Byams pa'i khrid tshar chos dri ma med pa/Full text

From Bodhicitta
< Texts‎ | Byams pa'i khrid tshar chos dri ma med paTexts/Byams pa'i khrid tshar chos dri ma med pa/Full text

བྱམས་པའི་ཁྲིད་ཚར་ཆོས་དྲི་མ་མེད་པ།
FULL TEXT


Description

Referencebyams pa'i khrid tshar chos dri ma med pa [བྱམས་པའི་ཁྲིད་ཚར་ཆོས་དྲི་མ་མེད་པ།].
PeopleJikten Gönpo



[edit]
Source BDRC MW3KG218_O3KG218_J7EWYA Input by Khenpo Tamphel
Date 2026-01-23
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes

༄༅། །བྱམས་པའི་ཁྲིད་ཚར་ཆོས་དྲི་མ་མེད་པ།།

༄༅། །ཨོཾ་སྭསྟི། འཇིག་རྟེན་མགོན་པོ་རིན་པོ་ཆེའི་བྱམས་ཁྲིད་ལ་རིགས་གསུམ་ཙམ་བྱོན་པའི་འདི་བྱམས་ཁྲིད་ཆེན་མོ་བྱ་བ་ལགས།
འདི་ལ་བྱམས་པའི་ངོ་ཏི་ངོས་བཟུང་བ་དང༌། དེ་ཇི་ལྟར་སྒོམ་ཐབས་དང་གཉིས་ཏེ། དེ་ལ་བྱམས་པའི་ངོ་ཏི་ངོས་བཟུང་ན།
ཇི་ལྟར་མ་བུ་ལ་བྱམས་པའམ། བུ་མ་ལ་བྱམས་པའི་བྱམས་པ་ཡིད་འོང་ཕན་སེམས་ཀྱི་བློ་ཅན་ཤེས་པ་དྭངས་སིང་ངེ་བ་དེ་འཇིག་རྟེན་པའི་བྱམས་པ་ནས། སངས་རྒྱས་ཀྱི་སའི་བར་གྱི་བྱམས་པ་ལ་རྒྱ་ཆེ་ཆུང་དང་དམིགས་པ་ཡོད་མེད་ཀྱི་ཁྱད་པར་དུ་བྱས་པ་མ་གཏོགས་པ། བྱམས་པ་རང་གི་ངོ་བོ་དེ་ལས་མེད་པ་ལགས།
ད་དེ་ཉིད་ཇི་ལྟར་བསྒོམ་པའི་ཐབས་ལ། བྱམས་པའི་བསྙེན་པ། སྒྲུབ་པ། ལས་སྦྱོར་གསུམ་ལས། དང་པོ་བསྙེན་པ་ནི།
བྱམས་པ་དེ་ཇི་ལྟ་བ་ཞིག་རྒྱུད་ལ་བསྐྱེད་པར་བྱེད་པའི་ཁྲིད་ཡིན་ཏེ། དེ་ཡང་བྱམས་པ་བསྐྱེད་པའི་འཁྲུལ་འཁོར་བཅའ། བྱམས་པ་ཁའི་འཁྲུལ་འཁོར་བགྱི་བ་ཁ་ཅུང་ཟད་འཛུམ་མུལ་ལེ་བྱ། རྐང་པ་དཀྱིལ་ཀྲུང་། ལག་པ་ས་གནོན། སྐེད་པ་དྲང་པོ། མིག་སྣ་རྩེར་ཟིམ་མེར་བྱ།
དེ་ནས་བྱམས་པ་མ་ལ་བསྒོམ་པ་ལགས་ཏེ་མ་དྲིན་ཆེས་དྲགས། སེམས་ཅན་བསོད་ནམས་དམན་པས་མ་ལ་ཡང་སྐྱེ་བ་དཀའ། འཇིག་རྟེན་ན་དྲིན་ཆེན་པོ་དྲིན་དུ་མི་ཚོར། དོན་ཕྲ་མོ་དྲིན་དུ་ཆགས་པ་ལགས་པས། དང་པོར་རང་རང་གི་ཤག་ཕོ་ཤག་མོའམ། ཟན་ཁམ་གང་བྱིན་པའི་ཕན་ཕྲ་མོ་ཞིག་བཏགས་པའམ། མཛའ་བཤེས་གཅེས་ཤིང་ཡིད་དུ་འོང་བ་ཞིག་ལ་བྱམས་སེམས་སོང་བ་བསྒོམ། ཡིད་འོང་བྱང་སེམས་ཀྱི་བློ་ཅན་བྱམས་པ་སིང་བ་བསྒོམ། དེ་ལྟར་གྲོགས་བཤེས་ཡིད་དུ་འོང་བ་ཞིག་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བྱམས་པའི་སྣ་འདྲེན་གྱི་དམིགས་པ་འདི་ལ་བཀའ་རྒྱ་ཡོད་པས་གསང་བ་ལགས། ཉམས་མྱོང་སོ་མ། འདི་བསྒོམ་མ་མྱོང་བ་རྣམས་ཀྱི་བློར་མ་ཤོང་བར་སྡིག་གསོག་ཏུ་ཡོང་བས་གང་ཐོད་ཐོད་དུ་མི་སྨྲ། དེ་ལ་ཞག་བཅོ་ལྔ་བསྒོམས་པས། བྱམས་པའི་རོ་ཅུང་ཟད་མྱོང་ཡོང་བ་ལགས། དེ་ནས་གཉིས་པ་རང་གི་རྩ་བའི་མ་དེ་ལ་སྔར་གྱི་བྱམས་པ་དེ་སྤོས་ལ། བྱམས་སེམས་སིང་ངེ་བ་བསྒོམ། ཡིད་འོང་ཕན་སེམས་ཀྱི་བློ་ཅན་བྱམས་པ་སིང་ངེ་བ་བསྒོམ། དེ་ལྟར་མ་ལ་གོང་གི་བྱམས་པའི་རོ་མྱོང་བའི་བྱམས་པ་དེ་འབའ་ཞིག་བསྒོམ། གསུམ་པ་རྩ་བའི་མ་ལ་ཇི་ལྟར་སྐྱེས་པའི་བྱམས་པ་དེ། མངའ་རིས་བོད་ཀྱི་རྒྱལ་ཁམས་ལ་སྦྱར་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཞི་པ་ལྷོ་འཛམ་བུ་གླིང་གི་མི་དང་མི་མ་ཡིན་པ་རྣམས་ལ་བྱམས་པ་དེ་འབའ་ཞིག་བསྒོམ། ལྔ་པ་ཤར་ལུས་འཕགས་པོའི་འགྲོ་བ་རྣམས་ལ་གོང་བཞིན་བསྒོམ། དྲུག་པ་ནུབ་བ་གླང་སྤྱོད་ཀྱི་འགྲོ་བ་ལ་གོང་བཞིན་བསྒོམ། བདུན་པ་བྱང་སྒྲ་མི་སྙན་གྱི་འགྲོ་བ་རྣམས་ལ་གོང་བཞིན་བསྒོམ། བརྒྱད་པ་དེ་ལྟར་གླིང་བཞི་རི་རབ། འདོད་ལྷ། ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་ལ་སྟོང་སྤྱི་ཕུད་ཟེར་བ་ལགས་པས། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འགྲོ་བ་རིགས་དྲུག་གིས་བསྡུས་པ་ལ་བྱམས་པ་དེ་འབའ་ཞིག་བསྒོམ། དགུ་པ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་སྟོང་ལ་སྟོང་གཉིས་པ་བར་མ་བགྱི་བ་ལགས་པས། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་འགྲོ་བ་རྣམས་ལ་བྱམས་པ་འབའ་ཞིག་བསྒོམ། བཅུ་པ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ། སྟོང་གསུམ་གྱི་འཇིག་རྟེན་བགྱི་བ། གླིང་བཞི་རི་རབ། འདོད་ལྷ། ཚངས་པའི་འཇིག་རྟེན་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཡོད་པ། རྒྱལ་བ་སྤྲུལ་པའི་སྐུ་གཅིག་གི་ཞིང་ཁམས་ལགས་པས། སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས། འགྲོ་བ་རིགས་དྲུག་གིས་བསྡུས་པ་ཐམས་ཅད་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཅུ་གཅིག་པ་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་དེ་ལྟ་བུ་ཡང་བསམ་གྱིས་མི་ཁྱབ་པ་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཅུ་གཉིས་པ་དེ་བཞིན་དུ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཅུ་གསུམ་པ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཅུ་བཞི་པ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཅོ་ལྔ་པ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལ་བྱམས་པ་དེ་འབའ་ཞིག་བསྒོམ། བཅུ་དྲུག་པ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཏེ། དེ་ལྟར་ཕྱོགས་བཅུ་ནམ་མཁའ་དང་མཉམ་པའི་ཚད་མེད་གྲངས་མེད་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ། ཇི་ལྟར་མ་བུ་གཅིག་པ་བྱམས་པའི་བྱམས་པའམ། བུ་མ་ལ་བྱམས་པའི་བྱམས་པ་དེ་འདྲ་འབའ་ཞིག་བསྒོམ། དེ་ཐམས་ཅད་ལ། དང་པོའི་མཛའ་བཤེས་ཡིད་དུ་འོང་བའམ། མ་ལ་ཇི་ལྟར་སྐྱེས་པའི་བྱམས་པ་དེ་ཉིད་དེ་ཐམས་ཅད་ལ་སྦྱར་ཞིང་ཡིད་འོང་ཕན་སེམས་ཀྱི་བློ་བྱམས་སིང་བ་བསྒོམ། དེ་ལ་ཅིས་ཀྱང་བྱམས་སིང་ངེ་བ་མ་བྱུང་ན་ཡང༌ཡ་ཀིའི་མའམ་མཛའ་བཤེས་དེ་ལ་བསྒོམ་ལ། དེ་ལ་བྱམས་པ་སྐྱེས་པ་དང༌། འོག་མ་གང་རུང་ལ་སྤོས་ལ་བྱམས་པ་སིང་ངེ་བ་བསྒོམ། དེའི་རྒྱུན་དེ་མ་ཤོར་བར་བྱམས་པ་དེ་འབའ་ཞིག་རྩེ་གཅིག་ཏུ་བསྒོམ་མོ།།
{མཆན། བྱམས་པའི་ཐོན་ཆོས་ལ་འདི་གསུངས། འཇིག་རྟེན་མགོན་པོ་རིན་པོ་ཆེས་ཨེ་ཆུང་སྒོམ་ཕུག་ཏུ་བསྒྲུབ་པ་མཛད་པའི་དུས་སུ་མཛེའི་སྙུང་ནད་དྲག་པོ་བྱུང་བ་ལ་བརྟེན་ནས། ཚད་མེདཔའི་སྙིང་རྗེའི་ཏིང་ངེ་འཛིན་ཐུགས་ལ་འཁྲུངས་པས་ཞག་གསུམ་དྲོ་བཞིའི་བར་ལ། མཛེ་ནད་དྲག་པོ་དེ་སངས་པར་མཛད་པར་གདའ། དེ་ནས་སྐུ་ཚེའི་སྟོད་ལ་སྙིང་རྗེ་འབའ་ཞིག་མཛད་དེ་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྒྲུབས། ཁྱད་པར་མཛེ་བོ་དཔག་ཏུ་མེད་པའི་དོན་མཛད་དེ། མཛེ་འུར་འདེད་ཅེས་གྲགས་པར་གདའ། དེ་ནས་སྐུ་ཚེའི་སྨད་ལ་སྙིང་རྗེ་འདི་བག་ཙམ་རྩུབ་པར་འདུག་གསུང་ནས། བྱམས་པའི་ཁྲིད་མང་དུ་མཛད་པ་ལགས།}
དེ་ལ་བྱམས་པ་རང་གི་ངོ་བོ་ཤེས་པ་དང་རོ་མྱོང་བ་གལ་ཆེ། སེམས་ཅན་ཐམས་ཅད་ཕ་མར་བསྒོམ་པ་དང༌། མའི་དྲིན་དྲན་པ་ལ་སོགས་པ་སྤྱི་ལུགས་ཆེན་མོ་དེ་རྣམས་དང༌། ཕྱོགས་གཅིག་དོན་རྣམ་གཞག་ཏུ་འདུག། དེ་རྣམས་ཅིས་ཀྱང་བྱམས་པའི་ངོ་ཏི་ངོ་མི་ཤེས་པར་འདུག་པས། ངོ་ཏི་ངོ་ཤེས་པ་གལ་ཆེའོ།།
དེ་ཡང་།
བྱམས་པ་བུ་གཅེས་མཐོང་ན་སྐྱེ།།
གསུངས་པས། དཔེར་ན་འཇིག་རྟེན་གྱི་བུ་ཚ་གཅེས་ཕྲུག་ཆུང་ཆུང་དེ་ལ་བློས་བྱས་མི་དགོས་པར་ཡིད་འོང་བྱམས་པའི་སེམས་དུང་བ་སྐྱེ་བས་ཏེ། དེ་ལྟ་བུའི་བྱམས་པ་ཞིག་དགྲ་ཟུན་དང་ཉེ་རིང་མེད་པར་སེམས་ཅན་ཐམས་ཅད་ལ་བསྒོམ་པ་ལགས་པས། བྱམས་པ་རང་གི་ངོ་བོ་དེ་ངོ་ཤེས་པར་བྱ། བཤད་ཤུད་མང་པོ་ལ་དགོས་པ་མེད།
དེ་ཇི་ལྟར་བསྒོམ་པའི་ཐབས་ལ། བསྙེན་བསྒྲུབ་ལས་སྦྱོར་གསུམ་ལས། བསྙེན་པ་ནི།
བྱམས་པ་དེ་ཇི་ལྟར་རྒྱུད་ལ་བསྐྱེད་པའི་ཁྲིད་ཀྱི་རིམ་པ་སྟེ། དེ་ཡང་སྣ་འཛིན་གྱི་དམིགས་པ་འདི་ནན་ཏན་ཟབ་པས། རང་གི་ཤག་ཕོའམ། ཤག་མོའམ། བུ་གཅེས་སམ། མཛའ་བཤེས་སུ་སྙིང་ལ་བཅག་པ་ཞིག་ལ། བྱམས་པའི་ངོ་བོ་དེ་ཙམ་ཞིག་ཏུ་བསྒོམ། དེ་ལ་བྱམས་པའི་རོ་མྱོང་བ་ཞིག་ཡོང་བ་ཡིན། དེ་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་བསྒོམ།
བྱམས་པའི་བསྒྲུབ་པ་ནི།
དེ་ནས་དབེན་པའི་གནས་སུ། ཁྲིད་ཀྱི་དུས་སུ་ཇི་ལྟར་རྒྱུད་ལ་སྐྱེས་པའི་བྱམས་པ་དེ་ལ། རྩེ་གཅིག་ཏུ་མཉམ་པར་བཞག་ནས། བྱམས་པའི་སྟོབས་ཆེན་པོའམ་མཐུ་ཆེན་པོ་བསྒྲུབ་པ་ཡིན།
དེ་ལ་བྱམས་པའི་སྟོབས་ཆེན་པོ་ཐོབ་པ་དང༌།
ལས་ལ་སྦྱར་བ་ནི།
ཐོ་ལོས་སུ་རིམས་ནད་ཆེན་པོ་བྱུང་བའམ། མུ་གེ་ཐན་ཚིགས་ཆེན་པོ་བྱུང་བའམ། རྒྱལ་པོའི་དམག་ཆེན་པོ་གཡོ་བའམ། སྡེ་རྩོད་དམ་འཁྲུགས་ལོང་ཆེན་པོ་བྱུང་བ་ལ་སོགས་པའི་དུས་སུ། དེ་ལ་དམིགས་ཏེ་གང་ཡང་རུང་བ་དེ་ཞི་བར་བྱ་བའི་དོན་དུ་ས་ཕྱོགས་དེའི་མི་དང་མི་མ་ཡིན་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་བྱམས་པའི་མཐུ་ཆེན་པོའི་སྟོབས་ཆེན་པོ་ཐོབ་པ་དང༌།
བདག་གི་བྱམས་པའི་མཐུ་ཆེན་པོ་འདིས། འདི་དང་འདི་ལྟ་བུ་མྱུར་དུ་ཞི་བར་གྱུར་ཅིག །
ཅེས་བརྗོད་པས། དེ་མ་ཐག་ཏུ་དེ་རྣམས་ཞི་བར་འགྱུར་ཏེ། གདོལ་པའི་དྲང་སྲོང་ཕུར་བུ་གསུམ་པ་ལྟ་བུའམ། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་མཚོན་ཆའི་ཆར་ཕབ་པ་ལ། འཕགས་པ་མོའུ་འགལ་གྱི་བུས་དེ་ལ་བསམས་ཏེ་བྱམས་པ་བསྒོམས་པས། མེ་ཏོག་གི་ཆར་དུ་གྱུར་པ་ལྟ་བུའམ། འཕགས་པ་ཀུན་དགའ་བོས་ཡངས་པ་ཅན་དུ་རིམས་ནད་ཞི་བར་བྱས་པ་ལྟ་བུའམ། བླ་མ་རིན་པོ་ཆེ་བསམ་ཡས་བཙད་པོའི་ཆོས་འཁོར་ལ་བྱོན་པ་ལ། ལྟོ་ལོག་བསྒྱུར་བ་ལྟ་བུའམ། ཧོར་དོར་རྟ་བརྟུལ་བ་ལྟ་བུ་སྟེ། དེ་རྣམས་ཀྱི་ལོ་རྒྱུས་རྒྱས་པར་གསུངས་སོ།།
ཡང་རང་ལ་ཆགས་ཁའམ་བར་ཆད་ཀྱི་མཚན་མ་བྱུང་བའམ། ལྷ་འདྲེ་གདུག་པ་ཅན་ལྟ་བུའམ། གཞན་གྱི་བྱད་སྟེམས་ཡོད་ན་དེ་ལ་བསམས་ཏེ། བདག་དང་བདག་ལ་གནོད་བྱེད་ཀྱི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སྟོབས་ཆེན་པོ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། དེ་རྣམས་གང་གིས་ཀྱང་མི་ཚུགས་ཤིང༌། དེ་ཐམས་ཅད་ཕན་བདེར་འགྱུར་ཏེ། ཤ་ར་བའི་རྒྱལ་པོའི་བཙུན་མོ་སྔོ་བསངས་མ་ལྟ་བུའམ། རྒྱ་བྱིན་གྱི་སྐྱེས་རབས་སམ། སྲེག་བྱའི་སྐྱེ་རབས་ལྟ་བུའོ། །
ཡང་སེར་ཆགས་ཆེན་པོའི་གྲལ་དཔོན་ལ་འགྲོ་བའམ། ལས་ཀ་ཆེན་པོའམ། འཕྲིན་ལས་ཆེན་པོ་བསྒྲུབ་ན། དེ་ལ་བསམ་སྟེ་གང་དུ་འགྲོ་བའི་ས་ཕྱོགས་དེས་གཙོ་བྱས་པའི་མི་དང་མི་མ་ཡིན་པ་ཐམས་ཅད་ལ་བྱམས་པའི་སྟོབས་ཆེན་པོ་ལ་མཉམ་པར་བཞག་པས། གང་དུ་ཕྱིན་པའི་ས་ཕྱོགས་དེར་རང་གཞན་ཐམས་ཅད་བཀྲ་ཤིས་དང་བདེ་ལེགས་དཔག་ཏུ་མེད་པ་འབྱུང་བ་དང༌། སྣང་བ་ལ་སོགས་པ་བཀྲ་མི་ཤིས་པ་མི་འབྱུང་བ་དང༌། བར་ཆད་གང་གིས་ཀྱང་མི་ཚུགས་པར་བདེ་བར་ཕྱིན་པར་འགྱུར་རོ།།
ཡང་དབང་བསྐུར་བའམ་བདུན་ཚིགས་སམ། ཁྱད་པར་དུ་རབ་གནས་ལ་གལ་ཆེ་སྟེ། གང་དུ་སྡོད་པའི་མི་དང་མི་མ་ཡིན་པ་ནས་བརྩམས་ཏེ། རིམ་གྱིས་རྒྱ་ཇེ་ཆེ་ལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་རྩེ་གཅིག་ཏུ་བསྒོམ། དེ་ཡང་དང་པོ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ་ན་རྒྱ་ཆེས་པས་དཀྱིལ་སྟོང་ནས་འགྲོ་གསུངས། ཀོ་མོ་རུ་རྡེའུ་བསྐྱུར་བའི་དཔེ་བཞིན་བསྒོམ་གསུང༌།
དེ་ལྟར་མཉམ་པར་བཞག་པས། བྱམས་པའི་སྟོབས་ཆེན་པོ་རང་ཡིད་ཆེས་པ་སྐྱེས་པ་དང༌། དེ་ཉིད་དུ་མེ་ཏོག་དོར་བས་རབ་གནས་ལེགས་པོ་ཡོང་བ་ཡིན། དེ་བཞིན་དུ་ཆོ་ག་གཞན་ལ་ཡང་བྱམས་པའི་མཐུ་ཆེན་པོ་ཐོབ་པས། དངོས་གཞི་དང༌། ཁྱད་པར་ཀྱི་ཆོ་ག་རྣམས་བྱས་པས་ཤིན་ཏུ་བཀྲ་ཤིས་པ་དང༌། བདེ་ལེགས་ཀྱི་དཔལ་འབར་བར་ཡོང་བ་ཡིན།
ལར་ཚོགས་ཀྱི་དཔོན་པོའམ་འགྲོ་བའི་བླ་མ་གཅིག་རང་བྱེད་ན། བྱམས་པའི་མཐུ་ཆེན་པོ་ཞིག་མེད་ཐབས་མེད། ཐ་ན་ནད་པ་ཞིག་ལ་བྱིན་རླབས་སམ་གཏོར་མ་ཞིག་བྱེད་ཀྱང་བྱམས་པའི་ཏིང་ངེ་འཛིན་གྱི་གནད་མ་ཤེས་ན་ནད་པ་དེ་ལ་བྱིན་རླབས་མི་འཇུག་པའམ། ཡང་ན་རང་གི་ཡོན་ཏན་ཕྲ་མོ་ཞིག་འགྲིབ་པའམ། མི་དེ་ལ་གདོན་དྲག་པོ་ཞིག་གདའ་ན། རྣལ་འབྱོར་པ་མཐུ་ཆུང་ན་རང་ལ་ལྡོག་པའམ། ཆེ་ན་གཞན་ལ་འཕོ་བ་ལ་སོགས་པ། ཉེས་པ་ཞིག་ཅིས་ཀྱང་འབྱུང་ལ། བྱམས་པའི་གནད་ཤེས་ན་སྐྱོན་གང་ཡང་མི་སྐྱེད་ལ། རང་གཞན་ཐམས་ཅད་ལ་ཕན་བདེ་དཔག་ཏུ་མེད་པ་འབྱུང་བ་ཡིན། འཕྲིན་ལས་ཆེ་ཆུང་ཐམས་ཅད་དེས་ཤེས་པར་བྱ།
སྒོམ་ཆེན་པའི་རི་ཕུག་ཏུ་སྒྲུབ་པ་ལ་ཡང་གེགས་སྐྱོན་འབྱུང་མི་འབྱུང༌། གཞི་བདག་དབང་དུ་འདུ་མི་འདུ། ཡོ་བྱད་དང་སྙན་གྲགས་ལ་སོགས་པ་དོན་གཉིས་ཀྱི་རྟེན་འབྲེལ་འགྲིག་མི་འགྲིག་ཐམས་ཅད་བྱམས་པའི་གནད་ཤེས་མ་ཤེས་ཡིན་ནོ།།
དེ་ལྟར་བྱམས་པའི་ལས་སྦྱོར་གྱི་སྐབས་སུ།
ལོག། སྟོར། འཁྱམས་གསུམ་ལ་གཟབ་པ་གལ་ཆེ་སྟེ། བྱམས་པ་ལོག་པ་ནི།
ཕན་བདེ་བསྒྲུབ་པའི་ལས་སྦྱོར་གང་ཡང་རུང་བ་ལ། བྱམས་པ་ལ་བཞག་པའི་དུས་སུ་ཕ་རོལ་གྱི་གཏམ་མམ་སྤྱོད་ལམ་མ་འཕྲོད་པའི་རྐྱེན་ཞིག་གིས་བྱམས་པ་སྐྱེ་འཕྲོ་ལ་ཞིག་ཀྲུག་གིས་སྐྱེས་ན། རབ་གནས་ཡིན། རབ་གནས་ཉེས་པ་ཡིན། གཞན་ཡང་གང་ཡིན་ཡང་དེ་ཙམ་ཞིག་གིས་ཉེས་པ་བསྐྱེད་པ་ཡིན།
བྱམས་པ་སྟོར་བ་ནི།
ཇི་ལྟར་བྱམས་པ་བསྒོམས་ཀྱང་བྱམས་པའི་ཏིང་ངེ་འཛིན་གྱི་སྟོབས་ཆེན་པོ་དེ་སྐྱེ་རུ་མ་འདོད་པ་སྟེ། དེས་ཕན་བདེ་མི་འགྲུབ་པ་ཡིན། གཞན་ཡང་བྱམས་པ་ཤུགས་ཆུང་བ་ཡིན། ཡུན་ཐུང་བ་ན་ཕན་བདེ་ཡུན་ཐུང་བ་དང༌། མཐུ་ཆུང་བ་དང་། གཞི་མི་བརྟན་པ་དང༌། ཆར་འབེབས་ལྟ་བུའང་སྤྲིན་འདུས་ཀྱིན་གྱེས་པ་ལ་སོགས་པ་འབྱུང༌།
བྱམས་པ་འཁྱམས་པ་ནི།
ལས་ལ་སྦྱོར་བའི་བྱམས་པ་རྩེ་གཅིག་ཏུ་བསྒོམས་པའི་བྱམས་པ་ཤུགས་ཆེན་པོ་སྐྱེས་པའི་དུས་ན་ཡུལ་ཁམས་གཞན་ཞིག་ཏུ་བསམ་པ་དུང་སོང་ན། ཕན་བདེ་ཡུལ་ཕྱོགས་དེར་ཁ་འཕོ་ནས། རང་བསྒྲུབ་པའི་ཡུལ་ཁམས་དེར་ཕན་བདེ་མི་འགྲུབ་པ་ཡིན། རབ་གནས་ལྟ་བུ་ལ་ བྱམས་པའི་སྟོབས་ཆེན་པོ་ཐོབ་པའི་དུས་སུ། རྟེན་གཞན་ཞིག་ལ་བལྟས་པའམ་རེག་པ་བྱས་ན། བྱིན་རླབས་དེ་རྟེན་དེ་ལ་ཡོང་བ་ཡིན་པས་འདི་གསུམ་ལ་གཟབ་པ་གལ་ཆེ། དེ་ཡང་ལས་སྦྱོར་གང་བྱེད་ཀྱང་གཡོག་འཁོར་རྣམས་ཀྱི་སྤྱོད་ལམ་གཟབ་པ་དང༌། རང་ཉིད་དྲན་ཤེས་བཞིན་རྒྱུན་ཆགས་སུ་གནས་པས་ཁོང་ཁྲོ་དང་ཡིད་མི་བདེ་བ་ཅུང་ཟད་ཀྱང་མེད་པར་བྱ།
ཡང་ལུས་ཀྱི་འཁྲུལ་འཁོར། བསམ་པའི་གནད་དུ་གཏོང་ལུགས་དང་པོ་གང་ལ་མྱོང་བ་སྐྱེས་པ་ནས་གནད་ནས་བཟུང་ལ། ཐབས་སྣ་ཚོགས་ཀྱིས་བྱམས་པའི་ཤུགས་ཆེན་པོ་ཅི་སྐྱེ་བྱ་ཞིང༌དེ་ལ་རྣམ་པར་རྟོག་པས་སྐད་ཅིག་ཀྱང་བར་མ་ཆོད་པར་ཡུན་རིང་དུ་མཉམ་པར་བཞག་པ་དང༌། དེ་ལྟ་བུའི་བྱམས་པའི་ཤུགས་ཇི་ཙམ་ཆེར་སྐྱེས་པ་ཙམ་དུ་ཡིད་གཞན་དུ་མ་ཡེངས་པར་གང་ཕན་བདེ་བསྒྲུབ་པའི་ཡུལ་ཁམས་དེར་ཤེས་པ་རྩེ་གཅིག་ཏུ་གཡོ་བ་མེད་པར་བཞག་པ་དང༌། རབ་གནས་ལྟ་བུ་ལ་ཡང༌། གཞན་དུ་མ་ཡེངས་པར་དུས་དེ་ཉིད་དུ་རྟེན་དེ་ཉིད་ལ་བལྟ་བ་དང་མེ་ཏོག་དོར་བར་བྱའོ། །
དེ་ལྟར་ལོག་སྟོར་འཁྱམས་གསུམ་མེད་པས་གང་བསྒྲུབ་པ་དེ་ལ་ཉེས་སྐྱོན་གང་ཡང་མེད་པ་དང༌། ཕན་བདེ་དཔག་ཏུ་མེད་པ་མྱུར་དུ་འགྲུབ་པ་དང༌། དེ་ཡང་གང་བསྒྲུབ་པར་བྱ་བ་དེ་ལ་མྱུར་དུ་འགྲུབ་པ་ཡིན་ནོ།།
དེ་ལྟར་བྱམས་པ་བསྒོམས་པ་ལ་མདོ་ནས་ཕན་ཡོན་དཔག་ཏུ་མེད་པ་གསུངས་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བར་བརྒྱད་དུ་བསྡུས་ནས་གསུངས་པ་ནི།
འཇིག་རྟེན་ཀུན་གྱིས་བཀུར་བ་དང༌། །དེ་དག་དང་ནི་བསྲུང་བ་དང༌། །ཡིད་དགའ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་མི་ཚུགས་དང་། །སྙན་པས་ཕྱོགས་བཅུར་ཁྱབ་པ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་བ་སྟེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །
ཞེས་སོ།།
བྱམས་པ་ལ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། དེ་ཉིད་ལས།
རྗེའུ་ཚོང་སུམ་རྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པ་བས། །བྱམས་པ་ཐང་ཅིག་ཡུད་ཙམ་གྱིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །
ཞེས་སོ།།
དེ་ལ་ཕན་ཡོན་བརྒྱད་ནི། འཇིག་རྟེན་ཀུན་གྱིས་བཀུར་བ་སྟེ། སེམས་ཅན་སུ་ཡིས་མཐོང་ཡང་དགའ་ཞིང་གུས་པས་མཆོད་ཅིང་སྤྱི་བོ་ལ་འཁུར་བ་དང༌། སྐྱེ་བོ་མང་པོ་སྤྲིན་བཞིན་འདུ་བ་དང༌། དུད་འགྲོ་ཚུན་ཆད་ཀྱིས་ཀྱང་བློ་གཏོད་ཅིང༌། ལྷ་འདྲེ་ཐམས་ཅད་ཀྱིས་ཀྱང་བསྙེན་བཀུར་བྱེད་པ་འབྱུང་ངོ༌།།
དེ་དག་གིས་ཀྱང་བསྲུང་བ་སྟེ། འཁོར་གྱི་དཀྱིལ་འཁོར་དུ་རིམས་ནད་ལ་སོགས་པ་མི་འབྱུང་བ་དང༌། གདོན་གྱིས་མི་ཚུགས་པ་དང༌། ཤི་ཚོགས་ཆུང་བ་དང༌། འཁྲུག་ལོང་དང་ཐབས་རྩོད་མི་འབྱུང་བ་དང༌། སྤྱོད་ཡུལ་གྱི་གྲོང་ཁྱེར་དང་ཡུལ་ཁམས་ཐམས་ཅད་ཀྱང་བདེ་བར་འཚོ་ཞིང༌། ལོ་ལེགས་པ་དང༌། འཁྲུག་པ་ཞི་བ་དང༌། མུ་གེ་མེད་པ་ལ་སོགས་པ་འབྱུང་སྟེ། བླ་མ་རིན་པོ་ཆེ་རྩྭ་མཁར་དུ་གཟིམས་པའི་ནུབ་མོ་སད་མོ་ཆེ་བྱུང་བ་ལ། ཡུལ་ཕྱོགས་དེའི་ཉིན་ལམ་གཅིག་གི་ཁོངས་སུ་སད་མ་བབས་པ་ལྟ་བུའམ། རྒྱལ་པོ་བྱམས་པའི་སྟོབས་ལྟ་བུའོ།།
ཡིད་དགའ་བ་ཐོབ་སྟེ་ཁྲོ་སེམས་མེད་ཅིང་བྱམས་པ་ལ་གནས་པས། དགའ་བ་འབའ་ཞིག་གིས་ཡིད་བརྒྱན་པ་དང༌། བདེ་བ་མང་བ་སྟེ་རང་གཞན་ཐམས་ཅད་ལ་གྲགས་པ་ངན་པ་དང༌། ངན་དུ་སྨྲ་བ་དང༌། གནོད་པར་བྱེད་པ་ལ་སོགས་པ་མི་འབྱུང་ཞིང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བཀྲ་ཤིས་དང་བདེ་ལེགས་ཀྱི་དཔལ་འབར་ཞིང་ཡིད་ལ་ཅི་བསམ་པ་འགྲུབ་པས་བདེ་བ་མང་བའོ།།
རྣལ་འབྱོར་པ་དེ་ལ་དུག་གིས་མི་ཚུགས་ཤིང་དུག་གིས་ཚེའི་དུས་བྱེད་པར་མི་འགྱུར་རོ། །མཚོན་གྱིས་མི་ཕོག་ཅིང་ཚེའི་དུས་བྱེད་པར་མི་འགྱུར་རོ། །སྙན་པ་ཕྱོགས་བཅུར་ཁྱབ་པ་སྟེ། སྙན་པའི་གྲགས་པ་ཆེན་པོ་ཕྱོགས་ཐམས་ཅད་ནས་རླུང་བཞིན་ལྡང་བ་སྟེ། རྗེ་བཙུན་གཉོས་ཀྱིས་ཏི་སེ་ལ་བསྒྲུབ་པ་མཛད་དུས་ཀྱི་གཏམ་རྒྱུད་ལྟ་བུའོ།།
ཚེ་འཕོས་ནས་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་སྟེ། ཝ་ར་ཎཱ་སིའི་འབབ་ཆུ་གནོད་པ་ཅན་ལ་བྲན་མོ་མ་སྨད་གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་མཚམས་སྦྱར་ཏེ་ཤི་ནས། ཚངས་པའི་ལྷར་སྐྱེས་པ་ལྟ་བུའོ།།
དེ་ལྟར་ཕན་ཡོན་བརྒྱད་དང༌། གཞན་ཡང་།
ཕན་བདེ་འབྱུང་བའི་ཏིང་ངེ་འཛིན་ཡིན། །
གསུང་བས་ཕན་ཡོན་དཔག་ཏུ་མེད་པས་དུས་ཐམས་ཅད་དུ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་ཞུ།
བྱམས་ཁྲིད་འདི་འཇིག་རྟེན་མགོན་པོས་སྐུ་ཚེའི་སྨད་ལ་ས་བོན་ཙམ་ཞིག་གསུངས་པ་ཡིན། བྱམས་པ་ལ་མངའ་བརྙེས་ཤིང་དབང་སྒྱུར་བ་ནི་བླ་མ་རིན་པོ་ཆེ་ཉིད་ཡིན་པས། ངེད་ཀྱང་དེའི་རྗེས་སུ་འབྲངས་ཤིང་རི་ཁྲོད་དུ་སྒྲུབ་པ་བྱེད་པ་དང༌། ཚོགས་སུ་གཞན་དོན་བྱེད་པའང་རུང་སྟེ། དུས་ཐམས་ཅད་དུ་བྱམས་པའི་སྟོབས་ཆེན་པོ་ལ་ཐུགས་རྩེ་གཅིག་མཛད་པས་འདི་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་བཞུགས་པར་ཞུ། བྱམས་ཁྲིད་ཀྱི་ཚར་ཆོས་བླ་མ་དམ་པའི་གསུང་སྒྲོས་དྲི་མ་མེད་པ་རྫོགས་སོ།། །།