Byang chub kyi sems sgom tshul zhag gcig ma/Full text

From Bodhicitta
< Texts‎ | Byang chub kyi sems sgom tshul zhag gcig maTexts/Byang chub kyi sems sgom tshul zhag gcig ma/Full text

བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ཞག་གཅིག་མ།
FULL TEXT


Description

Referencebyang chub kyi sems sgom tshul zhag gcig ma [བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ཞག་གཅིག་མ།].
PeopleEighth Karmapa Mikyö Dorje



[edit]
Source BDRC MW8039
Date 2025-05-28
Byang chub kyi sems sgom tshul zhag gcig ma-W8039-v19 img331-334.pdf
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ཞག་གཅིག་མ་བཞུགས་སོ། །

བླ་མ་རིན་པོ་ཆེ་སངས་རྒྱས་མཉན་པ་གྲུབ་ཆེན་ལ་ཁ་གཏིང་གཡོ་སྒྱུ་མེད་པར་གསོལ་བ་འདེབས་སོ། །བྱིན་གྱི་རློབས་ཤིག །དེ་ལ་འདིར་བྱང་ཆུབ་ཀྱི་སེམས་ཞག་གཅིག་ཏུ་བསྒོམ་པའི་མན་ངག་བརྗོད་པར་བྱ་སྟེ། དེའང་སྐྱ་རེངས་དང་པོ་ཤར་ནས་ནམ་མ་ལངས་ཀྱི་བར། ངག་ཏུ། ནམ་མཁའ་མཐའ་མེད་པ་བཞིན་མ་རྒན་འཁྲུལ་པ་མཐའ་མེད། འཁྲུལ་སྣང་མཐའ་མེད་ལ་སྡུག་བསྔལ་གྱིས་མནར་ལུགས། མགོན་མེད་སྐྱབས་མེད་དུ་ལུས་ལུགས་བསམ་མནོ་བཏང་ཞིང་བཟོད་གླགས་མེད་ན། ཞེས་ཡིད་ལ་བསམ་ཞིང་དྲག་ཏུ་བསྒོམ།
༡ ནམ་ལངས་ནས་ཉི་མ་མ་ཤར་གྱི་བར་དུ།
མ་རྒན་རྣམས་བདེ་བ་ནི་འདོད། བདེ་བའི་ཐབས་ནི་མི་ཤེས། ཐོག་མེད་ནས་སྡུག་བསྔལ་དཔག་མེད་དུ་མྱོང༌། མཐའ་མེད་དུ་སྡུག་བསྔལ་གཏན་སངས། མེད་པ་ཞིག་ཡོང་བ་ཨེ་ཡིན་ན་ཅི་དྲག།
༢ ཉི་མ་ཤར་ནས་དྲོ་ལ་མ་ཐུག་གི་བར།
འཁོར་བ་གཏན་འཁྱམས་ལ་སྡུག་བསྔལ་དུ་མི་ཤེས་པ། མ་རྒན་བླུན་ཆེན་ལ་ཅི་བྱ་ཐབས་མེད་པར་སོང་ན། མེ་རླུང་འཚུབས་མའི་ནང་ན་བཙོ་སྲེག་འདི་ཀ་ཙམ་ཞིག་མྱོང་ཡང་ད་དུང་བཙོ་སྲེག་གི་རྒྱུ་ལ་ནན་ཏན་དུ་བྱེད་པ།
༣ དྲོ་ཡོལ་ནས་ཉི་མ་ཕྱེད་ཀྱི་བར།
མ་རྒན་ལ་སྡུག་བསྔལ་མི་ཡོང་ཀ་མེད། མ་རྒན་རང་གིས་ལེན་ན། བུ་སྡུག་ལ་ཆགས་སྡང་གི་སྒོ་ནས་གནོད་བསྐྱལ་བ། རང་བྱས་རང་ལ་མི་སྨིན་ཀ་མེད་ན།
༤ ཉི་མ་ཕྱེད་ནས་དགོང་ཆེན་གྱི་བར་དུ།
མ་བུའི་འབྲེལ་བ་ཟབ་མོ་དེ་འདྲ་ན། །ཕན་ཚུན་བརྩེ་བ་ཙམ་ཞིག་མི་སྐྱེ་བ། །ཅི་དྲག་གང་ལ་ཐུག་ཀྱང་འཁོར་བ་ནས། །ཐར་པའི་ཐབས་ཀྱི་བསམ་པ་མི་འཆར་བ། །མ་རྒན་བསམ་ཆུང་རྣམས་ལ་ཅི་འདྲ་བྱུང༌། །
༡ དགོང་ཆེན་ནས་ཉི་མ་ནུབ་ཀྱི་བར།
ཉན་རང་ལྟ་བུ་འཁོར་བར་མི་སྐྱེ་བ་ཙམ་གྱུར་ཀྱང༌། མ་རྒན་གྱི་སྡུག་བསྔལ་འདི་ཇི་མི་སྙམ་དུ་བཟོད་པ། རང་ཉིད་གཅིག་པུ་ལ་མ་རྒན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བྱུང་ན་ཅི་ཡིན། རང་ཉིད་གཅིག་པུ་འཁོར་བ་མཐའ་མེད་ལ་འཁྱམས་ན་ཅི་ཡིན། སེམས་ཅན་གཅིག་འཁོར་བ་ནས་ཐར་ན་དེའི་ངོ་སྐལ་དུ་རང་འཁོར་བ་མཐའ་མེད་དུ་དེའི་བསྐྱིན་པར་བསབས་ཀྱང་མ་རྒན་ལ་དྲིན་ལན་མི་འཁོར་ན།
༢ ཉི་མ་ཐལ་ནས་མུན་མ་རུབ་ཀྱི་བར།
མ་རྒན་ལ་ཅི་ཕན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་གཞན་ནི་ཕན་ཐབས་མི་འདུག དེ་སྦྱིན་པ་ལ་རང་རེ་ལ་ནུས་པ་ནི་མི་འདུག དེའི་ཕྱིར་བདག་ཉིད་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཤིག་ཐོབ་ན།
༣ མུན་རུབ་ནས་སྲོད་མ་འཁོར་གྱི་བར།
བདག་གིས་སེམས་ཅན་ལ་ཕན་འདོགས་པའི་དང་པོར། སེམས་ཅན་མཐའ་མེད་ཀྱི་དོན་དུ་སྙིང་རྗེ་ཐུག་མེད་དུ་བསྐྱེད་ནས་བླ་ན་མེད་པའི་བྱང་ཆུབ་བདག་གིས་ཐོབ་པར་བྱས་ནས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་དུས་སེམས་ཅན་ཐམས་ཅད་ལ་རྣམ་མཁྱེན་གྱི་ཡེ་ཤེས་སྦྱིན་ནོ། །
༤ ཞེས་ཉིན་ཐུན་བརྒྱད་དུ་བྱེད་པ་བཞིན་མཚན་མོའང་ཐུན་བརྒྱད་དུ་བྱའོ།།
དགེ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་མཉན་པ་གྲུབ་ཐོབ་འགྲུབ་པར་གྱུར་ཅིག །
དགེ་སློང་མི་བསྐྱོད་པས་སོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།། །།