Byang sems phyir bcos dri med zla ba'i 'od zer/Full text

From Bodhicitta
< Texts‎ | Byang sems phyir bcos dri med zla ba'i 'od zerTexts/Byang sems phyir bcos dri med zla ba'i 'od zer/Full text

བྱང་སེམས་ཕྱིར་བཅོས་དྲི་མེད་ཟླ་བའི་འོད་ཟེར།
The Bodhisattva’s Atonement: The Immaculate Moonlight
FULL TEXT


Description

When a bodhisattva commits faults such as root or branch downfalls that are contrary to their discipline, this is a method for confessing and rectifying those transgressions before an object of confession, in accordance with the tradition of the vast conduct.

Referencebyang sems phyir bcos dri med zla ba'i 'od zer [བྱང་སེམས་ཕྱིར་བཅོས་དྲི་མེད་ཟླ་བའི་འོད་ཟེར།]. [The Bodhisattva’s Atonement: The Immaculate Moonlight].
PeopleDrikung Terton Nuden Dorje



[edit]
Source BDRC MW1KG4282_7CBB17 Input by Khenpo Tamphel
Date 2026-01-21
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །བྱང་སེམས་ཕྱིར་བཅོས་དྲི་མེད་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།

༄༅། །ཕྱག་གསུམ་འཚལ་འགྲེང་འདུད་བཅས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བྱང་ཆུབ་སེམས་དཔའ་རྣམས་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་དང་། ཉེས་བྱས་ཀྱི་གཞི་ལས་བྱང་ཆུབ་སེམད་དཔའི་འདུལ་བ་དང་འགལ་བའི་ནོངས་པ་དཔག་ཏུ་མེད་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། བཤགས་ཡུལ་རྣམས་ཀྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། བཤགས་མཁན་ཙོག་པུར་འདུད་རྒྱ་བཅས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམད་དཔའ་ཐམས་ཅད་དང་། དགེ་འདུན་བྱང་ཆུབ་སེམད་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་བྱང་ཆུབ་སེམས་དཔའ་༼འདི་ཞེས་༽བགྱི་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ནོངས་པ། བྱང་སའི་དོན་བསྡུས་པ་ཉི་ཤུ་པར།
རྙེད་དང་བཀུར་སྟིར་ཆགས་པ་ཡིས།།

བདག་བསྟོད་གཞན་ལ་སྨོད་པ་དང༌།། སྡུག་བསྔལ་མགོན་མེད་གྱུར་པ་དང༌།། སེར་སྣས་ཆོས་ནོར་མི་སྟེར་དང༌།། གཞན་གྱིས་བཤགས་ཀྱང་མི་ཉན་པར།། ཁྲོས་ནས་གཞན་ལ་བཙོག་པ་དང༌།། ཐེག་པ་ཆེན་པོ་སྤོང་བྱེད་དང༌།། དམ་ཆོས་འདྲར་སྣང་སྟོན་པ་དང་།། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ།།

ཕས་ཕམ་པ་ཡི་ལྟུང་བར་འདོད།།

ཅེས་པའི་རྩ་ལྟུང་བཅུ་བཞིར་གཏོགས་པའི་ཀུན་དཀྲིས་ཆུང་འབྲིང་གིས་བསྡུས་པའི་དངོས་གཞིའི་ལྟུང་བ་དང༌། ཇི་སྐད་ཡོངས་སུ་བརྗོད་པའི་ཡན་ལག་གི་ཉེས་བྱས་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ནོངས་པ་ཡང་ཡང་དེ་ཉིད་ལས། དཀོན་མཆོག་གསུམ་ལ་སྦྱིན་འགལ་བདུན་ནི་གསུམ་མི་མཆོད།།

འདོད་པའི་སེམས་ཀྱི་རྗེས་སུ་འཇུག།

རྒན་པ་རྣམས་ལ་གུས་མི་བྱེད།། དྲིས་པ་ལ་ནི་ལན་མི་འདེབས།། འགྲོན་པོ་བདག་གིར་མི་བྱེད་ཅིང༌།། གསེར་ལ་སོགས་པ་ལས་མི་བྱེད།།

ཆོས་འདོད་པ་ལ་སྦྱིན་མི་བྱེད།།
ཚུལ་ཚུལ་ཁྲིམས་དང་འགལ་བ་དགུ། མཆན། ཁྲིམས་འཆལ་རྣམས་ཡལ་བར་དོར།།

ཕ་རོལ་དད་ཕྱིར་སློབ་མི་བྱེད།། སེམས་ཅན་དོན་ལ་བྱ་བ་ཆུང་།། སྙིང་བརྩེར་བཅས་ན་མི་དགེ་མེད།། འཚོ་བ་ལོག་པ་དང་དུ་ལེན།། འཕྱར་ནས་རབ་ཏུ་རྒོད་ལ་སོགས།། འཁོར་བར་གཅིག་པུར་བགྲོད་པར་སེམས།། གྲགས་པ་མ་ཡིན་མི་སྤོང་བ།། ཉོན་མོངས་བཅས་ཀྱང་འཆོས་མི་བྱེད།། གཤེ་བའི་བཟོད་པ་དང་འགལ་བ་བཞི་ལེན་དུ་གཤེ་ལ་སོགས།། བརྡེག་པ་ཁྲོས་པ་མཚང་འབྲུ་བ་རྣམས་ནི་ཡལ་བར་འདོར།། སེམས་གསོ་མི་བྱེད་པ། ཕ་རོལ་ཞུ་བཤགས་བྱུང་བ་དང་དུ་མི་ལེན་པ། ཤད་ཀྱིས་འཆགས་པ་ཡང༌།། ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག། རྙེད་བརྩོན་འགྲུས་དང་འགལ་བ་གསུམ་བཀུར་འདོད་ཕྱིར་འཁོར་རྣམས་སྡུད།། ལེ་ལོ་ལ་སོགས་སེལ་མི་བྱེད།། ཆགས་པའི་བྲེ་མོའི་གཏམ་ལ་བསྟེན།། ཏིང་ངེ་འཛིན་བསམ་གཏན་དང་འགལ་བ་གསུམ་གྱི་དོན་མི་འཚོལ།། བསམ་གཏན་སྒྲིབ་པ་སྤོང་མི་བྱེད།། བསམ་གཏན་རོ་ལ་ཡོན་ཏན་བལྟ།། ཉན་ཤེས་རབ་དང་འགལ་བ་བརྒྱད་ཐོས་ཐེག་པ་སྤོང་བར་བྱེད།། རང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དོར་ནས་ཚུལ་ཡོད་བཞིན་དེ་ལྟ་བརྩམས།། ཉན་ཐོས་ཀྱི་སྡེ་སྣོད། བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན།། བརྩོན་པར་བྱས་ཀྱང་དེ་ལ་དགའ།། ཐེག་པ་ཆེན་པོ་སྤོང་བར་བྱེད།། བདག་ལ་བསྟོད་ཅིང་གཞན་ལ་སྨོད།། ཆོས་ཀྱི་དོན་དུ་འགྲོ་མི་བྱེད།། དོན་ལ་སྨོད་དང་ཡི་གེར་བསྟེན།། དགོས་པའི་གྲོགས་སུ་འགྲོ་མི་བྱེད།། ནད་པའི་རིམ་གྲོ་བྱ་བ་སྤོངས།། སྡུག་བསྔལ་སེལ་བར་མི་བྱེད་དང༌།། བག་མེད་པ་ལ་རིག་མི་སྟོན།། བྱས་ལ་ལེན་དུ་ཕན་མི་འདོག། གཞན་གྱི་མྱ་ངན་སེལ་མི་བྱེད།། ནོར་འདོད་པ་ལ་སྦྱིན་མི་བྱེད།། འཁོར་རྣམས་ཀྱི་ནི་དོན་མི་བྱེད།། གཞན་གྱི་བློ་དང་མཐུན་མི་འཇུག། ཡོན་ཏན་བསྔགས་པ་སྨྲར་མི་བྱེད།། རྐྱེན་དུ་འཚམས་པར་ཚར་མི་གཅོད།། རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད།། སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང༌།།

སེམས་དགེ་བ་ལ་ཉེས་པ་མེད།།

ཅེས་པའི་ཉེས་བྱས་བཞི་བཅུ་ཞེ་དྲུག་གི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། གཞན་ཡང་སེམས་ཅན་བློས་སྤངས་པ་དང༌། བྱང་སེམས་ཀྱི་ཕན་ཡོན་མ་དྲན་པ་དང༌། ཆོས་སྤྱོད་བཅུ་དང་ཕར་ཕྱིན་དྲུག་སོགས་ཚོགས་གཉིས་ཟུང་འབྲེལ་དུ་མ་བསྒྲུབས་པ་དང་། ཉིན་མཚན་ཐུན་དྲུག་ཏུ་སེམས་བསྐྱེད་ཅིང་བྱམས་པ་དང་སྙིང་རྗེ་མ་བསྒོམས་པ་དང༌། ཁྱད་པར་དུ་ནག་པོའི་ཆོས་བཞི་རང་གི་བླ་མ་དང༌། གཞན་མཆོད་པར་འོས་པ་བརྫུན་སོགས་པས་རྫུན་མི་སྨྲ་བ་དང་བསླུས་པ། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་ཐེག་པ་ཆེན་པོ་ལ་བཀོད་པ་དང༌། སྟོན་པར་འདུ་ཤེས་བསྐྱེད་ནས་སྟོན་པ་བརྗོད་པས་སེམས་བསྐྱེད་པའི་གང་ཟག་ལ་ཞེ་སྡང་གིས་མི་སྙན་པར་བརྗོད་པ། འགྲོ་བ་གང་ཡང་རུང་བ་ལ་གཡོ་སྒྱུ་ཆེ་ཕྲ་བྱས་པ་འདི་དག་འོད་སྲུང་ཞུས་མདོར་གསུངས་པའི་དགོངས་དོན་ཡིན་ནོ། །སོགས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ནོངས་པ། བདག་བྱང་ཆུབ་སེམས་དཔའ་འམ་༼མིང་འདི་༽ཞེས་བགྱི་བས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ལན་གསུམ་བརྗོད། འཆགས་ཡུལ་དེས།འདི་རྣམས་ལ་ནོངས་པར་གཟིགས་ལགས་སམ། བཤགས་མཁན་གྱིས། མཐོང་ལགས། ཡང་འཆགས་ཡུལ་དེས། ཕྱིན་ཆད་ལེགས་པར་སྡོམ་མམ། བཤགས་མཁན་གྱིས། ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ། །ལན་གསུམ། ཐབས་ལེགས་བྱའོ།། བཤགས་མཁན་གྱིས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དགེ་འདུན་བྱང་ཆུབ་སེམས་དཔའ་རྣམས་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པ་བཞི་དང༌། སྦོམ་པོ་བཞི་ལས་བྱང་ཆུབ་སེམས་འདུལ་དང་འགལ་བའི་ནོངས་པ་དཔག་ཏུ་མེད་པ་བྱུང་བ་རྣམས་ཕྱིར་བཅོས་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། འཆགས་ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ།

ཞེས་ཚུལ་འདི་ནི་རྒྱ་ཆེན་སྤྱོད་རྒྱུད་པའི་རིང་ལུགས་ཁོ་ན་ཡིན་ལ། ཟབ་མོ་ལྟ་བའི་རྒྱུད་ལུང་ལ་བསླབ་བཏུས་སུ་བསྟན་པའི་ནམ་སྙིང་མདོར་གསུང་པའི་རྩ་ལྟུང་སོགས་ནི་འདིའི་ཁོངས་སུ་འདུ་བ་སློབ་དཔོན་མཁས་དབང་དག་གིས་བཞེད་ལ། གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་གསོལ་བ་གདབ་པ་དང༌། ཕུང་པོ་གསུམ་པའི་མདོ་ཉིན་མཚན་ལན་གསུམ་གསུམ་བཏོན་ན་དག་ཚངས་འགྱུར་བར་གསུངས་སོ། །ཇི་སྐད་དུ། སློབ་དཔོན་ཤཱནྟ་དེ་ཝས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད།། རང་གི་ཡིད་ལ་བསྒོམས་ཕྱིར་ངས་འདི་བརྩམས།། ཞེས་གསུངས་པ་བཞིན། མདོ་ཁམས་ཐུབ་བསྟན་བཤད་སྒྲུབ་གླིང་གི་དབྱར་གནས་སྐབས་ཆོས་སྨྲ་བའི་བཙུན་མིང་དྷརྨ་སྭ་མིས་རང་ལ་ཉེར་མཁོར་རིག་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།