Gdams ngag kha gtam lo rgyus/Full text

From Bodhicitta
< Texts‎ | Gdams ngag kha gtam lo rgyusTexts/Gdams ngag kha gtam lo rgyus/Full text

གདམས་ངག་ཁ་གཏམ་ལོ་རྒྱུས།
FULL TEXT


Description

Referencegdams ngag kha gtam lo rgyus [གདམས་ངག་ཁ་གཏམ་ལོ་རྒྱུས།].
PeopleKyotön Mönlam Tsultrim



[edit]
Source Skyo ston smon lam tshul khrims. Gdams ngag kha gtam lo rgyus. In Phuntsho, Karma, ed. སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་མཛད་རྣམ་དང་གསུང་རྩོམ། The Life and Works of Kyotön Monlam Tsultrim. Bhutan: Loden Foundation, 2023: 681-685.
Date 2026-01-21
Phuntsho-2023-The Life and Works of Kyoton Monlam Tsultrim-681-685.pdf
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །གདམས་ངག་ཁ་གཏམ་ལོ་རྒྱུས།

༈ བླ་མ་ཡི་དམ་ལྷ་ལ་འདུད། གདམས་ངག་ཁ་གཏམ་ལོ་རྒྱུས་ནི། སློབ་དཔོན་འདི་ན་ལེནྡྲ་དང་ཉེ་བ་ན་ཡབ་རྒྱལ་དགེ་བ་གོ་ཆ་ཡི། སྲས་རྒྱལ་བུ་ཞི་བའི་གོ་ཆ་ཅེས་པ་ཡབ་འདས་ནས་རྒྱལ་སྲིད་སྐྱོང་བར་ཞུས་པ་ལ་འཕགས་པ་འཇམ་དཔལ་གྱིས་རྒྱལ་སྲིད་མ་བཟུང་སྒྲུབ་པ་གྱིས་པར་གདམས་པའོ།།དེ་ནས་ན་ལེནྡྲར་མཁན་པོ་རྒྱལ་བའི་ལྷ་ལ་རབ་ཏུ་བྱུང་ནས་སྒྲུབ་པ་མཛད་པས། ཚེ་འདིའི་རྟོག་པ་རྒྱུན་ཆད་པས་བུ་སུ་ཀུ་ཞེས་གྲགས་པ་ནི་ངོ་མཚར་ཅན་གྱི་གཏམ་གཅིག་ཡིན་ནོ།། གཉིས་པ་ཆོས་འདི་འདོན་པའི་རེས་མོ་བབ་པ་ན་སྤྱོད་འཇུག་ཞལ་ཐོན་མཛད་དོ།། གསུམ་པ་མཆོད་རྟེན་དཔལ་ཡོན་དུ་མུ་སྟེགས་བརྟུལ་ལོ།། བཞི་པ་རི་བྲག་ཏུ་ཆར་རླུང་ཆེན་པོས་ཀུན་དུ་རྒྱུ་ལྔ་བརྒྱ་འཚོ་བ་ཆད་ལ་གྲོང་ཉེ་བ་ཞིག་ན་འབྲས་ཆན་ལྷུང་བཟེད་གང་བྱིན་བརླབས་བྱས་ནས་ཆོས་ལ་བཙུད་དོ།། ལྔ་པ་ཡུལ་ཨུ་ཏ་ར་གེསར་བྱ་བར་རྒྱལ་པོ་གཅིག་བློན་པོ་ཆོས་པ་གཅིག་ཤི་ནས་བློན་པོ་སྡིག་ཅན་གཅིག་གིས་བྱས་པས་མི་ནད་ལ་སོགས་པ་བྱུང་། དེར་བློན་པོ་མཛད་པས་སྡིག་ཅན་ཕྲག་དོག་སྐྱེས་དབྱེས་བྱས། ཤིང་གི་རལ་གྲི་བཏོན་པས་མེ་འབར་ཏེ་རལ་གྲི་འཛིན་དུ་གྲགས་སོ།། དྲུག་པ་ཨོ་ཏན་ཏ་པུ་རིར་མུ་སྟེགས་པ་ཕམ་པར་མཛད། བདུན་པ་བདུད་མྱོས་བྱེས་སྲི་ཐ་རའི་རྒྱལ་ཁམས་སུ་ཆང་ཉོས་ཏེ་འོ་མར་སྒྱུར་ནས་གསོལ་ཏེ་ཉི་མ་བཟུང་ངོ་། །དེ་ནས་རྒྱལ་པོ་ཉི་མ་འཛིན་ཅེས་བྱ་བར་གྲགས་སོ།།

དེ་ནས་རྒྱ་གར་ཤར་དུ་མི་བརྗེད་པའི་གཟུངས་ཐོབ་པའི་དགེ་སློང་གཉིས་ལ་གདམས་ངག་མཛད་དོ།། དེས་ཨ་བ་འདུ་ཏི་པ་ལ། གསེར་གླིང་པ། ཇོ་བ་ལ་གནང་། བླ་མ་བལ་པོ་དང་། རྒྱ་ལ་གནང་། རྒྱན་དཀར་ཞུ་ལ་བསླབ་བཏུས་དང་སྤྱོད་འཇུག་དང་མདོ་ཀུན་ལས་བཏུས་པའི་གདམས་ངག་མཛད་དོ།། མན་ངག་འདི་ཡི་བརྒྱུད་པ་ཡིན་པ་ནི། རྒྱ་གར་ཤར་ཕྱོགས་སྒྱུ་མའི་གྲོང་ཁྱེར་བྱ་བ་མུ་སྟེགས་པའི་གླིང་ཞིག་དུ་སློབ་དཔོན་ཞི་བའི་ལྷས་ལུས་ཀྱི་བཀོད་པ་སྟན་ཏེ། ཐམས་ཅད་ནང་པ་སངས་རྒྱས་པར་བཙུད་དོ།།

དེ་ནས་དགེ་སློང་མི་བརྗེད་པའི་གཟུངས་ཐོབ་པ་གཉིས་ལ་སྤྱོད་འཇུག་དང་བསླབ་བཏུས་ཀྱི་གདམས་ངག་བཏབ་པོ། །དེ་གཉིས་ཀྱིས་བླ་མ་གསེར་གླིང་པ་ཅན་དུ་བྱོན་ནས་བསླབ་བཏུས་སྤྱོད་འཇུག་མདོ་ཀུན་ལས་བཏུས་གསུམ་གྱི་གདམས་ངག་གནང་ངོ་།། བླ་མ་གསེར་གླིང་པས་ཉམས་སུ་བླངས་ཏེ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དང་ཞི་བའི་ལྷ་ལ་གསོལ་བ་བཏབ་ནས་སྔར་གྱི་གསུམ་པོ་དེའི་གདམས་ངག་གཞུང་ཆུང་རེ་མཛད་དོ།། དེ་ཇོ་བོ་རྗེས་ཞུས་སོ། །ཇོ་བོ་ལ་བལ་པོའི་བླ་མ་རཏྣ་ཤྲིས་ཞུས་སོ།། བླ་མས་སྤྱོད་འཇུག་གི་གཞུང་དོན་དྲོལ་དང་ལག་ཁྲིད་དང་ཁ་གཏམ་དྲུག་བཅུ་རྩ་བཞི་གསུངས་སོ།། བླ་མ་བལ་པོ་བ་དེ་ལ་བླ་མ་རྒྱན་འཁར་བ་འདི་མཚན་རྒྱ་ཐེན་བ་བྱ་བ་ཡིན་ཏེ་རྔོག་གི་དབུ་ཚད་དང་སྤྱོད་ཕྱོགས་མ་ལུས་པ་མཁྱེན། འཁོར་བ་ལ་ཞེན་པ་ལོག་ནས་བླ་མ་ཅན་དུ་བལ་པོར་བྱོན། གདམས་ངག་ཞུས་སོ།། ཉམས་སྐྱེས་ཏེ་མི་ཆེན་གྱི་ཚུལ་ཆོས་སྤངས་སོ།། ཁོང་ཕྱིས་འདིར་གྲོ་ས་མེད་པར་གྲོས་ཟེར་རོ།། དེས་རྒྱ་གར་གྱི་དགེ་བཤེས་ཞུ་ལ་གཏད་ནས་བསྒོམས། འདི་གཅིག་པུས་ཆོག་གསུངས།

བོད་དུ་སྤྱོད་འཇུག་ལ་བློ་གཏོད་པ་བླ་མ་འདི་དང་ཀ་མ་བ་གཉིས་ལས་མ་བྱུང་འདྲ་གསུང་། ཁོང་གིས་བླ་མ་ལྕེ་ལ་གདམས་ངག་གནང་ངོ་།།