས་ནས་ཐོས་པ་བཙལ། །བར་དུ་འཆི་བྲོད་དགོས་སྙམ་ཉམས་ལེན་བྱས། །ཐ་མ་འཆི་རྒྱུ་མེད་པར་ཉལ་ནས་བསྡད། །རྒད་པོ་ང་ཡི་བྱ་བ་ཚར་ནས་གདའ། །གསུངས་པ་དེ་ལྟ་བུ་ཞིག་བྱ་དགོས། མཇུག་ཏུ་དེ་ལྟར་ཉམས་སུ་བླངས་པའི་དགེ་ཚོགས་རྣམས། རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྱིར་འདུན་པ་དྲག་པོའི་བསྔོ་བ་སྨོན་ལམ་བྱ་དགོས་ཏེ། བསོད་ནམས་དམ་པའི་མདོ་ལས། མི་ལུས་ཐོབ་པའི་དུས་འདིར་དགེ་བ་ཆུང་ངུ་ནས་བསག་དགོས། དེ་ཡང་བསྔོ་དགོས་མ་བསྔོས་པའི་རྫས་རྣམས་ནི་བྱེ་ཚན་ལ་ཆུ་ཐིག་རྒྱབ་ན་མྱུར་དུ་སྐམས་པ་དང་འདྲ། བསྔོ་བ་བྱས་པའི་ཕན་ཡོན་ནི། རྒྱ་མཚོ་ཆེན་པོར་ཆུ་ཐིགས་ཞིག་བླུག་ན་ཆུ་དེ་མི་ཟད་ཅིང་སླར་འཕེལ་བར་འགྱུར་བ་དང་འདྲ་གསུངས། སྔོན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་འཁོར་བཅས་ཀྱིས་བསྙེན་བཀུར་དཔག་མེད་བྱས་ནས། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོར་བཅུག་པས། དེ་བཞིན་གཤེགས་པ་འོད་དཔག་མེད་དུ་གྱུར། དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནམ་མཁས། བསྙེན་བཀུར་དཔག་མེད་མཛད་ནས། དེ་བཞིན་གཤེགས་པ་ཞིང་གཞན་དུ་གཤེགས་པ་དང་། དགེ་བའི་རྩ་བ་གང་དུ་བསྔོ་ཐེ་ཚོམ་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དེས་སྤྲུལ་པ་ཞིག་བཏང་སྟེ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོར་བཅུག་པས། རྗེ་བཙུན་འཇམ་པའི་དབྱངས་སུ་གྱུར། སྔོན་ཡུལ་དབུས་ཀྱི་རྒྱལ་པོ་གོས་སྦྱིན་གྱིས། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས་ལ་བསྙེན་བཀུར་བྱས་ནས། དགེ་བའི་རྩ་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པར་བསྔོས་ནས་དུང་ཕུལ་བས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་དུ་འགྱུར་བར་ལུང་བསྟན་པ་དང་། མཐའི་རྒྱལ་པོ་ནོར་ལྡན་གྱིས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས་ལ་བསྙེན་བཀུར་ནས་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནས། བཅོམ་ལྡན་འདས་མགོན་པོ་བྱམས་པར་འགྱུར་བར་ལུང་བསྟན་པ་བྱུང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ན་བཞུགས་དུས། ཡུལ་མི་རྣམས་ཀྱིས་ཆོས་སྟོན་དྲངས་པའི་དགེ་བ་རྣམས། ཁོང་རྣམས་ཀྱི་ཕ་མེས་ཡི་དྭགས་སུ་སྐྱེས་པ་རྣམས་ཀྱི་དོན་དུ་བསྔོས་པས། ཡི་དྭགས་རྣམས་དེ་ཉིད་དུ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས། སྔོན་གྲོང་ཁྱེར་རྡོ་ཅན་གྱི་བཤན་པ་དང་སྨད་འཚོང་མ་སོགས་དམྱལ་བར་སྐྱེས་ནས་སྡུག་བསྔལ་མྱོང་བ་རྣམས་ཀྱི་དོན་དུ་ཡུལ་ན་ཡོད་པའི་བུ་དང་བུ་མོ་རྣམས་ཀྱིས་ཁོང་རྣམས་ཀྱིས་བསགས་པའི་ཟས་ནོར་གྱི་སྟེང་ནས། འཕགས་པ་ཀཏྱཱ་ན་ལ་བསོད་སྙོམས་ཕུལ། འཕགས་པས་ཀྱང་བསྔོ་བ་མཛད་པས། དེ་དག་རྣམས་དམྱལ་བ་ནས་ཐར་པར་གྱུར། སྔོན་དབུལ་མོ་གཉེན་དགའ་མོས། མར་བསླང་ནས་གྱོ་རལ་ཞིག་གི་ནང་དུ་མར་མེ་ཆུང་ངུ་ཞིག་སྤར་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕུལ་བས། དགེ་བའི་རྩ་བ་འདིས་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། འཇིག་རྟེན་དུ་སྟོན་པ་ཤཱཀྱ་ཐུབ་པ་ཇི་ལྟ་བ་དེ་བཞིན་དུ་བདག་ཀྱང་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ། བུ་མོ་འདི་ནི་མ་འོངས་པའི་དུས་ན་སངས་རྒྱས་མར་མེ་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་པ་བྱུང་། སྔོན་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་རང་གི་སངས་རྒྱས་ཀྱི་ཞིང་ཁམས་བཟུང་བ་ཇི་བཞིན་དུ་བདག་ཀྱང་སྨོན་ལམ་འདེབས་ཀྱིས་འགྲུབ་པར་གྱུར་ཅིག་ཅེས་བརྗོད་པས། བདེ་བ་ཅན་གྱི་ཞིང་ཁམས་གྲུབ་པར་གྱུར། སྔོན་མུ་ལྟོ་བའི་དཔོན་ཞིག་གིས་འཕགས་པ་རང་སངས་རྒྱས་ཤིག་ལ་སྙམ་ཁུར་ཞིག་ཕུལ་ནས། དགེ་བའི་རྩ་བ་འདིས་བདག་མིའི་རྒྱལ་པོར་གྱུར་ཏེ། འདི་བས་ཁྱད་དུ་འཕགས་པའི་སྟོན་པ་ལ་བསྙེན་བཀུར་བར་ཤོག་ཅེས་སྨོན་ལམ་བཏབ་པས། ཤཱཀྱའི་རྒྱལ་པོ་བཟང་ལྡན་དུ་གྱུར་ནས། སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་སོ། །སྔོན་ཡུལ་མི་ཞིག་གིས་སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་གྱི་གླང་པོའི་གཟུགས་ཞིག་པ་བཅོས་ཤིང་ལྡོང་རོས་ཀྱིས་བསྐུས་ཏེ་སྨོན་ལམ་བཏབ་པས། ཚེ་རབས་ཐམས་ཅད་དུ་གཟུགས་བཟང་ཞིང་ལོངས་སྤྱོད་ཆེ་བ་དང་། གསེར་གྱི་གླང་པོ་རྟག་ཏུ་ཡོད་པར་གྱུར། སྔོན་པདྨའི་མིག་གིས་སངས་རྒྱས་ཀྱི་མཆོད་རྟེན་ལ། རིན་པོ་ཆེ་ཐོན་ཀ་གཅིག་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་འབྱོར་པ་ཆེ་བར་གྱུར། འབྲས་བུ་ཐོབ་པའི་སྨོན་ལམ་བཏབ་པས་དགྲ་བཅོམ་པར་གྱུར། རྒྱལ་པོ་ཀ་པི་ནས་སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་ལ་ཞིག་གསོ་བྱས་པས་ཚེ་རབས་ཐམས་ཅད་དུ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་ཅིང་། དད་པ་དང་སྨོན་ལམ་གྱི་མཐུས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར། དེས་ན་བསགས་པའི་དགེ་ཚོགས་རྣམས། རང་གཞན་སེམས་ཅན་ཐམས་ཅད་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་རུ་དམིགས་ནས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་འདེབས་བྱེད་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་འདི་ལྟར་བྱ་སྟེ། དེ་ལྟར་བགྱིས་པའི་བསོད་ནམས་དང་། །བདག་གིས་བགྱིས་དང་མ་བགྱིས་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱང་། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང་། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང་། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང་། །ལག་ན་རིན་ཆེན་ཉིད་ལྡན་ཞིང་། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག །བུད་མེད་ཐམས་ཅད་དུས་ཀུན་ཏུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང་། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང་། །གཟུགས་བཟང་གཟི་བརྗིད་ཆེ་བ་དང་། བལྟ་ན་སྡུག་ཅིང་ནད་མེད་དང་། །སྟོབས་ཆེན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་པ་དང་། །དཀོན་མཆོག་གསུམ་ལ་གཞོལ་བ་དང་། །སངས་རྒྱས་ཆོས་ནོར་ཆེར་ལྡན་ཤོག །བྱམས་དང་སྙིང་རྗེ་དགའ་བ་དང་། །ཉོན་མོངས་བཏང་སྙོམས་གནས་པ་དང་། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང་། །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང༌། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་འཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང་། །གཞན་ཀུན་གྱིས་ཀྱང་རྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང་། །སེམས་ཅན་ཀུན་མཆོག་བྱམས་པ་དང་། །སེམས་ཅན་ཀུན་གྱི་བསམ་པ་དང་། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང་། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང་། །སུ་དག་འཇིགས་པས་སྐྱོ་བ་དེ། །བདག་གི་མིང་ཙམ་ཐོས་པས་ཀྱང་། །ཤིན་ཏུ་འཇིགས་པ་མེད་པར་ཤོག །བདག་ནི་མཐོང་དང་དྲན་པ་དང་། །མིང་ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་དང་འཁྲུགས་མེད་རྣལ་མ་དང་། །རྫོགས་པའི་བྱང་ཆུབ་ངེས་པ་དང་། །ཚེ་རབས་ཀུན་ཏུ་རྗེས་འབྲངས་བའི་། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་ཀུན། །སྡིག་པ་བྱེད་པ་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པ། །རྟག་ཏུ་གཅིག་ཆར་བཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང་། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་གེགས་མེད་སྤྱོད་པར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་འཕངས། །དེ་དག་བདག་ལ་ཆེས་འཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་པ་དང་། གཞན་ཡང་བཟང་སྤྱོད་དང་། སྤྱོད་འཇུག་སྨོན་ལམ་སོགས་བསྔོ་སྨོན་གྱི་རིགས་རྒྱ་གང་ཆེ་བྱའོ། །ཐུན་མཚམས་རྣམས་སུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གདམས་པ་བློ་སྦྱོང་གཞན་དང་། རྒྱལ་བའི་གསུང་རབ་དགོངས་འགྲེལ་རྣམ་ཐར་གསུང་མགུར་རྣམས་ལ་བལྟ་ཞིང་། བསྟན་དང་འགྲོ་བ་ཡོངས་ལ་ཡང་དངོས་སམ་བརྒྱུད་ནས་ཕན་གང་ཐོགས་ལ་འབད་ཅིང་། མདོར་ན་ཚེ་འདི་ཉིད་ལ་རང་གཞན་གྱི་དོན་གཉིས་ལྷན་གྱིས་འགྲུབ་པ་ཞིག་བྱའོ།། །།

༈ སྨྲས་པ། ཉེ་རིང་མེད་པར་སེམས་ཅན་ཀུན་གྱི་སྐྱིད་སྡུག་ལེགས་ཉེས་ས་ལེར་མཁྱེན། །ཕྱོགས་རིས་མེད་པར་འགྲོ་ལ་བརྩེ་བའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ། །སྐྱོ་ངལ་མེད་པར་སླར་ཡང་བདག་ཅག་སྣང་ངོར་དགེ་བའི་བཤེས་སུ་སྤྲུལ། །སྦ་གསང་མེད་པར་ཟབ་རྒྱས་ཆོས་སྟོན་སྐུ་དྲིན་ཅན་ཁྱོད་གཙུག་ན་མཛེས། །མཚན་ལྡན་བླ་མ་སྨན་པའི་རྒྱལ་པོ་ཡིས། །བྱང་ཆུབ་སེམས་ཀྱི་སྨན་མཆོག་གནང་བ་དེ། །འཐུངས་པས་ཉོན་མོངས་ནད་ལས་གྲོལ་བའི་མོད། །སྐུ་དྲིན་བསམས་ཀྱིན་ལེགས་བཤད་མཆོད་སྤྲིན་སྤྲོ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་པོ། །མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་སྦྱངས་ན། །སྙིགས་མའི་དུས་འདིར་རྐྱེན་ངན་ཅི་བྱུང་ཡང་། །བྱང་ཆུབ་སེམས་གཉིས་འཕེལ་བའི་གྲོགས་སུ་འགྱུར། །ཀུན་གྱི་སྲོག་ལ་གནོད་པའི་དུག་གི་ཆུ། །སྨན་དུ་བསྒྱུར་བྱེད་བདུད་རྩི་ལྟ་བུ་ཡི། །བླ་མ་གསེར་གླིང་པ་ཡི་མན་ངག་འདི། །མན་ངག་གཞན་ལས་ཁྱད་པར་འཕགས་པ་ཡིན། །དེ་ལྟར་ལེགས་པར་བློ་སྦྱོང་ཤེས་གྱུར་ན། །གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཞེས་བྱ་བ། །བློ་སྦྱོང་སྒོམ་པའི་ལུས་འདིར་ཟེར་བ་ཡིན། །སྲིད་ཞིའི་བདེ་སྐྱིད་ཐམས་ཅད་འདི་ལས་འབྱུང་། །བློ་སྦྱོང་རིན་ཆེན་ཆེ་ཆུང་མང་མཆིས་ཀྱང་། །ནང་ནས་ཚིག་དོན་དག་གསལ་འོད་འབར་བའི་། །བློ་སྦྱོང་དོན་བདུན་ཡིད་བཞིན་ནོར་བུ་འདི། །ཆོས་མཛད་གཞོན་ནུའི་སྤྱི་བོའི་རྒྱན་དུ་མཛེས། །ལུང་རིགས་ནོར་བུ་བྱེ་བས་ཡོངས་གང་གཞུང་ལུགས་རབ་འབྱམས་རྒྱ་མཚོ་ནས། །ལེགས་འོང་ངོ་མཚར་གཏམ་རྒྱུད་གསུང་བགྲོས་གཟི་བརྗིད་འོད་སྟོང་ཕྱོགས་བརྒྱར་འཕྲོ། །རིས་མེད་སྐལ་བཟང་གདུལ་བྱའི་བློ་གྲོས་པདྨོ་ཐམས་ཅད་ཁ་འབྱེད་པའི། །སྔར་མེད་ལེགས་བཤད་ཉི་མ་མཆོག་འདི་གསར་དུ་ཤར་ལ་ད་ལྟོས་ཤིག །དངོས་བརྒྱུད་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །རྙེད་པའི་བློ་སྦྱོང་གདམས་པ་ཟབ་མོ་འདི། །རྣལ་འབྱོར་རང་གི་སེམས་ལ་གོམས་ཕྱིར་དང་། །སྐལ་བཟང་གཞན་ལའང་ཕན་ཕྱིར་བཤད་པ་ལགས། །བྱིས་པ་ཆུང་ངུས་རྒན་པོས་བཤད་པའི་གཏམ། །གོ་ནས་གང་ཤེས་གཞན་ལ་སྒྲོག་པའི་ཚེ། །རེ་གཉིས་ནོར་ནས་འཁྲུལ་ཚིག་སྨ་ན་ཡང་། །ཕ་མས་གོ་ཚེ་ཁོང་ཁྲོ་མི་སྐྱེ་ལྟར། །བླུན་པོ་བདག་གིས་རྒྱལ་བ་སྲས་བཅས་གསུང་། །འགའ་ཞིག་གོ་ནས་གང་ཤེས་བཤད་པ་ཡིན། །ནང་གི་ཚིག་དོན་རེ་གཉིས་ནོར་སོང་ཡང་། །མཁས་པས་མཁྱེན་ཚེ་མ་ཁྲེལ་ཆོས་བཞིན་འཆོས། །ལེགས་པར་བཤད་པའི་དགེ་ཚོགས་འགྲོ་ཀུན་གྱིས། །བྱང་ཆུབ་སེམས་ཉིད་འབྱོངས་པའི་རྒྱུ་རུ་བསྔོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཤོག །གནམ་ལ་དྲི་མེད་འོད་གསལ་ཉི་ཟླ་གཟའ་སྐར་ཚོགས་རྣམས་ནམ་འཆར་དང་། །ས་ལ་གཡོ་མེད་རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་ནམ་གནས་བར། །སྙན་བརྒྱུད་དྲི་མེད་བྱང་ཆུབ་སེམས་ཀྱི་གདམས་པ་ཟབ་མོ་འདི་ཉིད་ཀྱང་། །ནམ་ཡང་ཉམས་མེད་ས་འདིར་གནས་ནས་བསྟན་འགྲོ་ཡོངས་ལ་ཕན་ཐོགས་ཤོག །འདི་ཉིད་མཐོང་ཐོས་དྲན་རེག་སྐྱེ་བོ་ཡིས། །བདག་པས་གཞན་གཅེས་བྱང་ཆུབ་སེམས་ཀྱི་སྒོས། །ཁེ་དང་རྒྱལ་ཁ་གཞན་ལ་སྟེར་ནུས་ཤིང་། །གྱོང་དང་ཕམ་ཁ་རང་གིས་ལེན་པར་ཤོག །གང་དུ་ཁྱེར་ཀྱང་ལམ་ལ་བར་ཆད་མེད། །གང་ལ་བཞག་ཀྱང་ས་དེར་ལོ་ཕྱུགས་ལེགས། །གང་གིས་མཆོད་བསྟོད་བཀུར་བ་ཐམས་ཅད་ཀྱིས། །གང་བསམ་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག། །

ཅེས་བློ་སྦྱོང་དོན་བདུན་མ་དང་འབྲེལ་བའི་ཆོས་ཀྱི་གཏམ་རྒྱལ་སྲས་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ནི། ལུང་རྟོགས་ཡོན་ཏན་དུ་མ་དང་ལྡན་པའི་བླ་མ་སྐལ་ལྡན་རང་གྲོལ། བྱང་ཆུབ་སེམས་གཉིས་འབྱོང་བའི་བླ་མ་སྦྱིན་པ་ནོར་བུ། མཁས་བཙུན་བཟང་གསུམ་འཛོམ་པའི་ཕུག་བྲག་མཁན་པོ་དང་། བླ་མ་ཡེ་ཤེས་དབང་ཕྱུག །འཕགས་ནོར་བདུན་གྱིས་ཕྱུག་པའི་བྲག་དམར་བླ་མ་དང་། བླ་མ་ཚུལ་ཁྲིམས། དབེན་པར་སྒྲུབ་ལ་གཞོལ་བའི་རྡོ་རྗེ་སློབ་དཔོན་དང་། རྫོགས་ཆེན་པ། དད་གཏོང་བློ་གྲོས་ཆེ་བའི་བློ་བཟང་དར་རྒྱས་དང་། དགེ་སློང་རབ་འབྱོར། རྟོགས་ལྡན་ནམ་མཁའི་རྣལ་འབྱོར། བླ་མ་འཇམ་དབྱངས་དང་། ལོ་ཆེན་པ། ཕྱོགས་མེད་རི་ཁྲོད་འགྲིམ་པའི་ལ་ཞིང་གྲུབ་ཆེན་དང་། གང་ཤར་རང་གྲོལ། བསླབ་གསུམ་རྒྱན་གྱིས་མཛེས་པའི་ལ་དག་མཁན་པོ་དང་། ཕྱག་མཛོད་སྐལ་བཟང་། ཚེ་འདི་བློས་བཏང་སློབ་མ་མཁས་པ་དང༌། ཀུན་དགའ་ཉི་མ། གཞན་ཡང་ཆོས་བཞིན་མཛད་པའི་ཨུ་རྒྱན་དང་། མདོ་སྔགས་བསྟན་འཛིན། བསྐལ་བཟང་ཚུལ་ཁྲིམས། ཡོན་ཏན་རྒྱ་མཚོ། བློ་བཟང་ནོར་བུ། བསྟན་འཛིན་ཉི་མ། བསྟན་འཛིན་ཟླ་བ། རྒྱལ་སྲས་བཟང་པོ། འབྲེལ་ཚད་དོན་ལྡན་སོགས། བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱངས་པའི་སྐལ་བཟང་ལས་འཕྲོ་ཅན་གྱི་སློབ་མ་བརྒྱ་ཕྲག་དུ་མས། འདི་ལྟ་བུའི་ཟབ་མོའི་གདམས་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར། རང་གཞན་ལ་ཕན་དུ་རེ་བའི་བློས། ཕྱོགས་མེད་ཀྱི་རྒྱལ་ཁམས་དང་། ངེས་མེད་ཀྱི་རི་ཁྲོད་ཉམས་དགའ་རྣམས་འགྲིམ་པའི་རྣལ་འབྱོར་ཞབས་དཀར་བས། བཀའ་རྒྱུད་གོང་མའི་གདན་ས། ལྷ་དང་དྲང་སྲོང་བཞུགས་གནས། མ་དང་མཁའ་འགྲོའི་དོར། འདུ་འཛི་གྲོང་གི་ཕ་རོལ། གཡའ་དང་གངས་ཀྱི་འདབས་རོལ། སྤྲིན་དང་ན་བུན་རྒྱུན་དུ་འཁྲིགས་པའི་འབྲོག་ལ་ཕྱི་གངས་ཀྱི་རྭ་བའི་དབེན་གནས་བདུད་འདུལ་ཕུག་མོ་ཆེ་ནས་སྦྱར་བའོ།། །།

༈ སྨྲས་པ། རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་མཐིལ། །བླ་མ་གསེར་གླིང་པ་ནས་བརྒྱུད་པ་ཡི། །སྙན་བརྒྱུད་གདམས་པ་བློ་སྦྱོང་དོན་བདུན་མའི་། །སྙིང་པོ་རྒྱལ་སྲས་སྤྲུལ་པའི་གླེགས་བམ་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་ཕྱིར། །རྒྱལ་བ་བློ་བཟང་གྲགས་པ་འཁྲུངས་པའི་ཡུལ། །མདོ་ཁམས་སྨད་ཀྱི་རེ་ཀོང་ས་ཡི་ཆ། །གནས་མཆོག་བཀྲ་ཤིས་འཁྱིལ་ནས་པར་དུ་བསྒྲུབས། །འདིས་མཚོན་དགེ་བས་ཕན་བདེ་འབྱུང་བའི་གནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་གི །གདམས་པ་ཡིད་བཞིན་ནོར་བུ་ལྟ་བུ་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག། །། སརྦ་མངྒ་ལཾ།། །།