Candrottarādārikāvyākaraṇasūtra/Full text

From Bodhicitta
Texts/Candrottarādārikāvyākaraṇasūtra/Full text

आर्यचन्द्रोत्तरादारिकाव्याकरणनाममहायानसूत्र
Candrottarādārikāvyākaraṇasūtra
The Sūtra of the Prophecy Concening the Girl Candrottarā (84000)
FULL TEXT


Description
The Sutra of the Dialogue of the Girl Candrottarā was probably composed about the third or fourth century A.D., about the same time as the sequel to The Sutra of the Teaching of Vimalakīrti, which is known as The Sutra of the King Who Was Annointed on the Head (Ting-wang ching or Kuan-ting-wang ching). The Chinese translation of the Candrottarā was undertaken by Jnanagupta of Sui, a North Indian monk from Gandhara, and by the Chinese monk Chih-te in 591. The Tibetan translation was begun in the ninth century by Jinamitra. The text is mainly in prose with several long sections of verse. The Candrottarā has few discourses on Mahāyāna teachings, focusing instead on a series of dialogues between Candrottarā, Śāriputra, and various Bodhisattvas . . . A noteworthy feature in the Candrottarā is the portrayal of Vimalakīrti as a rather weak individual who is afraid of threats from other men. In The Sutra of the Teaching of Vimalakīrti (Vimalakīrtinirdeśa) . . . on the other hand, Vimalakīrti is an immensely powerful Bodhisattva of unmitigated energy, who devastates the arguments of the monk Śāriputra. In Candrottarā, ("On top of the moon") Vimalakīrti's daughter, who is named Candrottarā, in an apparent reversal of roles with the Vimalakīrti of The Sutra of the Teaching of Vimalakīrti, has the same eloquence and incisive wisdom with regard to the Dharma as her father. The Candrottarā may be viewed as a sequel to the Vimalakīrtinirdeśa. (Extracted from Diana Paul, "Introduction to The Sutra of the Dialogue of the Girl Candrottarā," in Women in Buddhism: Images of the Feminine in the Mahāyāna Tradition, 190-91)
ReferenceCandrottarādārikāvyākaraṇasūtra [आर्यचन्द्रोत्तरादारिकाव्याकरणनाममहायानसूत्र]. 'phags pa bu mo zla mchog lung bstan pa zhes bya ba theg pa chen po'i mdo [འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།]. [The Sūtra of the Prophecy Concening the Girl Candrottarā (84000)]. Translated by Jinamitra, Ye shes sde, Jñānagupta. Kangyur, RKTSK 191 http://www.rkts.org/cat.php?id=191&typ=1.
PeopleJinamitra, Jñānagupta, Yeshe De



[edit]
Source Adarshah
Date 2025-10-13
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
61-224b

༄༅། །འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙན་དྲོཏྟ་རཱ་དཱ་རི་ཀཱ་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགྲ་བཅོམ་པ་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་

61-225a

ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཏིང་ངེ་འཛིན་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཐོགས་པ་མེད་པ། ཚུལ་འཆོས་པ་མེད་པ། ཁ་གསག་མེད་པ། ཤེས་ཀྱི་ཁེ་འདོད་པའི་སེམས་དང་བྲལ་བ། ཟང་ཟིང་མེད་པར་ཆོས་སྟོན་པ། ཆོས་ཟབ་མོ་ལ་བཟོད་པ་དམ་པའི་ཕ་རོལ་ཏུ་སོན་པ། མི་འཇིགས་པ་དང་ལྡན་པ། བདུད་ཀྱི་ལས་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་སྤངས་པ། ཆོས་ཀྱི་རང་བཞིན་ལ་ཐེ་ཙོམ་མེད་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམས་པ་བཞིན་འཛུམ་པ། ཁྲོ་གཉེར་མེད་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲ་བ་ལ་མཁས་པ། སེམས་ཡོངས་སུ་མ་གཏུགས་པ། སྤོབས་པ་རྒྱུན་མི་འཆད་པ། ཆོས་མཉམ་པ་ཉིད་ལ་བཟོད་པ་ཐོབ་པ། མི་འཇིགས་པ་ཆེན་པོས་འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པ། ཚིག་གཅིག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གཅིག་ཏུ་སྟོན་པའི་ཡེ་ཤེས་ལ་མཁས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པ་དང་། གཡོ་བ་མེད་པ། གཟུང་བ་མེད་པ། ནམ་མཁའི་ངོ་བོ་ཉིད་ལྟ་བུར་མོས་པ། ཤེས་རབ་དང་ཡེ་ཤེས་ཚད་མེད་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་མཁས་པ། སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། སེམས་ཐོགས་པ་མེད་པ་ཆོས་ལ་སྲེད་པ་དང་བྲལ་བ། ཉེ་བའི་ཉོན་མོངས་པ་མེད་པའི་བཟོད་པ་དང་ལྡན་པ། ཆོས་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་པར་རྒྱུན་དུ་མངོན་དུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་

61-225b

པ་ཤེས་པ་ལ་མཁས་པ། ཀུན་ནས་ལྡང་བ་དང་། ལྟ་བ་དང་། ཉོན་མོངས་པ་དང་། བག་ལ་ཉལ་སྣ་ཚོགས་སྤོང་བ་ལ་མཁས་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བའི་མངོན་པར་ཤེས་པའི་ཤེས་པ་ལ་མཁས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འབྱུང་དཀའ་དང་། སྤོས་ཀྱི་གླང་པོ་དང་། བརྩོན་པ་མི་གཏོང་དང་། ཉི་མའི་སྙིང་པོ་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། སྤོས་ཀྱི་འོད་ཟེར་རབ་ཏུ་གཏོང་བ་དང་། འབྲུག་སྒྲ་དང་། གསེར་འོད་རྣམ་པར་ངེས་པའི་རྒྱལ་པོ་དང་། སྲེད་མེད་ཀྱི་བུ་དང་། ལག་ན་རིན་པོ་ཆེ་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། ནམ་མཁའ་མཛོད་དང་། སྣང་བའི་རྒྱལ་པོ་དང་། མཐོང་དགའ་དང་། སེམས་ཅན་སྒྲོལ་དང་། རྟག་ཏུ་བརྩོན་དང་། རྟག་ཏུ་རྒོད་དགའ་དབང་པོ་དང་། ངན་སོང་སྤོང་དང་། རྡོ་རྗེའི་གནས་རྣམ་པར་གནོན་པ་དང་། འཇིག་རྟེན་གསུམ་གྱི་གནས་རྣམ་པར་གནོན་པ་དང་། མི་གཡོ་བའི་གནས་རྣམ་པར་གནོན་པ་དང་། མཐོང་བ་དོན་ཡོད་དང་། དཔལ་གྱི་སྙིང་པོ་དང་། པད་མའི་དཔལ་དང་། བལ་གླང་སྤོས་ཀྱི་གླང་པོ་ཆེ་དང་། སྤོབས་པ་ཟབ་མོ་དང་། སྤོབས་པ་ཆེན་པོ་དང་། ཆོས་འཕགས་དང་། ཆོས་ཀྱི་རང་བཞིན་ཐེ་ཙོམ་མེད་པ་དང་། སེང་གེའི་སྟབས་སུ་འགྲོ་བ་དང་། འཇིགས་པ་ཀུན་སེལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སེང་གེ་ཆེན་པོ་མངོན་པར་སྒྲོགས་པའི་སྒྲ་དང་། བརྗོད་མེད་དང་། སྤོབས་པ་བརྩེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། སྣ་ཆེན་པོ་ལ་གཏོགས་པ་རྣམས་དང་། གྲོང་ཁྱེར་དང་། ལྗོངས་ཀྱི་མི་རྣམས་དང་། ཞབས་འབྲིང་གཉུག་མ་རྣམས་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ཚལ་ཆེན་པོའི་

61-226a

ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ། མཛོད་དང་བང་བ་མང་བ་ཞིག་གནས་ཏེ། དེ་ལ་ཆུང་མ་དྲི་མེད་མ་ཞེས་བྱ་བ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ། རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། ཟླ་བ་དགུ་འདས་པ་དང་། དེ་ལས་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ལེགས་པར་རྫོགས་པ་ཞིག་བཙས་སོ། །བུ་མོ་དེ་བཙས་མ་ཐག་ཏུ་ཁྱིམ་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང་ས་ཆེན་པོ་ཡང་རབ་ཏུ་གཡོས་པར་གྱུར། ཕྱི་རོལ་གྱི་སྒོ་གང་གི་ཝ་དག་ལས་ཀྱང་མར་ཁུ་དང་། འབྲུ་མར་དག་རབ་ཏུ་འཛག་ཅིང་ཞན་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། སྡུག་ཕོངས་པ་གང་ཡིན་པ་དག་ཅི་བདེར་ཡོངས་སུ་སྤྱོད་དོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན། རྔ་བོ་ཆེ་དང་། རྫ་རྔ་དང་། ཁར་རྔ་དང་། སིལ་སྙན་དང་། ཕེག་རྡོབ་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་མ་བརྡུངས་པར་སྒྲ་འབྱིན་པར་གྱུར་ཅིང་མེ་ཏོག་གི་ཆར་ཆེན་པོ་དག་ཀྱང་རབ་ཏུ་བབ་པར་གྱུར། ཁྱིམ་གྱི་གྲྭ་བཞིར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་གང་བའི་གཏེར་ཆེན་པོ་བཞི་བྱུང་ཞིང་ཁ་བྱེ་སྟེ་ཀུན་ཏུ་སྣང་བར་གྱུར་ཏོ། །བུ་མོ་དེ་བཙས་མ་ཐག་ཏུ་ངུ་སྐད་མི་འབྱིན་ཅིང་མཆི་མ་མི་བློག་ལ་ལྷག་པར་ཡང་སོར་མོ་བཅུ་ཐལ་མོ་སྦྱར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྡིག་ལས་བྱས་པས་འདིར་ནི་གཙང་མ་ཡི། །ལུས་སུ་མི་སྐྱེ་ཡིད་དུ་འོང་བར་མིན། །སྡིག་ལས་བྱས་པས་འདིར་ནི་ལོངས་སྤྱོད་དག །འབྱོར་པའི་ཁྱིམ་རྣམས་སུ་ཡང་མི་སྐྱེའོ། །སྦྱིན་དུལ་ཡང་དག་སྡོམ་དང་བག་ཡོད་ཅིང་། །གུས་དང་བཅས་པས་བླ་མ་བསྙེན་བཀུར་བའི། །གྱ་ནོམ་རང་བཞིན་ལས་ཀྱི་རྟག་ཏུ་ནི། །ལོངས་སྤྱོད་བདག་ཉིད་ཆེན་པོའི་ཁྱིམ་དུ་འགྲུབ། །འདྲེན་པ་རྒྱལ་བ་འོད་སྲུང་བསོད་སྙོམས་ཕྱིར། །ཡངས་པ་ཅན་གྱི་གྲོང་དུ་ཞུགས་པ་ན། །བདག་གིས་ཁང་བཟངས་སྟེང་ནས་མཐོང་གྱུར་ཅིང་། །མཐོང་ནས་དེར་ནི་བདག་ཡིད་དང་བ་དྲན། །དེ་ཚེ་

61-226b

བདག་ཡིད་རབ་ཏུ་དང་གྱུར་ནས། །བདག་ལ་མེ་ཏོག་མེད་ཅིང་བྱུག་པ་མེད། །ཕྱེ་མ་སྤོས་མེད་ཟས་དང་སྐོམ་མེད་པས། །སྟོན་པ་འདི་ལ་ཅིས་མཆོད་བྱ་སྙམ་སེམས། །དེ་ནས་བདག་གིས་སྒྲ་ཐོས་སངས་རྒྱས་ནི། །འགྲོ་བ་དགྲོལ་ཕྱིར་ཟང་ཟིང་མེད་སྤྱོད་ཅིང་། །འཇིག་རྟེན་བརྩེ་ཕྱིར་ཐུགས་རྗེ་སྐྱེས་ནས་ནི། །སངས་རྒྱས་བསོད་སྙོམས་སླད་དུ་འཇིག་རྟེན་བརྒྱན། །གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱིས་སྨོན་ལམ་ཐོབ། །བྱང་ཆུབ་སེམས་བསྐྱེད་བརྟན་གྱུར་གང་ཡིན་པ། །དེ་ལས་ལྷག་མཆོད་སྲིད་པ་གསུམ་ན་མེད། །བར་སྣང་སྒྲ་ཐོས་དེ་ནས་བདག་གིས་ནི། །མཚན་མཆོག་སྤྲས་པའི་སངས་རྒྱས་མཐོང་བ་དང་། །བྱང་ཆུབ་ཕྱིར་ནི་མི་གཡོ་ཡིད་སྐྱེས་ནས། །ཁང་པ་དེ་ནས་རང་གིས་ལུས་མཆོངས་ཏེ། །བར་སྣང་ཏ་ལ་སྲིད་ལ་འདུག་ནས་ནི། །ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང་། །དེ་བཞིན་རྒྱལ་བ་འོད་སྲུང་དེ་ཡི་སྐུ། །རིན་ཆེན་རི་དང་ལྷུན་པོ་འདྲ་བ་མཐོང་། །རྒྱལ་བའི་མཐུས་ནི་བདག་གི་ལག་མཐིལ་དུ། །མན་དཱ་ར་བའི་ཕུར་མ་ཆེ་བྱུང་ཞིང་། །དེ་དག་བདག་གིས་འོད་སྲུང་གཏོར་བ་དང་། །མེ་ཏོག་གདུགས་གྱུར་ནམ་མཁའ་ལ་ནི་གནས། །གང་དག་ཕྱོགས་བཅུའི་སངས་རྒྱས་མཐའ་ཡས་པ། །མཚན་གྱིས་སྐུ་བརྒྱན་དེ་དག་བལྟས་ན་ཡང་། །ཇི་ལྟར་འོད་སྲུང་སྟེང་ན་འདུག་པ་ལྟར། །དེ་དག་ལ་ཡང་མེ་ཏོག་གདུགས་ཉིད་སྣང་། །མཁའ་ལ་གནས་བཞིན་བདག་གིས་ཚིག་སྨྲས་པ། །བསྐལ་པ་ཆུ་རྡུལ་སྙེད་དུ་སྤྱད་བྱ་ཞིང་། །བྱང་ཆུབ་མ་ཐོབ་བདག་ཕྱིར་མི་ལྡོག་གིས། །བདག་ནི་སངས་རྒྱས་རྐང་གཉིས་གཙོར་གྱུར་ཅིག །བདག་གིས་སེང་གེའི་ང་རོ་དེ་ཐོས་ནས། །དེ་ཚེ་སྟོང་ཕྲག་བཅུ་གཉིས་ཚང་བ་ཡི། །ལྷ་མི་ལྷ་མིན་གནོད་སྦྱིན་སྲིན་པོ་རྣམས། །སངས་རྒྱས་བྱང་ཆུབ་མཆོག་ལ་ཡང་དག་ཞུགས། །ཐོས་ནས་སུམ་ཅུ་རྩ་གསུམ་ལྷར་སྐྱེས་ཤིང་། །ལས་བཟང་བྱས་པ་ཆུད་ཟར་མ་གྱུར་པས། །དེ་ནས་ཤི་འཕོས་འཛམ་གླིང་འདིར་འོངས་ཀྱིས། །དེ་ཕྱིར་སྐྱེ་བོ་རྣམས་ཀྱིས་བསོད་ནམས་བྱོས། །གང་ཚེ་སུམ་ཅུ་རྩ་གསུམ་གནས་གྱུར་པ། །དེ་ཚེ་བདག་གིས་རྒྱལ་བ་ཤཱཀ་ཐུབ་

61-227a

མཆོད། །བདག་ནི་འདོད་དང་ལོངས་སྤྱོད་ལུས་མི་གཉེར། །རྒྱལ་བ་ཡང་དང་ཡང་དུ་མཆོད་པར་བྱ། །བདག་གིས་བསོད་ནམས་རྣམ་སྨིན་དེ་མཐོང་ཞིང་། །ཉིན་གཅིག་འདྲ་བ་ཚེ་རབས་བརྒྱ་ཡང་དྲན། །བདག་འདིར་སྐྱེས་པའི་དཔལ་ཡང་འདི་འདྲ་ན། །མཁས་པ་སུ་ཞིག་རྒྱལ་ལ་གུས་མི་སྐྱེད། །དེ་ནས་བུ་མོ་དེས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་ཅང་མི་ཟེར་བར་འདུག་པར་གྱུར་ཏོ། །དེའི་སྔོན་གྱི་དགེ་བའི་རྩ་བའི་འབྲས་བུའི་རྒྱུ་འཐུན་པས་ལུས་ལ་ལྷའི་གོས་རིན་པོ་ཆེ་དག་གྱོན་བཞིན་དུ་བྱུང་བར་གྱུར་ནས་དེའི་ལུས་ལས་ཟླ་བ་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་འོད་ཟེར་གསེར་གྱི་མདོག་ཏུ་སྣང་བ་དག་ཀྱང་བྱུང་ངོ་། །དེ་ནས་ཕ་མ་དག་གིས་དེའི་མིང་ཟླ་མཆོག་ཅེས་བྱ་བར་བཏགས་སོ། །དེ་ནས་བུ་མོ་ཟླ་མཆོག་དེ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཅིག་གིས་འདི་ལྟ་སྟེ། དཔེར་ན་བུ་མོ་ལོ་བརྒྱད་ལོན་པ་ལྟ་བུའི་ན་ཚོད་དུ་ཀུན་ཏུ་སྣང་ངོ་། །དེས་སའི་ཕྱོགས་གང་དང་གང་དག་ཏུ་འགྲེང་བ་དང་། འཆག་པ་དང་། འདུག་པ་དང་། མལ་བཅས་པར་གྱུར་པ་དེ་དང་དེ་དག་ཏུ་འོད་ཟེར་གསེར་གྱི་མདོག་ལྟ་བུ་དག་སྣང་བར་གྱུར་ཏོ། །དེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙན་དན་ས་མཆོག་པའི་དྲི་དག་དང་། ཁ་ནས་ཀྱང་ཨུད་པ་ལ་སྔོན་པོའི་དྲི་ངད་བྱུང་བར་གྱུར་ཏོ། །དེ་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ཚོང་དཔོན་དང་། ཁྱིམ་བདག་དང་། རྒྱལ་བུ་རྣམས་དང་། དེ་ལས་གཞན་པ་རིགས་ཆེ་བ་རྣམས་དང་། རིགས་མཐོ་བ་དག་གིས་བུ་མོ་ཟླ་མཆོག་གི་ལུས་ཀྱི་གཟུགས་དང་། ཁ་དོག་ཡོངས་སུ་རྫོགས་པ་ཐོས་སོ། །ཐོས་ནས་ཀྱང་འདོད་པའི་འདོད་ཆགས་ཀྱིས་སེམས་ཤིན་ཏུ་དཀྲིས་པར་གྱུར་ཅིང་སོ་སོ་ནས་འདི་སྙམ་དུ་སེམས་ཏེ། དེ་བདག་གི་ཆུང་མར་གྱུར་ན་ཅི་མ་རུང་སྙམ་མོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་སེམས་བརྩོན་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་སྟེན་པར་བྱེད། སྟེན་པར་བྱེད་ཅིང་བསྙེན་བཀུར་བྱེད་པར་གྱུར་ཏོ། །ཁ་ཅིག་ནི་ནོར་བུ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་དཱུརྱ་དང་། སྤུག་དང་། ཨན་ད་རྙིལ་དང་། དུང་དང་། མེན་ཤེལ་དང་། བྱི་རུ་བྱེ་བ་སྙེད་དག་སྦྱིན་ཞིང་

61-227b

འདོད་པ་སྐྱེད་པར་བྱེད་དོ། །ཁ་ཅིག་ནི་ནོར་དང་། འབྲུ་དང་། ཁྱིམ་དང་། ལོངས་སྤྱོད་དང་། ཁ་ཟས་དག་སྟོབས་པར་བྱེད་དོ། །ཁ་ཅིག་ནི་བྲན་དང་། བྲན་མོ་དང་། ལས་མི་དང་། ཞོ་ཤས་འཚོ་བ་དག་ལ་གསད་པ་དང་། བཅིང་བ་དང་། བརྡེག་པ་ལ་སོགས་པ་དག་གིས་འཇིགས་པ་སྟོན་པར་བྱེད་དོ། །ཁ་ཅིག་ནི་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་ཁོ་བོ་ཅག་ལ་བུ་མོ་ཟླ་མཆོག་འབུལ་བར་མི་བྱེད་ན། དེའི་ཕྱིར་ཁྱེད་ལ་དེས་སྡུག་བསྔལ་འབྱུང་བར་བྱ་ཞིང་ཁྱོད་ལ་གནོད་པ་ཆེན་པོ་ཡང་བྱའོ་ཞེས་ཟེར་རོ། །དེ་ནས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་མ་ལ་དཔུང་དག་ལྷགས་ནས་བདག་བཟུང་ཞིང་བཅོམ་སྟེ། བུ་མོ་ཡང་ཕྲོགས་ལ་བདག་ཀྱང་སྲོག་དང་ཕྲལ་བར་མི་འགྱུར་གྲང་སྙམ་ནས། སྐྲག་ཅིང་དངངས་ལ་སྒྱིད་ལུག་ཅིང་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། དེ་དྲན་པ་ཉམས་ཤིང་གཞན་གྱི་སྲོ་ཤི་ལ་རབ་ཏུ་ངུ་ཞིང་མཆི་མ་བླགས་ཏེ། མིག་མི་འཛུམས་པར་བུ་མོ་ཟླ་མཆོག་ལ་ལྟའོ། །བུ་མོ་ཟླ་མཆོག་གིས་རང་གི་ཕ་ངུ་ཞིང་ཡི་ཤི་ལ་གདོང་མཆི་མས་ཡོག་ཅིང་ཡུལ་ཡུལ་པོར་གྱུར་པ་མཐོང་ངོ་། །མཐོང་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཅིའི་སླད་དུ་འདི་ལྟར་བཤུམས་ཤིང་བཤུམས་མོ་དག་རབ་ཏུ་གློག་པར་མཛད་ལགས། དེ་ནས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་འདི་ལྟར་ཁྱོད་དབྲོག་ཅིང་ཁྱོད་ཀྱི་ཕྱིར་གྲོང་ཁྱེར་ཐམས་ཅད་དུ་ཐབ་མོ་དང་རྩོད་པ་དག་ཀུན་ཏུ་འབྱུང་བར་ཁྱོད་ཀྱིས་མི་ཤེས་སམ། དེའི་ཕྱིར་དཔུང་དག་ལྷགས་ཤིང་བཅོམ་སྟེ། ཁྱོད་ཕྲོགས་པར་མི་འགྱུར་གྲང་སྙམ་ནས་དེས་ན་མཆི་མ་བྱུང་བ་ཡིན་མོད། དེ་ནས་བུ་མོ་ཟླ་མཆོག་གིས་རང་གི་ཕ་ལ་ཚིགས་སུ་བཅད་དེ་སྨྲས་པ། གལ་ཏེ་འཛམ་གླིང་སེམས་ཅན་ཐམས་ཅད་དག །སྲེད་མེད་བུ་འདྲའི་བརྩོན་འགྲུས་ཐོབ་གྱུར་ཅིང་། དེ་དག་མཚོན་ཐོགས་བདག་སླད་རྒྱུག་གྱུར་ཀྱང་། །དེ་དག་རྣམས་ཀྱིས་བདག་གཞོམ་རྔོ་མི་ཐོགས། །བྱམས་སེམས་ལྡན་ལ་དུག་དང་མཚོན་མི་ཚུགས། །རོ་ལངས་དང་ནི་འཇིགས་པ་གཞན་མི་འབྱུང་། །བྱམས་སེམས་ཐ་བ་ཞེ་སྡང་མ་མཆིས་པས། །བྱམས་

61-228a

པའི་སེམས་ལ་གཞན་གྱིས་གནོད་མི་འགྱུར། །ཡབ་བདག་འཇིག་རྟེན་དག་ལ་བྱམས་པ་ཆེ། །ངན་བུ་བདག་བཞིན་འགྲོ་ལ་དགའ་བར་གནས། །ནམ་ཡང་གཞན་ལ་སྡུག་བསྔལ་མ་བགྱིས་པས། །དེ་ཕྱིར་ངན་བུ་སྡུག་བསྔལ་མི་འགྱུར་ཡབ། །ཆགས་བྲལ་ནམ་ཡང་འདོད་ཆགས་མ་མཆིས་ཤིང་། །བྱམས་པ་ཡོངས་བསྒོམས་ཞེ་སྡང་མ་མཆིས་ལགས། །བདག་ལ་ཆགས་སྡང་གཏི་མུག་མ་མཆིས་ཏེ། །དེ་ཕྱིར་ངན་བུ་གཞན་གྱིས་མི་ཐུབ་ཡབ། །ཡབ་དང་ཡུམ་ལ་བྱམས་པ་མཆིས་པ་ལྟར། །འགྲོ་བ་ཀུན་ལ་རྒྱུན་དུ་བདག་དེ་བཞིན། །ཡབ་གང་འཇིག་རྟེན་དག་ལ་དེ་འདྲར་བྱམས། །དེ་ནི་ནམས་ཀྱང་གཞན་གྱིས་གནོད་མི་འགྱུར། །ནམ་མཁའ་དོག་ས་འཛིན་པར་བགྱིད་གྱུར་རམ། །ལྷུན་པོ་ཡུངས་འབྲུའི་ནང་དུ་གནས་གྱུར་ཏམ། །རྒྱ་མཚོ་ཆེན་པོ་གནག་རྗེས་ཞུགས་གྱུར་ཀྱང་། །བདག་འཇོམས་བགྱིད་པར་རྔོ་ཐོགས་མ་མཆིས་ཡབ། །དེ་ནས་བུ་མོ་ཟླ་མཆོག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་རང་གི་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དེའི་སླད་དུ་འདི་ལྟར་དེང་ནས་དགུང་བདུན་ན་བུ་མོ་ཟླ་མཆོག་ཕྱིར་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང་རང་གང་འདོད་པའི་ཁྱིམ་ཐབ་འདམ་པར་འགྱུར་གྱིས། དེར་ཁྱོད་ཅག་གིས་བསྒྲིམ་པར་བྱ་ཞིང་ལམ་སྲང་དང་བཞི་མདོ་དང་སུམ་མདོའི་ཕྱོགས་ཐམས་ཅད་ཀྱང་རྒྱན་དག་གིས་བརྒྱན་པར་བྱ་ཞིང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པའི་ཆོ་ག་དག་གིས་ཀྱང་བྱི་དོར་གྱིས་ཤིག་ཅེས་ཤུལ་པོ་ཆེ་དང་། བཞི་མདོ་དང་། སུམ་མདོ་ཐམས་ཅད་དུ་དྲིལ་དཀྲོལ་ཞིང་སྒྲ་བསྒྲག་ཏུ་གསོལ། དེ་ནས་བུ་མོ་ཟླ་མཆོག་གིས་ཕ་མ་གཉིས་རང་གི་ཁྱིམ་ནས་བྱུང་སྟེ། འདི་སྐད་དུ་དེང་ནས་ཞག་བདུན་ན་བུ་མོ་ཟླ་མཆོག་ཕྱིར་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང་བུ་མོ་གང་འདོད་པའི་ཁྱིམ་ཐབ་འདམ་པར་འགྱུར་གྱིས། དེར་ཁྱེད་ཅག་གིས་བསྒྲིམ་པར་བྱ་ཞིང་ལམ་སྲང་དང་། བཞི་མདོ་དང་། སུམ་མདོའི་ཕྱོགས་ཐམས་ཅད་རྒྱན་དག་གིས་བརྒྱན་པར་བྱ་ཞིང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པའི་ཆོ་ག་

61-228b

དག་གིས་ཀྱང་བྱི་དོར་གྱིས་ཤིག་ཅེས་རང་བཞིན་དེ་དག་ཀུན་ཏུ་བསྒྲགས་སོ། །དེ་སྐད་སོ་སོར་ཐོས་ནས། ཡངས་པ་ཅན་གྱི་སྐྱེ་བོ་ཕལ་པོ་ཆེ་རྣམས་འདི་ལྟར་རང་རང་གི་ལམ་སྲང་དང་། བཞི་མདོ་དང་། སུམ་མདོའི་ཕྱོགས་དག་བརྒྱན་པར་བྱ་བ་ལ་བརྩོན་པར་གྱུར་ཅིང་། སེམས་ལ་འདི་སྙམ་དུ་ཅི་ནས་ཀྱང་བུ་མོ་ཟླ་མཆོག་ནི་བདག་ལ་འཛིན་གྱི་གཞན་དག་ལ་ནི་མ་ཡིན་གྲང་སྙམ་དུ་སེམས་ཏེ། དེ་དག་ཕན་ཚུན་འགྲན་པས་རང་རང་བརྒྱན་པར་བྱེད་དེ། འདི་ལྟ་སྟེ། ཚོང་དཔོན་དང་། ཁྱིམ་བདག་དང་། ཞང་བློན་དང་། བྲམ་ཟེ་དང་། རྒྱལ་བུ་རྣམས་དང་ལས་མིའི་བར་དག་ཀྱང་ཤིན་ཏུ་ཁྲུས་བྱས་ཤིང་ལུས་ལེགས་པར་བྱུགས་ཏེ། གོས་བཟང་པོ་བགོས་ཤིང་རྒྱན་སྣ་ཚོགས་ཀྱིས་ལུས་བརྒྱན་ནས་རང་རང་གི་གཡོག་འཁོར་རྣམས་ལ་ཁྱེད་ཅག་སྒྲིམས་ཤིག །གལ་ཏེ་བུ་མོ་ཟླ་མཆོག་འུ་བུ་ཅག་གི་གན་དུ་རང་མི་འོང་བ་ལྟ་ན། དེའི་ཕྱིར་མཐུས་དྲངས་ལ་ཕྲོགས་ཤིག་ཅེས་སྐུལ་བར་བྱེད་དོ། །དེ་ལྟར་ཞག་བདུན་འདས་པ་དང་། སྐྱེ་བོ་ཕལ་པོ་ཆེ་དག་ངོ་མཚར་དུ་འཛིན་པར་གྱུར་ནས། བུ་མོ་ཟླ་མཆོག་བལྟ་བའི་ཕྱིར་འདུས་པར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་ཉི་མ་དྲུག་པ་ལ་ཟླ་བ་ཉ་བའི་ཚེ་གསོ་སྦྱོང་ཡན་ལག་བརྒྱད་པོ་ཡང་དག་པར་བླངས་ཏེ་མཚན་མོ་མི་ཉལ་ཙམ་ན། སྟེང་གི་ཁང་བཟངས་ཀྱི་ཐོག་ན་འཆག་ཅིང་འདུག་གོ། །དེ་ནས་སངས་རྒྱས་ཀྱི་མཐུས་བུ་མོ་ཟླ་མཆོག་གི་ལག་པ་གཡས་པར་པད་མ་སྡོང་བུ་ནི་གསེར། འདབ་མ་ནི་དངུལ། ཟེ་བ་ནི་བཻ་དཱུརྱ། སྙིང་པོ་ནི་རྡོའི་སྙིང་པོ་ལས་བྱས་པ། འདབ་མ་འབུམ་ཕྲག་དུ་མ་ཡོད་པ། བལྟ་ན་སྡུག་པ་འོད་གསལ་བ་ཞིག་བྱུང་བར་གྱུར་ཏོ། །པད་མ་དེའི་སྙིང་པོའི་དབུས་ན་དེ་བཞིན་གཤེགས་པའི་སྐུ་སྐུ་མདོག་གསེར་འདྲ་ལ་གཟི་བརྗིད་འབར་བ། འོད་ཀྱིས་སྣང་བར་མཛད་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་གཟུགས་མཛེས་པར་བྱས་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞིག་ཀྱང་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེའི་འོད་ཀྱིས་ཁྱིམ་དེ་ཐམས་ཅད་སྣང་བས་གསལ་བར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་གིས་

61-229a

པད་མ་དེ་མཐོང་ཞིང་དེ་བཞིན་གཤེགས་པའི་སྐུ་ཡང་མཐོང་བ་དང་། དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པའི་སྐུ་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། འདི་འདྲའི་དཔལ་དང་ལྡན་པ་ཁྱོད། །ཅི་ལགས་ལྷ་འམ་འོན་ཏེ་ཀླུ། །ལྷ་མིན་གསང་བ་མིའམ་ཅི། །སུ་ལགས་དྲིས་པ་ངེས་པར་གསུངས། །ཁྱོད་སྐུ་གསེར་མདོག་འོད་གསལ་བའི། །ཚད་ནི་དམིགས་སུ་མ་མཆིས་ཏེ། །སྐད་ཅིག་མདོག་གསེར་བཙོད་ཀ་དང་། །མྱུར་བར་ཤེལ་འོད་འདྲ་བར་གདའ། །ངན་བུ་ལྷན་ཆད་ལུས་ཀྱིས་ནི། །འདུ་ཤེས་མ་མཆིས་སེམས་མི་གཡོ། །མགོན་པོ་ཁྱོད་ཀྱི་སྐུ་མཐོང་ནས། །བདག་ནི་དགའ་བ་ཡངས་པ་སྐྱེས། །ཁྱོད་སྐུ་དཔལ་འབར་མེ་འདྲ་ཞིང་། །རི་ལས་རི་བཞིན་མཛེས་འཕགས་པ། །ཇི་ལྟར་བཟུང་ཞིང་རབ་ཏུ་གནས། །གང་ནས་འདིར་བྱོན་གང་དུ་གཤེགས། །དེ་ནས་དེ་བཞིན་གཤེགས་པའི་སྐུ་དེས་བུ་མོ་ཟླ་མཆོག་ལ་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ནི་ལྷ་མིན་ཀླུ་ཡང་མིན། །མིའམ་ཅི་མིན་གནོད་སྦྱིན་མིན། །སངས་རྒྱས་ཤཱཀྱ་སེང་གེ་ཡིས། །ང་ནི་ཁྱོད་ཀྱི་གན་དུ་བཏང་། །ང་ནི་ལྷ་མིན་གནོད་སྦྱིན་མིན། །ཀླུ་མིན་མིའམ་ཅི་ཡང་མིན། །ཆོས་བྱུང་ང་དེང་ཁྱོད་ཀྱི་ཕྱིར། །ལྷ་མི་འདུལ་བས་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་དེ་ལ་བུ་མོ་ཟླ་མཆོག་གིས་ཚིགས་སུ་བཅད་དེ་གསོལ་པ། སངས་རྒྱས་སངས་རྒྱས་ཞེས་བགྱི་བ། །དེ་མདོག་ཅི་འདྲ་འདིར་གསུངས་ལ། །དེ་ཡི་རྟགས་དང་དབྱིབས་གསུངས་དང་། །དེ་ཐོས་བདག་གིས་རྟོགས་པར་འགྱུར། །ཁྱོད་འདིར་སངས་རྒྱས་མཚན་གསུངས་ན། །དེ་མདོག་རྟགས་དང་དབྱིབས་མི་གསུང་། །སངས་རྒྱས་རུང་སྤྱོད་གང་དང་འཐུན། །མི་མཉམ་མཛད་སྤོབས་འདིར་གསུངས་ཤིག །དེ་ནས་དེ་བཞིན་གཤེགས་པའི་སྐུ་དེས་བུ་མོ་ཟླ་མཆོག་ལ་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། དེ་ནི་སྐུ་མདོག་གསེར་འདྲ་ཞིང་། །མཚན་མཆོག་སུམ་ཅུ་རྩ་གཉིས་མངའ། །སེམས་ཅན་ཀུན་གྱི་མཆོད་རྟེན་དེ། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་

61-229b

དོ། །བྱེད་ལྡན་སེམས་ཅན་རྣམས་ཀྱི་ནི། །སྤྱོད་པ་མཆོག་དང་དམན་པ་དག །ཐུགས་གཅིག་གིས་ནི་རྟོགས་མཛད་དེ། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཆོས་ཀུན་རྣམ་པ་ཐམས་ཅད་དུ། །དེས་ནི་མི་མཁྱེན་ཅུང་ཟད་མེད། །ཡེ་ཤེས་ཀུན་གྱི་ཕ་རོལ་བྱོན། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དེས་ནི་སེམས་ཅན་ཀུན་གྱི་སེམས། །ཐུགས་གཅིག་གིས་ནི་རྟོགས་གྱུར་ཀྱང་། །ཀུན་གྱི་སེམས་ལ་ནམ་དུ་ཡང་། །རློམ་པ་མི་མངའ་གཞན་དུ་ན། །སངས་རྒྱས་སྤྱོད་པ་སྦྱིན་པས་འཕགས། །ཚུལ་ཁྲིམས་སྤྱོད་པས་མཐོར་འཕགས་ཤིང་། །བཟོད་དང་བརྩོན་པས་མངོན་འཕགས་ལ། །བསམ་གཏན་ཤེས་རབ་ཡང་དག་འཕགས། །བཟོ་རྣམས་ཐམས་ཅད་ལེགས་བསླབས་པས། །དེས་ནི་མི་མཁྱེན་ཅུང་ཟད་མེད། །བྱམས་དང་ཐུགས་རྗེ་ཕུན་སུམ་ཚོགས། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །གང་གིས་བླ་མེད་འཁོར་ལོ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཅིང་། །ཞིང་རྣམས་བྱེ་བ་རྣམས་རིག་ལ། །བདག་མེད་རབ་ཏུ་བསྟན་མཛད་ཅིང་། །གང་གིས་སངས་རྒྱས་ཞིང་སྟོང་དང་། །བརྒྱ་དང་ཁྲག་ཁྲིག་སྙེད་རྣམས་དག །ལྗགས་ཀྱིས་རབ་ཏུ་ཁྱབ་མཛད་པ། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞིང་རྣམས་བྱེ་བ་སྟོང་ཕྲག་ནི། །གང་གཱའི་བྱེ་མ་སྙེད་དག་ཏུ། །དབྱངས་ཀྱིས་གོ་བར་མཛད་པས་ན། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །འདྲེན་པས་ཕྱག་ནི་ཡ་གཅིག་གིས། །ཞིང་རྣམས་བྱེ་སྙེད་བླངས་མཛད་ཅིང་། །བསྐལ་པ་བྱེ་བར་དེ་བཞུགས་པས། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞིང་རྣམས་སྟོང་ཕྲག་བྱེ་སྙེད་ན། །རི་བོ་ལྷུན་པོ་ཇི་སྙེད་པ། །སྐྲ་ཉག་གཅིག་གིས་དེ་སྦམས་ཤིང་། །ཞིང་རྣམས་བྱེ་བར་འཕེན་མཛད་ལ། །ཆོས་རྣམས་ཀུན་ལ་རང་བྱུང་ཞིང་། །གསན་ནས་གོ་འཕང་མཆོག་བརྙེས་ལ། །སེམས་ཅན་བཅིང་བ་རྣམ་འགྲེལ་བས། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དབང་ལྡན་གྱུར་ཅིང་སྟོབས་བཅུ་མངའ། །མི་བསྙེངས་རྟོགས་པར་ཐུགས་སུ་ཆུད། །སངས་རྒྱས་ཆོས་ལ་ནེམ་ནུར་མེད། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དབུ་ཡི་གཙུག་

61-230a

ཏོར་བལྟར་མི་མཐོང་། །སྤྱན་ལྔ་དག་དང་ལྡན་པ་དང་། །སྟོབས་དང་དབང་པོ་ལྔ་མངའ་ཞིང་། །བྱང་ཆུབ་ཡན་ལག་ལམ་ལ་གནས། །ངང་ཚུལ་བཟང་ཞིང་འགྲོགས་ན་བདེ། །ཞི་ཞིང་དུལ་ལ་བླ་ན་མེད། །གཡོ་མེད་དྲང་པོ་གསལ་བ་སྟེ། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དེ་ནི་རྟག་ཏུ་མཉམ་གཞག་ཅིང་། །དེ་ལ་གཡེང་བ་མི་མངའ་ལ། །སེམས་ཅན་དོན་གྱི་དུས་སུ་གསུང་། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཡོན་ཏན་ཀུན་དང་ལེགས་ལྡན་ཞིང་། །དེ་ནི་འགྲོ་བའི་མཆོད་རྟེན་ཏེ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ང་ཡིས་བསྐལ་པའམ་ཡང་ན་ནི། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་། །གང་ཕྱིར་སངས་རྒྱས་དེ་དོན་བརྗོད། །དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དེ་ནས་བུ་མོ་ཟླ་མཆོག་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པ་བལྟ་བས་ཡོངས་སུ་སྐོམ་པར་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་ལ་ཕྱིར་ཚིགས་སུ་བཅད་དེ་གསོལ་པ། གང་གི་ཡོན་ཏན་དེ་འདྲ་བའི། །རྫོགས་སངས་དེ་བལྟར་རྔོ་ཐོགས་སམ། །ཆོས་འདི་ཐོས་ན་མཁས་པ་ནི། །སུ་ཞིག་སྐད་འགའང་ཁྱིམ་ལ་དགའ། །ཇི་སྲིད་བདེ་གཤེགས་མ་མཐོང་བར། །བདག་ནི་རྨུགས་དང་གཉིད་སྤོང་ཞིང་། །ཟས་དང་སྐོམ་ཡང་མི་འཚལ་ལ། །སྟན་ལའང་མཆིས་པར་མི་བགྱིད་དོ། །བདག་གིས་ཁྱོད་མཐོང་ཤིན་ཏུ་རངས་གྱུར་ཅིང་། །ཡོན་ཏན་བདག་ཉིད་ཐོས་ནས་བདག་རབ་དང་། །མངོན་སུམ་སངས་རྒྱས་དེ་ནི་མཐོང་འགྱུར་ལ། །སླར་ཞིང་མཚུངས་མེད་དགའ་བར་འགྱུར་ལགས་གྲང་། །བསྐལ་པ་སྟོང་ཕྲག་བྱེ་བར་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་མཐོང་བ་ཤིན་ཏུ་དཀོན། །དགྲ་བཅོམ་དེའི་མཚན་དེང་ཐོས་བདག་གིས་ནི། །རྙེད་པ་ལེགས་རྙེད་བདག་གིས་རྒྱལ་བ་བལྟ། །སྤྲུལ་པ་དེ་ཡིས་དེ་ལ་འདི་སྐད་སྨྲས། །སེམས་ཅན་མཆོག་དེ་ཚལ་ཆེན་ནང་ན་བཞུགས། །དེ་ཡི་དགེ་འདུན་སྟོང་ཕྲག་བརྒྱད་པོ་དག །དཔའ་བོ་

61-230b

སྡིག་མེད་མི་གཙང་སྤངས་པ་ཡིན། །དེ་དག་རེ་རེའང་ལག་པ་ཡ་གཅིག་གིས། །བསྐལ་པ་མང་པོར་སྟོང་གསུམ་ཞིང་འདེག་ཅིང་། །ཏིང་འཛིན་མངོན་ཤེས་སྤོབས་པ་རབ་ཐོབ་ལ། །ཐོས་པ་མི་འཁྲུག་རྒྱ་མཚོ་འདྲ་བ་ཡིན། །དེ་དག་རྒྱལ་བ་མཆོད་ཕྱིར་རྫུ་འཕྲུལ་གྱིས། །བྱེ་བ་དཔག་མེད་ཞིང་དུ་སྐད་འགས་འདོང་། །དོང་ནས་སངས་རྒྱས་བྱེ་སྙེད་མངོན་མཆོད་ཅིང་། །བརྟན་རྣམས་ཕྱིར་ཡང་སྐད་འགས་ལྡོག་པར་བྱེད། །བདག་ཏུ་འདུ་ཤེས་སངས་རྒྱས་འདུ་ཤེས་མེད། །ཞིང་དུ་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །སྤྲོས་པ་སྣ་ཚོགས་ཀུན་གྱིས་མ་གོས་ཤིང་། །སེམས་ཅན་ཚོགས་ཆེན་རྣམས་ཀྱི་དོན་ཡང་བྱེད། །དགྲ་ཐུལ་དེ་དང་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་དགེ་སློང་དགེ་འདུན་ལྟ་འདོད་ཅིང་། །ཐུབ་དབང་དྲུང་ནས་ཆོས་མཆོག་ཉན་འདོད་ན། །ཚལ་ཆེན་གང་ན་སྟོན་དེ་བཞུགས་པར་སོང་། །དེ་ནས་བུ་མོ་ཟླ་མཆོག་པད་མ་དེ་ཉིད་དང་། དེ་བཞིན་གཤེགས་པའི་སྐུ་ཇི་ལྟར་བཞུགས་པ་དེ་ཉིད་ཐོགས་བཞིན་དུ་ཁང་བཟངས་ཀྱི་སྟེང་དེ་ནས་བབས་ནས་རང་གི་ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རང་གི་ཕ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་གཟིགས་ངན་བུའི་སུག་པ་གཡས་པ་ན། །པད་མ་གསེར་སྡོང་མཛེས་པ་ཡིད་དུ་མཆི། །སྐྱེས་བུ་དམ་པའི་སྐུ་ལ་གཟིགས་ཤིག་ཡུམ། །མཐོང་ན་སུ་ཞིག་དེ་ལ་སྐྱབས་མི་མཆི། །རང་གི་གནས་ཀུན་གསེར་མདོག་འདྲ་བ་ཡི། །འོད་ཀྱིས་གསལ་བ་བདག་གིས་མཐོང་ལགས་ཡུམ། །སྐད་ཅིག་ལ་ཡང་དུ་མར་མདོག་འགྱུར་བས། །སྐུ་ཡི་ཚད་ནི་གཟུང་བར་རྔོ་མི་ཐོགས། །དེ་སླད་རྒྱལ་བའི་སྤྱན་སྔར་ཚལ་ཆེན་དུ། །རྒྱལ་བ་གཽ་ཏམ་གཟིགས་སུ་གཤེགས་སོ་ཡུམ། །མེ་ཏོག་རྣམས་དང་སྤོས་མཆོག་བསྣམས་ནས་སུ། །དེ་བཞིན་གཤེགས་པ་ལ་ནི་མཆོད་པར་བགྱི། །ཟླ་བ་མཆོག་གི་ཕ་དང་མ་དག་གིས། །ཡིད་དུ་འོང་བའི་ཚིག་ཐོས་ལེགས་སོ་ཞེས། །གོས་རྣམས་དང་ནི་བདུག་སྤོས་སྤོས་དག་དང་། །མེ་ཏོག་རྣམས་དང་ཕྲེང་བ་བྱུག་པའང་བླངས། །རྔ་ཆེན་རྫ་རྔ་ཧབ་ཤང་གདུགས་རྣམས་དང་། །དུང་དང་རྒྱལ་

61-231a

མཚན་གླིང་བུ་པི་བང་དང་། །རིན་ཆེན་སིལ་སྙན་ཡིད་འོང་ཐོགས་ནས་ནི། །དེ་དག་ཁང་པ་དེ་ནས་ངེས་པར་བྱུང་། །དེའི་ཚེ་ན་ཉི་མ་བདུན་པ་དེ་ལ་སྲོག་ཆགས་འབུམ་ཕྲག་དུ་མ་དག་བུ་མོ་ཟླ་མཆོག་བལྟ་བའི་ཕྱིར་འདུས་པར་གྱུར་ནས། དེ་དག་ལས་ཁ་ཅིག་ནི་འདོད་པའི་འདོད་ཆགས་ཀྱིས་སེམས་ཀུན་ནས་དཀྲིས་པར་གྱུར། ཁ་ཅིག་ནི་ལྟ་འདོད་པར་གྱུར། ཁ་ཅིག་ནི་རྟོག་པ་སྐྱེས་པར་གྱུར་ནས་ཐམས་ཅད་དང་ལྡན་པའི་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་རྒྱན་གྱིས་བརྒྱན་ཏོ། །ཁྱེའུ་དང་བུ་མོ་དག་ཀྱང་སྟེགས་བུ་དང་། སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། པུ་ཤུ་དང་། ཁང་པ་བརྩེགས་པ་དང་། ཁང་བཟངས་ཀྱི་སྟེང་དག་ཏུ་དོང་སྟེ་འཁོད་པར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་དེ་བཞིན་གཤེགས་པའི་སྐུ་པད་མ་ལ་བཞུགས་པ་དེ་ཉིད་ཀྱང་ཐོགས་བཞིན་དུ་ཕ་མ་དང་འཁོར་མང་པོ་རྣམས་དང་ལྷན་ཅིག་ཏུ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཐོགས་ཏེ། སིལ་སྙན་དང་། ཕེག་རྡོབ་པ་སྣ་ཚོགས་བྱེད་པ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་རང་གི་གནས་ནས་བྱུང་ངོ་། །དེ་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་གིས་དེ་གྲོང་བར་གྱི་དབུས་སུ་བྱུང་བ་མཐོང་བ་དང་། བདག་གིས་འདི་གཟུང་བར་བྱའོ་སྙམ་དུ་སེམས་ཤིང་རབ་ཏུ་རྒྱུག་གོ། །དེའི་ཚེ་ན་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལྷན་ཅིག་ཏུ་རྒྱུག་པའི་ཚེ་ཧ་ཧ་ཚུར་ཤོག་ཚུར་ཤོག་ཅེས་བྱ་བའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་གིས་དེའི་མོད་ལ་སྐྱེ་བོ་ཕལ་པོ་ཆེ་རྒྱུག་པ་དེ་དག་མཐོང་ནས། དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་པད་མ་ལ་བཞུགས་པ་དེ་ཉིད་ཀྱང་ཐོགས་བཞིན་དུ་བར་སྣང་གི་ནམ་མཁའ་ལ་ཤིང་ཏ་ལའི་སྲིད་ཙམ་དུ་མངོན་པར་འཕགས་ཏེ་འདུག་པར་གྱུར་ཏོ། །འདུག་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། བཟོད་ལྡན་བདག་གི་མཛེས་པའི་ལུས་འདི་ནི། །ཆགས་པའི་སེམས་ལས་བྱུང་བ་མ་ཡིན་ཏེ། །ཁ་དོག་གསེར་མདོག་མེ་ལྕེ་འབར་བ་

61-231b

འདྲ། །ཤིན་ཏུ་ཡིད་འོང་ཁོ་མོའི་ལུས་འདི་ལྟོས། །གང་དག་ཡུལ་རྣམས་ལ་ནི་བརྐམ་མེད་ན། །མེ་མདག་འོབས་འདྲ་རབ་འབར་འདོད་སྤོང་ཞིང་། །དབང་པོ་དྲུག་རྣམས་སྡོམ་པས་བསྡམས་པ་དང་། །གང་དག་ཚངས་སྤྱོད་རྣམས་སྤྱོད་དག་པ་དང་། །གང་དག་གཞན་གྱི་བུད་མེད་རྣམས་མཐོང་ན། །མ་སྲིང་སྙམ་དུ་འདུ་ཤེས་སྐྱེད་བྱེད་ན། །དེ་དག་མཛེས་ཤིང་ཤིན་ཏུ་བལྟ་སྡུག་ལ། །རྟག་ཏུ་མཆོག་ཏུ་ཡིད་དུ་འོང་བར་འགྱུར། །གང་གིས་ས་འདི་ཀུན་ཏུ་ཁྱབ་བྱེད་པ། །བདག་གི་སྤུ་ཡི་ཁུང་ནས་བྱུང་བའི་དྲི། །འདོད་ཆགས་སེམས་ཀྱིས་བདག་གིས་དེ་མ་བསྒྲུབས། །དེ་ནི་སྦྱིན་དང་དུལ་བའི་འབྲས་བུ་ཡིན། །ཁོ་མོ་འདོད་ཆགས་ལྡན་པའི་སེམས་མི་སྐྱེད། །འདོད་ཆགས་བྲལ་ལ་ཆགས་པ་མ་སྐྱེད་ཅིག །ཇི་ལྟར་སྨྲས་བདེན་ནམ་ཡང་བརྫུན་མིན་ཏེ། །མདུན་གྱི་ཐུབ་དབང་འདི་ནི་བདག་གི་དཔང་། །སྔན་ཆད་ཁྱོད་ཅག་ཁོ་མོའི་ཕར་གྱུར་ལ། །ཁོ་མོའང་ཁྱེད་ཀྱི་ཕ་དང་ཕུ་ནུ་དང་། །སྲིང་མོའམ་མར་ཡང་ཡང་དང་ཡང་གྱུར་པས། །སུ་ཞིག་མ་ལ་འདོད་ཆགས་སེམས་སྐྱེད་བྱེད། །སྔན་ཆད་ཁོ་མོས་ཁྱེད་ཀུན་བསད་གྱུར་ཅིང་། །ཁྱོད་ཀྱིས་ཁོ་མོའང་སྔན་ཆད་བསད་གྱུར་པས། །ཐམས་ཅད་ཕན་ཚུན་དགྲ་བོ་གཤེད་ཡིན་ན། །ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་སྐྱེད་བྱེད། །ཆགས་པས་གཟུགས་དང་ལྡན་པར་མི་འགྱུར་ཞིང་། །ཆགས་སེམས་ཅན་དག་བདེ་འགྲོར་འགྲོ་མི་འགྱུར། །ཆགས་པའི་སེམས་ལྡན་མྱ་ངན་མི་འདའ་བས། །དེ་ཕྱིར་འདོད་ཆགས་ཡོངས་སུ་སྤང་བར་བྱ། །འདོད་པའི་གཞི་ལས་དམྱལ་བར་འགྲོ་འགྱུར་ཞིང་། །འདོད་ཆགས་ལས་ནི་ཡི་དགས་དུད་འགྲོར་འགྱུར། །གང་དག་འདོད་ཆགས་དཀྲིས་པའི་སེམས་ལྡན་པ། །གྲུལ་བུམ་ལྷ་མིན་གནོད་སྦྱིན་ཤ་ཟར་འགྱུར། །འདོད་ཆགས་ལས་ནི་ཞར་བ་འཐེང་པོ་དང་། །ལྕེ་མེད་གཟུགས་མི་སྡུག་པ་དག་ཏུ་འགྱུར། །གང་དག་འདོད་ཆགས་ངན་པའི་སྤྱད་སྤྱོད་པ། །རྣམ་པ་སྣ་ཚོགས་སྐྱོན་གྱི་སྣོད་དུ་འགྱུར། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པ་དང་། །སུམ་ཅུ་གསུམ་པའི་དབང་ཕྱུག་བརྒྱ་བྱིན་དང་། །ཚངས་པ་

61-232a

དབང་ལྡན་དབང་སྒྱུར་གང་ཡིན་པ། །དེ་ནི་ཚངས་སྤྱོད་ཡངས་པ་སྤྱོད་པ་ཡིན། །རྟག་ཏུ་འདོད་པ་དག་ལ་བརྐམ་པ་རྣམས། །དམུས་ལོང་འོན་པ་གླེན་པ་ཁྱི་ཕག་དང་། །རྔ་མོ་བོང་བུ་སྤྲེའུ་དང་གླང་པོ་དང་། །སྟག་དང་གནག་རྟ་ཕྱེ་ལེབ་སྤྲང་བུར་འགྱུར། །གང་དག་ཚངས་སྤྱོད་ཡངས་པ་སྤྱོད་བྱེད་པ། །ས་ཡི་དབང་ཕྱུག་དགའ་བ་རྣམས་དང་ནི། །ཚོང་དཔོན་ཁྱིམ་བདག་བློན་པོར་གྱུར་ནས་ནི། །བདེ་ཞིང་ཡིད་བདེ་ཞི་བར་འགྲོ་བར་འགྱུར། །རང་རྒྱལ་རྣམས་དང་དེ་བཞིན་དགྲ་བཅོམ་དང་། །སངས་རྒྱས་མཚན་གྱིས་སྤྲས་པ་གསལ་གྱུར་ཅིང་། །བླ་མེད་བྱང་ཆུབ་ཞི་བ་རྟོགས་གྱུར་ནས། །སེམས་ཅན་ཚོགས་ཆེན་རྣམས་ཀྱི་དོན་མཛད་འགྱུར། །འདོད་པས་འཁོར་བ་དག་ན་བསྲེག་པ་དང་། །ཡང་ན་དུ་བས་བདུག་ཅིང་གསད་པའམ། །བཅིང་དང་དེ་བཞིན་བརྡེག་བསྡིགས་མགོ་དང་ནི། །རྣ་མིག་སྣ་དང་རྐང་པ་གཅད་པར་འགྱུར། །འདོད་སྤྱོད་ཉེས་པ་གཅིག་ཏུ་མ་ཟད་དེ། །འདོད་རྣམས་མི་འཐུན་ཉེས་པ་མཐའ་ཡང་མེད། །གལ་ཏེ་མྱུར་དུ་དེ་ནས་ཐར་འདོད་ན། །ཚུར་ཤེག་རྒྱལ་བ་དེ་ཡི་སྤྱན་སྔར་འདེང་། །ལྷ་མིས་མཆོད་པའི་སངས་རྒྱས་མ་གཏོགས་པར། །རྟེན་དང་དཔུང་གཉེན་གཞན་དག་ཡོད་མིན་ཞིང་། །རྒྱལ་བ་འབྱུང་བ་བསྐལ་པ་བརྒྱར་དཀོན་གྱིས། །ཐམས་ཅད་ལྷན་ཅིག་འགྲོགས་ཏེ་འདོང་བར་བྱ། །བུ་མོ་ཟླ་མཆོག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ས་ཆེན་པོ་རབ་ཏུ་གཡོས་པར་གྱུར་ཅིང་། ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་རྣམས་ཀྱིས་ཀྱང་ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་ཆེན་པོ་འབུམ་ཕྲག་དུ་མ་དག་རབ་ཏུ་ཕྱུང་སྟེ། མེ་ཏོག་གི་ཆར་དག་ཀྱང་རབ་ཏུ་ཕབ། སིལ་སྙན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ཀྱང་རབ་ཏུ་གསིལ་ཏོ། །སྐྱེ་བོ་ཕལ་པོ་ཆེ་དེ་དག་ཀྱང་ཤིན་ཏུ་ཡིད་བྱུང་ཞིང་སྤུ་ཟིང་ཞེས་བྱེད་ལ་ངོ་མཚར་དུ་འཛིན་པར་གྱུར་ནས་འགའ་ཡང་ཕྱིན་ཆད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། འཐབ་པ་དང་། འཆབ་པ་དང་། གནོད་སེམས་དང་། རྣམ་པར་གནོད་པ་མེད་ཅིང་ཐམས་ཅད་ཀྱང་སེམས་

61-232b

ཀྱི་སྒྲིབ་པ་དང་བྲལ་ལ་ལུས་རབ་ཏུ་སིམ་ཞིང་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ནས། བུ་མོ་ཟླ་མཆོག་དེ་ལ་མ་དང་སྲིང་མོ་དང་། སྟོན་པ་ལྟ་བུར་སྡུག་པར་གྱུར་ཅིང་ཕྱག་བྱས་ཏེ། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དེ་དག་གིས་ཀྱང་མངོན་པར་གཏོར་ཏོ། །གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་དེ་ནས་དེའི་མོད་ལ་མེ་ཏོག་དེ་དག་མེ་ཏོག་གི་གདུགས་དཔག་ཚད་ཕྱེད་ཙམ་པ་ཞིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེའི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་ན་འདུག་པར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་བར་སྣང་དེ་ལས་བབས་ཏེ། སོར་བཞི་ཙམ་གྱིས་ས་ལ་མ་རེག་པར་ནམ་མཁའ་ལ་འཆག་བཞིན་དུ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ངོ་། །དེའི་རྐང་པ་བཞག་པ་དང་བཏེག་པ་ཐམས་ཅད་དུ་ས་ཆེན་པོ་རབ་ཏུ་གཡོས་པ་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཐམ་པ་ཡང་བུ་མོ་ཟླ་མཆོག་སོང་བའི་ཕྱི་བཞིན་འབྲང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་བསོད་སྙོམས་ཀྱི་ཕྱིར་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་ཞུགས་པ་དང་། ཉན་ཐོས་ཆེན་པོ་དེ་དག་གིས་བུ་མོ་ཟླ་མཆོག་སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བསྐོར་ཅིང་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བུ་མོ་ཟླ་མཆོག་འདི་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་ན། བདག་ཅག་གིས་འདི་ཅི་བཟོད་པ་ཐོབ་པ་ཞིག་གམ། འོན་ཏེ་མ་ཡིན་ཞེས་ཤེས་པར་བྱས། དྲི་བ་འགའ་ཞིག་ཡོངས་སུ་དྲི་བར་བྱ འམ་ཞེས་ནས། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དགེ་སློང་དེ་དག་དང་ལྷན་ཅིག་ཏུ་བུ་མོ་ཟླ་མཆོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་གར་འགྲོ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ་བུ་མོ་ཁྱོད་གར་

61-233a

འགྲོ་ཞེས་གསུང་བ་ནི་གནས་བརྟན་གང་དུ་བཞུད་པ་དེ་ཉིད་དུ་བདག་ཀྱང་མཆི་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོ་ནི་ཡངས་པ་ཅན་དུ་འཇུག་ལ་ཁྱོད་ནི་ཡངས་པ་ཅན་ནས་བྱུང་ན། འོ་ན་ཁྱོད་འདི་སྐད་དུ་གནས་བརྟན་གང་དུ་བཞུད་པ་དེ་ཉིད་དུ་བདག་ཀྱང་མཆི་ལགས་སོ་ཞེས་ཟེར་བ་དེ་ཇི་ལྟར་རིགས་པར་འགྱུར། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཞབས་གང་ནས་འདེག་ཅིང་གང་དུ་འཇོག་པར་མཛད་ལགས། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོ་ནི་རྐང་པ་ནམ་མཁའ་ལས་འདེག་ཅིང་ནམ་མཁའ་ཉིད་ལ་འཇོག་པར་བྱེད་དོ། །བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ཀྱང་སུག་པ་ནམ་མཁའ་ལས་འདེག་ཅིང་ནམ་མཁའ་ཉིད་ལ་འཇོག་པར་བགྱིད་དེ། ནམ་མཁའི་ཁམས་ལ་ནི་ཐ་དད་པ་ཅུང་ཟད་ཀྱང་མ་མཆིས་པས། བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་བདག་གིས་འདི་སྐད་ཅེས་ཁྱོད་གང་དུ་བཞུད་པ་དེ་ཉིད་དུ་བདག་ཀྱང་མཆི་ལགས་སོ་ཞེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་གར་གཤེགས། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོ་ནི་མྱ་ངན་ལས་འདས་པར་འགྲོའོ། །བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཆི་བ་ལགས་པས་བདག་ཀྱང་དེར་མཆི་བ་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་གལ་ཏེ་ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བ་ཡིན་ན། འོ་ན་ཁྱོད་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ལ་ནི་སྐྱེ་བ་དང་འཇིག་པ་ཡང་མ་མཆིས་ལ། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ལ་མ་གཏོགས་པར་ཡང་གང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འགའ་ཡང་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡོངས་སུ་མྱ་ངན་ལས་འདའ་བར་མཆི་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ལགས་པའི་སླད་དུའོ། །དེ་སྐད་ཅེས་

61-233b

སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་འོ་ན་ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ་ཁྱོད་ཐེག་པ་གང་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་གསུང་བ་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་དེ་ཁྱོད་ཉིད་ལ་ཞུས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་གདབ་ཏུ་གསོལ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྟོགས་པའི་ཆོས་གང་ལགས་པའི་ཆོས་དེ་ཅི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞིག་ལགས། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ལ་ནི་རྣམ་པར་རྟོག་པའམ། སྤྲོས་པ་འགའ་ཡང་མེད་ལ་ཐ་དད་པ་ཉིད་ཀྱང་མ་ཡིན། གཅིག་པ་ཉིད་ཀྱང་མ་ཡིན། སྣ་ཚོགས་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ། །བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་རྣམ་པར་རྟོག་པ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པའི་ཆོས་ཐམས་ཅད་དང་། ཐ་དད་དུ་དབྱེར་མ་མཆིས་པའི་ཆོས་ཐམས་ཅད་ལ་ནི་གང་གནས་པར་འགྱུར་བའམ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་དེ་དམིགས་སུ་མ་མཆིས་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁྱོད་ཀྱི་སྤོབས་པ་ནི་ངོ་མཚར་ན་གཞན་ཡང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་ཅེས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ཞེས་གསུང་བ་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཇི་སྙེད་པ་ལའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱང་ཇི་སྙེད་ཅིག་ཡིན། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་མ་རིག་པ་

61-234a

དང་སྲིད་པའི་སྲེད་པ་ཇི་སྙེད་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་མ་རིག་པ་དང་སྲིད་པའི་སྲེད་པ་ཡང་ཇི་སྙེད་ཅིག་ཡིན། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་གྱི་ཁམས་ཇི་སྙེད་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་སེམས་ཅན་གྱི་ཁམས་ཀྱང་ཇི་སྙེད་ཅིག་ཡིན། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ཇི་སྙེད་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཅི་ཞིག་ལན་བཏབ་པ་ཡིན། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གནས་བརྟན་གྱིས་གང་ཡོངས་སུ་དྲིས་པ་དེ་ཉིད་ཀྱི་ལན་བདག་གིས་བཏབ་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོས་ཅི་ཞིག་ཡོངས་སུ་དྲིས། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཡི་གེ་གང་དག་ཡོངས་སུ་དྲིས་པ་དེ་དག་ཉིད་ངེས་པར་བསྟན་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཡི་གེ་རྣམས་ནི་རང་བཞིན་གྱིས་འགགས་པ་སྟེ། གདགས་སུ་མེད་པ་ཡིན་པས་དེ་དག་ནི་ངེས་པར་བསྟན་པར་མི་ནུས་སོ། །བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པའི་ཆོས་ཐམས་ཅད་ལ་ཡང་གང་གིས་ཡོངས་སུ་དྲིས་པ་དང་། གང་གིས་ལན་བཏབ་པ་དེ་གཉི་ག་ཡང་དམིགས་སུ་མ་མཆིས་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་འདི་ལྟར་ཁྱོད་ནི་བཟོད་པ་ཐོབ་ཅིང་བྱང་ཆུབ་སེམས་དཔའི་རྣམ་པ་དག་ཡོད་པ་ཁོ་ན་ཡིན་པས་ཁྱོད་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཅེས་བགྱི་བ་དེ་ཡང་སྤྲོས་པ་ལགས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བགྱི་བ་དེ་ཡང་སྤྲོས་པ་ལགས་སོ། །ཉེ་བ་ཞེས་བགྱི་བའམ་རིང་བ་ཞེས་བགྱི་བ་དེ་ཡང་སྤྲོས་པ་ལགས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་

61-234b

ཅེས་ཁྱོད་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུང་བ་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྐྱེ་བ་མ་མཆིས་པ། འགག་པ་མ་མཆིས་པ། ཆད་པ་མ་མཆིས་པ། རྟག་པ་མ་མཆིས་པ། དོན་གཅིག་པ་མ་ལགས་པ། དོན་ཐ་དད་པ་མ་ལགས་པ། འོང་བ་མ་མཆིས་པ། འགྲོ་བ་མ་མཆིས་པ། བརྗོད་དུ་མ་མཆིས་པ། འབྱུང་བ་མ་མཆིས་པ། རང་བཞིན་མ་མཆིས་པ་ལགས་པས་དེ་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འགའ་ཡང་དམིགས་སུ་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་གཉིས་ཀྱི་མཚན་ཉིད་མ་ལགས་པ་སྟེ། བྱང་ཆུབ་ནི་གཉིས་སུ་མ་མཆིས་ཤིང་གཉིས་དང་བྲལ་བ་ལགས་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་སོང་ཤིག་དང་། ཁོ་བོ་ཅག་ཀྱང་ཆོས་མཉན་པའི་ཕྱིར་དེར་འདོང་ངོ་། །དེ་ནས་གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་བུ་མོ་ཟླ་མཆོག་གིས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་ཉན་འཚལ་བ་རྣམས་ལ་ཆོས་སྟོན་པར་མི་མཛད་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་འོ་ན་དེ་བཞིན་གཤེགས་པ་སུ་དག་ལ་ཆོས་སྟོན་པར་མཛད། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་དག་ཉན་པར་བགྱིད་ཀྱང་དགའ་བར་མི་བགྱིད་དེ། མངོན་པར་དགའ་བ་མི་བགྱིད་པ་རྣམས་ལའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་སེམས་ཅན་མང་པོ་དག་ཆོས་མཉན་པའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་སྔར་འདོང་ཞིང་དེ་བཞིན་གཤེགས་པ་ཡང་དེ་དག་ལ་ཆོས་སྟོན་པར་མི་མཛད་དམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པར་འདུ་ཤེས་ཤིང་ཆོས་ལ་ངར་འཛིན་པ་ལ་གནས་པའི་སེམས་ཅན་རྣམས་ནི་འདི་སྙམ་དུ་འདི་ནི་དེ་བཞིན་གཤེགས་པ་སྟེ། བདག་ཅག་ལ་ཆོས་སྟོན་པར་མཛད་པའོ། །འདི་ནི་ཆོས་ཏེ་བསྟན་པར་བགྱི་བའོ་སྙམ་དུ་

61-235a

སེམས་ལགས་ཀྱི་ཆོས་ཀྱི་དབྱིངས་རྟོགས་པ་རྣམས་ནི་འདི་ལྟར་དེ་བཞིན་གཤེགས་པའམ། ཆོས་སམ། བསྟན་པ་ཞེས་བགྱི་བར་སེམས་པ་མ་མཆིས་ལགས་སམ། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་བུའི་སྤོབས་པ་དང་ལྡན་པའི་བུ་མོ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་འགྲོ་བས་ན་དེར་ནི་ཆོས་བསྟན་པ་ཆེན་པོ་ཡང་འབྱུང་བར་འགྱུར་བས་བདག་ཅག་ཟན་བཅད་དེ་ཕྱིར་ལོག་ན་ནི་འོ་བུ་ཅག་ལ་ལེགས་ཀྱིས། བདག་ཅག་ཆོས་མཉན་པ་དེ་ལྟ་བུ་ལས་ཕྱི་རོལ་དུ་གྱུར་ན་ནི་མ་ཡིན་ནོ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་ཕྱིར་ཕྱོགས་ཏེ་དེ་ཉིད་ནས་ཕྱིར་ལོག་པར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། མངོན་པར་རབ་ཏུ་གཏོར་ཏོ། །སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཀྱང་ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། གཏོར་མ་ཐག་ཏུ་དེ་ནས་དེའི་མོད་ལ་མེ་ཏོག་དེ་དག་མེ་ཏོག་གི་གདུགས་རྒྱར་དཔག་ཚད་བཅུ་ཙམ་པ་ཞིག་ཏུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་ན་འདུག་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་ནི་གང་དུ་འགྲོ་བར་འགྱུར། བུ་མོས་སྨྲས་པ། འཇམ་དཔལ་འདི་ཇི་སྙམ་དུ་དགོངས། གང་བདག་གི་སུག་པ་གཡས་པ་ན་དེ་བཞིན་གཤེགས་པའི་སྐུ་པད་མ་ལ་བཞུགས་པ་འདི་གང་ནས་

61-235b

ཤི་འཕོས་ཏེ་འདིར་བྱོན་ལ། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར་སྙམ། འཇམ་དཔལ་གྱིས་སྨྲས་པ། བུ་མོ་འདི་ནི་སྤྲུལ་པ་སྟེ་སྤྲུལ་པ་ལ་ནི་འཆི་འཕོ་ཡང་མེད་ལ་སྐྱེ་བ་ཡང་མེད་དོ། །བུ་མོས་སྨྲས་པ། འཇམ་དཔལ་བདག་གིས་ཀྱང་དེ་བཞིན་དུ་སྤྲུལ་པའི་རང་བཞིན་གྱི་ཆོས་ཐམས་ཅད་ལ་གང་འཆི་འཕོ་བའམ་སྐྱེ་བ་དེ་མ་མཐོང་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བུད་མེད་ཀྱི་ལུས་ཀྱིས་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ན་ཁྱོད་ཅིའི་ཕྱིར་བུད་མེད་ཀྱི་ལུས་སྒྱུར་བར་མི་བྱེད། བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ལགས་པས་སྟོང་པ་ཉིད་ལ་ནི་ལྡོག་པ་དང་འགྱུར་བ་མ་མཆིས་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་འཛིན་གྱིས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། བུ་མོས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་འདིས་གཟིགས་པ་ལྟར་བདག་གིས་ཀྱང་དེ་བཞིན་གཤེགས་པ་མཐོང་ལགས་སོ། །བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཆོས་ཀྱི་གཏམ་ལ་སྤོབས་པར་གྱིས་ཤིག །བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ལ་ནི་བརྗོད་པར་བགྱི་བ་དང་རབ་ཏུ་བརྗོད་པར་བགྱི་བ་མ་མཆིས་ལ། ཆོས་ཀྱི་དབྱིངས་ནི་ཡི་གེར་འགྲང་བ་ཡང་མ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤོབས་པ་ཐོགས་པ་མེད་པས་སྨྲས་པ། བུ་མོ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཆོས་ཇི་ལྟ་བུ་ཐོས། བུ་མོས་སྨྲས་པ། རིགས་ཀྱི་བུ་དེའི་སླད་དུ་སྟེང་དུ་གཟིགས་ཤིག་དང་། བར་སྣང་ཅི་འདྲ་བར་དེ་བཞིན་གཤེགས་པ་ཡང་དེ་འདྲ་ལ། དེ་བཞིན་གཤེགས་པ་ཅི་འདྲ་བར་ཆོས་བསྟན་པ་ཉིད་ཀྱང་དེ་འདྲ། ཉན་པ་ཉིད་ཀྱང་དེ་འདྲ་སྟེ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ནམ་མཁའི་མཚན་ཉིད་དེ་ལྟ་བུ་ལགས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་པ་དག་ལ་

61-236a

ཇི་ལྟར་སྦྱིན་པ་བྱིན་ཞིང་ཇི་ལྟར་ཡོངས་སུ་བསྔོས། བུ་མོས་སྨྲས་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་བགྱི་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཞིག་ཕུལ་བར་གྱུར་ན་དེ་ལ་རྒྱུ་བ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ལགས། སྨྲས་པ། བུ་མོ་སྤྲུལ་པ་ལ་ནི་རྒྱུ་བ་འགའ་ཡང་འབྱུང་བ་མེད་དོ། །བུ་མོས་སྨྲས་པ། རིགས་ཀྱི་བུ་བདག་གིས་ཀྱང་སྔོན་གྱི་དེ་བཞིན་གཤེགས་པ་དག་ལ་དེ་ལྟར་སྦྱིན་པ་བྱིན་ཞིང་ཡོངས་སུ་བསྔོས་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཐོགས་མེད་སེམས་ཀྱིས་སྨྲས་པ། བུ་མོ་ཁྱོད་སེམས་ཅན་རྣམས་ལ་ཇི་ལྟར་བྱམས་པས་ཁྱབ་པར་བྱེད། བུ་མོས་སྨྲས་པ། རིགས་ཀྱི་བུ་སེམས་ཅན་དེ་དག་ཇི་ལྟ་བ་ཁོ་ན་བཞིན་དུའོ། །སྨྲས་པ། བུ་མོ་སེམས་ཅན་དེ་དག་ཀྱང་ཇི་ལྟ་བུ་ཡིན། སྨྲས་པ། རིགས་ཀྱི་བུ་འདས་པ་ཡང་མ་ལགས། མ་འོངས་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་ལགས་ལ། སེམས་དེ་ཡང་འདས་པ་ཡང་མ་ལགས། མ་འོངས་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་ལགས་པས་བྱམས་པ་བསྒོམ་པ་དེ་ནི་འདི་འདྲའོ་ཞེས་གདགས་པར་རྔོ་མི་ཐོགས་ལགས་སོ། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཆོས་ཀྱི་མིག་ཐོབ་བམ། བུ་མོས་སྨྲས་པ། རིགས་ཀྱི་བུ་བདག་གིས་ཤའི་མིག་ཀྱང་མ་ཐོབ་ལགས་ན་ཆོས་ཀྱི་མིག་ལྟ་ཐོབ་པར་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་སྨྲས་པ། བུ་མོ་ཁྱོད་ཡུན་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས། བུ་མོས་སྨྲས་པ། རིགས་ཀྱི་བུ་ཡུན་ཇི་སྲིད་ཅིག་ནས་སྨིག་རྒྱུ་ལ་ཆུ་ཡང་དག་པར་ཞུགས་པའི་ཡུན་དེ་སྲིད་ནས་བདག་ཀྱང་བྱང་ཆུབ་ལ་ཡང་དག་པར་ཞུགས་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཡུན་ཇི་སྲིད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར།

61-236b

བུ་མོས་སྨྲས་པ། ཡུན་ཇི་སྲིད་ཅིག་གིས་བྱང་ཆུབ་སེམས་དཔའ་བྱམས་པ་སོ་སོའི་སྐྱེ་བོའི་ས་ལས་འདའ་བར་འགྱུར་ཞིང་སངས་རྒྱས་ཀྱི་ས་ལས་ཀྱང་འདའ་བར་འགྱུར་བ་དེ་སྲིད་ཀྱིས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སྲིང་མོ་འདི་གཙོ་བོ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་དག་དང་ལྷན་ཅིག་ཡང་དག་པར་སྨྲ་ཡང་འཇིགས་པར་མི་བགྱིད། དམན་པར་མི་བགྱིད་པ་ནི་བུ་མོ་འདིའི་སྤོབས་པ་ངོ་མཚར་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བུ་མོ་ཟླ་མཆོག་གིས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་བགྱི་ན་ཞུགས་ནི་ཇི་ཙམ་དུ་ཆུང་ཡང་སྲེག་པའི་ངོ་བོ་ཉིད་ལགས་པས་ཇི་ཙམ་དུ་ཉེ་བར་ལེན་པ་རྙེད་པ་དེ་ཙམ་དུ་སྲེག་པར་བགྱིད་ལགས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པས་ཐ་དད་དུ་དབྱེ་བ་ཅུང་ཟད་ཀྱང་མ་མཆིས་པས་དེ་དག་ཐམས་ཅད་བདག་དང་གཞན་དག་གིས་ཉོན་མོངས་པ་ཐམས་ཅད་སྲེག་པའི་སླད་དུ་ཉེ་བར་གནས་པ་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་བྱང་ཆུབ་ཐོབ་ནས་ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བར་འགྱུར། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བདག་གི་སངས་རྒྱས་ཀྱི་ཞིང་ནི་སངས་རྒྱས་ཀྱི་ཞིང་གང་ན། གནས་བརྟན་ཤ་ར་དྭ་ཏིའི་བུ་ཅི་འདྲ་བ་དེ་འདྲ་བའི་སེམས་ཅན་དམན་པ་ལ་མོས་པ། ཤེས་རབ་ཆུང་བ། གཞན་གྱི་དོན་ལ་མི་ལྟ་བ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག་གི་མིང་ཡང་གྲག་པར་མི་འགྱུར་བ་དེ་ལྟ་བུ་འགྱུར་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་གང་ཁྱོད་འདི་སྐད་ཅེས་ཆོས་ཀྱི་དབྱིངས་ནི་གཅིག་གོ། །དེ་བཞིན་ཉིད་ནི་གཅིག་གོ། །ཞེས་ཟེར་ན་འོ་ན་ཅི་ཁྱོད་ཀྱིས་ཉན་ཐོས་རྣམས་ནི་དམན་པ་ཉིད་ཡིན་ལ་ཅི་སངས་རྒྱས་རྣམས་ནི་ལྷག་པ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ངམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་བགྱི་ན་བ་ལང་གི་རྗེས་ཀྱི་ཆབ་གང་ལགས་པ་དང་། རྒྱ་མཚོ་ཆེན་

61-237a

པོའི་ཆབ་གང་ལགས་པ་དེ་དག་ལ་ནི་བྱེ་བྲག་ཅུང་ཟད་ཀྱང་མ་མཆིས་ལགས་མོད་ཀྱི། འོན་ཀྱང་བ་ལང་གི་རྗེས་ལ་ནི་རྒྱ་མཚོ་ཆེན་པོ་ལྟར་སེམས་ཅན་ཚད་མ་མཆིས་པ་དག་གི་གོ་སྐབས་མ་མཆིས་ལགས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་དང་། ཉན་ཐོས་རྣམས་ཀྱང་ཆོས་ཀྱི་དབྱིངས་གཅིག་ལས་ངེས་པར་བྱུང་བ་ལགས་མོད་ཀྱི། འོན་ཀྱང་ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་དག་ལྟར་སེམས་ཅན་ཚད་མ་མཆིས་གྲངས་མ་མཆིས་པ་དག་གི་དོན་བགྱིད་པར་རྔོ་མི་ཐོགས་ལགས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་བགྱི་ན་ཡུངས་འབྲུའི་ཁོངས་སུ་ཆུད་པའི་ནམ་མཁའི་ཁམས་གང་ལགས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་ནམ་མཁའི་ཁམས་གང་ལགས་པའི་ནམ་མཁའི་ཁམས་དེ་དག་ལ་ནི་བྱེ་བྲག་ཅུང་ཟད་ཀྱང་མ་མཆིས་པ་ལགས་མོད་ཀྱི། འོན་ཀྱང་ཡུངས་འབྲུའི་ཁོངས་སུ་ཆུད་པའི་ནམ་མཁའི་ཁམས་ལ་ནི་ཕྱོགས་བཅུའི་ཁོངས་སུ་ཆུད་པའི་ནམ་མཁའ་ལྟར་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་རབ་ཏུ་མི་གནས་ཤིང་ཀུན་ཏུ་མི་གནས་ལ་རིའི་རྒྱལ་པོ་རི་རབ་དག་ཀྱང་མ་མཆིས་རྒྱ་མཚོ་ཆེན་པོ་དག་ཀྱང་མ་མཆིས་ལགས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་དང་ཉན་ཐོས་རྣམས་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མ་མཆིས་པ་གཅིག་ལས་ངེས་པར་བྱུང་བ་ལགས་མོད་ཀྱི། འོན་ཀྱང་ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ལྟར་སེམས་ཅན་ཚད་མེད་པ་གྲངས་མ་མཆིས་པ་དག་གི་དོན་བགྱིད་པར་རྔོ་མི་ཐོགས་ལགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་གཅིག་པ་མ་ཡིན་ནམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་ཅེས་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་གཅིག་གོ་ཞེས་གསུང་བ་ནི་སྐུར་པ་འདེབས་པ་ལགས་སོ། །ཤ་ར་དྭ་

61-237b

ཏིའི་བུས་སྨྲས་པ། བུ་མོ་ཅིའི་ཕྱིར། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་དེ་ཁྱོད་ཉིད་ལ་ཡོངས་སུ་ཞུས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་གདབ་ཏུ་གསོལ། གང་གི་ཚེ་བཙུན་པ་ཤ་ར་དྭ་ཏིའི་བུའི་སེམས་རྣམ་པར་གྲོལ་བ་དེའི་ཚེ། ཇི་ག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པ་ཀུན་ཏུ་གནས་པར་གྱུར་ལགས་སམ། ཇི་ག་ཤིང་ལྗོན་པ་དང་རི་ཐམས་ཅད་ཀྱིས་ཁྱོད་ལོགས་སུ་མངོན་པར་ཕྱོགས་ཏེ་བཏུད་མངོན་པར་བཏུད། མངོན་པར་རབ་ཏུ་བཏུད་ལགས་སམ། ཇི་ག་ངན་སོང་ཐམས་ཅད་རབ་ཏུ་ཞི་བར་གྱུར་ལགས་སམ། ཇི་ག་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་བར་གྱུར་ལགས་སམ། ཇི་ག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ་མནར་མ་མཆིས་པ་ལ་ཐུག་པ་ཡན་ཆད་དང་། སྟེང་དུ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའི་བར་དག་འོད་ཟེར་གྱི་ཁ་དོག་ལྟ་བུས་སྣང་བར་གྱུར་ལགས་སམ། ཇི་ག་ལྷ་ཐམས་ཅད་ཀྱིས་ཕྱག་བགྱིས་ལགས་སམ། ཇི་ག་བདུད་ཀྱི་ས་དང་ནམ་མཁའ་དཔག་ཚད་སུམ་ཅུ་ཚུན་ཆད་དཔུང་གིས་ཁྱབ་པར་བགྱིས་ཏེ་མཆིས་པར་གྱུར་ལགས་སམ། ཇི་ག་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་ལགས་སམ། ཇི་ག་ཁྱོད་བྱང་ཆུབ་པ་དང་དུས་གཅིག་ཁོ་ནར་བདུད་ཐམས་ཅད་ངེས་པར་བཅོམ་ལགས་སམ། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཁོ་བོ་ལ་ཇི་སྐད་སྨྲས་པ་དེ་དག་ལས་དེའི་རྒྱུ་གཅིག་ཙམ་ཡང་མ་བྱུང་ངོ་། །བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་དམ་པ་ལ་གནས་པ་ལ་ནི་ཡོན་ཏན་གྱི་ཁྱད་པར་དེ་དག་དང་གཞན་ཡང་དཔག་ཏུ་མ་མཆིས་པ་དག་བྱུང་བར་གྱུར་པས་ན། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་དང་། ཉན་ཐོས་ཀྱི་རྣམ་པར་གྲོལ་བའི་ཁྱད་པར་ནི་དེ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་ཟླ་མཆོག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བུ་མོ་ལེགས་སོ་ལེགས་སོ། །བུ་མོ་ཁྱོད་དེ་སྐད་སྟོན་པ་ནི་ཡང་ཁྱོད་ལེགས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་བུ་

61-238a

མོ་ཟླ་མཆོག་གི་ལག་པ་གཡས་པར་དེ་བཞིན་གཤེགས་པའི་སྐུ་པད་མ་ལ་བཞུགས་པ་བྱུང་བར་གྱུར་པ་གང་ཡིན་པ་དེ་པད་མའི་གདན་དེ་ལས་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལྟེ་བའི་ཁུང་དུ་ཞུགས་སོ། །དེ་ནས་དེའི་མོད་ལ་སངས་རྒྱས་ཀྱི་མཐུས་ས་ཆེན་པོ་རབ་ཏུ་གཡོས་པར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་པད་མ་གསེར་གྱི་མདོག་ཏུ་སྣང་བ། སྡོང་བུ་རྣམས་ནི་གསེར། འདབ་མ་རྣམས་ནི་དངུལ། སྙིང་པོ་རྣམས་ནི་རིན་པོ་ཆེ་དཔལ་གྱི་སྙིང་པོ་ལས་གྲུབ་པ་དག་བྱུང་བར་གྱུར་ཏོ། །པད་མ་དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྐུ་མཚན་གྱིས་ལེགས་པར་བརྒྱན་པ་པད་མ་ལ་བཞུགས་པ་དག་ཀུན་ཏུ་སྣང་བར་གྱུར་ཅིང་། དེ་བཞིན་གཤེགས་པའི་སྐུ་དེ་དག་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་གཤེགས་ཏེ་སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་ཆོས་སྟོན་པར་ཀུན་ཏུ་སྣང་ཞིང་། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་ཆོས་སྟོན་པ་དེ་དག་ཀྱང་འདིར་ཀུན་ཏུ་གྲག་གོ། །དེ་ནས་བུ་མོ་ཟླ་མཆོག་གིས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་མཐོང་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་དེས་ལག་པ་གཡས་པ་ན་ཐོགས་པར་གྱུར་པའི་པད་མ་གང་ཡིན་པ་དེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་མེ་ཏོག་གི་ཁང་པ་བརྩེགས་པ་གྲུ་བཞི་ལྷམ་པ་ཀ་བ་བཞི་ཟུག་པ། ཆ་མཉམ་པ་ཤིན་ཏུ་རྣམ་པར་བྱེ་བ་ཞིག་ཏུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་ནམ་མཁའ་ལ་འདུག་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེར་ཡང་ཁྲི་གདན་རྐང་པ་རིན་པོ་ཆེས་སྤྲས་པ། ལྷའི་རས་བཅོས་བུ་འབུམ་ཕྲག་དུ་མ་བཏིང་བ་ཞིག་བྱུང་བར་གྱུར་ཏོ། །ཁྲི་གདན་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཅི་འདྲ་བ་དེ་འདྲ་བའི་དེ་བཞིན་གཤེགས་པའི་སྐུ་ཞིག་བཞུགས་པར་ཡང་ཀུན་ཏུ་སྣང་ངོ་། །དེས་པད་མ་དེ་འཕངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་

61-238b

དགེ་བའི་རྩ་བ་འདིས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པའི་སེམས་ཅན་རྣམས་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་སྤང་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་གཉིས་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་གཉིས་པ་ཞིག་ཏུ་གྱུར་པ་དང་། དེས་ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་འཇིག །ཚོགས་ལ་ལྟ་བ་དང་འབྲེལ་བའི་སེམས་ཅན་རྣམས་ལ་འཇིག་ཚོགས་ལ་ལྟ་བ་སྤང་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་གསུམ་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་གསུམ་པ་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་བཞི་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་བཞི་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་ཕྱིན་ཅི་ལོག་བཞི་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་ལྔ་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་ལྔ་པ་ཞིག་ཏུ་གྱུར་པ་དང་།

61-239a

ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་སྒྲིབ་པ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ལ་སྒྲིབ་པ་ལྔ་སྤང་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་དྲུག་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་དྲུག་པ་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་སྐྱེ་མཆེད་དྲུག་ལ་རྟེན་པའི་སེམས་ཅན་རྣམས་ལ་སྐྱེ་མཆེད་དྲུག་ཡོངས་སུ་འཚལ་བར་བགྱི་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་བདུན་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་བདུན་པ་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་རྣམ་པར་ཤེས་པ་གནས་པ་བདུན་དང་ལྡན་པའི་སེམས་ཅན་རྣམས་ལ་རྣམ་པར་ཤེས་པ་གནས་པ་བདུན་ཡོངས་སུ་འཚལ་བར་བགྱི་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་བརྒྱད་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་བརྒྱད་པ་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་ལོག་པ་ཉིད་བརྒྱད་ལ་ངེས་པའི་སེམས་ཅན་རྣམས་ལ་ལོག་པ་ཉིད་བརྒྱད་ངེས་པར་སྤང་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་དགུ་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་

61-239b

དེ་ཡང་བཅོམ་ལྡན་འདས་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་དགུ་པ་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་གནས་པའི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་སྤང་བའི་སླད་དུ་ཆོས་སྟོན་པར་གྱུར་ཅིག །ཡང་སངས་རྒྱས་ཀྱི་མཐུས་དེའི་ལག་པར་པད་མ་བཅུ་པ་ཞིག་བྱུང་བར་གྱུར་པ་དང་། དེས་དེ་ཡང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་འཕངས་སོ། །འཕངས་མ་ཐག་ཏུ་པད་མ་དེ་ཡང་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་དུ་པད་མའི་ཁང་པ་བརྩེགས་པ་བཅུ་པ་ཞིག་ཏུ་གྱུར་པ་དང་། ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས་ཇི་ལྟར་ད་ལྟར་བཅོམ་ལྡན་འདས་ཕྱོགས་བཅུར་སྣང་བས་ཁྱབ་པར་མཛད་པ་ལྟར་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་སུ་གྱུར་ཅིག །དེ་ནས་པད་མའི་ཁང་པ་བརྩེགས་པ་དེ་དག་གོང་ནས་གོང་དུ་བརྩེགས་པའི་འཕང་གིས་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པར་གྱུར་ཏོ། །དེའི་ཚེ་ན་ས་བླ་བའི་ལྷ་ཡན་ཆད་ནས་ཚངས་རིས་ཀྱི་བར་གྱི་ལྷ་རྣམས་ལ་པད་མའི་ཁང་པ་བརྩེགས་པ་དེ་དག་གིས་ཡང་དག་པར་བསྐུལ་ནས་ལྷ་བྱེ་བ་ཕྲག་དཔག་ཏུ་མེད་པ་དག་འདུས་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཁ་དོག་འབུམ་ཕྲག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། འོད་ཀྱིས་ཉི་མ་དང་ཟླ་བའི་འོད་ཟིལ་གྱིས་མནན་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་

61-240a

ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་འཛུམ་པའི་དོན་ཡོངས་སུ་ཞུས་པ། མཁྱེན་པ་ཀུན་ལ་མངོན་སུམ་སྤྱན་མངའ་ཞིང་། །ཆོས་རྣམས་ཀུན་ལ་ནེམ་ནུར་རྣམ་པར་རྒལ། །འཇིག་རྟེན་ཀུན་དང་མི་མཉམ་མཐུ་མངའ་བ། །རྒྱལ་དབང་ཅི་སླད་འཛུམ་པ་རབ་ཏུ་མཛད། །ཁྱོད་ཀྱིས་མཐའ་ཡས་དུས་ནས་སྦྱིན་པ་བྱིན། །ཁྱོད་ཁྲིམས་རྣམ་དག་ནོར་བུ་རིན་ཆེན་འདྲ། །ཁྱོད་ཀྱི་བཟོད་པའང་མི་གཡོས་ལྷུན་པོ་བཞིན། །དྲང་སྲོང་ཆེན་པོ་ཅི་སླད་འཛུམ་པ་མཛད། །བསམ་གཏན་བརྙེས་ཤིང་བརྩོན་འགྲུས་སྟོབས་ལྡན་པ། །གནོད་བྲལ་ན་དང་རྒ་ལས་རྣམ་པར་གྲོལ། །རྒྱ་མཚོ་འདྲ་བར་ཤིན་ཏུ་ཟབ་པའི་བློ། །ཐུབ་ཆེན་ཅི་སླད་འཛུམ་པ་རབ་ཏུ་མཛད། །བྱམས་ལ་གནས་ཤིང་ཐུགས་རྗེར་གནས་པ་པོ། །ཐུབ་པ་བཏང་སྙོམས་དང་ནི་དགའ་ལ་གནས། །འདོད་ཆགས་ལ་སོགས་འཇིགས་བསལ་རབ་ཏུ་ཞི། །ཐུབ་དབང་ཅི་སླད་འཛུམ་པར་རབ་ཏུ་མཛད། །ཁྱོད་སྤུ་གཅིག་ནས་བྱུང་བའི་འོད་ཟེར་གྱིས། །ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་ཁམས་རྣམས་སུ། །ཉི་ཟླ་མྱུར་དུ་མོག་མོག་རབ་མཛད་དེ། །གཟི་བརྗིད་ཟིལ་གྱིས་གནོན་ཅིང་མིག་ཀྱང་སྩོལ། །འགྲོ་བའི་མགོན་གཅིག་ཁྱོད་གསུང་རྣམ་པར་དག །སྙན་ཅིང་ཡིད་འོང་ཡན་ལག་དྲུག་ཏུ་ལྡན། །གང་དག་ཉན་པ་དེ་དག་མི་ངོམས་ཤིང་། །ཉོན་མོངས་ཐམས་ཅད་མ་ལུས་ཞི་བར་བགྱིད། །ཕྱོགས་བཅུ་མཐའ་ཡས་སེམས་ཅན་གང་མཆིས་པའི། །སེམས་ཀྱི་སྤྱོད་པ་དུ་མ་གང་ལགས་པ། །དེ་མཁྱེན་དེ་དག་སོམ་ཉི་གཅོད་པ་པོ། །རང་བྱུང་ཅི་སླད་འཛུམ་པ་རབ་ཏུ་མཛད། །དེང་སུའི་སེམས་ནི་བྱང་ཆུབ་སླད་དུ་ངེས། །སུ་ཞིག་སངས་རྒྱས་ཐེག་པ་ཡངས་པར་ཞུགས། །ཁྱབ་བདག་གང་གི་ཡིད་བསམས་རབ་ཏུ་གྲུབ། །ཐུབ་དབང་ཅི་སླད་འཛུམ་པ་རབ་ཏུ་མཛད། །གང་

61-240b

གིས་དེ་རིང་བདུད་བཞི་ཕམ་བགྱིས་ཤིང་། །ཉོན་མོངས་བདུད་དང་འཆི་བདག་བདུད་ཆེན་དང་། །གང་གིས་ཕུང་པོ་ལྷ་བུ་མང་པོའི་བདུད། །ཕམ་པར་བགྱིས་སམ་ཅི་སླད་ཁྱོད་འཛུམ་མཛད། །དེ་རིང་སུ་ཞིག་དོན་ཆེན་ཡངས་འགྱུར་ཞིང་། །སུ་ཞིག་ཆོས་ལོ་ལེགས་བགྱིད་མིའི་སེང་གེ། །དེ་རིང་སུ་ཡི་སྒྲ་ནི་ཕྱོགས་རྣམས་མཆི། །ཐུབ་དབང་ཅི་སླད་འཛུམ་པ་རབ་ཏུ་མཛད། །ཀུན་མཁྱེན་མི་དགེ་ཐམས་ཅད་རབ་སྤངས་པ། །སེམས་ཅན་ཀུན་ལ་མཚུངས་པར་བྱམས་པ་པོ། །གཡོ་བ་ཀུན་དང་རྟོག་པ་རྣམ་སྤངས་པ། །དྲང་སྲོང་ཆེན་པོ་ཅི་སླད་འཛུམ་པ་མཛད། །དེ་རིང་སུ་ཞིག་ཡངས་པ་ཆེན་པོ་ཐོབ། །དེང་སུའི་སེམས་ཀྱི་སྨོན་པ་ལེགས་འགྲུབ་ཅིང་། །དེང་སུའི་སྟོབས་བཅུ་རྣམས་དང་ལྡན་པར་འགྱུར། །དགྲ་ཐུལ་ཅི་སླད་འཛུམ་པ་རབ་ཏུ་མཛད། །མཁའ་ལ་གནས་པ་ལྷ་ཀླུ་བྱེ་བ་དང་། །གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་ཆེར་བཅས་དང་། །ས་ལ་ཐལ་སྦྱར་སྐྱེས་པ་བུད་མེད་རྣམས། །དགའ་ཞིང་ལྷ་མི་དབང་པོ་ཟླ་བ་ལྟ། །རྫོགས་པའི་བྱང་ཆུབ་སེམས་དཔའ་མང་པོ་ནི། །དམ་ཆོས་འཚལ་བ་རྒྱ་མཚོ་ལྟ་བུ་དག །ཕྱོགས་བཅུ་དག་ནས་ལྷགས་ནས་དགྲ་ཐུལ་བ། །ཡོངས་དག་ཐུགས་མངའ་འཛུམ་དོན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་གི་རྒྱལ་བའི་ཆོ་འཕྲུལ་མཆོག་མཐོང་ནས། །བྱང་ཆུབ་ཕྱིར་ནི་རྒྱ་ཆེན་སེམས་སྐྱེད་ཅིང་། །ང་ཡི་མདུན་ན་ཐལ་སྦྱར་གང་འདུག་པ། །མདུན་གྱི་བུ་མོ་མཐོང་ངམ་ཀུན་དགའ་བོ། །འདིས་ནི་སྔོན་གྱི་སྲིད་པར་རྟག་ཏུ་ཡང་། །རྒྱལ་བ་སུམ་བརྒྱ་ལེགས་པར་མཆོད་བྱས་ཤིང་། །ཇི་ལྟར་བདག་ནི་བྱང་ཆུབ་མཆོག་རེག་ཅེས། །རྒྱལ་བ་དེ་དག་ཀུན་ལ་མངོན་སུམ་ཞུས། །ནམ་ཡང་ལན་འགའ་ངན་འགྲོར་མ་སོང་ཞིང་། །འདི་ནི་རྟག་ཏུ་ལྷ་མིའི་འཇིག་རྟེན་སྐྱེས། །ནམ་ཡང་བྱང་ཆུབ་སེམས་ནི་མ་བརྗེད་ཅིང་། །འཆི་དུས་བྱས་ཀྱང་རྟག་ཏུ་ཚེ་རབས་དྲན། །རྒྱལ་བ་འོད་སྲུང་ཞེས་བྱ་མཐོང་ནས་ནི། །ཁང་བཟངས་སྟེང་ནས་མཛེས་པའི་ལུས་

61-241a

མཆོངས་ཏེ། །རྒྱ་ཆེན་སེམས་ཀྱིས་འོད་སྲུང་དེ་མཆོད་ནས། །དེ་ནས་རྗེས་འཐུན་བཟོད་པ་ཐོབ་པར་གྱུར། །སངས་རྒྱས་འཁོར་བ་འཇིག་ཅེས་མཚན་གསོལ་བ། །དེ་ལ་ན་བཟའ་དམ་པ་ཕྲུགས་ཕུལ་བས། །དེ་ཕྱིར་འདི་ཡི་ལུས་མདོག་གསེར་འདྲ་ལ། །མཛེས་ཤིང་དག་ལ་ཟླ་བ་འདྲ་བ་ཡིན། །སྟོན་པ་གསེར་ཐུབ་ཅེས་བྱ་གང་ཡིན་པ། །དེ་ལ་བདུག་པ་སྤོས་མཆོག་ཕུལ་བས་ན། །དེ་ཕྱིར་འདི་ཡི་ཁ་དང་སྤུ་ཁུང་ནས། །ཨུད་པལ་ཙན་དན་དྲི་ངད་རབ་ཏུ་འབྱུང་། །གཙུག་ཏོར་ཞེས་བྱ་རྐང་གཉིས་མཆོག་དེ་ལ། །འདིས་ནི་མཚན་བདུན་ངེས་པར་བརྟགས་གྱུར་པས། །དེ་ཕྱིར་འདི་ཡི་མིག་མདོག་མཐོན་མཐིང་ལ། །འགྲོ་བ་རྟོག་པར་བྱེད་པ་ངོམས་མི་འགྱུར། །ཚེ་རབས་ལྔ་བརྒྱ་དག་ཏུ་འདོད་སྤངས་ཤིང་། །ཚངས་སྤྱོད་རྣམ་པར་སྤྱོད་པ་དག་བྱས་ནས། །དེ་ཕྱིར་ཆགས་པས་གདུངས་པས་དེ་མཐོང་ན། །དེ་ཚེ་འདོད་ཆགས་ཅན་དག་ཆགས་བྲལ་འགྱུར། །སུམ་ཅུ་རྩ་གསུམ་གནས་ནས་འདིར་འཕོས་ཏེ། །འདིར་ལིཙྪ་བཱི་ཁྱིམ་ནི་ཡངས་པར་སྐྱེས། །སྐྱེ་དགུ་ཀུན་ཏུ་ཚེ་རབས་དྲན་འགྱུར་བས། །ཚིགས་བཅད་དབྱངས་ཀྱིས་སྨྲ་བའི་བྱ་བ་ཤེས། །ཕ་མ་ཡོངས་སུ་སྨིན་པར་བྱ་བ་དང་། །དེ་བཞིན་སེམས་ཅན་གཞན་དོན་བྱེད་འདོད་ཅིང་། །ལ་ལ་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཕྱིར། །དེ་ཕྱིར་ཡངས་པའི་ཁྱིམ་འདིར་རབ་ཏུ་སྐྱེས། །བུད་མེད་སྐྱེས་པ་ཉེ་དུ་མཛའ་བཤེས་དང་། །གཞོན་ནུ་གཞོན་ནུ་མ་དག་གདུལ་བའི་ཕྱིར། །དེ་དག་སྟོང་ཕྲག་དྲུག་ཅུ་འདི་ཡིས་ནི། །སངས་རྒྱས་ཐེག་པ་མཆོག་ལ་ཡོངས་སྨིན་བྱས། །འདི་ནི་རིང་པོ་མི་ཐོགས་བུད་མེད་ཀྱི། །ལུས་བསྒྱུར་ང་ཡི་བསྟན་ལ་རབ་འབྱུང་ཞིང་། །ཚངས་སྤྱོད་དམ་པ་རྒྱ་ཆེན་སྤྱད་བྱས་ནས། །ཤི་འཕོས་ལྷ་ཡི་འཇིག་རྟེན་འགྲོ་བར་འགྱུར། །ལྷ་གནས་དེ་ནས་ཤི་འཕོས་ཕྱིར་ཡང་ནི། །དུས་མཐའི་ཚེ་ན་ཆོས་འདི་སྲུང་འགྱུར་ཞིང་། །འདིར་ཡང་སྐྱེ་དགུའི་དོན་ཆེན་བྱས་ནས་ནི། །འདི་ནས་ཕྱིར་ཡང་དགའ་ལྡན་འགྲོ་བར་འགྱུར། །གང་ཚེ་མི་འཕམ་དགྲ་ལས་རྒྱལ་བ་པོ། །དུང་གི་སྲས་སུ་གྱུར་ཏེ་འབྱུང་བའི་ཚེ། །དེ་ནི་བཟོ་

61-241b

དོན་སྒྱུ་རྩལ་བྱ་བ་ཀུན། །ཤེས་ཤིང་མཛེས་ལ་ཡོན་ཏན་ཀུན་ལྡན་འགྱུར། །སྲོག་ཆགས་བརྒྱ་ཕྲག་དུ་མས་མདུན་བདར་ཅིང་། །ཟླ་བ་གསུམ་དུ་རྒྱལ་བ་མཆོད་བྱས་ནས། །དེ་ནི་སྲོག་ཆགས་དྲུག་སྟོང་སུམ་བརྒྱ་དང་། །ལྷན་ཅིག་ཁྱིམ་གྱི་གནས་ནས་འབྱུང་འགྱུར་ཞིང་། །རྒྱལ་བ་མི་འཕམ་བཞུགས་དང་འདས་པ་ཡི། །ཆོས་ཀྱི་ཚུལ་ཡང་ཀུན་ཏུ་འཛིན་པར་འགྱུར། །དེ་འདྲའི་དཔའ་བོ་དེ་ནས་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །བློ་ལྡན་དེས་ནི་འོད་དཔག་མེད་པ་དང་། །གཞན་ཡང་ཕྱོགས་བཅུ་མཐའ་ཡས་བཞུགས་པ་ཡི། །སངས་རྒྱས་བྱེ་མང་གང་གཱ་ཀླུང་གི་ནི། །བྱེ་སྙེད་མཐོང་ཞིང་བསྙེན་བཀུར་བྱེད་པར་འགྱུར། །ཏིང་འཛིན་མངོན་ཤེས་བརྩོན་འགྲུས་སྟོབས་ཐོབ་ཅིང་། །བསྐལ་པ་བཟང་ལ་གང་དག་ཕྱིས་འབྱུང་བའི། །རང་འབྱུང་འཇིག་རྟེན་རྣམས་ལ་ཕན་བརྩོན་པ། །འཇིག་རྟེན་མགོན་དེ་དག་ལའང་བསྙེན་བཀུར་བྱེད། །བྱེ་མང་བསྐལ་པ་དེ་དག་མཆོད་བྱས་ཏེ། །སེམས་ཅན་བྱེ་མང་ཡོངས་སུ་སྨིན་བྱས་ཤིང་། །བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་ན། །རྒྱལ་བ་ཟླ་བ་མཆོག་ཅེས་བྱ་བར་འགྱུར། །ཟླ་མཆོག་རྐང་གཉིས་གཙོ་བོའི་མཛོད་སྤུ་ནས། །འོད་ཟེར་གསེར་མདོག་ཤིན་ཏུ་ཡིད་འོང་བ། །གང་དག་འབྱུང་བར་འགྱུར་བ་དེ་དག་གིས། །འཇིག་རྟེན་ཁམས་དེ་ཀུན་ཏུ་གསལ་བར་འགྱུར། །གང་ཕྱིར་འོད་ཀྱིས་འཇིག་རྟེན་དེ་ཁྱབ་པས། །ཉི་ཟླ་མེ་དང་ནོར་བུའི་འོད་རྣམས་ནི། །སྣང་བར་མི་འགྱུར་རྒྱུ་སྐར་ཚོགས་མིན་ཞིང་། །ཉིན་དང་མཚན་ཡང་བགྲང་དུ་ཡོད་མ་ཡིན། །དེ་ཚེ་རང་སངས་རྒྱས་དག་ཡོད་མིན་ཞིང་། །ཉན་ཐོས་རྣམས་མེད་མུ་སྟེགས་ཅན་ཚོགས་མེད། །མཉམ་མེད་དེ་ཡི་དགེ་འདུན་རྣམ་དག་ཅིང་། །བུད་མེད་རྣམ་པར་སྤངས་པ་ཉིད་དུ་འགྱུར། །མི་རྣམས་ཐམས་ཅད་གསེར་གྱི་མདོག་འདྲ་ཞིང་། །བསོད་ནམས་བརྒྱ་ཡི་མཚན་ཅན་བལྟ་ན་སྡུག །མངལ་ན་མི་གནས་འདོད་པ་མི་སྟེན་ཅིང་། །པད་མའི་ནང་ནས་རྫུས་ཏེ་སྐྱེ་ཞིང་འབྱུང་། །རྒྱལ་སྲས་རྣམས་ཀྱི་ཚོགས་འབྱུང་གང་ཡིན་པ། །དེ་ནི་བགྲང་བས་རྟོགས་པར་མི་ནུས་ཤིང་། །ཐམས་ཅད་མངོན་ཤེས་

61-242a

ཐོབ་པ་དལ་སྤྱོད་དང་། །མི་སྐྱེ་བཟོད་ཅིང་མཉམ་མེད་ཆགས་པ་མེད། །དེ་ན་བུད་མེད་དམིགས་ཅན་ཡོད་མིན་ཞིང་། །བསླབ་པ་འདྲལ་མེད་ཕྱོགས་འཛིན་ཡོད་མ་ཡིན། །འཇིག་རྟེན་ཁམས་དེ་དག་ཅིང་དགའ་ལྡན་གྱི། །ཉེ་བར་སྤྱོད་པའི་རྣམ་པ་འདྲ་བར་འགྱུར། །གསེར་དངུལ་མུ་ཏིག་དམ་པའི་དྲི་མཆོག་གིས། །སྤྲས་ཤིང་གཙང་ལ་དྲི་མེད་ཡངས་པ་ཡིན། །རྒྱལ་བ་དེ་ཡི་སྐུ་ཚེ་ལོ་གྲངས་ནི། །སྟོང་ཕྲག་བྱེ་བ་བདུན་ཅུ་གསུམ་དུ་འགྱུར། །སྟོན་པ་དེ་ནི་ཞི་བར་གཤེགས་གྱུར་ནས། །དེ་ཚེ་དམ་ཆོས་བསྐལ་པ་གཅིག་གནས་ཤིང་། །བཞུགས་བཞིན་མྱ་ངན་འདས་ནའང་དེ་ཡི་ནི། །དམ་ཆོས་མཛོད་ལ་ཉམས་པར་འགྱུར་བ་མེད། །གལ་ཏེ་རྒྱལ་བ་དང་ནི་ཞིང་དེ་ཡི། །ཕུན་སུམ་ཚོགས་པར་བསྐལ་པར་བརྗོད་བྱས་ཀྱང་། །རྒྱ་མཚོ་དག་ལས་ཆུ་ཐིགས་གཅིག་བཞིན་དུ། །དཔེ་ཡང་བརྗོད་པར་འགྱུར་བ་མ་ཡིན་ནོ། །དེ་ནས་བུ་མོ་ཟླ་མཆོག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཉིད་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཤིང་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་སོ། །མངོན་པར་འཕགས་མ་ཐག་ཏུ་བུ་མོ་དེས་བུད་མེད་ཀྱི་ལུས་སྒྱུར་ཅིང་སྐྱེས་པའི་ལུས་མངོན་པར་གྲུབ་པར་འགྱུར་བ་དང་། འཇིག་རྟེན་དུ་ས་ཆེན་པོ་ཡང་རབ་ཏུ་གཡོས་པར་གྱུར། མེ་ཏོག་གི་ཆར་དག་ཀྱང་རབ་ཏུ་བབ། ལྷ་དང་མིའི་སིལ་སྙན་འབུམ་ཕྲག་དུ་མ་དག་ཀྱང་སྒྲ་འཁྲོལ་བར་གྱུར་ཏོ། །འཇིག་རྟེན་ཀུན་ཏུ་སྣང་བ་ཆེན་པོས་ཁྱབ་པར་ཡང་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་མཆོག་གིས་བར་སྣང་དེ་ཉིད་ལ་འདུག་བཞིན་དུ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། རི་རབ་གཡོ་ཞིང་ནམ་མཁའ་སར་ལྟུང་ལ། །ལྷ་གནས་སྐད་ཅིག་ཙམ་ལ་འཇིག་འགྱུར་ཞིང་། །རྒྱ་མཚོ་མི་གཡོ་དགུང་ཟླ་ལྷུང་ཡང་གདའ། །དེ་བཞིན་གཤེགས་པ་ཤོ་བེའི་ཚིག་མི་གསུང་། །ཕྱོགས་བཅུའི་སེམས་ཅན་ལུས་རྣམས་གཅིག་འགྱུར་ཞིང་། །ཞུགས་ནི་ཆབ་གྱུར་ཆབ་ནི་ཞུགས་འགྱུར་གདའ། །མཉམ་

61-242b

མེད་ཐུབ་དབང་ཡོན་ཏན་འབྱུང་བའི་གནས། །འགྲོ་ལ་ཕན་བཞེད་ལོག་པའི་ཚིག་མི་གསུང་། །བར་སྣང་དོག་ས་ཀུན་ཏུ་འཛིན་འགྱུར་ཞིང་། །ཡུངས་འབྲུའི་ནང་དུ་ཞིང་བརྒྱ་ཆུད་འགྱུར་ལ། །བསེར་མ་ཞགས་པས་གཟུང་བར་རྔོ་ཐོགས་གདའ། །རྒྱལ་བ་ལོག་པའི་ཚིག་ནི་གསུང་མི་འགྱུར། །དེ་འདྲར་ཡང་དག་དེ་བཞིན་ཉིད་གསུང་བའི། །རྒྱལ་བ་དེས་བདག་བྱང་ཆུབ་ངེས་བསྟན་ཅིང་། །གང་ཕྱིར་དོག་ས་ཀུན་ཏུ་རབ་གཡོས་པས། །བྱང་ཆུབ་དམ་པ་འཐོབ་འགྱུར་གོར་མ་བཀུམ། །སངས་རྒྱས་ཐེག་མཆོག་བདག་ལུང་བསྟན་པས་ན། །རང་བྱུང་གིས་ནི་ཇི་སྐད་གསུངས་དེ་དང་། །སྔན་ཆད་བསྐལ་བརྒྱར་བདག་གིས་གང་བཙལ་བ། །དེ་ལྟར་བདག་གིས་ཆོས་མཆོག་འཁོར་ལོ་བསྐོར། །ལྷ་མི་ལྷ་མིན་གནོད་སྦྱིན་དགེ་སློང་དང་། །དགེ་བསྙེན་རྣམས་དང་བྱང་ཆུབ་སེམས་དཔའ་དག །ཐམས་ཅད་མཉམ་མེད་མཐུ་སྟོབས་ལྡན་པ་ཡི། །བདེ་གཤེགས་འགྱུར་གྱིས་སོམ་ཉི་མ་བྱེད་ཅིག །ཆོས་འདི་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །རྒྱལ་བ་རྣམས་ཀྱིས་ལོངས་སྤྱོད་རྨི་འདྲ་ཞིང་། །བདག་མེད་གསོ་བ་ཤེད་བུ་འགའ་ཡང་མེད། །སེམས་ཅན་སྲོག་མེད་གང་ཟག་མེད་པར་གསུངས། །བཟོད་ནས་ངོ་བོ་ཉིད་ཀྱིས་ཆོས་རྣམས་ཀུན། །རང་བཞིན་དག་ཅིང་ངོ་བོ་ཉིད་མེད་དེ། །བདག་སྔོན་བུད་མེད་རང་བཞིན་གྱུར་པ་གང་། །དེ་ནི་དངོས་མེད་གསོག་སྟོང་ཡ་མ་བརླ། །ཕྱི་མིའི་དངོས་དེའང་སྟོང་ཞིང་སྐད་ཅིག་སྟེ། །དངོས་མེད་མི་གཡོ་གསོག་དང་ཡ་མ་བརླ། །རྟོག་དང་རྣམ་པར་རྟོག་པ་བྲལ་གྱུར་ཅིང་། །རྟོག་འགྱུར་དེ་ཡང་མཁའ་ལ་བྱ་རྗེས་བཞིན། །གང་ཞིག་མཉམ་མེད་བྱང་ཆུབ་འཚང་རྒྱ་ཞིང་། །ཐུལ་དཀའ་བདུད་ཀྱང་རབ་ཏུ་གཞོམ་པ་དང་། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཁམས་སུ་ནི། །ཆོས་ཀྱི་འཁོར་ལོ་དམ་པ་སྐོར་འདོད་པ། །དེས་ནི་བརྟན་པར་བྱང་ཆུབ་སེམས་བསྐྱེད་ལ། །དེ་བཞིན་གཤེགས་པ་རབ་ཏུ་མཆོད་གྱིས་དང་། །དེས་ནི་མྱུར་དུ་ཡོན་ཏན་འབྱུང་བའི་གནས། །སྟོན་པ་རྒྱལ་བ་སྡིག་མེད་ལམ་རྟོགས་འགྱུར། །སྐྱེས་བུ་རྩལ་འཕགས་གསུང་སྙན་

61-243a

མཐར་བྱོན་པ། །རྒྱལ་བ་མི་མཆོག་གཙོ་ལ་ཕྱག་འཚལ་ལོ། །དགའ་མཛད་རབ་དགའི་དངོས་པོ་སྩོལ་མཛད་ལ། །ཐུབ་པ་ཆོས་དབྱིག་འབྱུང་གནས་དབང་ཕྱུག་བསྟོད། །བདེ་བའི་འབྱུང་གནས་བདེ་ཀུན་རབ་སྩོལ་བ། །དེ་བཞིན་གཤེགས་པ་བདུད་ཀྱི་ཚེར་མ་དཀྲུགས། །བསྟོད་འོས་རྣམས་ཀྱིས་བསྟོད་པ་གང་ཟག་མཆོག །རང་འབྱུང་དབང་ལྡན་སྲེད་བྲལ་བསྟོད་པར་བགྱི། །བདག་གིས་ཕྱོགས་སུ་བལྟས་ན་དེ་དག་ཏུ། །སྡིག་མེད་སངས་རྒྱས་བརྒྱ་ཕྲག་བསམ་ཡས་མཐོང་། །ཤཱཀྱ་སེང་གེ་ཇི་ལྟ་དེ་ལྟ་བུར། །ཕྱོགས་བཅུའི་སངས་རྒྱས་དེ་དག་བདག་ལུང་སྟོན། །རྒྱལ་བ་ཐམས་ཅད་ཆོས་ཉིད་སངས་རྒྱས་གཅིག །དེ་བཞིན་ཆོས་ཀྱང་དེ་བཞིན་ཉིད་ཀྱིས་གཅིག །སེམས་ཅན་རྣམས་ཀྱང་ཡང་དག་མཐར་ངེས་པ། །གང་ལ་བཟོད་འདི་མཆིས་པ་རྒྱལ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་མཆོག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་རབ་ཏུ་གཏུགས་སོ། །དེས་རབ་ཏུ་གཏུགས་མ་ཐག་ཏུ་སངས་རྒྱས་འབུམ་ཕྲག་མང་པོ་དག་ཀྱང་སྣང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་མངོན་སུམ་དུ་མཐོང་ཞིང་བདག་ཉིད་ལུང་བསྟན་པ་ཡང་ཐོས་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་འབྱུང་བར་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་དབྱུང་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་དེའི་ཕྱིར་ཕ་མ་དག་གནང་བར་བྱེད་དུ་ཆུག་ཅིག །དེ་ནས་ཁྱེའུ་དེའི་ཕ་མ་དག་གིས་ཆོ་འཕྲུལ་ཆེན་པོ་དེ་མཐོང་ཞིང་དེ་མངོན་སུམ་དུ་ལུང་བསྟན་པ་ཡང་ཐོས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཁྱེའུ་འདི་རབ་ཏུ་དབྱུང་བར་གནང་ལགས་སོ། །བདག་

61-243b

ཅག་གིས་ཀྱང་ཆོས་དེ་དག་སླད་ཀྱིས་ཐོས་པར་བགྱི་ལགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རབ་ཏུ་ཕྱུང་ངོ་། །དེ་ནས་ཁྱེའུ་དེ་རབ་ཏུ་ཕྱུང་བ་དང་། སྲོག་ཆགས་ཁྲིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་མི་ཁྲག་ཁྲིག་ཕྲག་བདུན་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་དགེ་སློང་མ་ཉིས་བརྒྱ་དང་སྲོག་ཆགས་ཉི་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཟླ་མཆོག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།