Bodhisattvacaryāvatārabhāṣya/Full text

From Bodhicitta
Texts/Bodhisattvacaryāvatārabhāṣya/Full text

बोधिसत्त्वचर्यावतारभाष्य
Bodhisattvacaryāvatārabhāṣya
Explanation of Entering into the Conduct of the Bodhisattva
FULL TEXT


Description
This is a commentary on a pith instruction, supposedly given to Lopön Lodrö Mizepa (Slob dpon blo gros mi zad pa) by Mañjuśrī. In this instruction, the wheel of a chariot is used as an analogy to demonstrate how a bodhisattva makes progress in the practice of bodhicitta. The commentary explains, using the various components of the wheel of a chariot and their functions as analogies, how bodhicitta and the qualities of the ten bhūmis and five paths develop gradually through the practice of the ten chapters of the Bodhicaryāvatāra. Type of Commentary: practice instruction
Length: 22
ReferenceAtiśa. Bodhisattvacaryāvatārabhāṣya [बोधिसत्त्वचर्यावतारभाष्य]. byang chub sems dpa'i spyod pa la 'jug pa'i bshad pa [བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ།]. [Explanation of Entering into the Conduct of the Bodhisattva]. Tengyur, RKTST 3936 http://www.rkts.org/cat.php?id=3936&typ=2.
PeopleAtiśa



[edit]
Source Inputted by Khenpo Tamphel
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ་ཇོ་བོས་མཛད་པའོ།།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

༧༩༧ ཕྲེང་༧

༈ འཕགས་པ་འཇམ་དཔལ་རྣོན་པོ་ལ་ཕྱག་འཚལ།། སློབ་དཔོན་བློ་གྲོས་མི་ཟད་པ་ལ་འཇམ་དཔལ་གྱིས་བཤད་པ། རྐྱེན་གྱི་སྟོབས་ཀྱིས་ལྟེ་བ་འཁོར།། དེའི་སྟོབས་ཀྱིས་རྩིབས་དག་གཅོད།། མཚོན་ཆ་ཤིང་རྟའི་འཁོར་ལོ་བཞིན།། འཁོར་བས་འཁོར་ལོ་དག་ཏུ་བཤད།། འབྲིང་ལ་བཅུ་གཅིག་རབ་ལ་གསུམ།། ཐ་མ་སུམ་ཅུ་རྩ་དྲུག་སྟེ།།

༧༩༨

བཅུ་དགུ་པ་ནི་ལམ་གྱི་དངོས།། ལམ་དང་འབྲས་བུ་གཅིག་ཡིན་ཏེ།། དགག་བྱ་གཅད་པ་རྣམ་པ་གསུམ།། འཁོར་དང་མྱ་ངན་འདས་འཁོར་ནི།། རིགས་ཀྱི་བུ་ཁྱོད་ཤེས་པར་བྱོས།། ༈ ཚིག་དེ་རྣམས་ལ་བརྟེན་ནས་སློབ་དཔོན་གྱིས་སྤྱོད་པ་ལ་འཇུག་པ་འཁོར་ལོ་ལྟ་བུའི་ལམ་བྱ་བར་གསུངས་སོ།། དེ་ལས་དང་པོར་སྟེ། འཁོར་དང་མྱ་ངན་འདས་འཁོར་ནི།། བྱ་བ་དེ་བཤད་པས་འཁོར་བའི་འཁོར་ལོ་དང་། མྱ་ངན་ལས་འདས་པའི་ཁོར་ལོའོ།། དེ་ལས་འཁོར་བའི་འཁོར་ལོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འཇུག་པ་སྟེ། མ་རིག་པ་དང་འདུ་བྱེད་ནས་ཐ་མ་རྒ་ཤི་དང་མྱ་ངན་དང་སྨེ་སྔགས་འདོན་པ་ལ་ཐུག་པའི་བར་རོ།། མྱ་ངན་ལས་འདས་པའི་འཁོར་ལོ་ནི། ༈ མགོན་པོ་བྱམས་པའི་ཞལ་སྔ་ནས། གང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག།། མཉམ་དུ་མཛད་པའི་སྐུ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།། ཅེས་གསུངས་པས་ན། ལ་ལར་སྐུ་སྐྱེ་བ་བལྟམས་པ་དང་། ལ་ལར་གཞོན་ནུ་རོལ་རྩེད་མཛད་པ་དང་། ལ་ལར་མངོན་པར་སངས་རྒྱས་པ་དང་། ལ་ལར་སྐུ་མྱ་ངན་ལས་འདས་པ་ལ་སོགས་པས་འགྲོ་བའི་དོན་བྱེད་པའོ།། འོ་ན་མྱ་ངན་ལས་འདས་པའི་འཁོར་ལོ་དེ་ལྟར་འཁོར་བ་དེས་ལས་ཅི་བྱེད་ཞེ་ན། མགོན་པོ་བྱམས་པའི་ཞལ་སྔ་ནས། དེ་བཞིན་འདིའི་ལས་ཀྱང་ནི།། འཁོར་བ་སྲིད་དུ་མི་འཆད་འདོད།། འགྲོ་རྣམས་ཞི་བའི་ལས་དང་ནི།། བསྡུ་རྣམས་བཞི་ལ་འགོད་པ་དང་།། ཅེས་པ་ལ་སོགས་པ་གསུངས་སོ།། འོ་ན་འཁོར་བའི་འཁོར་ལོ་ལས་མྱ་ངན་ལས་འདས་པའི་གནས་སུ་བགྲོད་ན་ཐབས་གང་གིས་བྱ་ཞེ་ན། འབྲིང་ལ་བཅུ་གཅིག་རབ་ལ་གསུམ།། ཐ་མ་སུམ་ཅུ་རྩ་དྲུག་སྟེ།། བཅུ་དགུ་པ་ནི་ལམ་གྱི་དངོས།། ཞེས་བྱའོ།། འོ་ན་ལམ་དངོས་བཅུ་དགུ་པོ་དེ་དག་གང་ཡིན་ན། འཁོར་ལོ་ལྟ་བུའི་ལམ་བྱ་བ་

༧༩༩

རང་གང་གིས་གཏན་ལ་འབེབས་ན། ལམ་དང་འབྲས་བུ་གཅིག་ཡིན་ཏེ།། དགག་བྱ་བཅད་པ་རྣམ་པ་གསུམ།། ཞེས་གསུངས་སོ།། འོ་ན་འཁོར་ལོ་ལྟ་བུའི་ལམ་བྱ་བ་རང་དཔེ་གང་གིས་མཚོན་ཞེ་ན། རྐྱེན་གྱི་སྟོབས་ཀྱིས་ལྟེ་བ་འཁོར།། དེའི་དབང་གིས་རྩིབས་དག་གཅོད།། མཚོན་ཆ་ཤིང་རྟའི་འཁོར་ལོབཞིན།། འཁོར་བས་འཁོར་ལོ་དག་ཏུ་བཤད།། ཞེས་གསུངས་སོ།། དཔེར་ན་ཤིང་རྟའི་འཁོར་ལོའི་འཁྲུལ་ཐག་སྲོག་ཤིང་ལ་བཏགས་ནས་ཕྱུགས་སམ་མི་ལ་སོགས་པས་ཐེན་པས་འཁོར་ལོ་འཁོར། འཁོར་ལོ་འཁོར་བས་ས་ཕྱོགས་གང་དུ་བགྲོད་པར་བྱ་བ་ཐམས་ཅད་ཀྱི་ས་གཅོད་པར་བྱེད་དོ།།དཔེ་དེ་བཞིན་དུ་འཁོར་ལོའི་སྲོག་ཤིང་དང་འདྲ་བ་རྟེན་གྱི་གང་ཟག་ཡིན། འཁོར་ལོའི་སྲོག་ཤིང་ལ་ཐག་པ་བཏགས་ནས་ཐེན་པ་དང་འདྲ་བ་རྐྱེན་དགེ་བའི་བཤེས་གཉེན་ཡིན། འཁོར་ལོའི་རྩིབས་རྣམས་འཁོར་ནས་ས་ཕྱོགས་ཐམས་ཅད་གཅོད་ཅིང་བགྲོད་པ་དང་འདྲ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་པོ་བསམ་པ་དང་ལྷག་པའི་བསམ་པ་ལ་སོགས་པ་རང་འཁོར་བས་ལམ་གོང་ནས་གོང་དུ་བགྲོད་པར་བྱེད་པའོ།། ཡང་མཚོན་ཆའི་འཁོར་ལོའི་སྲོག་ཤིང་ལ་ཐག་པ་བཏགས་ནས་ཐེན་པས་མཚོན་ཆའི་འཁོར་ལོ་འཁོར་བ་དང་འདྲ་བ་སྤྱོད་འཇུག་གི་ལེའུ་བཅུ་པོ་དེ་བསམ་པ་དང་ལྷག་པའི་བསམ་པ་ལ་སོགས་པར་འཁོར་བ་ཡིན། མཚོན་ཆའི་འཁོར་ལོ་འཁོར་བས་དངོས་པོ་ཐམས་ཅད་མ་ལུས་པར་

༨༠༠

གཅོད་པ་དང་འདྲ་བར་ཉོན་མོངས་པ་སྤང་བྱ་མ་ལུས་པ་སྤོང་བ་ཡིན་ནོ།། དེ་ལྟར། རྐྱེན་གྱི་སྟོབས་ཀྱིས་ལྟེ་བ་འཁོར།། བྱ་བ་བཤད། རྐྱེན་འཁྲུལ་ཐག་གིས་འཁོར་ལོའི་སྲོག་ཤིང་ཐེན་པའོ།། ལྟེ་བ་འཁོར་བྱས་པས་སྲོག་ཤིང་འཁོར་བའོ།། དེའི་དབང་གིས་བརྩིབས་དག་གཅོད།། བྱས་པས་སྲོག་ཤིང་འཁོར་བས་རྩིབས་འཁོར་བའོ།། དེ་ནི་འཁོར་ལོ་ལྟ་བུའི་ལམ་བྱ་བའི་སྒྲ་འཇུག་བཤད་པ་ཡིན་ནོ།། འདི་བཞི་སྨད་ཀྱིས་མང་དུ་སྟོན་པ་དང་བརྗོད་བྱ་ཉུང་བས་སྔོན་དུ་བཤད། བཅུ་དགུ་པོ་དེ་ལས་ཟློག་སྟེ་ཕྱི་ནས་སོ།། ལམ་དང་འབྲས་བུ་གཅིག་ཡིན་ཏེ།། ཅེས་གསུངས་པ་པ་ནི། གང་ཟག་ལོག་པར་རྟོག་པ་ཅན་གྱི་བསམ་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདིས། ཉན་ཐོས་སམ་རང་རྒྱལ་ལམ། ལྷ་དང་མི་ཙམ་ལས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འབྱིན་མི་ནུས་སྙམ་པ་ལ།{འམ་ཐེག་པ་གསུམ་ལམ་དང་འབྲས་བུ་ཐ་དད་གཅིག་སྟོན་པ་ཡིན་སྙམ་པ།}དེའི་ལོག་པར་རྟོག་པ་དགག་པའི་ཕྱིར། ལམ་དང་འབྲས་བུ་གཅིག་པ་ཡིན་ཏེ།། ཅེས་འཁོར་ལོ་ལན་གཅིག་སྐོར་བས་ལམ་འབྲས་བུ་དང་བཅས་པ་གཅིག་སྟོན་ཏེ་{གཙོ་བོའི་དོན་གྱི་དབང་དུ་བྱས་ནས།}རིགས་དང་པོ་རྟེན་མགོན་པོ་བྱམས་པ་ལྟ་བུ་གཅིག་ལ་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུས་ཆོས་བཤད་པས་གདུལ་བྱའི་རིགས་སྨིན་པར་བྱས། དེ་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལེའུ་བཤད་པས་རིགས་གོང་ནས་གོང་དུ་འཕེལ་བས་བསམ་པ་ཕུན་སུམ་ཚོགས་པར་གྱུར། སྡིག་བ་བཤགས་པའི་ལེའུ་རྒྱུད་ལ་ལེན་པས་བསམ་པ་དེའང་སྦྱངས་པའི་སྟོབས་ཀྱིས་གོང་ནས་གོང་དུ་གཞན་དོན་དུ་ལྷག་པའི་བསམ་པ་འཕེལ་ལོ།། (༣) བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ་བཤད་པས་ཁ་འོག་ཏུ་ལུས་ཚུད་པར་བྱ་བའི་ཕྱིར་དང་། ལྷག་པའི་བསམ་པ་མི་ཉམས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་སྨོན་ལམ་འདེབས། བག་ཡོདཀྱི་ལེའུ་བཤད་པས་སྨོན་

༨༠༡

ལམ་ཇི་ལྟར་བཏབ་པ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་གོ་ཆ་འགོད། ཤེས་བཞིན་གྱི་ལེའུ་བཤད་པས་གོ་ཆ་ཇི་ལྟར་འགོས་པ་ལྟར་ལུས་ངག་ཡིད་གསུམ་མཚུངས་པར་ལྡན་པས་སྦྱོད་པ་ལ་འཇུག། བཟོད་པའི་ལེའུ་བཤད་པས་ཞུགས་པ་བསྟན་པ་ཉིད་ཀྱིས་བཟོད་པ་ཐོབ་པར་བྱེད། བརྩོན་འགྲུས་ཀྱི་ལེའུ་བཤད་པས་བཟོད་པ་དང་ལྡན་པའི་བརྩོན་འགྲུས་ཀྱིས་གོང་ནས་གོང་དུ་ཡང་དག་པར་འགྲུབ་པར་བྱེད། བསམ་གཏན་གྱི་ལེའུ་བཤད་པས་སྒྲུབ་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པ་རྒྱུ་ཚོགས་དང་ལྡན། ཤེས་རབ་ཀྱི་ལེའུ་བཤད་པས་ཚོགས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་འགྱུར་ཏེ། གང་འགྱུར་ན་འབྲས་བུ་དེ་མངོན་དུ་འགྱུར་བའོ།།{སྟེ་དོན་དམ་བློའི་སྤྱོད་ཡུལ་མིན་པས་ཆོས་སྐུ་དང་ཀུན་རྫོབ་ཡུལ་དུ་གྱུར་བ་གཟུགས་སྐུ་གཉིས་སོ།།} བསྔོ་བའི་ལེའུ་བཤད་པས་དེ་ལྟར་ཆོས་ཉིད་མངོན་དུ་གྱུར་པ་དེས་གཞན་གྱི་དོན་ལྷུན་གྲུབ་དུ་འབད་པ་དང་བརྩོལ་བ་མེད་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ།བུམ་པ་བཟང་པོར་དངོས་གྲུབ་བཞིན་དུ་གཞན་དོན་འབྱུང་བའོ།།{སྨོན་ལམ་གྱི་ལེའུ་བཤད་པ་}དེས་ནི་འཁོར་ལོ་ལན་གཅིག་འཁོར་བས་ལམ་འབྲས་བུ་དང་བཅས་པ་བསྟན་པས་རྫོགས་སོ།། །། དགག་བྱ་བཅད་པ་རྣམ་པ་གསུམ།། ཅེས་པས། ༈ གང་ཟག་ལོག་པར་རྟོག་པ་ཅན་གྱི་བསམ་པ་ལ། འབྲས་བུ་དེ་ལྟར་ཐོབ་ཀྱང་ལོ་ཀ་དང་ལོ་ཀ་ལས་འདས་པའི་སའི་གོ་རིམས་དང་ས་མཚམས་མེད་པས། ས་དེའི་མངོན་དུ་གྱུར་པ་མི་ཤེས་སོ་སྙམ་པ་ལ། དེའི་ལོག་པར་རྟོག་པ་དགག་པའི་ཕྱིར་འཁོར་ལོ་ལན་གཉིས་སྐོར་བའི་དུས་སུ། འཁོར་ལོ་དང་པོས་ནི་ལོ་ཀ་པའི་ས་བཅུ་ཐོབ་པའི་གོ་རིམས་

༨༠༢

དང་ས་མཚམས་བསྟན། འཁོར་ལོ་གཉིས་པ་སྐོར་བས་ནི་ལོ་ཀ་ལས་འདས་པའི་ས་བཅུ་ཐོབ་པའི་གོ་རིམ་དང་ས་མཚམས་བསྟན་པས། དེའི་ལོག་པར་རྟོག་པ་བཀག་ཅིང་བསལ་བ་ཡིན་ནོ།། དེ་ལས་ལོ་ཀ་པའི་ས་བཅུའི་འཐོབ་ལུགས་བཤད་པ་ནི། {གང་ལ་སྐྱེ་ན།}རྟེན་གྱི་གང་ཟག་ལས་དང་པོ་པ་དེ་ལ་བསམ་པ་སྐྱེ་སྟེ།{གང་ལ་རྟེན་ནས་སྐྱེ་ན།}ཕན་ཡོན་གྱི་ལེའུ་ཐོས་པས་དེར་རིགས་དེ།{ས་ཇི་སྐད་བྱ་བ་སྐྱེ་བ།}རིགས་ཀྱི་ས་ཞེས་བྱ་བ་རིགས་དེས་ཐེག་པ་གསུམ་ཅར་གྱི་རིགས་བྱེད་པའི་ནུས་པ་དང་ལྡན་པ་ལ་བྱའོ།། {གང་སྐྱེ་ན།}དེ་ནས་རྟེན་གྱི་གང་ཟག་དེ་ལ་ལྷག་པའི་བསམ་པ་སྐྱེ་སྟེ།{གང་ལས་སྐྱེ་ན།}སྡིག་པ་བཤགས་པའི་ལེའུ་ཐོས་པས་སོ།། {ས་ཇི་སྐད་བྱ་བ་སྐྱེ་ན།}ལྷག་པའི་བསམ་པ་སྐྱེས་པས་རྩོམ་ཞིང་སྡོམ་པའི་ས་ཞེས་པ་ནི་སེམས་བསྐྱེད་པ་དང་སྡོམ་པ་ནོད་ནུས་པ་དེ་ལ་བྱའོ།། དེ་ལ་རྟེན་གྱི་གང་ཟག་དེས་སྨོན་ལམ་འདེབས་ཏེ། བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ་ཐོས་པས་སོ།། ཐོས་པའི་ས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་ཆོས་ལ་ཐོས་བསམ་བྱེད་པའི་ནུས་པ་དང་ལྡན་པར་འབྱུང་བའོ།། དེ་ལ་རྟེན་གྱི་གང་ཟག་དེས་གོ་ཆ་འགོད་དེ། བག་ཡོད་པའི་ལེའུ་ཐོས་པས་སོ།། ཞི་གནས་དང་ལྷག་མཐོང་གི་ས་ཞེས་བྱ་བ་སྐྱེ་སྟེ། རྣམ་པར་རྟོག་པའི་གཟུགས་རྙན་གཟུགས་སྒྲ་དྲི་རོ་ལས་ཀྱང་འབྱུང་ལ། རྣམ་པར་རྟོག་པ་མ་ཡིན་གཟུགས་རྙན་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡིན་པར་ཤེས་པ་ཡང་དང་ཡང་དུ་སེམས་པའོ།། དེ་གཉིས་སུ་སྐྱེ་བའི་ཤེས་པ་འབྱུང་བ་ལ་བྱའོ།། དེ་ནས་རྟེན་གྱི་གང་ཟད་དེ་ལ་འཇུག་པའི་བསམ་པ་སྐྱེ་སྟེ། ཤེས་བཞིན་གྱི་ལེའུ་ཐོས་པའི་སྒོ་ནས་སོ།། ཕྱིར་ཕྱོགས་པ་ལས་གཞན་དུ་གྱུར་པའི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་རིགས་ངེས་པའི་གང་ཟག་དུ་འགྱུར་བའོ།། དེ་ནས་གང་ཟག་དེ་ལ་

༨༠༣

བཟོད་པའི་བསམ་པ་སྐྱེ་སྟེ། བཟོད་པའི་ལེའུ་ཐོས་པའི་སྒོ་ནས་མཚན་མ་རགས་པའི་འབྱུང་བའི་ས་ཞེས་བྱ་འཛིན་རྟོག་དང་པོ་ཞེས་བྱ་བ་མིག་གཟུགས་ལ་འཛིན་པ་དང་རྣ་བ་སྒྲ་ལ་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་ཏེ། ཤས་ཆུང་བར་བྱས་ནས་ཕལ་ཆེར་ཡུལ་ལ་འཕྲོ་བ་ལས་བཟློག་ཅིང་ཐུབ་པ་ལ་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེ་ལ་ཡང་དག་པར་འགྲུབ་པའི་བསམ་པ་སྐྱེ་སྟེ། བརྩོན་འགྲུས་ཀྱི་ལེའུ་ཐོས་པའི་སྒོ་ནས་སོ།། མཚན་མ་ཕྲ་པའི་ས་ཞེ་བྱ་བ་འཛིན་པའི་རྣམ་པར་རྟོག་པ་མིག་གཟུགས་ལ་འཛིན་པ་དང་། རྣ་བ་སྒྲ་འཛིན་པ་ལ་སོགས་པ་གཏན་སྤངས་ཤིང་ཟད་པར་བྱས་དེ་མཉམ་པར་བཞག་པའི་དུས་སུའོ།། དེ་ནས་རྟེན་གྱི་གང་ཟག་དེ་ཚོགས་ཀྱི་བསམ་པ་སྐྱེ་སྟེ། བསམ་གཏན་ལེའུ་ཐོས་པས་སོ།། མཚན་མ་མེད་པ་མངོན་པར་འདུ་མི་བྱེད་པའི་ས་ཞེས་བྱ་བ་ཕྱི་གཟུང་ཡུལ་དུ་རྣམ་པར་རྟོག་པ་དང་། ནང་འཛིན་པའི་སེམས་སུ་རྣམ་པར་རྟོག་པ་གཉིས་མཉམ་པར་བཞག་པའི་དུས་སུ་གཏན་ནས་སྤངས་པ་ལ་བྱའོ།། དེ་ལས་རྟེན་གྱི་གང་ཟག་དེ་འབྲས་བུའི་གནས་སྐབས་སུ་འགྱུར་ཏེ། ཤེས་རབ་ཀྱི་ལེའུ་ཐོས་པའི་སྒོ་ནས་སོ།། སེམས་ཅན་གྱི་དོན་ལ་མངོན་པར་འདུ་མི་བྱེད་པའི་ས་ཞེས་བྱ་མཉམ་པར་བཞག་པའི་སྒོ་ནས་སྟོང་པ་ཉིད་ཤས་ཆེ་བས་རྗེས་ཐོབ་སེམས་ཅན་ལ་དམིགས་པ་ཤས་ཆུང་བའོ།། དེ་ནས་རྟེན་གྱི་གང་ཟག་གཞན་དོན་ཅན་དུ་འགྱུར་ཏེ། སྨོན་ལམ་གྱི་ལེའུ་ཐོས་པས་སོ།། ཏིང་ངེ་འཛིན་ལ་དབང་བའི་ས་ཞེས་བྱ་བ་མཉམ་བཞག་སྟོང་པ་ཉིད་ལ་གོམས་པར་བྱས་ནས། དེ་ནས་རྗེས་ལས་ཐོབ་པའི་དུས་སུ་འཁོར་བའི་སེམས་ཅན་ལ་དམིགས་ནས། དོན་དམ་པར་ན་ཆོས་

༨༠༤

ཐམས་ཅད་སྟོང་ཞིང་བདག་མེད་པ་དེ་ལྟར་ཡིན་པ་ལ། ཀུན་རྫོབ་སྒྱུ་མ་ཙམ་དུ་འཁོར་བའི་སེམས་ཅན་རྣམས་ཀྱིས་འཁྲུལ་བའི་སྟོབས་ཀྱིས་ད་ལྟར་དམྱལ་བ་ལ་སོགས་པ་ན་དུ་ཁ་བས་དེ་རྣམས་དང་བྲལ་བར་འདོད་པའི་བྱམས་པ་དང་། དམྱལ་བའི་ཚ་གྲང་ལ་སོགས་པ་ལ་དམིགས་པའི་སྙིང་རྗེ་སྐྱེ་བའོ།། དེ་ལྟར་བྱམས་པ་སྙིང་རྗེ་མཚུངས་པར་ལྡན་པ་སྐྱེས་ནས་འཁོར་བ་པ་རྣམ་ལ་སྙིང་རྗེ་ལྷུན་གྲུབ་དུ་སྐྱེ་སྟེ། དེའི་དུས་སུ་གཞན་དོན་བྱེད་པ་ལ་འབད་རྩོལ་བྱ་མི་དགོས་པར་ལྷུན་འགྲུབ་དུ་འགྱུར་བའོ།། དེ་ལྟར་སེམས་སྨད་བཅུ་པོ་དེས་ལོ་ཀ་བའི་ས་བཅུར་འགྲོ་བའི་རིམ་པའོ།། ད་ནི་ལོ་ཀ་ལས་འདས་པའི་ས་བཅུར་འགྲོ་པའི་རིམ་པ་བཤད་ན་དང་པོ་སྟེ། རྟེན་གྱི་གང་ཟག་གི་རིགས་དེ་ནི་ཇི་སྐད་བྱ་བའི་རིགས་ཡིན་ན། འབྲས་བུ་དང་མཐུན་པའི་རིགས་འདི་ནི་ས་གཉིས་པ་དྲི་མ་མེད་པ་ལ་སེང་གེ་རྣམ་པར་འགྱིངས་པའི་ཏིང་ངེ་འཛིན་གྱི་རྗེས་ཐོབ་ཟག་པ་དང་བཅས་པ་དང་། མཉམ་བཞག་ཟག་པ་མེད་པ་ཐ་མི་དད་སྒྲུབ་པའི་རིགས་སོ།། འོ་ན་ས་དང་པོ་བྱས་པ་ལ། སྤྱིར་ལམ་བཞི་སྟེ། ཐར་པའི་ཆ་དང་འཐུན་པའི་ལམ་དང་། ངེས་པར་འབྱེད་པའི་ཆ་དང་འཐུན་པའི་ལམ་དང་། སློབ་པ་ཕྱིར་མི་ལྡོག་པའི་ལམ་དང་།{སྤྱིར་སློབ་པ་ཕྱིར་ལྡོག་པ་ས་བདུན་མན་ཆད། མི་སློབ་ཕྱིར་མི་ལྡོག་པ་འབྲས་བུའི་ས་གསུམ་ཡིན་ཏེ། མི་སློབ་སངས་རྒྱས་པ་ལ་བྱས་ཅེས།}མི་སློབ་མཐར་ཕྱིན་པའི་ལམ་མོ།། དེ་ལས་ཐར་པའི་ཆ་དང་འཐུན་པའི་ལམ་ནི་ཚོགས་ཀྱི་ལམ་ཆུང་འབྲིང་ཆེ་གསུམ་མོ།། {ཚོགས་ལམ་བཞི་པོ་དེའི་རང་དང་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་རྟོགས་ཏེ་མཐོང་བ་རྣམས་དྲན་པས་གསལ་བར་འཛིན་ཏེ་དྲན་པ་ཤས་ཆེ་བས་དྲན་པ་ཉེར་བཞག་བཞིའོ།།}དེ་ལ་ཚོགས་ལམ་ཆུང་ངུའི་དུས་སུ་དྲན་པ་ཉེ་བར་བཞག་པ་བཞི། ཚོགས་ལམ་འབྲིང་གི་དུས་སུ་ཡང་དག་པར་སྤོང་བ་བཞི།

༨༠༥

ཚོགས་ལམ་ཆེན་པོའི་དུས་སུ་རྫུ་འཕྲུལ་གྱི་རྐང་པ་བཞིའོ།། {ཚོགས་ལམ་ཆུང་ངུ་།}དེ་ལས་རྒྱས་པར་བཤད་ན། ཚོགས་ལམ་ཆུང་ངུའི་དུས་སུ་དྲན་པ་ཉེ་བར་བཞག་པ་བཞི་རྒྱུད་ལ་ཇི་ལྟར་སྐྱེ་ཞེ་ན། ༡ ལུས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་མུ་སྟེགས་པས་ལུས་འདི་གཙང་བར་འཛིན་པ་ལས། དེ་ལས་བཟློག་ནས་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་སུ་གོ་བའོ།། ༢ ཚོར་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་མུ་སྟེགས་པས་ཚོར་བ་བདེ་བར་ཤེས་ཤིང་ཞེན་པ་ལས། དེ་ལས་བཟློག་ནས་ཚོར་བ་བདེ་བ་དང་དུ་ཁ་དང་བཏང་སྙོམས་གསུམ་དུ་རྟོག་པ་གསུམ་པོ་དེ་ཉིད་ཀྱང་མི་རྟག་པར་ཤེས་ཤིང་གོ་བའོ།། ༣ ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ། མུ་སྟེགས་པས་དངོས་པོའི་ཆོས་ཐམས་ཅད་རྟག་པར་ལྟ་བ་ལ། དེ་ལས་བཟློག་ནས་དངོས་པོའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་གོ་བའོ།། ༤ སེམས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ། མུ་སྟེགས་པས་སེམས་རྟག་པ་བརྟན་པ་མི་འགྱུར་བར་ལྟ་བ་ལས། དེ་ལས་བཟློག་ནས་སེམས་དུས་གསུམ་དུ་ཤེས་པ་སྟེ། དུས་གསུམ་དུ་ཤེས་པས་འདས་པའི་སེམས་ནི་འགགས་ཤིང་ཞིག མ་འོངས་པའི་སེམས་ནི་མ་སྐྱེས། ད་ལྟ་བའི་སེམས་ནི་འཇིག་པ་ལ་ཕྱོགས་པར་ཤེས་པས་མི་རྟག་ཅིང་མི་བརྟན་པར་ཤེས་ཤིང་གོ་བའོ།། དེ་ནི་ཚོགས་ལམ་ཆུང་ངུའི་དུས་སུ་བློ་སྐྱེ་ལུགས་སོ།། {འདི་རྣམས་ཀྱང་དྲན་པ་ཉེར་བཞག་ཤེས་རབ་སྟེ། ངོ་བོ་ཤེས་རབ་ཏུ་གཅིག་ཀྱང་གྲོགས་ཀྱི་སྒོ་ནས་བཞིར་ཕྱེ། དེ་བཞིན་དུ་ཡང་དག་སྤོང་བ་བརྩོན་འགྲུས། རྫུ་འཕྲུལ་རྐང་པ་ས་མ་ཏི་ཅས།} ད་ནི་ཚོགས་ལམ་འབྲིང་གི་བློ་སྐྱེ་ལུགས་ནི། ཡང་དག་པར་སྤོང་བ་བཞི་རྒྱུད་ལ་སྐྱེ་སྟེ། ཡང་དག་པར་སྤོང་བ་བཞི་ནི། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་

༨༠༦

རྣམས་ཡང་དག་པར་སྲུང་བ་དང་། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པར་སྲུང་བའོ།། དེ་ཉིད་རྒྱས་པར་བཤད་ན། དགེ་བའི་ཆོས་རྣམས་མ་སྐྱེས་པ་བསྐྱེད་པ་ཚོགས་སྩོགས་པའོ།། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་བསླབ་བྱ་ལ་ནན་ཏན་དུ་བྱེད་པའོ།། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི་སྡིག་པ་སྦྱོང་བའི་ཐབས་ཡན་ལག་བདུན་པ་ལ་སོགས་པའོ།། མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་སྡོམ་པ་སྲུང་བའོ།། དེ་ནི་ཚོགས་ལམ་འབྲིང་པོའི་རྒྱུད་ལ་སྐྱེ་བར་འགྱུར་བའོ།། {ཚོག་ལམ་ཆེན་པོ།}

དེ་ནས་ཚོག་ལམ་ཆེན་པོའི་དུས་སུ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་རྒྱུད་ལ་སྐྱེ་བར་འགྱུར་བའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་རྐང་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་རྫུལ་འཕྲུལ་གྱི་རྐང་པ་དང་། དེ་ཉིད་རྒྱས་པར་བཤད་པ་ལས། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི།{རྐང་པ་ལ་རྟེན་ནས་འགྲོ་འོང་བྱེད་པ་ལྟར་ས་མ་ཏི་ལ་རྟེན་ནས་རྫུལ་འཕྲུལ་འོང་བ་ཅེས་}ཏིང་ངེ་འཛིན་འདོད་པའི་དད་པ་ལྷག་པར་ཆེ་བའོ།། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་སྐྱེ་བའི་གྲོགས་སྦྱོར་བ་གཞན་གྱིས་བར་མ་ཆོད་པར་སྐྱེ་བའོ།། སེམས་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱིས་གྲོགས་བྱས་ནས་སྒྲུབ་པས་སེམས་ལས་སུ་རུང་བར་བྱས་པའོ།། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི། རྟོག་པ་དང་དཔྱོད་པའི་སྒོ་ནས་བསམ་གཏན་བཞི་རྒྱུད་ལ་སྐྱེ་བའོ།། བསམ་གཏན་བཞི་ཉིད་རྒྱུད་ལ་ཇི་ལྟར་སྐྱེ་ཞེ་ན། འདོད་པའི་ཁམས་ཀྱི་མཉམ་པར་མ་གཞག་པའི་སེམས་འདི་ཉིད་ཀྱིས་

༨༠༧

བསམ་གཏན་དང་པོ་སྒོམ་པའི་དུས་སུ་{རྟོག་དཔྱོད་ཀྱིས་འདོད་པའི་ཉེས་དམིགས་ཤེས་ནས་སྤངས་པས་}ཤེས་པ་རྩེ་གཅིག་ཏུ་བཞག་པས་རྟོག་པ་འབྱུང་སྟེ། རྩེ་གཅིག་དུ་བཞག་པའི་ཤེས་པ་འདི་བྱིང་ནས་འདུག་གམ། རྒོད་ནས་འདུག་སྙམ་དུ་རྟོག་པ་འབྱུང་བའོ།། དེ་ནས་དཔྱོད་པ་འབྱུང་སྟེ། བྱིང་བའི་བྱེ་བྲག་གཉིད་དང་རྨུགས་པ་ལ་སོགས་པས་བྱིང་ངམ། རྒོད་པའི་བྱེ་བྲག་གཟུགས་སྒྲ་དྲི་རོ་ལ་སོགས་པར་འཕྲོས་སམ་སྙམ་པའི་དཔྱོད་པ་འབྱུང་བའོ།། དེ་ནས་དེ་ལྟར་རྟོག་དཔྱོད་དུ་སྐྱེ་བའི་ཤེས་པ་དེ་ཉིད་ཀྱང་བཀག་ནས་དབང་པོ་དྲུག་གི་སྒོ་ནས་བཀག་ནས་ཡུལ་དྲུག་ལ་རྒྱུ་བ་བཅད་ནས་སྒོམ་པའི་ཤེས་པ་རྩེ་གཅིག་པ་དེའི་ནང་དུ་དགའ་བ་དང་བདེ་བ་གཉིས་སྐྱེ་སྟེ། ལུས་བདེ་བ་ལྡང་བ་ཡང་བ་དང་། ཟོ་མདོག་བདེ་བ་ལ་སོགས་པ་དང་། སེམས་དགའ་བ་སྔར་ཉམས་སུ་མ་མྱོང་བ་རྣམས་མྱོང་བར་འགྱུར་ཏེ། ཉམས་སུ་མྱོང་བ་དེའང་སེམས་ཅན་གྱི་ཁམས་ལ་མས་ཀྱིས་བཙལ་ན་རྣམ་པར་མི་རྟོག་པ་དང་འདྲར་རུང་བ་རྟོག་བཅས་ཀྱི་ཤེས་པ་རགས་པ་རྣམས་འགགས་ནས་མི་རྟོག་པའི་ཡིད་བདེ་བ་སྐྱེ་བའོ།། དེ་ལྟར་བསམ་གཏན་དང་པོ་ལ་རྩེ་གཅིག་པ་དང་གཅིག། རྟོག་པ་དང་གཉིས། དཔྱོད་པ་དང་གསུམ། དགའ་བ་དང་བཞི། བདེ་བ་དང་ལྔ་སྐྱེ་བར་འགྱུར་རོ།། ཆོས་དེ་ལྔ་དེ་ལྟར་སྐྱེས་ཀྱང་བསམ་གཏན་དང་པོའི་བདེ་བ་དེ་རྟོག་དཔྱོད་སྔོན་དུ་སོང་ནས་སྐྱེས་པས་ན།{འདི་མན་ཆད་མེས་འཇིག་པའི་རྒྱུ་མཚན་ཡང་དེའོ།།}བསམ་གཏན་དང་པོ་ནི་མེ་ལྟ་བུའི་བསམ་གཏན་ཞེས་བྱའོ།། དེ་ནས་བསམ་གཏན་གཉིས་པ་སྒོམ་པའི་དུས་སུ་བསམ་གཏན་དང་པོའི་རྟོག་དཔྱོད་གཉིས་པོ་ལ་ཤེས་པ་རྩེ་གཅིག་པའི་ནང་དུ་དགའ་བ་དང་བདེ་བ་དང་ནང་རབ་ཏུ་

༨༠༨

དང་བ་ཞེས་བྱ་བ་དགའ་བ་དང་བདེ་བ་དེ་གསལ་ལ་མི་རྟོག་པའི་རང་བཞིན་དུ་སྐྱེ་བའོ།། དེ་ལྟར་བསམ་གཏན་གཉིས་པ་ལ་དགའ་བ་དང་བདེ་བ་དང་རྩེ་གཅིག་པ་དང་ནང་རབ་ཏུ་དང་བ་ཆོས་བཞིའི་ངོ་བོར་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལྟར་དགའ་བ་དང་བདེ་བ་དེ་ནང་རབ་ཏུ་དང་བའི་བདག་ཉིད་ཀྱིས་ཆུ་མ་རྙོགས་པ་བཞིན་དུ་གསལ་ལ་མི་རྟོག་པར་སྐྱེ་བས་ན།{འདི་མན་ཆད་ཆུས་འཇིག་ཅེའོ།།}བསམ་གཏན་གཉིས་པ་ནི་དགའ་བདེ་ཆུ་ལྟ་བུའི་བསམ་གཏན་ཞེས་བྱའོ།། དེ་ནས་བསམ་གཏན་གསུམ་པ་སྒོམ་པའི་དུས་ན། བསམ་གཏན་གཉིས་པ་སྒོམ་པའི་དགའ་བ་དང་བདེ་བ་ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུར་ལྟས་ཏེ་སྤངས་ནས་ཤེས་པ་རྩེ་གཅིག་པ་དེའི་ནང་དུ། ནང་རབ་ཏུ་དང་བ་གསལ་བ་མི་རྟོག་པ་དེའི་ཟག་པ་དང་བཅས་པའི་བསམ་གཏན་བྱ་བ་སྐྱེ་སྟེ། དངོས་པོ་འདུས་བྱས་ཀྱི་ཆོས་འདི་ཐམས་ཅད་དཀར་པོ་ལ་སོགས་པའི་ཁ་དོག་གམ། གྲུ་བཞི་ལ་སོགས་པའི་དབྱིབས་སམ། མདོར་ན་གཟུང་བར་བྱ་བ་ཡུལ་གྱི་ཆར་གཏོགས་པ་དང་། དེར་འཛིན་གྱིས་ཤེས་པ་འཛིན་ཆར་གཏོགས་པ་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་བཏང་སྙོམས་སུ་སྐྱེ་བ་ནི་ཟག་བཅས་ཀྱི་བཏང་སྙོམས་སོ།། དེ་ལྟར་ཟག་བཅས་ཀྱི་བཏང་སྙོམས་སྐྱེ་བའི་དུས་སུ་ནང་རབ་ཏུ་དང་བ་ཤེས་རབ་ཀྱི་ཆ་དེས་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྐད་ཅིག་ཡུད་ཙམ་གྱིས་གཡོ་མགུལ་རླུང་ལྟ་བུའི་ཤེས་རབ་དེས་མཉམ་པ་ཉིད་དུ་བཏང་སྙོམས་སུ་བྱས་པས་ན། བསམ་གཏན་གསུམ་པ་ནི་གཡོ་མགུལ་རླུང་ལྟ་བུའི་བསམ་གཏན་ཞེས་བྱའོ།།{རླུང་གིས་འཇིགས་} དེ་ནས་བསམ་གཏམ་བཞི་པ་སྒོམ་པའི་དུས་སུ་རྩེ་གཅིག་ཏུ་གནས་པ་དང་། ནང་རབ་ཏུ་དང་བའི་ཤེས་རབ་དེས་བསམ་གཏན་གསུམ་པའི་ཟག་པ་དང་བཅས་པའི་ཆོས་

༨༠༩

ཐམས་ཅད་འབད་རྩོལ་དུ་མ་གཅིག་དང་བཅས་པས་བཏང་སྙོམས་སུ་བྱས་པ་ཡིན་ལ། བསམ་གཏན་བཞི་པའི་དུས་འདིར་འདུས་མ་བྱས་ཀྱི་བཏང་སྙོམས་བྱ་བ་སྐྱེ་སྟེ། བསམ་གཏན་གསུམ་པ་བཞིན་དུ་དམིགས་པར་བྱ་བའི་ཡུལ་དང་འབད་རྩོལ་མེད་པར་མིང་དང་ཚིག་དང་ཡི་གེ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡང་མི་སྐྱེ་སྟེ། ཐམས་ཅད་མཉམ་ཞིང་མི་གཡོ་བའི་རྣམ་རྟོག་ཐམས་ཅད་ནུབ་པའི་བཏང་སྙོམས་བརྟན་ཞིང་མི་འགྱུར་བ།{དུ་བ་ལ་སོགས་པ་གང་གིས་ཀྱང་མི་ལོ་}བསམ་གཏན་ལ་གནོད་པའི་ཚོར་བ་གང་གིས་ཀྱང་བསྐྱོད་པའམ་སྒུལ་བར་མི་ནུས་པ། སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པ་འབྱུང་བས་ན། བསམ་གཏན་གཞི་པ་ནི་འགྱུར་མེད་ནམ་མཁའ་ལྟ་བུའི་བསམ་གཏན་ཞེས་བྱའོ།། {འདི་ནས་འབྱུང་བས་མི་འཇིག་ཅེས་}བསམ་གཏན་བཞི་པོ་དེ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ལས་སྐྱེ་བར་འགྱུར་རོ།། དེ་རྣམས་ནི་ཚོགས་ལམ་ཆེན་པོ་ལ་གནས་པའི་རྒྱུད་ལ་སྐྱེ་བར་འགྱུར་རོ།། དེ་ལྟར་ཚོགས་ལམ་མཐར་ཕྱིན་པ་དེས་སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་བཞི་རྒྱུད་ལ་སྐྱེ་བར་འགྱུར་ཏེ། ངེས་པར་འབྱེད་པའི་ཆ་བཞི་གང་ཞེ་ན། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ལོ་ཀ་ཆོས་ཀྱི་མཆོག་གོ། དེ་རྣམས་རིམ་པར་རྒྱུད་ལ་ཇི་ལྟར་སྐྱེ་ཞེ་ན། དཔེར་ན་མེ་འབྱིན་པའི་དུས་སུ་རྩུབ་ཤིང་གིས་རྩུབ་པས་དང་པོར་དྲོ་བ་འབྱུང་། དེ་ནས་དུ་བ་འབྱུང་། དེ་ནས་མེ་སྐར་འབྱུང་། དེ་ནས་མེ་ཆེན་པོ་འབྱུང་། དཔེ་དེ་བཞིན་དུ་ཁམས་གོང་མའི་{སེམས་ཀྱི།}ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ལ་དམིགས་ཀྱིན་བསྒོམས་པས་དྲོ་བ་དང་འདྲ་བའི་{སྣང་བ་ཐོབ་པའི་ཏིང་ངེ་འཛིན་}འཐོབ། དྲོད་ཐོབ་ནས་ཆོས་ཀྱི་དབྱིངས་དེར་ཤེས་པ་སྤྲོས་བྲལ་དུ་རེས་གཏད་

༨༡༠

དུ་མི་བརྟན་པས་ན། དཔེར་ན་ཤིང་གི་རྩེ་མོ་གཡོ་བ་དང་འདྲ་བས་ན་རྩེ་མོ་{སྣང་བ་མཆེད་པའི་ཏིང་ངེ་འཛིན་}སྐྱེ་བར་འགྱུར་རོ།། གཡོ་བའི་དུས་དེ་ཉིད་དུ་བསྣན་ཅིང་བསྒོམས་པས་{སྔ་མ་བས་བཟོད་པ་བརྟན་པས་ན་}མེ་སྐར་དང་འདྲ་བའི་བཟོད་པ་{དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་མི་སྐྲག་པ་}ཐོབ་པར་འགྱུར་རོ།། མེ་ཆེན་བུས་ན་བསྲེག་པ་ལ་སོགས་པ་བྱེད་པ་དང་འདྲ་བར་ལོ་ཀ་ཆོས་ཀྱི་མཆོག་{དེ་མ་ཐག་པའི་ས་མ་ཏི་}སྔར་སྐྱེ་མ་མྱོང་བའི་ཆོས་ཉིད་རྒྱུད་ལ་སྐྱེས་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱ་དང་། དཔུང་བཀོད་པ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། དེ་ལ་ངེས་པར་འབྱེད་པའི་ཆ་བཞིའི་དུས་སུ་ཆོས་གང་དང་གང་རྣམས་རྒྱུད་ལ་སྐྱེ་ཞེ་ན། དྲོད་ཀྱི་དུས་སུ་དབང་པོ་ལྔའི་གཟུགས་བརྙན། རྩེ་མོའི་དུས་དབང་པོ་ལྔ་ཡོངས་སུ་རྫོགས་པར་འགྱུར། བཟོད་པའི་དུས་སུ་སྟོབས་ལྔའི་གཟུགས་བརྙན། ཆོས་མཆོག་གི་དུས་སུ་སྟོབས་ལྔ་ཡོངས་སུ་རྫོགས་པར་འགྱུར་བའོ།། དེ་ཉིད་རྒྱས་པར་བཤད་པ། དེ་ལ་དྲོད་ཀྱི་དུས་སུ་དབང་པོ་ལྔའི་གཟུགས་བརྙན་ཇི་ལྟར་རྫོགས་པར་འགྱུར་ཞེ་ན།{དེ་ལས་དང་དཀོན་མཆོག་ལ་ཤེས་པ་གཏད་པའི་དུས་སུ་ཅུང་རེ་ཡིད་ཡེངས་པའི་དུས་སུ་ཡིད་མི་ཆེས་པའོ་}དད་པའི་དབང་པོ་དང་།{ནན་ཏན་དུ་གོ་ཆ་བགོས་ན་བརྩོན་འགྲུས་ཡོད་མ་བགོས་ན་མེད་པའོ།།}བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་།{འདྲིས་པའི་དངོས་པོ་བསམ་ན་དྲན་མ་བསམས་ན་མི་དྲན་པའོ།།}ཏིང་ངེ་འཛིན་གྱི་དབང་པོ་དང་། མཉམ་པར་{གཞག་ན་རྩེ་གཅིག་དུ་གནས་མ་གཞག་ན་མི་གནས་ལ་}ཤེས་རབ་ཀྱི་དབང་པོ་སྟེ།{ཆོས་རྣམ་པར་འབྱེད་རེས་མེད་པས་}དེ་ལྔའི་གཟུགས་བརྙན་རྫོགས་པར་འགྱུར་བའོ།།{འདི་ལྔའི་དབང་གིས་སེམས་ལས་སུ་རུང་བའི་རྒྱུད་ལ་ཐར་ཆའི་དགེ་རྩ་སྐྱེ་བ་ལ་དབང་བས་དབང་པོ་ཞེས་བྱའོ།།}

༨༡༡

རྩེ་མོའི་དུས་སུ་དབང་པོ་ལྔ་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལ་དད་པའི་དབང་པོ་ཞེས་པ་ནི། ལས་དང་དཀོན་མཆོག་ལ་དུས་དང་གནས་སྐབས་ཐམས་ཅད་དུ་ཡིད་ཆེས་པའོ།། བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱ་བ་ནི། བསྒྲུབ་བྱ་མྱུར་དུ་སྒྲུབ་པ་ལ་{ལེ་ལོ་}རྐྱེན་གང་གིས་ཀྱང་བར་དུ་མི་ཆོད་པའོ།། དྲན་པའི་དབང་པོ་ཞེས་པ་ནི། འདྲིས་པའི་དངོས་པོོ་བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་མི་བརྗེད་པར་དྲན་པའོ།། ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱ་བ་ནི། ཆེད་དུ་བྱས་རུང་མ་བྱས་རུང་ཤེས་པ་རྩེ་གཅིག་དུ་བསླབ་པའོ།། ཤེས་རབ་ཀྱི་དབང་པོ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་རྙན་བརྟན་དུ་མེད་པ་ཐོགས་པ་མེད་པ་དཔག་ཏུ་མེད་པ་རྒྱུད་ལ་སྐྱེ་བར་འགྱུར་བའོ།། བཟོད་པའི་དུས་སུ་སྟོབས་ལྔའི་གཟུགས་རྙན་རྫོགས་པར་གྱུར་ཞེས་པ། དད་པའི་སྟོབས་ཞེས་བྱ་བ་ནི། ཡིད་མི་ཆེས་པའི་རྒྱུ་{དད་པ་ལ་སོགས་པ་འདི་རྣམས་ཡུན་རིང་དུ་བསྒོམས་པས་མ་དད་པ་ལ་སོགས་པས་བར་དུ་བཅད་མི་ནུས་པས་དད་པ་ལ་སོགས་པའི་སྟོབས་བསྐྱེད་པས་ན་}ལྟ་བུ་དང་ཐེ་ཙོམ་བྱེ་བྲག་དཔག་ཏུ་མེད་པ་ཡོད་པ་ལ། དེ་རྣམས་རེས་འཇོམས་ནུས་རེས་མི་ནུས་མི་བརྟན་པའོ།། བརྩོན་འགྲུས་ཀྱི་སྟོབས་ཞེས་བྱ་བ་ནི། ལེ་ལོ་དང་སྙོམ་ལས་རྣམ་རེས་འཇོམས་ནུས་རེས་མི་ནུས་པའོ།། དྲན་པའི་སྟོབས་ཞེས་བྱ་བ་ནི། རྗེད་ངས་པ་རྣམས་རེས་འཇོམས་ནུས་རེས་མི་ནུས་པའོ།། ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱ་བ་ནི། རྣམ་པར་གཡེང་བ་རྣམས་རེས་འཇོམས་ནུས་རེས་མི་ནུས་པའོ།། ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ནི། གཏི་མུག་གམ་མ་རིག་པའི་མུན་པ་རྣམས་རེས་འཇོམས་ནུས་རེས་མི་ནུས་པའོ།། ཆོས་མཆོག་གི་དུས་སུ་སྟོབས་ལྔ་ཡོངས་སུ་

༨༡༢

རྫོགས་པར་འགྱུར་ཞེས་བྱ་ནི། དད་པ་མེད་པ་དང་ཡིད་མི་ཆེས་པ་རྣམས་རྣམ་པ་ཐམས་ཅད་དུ་ཆོམས་ཤིང་སྤོང་ནུས། དེ་བཞིན་དུ་ལྔ་ཀ་རེས་འཇོག་མེད་པར་སྤོང་ནུས་པའོ།། དེ་ལྟར་ངེས་པར་འབྱེད་པའི་ཆ་བཞི་ལ་གནས་པའི་རྟེན་གྱི་གང་ཟག་ལ་ཆོས་དེ་རྣམས་སྐྱེ་བར་འགྱུར་རོ།། དེ་ལྟར་ལོ་ཀ་ཆོས་མཆོག་གི་དུས་སུ་ཆོས་ལྔ་པོ་དེ་རྒྱུད་ལ་སྐྱེས་ཤིང་རྫོགས་པའི་དུས་སུ། དེ་ལྟར་ངེས་པར་འབྱེད་པའི་ཆ་བཞིའི་སྒོམ་ལམ་ཡིན་ཙ་ན་སྒོམ་ལམ་གྱིས་དེ་ལྟར་སྒོམ་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་སྐྱེ་བར་འགྱུར་ཞིང་མཐོང་བའི་ལམ་སྐྱེ་སྟེ། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེ་ཞིང་མཐོང་བར་འགྱུར་རོ།། དེ་ལྟར་རབ་ཏུ་དགའ་བའི་ས་སྐྱེས་པས་ན། ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ།།


༈ དེ་ཉིད་སྤྱོད་པ་ལ་འཇུག་པ་དང་སྦྱར་ན།


རིགས་དེ་དང་འདྲ་བ་གཅིག་ལ་ད་རེས་རྟེན་གྱི་གང་ཟག་ཞེས་བྱའོ།། དེ་ལ་ཕན་ཡོན་གྱི་ལེའུ་རྒྱུད་ལ་གོམས་པར་བྱས་ཐོབ་པས། གཙོ་བོའི་དོན་གྱི་དབང་དུ་བྱས་ན་བསམ་པ་ཞེས་བྱ་བ་འབྱུང་ལ། སའི་དབང་དུ་བྱས་ན་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ།། ཅིའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཡིན་ན། ལོ་ཀ་བའི་སྒོམ་ལམ་གྱིས་བསྒོམས་པས། མཐོང་ལམ་དུ་ཆོས་ཉིད་ཀྱི་དགའ་བ་ཤས་ཆེ་བས་ན་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་སྡིག་པ་བཤགས་པའི་ལེའུའི་དོན་རྒྱུད་ལ་གོམས་པར་བྱས་པས་གཙོོའི་དོན་གྱི་དབང་དུ་བྱས་ན་{གཞན་དོན་ལྷུན་གྲུབ་བྱེད་ནུས་པས་ནའམ། འཆལ་ཚུལ་ལྷག་པར་སྤོང་ནུས་པས་ན་}ལྷག་པའི་བསམ་པ་ཞེས་བྱ་བ་འབྱུང་ལ། སའི་དབང་དུ་བྱས་ན་གཉིས་པ་དྲི་མ་མེད་པ་ཞེས་བྱའོ།། ཅིའི་ཕྱིར་གཉིས་པ་དྲི་མ་མེད་པ་ཡིན་ན།

༨༡༣

ས་གཉིས་པ་ལ་ཤཱི་ལ་འཆལ་བའི་དྲི་མ་མེད་པའི་ཕྱིར་ན་ས་གཉིས་པ་དྲི་མ་མེད་པ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ་རྒྱུད་ལ་གོམས་པར་བྱས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན་{སྔོན་སྨོན་ལམ་བཏབ་པ་བཞིན་ད་ལྟར་བྱེད་ནུས་པས་ན་}སྨོན་ལམ་ཞེས་བྱ། སའི་དབང་དུ་བྱས་ན་གསུམ་པ་འོད་བྱེད་པ་ཞེས་བྱའོ།། ཅིའི་ཕྱིར་ས་གསུམ་པ་འོད་བྱེད་པ་ཟེས་བྱ་ན། ས་གསུམ་པའི་དུས་སུ་ལུས་བརྒྱར་སྤྲུལ་ནས་ཞིང་ཁམས་བརྒྱར་ཆོས་ཉན་ཅིང་ཐོས་བསམ་གྱི་དོན་བྱེད་པས་ན་ས་གསུམ་འོད་བྱེད་པ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ་རྒྱུད་ལ་གོམས་པར་བྱས་པས་གཙོ་བོའི་དབང་དུ་བྱས་ན་{བག་ཡོད་ཀྱིས་གཞན་དོན་གོ་འགོད་པས་}གོ་ཆ་ཞེས་བྱ། སའི་དབང་དུ་བྱས་ན་ས་བཞི་པ་འོད་འཕྲོ་བ་ཞེས་བྱའོ།། ཅིའི་ཕྱིར་ས་བཞི་པ་འོད་འཕྲོ་བ་ཞེས་བྱ་ཞེ་ན། སྒོམ་སྒྲུབ་ཀྱི་ཡེ་ཤེས་ཀྱིས་འོད་འཕྲོ་བའི་ཕྱིར་ན་ས་བཞི་པ་འོད་འཕྲོ་བ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་ཤེས་བཞིན་གྱི་ལེའུ་རྒྱུད་ལ་གོམས་པར་བྱས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན་{ལུས་ངག་ཡིད་གསུམ་མཚུངས་པར་འཇུག་པའི་སྤྱོད་པ་བྱེད་ནུས་པས་}འཇུག་པ་ཞེས་བྱ། སའི་དབང་དུ་བྱས་ན་ས་ལྔ་པ་སྦྱང་དཀའ་བ་ཞེས་བྱའོ།། ཅིའི་ཕྱིར་ས་ལྔ་པ་སྦྱང་དཀའ་བ་ཞེས་བྱ་ཞེ་ན། ས་ལྔ་པ་ལ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་ལས་སྙོམས་པར་འཇུག་དཀའ་བས་ན་ས་ལྔ་པ་སྦྱང་དཀའ་བ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་བཟོད་པའི་ལེའུ་རྒྱུད་ལ་གོམས་པར་བསྒོམས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན།{དུ་ཁ་ཐམས་ཅད་བཟོད་པས་}བཟོད་པ་ཞེས་བྱ། སའི་དབང་དུ་བྱས་ན་ས་དྲུག་པ་མངོན་དུ་གྱུར་པ་ཞེས་བྱའོ།།

༨༡༤

ཅིའི་ཕྱིར་ས་དྲུག་པ་མངོན་དུ་གྱུར་པ་ཡིན་ན། ས་དྲུག་པ་ལ་ཤེས་རབ་ཤས་ཆེ་བ་ཡིན་པས་མཚན་མ་རིགས་པ་མེད་པས་བྱུང་{བཞི་དང་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གཉིས་མངོན་དུ་གྱུར།}བས་ན་ས་དྲུག་པ་མངོན་དུ་གྱུར་པ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་བརྩོན་འགྲུས་ཀྱི་ལེའུ་རྒྱུད་ལ་གོམས་པར་བསྒོམས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན་{བརྩོན་འགྲུས་མགོ་ལ་མེ་ཤོར་བ་གསོད་པ་དང་འདྲ་བ་ཡོད་པས་ན་}ཡང་དག་པར་འགྲུབ་པ་ཞེས་བྱ། སའི་དབང་དུ་བྱས་ན་ས་བདུན་པ་མཚན་མ་ལས་རིང་དུ་སོང་བ་ཞེས་བྱའོ།། ཅིའི་ཕྱིར་ས་བདུན་པ་མཚན་མ་ལས་རིང་དུ་སོང་བ་ཞེས་བྱ་ཞེ་ན། ས་བདུན་པ་ལ་མཚན་མ་རགས་པ་རྣམས་ནུབ་ནས་ཕྲ་མོ་ལས་མི་འབྱུང་བས་མཚན་མ་ལས་རིང་དུ་སོང་བས་ན་ས་བདུན་པ་མཚན་མ་ལས་རིང་དུ་སོང་བ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་བསམ་གཏན་གྱི་ལེའུ་{འི་དོན་}རྒྱུད་ལ་གོམས་པར་བསྒོམས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན་{ས་བརྒྱད་པ་འགྲུབ་པའི་ཚོགས་ཡིན་པས་}ཚོགས་ཞེས་བྱ། སའི་དབང་དུ་བྱས་ན་ས་བརྒྱད་པ་ལ་ཟག་པ་མེད་པ་ལས་མི་གཡོ་བ་ཞེས་བྱའོ།། ཅིའི་ཕྱིར་ས་བརྒྱད་པ་ལ་ཟག་པ་མེད་པ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། ས་བརྒྱད་པ་ལ་མཚན་མ་ཐམས་ཅད་ནུབ་ནས་ཆོས་ཉིད་མངོན་སུམ་དུ་གྲུབ་པས་ན་ས་བརྒྱད་པ་ཟག་པ་མེད་པ་ལས་མི་གཡོ་བ་ཞེས་བྱའོ།། དེ་ནས་རྟེན་གྱི་གང་ཟག་དེས་ཤེས་རབ་ཀྱི་ལེའུ་རྒྱུད་ལ་གོམས་པར་བསྒོམས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན་{དོན་དམ་རྟོགས་ཤིང་ཁོང་དུ་ཆུད་པས་}འབྲས་བུ་ཞེས་བྱ། སའི་དབང་དུ་བྱས་ན་ས་དགུ་པ་གཟུངས་དང་སྤོབས་པའི་ས་ཞེས་བྱ་{བ་འབྱུང་བ་ལ་}འོ།། ཅིའི་ཕྱིར་དགུ་པ་ལ་གཟུངས་དང་སྤོབས་པའི་ས་ཞེས་བྱ་ཞེ་ན། ས་དགུ་པ་སྐལ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐམས་

༨༡༥

ཅད་སྒྲུབ་པར་བྱེད་པས་གཟུངས་དང་སྤོབས་པའི་ས་ཞེས་བྱ་བ་{འབྱུང་བ་}འོ།། དེ་ནས་རྟེན་གྱི་གང་ཟག་དེས་སྨོན་ལམ་གྱི་ལེའུའི་དོན་རྒྱུད་ལ་གོམས་པར་བསྒོམས་པས་གཙོ་བོའི་དོན་གྱི་དབང་དུ་བྱས་ན་{བདག་འཛིན་སྤངས་གཞན་དོན་འབའ་ཞིག་གཙོར་བྱས་པས་}གཞན་དོན་ཞེས་བྱ། སའི་དབང་དུ་བྱས་ན་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ།། ཅིའི་ཕྱིར་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་ཞེ་ན། དེ་ལྟར་གཟུངས་དང་སྤོབས་པ་མཐར་ཕྱིན་པ་དེ་ལས་དཔེ་སྤྲིན་ལས་ཆར་འབྱུང་བ་བཞིན་དུ་། ཆོས་ཀྱི་སྤྲིན་ལས་འཕྲིན་ལས་ཀྱི་ཆར་འབབ་པས་ནས། ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ།། དེས་ནི་ལོ་ཀ་ལས་འདས་པའི་ས་བཅུ་དང་སྦྱར་ཏེ་བཤད་པའོ།། ༈ ཡང་གང་ཟག་ལོག་པར་རྟོག་པ་ཅན་གྱི་བསམ་པ་ལ། འོ་ན་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཇི་ལྟར་འགྱུར་ཞེ་ན། དེའི་དོན་བཤད་པ། རིགས་འདི་ནི་ཚོགས་ལམ་ཆུང་ངུའི་རིགས་ཅན་གཅིག་གིས་བསྒྲུབས་ན། རྟེན་གྱི་གང་ཟད་དེས་ཕན་ཡོན་གྱི་ལེའུ་རྟོགས་པས་བསམ་པ་སྐྱེ། དེ་ལྟར་བསམ་པ་སྐྱེས་པས་སོ་སོའི་སྐྱེ་བོ་གཅིག་ལ་གཅིག་གིས་ཕྲག་དོག་དང་གཤེ་བའི་གཉེན་པོར་འགྱུར། བསམ་པ་དེ་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་ཆུང་ངུའི་གནས་སྐབས་ན་སྐྱེ་བའོ།། དེ་ནས་རྟེན་གྱི་གང་ཟག་དེས་སྡིག་པ་བཤགས་པའི་ལེའུ་རྟོགས་ཤིང་གོམས་པས་ལྷག་པའི་བསམ་པ་སྐྱེ། དེ་ལྟར་ལྷག་པའི་བསམ་པ་སྐྱེས་པས་ཐེག་པ་ཆེན་པོོོའི་ལོག་པའི་ལམ་ཉན་རང་ལ་སོགས་པའི་ལམ་བསྒྲུབ་པའི་གཉེན་པོར་འགྱུར་ཏེ། ལམ་འོག་མ་ནི་ཤེས་ནས་སྤོང་བར་བྱེད། ཐེག་ཆེན་གྱི་ལམ་ཤེས་ནས་སྒྲུབ་པར་བྱེད་པར་འགྱུར་རོ།། ལྷག་པའི་བསམ་པ་དེ་ལམ་གྱི་དབང་དུ་བྱས་ན། དེའང་

༨༡༦

ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་སྐྱེའོ།། དེ་ནས་རྟེན་གྱི་གང་ཟག་དེས་བྱང་ཆུབ་ཀྱི་སེམས་བཟུང་བའི་ལེའུ་གོ་ཞིང་རྟོགས་པས། སྨོན་ལམ་རྒྱ་ཆེན་པོ་འདེབས་ཤིང་སྨོན་པར་འགྱུར་རོ།། དེ་ལྟར་སྨོན་ལམ་རྒྱ་ཆེན་པོ་འདེབས་ཤིང་སྨོན་པ་དེས། མ་འོངས་པའང་སྨོན་འདེབས་ན། ད་ལྟར་གྱི་བྱ་རྒྱུ་ཐོས་པ་དང་བསམ་པ་རྫོགས་པ་དང་རྗེད་པ་ཐམས་ཅད་གསལ་བཏབ་ནས་བྱེད་པར་འགྱུར་ཏེ་དེ་ལྟར་གཉེན་པོར་འགྱུར་བའོ།། དེ་ལ་ལམ་གྱི་དབང་དུ་བྱས་ན་དེའང་ཚོགས་ལམ་ཆུང་ངུའི་གནས་སྐབས་ན་ཡོད་དོ།། དེ་ནས་རྟེན་གྱི་གང་ཟག་དེས་བག་ཡོད་ཀྱི་ལེའུ་གོ་ཞིང་རྟོགས་པས་གོ་ཆ་ཆེན་པོའི་བློ་སྐྱེ་སྟེ། དེས་ཉོན་མོངས་པ་བག་ལ་ཉལ་གྱི་གཉེན་པོར་འགྱུར་ཏེ། ཚེ་རབས་ཐོག་མ་མེད་པ་ནས་མངོན་པར་ཞེན་པའི་བདག་དང་སེམས་ཅན་མཉམ་པར་ཤེས་ནས་བདག་གཞན་གཉིས་ཀའི་དོན་དུ་གོ་ཆ་ཆེན་པོ་འགོད་པར་འགྱུར་བའོ།། དེའང་ལམ་གྱི་དབང་དུ་བྱས་ན་ནི་ཚོགས་ལམ་ཆུང་ངུའི་གནས་སྐབས་ན་ཡོད་པའོ།། དེ་ནས་རྟེན་གྱི་གང་ཟག་དེས་ཤེས་བཞིན་གྱི་ལེའུ་གོ་ཞིང་རྟོགས་པས་འཇུག་པའི་བློ་སྐྱེ་སྟེ། དེ་ནི་ཐེག་པ་དམན་པའི་བློ་སྐྱེ་བའི་གཉེན་པོར་འགྱུར་ཏེ། ཐེག་ཆུང་ལས་བློ་ལོག་ནས་ཐེག་ཆེན་གྱི་ཕྱོགས་སུ་གཙོ་བོར་སེམས་འཇུག སེམས་ཞུགས་པ་དང་གྲོགས་དྲན་པ་དང་ཤེས་བཞིན་ཀྱང་ཞུགས་པས་ཐེག་པ་དམན་པར་མི་ལྟུང་ངེས་པའོ།། དེའང་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་ཆུང་ངུ་ན་ཡོད་དོ།། དེ་ནས་རྟེན་གྱི་གང་ཟག་དེས་བཟོད་པའི་ལེའུ་རྟོགས་ཤིང་གོམས་པས་བཟོད་པ་ཐོབ་སྟེ། བཟོད་པ་ཐོབ་པས་མཚན་མ་རགས་པ་ལ་མངོན་པར་འཆལ་བའི་གཉེན་པོར་འགྱུར་ཏེ། མཚན་མ་རགས་པ་གཟུགས་སྒྲ་དྲི་རོ་ལ་སོགས་པ་ལ་རྟེན་པའི་ཁྲོ་བ་དང་།

༨༡༧

ཁོན་དུ་འཛིན་པ་ལ་སོགས་པའི་གཉེན་པོར་དུ་ཁ་དང་དུ་ལེན་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་སྐྱེ་བར་འགྱུར་རོ།། དེ་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་འབྲིང་ན་ཡོད་དོ།། དེ་ནས་རྟེན་གྱི་གང་ཟག་དེས་བརྩོན་འགྲུས་ཀྱི་ལེའུ་གོ་ཞིང་རྟོགས་པས་ཡང་དག་པར་འགྲུབ་པའི་བསམ་པ་སྐྱེ་སྟེ། མཚན་མ་ཕྲ་མོ་ཙམ་དུའང་མི་རྟོག་པའི་གཉེན་པོར་འགྱུར་ཏེ། ཡང་དག་པར་འགྲུབ་པ་ནི་བརྩོན་འགྲུས་ཡིན་པས་བཟོད་པ་དང་ལྡན་པའི་བརྩོན་འགྲུས་ཀྱིས་ཉོན་མོངས་པའི་མངོན་འགྱུར་སྤོང་བར་འགྱུར་རོ།། དེའང་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་འབྲིང་ངོ།། དེ་ནས་རྟེན་གྱི་གང་ཟག་དེས་བསམ་གཏན་གྱི་ལེའུ་གོ་ཞིང་རྟོགས་པས་ཚོགས་ཀྱི་བསམ་པ་སྐྱེ་སྟེ། ཚོགས་ཞེས་པ་ནི་བཟོད་པ་དང་བརྩོན་འགྲུས་ཀྱིས་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བསམ་གཏན་གྱི་ནང་དུ་བསྡུད་པ་ལ་བྱ་སྟེ། དངོས་སུ་ན་ཚོགས་བསམ་གཏན་ལ་བྱའོ།། ཚོགས་དེས་མཚན་མ་མེད་པ་འབའ་ཞིག་ལ་འཚོལ་བའི་གཉེན་པོར་འགྱུར་ཏེ། སྟོང་པ་འབའ་ཞིག་ལ་འཚོལ་བའི་རྟེན་གྱི་གང་ཟག་ཡོད་དེ། དེས་མི་འོང་བྱ་བའི་བརྡར་བཟོད་པ་དང་ཞིང་བརྩོན་འགྲུས་ཀྱི་གཡབས་པའི་ཤི་ལའི་པ་ར་ལ་སོགས་པ་དང་། བསམ་གཏན་དུ་སྒོམས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བྱས་པ་དང་། དེ་ལྟར་བྱས་པས་ཐབས་ཤེས་རབ་ཟུང་དུ་འབྲེལ་པར་ཡོད་དགོས་པར་སྟོན་པས། སྟོང་པ་ཉིད་འབའ་ཞིག་བསྒོམས་པས་མི་འོང་བར་བསྟན་པའོ།། དེ་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་ཆེན་པོ་ན་ཡོད་དོ།། དེ་ནས་རྟེན་གྱི་གང་ཟག་དེས་ཤེས་རབ་ཀྱི་ལེའུ་གོ་ཞིང་རྟོགས་པས་འབྲས་བུའི་བསམ་པ་སྐྱེ་སྟེ། འབྲས་

༨༡༨

བུ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་སྟེ། སེམས་ཅན་གྱི་དོན་ཙམ་དུའང་མི་རྟོག་པའི་གཉེན་པོར་འགྱུར་ཏེ། ཇི་ལྟར་འགྱུར་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་གཞན་དོན་ཡིན་པ་ལས། དོན་དམ་པའི་བདེན་པ་བཤད་པས་འོ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་དོན་ཡང་མེད་དམ་སྙམ་པ་ལ། དེའི་གཉེན་པོར་བདག་གཞན་གཉིས་ཀ་ཞེས་བྱ་བར་གྲུབ་པ་མེད་པས་ན་རྟོག་པ་ཐམས་ཅད་ལས་འདས་པར་དོན་དམ་པའི་བདེན་པས་བསྟན་པའོ།། དེས་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་ཆེན་པོའོ།། དེ་ནས་རྟེན་གྱི་གང་ཟག་དེས་སྨོན་ལམ་གྱི་ལེའུ་གོ་ཞིང་རྟོགས་པས་གཞན་དོན་གྱི་བསམ་པ་སྐྱེ་སྟེ། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་རྟོག་པ་མེད་པ་བཞིན་དུ་དཔག་བསམ་གྱི་ཤིང་དང་། ནོར་བུ་རིན་ཆེ་དང་། མཁའ་ལྡིང་གི་རྟེན་བཞིན་དུ་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའོ།། དེས་ནི་ཆད་པར་ལྟ་བའི་གཉེན་པོ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དོན་མེད་དུ་མི་འགྱུར་ཏེ། རང་གཞན་གཉིས་ཀའི་དོན་དུ་འགྱུར་བའོ།། དེ་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་ཆེན་པོ་ན་ཡོད་པའོ།། དེས་ནི་སྤྱོད་འཇུག་འདི་ཉོན་མོངས་པའི་གཉེན་པོར་འགྱུར་ལུགས་དོན་གྱི་ཕྱོགས་འགའ་ཙམ་བསྟན་ནས་དགག་བྱ་རྣམ་བཅད་ཀྱི་དབང་དུ་བྱས་ནའོ།། དེ་རྣམས་ཀྱིས་ལོག་པར་རྟོག་པ་ཕྱོགས་འགའ་དགག་པའི་ཕྱིར་དགག་བྱ་རྣམ་བཅད་དུ་བཤད་པ།

བླ་མ་གསེར་གླིང་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་ཏི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀོད་པ་རྫོགས་སོ།།