Byams snying rje'i khrid kyi zhal gdams/Full text

From Bodhicitta
< Texts‎ | Byams snying rje'i khrid kyi zhal gdamsTexts/Byams snying rje'i khrid kyi zhal gdams/Full text

བྱམས་སྙིང་རྗེའི་ཁྲིད་ཀྱི་ཞལ་གདམས།
FULL TEXT


Description

Referencebyams snying rje'i khrid kyi zhal gdams [བྱམས་སྙིང་རྗེའི་ཁྲིད་ཀྱི་ཞལ་གདམས།].
PeopleGötsangpa Gönpo Dorje



[edit]
Source BDRC MW23661_EE448EInput by Khenpo Tamphel
Date 2026-01-21
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །བྱམས་སྙིང་རྗེའི་ཁྲིད་ཀྱི་ཞལ་གདམས་རྗེ་རྒོད་ཚང་པས་མཛད་པ་བཞུགས་སོ། །

ཨོཾ་སྭ་སྟི་སིདྡྷཾ། ཆོས་རྗེ་རིན་པོ་ཆེ་ནས་ཁྲིད་ཆེན་བརྒྱད་ཡོད་པ་ལས། གཞན་དོན་གལ་ཆེ་བ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཁྲིད་ལ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དང་པོ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་བྱམས་པའི་སེམས་སྐྱེ། བྱམས་པའི་སེམས་ལས་སྙིང་རྗེའི་སེམས་སྐྱེ། སྙིང་རྗེའི་སེམས་ལས་ལྷག་པའི་བསམ་པ་རྣམ་པར་དག་པ་སྐྱེ། ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེ། དེ་ལས་འཇུག་པའི་སེམས་སྐྱེ། སྨོན་འཇུག་གཉིས་ལས། དོན་དམ་བྱང་ཆུབ་ཀྱི་སེམས་སྒྲིབ་པ་གཉིས་དང་བྲལ་བ་སྐྱེ། དེས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན་གསུང་། དེ་རྣམས་ནི་མས་ཀྱིས་མཚམས་སྦྱོར་བའི་དབང་དུ་བྱས་པའོ། །ཡས་ཀྱི་མཚམས་སྦྱོར་བའི་དབང་དུ་བྱས་ན་དེ་ལས་བཟློག་པའོ།།
དེ་ལ་བྱམས་པ་བསྒོམ་པ་ལ་དོན་བརྒྱད་དེ། བྱམས་པའི་ངོ་བོ་ངོས་བཟུང་བ། བསྐྱེད་པའི་ཐབས། བྱམས་པ་མ་སྐྱེས་པའི་སྐྱོན། སྐྱེས་པའི་ཕན་ཡོན། བྱམས་པའི་དམ་ཚིག་བསྲུང་ཐབས། བྱམས་པའི་བྱེད་ལས། བྱམས་པའི་འགམ་སྤྱོད། མཐར་ཐུག་པའི་སྐྱེལ་བའོ།།
དེ་ལ་བྱམས་པའི་ངོ་བོ་ངོས་བཟུང་བ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། མདོར་བསྟན་པ་ལ།
སྣང་སྲིད་འཁོར་འདས་ཐམས་ཅད་ཡིད་འོང་དུ་བསྒོམ།
རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་རང་ལ་བྱམས་པ་བསྒོམ་པ་ནི།
དེ་ཡང་བསྒོམ་ལུགས་འདི་ལྟར་བསྒོམ་གསུང་། ཐོ་རེངས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྣོད་ཀྱི་འཇིག་རྟེན་འདི་གཞལ་ཡས་སྒོ་བཞི་རྟ་བབས་དང་བཅས་པ་ཞིག་བསྒོམ། དེའི་ནང་དུ་རང་ལུས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ། གངས་ལ་ཉི་མ་ཤར་བ་ལྟ་བུ་ནག་པ་སྐྲའི་རྩེ་མོ་ཙམ་ཅིག་ཀྱང་མེད་པ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་མུ་ཏིག་གི་ཕྲེང་བ་བསྣམས་པ། གཡོན་མེ་ཏོག་པདྨ་དཀར་པོ་བསྣམས་པ་ཅིག་བསྒོམ། སྙིང་གི་དཀྱིལ་དུ་རྩ་བའི་བླ་མ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ། དེ་རྣམས་ལ་ཡན་ལག་བདུན་པ་ཞིག་འབུལ། འདིར་ཡན་ལག་བདུན་པ་ཞིག་བྱེད་པ་ཡིན། རྗེའི་ཞལ་ནས་
བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན་པས། སྒྲུབ་ཐབས་ཐམས་ཅད་ཕྱོགས་ཅིག་བཞག་པ་བས། ཇོ་བོ་སྒྲུབ་ཐག་ཉེ་བ་ཡིན་
གསུང་།
ཡན་ལག་བདུན་པ་ནི།
ཨོཾ་མ་ཎི་པདྨེ་ཧཱུཾ། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་མཆོག་ལ་ཕྱག་འཚལ་ལོ། །པདྨ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །པདྨ་ཉི་ཟླའི་གདན་ལ་བཞུགས། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །དེ་ལ་གུས་པར་ཕྱག་འཚལ་ལོ། །འཇིག་རྟེན་འདི་འམ་གཞན་དག་ན། །མཆོད་པའི་ཚོགས་རྣམས་ཇི་སྙེད་ཀུན། །བདག་གི་དད་པའི་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཐོག་མ་མེད་པའི་དུས་མཐའ་ནས། །སྡིག་པའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེན་པོའི་སྤྱན་སྔར་བཤགས། །མགོན་པོ་སྤྱན་རས་གཟིགས་དབང་ཁྱོད། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཐ་མ་མངོན་པར་སངས་རྒྱས་བར། །འགྲོ་དོན་མཛད་པ་རྗེས་ཡི་རང་། །ཐུགས་རྗེ་ཆེན་པོས་དགོངས་མཛད་དེ། །ཀུན་མཁྱེན་བཏང་སྙོམས་མ་མཛད་པར། །འགྲོ་དོན་སེམས་ཅན་དོན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མགོན་པོ་སྤྱན་རས་གཟིགས་དབང་ཁྱོད། །འགྲོ་བའི་དོན་ནི་དྲན་པའི་ཕྱིར། །བསྐལ་པའི་ཞིང་གི་རྡུལ་སྙེད་དུ། །མྱ་ངན་མི་འདའ་གསོལ་བ་འདེབས། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཕྱག་སོགས་དགེ་བ་ཅི་བགྱིས་པ། །བདག་དང་སེམས་ཅན་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱིའོ། །
ཞེས་བརྗོད་ལ་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པ། ཇོ་བོ་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱི་ཁམས་བཀང་ལ་དབུལ། དེ་ལྟར་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བསྒྲིགས་པས། འབྲས་བུ་མྱུར་དུ་སྨིན་པ་ཡིན་གསུང་།
བླ་མ་དཀོན་མཆོག་ལ་བྱམས་སྙིང་རྗེ་སྐྱེ་བའི་དངོས་གྲུབ་ཞུ་བ་ནི།
རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་སྐྱབས་སུ་མཆིའོ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། ཕ་མའི་དྲིན་ལན་རླན་པའི་ཆེད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕ་མ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་འཁྱམས་པ་སྙིང་རེ་རྗེ། ཕ་མའི་སྡུག་བསྔལ་ཁུར་ནུས་པའི་ཆེད་དུ། འདྲེའོ། །ཐེག་པ་ཆེན་པོར་ཁས་བླངས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྙིང་རྗེའི་ཕྲིགས་ཅིག་ཀྱང་མེད་པ་བླ་མ་དཀོན་མཆོག་ལ་ངོ་རེ་ཚ་ན། ད་ལྟ་ཉིད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་དཀོན་མཆོག་ཁྱེད་ལ་བསམ་དུ་སེམས་ཅན་དོན་ལས་མེད། ཁྱེད་ཀྱི་ཐུགས་དགོངས་རྫོགས་པའི་ཆེད་དུ། འདྲེའོ། ། སངས་རྒྱས་པ་ལ་བྱང་ཆུབ་ཀྱི་སེམས་མེད་ཐབས་མེད་པས། ད་ལྟ་ཉིད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་གསོལ་བ་གདབ།
དེ་ནས་རང་ལ་བྱམས་པ་བསྒོམ་པ་ནི།
རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ཁྲོང་བསྒོམ་ལ། རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ལྷུན་གྲུབ་པ་འདི་རང་ལ་དྲིན་ཆེ་སྙམ་དུ་བྱའོ། །དྲིན་ཆེ་བས་ཡིད་དུ་འོང་སྟེ། རང་གི་ལུས་ངག་ཡིད་གསུམ་གྱིས་དགེ་བ་ཅི་བྱེད་དུ་འོང་། ལུས་ལྷ་རུ་བསྒོམ་པ་འདི་ཡིད་དུ་འོང་། ངག་སྔགས་སུ་འདྲེན་པ་འདི་ཡིད་དུ་འོང་། སེམས་ཆོས་ཉིད་དུ་བསྒོམ་པ་འདི་ཡིད་དུ་འོང་། སྙམ་དུ་བསམ་ཞིང་དམིགས་པ་གསལ་ཡེར་བྱ་གསུང་། དེ་ནས་རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་རྒྱུན་ཆད་མེད་པར་གསལ་གདབ་པར་བྱའོ་སྙམ་པའི་འདུན་པ་བཏང་། རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་གསལ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བྱིན་རླབས་ཞུ། བྱམས་པ་རང་ལ་བསྒོམ་པའོ།།
གཞན་ལ་བསྒོམ་པ་ལ་སྣོད་བཅུད་གཉིས་ལས། དང་པོ།
སྣོད་འབྱུང་བ་ལ་བྱམས་པ་བསྒོམ། དེ་ཡང་ཕྱིའི་འབྱུང་བ་ལྔ། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་ཡིད་དུ་འོང་བར་བསྒོམ་པའོ། །དེ་ཡང་སྔར་འབྱུང་བ་ལྔ་ལ་བརྟེན་ནས། ཚིག་པ་ཇི་སྙེད་ཅིག་ཟོས་ནས་ཡོང་བས། དེས་གནས་སྐབས་རང་གི་རྒྱུད་རྩུབ་ལ། མཐར་ཐུག་འབྱུང་བ་ལྔས་ན་རྐྱེན་འཆི་རྐྱེན་བྱེད་པས།
རང་འབྱུང་བ་ལྔ་ལ་བྱམས་པ་བསྒོམ་པ་ནི།
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། འབྱུང་བ་ལྔ་པོ་འདི་ས་སངས་རྒྱས་སྤྱན་མ་སྐུ་མདོག་སེར་མོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ན་རིན་པོ་ཆེ་བསྣམས་པ། གཡོན་ན་རིན་པོ་ཆེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ལྷ་མོ་མཛེས་མ་ཡིད་དུ་འོང་བ་ཞིག་ཏུ་བསྒོམ། ཆུ་མ་མ་ཀི་སྔོན་མོ་གཡས་ན་རྡོ་རྗེ། གཡོན་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པའོ། །མེ་གོས་དཀར་མོ་དམར་མོ་གཡས་ན་པདྨ། གཡོན་པ་ཡུ་བ་བྱས་པའི་དྲིལ་བུའོ། །རླུང་དམ་ཚིག་སྒྲོལ་མ་ལྗང་ཁུ། གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ། ནམ་མཁའ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་དཀར་མོ་གཡས་ན་འཁོར་ལོ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རིན་པོ་ཆེའི་བརྒྱན་པའི་ལྷ་མོ་ལྔར་བསྒོམས་པ་ལ། འབྱུང་བ་ལྔ་པོ་ཡུམ་ལྔའི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་འདི་དྲིན་རེ་ཆེ། རྗེ་ས་སངས་རྒྱས་སྤྱན་གྱིས་འདེགས་པའི་དོན་བྱེད་པ་འདི་དྲིན་རེ་ཆེ། ཆུ་མ་མ་ཀིས་བཅུད་བཟའ་བཏུང་གི་བྱ་བ་བྱེད་པ་འདི་དྲིན་རེ་ཆེ། མེ་གོས་དཀར་མོས་བཙོ་སླག་གི་དོན་བྱེད་པ་འདི་དྲིན་རེ་ཆེ། རླུང་དམ་ཚིག་སྒྲོལ་མས་ཡང་ཞིང་གཡོ། གྲང་ཤད་བྱེད་པ་འདི་དྲིན་རེ་ཆེ། རྗེ་ནམ་མཁའི་ཁམས་ཀྱི་དབང་ཕྱུག་མས་སྒོ་འབྱེད་པ་འདི་དྲིན་རེ་ཆེ། ལས་ལྔ་བྱེད་པས་ཀྱང་དྲིན་རེ་ཆེ་སྙམ་དུ་བསྒོམ། འབྱུང་བ་ལྔ་པོ་འདི་ཡུམ་ལྔའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་འདི་ཡིད་དུ་འོང་སྙམ་དུ་བསྒོམ་པ་ལ།
རྗེ་ས་སངས་རྒྱས་སྤྱན་ལ་སྐྱབས་སུ་མཆིའོ། །རྗེ་ཆུ་མ་མ་ཀི་ལ་སྐྱབས་སུ་མཆིའོ། །རྗེ་མེ་གོས་དཀར་མོ་ལ་སྐྱབས་སུ་མཆིའོ། །རྗེ་རླུང་དམ་ཚིག་སྒྲོལ་མ་ལ་སྐྱབས་སུ་མཆིའོ། །རྗེ་ནམ་མཁའ་ཁམས་ཀྱི་དབྱིངས་ཕྱུག་མ་ལ་སྐྱབས་སུ་མཆིའོ། །ཡུམ་ལྔའི་སྐུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། འབྱུང་བ་ལྔ་པོ་ཐུགས་ཕྲད་དུའང་ཉམས་སུ་བླང་ངོ་།།
དེ་ལྟར་ཉམས་སུ་བླངས་པས་རང་རྒྱུད་གཉེན་འདབ་ཀྱིས་འགྲོ་གསུང་། སྣོད་འབྱུང་བ་ལྔ་ལ་བྱམས་པ་བསྒོམ་པའོ།།
ད་ཡར་བླ་མ་དཀོན་མཆོག་ལ་བརྟེན་ནས་བྱམས་པ་བསྒོམས་པ་ལ།
རང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོར་བསྒོམ། རྩ་བ་དང་བརྒྱུད་པའི་བླ་མ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་བསྒོམ་ལ། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཕྱོགས་སུ་དཀའ་བ་སྤྱད་པའི་མཛད་སྤྱོད་དང་རྣམ་ཐར་ཐམས་ཅད་དྲིན་རེ་ཆེ། སྐྱོན་དག་ཡོན་ཏན་རྫོགས། སེམས་ཅན་ལ་བུ་བཞིན་གཟིགས། གཞན་དོན་རྒྱུན་ཆད་མེད་པར་མཛད་པ་འདི་དྲིན་རེ་ཆེ་སྙམ་དུ་བསམ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན། གསུང་ཡན་ལག་དྲུག་ཅུ་ལྡན། ཐུགས་ཤེས་བྱའི་དཀྱིལ་འཁོར་གསལ་ཞིང་ཡིད་དུ་འོང་སྙམ་པའི་ཡིད་འོང་བསྒོམ།
རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ།
ཞེས་བརྗོད་དོ།།
མར་མ་ལ་བྱམས་པ་བསྒོམས་པ་ན།
སེམས་བསྐྱེད་ལ། རང་ལུས་ཐུགས་རྗེ་ཆེན་པོར་བསྒོམས་ལ། སྙིང་ཁར་བླ་མ། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་བསྒོམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་མདུན་གྱི་ཕུངས་བྱུང་བར་བསྒོམས་ལ། མའི་དྲིན་དྲན་པར་བྱས་ལ། བདག་ལ་མ་འདིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕན་དཔག་ཏུ་མེད་པ་བཏགས། ཟས་གོས་དཔག་ཏུ་མེད་པ་བྱིན། ནོར་འབྲུ་རིན་པོ་ཆེ་དཔག་ཏུ་མེད་པ་བྱིན། བདེ་སྡུག་གཏམ་ངན་ལ་མ་སྡོས་པར་བསྐྱངས། འཆི་བའི་སྲོག་ལས་སྐྱབས། ཡོན་ཏན་བཤེས་གཉེན་སླབས། མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་བར་མ་དང་། མུ་གེའི་བསྐལ་པ་བར་མས་སྐྱབས། རང་གི་ཟས་འཕངས་པ་རྣམས་བུ་ལ་བྱིན། རང་གོན་དུ་འཕངས་པ་རྣམས་བུ་ལ་གྱོན། མི་གཙང་བ་ཐམས་ཅད་ལག་པས་ཕྱིས། ཟས་ལྕེ་ཡིས་སྙོད། གནོད་པ་བསྐྱལ་ཀྱང་དགའ་བར་བལྟས། དྲིན་དཔག་ཏུ་མེད་པ་བྱས་པས་བདག་ལ་མ་འདི་དྲིན་ཆེ་སྙམ་པ་དྲིན་བསམ་བཅུ་གཉིས་ཀྱི་སྒོ་ནས་བསྒོམ་གསུང་།
ཐོག་མ་མེད་ནས་འཁོར་བར་འཁྱམས་ཙ་ན། ཕ་མ་སྤྲང་པོ་མུ་ཏོ་བའི་བུ་ཚར་སྐྱེས་ནས་ཡོད་པས། དེ་ཙམ་ན་ཕ་མ་དེས་ཁུར་རུ་ཁུར། སྐྱེ་ཐག་གིས་གཡོགས་བྱས། གདོང་གི་ཤ་ཐམས་ཅད་མི་ལ་བསྐུར། བྱིན་ཤ་ཐམས་ཅད་ཁྱི་ལ་བསྐུར། ངར་གདོང་ཐམས་ཅད་ལྷག་པ་ལ་བསྐུར། སྣབས་དང་མཆིལ་མ་ཙ་རེ་བྱས་ནས་བུ་ཆུང་འདི་ལ་ཅིག་གསོལ་དང་ཟེར་ནས་ཁམ་ཟན་རང་ཡང་ཇི་ཙམ་ཅིག་བླངས་ཡོད། དེ་ལ་བྱམས་པ་མི་སྐྱེ་ན་ཁྲེལ་མེད་གདོང་སྐྱ་བྱ་བ་ཡིན་གསུང་། དེས་ན་ཕ་མ་དྲིན་ཤིན་ཏུ་ཆེ་སྟེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཚེ་ཐོག་མ་མེད་པ་ནས་ཕ་མ་བྱས་ཤིང་མ་བྱས་པ་གཅིག་ཀྱང་མེད། སེམས་ཅན་གཅིག་གིས་ཕ་མ་བྱས་པའི་གྲངས་ཀྱང་འགྲངས་པར་མི་ནུས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས།
རང་རེའི་བདག་ཉིད་རུས་པའི་ཕུང་པོ་འདི། །ལྷུན་པོ་མཉམ་པ་ཉིད་ཅིག་འདས་གྱུར་ཏེ། །མའི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རི་ལུ་བྱས་ཀྱང་ས་ཡིས་ལང་མི་འགྱུར། །
ཞེས་པའི་དྲིན་དྲན་པར་བྱས་ལ་བསྒོམས་ཏེ། དེ་ཡང་ཆོས་རྗེའི་ཞལ་ནས།
ཆོས་ཀུན་ན་མར་ལ་དང་པོ་བྱམས་པ་མ་ལ་བསྒོམ། དེ་ནས་ཕ་ལ་སོགས་པ་ལ་རིམས་ཀྱིས་བསྒོམ་
པར་གསུངས་འདུག་སྟེ། གཞི་བདག་གིས་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན། མ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཅི་བྱེད་ཡིད་དུ་འོང་། ལུས་ཀྱི་བསོད་དུ་བྱུང་ཡང་ཡིད་དུ་འོང་། རྡེག་རྩོགས་བྱེད་ཀྱང་ཡིད་དུ་འོང་། སྐྲུ་ཤང་བྱེད་ཀྱང་ཡིད་དུ་འོང་། བརྐུ་འཕྲོག་བྱེད་ཀྱང་ཡིད་དུ་འོང་། ངག་གི་ངན་སྨྲས་གཏོང་ཡང་ཡིད་དུ་འོང་། འཕྱར་ཁ་གཏོང་ཡང་ཡིད་དུ་འོང་། ཚིག་རྩུབ་སྨྲ་ཡང་ཡིད་དུ་འོང་། ཡིད་ཀྱི་གནོད་སེམས་འཆའ་ཡང་ཡིད་དུ་འོང་། སྙམ་པ་བསམ། སྡང་དགྲ་གནོད་བགེགས་གཞི་བདག་གི་གཙོ་བྱས་པའི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུགས་ཡིད་དམ་དུ་བསྲེའོ། །ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ལ་ཕན་ཐོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའམ། ཡང་ན་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བས་སེམས་ཅན་ལ་ཕན་ཐོགས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་དོ། །མ་ལ་བྱམས་པ་བསྒོམ་པའོ།།
དེ་ལྟར་བྱས་ཀྱང་བྱམས་པ་མ་སྐྱེས་ན།
རྒྱུད་ལ་སྐྱེ་ཐབས་ལ་གསུམ་ལས། རབ་ཀྱིས་
བླ་མ་དཀོན་མཆོག་ལ་བརྟེན་ནས་སྐྱེ། དེ་ལ་སྐྱེས་ན་དགྲ་འདྲེ་གཉིས་ལ་བསྒོམ།
འབྲིང་གིས་
རྩ་བའི་བླ་མ་ལ་བརྟེན་ནས་སྐྱེ། དེ་ལ་སྐྱེས་པ་དང་དགྲ་འདྲེ་གཉིས་ཀྱིས་གཙོ་བྱས་ལ་བསྒོམ།
ཐ་མས་གྲོགས་
ལ་བརྟེན་ནས་སྐྱེ། དེ་ལ་སྐྱེས་པ་དང་སྡང་དགྲ་གནོད་བགེགས་གཞི་བདག་རྣམས་ལ་བསྒོམ་གསུང་།
བྱམས་པ་མ་སྐྱེས་པའི་སྐྱོན་ལ། རང་གཞན་གཉིས་ལས། རང་ལ་བྱམས་པ་མ་སྐྱེས་ན།
གནས་སྐབས་རང་གིས་རྒྱུད་འཁྲུག་རང་ཚིག་ཟ། མཐར་ཐུག་གཞན་གྱི་གཤེད་མར་འགྲོ་བ་ཞིག་འོང་།
འབྱུང་བ་ལ་བྱམས་པ་མ་སྐྱེས་ན།
གནས་སྐབས་སུ་འབྱུང་བ་ལྔ་རྩི་ཤིང་ནགས་ཚལ་ལ་སོགས་པ་རྣམས་ཀྱིས་ཀྱང་། གནས་སྐབས་སུ་གནོད་པ་སྐྱེལ་ཞིང་གཤེད་མར་བལྟ། མཐར་ཐུག་ཡུམ་ལྔ་དང་མི་མཇལ།
ཡར་ལ་བྱམས་པ་མ་སྐྱེས་པའི་སྐྱོན་ལ།
བླ་མའི་བྱིན་རླབས་མི་འཇུག་ཅིང་ཡོན་ཏན་མེད། མཐར་ཐུག་སྐྱབས་གནས་དང་བྲལ་བའི་སྐྱོན་ཡོང་།
མར་ལ་བྱམས་པ་མ་སྐྱེས་པའི་སྐྱོན་ལ།
གནས་སྐབས་སུ་ཀུན་གྱི་ཡིད་དུ་མི་འོང་ཞིང་ཐམས་ཅད་སྡང་བར་འོང་། མཐར་ཐུག་རིགས་དྲུག་ཏུ་སྐྱེ་བ་ཡང་ཡང་ལེན་པ་ཞིག་འོང་གསུང་།
བྱམས་པ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ལ།
རང་ལ་བྱམས་པ་སྐྱེས་ན་གནས་སྐབས་སུ་རང་གི་ལུས་ངག་ཡིད་གསུམ་ཡིད་དུ་འོང་ཞིང་ཚིག་པ་འདི་མི་ཟ། མཐར་ཐུག་གཞན་གྱིས་གཤེད་མ་མི་བྱེད་ཅིང་ཡི་དམ་དུ་གསལ།
འབྱུང་བ་ལྔ་ལ་བྱམས་པ་སྐྱེས་ན།
གནས་སྐབས་སུ་འབྱུང་བ་ལྔས་གནོད་པ་མི་སྐྱེལ་ཞིང་ཕན་པ་བསྒྲུབ། མཐར་ཐུག་ཡུམ་ལྔའི་སྐུ་ཐོབ།
ཡར་ལ་བྱམས་པ་སྐྱེས་ན།
གནས་སྐབས་སུ་རྗེའི་བྱིན་རླབས་འཇུག །མཐར་ཐུག་ཀུན་གྱི་སྐྱབས་གནས་སུ་འགྱུར་ཞིང་བླ་མ་དང་ཐུགས་དགོངས་དབྱེར་མེད་དུ་འགྱུར།
མར་ལ་བྱམས་པ་འབྱོངས་ན།
གནས་སྐབས་སུ་སེམས་ཅན་ཐམས་ཅད་ཀྱིས་ཡིད་དུ་འོང་ཞིང་ཀུན་གྱིས་འཁུར་བ་དང་། མཐར་ཐུག་རིགས་དྲུག་གི་སྐྱེ་སྒོ་ཁེགས་ནས་ཐར་པ་ཐོབ་པ་ཞིག་འོང་གསུང་།
དམ་ཚིག་ཏུ་
ལུས་ཀྱིས་བཟང་ངན་འབྲིང་གསུམ་སྤྱི་བོར་ཁུར། ངག་གིས་ཀུན་གྱི་སྐྱོན་ཐམས་ཅད་སྦ་ཞིང་ཡོན་ཏན་ཐམས་ཅད་བརྗོད་གསུང་། ཡིད་ཀྱིས་ཐམས་ཅད་དང་ཐུགས་ཡིད་ཅིག་ཏུ་བསྲེ་བར་བྱ་གསུང་།
བྱམས་པའི་བྱེད་ལས་ལ་བྱས་ཤིང་དྲིན་དུ་གཟོ་བ་ལ་ཕན་འདོགས་པས་ཏེ།
དེ་ཡང་རང་ལ་ཕན་འདོགས་པ་ནི་སྡིག་པ་ཕྲ་ཞིང་ཕྲ་བ་ལ་འཛེམ་ཞིང་། དགེ་བ་ཕྱོགས་མེད་དུ་སྤེལ་བས་ན་རང་ལ་ཕན་འདོགས་པའོ། །གཞན་ལ་ཕན་འདོགས་པ་ལ་འབྱུང་བ་ལྔ་པོ་ཡུམ་ལྔར་བསྒོམས་ནས་མཆོད་པ་བཞིས་མཉེས་པར་བྱེད་པ་ཡིན་གསུང་།
བླ་མ་དཀོན་མཆོག་ལ་ཕན་འདོགས་པ་ལ་ཞབས་ཏོག་གསུམ་གྱིས་མཉེས་པར་བྱེད་པ་
སྟེ། ཐ་མ་ཟང་ཟིང་གི་ཞབས་ཏོག་ལ་རང་ལ་ཅི་ཡོད་འབུལ་བ་དང་། ལུས་ཐལ་བའི་རྡུལ་དུ་བརླག་ནས་འབུལ་བ་དང་། དད་པ་ཅན་གྱིས་འབུལ་སྣ་བྱས་ནས་འབུལ་བ་དང་གསུམ་ཡིན་གསུང་།
འབྲིང་སྤྱོད་ལམ་གྱི་ཞབས་ཏོག་ལ་གསུམ།
རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར། སྐྱོ་བ་དང་དུབ་པ་མེད་པར་བྱེད་པ་དང་། བླ་མའི་རྣམ་ཐར་གང་ལ་ཡང་མི་དད་པ་མི་བསྒོམ་པ་དང་། བླ་མ་མ་མཉེས་ཀྱི་དོགས་ནས་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་བཟབ་པ་དང་གསུམ་ཡིན་གསུང་།
རབ་བསྒྲུབ་པའི་ཞབས་ཏོག་ལ་གསུམ།
འཇིག་རྟེན་བློས་བཏང་ནས་ཉམས་དང་རྟོགས་པ་རྒྱུན་མི་ཆད་པར་སྐྱོང་བ་དང་། ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་རྒྱུན་མི་ཆད་པར་བྱས་ནས་གཉེན་པོ་ལ་དབང་ཐོབ་པར་བྱེད་པ་དང་། སྙིང་རྗེ་ཆེན་པོ་བསྒོམས་ནས། སྨོན་ལམ་དཔག་མེད་འདེབས་པ་དང་གསུམ་ཡིན་གསུང་།
མར་ལ་ཕན་འདོགས་པ་ལ་དངོས་དང་རྒྱུད་དང་རྐུན་བུ་གསུམ་ལས།
དངོས་སུ་ཕན་འདོགས་པ་ནི། བསྡུ་བ་བཞིས་དངོས་སུ་ཕན་འདོགས། ཏིང་ངེ་འཛིན་ལ་རང་ཐུགས་རྗེ་ཆེན་པོར་བསྒོམ། སྙིང་གི་དཀྱིལ་དུ་བླ་མ་བསྒོམ། མདུན་གྱི་ནམ་མཁའ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་བསམ། མདུན་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དམིགས་ལ་རང་གི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས། སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་དག་ནས། དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་བསམས་ལ། དེ་རྣམས་ཤ་མར་བུ་རམ་ལ་སོགས་པའི་རོ་བརྒྱ་དང་ལྡན་པའི་ཟས་མང་པོ་བྱིན། དར་དང་ཟ་འོག་ལྷ་རྫས་ཀྱི་ན་བཟའ་མང་པོ་བསྐོན་པར་བསམ། གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་དང་། ནས་དང་གྲོ་དང་འབྲས་ལ་སོགས་པ་སྣ་ཚོགས་པ་བྱིན་པར་བསྒོམ་པ་ཟང་ཟིང་གི་སྦྱིན་པ། དེའི་རྗེས་ལ་སྐྱབས་འགྲོའི་སྡོམ་པ་ཕོག །སོ་སོ་ཐར་པའི་སྡོམ་པ་ཕོག་ནས་རབ་བྱུང་ལ་བཙུད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྡོམ་པ་ཕོག །གསང་སྔགས་སུ་དབང་བསྐུར། བསྐྱེད་རྫོགས་ཟབ་མོའི་དོན་བརྟན་པར་བསྒོམ་པ་ནི་སྙན་པར་སྨྲ་བའི་བསྡུ་བའོ། །དོན་སྤྱོད་པའི་བསྡུ་བ་ནི། དེ་རྣམས་བསྒྲུབ་པ་ལ་བསྐུལ་བར་བསྒོམ་པའོ། །དོན་མཐུན་པ་ནི། རང་ཆོས་དང་མཐུན་པར་སྤྱོད་པ་ཡིན་གསུང་།
བརྒྱུད་ནས་ཕན་འདོགས་པར་བྱེད་པ་
ལ་མགྲོན་ཁང་བྱེད་པ་དང་། ལམ་འཕྲང་འཆོས་པ་དང་། ཆོས་ཟབ་མོ་བརྩམས་ནས་འཇོག་པ་དང་། ཟམ་པ་འཛུགས་པ་ལ་སོགས་པའོ། །རྐུན་བུའི་ཕན་འདོགས་པ་ནི། ཆོས་དང་ཟང་ཟིང་མཐར་ཐུག་གིས་སྐྱེལ་བའོ།།
དེ་ལ་དང་པོ་སྙིང་རྗེའི་ངོ་བོ་ངོས་བཟུང་ན། བརྩེ་བ་ཤས་མི་བཟོད་པ་བྱ་བ་ཡིན་གསུང་། དཔེར་ན་མ་བུ་གཅིག་པ་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ལ། བུ་དེ་མེས་ཚིག་པ་ལ་སོགས་པ་བྱུང་ན། མ་དེ་ལ་མི་བཟོད་པ་བརྩེ་རམ་པ་ཞིག་འོང་བ་དེ་དང་འདྲ་བར་ཡིན་གསུང་། དེ་ལ་སྙིང་རྗེ་བསྒོམ་ན་མའི་སྡུག་བསྔལ་བསམ་ལ་སྙིང་རྗེ་བསྒོམ། ད་ཡང་ངན་སོང་གཉིས་ཀྱི་སྡུག་བསྔལ་བསམས་ནས་སྙིང་རྗེ་བསྒོམ། སེམས་ཅན་ཐམས་ཅད་མ་ཡིན་པས་མ་དྲིན་ཅན་རྣམས་འགྲོ་བ་རིགས་དྲུག་ཏུ་སྐྱེས་པའི་དུས་སྡུག་བསྔལ་དཔག་ཏུ་མེད་པ་སྤྱོད་དེ། དམྱལ་བ་ན་ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉེ་ཚེ་བ་དང་། ཉེ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམས་ནས་སྙིང་རྗེ་བསྒོམ། ཡི་དྭགས་ལ་བཀྲེས་སྐོམ། བྱོལ་སོང་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་ལ་སྐྱེ་འཆིའི་སྡུག་བསྔལ། དགྲ་སྡང་བ་དང་ཕྲད་ཀྱི་དོགས། གཉེན་བྱམས་པ་དང་བྲལ་གྱི་དོགས། ཡོད་པ་འཚོ་སྐྱོང་སོ་ནམ། མེད་པ་བཙལ་ཐབས་མེད་པའི་སྡུག་བསྔལ་རྣམས་ཡོད་དོ།།
ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་དང་། ལྷ་ལ་ཡང་གོས་ལ་དྲི་མ་ཆགས་པ་དང་། མེ་ཏོག་གི་རྒྱན་སྙིགས་པ་དང་། ལུས་ལ་དྲི་མི་ཞིམ་པ་བྲོ་བ་དང་། རང་གི་སྟན་ལ་འདུག་སྙིང་མི་འདོད་པ་དང་། ལྷ་མོ་རྣམས་ཀྱིས་བོར་བ་དང་། རྟགས་ལྔ་བྱུང་བ་དང་། ཉ་བྱེ་ཚན་ལ་སྒྲེས་པ་ལྟ་བུའི་སྡུག་བསྔལ་བསམས་པས་སྙིང་རྗེ་བརྩེ་རམ་པ་སྐྱེ། ནག་པོའི་རྒྱུ་འབྲས་འཁོར་བའི་ཉེས་དམིགས་འདི་རྣམས་རྒྱས་པར་བསྒོམ་མོ།།
ཡང་ན་རང་གི་རྩ་བའི་མ་དེ་དམྱལ་བར་སྐྱེས་ན་མའི་ཁོང་བུའི་ནང་ན་ཡར་ཁྲོ་ཆུ་ཁོལ་མ་ལྷུད་ལྷུད་པ་བསམས་པ་དང་སྙིང་རྗེ་སྐྱེ། ཡང་རྩ་བའི་མ་དེ་ཡི་དྭགས་སུ་སྐྱེས་ནས་ཤ་ཁྲག་རྐང་མཐིལ་ཐམས་ཅད་རུས་མགོ་པགས་པས་བཏུམས། སྔོན་གྱི་ཤ་རྗེས་འདྲ་བ་ཙམ་ཞིག་ལ་ཕད་ཧྲུལ་ཅིག་རྒྱབ་ཏུ་བཀབ། ལག་པ་སྔོ་ནར་ལ་མ་ནི་ཡི་དྭགས་སུ་སྐྱེས། བུ་ལ་བཟའ་རྒྱུ་སྦྱིན་པ་འདྲ་མེད་དམ་ཟེར་བར་བསྒོམ་ན། སྙིང་རྗེ་རང་དབང་མེད་པ་སྐྱེ།
ཡང་ན་རང་གི་མ་དེ་རྣ་བ་ལ་སོགས་རི་དྭགས་ཅིག་ཏུ་སྐྱེས་པ་ལ། རྔོན་པས་ཁྱི་བཀྱེ་ནས་བྲོས་པས་བྲག་ལ་ལྷུང་ནས་ལྟི་ལྟོ་གུད་དུ་ཕུངས་བྱུང་བར་བསྒོམས་ན། རང་དབང་མེད་པར་སྙིང་རྗེ་སྐྱེ་གསུང་། དེ་རྣམས་ལ་ཡུན་རིང་པོ་མ་བསྒོམ་པར་ཡུད་ཙམ་རེ་བསྒོམ་གསུང་།
དེ་ལྟར་བྱས་ནས་སྙིང་རྗེ་མ་སྐྱེས་ན། རྒྱུ་ལ་སྐྱེ་ཐབས་ལ་བཞི་ལས། མ་ལ་དཔགས་ནས་སྙིང་རྗེ་བསྒོམ་པ་དང་། རང་ལ་དཔགས་ནས་སྙིང་རྗེ་བསྒོམ་པ་དང་། བླ་མ་དཀོན་མཆོག་ལ་དཔགས་ལ་བསྒོམ་པ་དང་། སངས་རྒྱ་བ་ལ་སྙིང་རྗེ་མེད་ཐབས་མེད་པར་བསྟན་པའོ། །མ་ལ་བརྟེན་ནས་བསྒོམ་པ་ནི།
སྡང་དགྲ། གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མ་ཡིན་པས་དུས་གཅིག་ལ་བསྒོམ་སྟེ། དེ་ཡང་སྡང་དགྲ་གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་དཔག་ཏུ་མེད་པ་ནས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་གྱིས་རྒས་ཤིང་འཁོགས་པ་འདི་རྣམས་སྙིང་རེ་རྗེ། ཆོག་ཤེས་བསམ་གཏན་གྱི་ཟག་མེད་ལ་དབུལ་ཞིང་འཕོངས། བཀྲེས་ཤིང་སྐོམ་པ་འདི་སྙིང་རེ་རྗེ། ཐོས་བསམ་སྒོམ་གསུམ་ཤེས་རབ་ཀྱི་མིག་ཀྱང་མེད་ལ། ཆུ་བུར་གྱི་མིག་ཀྱང་མེད། ལོང་བ་འདི་སྙིང་རེ་རྗེ། སེམས་ལ་རང་དབང་མ་ཐོབ། འཁྲུལ་པ་ཆགས་སྡང་གི་དབང་དུ་ཤོར་ཅིང་། རང་སེམས་སྨྱོན་པར་སོང་བ་འདི་སྙིང་རེ་རྗེ། ཕན་ཚུན་གཅིག་ལ་གཅིག་འཚེ་ཞིང་འཁོར་མཁན་མེད་པ་འདི་སྙིང་རེ་རྗེ། ཞེས་པའམ། ཡང་ན་ཕན་འདོགས་པ་མེད་པ་འདི་སྙིང་རེ་རྗེ། ཞེས་རྒྱུ་མཚན་རྣམ་པ་ལྔ་ལ་བརྟེན་ནས་སྙིང་རྗེ་བསྒོམ།
རང་ལ་དཔེ་འགྲེས་ནས་བསྒོམ་པ་ནི།
རང་ལ་ཉོན་མོངས་པ་དང་ཆགས་སྡང་སྐྱེ་དུས། ཁྱོད་བླ་མ་དམ་པ་དང་ཡང་མཇལ། རྗེ་དང་གྲོགས་ཀྱིས་སྐྱོང་། གདམས་ངག་ཉམས་སུ་ལེན་ཤེས་པ་ཡང་ཉོན་མོངས་ཆགས་སྡང་སྐྱེ་བ་ཁྱོད་ཁོ་ན་སྙིང་རེ་རྗེ། ཁྱོད་ད་རུང་ཞེ་སྡང་སྐྱེ་བ་སྙིང་རེ་རྗེ། ཞེ་སྡང་གིས་ནི་དམྱལ་བར་སྐྱེ་བ་ཡིན་ན། འདོད་ཆགས་སྐྱེ་བ་སྙིང་རེ་རྗེ། འདོད་ཆགས་ཀྱིས་ནི་ཡི་དྭགས་སུ་སྐྱེ་བ་ཡིན་ན། གཏི་མུག་སྐྱེ་བ་སྙིང་རེ་རྗེ། གཏི་མུག་གིས་ནི་བྱོལ་སོང་དུ་སྐྱེ་བ་ཡིན་ན། ང་རྒྱལ་སྐྱེ་བ་སྙིང་རེ་རྗེ། ང་རྒྱལ་གྱིས་ནི་དམན་པའི་རིགས་ངན་དུ་སྐྱེ་བ་ཡིན་ན། ཁྱོད་ཁོ་ན་སྙིང་རེ་རྗེ་སྙམ་པ་བསམ།
དེ་ནས་ཡང་
རང་ལ་དཔེ་འགྲེས་ལ་སེམས་ཅན་ལ་བསྒོམ་
སྟེ། བདག་བླ་མ་དམ་པ་དང་མཇལ། གདམས་ངག་ཉམས་སུ་ལེན་ཤེས། རྗེས་གྲོགས་ཀྱིས་སྐྱོང་ཡང་། ད་ང་འདི་འདྲ་ན། ངའི་ཨ་མ་བླ་མ་དམ་པ་དང་མ་མཇལ། གདམས་ངག་ཉམས་སུ་ལེན་ནི་མི་ཤེས་པ། རྗེ་དང་གྲོགས་ཀྱིས་སྐྱོང་མཁན་ཀྱང་མེད་པ། རྒྱུ་ཉོན་མོངས་པ་སྐྱེ་ཞིང་འབྲས་བུ་སྡུག་བསྔལ་སྐྱེ་བ་སྙིང་རེ་རྗེ།
ན་ཚ་བྱུང་བའི་དུས་སུ་རང་ལ་བསྒོམ་པ་བྱས་པས། ནད་འདོན་པ་འདི་ཀ་ཆེ་བ་བྱུང་། སྡུག་བསྔལ་རང་རྒྱུད་དུ་སྤྱོད་པ་ཨ་མ་སེམས་ཅན་རྣམས་སྙིང་རེ་རྗེ། སྙམ་དུ་བསམ་གསུང་། དེ་ལ་རྗེའི་ཞལ་ནས།
སྙིང་རྗེ་བསྒོམ་པ་ཐམས་ཅད་ཀྱི་ནང་ནས། རང་ལ་བསྒོམ་པ་འདི་གནད་ཆེ་བ་ཡིན། རང་ལ་སྐྱེས་ན་གཞན་ལ་སྐྱེ་བ་ལ་ཚེགས་མེད་པ་ཡིན་
གསུང་།
བླ་མ་དཀོན་མཆོག་ལ་བསམས་ལ་སྙིང་རྗེ་བསྒོམ་པ་ནི།
བླ་མ་དཀོན་མཆོག་ལ་བསམ་དུ་ནི་སེམས་ཅན་དོན་ལས་མེད། དེ་ཚིགས་སུ་བཅད་པ་གཅིག་པ་ལས།
སེམས་ཅན་རྣམས་ལ་ཕན་པའི་མཆོག་ནི་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་རྣམས་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །ང་ཡི་གཟུགས་ཀྱི་སྐུ་ནི་སེམས་ཅན་དོན་དུ་བསྒྲུབ་པ་ཡིན། །
ཞེས་གསུངས། དྲིན་ལན་བསབ་པའི་མདོ་ལས་ཀྱང་།
ངའི་དྲིན་ལན་བསབ་པར་འདོད་པས་སེམས་ཅན་རྣམས་ལ་བུ་གཅིག་པའི་འདུ་ཤེས་བསྐྱེད་ཅིང་དྲན་པར་བྱ།
ཞེས་པ་དང་། བ་ཚྭ་ཅན་ཆུ་རླུང་གི་མདོ་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ཁར། ཉན་ཐོས་ཆེན་པོ་གནས་བརྟན་བཅུ་དྲུག་གིས་ཆོས་ཞུས་པས། སངས་རྒྱས་ཀྱི་ཞལ་ནས།
སེམས་ཅན་གྱི་དོན་བྱས་ན་ངའི་དོན་བྱས། སེམས་ཅན་བདེ་ན་ང་བདེ། སེམས་ཅན་སྡུག་ན་ང་སྡུག །སེམས་ཅན་མགུ་ན་ང་མགུ།
ཞེས་གསུང་། དེས་ན་སྙིང་རྗེ་བཟོད་གླགས་མེད་པ་ཞིག་ཡོད་ན། འཕགས་པ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་དགོངས་ཀྱང་དེས་རྫོགས་གསུང་། སྙིང་རྗེ་བཟོད་གླགས་མེད་པ་གཅིག་གིས་འགྲོ་དོན་བྱས་ན། འགྲོ་དོན་ཐམས་ཅད་ཀྱང་ཇེ་ཆེ་ལ་འགྲོ། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་མཉེས་ནས་འགྲོ་དོན་གྱིས་གྲོགས་བྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འགྲོ་དོན་གྱིས་གྲོགས་མཛད་པས་འགྲོ་དོན་ཐམས་ཅད་དུ་རྩོལ་མེད་དུ་འགྲུབ་པ་ཡིན། ད་ལྟ་ཡང་འགྲོ་དོན་མི་འགྲུབ་པ་ཐམས་ཅད་སྙིང་རྗེ་མེད་པར་རང་འདོད་དུ་སོང་བའི་རྟགས་ཡིན་གསུང་། དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དགོངས་ལ་སེམས་ཅན་གྱི་དོན་མཛད་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ལས་མེད་དེ། ཆོས་ཡང་དག་པར་བསྡུད་པའི་མདོ་ལས་ཀྱང་།
སྤྱན་རས་གཟིགས་ཀྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཆོས་མང་པོ་ལ་བསླབ་པར་མི་བགྱི། གཅིག་ལ་བསླབ་པར་བགྱི། ཆོས་གཅིག་རྟོགས་ཤིང་ཁོངས་སུ་ཆུད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་པའི་མཐིལ་ན་མཆིས་ཏེ། གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོ་
ཞེས་གསུངས། ལག་ལེན་ལ། བླ་མ་དཀོན་མཆོག་རྣམས་ལ་བསམ་དུ་སེམས་ཅན་གྱི་དོན་ལས་མེད་པས། བླ་མ་དཀོན་མཆོག་གི་ཐུགས་དགོངས་རྫོགས་པའི་ཆེད་དུ། སྙིང་རྗེས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱའོ་ཞེས་བརྗོད།
སངས་རྒྱ་བ་ལ་སྙིང་རྗེ་མེད་ཐབས་མེད་པར་བསྟན་པ་ནི།
སངས་རྒྱ་བ་ལ་བྱམས་སྙིང་རྗེ་མེད་ཐབས་མེད་དེ། དེར་སྙིང་རྗེ་ཡོད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞིག་འོང་སྟེ། སྙིང་རྗེ་ཡོད་ན་སེམས་ཅན་ལ་ནོར་རྫས་ཀུན་ལྟ་ཅི་སྨོས་ཏེ། མགོ་དང་རྐང་ལག་སྟེར་ནུས་པས་སྦྱིན་པ། སེམས་ཅན་གྱི་དོན་འབའ་ཞིག་བྱེད་པ་ལ་རང་འདོད་ཀྱི་དྲི་མ་མེད་པས། དེ་ལ་ཉེས་ལྟུང་གིས་གོས་པ་མེད་པས་ན་ཚུལ་ཁྲིམས། མགོ་དང་རྐང་ལག་གཅོད་དུ་བྱུང་ཡང་སླར་ཐུགས་རྗེའི་གྲོགས་སུ་འགྲོ་བས་ན་བཟོད་པ། སེམས་ཅན་གྱི་སྡུག་བསྔལ་མཐོང་བས་རང་ཞི་བདེའི་བསམ་པ་སྐད་ཅིག་ཀྱང་མི་སྡོད་པར་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱེད་པས་ན་བརྩོན་འགྲུས་ཡིན་གསུང་། ད་ལྟ་བརྩོན་འགྲུས་མེད་པ་རྣམས་སྙིང་རྗེ་མེད་པའི་སྐྱོན་ཡིན་གསུང་། སྙིང་རྗེ་ཡོད་པའི་རྟེན་གྱིས་གང་ཟག་དེ་ལ། བསམ་གཏན་གྱི་ལས་སུ་རུང་བ་དེ་ཡིན། ཤེས་རབ་ནི་སེམས་རྣམ་པར་དག་པ་ཡིན་གསུང་། དེས་ན་སྙིང་རྗེ་ཡོད་ན་སངས་ལ་མི་རྒྱ་བའི་ཁ་ཐབས་མེད་དེ། ད་འོ་སྐོལ་རྣམས་སངས་མ་རྒྱས་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་པས་ལན་གསུང་། ད་ལག་ལེན་ལ་སངས་རྒྱས་པ་ལ་སྙིང་རྗེ་མེད་ཐབས་མེད་པས་ལུས་དང་སྲོག་ལ་མ་ལྟོས་པར་སེམས་ཅན་གྱིས་དོན་བྱའོ། །ཞེས་བརྗོད་ལ་སྙིང་རྗེ་བསྒོམ་གསུང་།
སྙིང་རྗེ་མ་སྐྱེས་པའི་སྐྱོན་ནི།
སྦྱང་གཞི་སྒྲིབ་གཉིས་མི་བྱང་བའི་སྟོབས་ཀྱིས་ཡོན་ཏན་ཚོགས་གཉིས་མི་རྫོགས་པའི་སྐྱོན་ཡོང་གསུང་།
སྙིང་རྗེ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ནི། སྙིང་རྗེ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན། གནས་སྐབས་སུ་མི་དགེ་བདུན་པོ་རྣམས། མཐར་ཐུག་ཏུ་སྒྲིབ་གཉིས་བྱང་བ་དང་། ཚོགས་གཉིས་མ་ལུས་པ་རྫོགས་ནས་སྐུ་གསུམ་མཛད་པ་དང་བཅས་པས་སངས་རྒྱ་གསུང་ངོ་། ། དམ་ཚིག་ནི་
རང་ཞེ་སྡང་རྒྱུད་ལ་སྤངས་ནས། ཁྱད་པར་དུ་སྡོམ་པ་ཉི་ཤུ་པ་ལས་སོགས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པ་བཞིན་དུ་ཉམས་སུ་བླངས་ལ་ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱ་གསུང་ངོ་།།
བྱེད་པའི་ལག་ལེན་ནི།
ཕན་འདོགས་ཤིང་བདེ་སྡུག་རྗེ་བ་ཡིན། རང་གི་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བྱ་གསུང་།
དེ་ལ་ཡིད་དངོས་གཉིས་ལས། ཡིད་ཀྱིས་
བརྗེ་ན་སེམས་བསྐྱེད་པ་ལ་སོགས་གོང་ལྟར། དེ་ནས་སྨོན་འཇུག་གཉིས་ལག་ལེན་ལ་གདབ་ཀྱི།
དེ་ལ་གསུམ་ལས། སྔོན་འགྲོ་སྙིང་རྗེ་བསྒོམ་པ་ནི།
ཨ་མ་སེམས་ཅན་རྣམས་རྒྱུད་ཉོན་མོངས་པས་མནར། འབྲས་བུ་དུཿཁས་མནར། རྐྱེན་དགེ་བའི་བཤེས་གཉེན་དང་མ་འཕྲད་པས་དུཿཁ་རང་རྒྱུད་དུ་སྤྱོད་པའི་ཨ་མ་སེམས་ཅན་ལ་སྙིང་རྗེ་བསྒོམ།
དངོས་གཞི་སྡུག་བསྔལ་བསྡུ་ཞིང་སྨོན་ལམ་གདབ་པ་ནི།
སེམས་ཅན་ཐམས་ཅད་ཀྱི་དུཿཁ་བདག་ལ་སྨིན་ཅིང་། ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་པས་ཐུགས་ཁ་ནས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་དང་དུཿཁ་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་བདག་གི་ཐོག་ཏུ་བྱུང་བར་བསམ། བདག་གི་རྒྱུད་ཐོག་ཏུ་སླེབས་པ་དང་བདེ་སྟོང་དང་ལྡན་པར་བསམ།
དེ་ལ་བསྔོ་བ་ནི།
བདག་གིས་དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་དུཿཁ་དང་བྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་སྨོན་ལམ་གདབ་པ་ནི་ལག་ལེན་ནོ།།
འཇུག་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་རང་འདོད་མེད་པ་ནི།
བདག་ལ་ཅིས་ཀྱང་དགོས་པ་མེད་དོ། །རང་དོན་འཁོར་བའི་བདེ་འབྲས་ཀྱིས་ཀྱང་དགོས་པ་མེད་དོ། །ཉན་རང་གི་བྱང་ཆུབ་ཀྱིས་ཀྱང་དགོས་པ་མེད་དོ་སྙམ་པའི་དགོས་མེད་བསྒོམ་མོ།།
དངོས་གཞི་ལ་སྙིང་རྗེ་བསྒོམ་པ་ནི།
རྒྱུ་འབྲས་ལ་དུཿཁས་མནར་བའི་ཨ་མ་སེམས་ཅན་རྣམས་སྙིང་རྗེ་སྙམ་དུ་བསྒོམ་གསུང་།
རྗེས་ལ་བདེ་སྡུག་བརྗེ་བ་ནི།
དམྱལ་བ་ལ་སོགས་པའི་རིགས་དྲུག་གི་གནས་སུ་སྐྱེ་བར་གྱུར་ཅིག །ཅེས་པས། རིགས་དྲུག་སོ་སོའི་གནས་སུ་སེམས་ཅན་རེ་རེའི་མདུན་དུ་ཐུགས་རྗེ་ཆེན་པོ་རེ་ཀྲོང་ངེ་བྱུང་བར་བསམ་ལ། དེར་སྐྱེས་པ་དང་སྐྱོ་བ་དང་དུབ་པ་མེད་པར་སེམས་ཅན་གྱི་དུཿཁ་འཁུར་ནུས་པར་གྱུར་ཅིག །སེམས་ཅན་གྱི་ནད་དང་གདོན་ཐམས་ཅད་བདག་གི་ཐོག་ཏུ་བྱུང་བས། ཟག་པ་མེད་པའི་བདེ་བ་དང་ལྡན་པར་བསམ། དེའི་དགེ་བའི་རྩ་བ་དེ་ལ་བརྟེན་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་བསམ་མོ། །དེ་ལྟ་བུ་སྒོམ་པ་ནི་ཡིད་ཀྱིས་བརྗེ་བའོ།།
དངོས་སུ་ཕན་འདོགས་པའི་ཏིང་ངེ་འཛིན་གྱི་ནི། རྒྱུ་དང་འབྲས་བུ་གཉིས་ལས། རྒྱུ་ལ་ཕན་གདགས་པ་ནི།
ཨ་མ་མ་རིག་གཏི་མུག་ཅན་ཚོ་སྙིང་རེ་རྗེ། སྙིང་རེ་རྗེ། མ་རིག་གཏི་མུག་དེ་བདག་གིས་བླང་ངོ་། །བདག་གི་ཤེས་རབ་འོད་གསལ་འདི་ཕར་ལ་སྦྱིན་ནོ། །དེའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཤེས་རབ་འོད་གསལ་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག། ཨ་མ་འདོད་ཆགས་སེར་སྣ་ཅན་ཚོ་སྙིང་རེ་རྗེ། འདོད་ཆགས་སེར་སྣ་དེ་བདག་གིས་བླང་། བདག་གི་ཞེན་ལོག་དགོས་མེད་འདི་ཕར་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཞེན་ལོག་དགོས་མེད་དང་ལྡན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་ཞེ་སྡང་ཁོན་འཛིན་ཅན་ཚོ་སྙིང་རེ་རྗེ། ཞེ་སྡང་ཁོན་འཛིན་དེ་བདག་གིས་བླང་། བདག་མེད་སྤྱི་ཁུར་དེ་ཕར་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདག་མེད་ཀྱི་ཁུར་དང་ལྡན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་ཕྲག་དོག་འགྲན་སེམས་ཅན་ཚོ་སྙིང་རེ་རྗེ། ཕྲག་དོག་འགྲན་སེམས་དེ་བདག་གིས་བླང་། བདག་གིས་སྒྱུ་མ་ངོ་མཚར་ཅན་འདི་ཕར་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་སྒྱུ་མ་ངོ་མཚར་ཅན་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་ལོག་ལྟ་ཅན་ཚོ་སྙིང་རེ་རྗེ། ལོག་ལྟ་ཐེ་ཚོམ་དེ་བདག་གིས་བླང་། བདག་གིས་དག་པའི་ཡེ་ཤེས་དེ་ཕར་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་དག་པའི་ཡེ་ཤེས་དང་ལྡན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་ཏིང་ངེ་འཛིན་ལ་ཡང་དེ་ལྟར་བསྒོམ་མོ།།
གཉིས་པ་འབྲས་བུ་ལ་ཕན་འདོགས་པ་ནི།
སྲོག་གཅོད་པའི་དུཿཁ་ཆེན་པོ་སྙིང་རེ་རྗེ། བདག་གི་སྲོག་གཅོད་པ་སྤངས་པའི་དགེ་བ་འདི། ཨ་མ་སྲོག་གཅོད་པའི་དུཿཁ་ཅན་ཚོ་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་སྐྱེ་འཆི་མེད་པའི་སྐུ་དང་ལྡན་ནས་བླ་ན་མེད་པའི་སྐུ་ཐོབ་པར་གྱུར་ཅིག།
ཨ་མ་ན་ཚའི་དུཿཁ་ཅན་ཚོ་སྙིང་རེ་རྗེ། ན་ཚའི་དུཿཁ་དེ་བདག་གིས་བླང་ངོ་། །བདག་གི་ནད་མེད་ཟག་མེད་ཀྱི་བདེ་བ་དེ་ཨ་མ་ན་ཚའི་དུཿཁ་ཅན་ཚོའི་རྒྱུད་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ནད་མེད་རྡོ་རྗེའི་སྐུ་དང་ལྡན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་བཀྲེས་སྐོམ་གྱི་དུཿཁ་ཅན་ཚོ་སྙིང་རེ་རྗེ། བཀྲེས་སྐོམ་གྱི་དུཿཁ་བདག་གིས་བླང་། བདག་གི་བཟའ་བཏུང་ཕུན་སུམ་ཚོགས་པའི་བདེ་བ་དེ། ཨ་མ་བཀྲེས་སྐོམ་གྱི་དུཿཁ་ཅན་ཚོའི་རྒྱུད་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་ཟས་དང་ལྡན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་འཁྱགས་པའི་དུཿཁ་ཅན་ཚོ་སྙིང་རེ་རྗེ། འཁྱགས་པའི་དུཿཁ་དེ་བདག་གིས་བླང་ངོ་། །བདག་གི་སྟན་བདེ་མོ་གོས་དྲོན་མོའི་བདེ་བ་འདི། ཨ་མ་སེམས་ཅན་འཁྱགས་པའི་དུཿཁ་ཅན་ཚོའི་རྒྱུད་ལ་ཕར་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་བདེ་དྲོད་གཏུམ་མོའི་གོས་དང་ལྡན་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་དགྲ་སྡང་གིས་མནར་བའི་དུཿཁ་ཅན་ཚོ་སྙིང་རེ་རྗེ། དགྲ་སྡང་གིས་དུཿཁ་དེ་བདག་གིས་བླང་ངོ་། །བདག་གི་དགྲ་ཕ་མར་ཤེས་པའི་བདེ་བ་འདི། ཨ་མ་དགྲ་སྡང་གིས་མནར་བའི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་འདི་ལ་བརྟེན་ནས། སེམས་ཅན་ཐམས་ཅད་གནོད་པ་བྱེད་པ་ལས་ཕན་པ་བསྒྲུབ་པར་གྱུར་ཅིག།
ཨ་མ་གཉེན་བྱམས་པ་དང་བྲལ་བ་ཚོ་སྙིང་རེ་རྗེ། ཨ་མ་གཉེན་བྱམས་པ་དང་བྲལ་བའི་དུཿཁ་དེ་བདག་གིས་བླང་། བདག་གིས་འབྲེལ་མེད་དུ་ཤེས་པའི་དགེ་བ་འདི། ཨ་མ་གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ་ཅན་གྱི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་བརྩེ་གདུང་འབྲལ་མེད་དུ་ཤེས་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་གདོན་གྱིས་ཉེན་པའི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་གདོན་གྱིས་མནར་བའི་སྡུག་བསྔལ་དེ་བདག་གིས་བླང་། བདག་གིས་རང་སྣང་སྒྱུ་མར་ཤར་བའི་བདེ་བ་འདི། ཨ་མ་གདོན་གྱིས་ཉེན་པའི་སྡུག་བསྔལ་ཅན་ཚོའི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདག་འཛིན་བློས་ཐོངས། དམིགས་མེད་ཀྱི་སྙིང་རྗེ་འབྱོངས། ཉམ་ང་བག་ཚ་དང་བྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་ངལ་དུབ་ཀྱི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་ངལ་དུབ་ཀྱི་སྡུག་བསྔལ་དེ་བདག་གིས་བླང་། བདག་གི་མགྱོགས་དང་གཞོན་པའི་བདེ་བ་འདི། ཨ་མ་ངལ་དུབ་ཀྱི་སྡུག་བསྔལ་ཅན་གྱི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ལུས་ཡངས་སེམས་བདེ། བྱ་བ་ཉམས་འོག་ཏུ་ཚུད། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག། ཨ་མ་མི་ཁ་གཏམ་ངན་གྱི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་མི་ཁ་གཏམ་ངན་གྱི་སྡུག་བསྔལ་དེ་བདག་གི་རྒྱུད་ལ་བླང་། བདག་གིས་སྒྲ་གྲགས་སྟོང་དུ་ཤེས་པའི་བདེ་བ་འདི། ཨ་མ་མི་ཁ་གཏམ་ངན་ཅན་གྱི་སྡུག་བསྔལ་གྱི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་སྙན་པ་ནམ་མཁའ་དང་མཉམ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག།
ཨ་མ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་སྡུག་བསྔལ་སྣ་ཚོགས་འདི་བདག་གིས་བླང་། བདག་གི་བདེ་བ་ཕུན་སུམ་ཚོགས་པ་འདི། ཨ་མ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ནས། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་ཏིང་ངེ་འཛིན་དང་ལྡན་པས་ལག་ལེན་ལ་འདེབས་པ་ཡིན་གསུང་།
འགམ་སྤྱོད་དང་མཐར་ཐུག་གི་བསྐྱལ་ས་གཉིས་
བྱམས་སྙིང་རྗེ་གཉིས་ཀར་དྲིལ་ནས་འདིར་སྟོན་ཏེ། སྤྱིར་བྱམས་པ་དང་སྙིང་རྗེའི་འགམ་སྤྱོད་ལ་ཅི་བྱེད་ཐམས་ཅད་ཀྱི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཟིན་པར་བྱེད། དངོས་གཞི་ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད། མཇུག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་སྨོན་ལམ་དཔག་མེད་འདེབས་པ་ཡིན་གསུང་། ཁྱད་པར་དུ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སྡུག་བསྔལ་ཐམས་ཅད་བདག་གི་ཐོག་ཏུ་སྨིན་ཅིང་ཟག་པ་མེད་པའི་བདེ་བར་འཆར་བར་ཤོག་ཅིག །ཅེས་སྨོན་ལམ་གདབ།
བརྒྱད་པ་བྱམས་སྙིང་རྗེའི་མཐར་ཐུག་གི་སྐྱེལ་ས་ལ།
བདག་གིས་དུས་གསུམ་གྱི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་སྡང་དགྲ་གནོད་བགེགས་གཞི་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དུས་གཉིས་དང་གནས་སྐབས་མ་ལུས་ཐམས་ཅད་དུ། ཕན་ཚུན་ཕན་བཏགས་པ་དང་གནོད་པ་སྐྱལ་བ་ཐམས་ཅད་ལམ་ལོག་པ་དང་། བཏང་སྙོམས་སུ་སྐད་ཅིག་ཀྱང་མི་འགྲོ་བར་རང་གཞན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་པའི་སྨོན་ལམ་ཡང་ནས་ཡང་དུ་གདབ་གསུང་།
དེ་ལ་བྱམས་སྙིང་རྗེ་དང་ལྡན་པའི་གང་ཟག་དེ་ལ་གནོད་པ་སྐྱལ་ཀྱང་བྱམས་པས་འབྲེལ་ཐོགས་ནས་སྙིང་རྗེས་རྗེས་སུ་འཛིན། དེ་ཡིས་སྡུག་བསྔལ་ཐམས་ཅད་བསལ་ནས་བདེ་བ་ལ་འགོད་པ་ཞིག་འོང་བ་ཡིན། དེ་ཡང་མཐར་ཐུག་གི་སྐྱེལ་ས་བྱམས་པ་ཡིན་གསུང་ངོ་།།
དེའི་རྗེས་ལ་ལྷག་པའི་བསམ་པ་བསྒོམ།
དེ་ལ་རྣམ་པ་གསུམ་ཡིན་གསུང་། ལྷག་པའི་བསམ་པ་སྐྱེ་བའི་རྒྱུ་སྙིང་རྗེ་ཡིན། ལྷག་བསམ་གྱི་ངོ་བོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་འཛོམ་འདོད་སྤྲོ་དགའ་ཡིན་གསུང་། ལག་རྗེས་ལ་ཕྲག་དོག་རྩ་བ་ནས་ཞི་བ་ཡིན་གསུང་།
དེའི་རྗེས་ལ་སྨོན་པའི་སེམས་བསྒོམ་སྟེ།
དེ་ལ་རྣམ་པ་གསུམ་ཡིན་གསུང་། སྨོན་པ་སྐྱེ་བའི་རྒྱུ་ལྷག་པའི་བསམ་པ་ཡིན་གསུང་། ངོ་བོ་རང་གཞན་མ་ལུས་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་གཏོང་བ་ཡིན། ལག་ལེན་ལ་འཇུག་པའི་སེམས་བསྐྱེད་ལག་ལེན་ལ་འདེབས་པ་ཡིན་གསུང་།
དེ་ལ་སྨོན་པ་བསྒོམ་པ་ནི།
སྤྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཆོས་བཤད་པ་བྱ་དགོས། ཆོས་གཅིག་ཁོ་ན་བཤད་ཀྱང་། ལ་ལའི་དགེ་རྐྱེན་ལ། ལའི་སྡིག་རྐྱེན་བྱེད། ལ་ལ་མགུ་སྟེ། ལ་ལ་མི་མགུ། འོ་སྐོལ་གྱི་ཕུང་པོ་འདིས་སེམས་ཅན་གྱི་དོན་བྱ་བ་བྱས། རེ་རེ་གཉིས་གཉིས་ཀྱི་དོན་ཡང་མ་བྱུང་། འོ་ཅག་པས་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་མ་བྱུང་། དེ་བས་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་མིའི་བདག་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོས་ཀྱང་མ་བྱུང་། འདོད་ཁམས་ཀྱི་བདག་པོ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་མ་བྱུང་། གཟུགས་ཁམས་ཀྱི་བདག་པོ་ལྷ་ཚངས་པས་ཀྱང་མ་བྱུང་། ཉན་ཐོས་དང་རང་སངས་རྒྱས་རྣམ་པར་ཐར་པ་བརྒྱད་ལ་མངའ་བརྙེས་པ་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་ཏེ། དེ་རྣམས་ཀྱིས་ཀྱང་མ་བྱུང་། དེ་བས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་དེ། ཡོན་ཏན་རྒྱ་དང་ཚད་ཡོད་གསུང་།
འོ་ན་སེམས་ཅན་གྱི་དོན་སུས་ནུས་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་བྱ་བ་ཆོས་ཀྱི་སྐུ་ལས་མ་གཡོས་པ་ལ། སེམས་ཅན་རེ་རེའི་མདུན་དུ་སྐུ་དཔག་ཏུ་མེད་པ་དེ་འདྲ་བ་ཞིག་ཐོབ་ན་ནི་ནུས། མ་ཐོབ་ན་ནི་མི་ནུས་སྙམ་དུ། རྗེས་སུ་འགྲོ་ཟློག་ཤེས་པར་བྱས་ལ།
སངས་རྒྱས་རྗེས་དྲན་བསྒོམ་པ་ནི། དེ་ལ་རྒྱུ་ལ་རྗེས་སུ་དྲན་པ། འབྲས་བུ་ལ་རྗེས་སུ་དྲན་པ། ཕྲིན་ལས་ལ་རྗེས་སུ་དྲན་པའོ། །དེ་ལ་དང་པོར་རྒྱུ་སངས་རྒྱས་པར་བསྒོམ་པ་ནི།
བསྐལ་པ་བཟང་པོའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་གི་སངས་རྒྱས་ཀྱི་རྒྱུད་གསུངས། དེ་བསྡུ་ན་ཕ་རོལ་ཕྱིན་པ་ཉི་ཤུ་རྩ་གཅིག་ཏུ་འདུས། དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་སུམ་ཅུ་རྩ་དྲུག་ཏུ་འདུས། དེ་བསྡུ་ན་དྲུག་གསུམ་བཅོ་བརྒྱད་དུ་འདུས། དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ཐམ་པར་འདུས། དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས། དེ་བསྡུ་ན་བསླབ་པ་གསུམ་དུ་འདུས། དེ་བསྡུ་ན་ཐབས་ཤེས་རབ་ཏུ་འདུས། དེ་བསྡུ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འདུས་གསུང་། སངས་རྒྱས་ཀྱི་ཆོས་སྐུ་ཉེ་བར་ལེན་པའི་རྒྱུ་སྟོང་ཉིད་ཡིན། སྙིང་རྗེ་ལྷན་ཅིག་བྱེད་པའི་རྐྱེན་ཡིན། ཡང་གཟུགས་སྐུ་ཉེ་བར་ལེན་པའི་རྒྱུ་སྙིང་རྗེ་ཡིན། ལྷན་ཅིག་བྱེད་པའི་རྐྱེན་སྟོང་པ་ཉིད་ཡིན། དེ་ཡང་བློ་གྲོས་མི་ཟད་བརྒྱད་ཅུ་ལས། བསོད་ནམས་གྱི་གཏེར་མི་ཟད་པས་བསོད་ནམས་ཀྱི་རྒྱུར་གསུངས་པས། འཇིག་རྟེན་ཁམས་ཀྱི་ཉན་ཐོས་དང་སོ་སོ་སྐྱེ་བོ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཇི་སྙེད་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་བཅུ་འགྱུར་དུ་སྒྱུར་བས་སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་འགྲུབ། བ་སྤུ་རེ་རེ་ལའང་རྒྱུ་དེ་ཙམ་དགོས་ན། བ་སྤུ་རང་དང་བསམ་གྱིས་མི་ཁྱབ་གསུང་། བ་སྤུ་འགྲུབ་པའི་དགེ་བའི་རྩ་བ་དེ་གཅིག་ནས་བརྒྱ་རུ་བསྒྱུར་བས་དཔེ་བྱད་བཟང་པོ་བརྒྱད་ཅུའི་གཅིག་འགྲུབ། དཔེ་བྱད་གཅིག་ནས་བརྒྱད་ཅུའི་བར་ལ་ཡང་རྒྱུ་དེ་ཙམ་ལ་འགྲུབ། དཔེ་བྱད་འགྲུབ་པར་བྱ་བའི་དགེ་བའི་རྩ་བ་སྟོང་འགྱུར་དུ་བསྒྱུར་བས་མཚན་སུམ་ཅུ་རྩ་གཉིས་ཀྱི་གཅིག་འགྲུབ། མཚན་རེ་རེ་ལའང་དེ་ཙམ་རེ་དགོས་ཏེ། མཚན་འགྲུབ་པར་བྱེད་པའི་རྒྱུ་སྟོང་ཕྲག་བརྒྱ་འགྱུར་དུ་བསྒྱུར་བས་དབུའི་གཙུག་ཏོར་མི་མངོན་པ་འགྲུབ། དེ་འགྲུབ་པར་བྱེད་པའི་རྒྱུ་འབུམ་ཕྲག་སྟོང་འགྱུར་བས་སྨིན་མཚམས་ཀྱིས་མཛོད་སྤུ་འགྲུབ། དེ་འགྲུབ་པར་བྱེད་པའི་རྒྱུ་འབུམ་ཕྲག་སྟོང་འགྱུར་བསྒྱུར་བས་དབུ་ཆོས་དུང་འགྲུབ་བོ།།
གཟུགས་ཀྱི་སྐུ་ལ་ཡང་རྒྱུ་དེ་ཙམ་པས་འགྲུབ་ན་ཆོས་སྐུ་ལ་ཡང་བསམ་གྱིས་མི་ཁྱབ་གསུང་། ད་ལྟ་ཁ་ཅིག་ཟན་དྲོན་བྱེད་པ་བས་སངས་རྒྱས་སླ་ཟེར་ཏེ། ནས་བྲེ་གང་ཟན་རྡོག་གཅིག་ཏུ་གཏོང་བ་ལ་ཀ་ཆ་སྣ་ཚང་པ་ཞིག་དགོས་པར་སྣང་གསུང་། འོ་ན་དེ་ཙམ་བསོད་ནམས་གང་ལ་བསོལ་སྙམ་ནས་ཞུམ་མི་དགོས། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས།
གང་ཞིག་དཔག་མེད་དུས་དག་ཏུ། །སེམས་ཅན་དཔག་ཏུ་མེད་པ་ལ། །བསོད་ནམས་དཔག་ཏུ་མེད་བྱེད་པ། །བྱང་ཆུབ་དཔག་མེད་བསྒྲུབ་པར་འགྱུར། །དཔག་མེད་རྣམ་པ་བཞི་ཡིས་ནི། །དེས་གོ་རིང་པོར་མི་ཐོགས་པར། །ཚོགས་ནི་མྱུར་དུ་འགྲུབ་པར་འགྱུར། །
ཞེས་གསུངས། རྒྱུ་ཆུང་ངུ་ལ་འབྲས་བུ་ཆེན་པོ་འབྱུང་བ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། སེམས་ཅན་ཇི་ཙམ་མང་གིན་ལས་འབོངས་ཆེ་བ། ཨོཾ་མ་ཎི་པདྨེ་ཧཱུྃ། བྱ་བ་དེ་སེམས་ཅན་གཅིག་གི་དོན་དུ་བཟླས་ན་བསོད་ནམས་དེ་གཅིག་གི་འོང་ལ། དཔག་ཏུ་མེད་པའི་དོན་དུ་བཟླས་ན་བསོད་ནམས་ཀྱང་དཔག་ཏུ་མེད་པ་འོང་གསུང་ངོ་།།
འཇིག་རྟེན་པའི་དབང་དུ་བྱས་ན་ཕྱུག་པོའི་ནས་ལ་སོགས་པ་ཐམས་ཅད་ཀྱང་དང་པོ་བྲེ་ཕུལ་ལ་བསགས་པས་བྱུང་བ་ཡིན། ལུག་བརྒྱ་ཁྱུ་སྟོང་ཁྱུ་ཡང་རེ་རེ་གཉིས་གཉིས་ནས་བྱུང་བ་ཡིན། དེ་བཞིན་དུ་སངས་རྒྱས་ཡང་རྒྱུ་རེ་རེ་བསགས་པ་ལས་བྱུང་བ་ཡིན། རྒྱུ་རླབས་པོ་ཆེ་དེ་ལས་འབྲས་བུ་རླབས་པོ་ཆེ་དེ་འབྱུང་སྙམ་པའི་ཡིད་ཆེས་པའི་དད་པ་དང་། དང་བའི་དད་པ་དང་ ཐོབ་པར་འདོད་པའི་དད་པ་སྐྱེ། འབྲས་བུ་རླབས་པོ་ཆེ་དེ་ལ་འཕྲིན་ལས་རླབས་པོ་ཆེ། དེས་སེམས་ཅན་གྱི་དོན་ངེས་པར་འབྱུང་སྙམ་པའི་ཡིད་ཆེས་པའི་དད་པ་དང་དང་བའི་དད་པ་ཐོབ་པར་འདོད་པའི་དད་པ་སྐྱེའོ། །དེ་ལྟར་རྒྱུ་ལ་རྗེས་སུ་དྲན་པ་བསྒོམ་ཞིང་མྱུར་དུ་ཚོགས་རྫོགས་པའི་བློ་ཅི་ཡོད་བྱའོ།།
འབྲས་བུ་ལ་རྗེས་སུ་དྲན་པ་ནི།
དེ་ལ་སྐུ་ཆེ་ཆུང་མང་ཉུང་། སྐུའི་དབྱིབས་ཡིན་ཏེ། ལོངས་སྐུའི་ཆེ་ཆུང་ནི་རྣམ་པར་སྣང་མཛད་གངས་ཆེན་མཚོའི་སྐུ་ལུས་ལ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་བཞུགས། དེའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཐོན་ནས་སོང་བྱ་བ་ཡང་ཡོད་གསུང་། ཞབས་ཀྱི་བོལ་གོང་ནས་རྡུལ་ཕྲ་རགས་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཐོན་ནས་སོང་བྱ་བ་ཡང་ཡོད་གསུང་།
སྤྲུལ་པའི་ཆེ་ཆུང་ནི། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་མི་མཇེད་འཇིག་རྟེན་གྱི་ཁམས་ན་བཀའ་རྒྱས་འབྲིང་བསྡུས་པ་གསུམ་གསུངས་པའི་དུས་སུ་སྐུ་གསང་བ་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་རྫུ་འཕྲུལ་གྱིས། སྟེང་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཅིག་འདས་ནས་ལྟར་ཕྱིན་པས། ད་རུང་ཟང་ངེ་འདུག་ནས་མ་མཐོང་། སངས་རྒྱས་མ་ཆགས་པདྨའི་ཞལ་ནས།
རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ཁམས་ལ་ཐུག་པ་མེད། དེ་བཞིན་དུ་དབུའི་གཙུག་ཏོར་ལ་ཐུག་པ་མེད་དེ། དེས་ན་ཁྱོད་ཀྱིས་གཙུག་ཏོར་མི་མཐོང་རི་རྒྱལ་བཞིན་
ཅེས་གསུང་ནས་སྐུའི་ཚད་མ་རྙེད་དོ།།
གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི།
གསུང་སྙན་པ་ཟུར་ཕྱིན་པ་རྣ་བར་སྙན་པ་སྙིང་ལ་བབས་པ། ཀ་ལ་པིང་ཀའི་དབྱངས། གསུང་ཅིག་སྟོན་པས་སེམས་ཅན་གྱི་རྟོག་པ་སེལ་ནུས་པ་ཡིན་ཏེ། འཕགས་པ་མོའུ་འགལ་གྱི་བུས་འདི་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཅིག་འདས་ནས་ཕྱིན་པས་ད་རུང་འདོམ་གང་ཙམ་ན་ལྷང་ལྷང་འདུག །དེ་ན་བཞུགས་པ་རྣམས་ཀྱི་ལྷུང་བཟེད་ལ་སྐོར་ར་བྱུང་བས། བྱང་ཆུབ་སེམས་དཔའི་སྐུ་བོངས་ཆེན་པོ་ཀུན་ན་རེ། དགེ་སློང་ཆ་བྱད་སྲོག་ཆགས་ཕྲ་མོ་ཆུང་ངུ་འདི་སུ་ཡིན་ཅེས་བྱས་པས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞལ་ནས།
འདི་ལ་བརྙས་པ་མ་བྱེད་ཅིག །འདི་ནས་ཤར་གྱི་ཕྱོགས་ལོགས་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱ་བ་བཞུགས་པའི་ཉན་ཐོས་རྣམས་ཀྱི་ནང་ནས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་པ་ཡིན་གྱིས་
གསུངས་ནས། རྫུ་འཕྲུལ་སྟོན་བྱས་པས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ཐམས་ཅད་སྐྱིལ་མོ་ཀྲུང་གི་འོག་ཏུ་བཅུག །དེ་ནས་རྫུ་འཕྲུལ་ཉམས་ནས་གཤེགས་པ་མ་བྱུང་ནས། སངས་རྒྱས་སྣང་བ་མཐའ་ཡས་ལ།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ན་བཞུགས་ཞུས་པས། སངས་རྒྱས་ཀྱི་ཞལ་ནས་འདི་ནས་ཤར་གྱི་ཕྱོགས་སུ་སངས་རྒྱས་ཀྱི་གསུང་གི་འོད་ཟེར་ལ་འཇུས་ལ་སོང་ཅིག་
གསུང་། དེ་ནས་སངས་རྒྱས་ཀྱི་སྤྱན་སྔར་བྱོན་ནས་གསུང་ལ་ཚད་མ་རྙེད་པ་ཡིན་གསུང་།
ཡང་སངས་རྒྱས་ཀྱི་འཁོར་རྣམས་བཀའ་སྒྲོས་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ཚད་བལྟ་བར་ཞུས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས།
ངའི་ཐུགས་ཀྱི་ཚད་བལྟ་བར་འདོད་ན། སེམས་ཅན་གྱི་སེམས་ཉིད་དང་། ནམ་མཁའི་ཁམས་དང་། སངས་རྒྱས་ཀྱི་ཐུགས་དང་གསུམ་པོ་འདི་དབྱེར་མེད་གཅིག་ཏུ་གྱུར་པ་ཡིན་པས་ནམ་མཁའི་ཁམས་ཀྱི་མཐའ་ཚོལ་ཅིག་
གསུང་། ཕྱག་ན་རྡོ་རྗེས་རྡོ་རྗེ་ནམ་མཁའ་ལ་འཕངས་པས་ནམ་མཁའི་མཐའ་མ་རྙེད་པར་ལོག་མ་ཡོང་ཅིག་གསུངས་པས། ད་ལྟ་ཉི་མ་རེ་ལ་དཔག་ཚད་བརྒྱད་ཁྲི་སྤྱོད་པ་ཡིན། ནམ་ཞིག་ནམ་མཁའི་མཐའ་མ་རྙེད་པར་ཡི་མུག་ནས་བྲམ་ཟེ་མོ་ཅིག་གི་ལག་ཏུ་འོང་བར་གསུང་། ཡང་ན་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་སྒྲིབ་པ་མེད་པར་ས་ལེར་མཁྱེན། དཔེར་ན་ནམ་མཁའ་ལ་ཟླ་བ་གཅིག་ལས་མེད་ཀྱང་། སྣོད་ཐམས་ཅད་ཆུས་བཀང་། རལ་གྲི་མེ་ལོང་ལ་སོགས་པ་བཀྲམ་ན། ཐམས་ཅད་ཀྱི་ནང་ན་ཟླ་བ་རེ་སྣང་བ་བཞིན་དུ། རྣམ་རྟོག་མི་མངའ་བཞིན་དུ་སེམས་ཅན་གྱི་དོན་མཛད་དོ། །སེམས་ཅན་གྱི་དོན་དུ་འགྱུར་ན་སྐུ་ཆུང་ངུར་ཡང་སྟོན་ནོ།།
དེ་ཚེ་ཆོས་སྐུའི་ཆེ་ཆུང་ཡིན། སྐུའི་མང་ཉུང་ནི། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལ་མདུན་དུ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ། རྒྱབ་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གསུམ་རེ་རེའི་མདུན་དུ་བསྟན་པ་དང་། ནམ་མཁའི་ཁམས་ལྟག་འགེངས་པ་ལ་ཡང་མཐུ་སྟོབས་ཐོགས་པ་མི་མངའ། དེ་བཞིན་དུ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་སྐུའི་ངོས་ནས་སྐུའི་སྤྲུལ་པ་གདུགས་དཀར་ཅན། འཕྲིན་ལས་བཞི་དང་བསྟུན་ནས། ཞལ་ནས་ཧ་ཡ་གྲྀ་བ་དཔལ་རྟ་མགྲིན། ཐུགས་ཁ་ནས་རོ་ཤ་ན་རྒྱན་ཅིག་པ། ཇོ་བོ་མི་གཡོ་བ། སྐུ་བཞི་བཞི་སེམས་ཅན་རེ་རེའི་མདུན་དུ་བསྟན་ནས། ནམ་མཁའི་ཁམས་དག་དམ་པ་ལ་མཐུ་སྟོབས་ཐོགས་པ་མི་མངའ། འཕགས་པ་འཇམ་དཔལ་གྱི་ངོས་ནས་ཀྱང་། དཀྱིལ་འཁོར་བདུན་པོ་རེ་རེ་ལའང་ལྷ་ལྔ་བཅུ་རྩ་གསུམ་གསུམ་ཡོད་པས་དཀྱིལ་འཁོར་བདུན་པོ་རེ་རེ་ལའང་ལྷ་ལྔ་བཅུ་རྩ་གསུམ་གསུམ་མོ།།
དེ་ཐམས་ཅད་སེམས་ཅན་རེ་རེའི་མདུན་དུ་བསྟན་ལ་ནམ་མཁའི་ཁམས་དག་དམ་པ་ལ་མཐུ་སྟོབས་ཐོགས་པ་མི་མངའ། དེ་བཞིན་དུ་བདེ་མཆོག་འཁོར་ལོ་ལྷ་ཚོགས་དྲུག་ཅུ་རྩ་བཞི་ཡོད་པས་སེམས་ཅན་རེ་རེའི་མདུན་དུ་བསྟན་ནས་ནམ་མཁའི་ཁམས་དག་དམ་པ་ལ་མཐུ་སྟོབས་ཐོགས་པ་མི་མངའ་འོ།།
སྐུའི་དབྱིབས་བསྟན་པ་ནི།
ལྷ་ཕོ་རུ་མོས་པ་ལ་ཕོ་རུ་སྟོན། མོ་ལ་མོས་པ་ལ་མོ་རུ་སྟོན། ཁྲོ་བོར་མོས་པ་ལ་ཁྲོ་བོར་སྟོན། ཁྲོ་མོར་མོས་པ་ལ་ཁྲོ་མོར་སྟོན། ཞི་བར་མོས་པ་ལ་ཞི་བར་སྟོན།
གང་ལ་ཅི་འདུལ་དེ་ལ་དེ་སྟོན་པ་
ཞེས་གསུངས་པས། སེམས་ཅན་གྱི་དོན་དུ་འགྱུར་ན་རྒས་པར་སྟོན། ན་བར་ཡང་སྟོན་གསུང་ངོ་།།
འཕྲིན་ལས་རྗེས་སུ་དྲན་པ་ནི།
ཕ་རོལ་ཕྱིན་པ་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གསུངས། དེ་བསྡུ་ན་མཛད་པ་བཅུ་གཉིས། དེ་བསྡུ་ན་བཀའ་འཁོར་ལོ་གསུམ་གྱི་རིགས་ཅན། དབང་པོ་དང་འཚམས་པར་ཆོས་བསྟན་ནས་སྨིན་པར་མཛད་དོ།།
དེ་ལྟ་བུའི་ཐམས་ཅད་མཁྱེན་པའི་སངས་རྒྱས་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་འདོད་པའི་སེམས། བཀྲེས་པས་ཉེན་པ་ཟས་འདོད་པའམ། སྐོམ་པས་གདུང་པ་ཆུ་འདོད་པའམ། མ་ལག་པ་ཞ་བའི་བུ་ཆུས་ཁྱེར་བ་ལ་ལག་པ་འདོད་པ་ལྟ་བུའི་འདུན་པའི་སེམས་བསྐྱེད་པར་གྱུར་པ་ན། སྨོན་པའི་སེམས་སྐྱེ་བ་ཡིན། དེ་ཡང་རིན་པོ་ཆེའི་ཞལ་ནས།
དེ་ལྟ་བུའི་བློ་ཅིག་སྐྱེས་ཙ་ན་སྨོན་པའི་སེམས་བསྐྱེད་བྱེད་པ་སྟེ་གཤའ་མ་ཞིག་འོང་། བློ་མ་སྐྱེས་ན་སེམས་བསྐྱེད་བྱས་རུང་རིག་པ་འཛིན་པའི་སྡོམ་པ་བླངས་རུང་། ཐེག་པ་ཆེན་པོའི་ཆོས་ཉན་རུང་། བཤད་རུང་། གང་ཟག་ཐེག་པ་ཆེན་པོར་མི་འགྲོ་
གསུང་། སྐབས་འདིར་སྨོན་འཇུག་གི་ཆོ་ག་བྱའོ།།
སྨོན་པའི་བསླབ་བྱ་ཐམས་ཅད་མེ་ཏོག་ཕྲེང་ཆེན་ནས་གསུངས་པ་བཞིན་བསྲུང་།
འཇུག་པའི་བསླབ་བྱ་ནི་བསླབ་པ་གསུམ་སྟེ།
ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ལྷག་པ་སེམས་ཀྱི་བསླབ་པ་གསུམ་ལས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ།།
སྡོམ་པའི་ཚུལ་ཁྲིམས་ལ་བཅུ་གཅིག་སྟེ།
འདས་པའི་འདོད་པ་ལ་མི་བལྟ། མ་འོངས་པ་ལ་མངོན་པར་དགའ་བར་མི་བྱེད། ད་ལྟ་བ་ལ་མ་ཆགས། ངག་དང་རྟོག་པ་ཡོངས་སུ་དག །དབེན་པ་ལ་གནས་པ། བདག་ཉིད་ཁྱད་དུ་མི་བསོད། མི་གནོད་པ་དེས་བཟོད་པ་བག་ཡོད་ལྔ་དང་ལྡན་པ། ཆོ་ག་དང་འཚོ་བ་རྣམ་པར་དག་པའོ། །སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད། ཕྱི་མའི་མཐའ་དང་ལྡན་པའི་བག་ཡོད། དབུས་ཀྱི་མཐའ་དང་ལྡན་པའི་བག་ཡོད། དུས་ལྔ་ནས་བྱས་པའི་བག་ཡོད། ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་བྱ་བ་གསུམ་ཡིན་གསུང་།
དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ།
ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཐུན་པར་སྤྱོད་པའོ། །
སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ།
བསྡུ་བ་བཞི་དང་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་པ་ཡིན་གསུང་།
ལྷག་པ་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་བདུན་ཚང་། ཉེས་པ་ལྔ་དང་བྲལ། སྒྲིབ་པ་ལྔ་སྤང་། འབྲས་བུ་ལ་མངོན་པར་ཤེས་པ་དྲུག་ཤར་བའོ། །དང་པོ་
རྒྱུ་བདུན་དབེན་པ་ལ་གནས་པ། འདོད་པ་ཆུང་ཞིང་ཆོག་ཤེས་པ། དབང་པོའི་སྒོ་སྡམ་པ། དོན་མང་བྱ་བ་སྤོང་བ། སྲོད་དང་ཐོ་རངས་མི་ཉལ་བ། རྣལ་འབྱོར་ལ་བརྩོན་པ། ཚོད་ཟིན་པ་འཕྲོད་པ་ཟའོ། །
ཉེས་པ་ལྔ་ནི།
ལེ་ལོ་མེད་པ། གདམས་ངག་གི་དམིགས་པ་མི་བརྗེད་པ། བྱིང་རྒོད་མེད་པ། འདུ་བྱེད་ཀྱི་ཉེས་པ་མེད་པ། འདུ་མི་བྱེད་ཀྱི་ཉེས་པ་མེད་པའོ།།
སྒྲིབ་པ་ལྔ་སྤངས་པ་ནི།
གནོད་སེམས་མེད་པ། རྒོད་པ་དང་འགྱོད་པ་མེད་པ། གཉིད་དང་རྨུགས་པ་མེད་པ། འདོད་པ་ལ་འདུན་པ་དང་ཐེ་ཚོམ་མེད་པའོ། །
འབྲས་བུ་
བདེ་གསལ་གྱི་ཏིང་ངེ་འཛིན་རྒྱུན་ཆད་མེད་པར་བསྒོམས་པས་མངོན་པར་ཤེས་པ་དྲུག་འཆར་བ་ནི། ལྷའི་མིག་གི་མངོན་པར་ཤེས་པ་ནི་གཟུགས་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་། ལྷའི་རྣ་བའི་མངོན་པར་ཤེས་པ་ནི། འཇིག་རྟེན་ཁམས་ཐམས་ཅད་ཀྱི་སྒྲ་ཐམས་ཅད་པི་ཝང་དྲུང་ན་སྒྱུར་བ་བཞིན་དུ་ཐོས། གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནི་འདོད་ཆགས་ཞེ་སྡང་ལ་སོགས་པ་དགེ་དང་མི་དགེའི་སེམས་ཤེས། འཆི་ཕོ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ནི། རང་གཞན་ཐམས་ཅད་སྐྱེ་བ་སྔ་མ་ནས་ཞིང་འདི་ནས་འདིར་སྐྱེ་བ་ཤེས། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི། ཡུད་ཙམ་ཅིག་མཉམ་པར་བཞག །ཤར་ཕྱོགས་སུ་མཉམ་པར་བཞག །ནུབ་ཕྱོགས་སུ་ལྡང་། སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་པ་དང་། གཅིག་ལས་མང་པོར་བྱེད། མང་པོ་ལས་གཅིག་ཏུ་བྱེད། ཉི་མ་དང་ཟླ་བ་ལག་པས་ཉུག །ཚངས་པའི་འཇིག་རྟེན་ལུས་ཀྱིས་དབང་སྒྱུར། ཟག་པ་ཟད་པའི་མངོན་ཤེས་ནི། རང་གཞན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བ་བཅུའི་ཟག་པ་ཟད་པས་ངན་སོང་གསུམ་དུ་མི་སྐྱེ། ཉོན་མོངས་པའི་ཟག་པ་ཟད་པས་འཁོར་བར་མི་སྐྱེ། མཐོང་སྤངས་དང་། སྒོམ་སྤངས་དང་། སྤངས་མ་སྤངས་ཀྱི་ཟག་པ་ཟད་པའོ།།
ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི།
རྟོགས་ལྡན་བླ་མའི་བྱིན་རླབས་ཀྱིས་གཞི་ལམ་འབྲས་གསུམ་ལས། གཞི་འཁོར་འདས་གཉིས་མེད་དབྱེར་མེད་དུ་ཤེས། སྲིད་ཞི་དབྱེར་མེད་དུ་ཤེས། རྣམ་རྟོག་དང་ཉོན་མོངས་དབྱེར་མེད་དུ་ཤེས། སྣང་བ་དང་སྟོང་པ་དབྱེར་མེད་དུ་ཤེས། ལམ་བསྐྱེད་རྫོགས་དབྱེར་མེད་དུ་ཤེས། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་ཤེས། ཐབས་ཤེས་རབ་དབྱེར་མེད་དུ་ཤེས། རྟེན་འབྲེལ་དང་སྟོང་པ་དབྱེར་མེད་དུ་ཤེས། མཉམ་གཞག་དང་རྗེས་ཐོབ་མེད། དྲན་པས་ཟིན་པ་དང་མ་ཟིན་པ་མེད། ཉིན་མཚན་མེད། བསྒོམ་མ་བསྒོམ་མེད་པར་འབྲས་བུ་སྐུ་གསུམ་མཛད་པ་དང་བཅས་པར་སངས་རྒྱས་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོའི་ས་ལ་འགོད་པ་ཡིན་གསུང་། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་ལས་སྤྲུལ་པའི་སྐུ་ཐོབ། ལྷག་པ་སེམས་ཀྱི་བསླབ་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ལས་ཆོས་སྐུ་སྤྲོས་དང་བྲལ་བ་ཐོབ་པ་ཡིན་གསུང་ངོ་།།
དོན་དམ་བྱང་ཆུབ་སེམས་བསྐྱེད་པའི་རྒྱུ་མོས་གུས། རྐྱེན་བྱིན་རླབས། ངོ་བོ་སེམས་གཟུང་འཛིན་དང་བྲལ་བ། ལག་རྗེས་མཉམ་བཞག་རྗེས་ཐོབ་མེད་པ་ཡིན་གསུང་། དེ་ལྟར་སྨོན་འཇུག་སེམས་བསྐྱེད་ནས། བསླབ་བྱ་བསྲུངས་པའི་ཕན་ཡོན་ནི། སྡོང་པོ་བཀོད་པའི་མདོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་སོགས་པ་ནས་མང་དུ་གསུངས་སོ།།
བྱམས་ཁྲིད་ཀྱི་ཞལ་གདམས་འདི། དཔལ་བདེ་ཆེན་སྟེང་དུ་ཆོས་རྗེ་རིན་པོ་ཆེ་རྒོད་ཚང་པས་གསུངས་པའོ།། །།སརྦ་མངྒ་ལཾ།།