Niyatāniyatagatimudrāvatārasūtra/Full text

From Bodhicitta
Texts/Niyatāniyatagatimudrāvatārasūtra/Full text

आर्यनियतानियतगतिमुद्रावतारनाममहायानसूत्र
Niyatāniyatagatimudrāvatārasūtra
The Sūtra on Applying the Seal of Certain and Uncertain Progress (84000)
FULL TEXT


Description

In this sūtra, Mañjuśrī asks the Buddha about the factors that make it either certain or not certain that a bodhisattva will attain unsurpassable, perfect awakening. In response, the Buddha describes five ways in which bodhisattvas may or may not make progress on the path. As an analogy for different ways of making progress, he compares five different ways of traveling a very great distance: using a cattle cart, using an elephant chariot, using the moon and sun, using the magical power of the śrāvakas, and using the magical power of the Tathāgata. (Source: 84000)

ReferenceNiyatāniyatagatimudrāvatārasūtra [आर्यनियतानियतगतिमुद्रावतारनाममहायानसूत्र]. 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo [འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།]. [The Sūtra on Applying the Seal of Certain and Uncertain Progress (84000)]. Translated by Prajñāvarman, Surendrabodhi, Ye shes sde, Gautama Prajñāruci, Yijing. Kangyur, RKTSK 202 http://www.rkts.org/cat.php?id=202&typ=1.
PeopleSurendrabodhi, Yeshe De, Gautama Prajñāruci



[edit]
Source Adarshah
Date 2025-10-13
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
62-63a

༄༅། །འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནི་ཡ་ཏ་ཨ་ནི་ཡ་ཏ་ག་ཏི་མུ་དྲཱ་ཨ་བ་ཏཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ལ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་

62-63b

དང་། སྨན་གྱི་རྒྱལ་པོ་དང་། སྨན་གྱི་ཡང་དག་འཕགས་དང་། མཆོད་རྟེན་མངོན་པར་བསྒྲགས་པའི་སྒྲ་སྐད་རྒྱལ་པོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་ཐམས་ཅད་ཀྱང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལ་གནས་པ། ཟབ་ཅིང་བརྟན་པའི་ཆུའི་རྒྱ་མཚོའི་དུས་རླབས་ཀྱི་ཏིང་ངེ་འཛིན་ཐོབ་པ། དབང་བསྐུར་བའི་གཟུངས་ཐོབ་པ། སངས་རྒྱས་ཀྱི་སྐུ་མདོག་མཐའ་ཡས་པ་ཡོངས་སུ་འགྲུབ་པའི་གཟུངས་ཐོབ་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་རྒྱ་གང་གིས་བྱང་ཆུབ་སེམས་དཔའ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་བདག་གིས་འཚལ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་། གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་དང་། ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་སྟེ། འཇམ་དཔལ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ཡིན་ནོ། །འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའ་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པའི་འགྲོ་བ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གསུམ་ནི་བླ་

62-64a

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་འགྲོ་བ་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པའི་འགྲོ་བ་པ་བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་སླར་ལྡོག་པ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་དང་། གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་ཡིན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་ལྡོག་པ་ཡིན་ནོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་པ་དང་། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་དང་། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་འདི་གསུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔ་བརྒྱའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཞོན་པ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། །དེ་ཡང་འདི་སྙམ་དུ་དཔྱོད་དེ། མ་ལ་བདག་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ལ་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་ཆག་སྙམ་སྟེ། འཇམ་དཔལ་མི་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དེར་ཞུགས་ནས། དེ་ཡུན་རིང་ཞིང་དུས་རིང་མོ་ཞིག་ན་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་རླུང་གི་དཀྱིལ་འཁོར་ཆེན་པོས་དེ་ནས་བཟློག་ནས་དཔག་

62-64b

ཚད་བརྒྱད་ཅུར་ཕྱིར་དེད་དེ་ཕུལ་ན་འཇམ་དཔལ་འདི་ཇི་སྙམ་དུ་སེམས་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་འདའ་བའམ། འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་དེ་ནི་སྐབས་མ་མཆིས་ཏེ། ཕྱུགས་ཀྱི་ཤིང་རྟ་ལ་འཚལ་བའི་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་པ་དེ་ནི་གནས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་ལྷན་ཅིག་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད་ཅིང་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད་ལ་ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ་གཞན་དག་ཀྱང་ཀློག་ཏུ་འཇུག་པ་ནས་ཁོང་དུ་ཆུད་པའི་བར་དུ་བྱེད་ན། དེ་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་འདྲེན་ཅིང་ཕྱིར་ཟློག་གོ། །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་དེ་ཉན་ཐོས་ཀྱི་ཐེག་པ་འཛིན་ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དོ། །འཇམ་དཔལ་དཔེར་ན་མི་ལ་

62-65a

ལ་ཞིག་མིག་ནད་ཀྱིས་མིག་ཟུམས་པར་གྱུར་ནས། དེ་མིག་དབྱེ་བ་དང་གཟུམས་སུ་རུང་བར་བྱ་བའི་ཕྱིར་ཟླ་བ་གཅིག་གི་བར་དུ་དཔྱད་བྱས་ཏེ། ཟླ་བ་གཅིག་ལོན་ནས་མིག་འབྱེད་ཅིང་འཛུམས་པར་བྱེད་པ་ལས། དེའི་དགྲའམ། མི་མཛའ་བ་གཞན་ཞིག་གིས་པི་པི་ལིང་གི་ཕྱེ་མ་སྤར་གང་གིས་མིག་བཀང་ནས་དེ་ཡང་ལོང་བར་བྱས་པ་དེ་བཞིན་དུ། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་དེ་ཉན་ཐོས་ཀྱི་ཐེག་པ་འཛིན་ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དེ། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཞོན་པ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། དེ་ཡང་འདི་སྙམ་དུ་སྤྱོད་དེ། མ་ལ་བདག་གླང་པོ་ཆེའི་ཤིང་རྟ་ཡན་ལག་བརྒྱད་དང་ལྡན་པ་ལ་ཞོན་ཏེ་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་ཆག་སྙམ་ནས། འཇམ་དཔལ་མི་དེ་གླང་པོ་ཆེའི་ཤིང་རྟ་ཡན་ལག་བརྒྱད་དང་ལྡན་པ་ལ་ཞོན་ཏེ་ལམ་དེར་ཞུགས་ནས། དེ་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོན་པ་ལས་རླུང་གི་དཀྱིལ་འཁོར་ཆེན་པོས་དེ་ནས་ཕྱིར་ཕུལ་ཏེ་བཟློག་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། གླང་པོ་ཆེའི་ཤིང་རྟ་ལ་ཞོན་པའི་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་གནས་

62-65b

མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་ནི་སྐབས་མ་མཆིས་ཏེ། གླང་པོ་ཆེའི་ཤིང་རྟ་འཚལ་བའི་མི་དེས་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་འབུམ་མམ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་པ་དེ་ནི་གནས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཉན་ཐོས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད་ཅིང་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད་ལ་ཀུན་སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད། དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ་གཞན་དག་ཀྱང་ཀློག་ཏུ་འཇུག་པར་བྱེད་ཅིང་ཁ་ཏོན་བྱེད་དུ་འཇུག་ལ་ཡོངས་སུ་སྦྱོང་བར་བྱེད་དུ་འཇུག་ན་དེ་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ལས་ཕྱིར་འདྲེན་ཅིང་ཕྱིར་ཟློག་གོ། །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པའི་ཤེས་རབ་ཀྱི་དབང་པོ་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་དེའི་ཉན་ཐོས་ཀྱི་ཐེག་པ་འཛིན་ཅིང་འཆང་བའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས་རྟུལ་པོར་བྱེད་ཅིང་ཉམས་པར་བྱེད་དོ། །འཇམ་དཔལ་དཔེར་ན་ཤིང་གི་སྡོང་པོ་ཆེན་པོ་སྲིད་དུ་དཔག་ཚད་སྟོང་པ་ཞིག་ཡོད་ལ། དེ་ཡང་རྒྱ་མཚོ་ཆེན་པོས་ཁྱེར་བ་ལས་བར་སྣང་ལ་གནས་པའི་གནོད་སྦྱིན་དག་གིས་དེ་རྒྱ་མཚོ་ཆེན་པོའི་ལམ་ལས་ཕྱིར་ཕུལ་ཏེ་བཟློག་ནས། དེ་ལ་ལྕགས་ཀྱི་གར་བུ་དཔག་ཚད་ལྔ་སྟོང་ཡོད་པ་ཞིག་བཏགས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཤིང་གི་སྡོང་པོ་

62-66a

ཆེན་པོ་དེ་རྒྱ་མཚོ་ཆེན་པོ་ལ་འགྲོ་བ་འམ། སེམས་ཅན་བསྒྲལ་བའི་ཕྱིར་སྤྱད་པར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཤིང་ཆེན་པོ་ཡང་ཉན་ཐོས་ཀྱི་ཐེག་པ་འཛིན་པའི་དགེ་བའི་རྩ་བ་བསྐྱེད་པ་མངོན་པར་འདུ་བྱེད་པ་དེས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ལས་ཕྱིར་ཕུལ་ཞིང་བཟློག་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོར་འགྲོ་བར་ཡང་མི་འགྱུར། འཁོར་བའི་རྒྱ་མཚོ་ལས་ཀྱང་སེམས་ཅན་རྣམས་སྒྲོལ་མི་ནུས་ཏེ། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉི་མ་དང་ཟླ་བས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྫུ་འཕྲུལ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། །དེ་ཡང་འདི་སྙམ་དུ་དཔྱོད་དེ། མ་ལ་བདག་གིས་ཉི་མ་དང་ཟླ་བའི་འགྲོ་བས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་གོར་མ་ཆག་སྙམ་ནས། འཇམ་དཔལ་མི་དེ་ཉི་མ་དང་ཟླ་བའི་འགྲོ་བས་ལམ་དེར་ཞུགས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། མི་དེས་ཉི་མ་དང་ཟླ་བའི་འགྲོ་བས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་རྔོ་ཐོགས་ལགས་སོ། །བདེ་བར་གཤེགས་པ་རྒྱུད་དེའི་ལོ་དུས་རིང་མོ་ཞིག་གིས་རྔོ་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

62-66b

སེམས་བསྐྱེད་ལ་ཉན་ཐོས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་ཏུ་མི་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་མི་སྙེན་ཅིང་མི་སྟེན་ལ། བསྙེན་བཀུར་མི་བྱེད་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་མི་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་མི་བྱེད། ཀུན་དགའ་ར་བ་འམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་ཀློག་པར་མི་བྱེད། ཁ་ཏོན་མི་བྱེད། སེམས་པར་མི་བྱེད་ལ། གཞན་དག་ཀྱང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཀློག་ཏུ་འཇུག་པར་མི་བྱེད། ཁ་ཏོན་བྱེད་དུ་འཇུག་པར་མི་བྱེད་དེ། དེ་གང་ཀློག་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་ཀློག་ལ། གང་སྟོན་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་སྟོན་ན། འཇམ་དཔལ་འདི་ནི་བྱང་ཆུབ་སེམས་དཔའ་ཟླ་བ་དང་ཉི་མའི་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་དཔེར་ན་ནམ་མཁའ་ལྡིང་གི་དབང་པོའི་རྒྱལ་པོ་ཆེན་པོ་ལང་ཚོ་དང་། སྟོབས་དང་། མཐུ་ཆེན་པོ་ཐོབ་པ་ནི་འདོད་ན་རི་རབ་ཀྱི་རྩེ་མོ་ནས་རི་རབ་ཀྱི་རྩེ་མོར་འགྲོའོ། །འཇམ་དཔལ་དེ་བཞིན་དུ་ཟླ་བ་དང་ཉི་མའི་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་། ཐོས་པ་དང་། བསམ་པ་དང་ལྷག་པའི་བསམ་པའི་སྟོབས་དང་། ལང་ཚོ་དང་། མཐུ་ཆེན་པོ་ཐོབ་པ་ཡང་འདོད་ན། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྟོན་པར་བྱེད་དོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྫུ་འཕྲུལ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་སྙམ་མོ། །དེ་ཡང་འདི་སྙམ་དུ་དཔྱོད་དེ། མ་ལ་བདག་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱའོ་སྙམ་ན། འཇམ་

62-67a

དཔལ་འདི་ཇི་སྙམ་དུ་སེམས། མི་དེས་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་རྔོ་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཉན་ཐོས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་ཏུ་མི་གནས། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་མི་སྙེན་མི་སྟེན་ཅིང་བསྙེན་བཀུར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་པ་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་མི་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་མི་བྱེད། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་མི་བྱེད་ལ་ཉན་ཐོས་ཀྱི་ཐེག་པ་ཀློག་པར་མི་བྱེད། ཁ་ཏོན་མི་བྱེད། དཔྱོད་ཅིང་ཁོང་དུ་ཆུད་པར་མི་བྱེད་ལ། གཞན་དག་ཀྱང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཀློག་ཏུ་འཇུག་པར་མི་བྱེད། ཁ་ཏོན་བྱེད་དུ་འཇུག་པར་མི་བྱེད་དེ། དེ་གང་ཀློག་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་ཀློག་ལ། གང་སྟོན་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་སྟོན་ཅིང་དེ་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ལ་གུས་པ་དང་བཅས། ཞེ་ས་དང་བཅས་པར་བྱེད་ཅིང་དེར་གཞོལ། དེར་འབབ། དེར་བབ་ལ། དེ་དག་དང་ལྷན་ཅིག་ཏུ་གནས་ཏེ། དེ་དག་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་བྱེད། དེ་དག་དང་ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་བྱེད་ལ། དེ་ཐེག་པ་ཆེན་པོ་ཡོངས་སུ་ཚོལ་ཞིང་སྡུད་ལ་འཆང་བར་བྱེད། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དག་གིས་མཆོག་ཏུ་གུས་པར་མཆོད་པར་བྱེད། དེ་ཐེག་པ་ཆེན་པོ་ཀློག་ཅིང་ཁ་ཏོན་བྱེད་ལ། དགའ་བ་དང་མཆོག་ཏུ་དགའ་

62-67b

བས་ལུང་འབོགས་པར་བྱེད། མ་བསླབས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་པའི་སེམས་མི་སྐྱེད། བཞིན་འཛུམ་པ་དང་གསོང་པོར་སྨྲ་ལ། ཚིག་མི་བརླང་མི་གཏུམ་མི་རྩུབ་པ་དང་། དགའ་བ་དང་སྙན་པར་སྨྲ་ཞིང་། དེ་སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་སྤོང་ལ་དེ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ལ་ཅི་ནུས་ཅི་ལྕོགས་ཀྱིས་སྙིང་ནས་ལྷག་པའི་བསམ་པས་ཡོངས་སུ་འཛིན་པར་བྱེད་ཅིང་། དེ་སུ་དང་ཡང་ལྷན་ཅིག་འགྱེད་པ་དང་རྩོད་པར་མི་བྱེད་ལ། དེ་སྔོན་མ་བྱུང་བ་དང་མ་ཐོས་པའི་མདོ་སྡེ་རྣམས་ཚོལ་བའི་རང་བཞིན་ཅན་ཡིན་ཞིང་། གང་དག་ལས་ཐོས་པ་དེ་དག་ལ་སྟོན་པ་ལ་གུས་པ་དྲག་པོ་ལྟ་བུ་སྐྱེད་པར་བྱེད། བྱང་ཆུབ་སེམས་དཔའ་གཞན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་བསླབས་པ་དག་ལ་ཁྱད་དུ་གསོད་པར་མི་བྱེད། ཉེས་པ་བདེན་པ་དང་མི་བདེན་པས་གཞན་དག་ལ་གླེང་བར་མི་བྱེད་ལ། ཉེས་པ་གཞན་གྱི་འཁྲུལ་པ་ཡང་མི་ཚོལ་ཞིང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སློབ་པ་འདི་ནི་འཇམ་དཔལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱ་ཞེ་ན། འཇམ་དཔལ་དཔེར་ན་མི་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་དག་ཉིད་འདའ་བར་འདོད་ལ། དེར་ཡང་དེའི་བྱ་བ་དང་། བྱ་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྫུ་འཕྲུལ་ཇི་ལྟ་བུ་ཞིག་གིས་འཇིག་རྟེན་གྱི་ཁམས་དེ་དག་མྱུར་དུ་འདའ་བར་བྱ་སྙམ་མོ། །དེ་ཡང་འདི་སྙམ་དུ་དཔྱོད་དེ། མ་ལ་བདག་གིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་གོར་མ་ཆག་སྙམ་ནས། འཇམ་དཔལ་མི་དེ་ཡང་དེ་བཞིན་གཤེགས་པའི་ཐད་དུ་སོང་ནས་

62-68a

གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་བདག་སངས་རྒྱས་ཀྱི་ཞིང་ལྔ་བརྒྱའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འཚལ་ཏེ། དེར་ཡང་བདག་གིས་བགྱི་བ་དང་། བགྱི་བ་ཆེན་པོ་དང་། དོན་དང་། དོན་ཆེན་པོ་དང་། ཆེད་ཆེ་བ་དང་། ཆེད་ཆེ་རབ་ཅིག་མཆིས་ན། བཅོམ་ལྡན་འདས་ཀྱིས་བདག་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་མཛད་དུ་གསོལ་ཞེས་བྱས་ལ། འཇམ་དཔལ་དེ་བཞིན་གཤེགས་པས་ཀྱང་མི་དེ་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་མཛད་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་དེ་དག་མྱུར་དུ་འདའ་བར་མཛད་སྤྱོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྱོད་ལགས་སོ། །བདེ་བར་གཤེགས་པ་སྤྱོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཉན་ཐོས་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་ཏུ་མི་གནས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་མི་སྙེན་མི་སྟེན་ཅིང་བསྙེན་བཀུར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་པ་དེ་དག་དང་ལྷན་ཅིག་འདྲིས་པར་མི་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་མི་བྱེད། ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་མི་བྱེད་ལ། ཉན་ཐོས་ཀྱི་ཐེག་པ་ཀློག་པར་མི་བྱེད། ཁ་ཏོན་མི་བྱེད། དཔྱོད་ཅིང་ཁོང་དུ་ཆུད་པར་མི་བྱེད་ལ། གཞན་དག་ཀྱང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཀློག་ཏུ་འཇུག་པར་མི་བྱེད། ཁ་ཏོན་བྱེད་དུ་འཇུག་པར་མི་བྱེད་དེ། དེ་གང་ཀློག་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་ཀློག །གང་ཁ་ཏོན་བྱེད་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་ཁ་ཏོན་བྱེད། གང་སྟོན་པ་དེ་ཡང་ཐེག་པ་ཆེན་པོ་ཁོ་ན་སྟོན་ཅིང་དེ་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་ལ། ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་ཡིན་ལ། གཞན་དག་ཀྱང་ལུས་དང་། ངག་དང་།

62-68b

ཡིད་ཡོངས་སུ་དག་པ་ལ་དགོད། ཚུལ་ཁྲིམས་དང་། དགེ་བའི་ཆོས་ཅན་ལ་དགོད། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ལ་གུས་པ་དང་བཅས། ཞེ་ས་དང་བཅས་པར་བྱེད་ལ། དེར་གཞོལ། དེར་འབབ། དེར་བབ་ཅིང་དེ་དག་དང་ལྷན་ཅིག་ཏུ་གནས་ཏེ། དེ་དག་ལ་སྙེན་ཅིང་སྟེན་ལ་བསྙེན་བཀུར་བྱེད་ཅིང་དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་བྱེད། ཀུན་ཏུ་སྤྱོད་ཅིང་ལོངས་སྤྱོད་པར་བྱེད་ལ། དེ་དག་དང་ཀུན་དགའ་ར་བའམ། གཙུག་ལག་ཁང་ངམ། འཆག་སར་སྤྱོད་ཡུལ་འཐུན་པར་གནས་པར་བྱེད། དེ་ཐེག་པ་ཆེན་པོ་ཡོངས་སུ་ཚོལ་ཞིང་སྡུད་ལ་འཆང་བར་བྱེད། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དག་གིས་མཆོག་ཏུ་གུས་པ་དྲག་པོས་མཆོད་པར་བྱེད་དེ། ཐེག་པ་ཆེན་པོ་ཀློག་ཅིང་ཁ་ཏོན་བྱེད་ལ། གཞན་དག་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་དྲག་པོས་ཀློག་ཏུ་འཇུག་ཅིང་ཁ་ཏོན་བྱེད་དུ་འཇུག །མ་བསླབས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་པའི་སེམས་མི་སྐྱེད་ལ། བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་བསླབ་པ་དེ་ཁོ་ན་ལ་འགོད་པར་བྱེད། དེ་བཞིན་འཛུམ་ཞིང་གསོང་པོར་སྨྲ་ལ། གཞན་དག་ཀྱང་བཞིན་འཛུམ་ཞིང་གསོང་པོར་སྨྲ་བ་ལ་དགོད། དེ་ཚིག་མི་བརླང་། མི་གཏུམ། མི་རྩུབ་ལ། གཞན་དག་ཀྱང་བསླབ་པ་དེ་ཁོ་ན་ལ་དགོད་ཅིང་། དེ་དགའ་བ་དང་སྙན་པར་སྨྲ་ལ། སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་སྤོང་ཞིང་། དེ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ཆེན་པོ་ཀློག་པ་རྣམས་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ལ་གུས་པ་དྲག་པོ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོས་སྲི་ཞུ་བྱ་བའི་ཕྱིར་ཉེ་བར་གནས་ལ། གཞན་དག་ཀྱང་བསམ་པ་ཆེན་པོ་དང་། ལྷག་པའི་བསམ་པས་བསླབ་པ་དེ་ཁོ་ན་ལ་འགོད་པར་བྱེད། སུ་དང་ཡང་ལྷན་ཅིག་འགྱེད་པ་དང་རྩོད་པར་མི་བྱེད། དེ་སྔོན་མ་བྱུང་བ་དང་།

62-69a

མ་ཐོས་པའི་མདོ་སྡེ་རྣམས་གུས་པ་དྲག་པོས་དོན་དུ་གཉེར་ཞིང་ཚོལ་བ་དང་། གང་དག་ལས་ཐོས་པ་དེ་དག་ལ་སྟོན་པ་ལ་གུས་པ་དྲག་པོ་ལྟ་བུ་སྐྱེད་པར་བྱེད་ལ། གཞན་དག་ཀྱང་བསླབ་པ་དེ་ཁོ་ན་ལ་འགོད། གཞན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་བསླབས་པ་རྣམས་ལ་ཡང་རློམ་སེམས་མི་བྱེད། ཉེས་པ་བདེན་པ་དང་། མི་བདེན་པས་གཞན་དག་ལ་གླེང་བར་མི་བྱེད། ཉེས་པ་གཞན་གྱི་འཁྲུལ་པ་ཡང་མི་ཚོལ། གཞན་དག་ཀྱང་བསླབ་པ་དེ་ཁོ་ན་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་ལས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་ལས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་ལམ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་ལམ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་རྒྱུ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་རྒྱུ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་བྱ་བ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་

62-69b

པའི་སྤྱོད་པའི་སྟོབས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པའི་སྤྱོད་པའི་སྟོབས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་སྤྱོད་པའི་གནས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པའི་གནས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བགོ་བཤའི་རང་བཞིན་ཅན་ཡིན་ལ། གཞན་དག་ཀྱང་བགོ་བཤའི་རང་བཞིན་ཅན་ལ་འགོད་པར་བྱེད། དེ་སངས་རྒྱས་ཀྱི་ཆོས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སངས་རྒྱས་ཀྱི་ཆོས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་དགེ་བའི་ཆོས་ལ་འདུན་པ་དང་བྲལ་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་དགེ་བའི་ཆོས་ལ་འདུན་པ་དང་བྲལ་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བཅིང་བས་བཅིངས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བཅིང་བས་བཅིངས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཡུན་རིང་པོ་ནས་ན་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཡུན་རིང་པོ་ནས་ན་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་མགོན་མེད་པའི་སེམས་

62-70a

ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་མགོན་མེད་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཡུན་རིང་པོ་ནས་གཉིད་ཀྱིས་ལོག་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཡུན་རིང་པོ་ནས་གཉིད་ཀྱིས་ལོག་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་རིགས་ངན་དུ་སྐྱེས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་རིགས་ངན་དུ་སྐྱེས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་ཀྱི་སེམས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་ཀྱི་སེམས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཆོས་ཀྱི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཆོས་ཀྱི་སྤྱོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཐེག་པ་ཆེན་པོ་ལ་མོས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཐེག་པ་ཆེན་པོ་ལ་མོས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཚུལ་ཁྲིམས་ཀྱི་སྡོམ་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ཆུད་ཟོས་པའི་

62-70b

སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བཟོད་པ་དང་དེས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་བཟོད་པ་དང་དེས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཞི་གནས་དང་ལྷག་མཐོང་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཞི་གནས་དང་ལྷག་མཐོང་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་དྲན་པ་དང་། བློ་གྲོས་དང་། བརྟན་པ་དང་། རྟོགས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་དྲན་པ་དང་། བློ་གྲོས་དང་། བརྟན་པ་དང་། རྟོགས་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚུལ་ལ་འཇུག་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་དགེ་བའི་

62-71a

བཤེས་གཉེན་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་དགེ་བའི་བཤེས་གཉེན་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་སེམས་ཅན་ལ་ཕན་པར་འདོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་སེམས་ཅན་ལ་ཕན་པར་འདོད་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཆོས་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཆོས་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཡེ་ཤེས་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཡེ་ཤེས་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་དོན་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་དོན་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་ཡང་དག་པར་སྤོང་བ་བཞི་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ལ། གཞན་དག་ཀྱང་ཡང་དག་པར་སྤོང་བ་བཞི་ཆུད་ཟོས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་བྱེད། དེ་བདེན་པའི་ཆོས་དང་། དོན་དང་། འདུལ་བ་སྨྲ་བ་ལ་མཁས་པ་ཡིན་ལ། གཞན་དག་ཀྱང་བདེན་པའི་ཆོས་དང་དོན་དང་། འདུལ་བ་སྨྲ་བ་ལ་མཁས་པ་ལ་འགོད་པར་བྱེད། དེ་དབུལ་པོའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བར་བྱེད་ཅིང་གཞན་དག་ཀྱང་དབུལ་པོའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་ལ་འགོད་པར་

62-71b

བྱེད། དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་བྱམས་པས་ཁྱབ་པར་བྱེད་དེ། ཀྱེ་མ་སེམས་ཅན་འདི་དག་ནི་མགོན་མེད་པ། སེམས་ཅན་འདི་དག་ནི་སྐྱབས་མེད་པ། སེམས་ཅན་འདི་དག་ནི་དཔུང་གཉེན་མེད་པ། སེམས་ཅན་འདི་དག་ནི་གླིང་མེད་པ། སེམས་ཅན་འདི་དག་ནི་གནས་མེད་པ། སེམས་ཅན་འདི་དག་ནི་སྐྱོབ་པ་མེད་པ་ཡིན་ན། ཀྱེ་མ་ནམ་ཞིག་ན་བདག་སེམས་ཅན་འདི་དག་གི་མགོན་དུ་འགྱུར་ཞིག་གུ། སྐྱབས་སུ་འགྱུར་ཞིག་གུ། དཔུང་གཉེན་དུ་འགྱུར་ཞིག་གུ། གླིང་དུ་འགྱུར་ཞིག་གུ། གནས་སུ་འགྱུར་ཞིག་གུ། སྐྱོབ་པར་འགྱུར་ཞིག་གུ་སྙམ་པའོ། །འཇམ་དཔལ་དཔེར་ན་བྱའི་རྒྱལ་པོ་ནམ་མཁའ་ལྡིང་ལང་ཚོ་དང་། སྟོབས་དང་། མཐུ་ཆེན་པོ་ཐོབ་པ་དེ་ནི་འདོད་ན་རི་རབ་ཀྱི་རྩེ་མོ་ནས་རི་རབ་ཀྱི་རྩེ་མོར་འགྲོའོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཡང་དགེ་བའི་རྩ་བའི་སྟོབས་དང་། མགྱོགས་པ་དང་། ཤུགས་དང་། རྟུལ་བ་ཆེན་པོས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གང་དུ་སྐྱེ་བར་འདོད་པ་དེར་ཡང་སྐྱེ་བར་འགྱུར་ལ། ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་། དཔུང་གཉེན་དང་། གླིང་དང་། གནས་དང་། སྐྱོབ་པར་ཡང་འགྱུར་བ་དེ་ནི་འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཕུལ་ཞིང་། ལྷའི་ན་བཟའ་དག་ཀྱང་ཕུལ་ཏེ་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ཉིན་གཅིག་བཞིན་དུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་ཡོངས་སུ་གང་བར་བྱས་ནས་སྦྱིན་པ་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཕུལ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་

62-72a

ནི་སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་དགྲ་བཅོམ་པ་ཉིད་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་རང་སངས་རྒྱས་ཉིད་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་ལ་རིགས་ཀྱི་

62-72b

བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་རའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་རའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་གཅིག་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། སེམས་ཅན་གཅིག་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སེམས་ཅན་

62-73a

གཅིག་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་དགེ་བསྙེན་དད་པ་ཅན་གསུམ་ལ་སྐྱབས་སུ་སོང་བ། བསླབ་པའི་གཞི་ལྔ་དང་ལྡན་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ། གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དགེ་བསྙེན་དད་པ་ཅན་གསུམ་ལ་སྐྱབས་སུ་སོང་བ། བསླབ་པའི་གཞི་ལྔ་དང་ལྡན་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་གང་ཟག་བརྒྱད་པ་ལ་ཉིན་གཅིག་ཟན་ཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་གང་ཟག་བརྒྱད་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་རྒྱུན་དུ་ཞུགས་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་

62-73b

ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རྒྱུན་དུ་ཞུགས་པ་རྣམས་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ལན་ཅིག་ཕྱིར་འོང་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ལན་ཅིག་ཕྱིར་འོང་བ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཕྱིར་མི་འོང་བ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕྱིར་མི་འོང་བ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་དགྲ་བཅོམ་པ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དགྲ་བཅོམ་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་རང་སངས་རྒྱས་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་

62-74a

སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་རའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གི་ཚེ་གང་དང་གང་ལས་བརྩམས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེའི་ཚེ་དེས་སེམས་དེ་ལ་མི་དགེ་བའི་ལས་མ་སྤངས་པ་ཅི་ཡང་མེད་ལ། དེས་སངས་རྒྱས་ཀྱི་ཆོས་གང་ཡང་མ་བཟུང་བ་མེད་པའི་ཕྱིར་ཏེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །འཇམ་དཔལ་དཔེར་ན་བྱའི་རྒྱལ་པོ་ཀ་ལ་པིང་ཀ་སྒོ་ངའི་སྦུབས་ན་འདུག་ཅིང་མིག་མ་བྱེ་བ་དག་གིས་ཀྱང་སྒྲ་སྐད་ཀྱི་གདངས་ཟབ་ཅིང་སྙན་པས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། །འཇམ་དཔལ་དེ་བཞིན་དུ་དང་པོའི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་ན་འདུག་ཅིང་། མིག་ལས་དང་ཉོན་མོངས་པའི་མུན་པའི་རབ་རིབ་ཀྱི་བྲིས་ཡོག་པ་ཡང་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སྦྱོར་བ་བསྒྲུབ་པའི་སྒྲ་སྐད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རའི་ཤིང་རྟས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་

62-74b

ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་

62-75a

བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་། ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་ཤིང་ཡིད་ཆེས་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཁ་ཟས་བྱེད་དུ་བཅུག་ལ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ཀྱི་གནས་འཛམ་བུ་ཆུ་བོའི་གསེར་ལས་བྱས་ལ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་བརྩེགས་པའི་སྟེགས་བུས་བསྐོར་བ། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཆུན་པོས་མཛེས་པར་བྱས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་བཀབ་པ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོས་བྱུགས་པ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མན་ཛུ་ཥ་ཀ་དང་། མན་ཛུ་ཥ་ཀ་ཆེན་པོ་དང་། སྣ་མའི་མེ་ཏོག་དང་། ཀླུ་ཤིང་གི་མེ་ཏོག་དང་། ཏ་ར་ནི་བར་ན་དང་། གོ་ཏ་ར་ནི་དང་། དྲི་མཆོག་དང་། དྷ་ནུ་སྐ་རི་དང་། ལྷའི་སྣ་མའི་མེ་ཏོག་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མེ་ཏོག་ཆེན་པོ་རྣམས་བཀྲམ་པ་བྱེད་དུ་བཅུག་སྟེ་། རང་སངས་རྒྱས་དེ་དག་ལ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སངས་རྒྱས་ཞེས་བྱ་བའམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའམ། འཇིག་རྟེན་གྱི་མགོན་པོ་ཞེས་བྱ་བའི་སྒྲ་ཐོས་སམ། རི་མོར་བྲིས་པ་མཐོང་

62-75b

ངམ། གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་པར་འགྱུར་ན། གང་སོར་མོ་བཅུའི་ཐལ་མོ་སྦྱར་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །གང་མར་མེའམ། བདུག་པའམ། མེ་ཏོག་གམ། སྤོས་འབུལ་བ་ལྟ་ཅི་སྨོས་ཏེ། ཐ་ན་དེའི་ཡོན་ཏན་བསྔགས་པ་གཅིག་ཙམ་བརྗོད་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ལོངས་སྤྱོད་ཆེན་པོར་འགྲུབ་པར་བྱེད་ཅིང་མཐར་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ། །འཇམ་དཔལ་དཔེར་ན་ཆུའི་ཐིགས་པ་ཆུང་ངུ་རྒྱ་མཚོ་ཆེན་པོར་སོང་བ་ཡང་སྲེག་པའི་བསྐལ་པའི་མེ་མ་བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པར་མི་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་མ་བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། མཐར་ཐུག་པར་མི་འགྱུར་རོ། །འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཇི་ལྟར་ཆུང་ཡང་། འདི་ལྟ་སྟེ། བོང་དང་། ཁྱོན་དང་། ཆེ་བས་སྐར་མའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་ཅིང་ཀུན་དུ་ལྷང་ངེར་འདུག་གོ །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་འདི་ལྟ་སྟེ། མཐོ་བ་དང་། ཡངས་པ་དང་། ཆེ་བས་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་གོ། །འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་བཅས་པ་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཕུལ་ཞིང་ལྷའི་ན་བཟའ་དག་ཀྱང་ཕུལ་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་

62-76a

གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་པར་འགྱུར་ན། གང་ཡི་གེར་འདྲི་བའམ། ཡི་གེར་འདྲིར་འཇུག་པའམ། སྟོན་པར་བྱེད་པ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྡང་བའི་སེམས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་དཔག་ཏུ་མེད་པ་དག་གི་ཟས་དང་གོས་བཅད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཁྲོས་ཏེ་སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཟན་ཅིག་ཕྲོགས་སམ། ཟན་ཅིག་གཅོད་དུ་བཅུག་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པ་བསྐལ་པ་བྱེ་བ་གྲངས་མེད་པ་ནས་ཡང་དག་པར་བསྒྲུབས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་རང་གི་སེམས་ཀྱི་རྒྱུད་ལས་སྐྱེས་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་ལ་ཁམ་གཅིག་ཙམ་ཡོངས་སུ་བཏང་བ་ཡང་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་འགྱུར་བར་བྱེད་པའི་ཕྱིར་རོ། །འཇམ་དཔལ་ནན་གྱིས་དཔེར་བྱ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཁྲོས་ཏེ་སྡང་བའི་སེམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་མེད་པར་བྱས་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐ་ན་བསླབ་པ་གཅིག་བླངས་པ་ཙམ་ཡང་མེད་པར་བྱས་

62-76b

ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་རང་གི་སེམས་ཀྱི་རྒྱུད་ལས་སྐྱེས་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཐ་ན་ཉི་མ་གཅིག་གི་བསླབ་པ་གཅིག་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་འཐོབ་པར་འགྱུར་བའི་ཕྱིར་རོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཁྲོས་ཏེ། གནོད་སེམས་ཀྱི་སེམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་རར་བཅུག་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་བྱང་ཆུབ་སེམས་དཔའ་ལ་ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས་འདི་དང་ཕྲད་པར་མ་གྱུར་ཅིག་ཅེས་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཁྲོས་ཏེ་གནོད་སེམས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་བལྟས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་ནན་གྱིས་དཔེར་བྱ་ན་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་ལ། དེ་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱམས་པའི་སེམས་ཀྱིས་མིག་བསྐྱེད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་

62-77a

དགའ་བའི་སེམས་ཀྱིས་བལྟས་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་རར་འདུག་པ་ལས་བཙོན་ར་ནས་ཐར་བར་བྱས་ནས། འཁོར་ལོས་སྒྱུར་བའི་བདེ་བ་ལ་བཀོད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་མཐོང་བར་འདོད་ཅིང་། དགའ་བའི་སེམས་ཀྱིས་དེའི་བསྔགས་པ་བརྗོད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་ལ། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པ་གཅིག་ཙམ་འཕེལ་བར་བྱས་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཕུང་པོ་མེད་པའི་ཚིགས་སུ་བཅད་པ་གཅིག་ཙམ་འདོན་དུ་བཅུག་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་ནན་གྱིས་དཔེར་བྱ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་རྣམས་སུ་སྐྱེས་པར་བྱས་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ནི་བྱང་ཆུབ་སེམས་དཔའ་གཅིག་བྱང་ཆུབ་ཀྱི་སེམས་ལས་མོས་པ་བཟློག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་གལ་ཏེ་རིགས་ཀྱི་བུའམ་

62-77b

རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་མོས་པ་བཟློག་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐ་ན་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཅིག་ཐེག་པ་ཆེན་པོ་ལ་མོས་པ་བཟློག་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པར་གྱུར་ལ། དེ་ནས་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་སེམས་ཅན་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་ནས་བཏོན་ནས་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་སེམས་ཅན་གཅིག་ཐེག་པ་ཆེན་པོ་ལ་མོས་པ་ལ་འཇུག་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་རང་སངས་རྒྱས་ལས་ཉམས་པར་བྱས་ལ། གཅིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཅིག་བྱང་ཆུབ་སེམས་དཔའ་ལས་ཉམས་པར་བྱས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ཀྱི་རྙེད་པ་དང་། བཀུར་སྟི་གཅད་པའི་ཕྱིར་རྙེད་པ་དང་། བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེ་དག་གི་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པ་བསྒྲགས་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཅིག་གི་རྙེད་པ་དང་། བཀུར་སྟི་གཅད་པའི་ཕྱིར་རྙེད་པ་དང་། བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་བསྔགས་པ་མ་ཡིན་པ་བསྒྲགས་ན། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་

62-78a

སྐྱེད་དོ། །འཇམ་དཔལ་གང་ལ་ལ་ཞིག་གིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་ཐ་ན་ཆུ་རའི་ཆུ་ཙམ་བྱིན་ན་ཡང་ལས་དེས་དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་མ་མྱོང་བར་གྱུར་ན། བྱང་ཆུབ་སེམས་དཔའ་ཀློག་པ་དང་། ཁ་ཏོན་བྱེད་པ་ལ་མོས་པ་ལ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱལ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།