Blo sbyong tshig brgyad ma lo rgyus dang bcas pa/Full text

From Bodhicitta
Texts/Blo sbyong tshig brgyad ma lo rgyus dang bcas pa/Full text

བློ་སྦྱོང་ཚིག་བརྒྱད་མ་ལོ་རྒྱུས་དང་བཅས་པ།
Eight Verses on Mind Training together with Its History
FULL TEXT


Description
This commentary on Eight Verses on Mind Training is attributed to Chekawa in the colophon at the end of the text, an attribution that is affirmed by Yeshé Döndrup in Treasury of Gems (p. 513). . . . The somewhat archaic literary style of the text suggests that this is one of the earliest commentaries on an explicit mind training text, if not the earliest. It is possible that Chekawa may have composed the work on the basis of oral teachings received from Langri Thangpa himself, the author of the Eight Verses root text. (Thupten Jinpa, Mind Training: The Great Collection, 613n412)
Referenceblo sbyong tshig brgyad ma lo rgyus dang bcas pa [བློ་སྦྱོང་ཚིག་བརྒྱད་མ་ལོ་རྒྱུས་དང་བཅས་པ།]. [Eight Verses on Mind Training together with Its History].
PeopleChekawa



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། ། བློ་སྦྱོང་ཚིགས་རྐང་བརྒྱད་མ་ལོ་རྒྱུས་དང་བཅས་པ་བཞུགས་སོ།། དགེ་བཤེས་གླང་རི་ཐང་པ་དང་དགེ་བཤེས་འཆད་ཀ་བ། ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དགེ་བཤེས་འཆད་ཀ་བའི་ཞལ་ནས། བདག་བཀའ་གདམས་པ་རྣམས་ལ་དད་པ་འདི་དང་པོ་སློབ་དཔོན་ལྕགས་ཞིང་བ་ལས་ཚིག་རྐང་བརྒྱད་པ་འདི་ཐོས་ནས། དེ་ནས་རླུང་ཤོད་དགེ་གོང་བར་དུ་འདིའི་བཙང་དར་བཅད་ནས་ཚིག་རྣམས་ལ་སྔོ་བགྲང་བག་རེ་བྱས་པ་ལས་རྒྱུད་ལ་སྐྱེས་ནི་མི་བདོག སྐྱེས་ན་འདི་མིན་གཅིག་འོང་བ་ལ་གསུངས། དང་པོ་ནི། འགྲོ་འོང་བྱེད་ཙ་ན་དགྲ་བྱུང་གིས་དོགས་པ་ལ་འདི་དྲན་པས་ཕན་པར་བྱུང་། བློ་རྒོད་དུ་ཐལ་བས་མི་ལ་གནས་ཁང་གཉའ་བ་ཤ་སྟགས་དགོས་པར་སོང་བས། དེ་ཙ་ན་གནས་གཤའ་མ་མ་རྙེད་པ་དང་། གཞན་གྱིས་བརྙས་པ་བྱེད་པ་བྱུང་བ་ལ་སོགས་པ་མ་བཏུབ་པ་ཐམས་ཅད་ལ་འདིས་ཕན་པར་བྱུང་གསུངས། དེ་ཉིད་གང་ཡིན་ཚིག་རྐང་བརྒྱད་པོ་འདི་དག་ཡིན། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བས་ལྷག་པ་ཡིན།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །མཆོག་ཏུ་གཅེས་པ་འཛིན་པར་བསླབ།། དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསླབ་པ་ནི་སེམས་ཅན་དང༌། རིན་པོ་ཆེ་གཉིས་འདྲ་ཆོས་གཉིས་ཡོད། རིན་པོ་ཆེ་འདམ་གྱི་གསེབ་ཏུ་བཅུག་ན་ཁོ་རང་གི་འདམ་ཡང་འབྱིན་མི་ནུས་ལ། ཚེས་བཅོ་ལྔ་ལ་དྲི་བཟང་པོས་ཁྲུས་བྱས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ན་འཛམ་བུ་གླིང་པའི་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། སེམས་ཅན་འཁོར་བ་ན་ཉེས་པ་སྣ་ཚོགས་དང་ལྡན་པ་ཡང་རང་གིས་རང་འཁོར་བ་ནས་འདོན་མི་ནུས་ཤིང༌། སྡུག་བསྔལ་དང་ཀུན་འབྱུང་སེལ་མི་ནུས་ཀྱང་། དེ་ལ་ཕན་བཏགས་ན་གནས་སྐབས་དང་མཐར་ཐུག་གི་དགེ་བ་ཐམས་ཅད་འབྱུང་སྟེ་གནས་སྐབས་ཀྱི་བདེ་བ་ཡང་སེམས་ཅན་མེད་ན་གང་ནས་ཚོལ་ཏེ་རང་འགགས་ལ་མཐར་ཐུག་གི་བདེ་བ་ཡང་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། དེ་ཉིད་སེམས་ཅན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར་རོ། །ཅེས་སོ།། གཉིས་པ་ཁྱད་པར་དུ། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང༌།། གཞན་ལ་བསམ་པ་ཐག་པ་ཡི། །མཆོག་ཏུ་འཛིན་པ་གུས་པས་བསླབ།། ཅེས་པ་ལྟར་གནས་གང་དུ་བསྡོད་ཀྱང་རུང༌། གྲོགས་སུ་དང་འགྲོགས་ཀྱང་རུང༌། ཕྱོགས་ཐམས་ཅད་དུ་རང་ལ་དམན་པར་བལྟ་ལ་སྙིང་ཐག་པ་ནས་གཞན་ལ་གུས་པར་བྱ་བ་བསླབ་པ་ནི། གྲོགས་རང་ལས་མཐོ་བ་བླ་མ་དང༌། རང་དང་མཉམ་པ་ཚངས་པར་སྤྱོད་པ་དང༌། དམའ་བ་མོ ལ་སྤྲང་ལ་སོགས་པའོ། །ཕྱོགས་ཐམས་ཅད་ནི་རིགས་དང་བསམ་པའི་མཐུ་དང་སྐྱོན་གྱི་ངོས་ནས་རང་ལ་དམན་པར་བཏགས་ནས། བདག་རིགས་ལ་ང་རྒྱལ་བྱར་མི་རུང་། དེ་ཐམས་ཅད་རིགས་ངན་ཤན་པའི་རིགས་ཡིན་ལ། ལུས་ལ་ང་རྒྱལ་བྱེད། གསེར་མདོག་སྡུག་ཅིང་འགྲོ་བས་བལྟ་བའི་འོས་སུ་ཡང་མི་འདུག བསམ་པའི་མཐུ་ལས་རང་རེ་ཐམས་ཅད་མི་སྡུག་ཅིང་ཤེས་པ་ལ་ང་རྒྱལ་བྱེད་ན་རིགས་པའི་གནས་ལྔ་ལས་ཕྱོགས་གཅིག་ཀྱང་མི་ཤེས་ལ་བག་རེ་ཉན་པ་ཀུན་ལ་ཡང་ཚིག་དོན་ལྷག་ཆད་བྱུང་ཡང་ངོ་མ་ཤེས་པར་འདུག སྤྱོད་པའང་འཕྲལ་གྱི་བྱ་བ་ལ་བདག་དགེ་སྦྱོང་དུ་ཁས་འཆེ་ཡང་། བྱ་བ་ངན་པ་མ་བྱས་པ་ཙམ་ཡང་མི་འདུག་ལ་ད་ལྟ་ཡང་བསམ་པ་དུག་གསུམ་དུ་སྐྱེ་ཞིང་ལུས་ངག་གི་བྱ་བ་ཕལ་ཆེ་བ་མ་དག་པར་གྲུབ་པས་ཕྱི་མ་མྱ་ངན་ལས་མངོན་མཐོ་རང་ཡང་ཐོབ་པར་དཀའ་སྟེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། སྡིག་པ་འབའ་ཞིག་དགེ་བ་མེད།ཏཾ །ཅེས་པ་རང་གི་སྐྱོན་མཐའ་དག་བསམ་ལ། བདག་གི་འོག་ནས་འགྲོ་བ་ཆུ་འདི་ལས་མེད་སྙམ་དུ་ང་རྒྱལ་བཅག་ལ་གཞན་ལ་གུས་པར་བྱ་བ་ལ་བསླབ་ཅེས་པ་ནི་གཞན་གྱི་ཡོན་ཏན་དངོས་སུ་མཐོང་བ་དང་རིགས་པ་དང་གཟུགས་དང་ལོངས་སྤྱོད་དང་ཆོས་ཀྱི་ཡོན་ཏན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་གང་མཐོང་བ་ལ་སྐྱོན་གྱི་རང་བཞིན་ལ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ངོ་མཚར་ཆེ་སྙམ་དུ་བསམ་མོ།། ཡང་ཡོན་ཏན་དངོས་སུ་མི་འདུག་པ་ལ། འདི་ཀུན་ལ་ནང་ན་ཡོན་ཏན་ཅི་ཡོད་མི་ཤེས་སྙམ་དུ་བསམ་ཏེ། ཨ་ཙ་ར་གཟུགས་ངན་གྱི་གཏམ་རྒྱུད་གསུངས་སོ།" །སྙིང་ཐག་པ་རུས་པའི་གཏིང་ནས་ཞེས་པ་ནི་བསམ་པ་དེ་ཡང་ཁ་ཙམ། ཚིག་ཙམ་མ་ཡིན་པར་ཐམས་ཅད་ལ་གྱོང་ཁེངས་མེད་པར་གཉེན་ལྕག་གཏང་དགོས་བསམ་པ་དེ་ཡོད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་རིགས་ཀྱི་བུ་ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དེའི་འཐད་པ་ནི་རྒྱ་མཚོ་དེ་གཞོལ་བས་ཆུ་ཐམས་ཅད་དེར་འབབ་པ་བཞིན་ང་རྒྱལ་མེད་པའི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་ཡོན་ཏན་སྐྱེ་བ་ཡིན་པས། སྡུད་པར། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །གསུངས་ཏེ། སྡེ་སྣོད་གསུམ་གྱི་དོན་ཡང་ང་རྒྱལ་དེ་བཅོག་པའི་ཐབས་ཡིན། ང་རྒྱལ་དེ་ཡོད་ན་ཚེ་འདིར་ཡང་སུ་དང་མི་མཐུན་པ་གཅིག་འོང་ལ་ཕྱི་མའི་ཉེས་པ་ཡང༌། རྨོངས་པ་གང་ཞིག་ང་རྒྱལ་དབང་གིས་ནི། །ངན་སོང་བ་དང་མི་ཁོམ་གནས་སུ་སྐྱེ། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང་། །དམུས་ལོང་མཐུ་ཆུང་མདོག་ངན་འཛིན་པར་བྱེད། །ཅེས། ཉོན་མོངས་པའི་བག་ཆགས་ཇེ་ཐུག་ལ་སོང་སྟེ། ཡུལ་དམན་པ་ཐམས་ཅད་ལ་ཉོན་མོངས་པ་དྲག་པོ་སྐྱེ་ལ། དེ་ལས་ལྕི་ཞིང་མཐར་ཐུག་གི་བྱང་ཆུབ་ཡང་མི་ཐོབ་སྟེ། བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལ་ནི་དེ་ཉིད་རིང་།” །ཞེས་སོ། །དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྨད་པ་དང་། རྒུད་པ་དང༌། སྡུག་བསྔལ་ཐམས་ཅད་བདག་བཟང་པོར་འཛིན་པ་ལས་བྱུང་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་སེམས་ཅན་ལས་བྱུང་བས། སེམས་ཅན་ཐམས་ཅད་ཡོན་ཏན་ཅན་དུ་བལྟས་ལ་ང་རྒྱལ་བཅག་པར་བྱའོ།། གསུམ་པ་ནི། དེ་ལྟར་བྱེད་དུ་ཉོན་མོངས་པས་མི་སྟེར་བས་དེ་ཡང་སྤང་བ་ནི། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །བརྟག་ཅིང་ཉོན་མོངས་སྐྱེས་མ་ཐག། བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་བསླབ།། ཅེས་པ་སྤྱོད་ལམ་ཐམས་ཅད་དུ་རང་གི་རྒྱུད་ལ་བརྟགས་ལ་ཉོན་མོངས་པ་སྐྱེས་མ་ཐག་བཙན་ཐབས་སུ་བཟློག་པ་ལ་བསླབ་པ་ནི་སྤྱོད་ལམ་བཞི་པོ་གང་བྱེད་ཀྱང་རང་གི་རྒྱུད་ལ་འདོད་པའི་རྣམ་རྟོག་ལ་སོགས་སྐྱེ་མི་སྐྱེ་དྲན་ཤེས་བཞིན་གྱིས་བདག་ལ་སྐྱེས་མ་ཐག་སྤང་གི་ཨེན་གཅིག་ཡང་སྤང་སྙམ་ན་བལྟས་ནས་འགྲོ་བའི་འབུར་འཇོམས་བྱ་སྟེ་བཟའ་འཚོ་གཉིས་ལ་རྐུན་མ་བྱུང་བ་བཞིན་བྱས་ན་ཕྱིས་ལོང་ཅན་དུ་སོང་ན་ཡེ་མི་ཡོང་བ་ཡིན།༩ ཉོན་མོངས་པ་རྒྱུད་ལ་འཕེལ་ན་ཞེ་སྡང་ལ་སོགས་པ་ཐམས་ཅད་ཇེ་འཕེལ་དུ་འགྲོ་སྟེ། མདོ་ལས། དེ་བཞིན་གཉིད་ལ་དད་པ་དག །ཕྱིར་བཞིན་དེ་བཞིན་གཉིད་ཆོར་འགྱུར། །དེ་བཞིན་འདོད་ཆགས་ཆེ་བ་དང༌། །ཆང་ལ་སྲེད་པའང་དེ་བཞིན་འགྱུར།༡༠ །ཅེས་གསུངས། ཉོན་མོངས་པའི་བག་ཆགས་ཇེ་མཐུག་ལ་སོང་སྟེ། ཡུལ་དམན་པ་ཐམས་ཅད་ལ་ཉོན་མོངས་པ་དྲག་པོ་སྐྱེ་ལ་དེ་ལས་ལྕི་ཞིང་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་དགོས། ཉོན་མོངས་པ་སྤོང་ན་བག་ཆགས་ཇེ་སྲབ་ལ་འགྲོ་སྟེ། སྔར་གྱི་བག་ཆགས་ཀྱང་ཞར་ལ་འགྲོ་ལ། ཡུལ་བཟང་པོ་ལ་བག་ཆགས་ཕྲ་མོ་ལས་མི་སྐྱེ། དེའི་ལས་འབྲས་ཕྲ་བས་མྱོང་བ་ངེས་པར་འགྲོ་བ་ཡིན་ལ། ཉོན་མོངས་པ་ལ་དགྲར་ལྟས་ལ་གཉེན་པོ་སྟོབས་བསྐྱེད། ཞི་བ་ལྷས། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །དེ་བཞིན་མགོ་བོ་བཅད་ཀྱང་རུང་། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ།༡༡ །ཞེས་གསུངས་པས། འཇིག་རྟེན་པའི་དགྲ་བོས་ལོ་ཀ་ལས་གནོད་པ་མི་བྱེད་ལ། ཉོན་མོངས་པས་ཚེ་རབས་ཐམས་ཅད་དུ་གནོད་པ་བྱེད་སྟེ། བདག་གི་ཉོན་མོངས་དགྲ་བོ་གང་། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ།༡༢ །ཅེས་སོ། །ཡང་འཇིག་རྟེན་གྱི་དགྲ་ལ་ཕྱོགས་ཕུལ་ན་མི་གནོད་པར་ཕན་འདོགས་ལ། ཉོན་མོངས་པ་ལ་དེ་ལྟར་ཕུལ་ན་ཐུ་རུ་འགྲོ་སྟེ། མཐུན་པར་རིམ་གྲོས་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་དེ། །ཉོན་མོངས་དགྲ་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པར་བྱེད།༡༣ །ཅེས་སོ། །ཡང་འཇིག་རྟེན་པའི་དགྲས་ལུ ས་སྲོག་ལོངས་སྤྱོད་ལ་གནོད་པ་ཙམ་ལས་མི་བྱེད་ལ་ཉོན་མོངས་པས་འཁོར་བར་སྡུག་བསྔལ་དཔག་ཏུ་མེད་པ་བསྐྱེད་པར་བྱེད། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ལྡན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བ་ཙམ་ཡང་མ་ལུས་པར། །དེ་བདག་སྐད་ཅིག་གཅིག་ལ་འདོར།༡༤ །ཞེས་སོ། །དེ་ལྟར་ཉོན་མོངས་པ་འདི་ལ་དགྲར་ལྟས་ལ་དོར། འཇིག་རྟེན་གྱི་དགྲ་ཡུལ་འཐོན་ཡང་ཕྱིས་གནོད་པ་བྱེད་དུ་འོང་སྟེ། ཉོན་མོངས་པ་འདི་སྤངས་ན་ཕྱིས་སྐྱེ་མི་ནུས་ལ། ས་བོན་ཚིག་པ་དང་འདྲ་བ་ཡིན་ནོ། །སྤང་ལུགས་སྤྱོད་པ་དང་། སྒོམ་པ་དང༌། ལྟ་བས་སྤངས་ཏེ། དེ་ཡང་ལས་དང་པོ་བ་གཉེན་པོ་སྟོབས་ཆུང་བས་ཉོན་མོངས་པ་སྐྱེ་ན་བཟློག་དཀའ་བས་སྤྱོད་ལམ་གྱིས་སྤང༌། སྒོམ་པ་ནི་ཉོན་མོངས་པ་རེ་ལ་གཉེན་པོ་རེ་གསུངས། སྐྱེས་བུ་གསུམ་གང་སྒོམ་པ་དེ། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བས་དེ་བསྒོམས་པས་ཆོག བློ་ཡར་ཚད་སོང་ན་ཉོན་མོངས་པ་ལ་ཡུལ་མེད་པས་དེ་ངོ་ཤེས་པས་ཆོག་གིས་སྤང་རྒྱུ་མེད་དེ། ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་།༡༥ །ཞེས་གསུངས་སོ།། བཞི་པ་ནི། ཤིན་ཏུ་རང་བཞིན་ངན་པ་དང༌། སྡིག་པ་དང་སྡུག་བསྔལ་དྲག་པོས་ནོན་པ་རྣམས་ལ་ཤིན་ཏུ་རྙེད་པ་དཀའ་ཞེས་གཅེས་པར་བསླབ་ཅེས་པ་ནི། རང་བཞིན་ངན་པའི་སེམས་ཅན་དང་། །སྡིག་སྡུག་དྲག་པོས་ནོན་པ་ལ།། རིན་ཆེན་གཏེར་དང་ཕྲད་པ་ལྟར། །རྙེད་པར་དཀའ་བས་གཅེས་འཛིན་བསླབ།། དེ་ལ་རང་བཞིན་ངན་པ་ནི། སྔོན་བསོད་ནམས་མ་བསགས་པས་ཉོན་མོངས་པ་རང་དབང་མེད་པར་སྐྱེས་པ་སྟེ་རྒྱལ་པོ་ཨ་སང་གྷ་ལྟ་བུའམ་ཡང་ན་འཕྲང་ཁའི་མི་གཅིག་ལ་ཤ་ཚོད་བྱིན་པས་ཁ་ཚིག་ནས་ཚོད་མ་སྣོད་དང་བཅས་བསྒྱུར་ནས། ད་ཁ་ཚིག་དང་ཡང་ཟེར་བ་ལྟ་བུ འི་མི་དང༌། སྡིག་པ་ནི་མཚམས་མེད་པ་ལྔ་དང་སྡོམ་པ་ཉམས་པ་དང་དཀོར་ཟས་ལ་སོགས་པའོ། །སྡུག་བསྔལ་དྲག་པོས་ནོན་པ་ནི། མཛེ་དང་ནད་དྲག་པོས་བཏབ་པ་ལ་སོགས་པའོ། །དེ་དག་ལ་མིག་སྔར་ཡང་ལྟར་མི་རུང་བས། ཡེ་ཡོང་དུ་མ་འཇུག་ཟེར་ནས་དགྲར་འཛིན་ཏེ་དེ་ལྟར་མིན་ཏེ་སྡུག་བསྔལ་ལ་གནས་པ་དེ་སྙིང་རེ་རྗེ་རྒྱལ་པོའི་གཤེད་མས་ཁྲིད་པའི་མི་དང་འདྲ་བའི་དེ་དག་ལ་ཚུལ་ཁྲིམས་འཆལ་པ་མཐོང་ན་ཡང་འདི་འགྲོ་བ་ཅིར་འགྱུར་ཞེས་མཆི་མ་རབ་ཏུ་དབྱུང་བར་བགྱིའོ། །ཞེས་པས་དེ་དག་ལ་དང་པོ་ཚིག་གི་གྲོས་བཏབ་པའོ། །དེས་ཀྱང་མ་ཉན་ན་ཟས་ནོར་གྱི་ཕན་བཏགས་ནས་བཟློག དེས་ཀྱང་མ་ཕན་ན་བསམ་པས་བཟུང་ནས་སྦྱོར་བ་བླ་གབ་ཀྱང་བསྲུངས་ཏེ་ཁོ་ལ་མི་ཕན་པར་བདག་ལ་གནོད་ཡིན་སྡུག་བསྔལ་དྲག་པོས་ནོན་པ་ཀུ ན་ལ་ཁ་ཅིག་སྣ་བཀབ་ནས་འགྲོ་སྟེ། དེ་ལྟར་བྱེད་ཀྱང་བདག་ལ་མི་འོང་བའི་གདེངས་ཡང་མེད་པས་སྦྱོར་བ་དེ་ལ་ཁ་ཟས་དང་སྨན་ལ་སོགས་པས་ཕན་བཏགས་བསམ་པས། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང༌། །དེ་ཀུན་བདག་ལ་སྨིན་གྱུར་ཅིག༡༦ །ཅེས་བློ་སྦྱོང་། རྙེད་པར་དཀའ་ཞིང་གཅེས་པ་ལ་བསླབ་པ་ནི། དཔེར་ན་རིན་པོ་ཆེ་དང་འཕྲད་པར་དཀའ་བས་དེ་མི་འདོར་བར་ལེན་ཅིང་དེ་དག་ཀྱང་གཅེས་པར་བྱེད་པ་ལྟར་གང་ཟག་དེ་དག་རྙེད་པ་དཀའ་བ་ནི། དེ་དག་ལ་བརྟེན་ནས་སྙིང་རྗེ་སྐྱེ་ཞིང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་ཏེ༑ དེས་ན་རང་གིས་མ་འབད་པར་ཐེག་ཆེན་གྱི་ལམ་བསྐྱེད་པའི་དམིགས་ཡུལ་དེ་ལྟ་བུ་རྙེད་པར་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ན་འཕགས་པ་དང་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་སྙིང་རྗེ་མི་སྐྱེ་བས་བྱང་ཆུབ་ཀྱི་སེམས་འཕེལ་མི་ནུས་པའི་ཕྱིར་སངས་རྒྱ་མི་ནུས་པ་ཡིན་ནོ། །དེ་ཉིད། བྱང་ཆུབ་སེམས་ནི་མ་རྟོགས་པའི། །སངས་རྒྱས་རྣམས་ནི་ཐབས་མ་བཟུང་།༡༧ །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། རང་ལ་བསྐུར་བ་ལ་སོགས་པའི་ཉེས་སྐྱོན་གང་བྱུང་ཡང་དག་ཚངས་མི་བྱ་བར་གྱོང་ཁ་རང་གིས་བླངས་པ་ལ་བསླབ་ཅེས་པ་ནི། བདག་ལ་གཞན་གྱི་ཕྲག་དོག་གི །གཤེ་བསྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་བསླབ།། ཅེས་པ་སྟེ། རང་གི་ལན་ནམ་མ་ལན་ཡང་གཞན་གྱི་ཕྲག་དོག་ལ་སོགས་པས་བསྐུར་བ་དང་། མི་ཉན་པར་བརྗོད་པ་ཅི་བྱུང་ཡང་མི་བཟོད་པ་མི་བྱ་བར་རྒྱུད་འཇམ་མེ་བྱས་ལ་དག་ཚངས་ངས་མ་ལན་འདིས་ལན་ཞེས་ཡེ་མི་བྱ་བར་གྱོང་ཁ་རང་གིས་བླང་པ་ནི། གླང་རི་ཐང་བ་ལྟ་བུར་བྱའོ། །དེ་ཉིད་མ་ལེགས་པ་སུ་ལ་བྱུང་ཡང་དེའི་གྲོས་ཁོང་ན་ཁོ་བ་ཡང་མཆིས་གསུང་བར་གདའ། དེའི་རྒྱུ་མཚན་ནི་ད་ལྟ་སྦྱིན་པ་དང་། ཚུལ་ཁྲིམས་ལ་ཚུལ་སྣ་ཚོགས་ནས་འབད་པར་བྱེད་པ་ནི། སྡིག་པ་མང་པོ་དག་ཅིང་ཚོགས་རྫོགས་པར་བྱེད་པའི་ཕྱིར་བྱེད། དེ་བས་བསྐུར་བ་འདེབས་པ་དེ་བཀའ་དྲིན་དུ་ཤེས་ན་སྔ་མ་གཉིས་ཀྱི་དོད་མ་ཡིན་ཡང་དག་ཚངས་བྱེད་ན་རང་གི་སྡིག་པ་དག་དགོས་གསུངས། གྱོང་ཁ་རང་གི་བླང་བ་ནི་ལས་ཀྱི་སྟེང་དུ་མི་འབྱུང་བ་ཡིན་པས་སོ། །གླང་རི་ཐང་པའི་ཞལ་ནས་ཕན་ཡུལ་གྱི་དགེ་འདུན་ལ་མར་ཚོད་སུན་རེ་དྲངས་པ་བས་རང་ལ་ཉེས་མེད་ཀྱི་བསྐུ ར་བ་འདེབས་པ་ལ་བཀའ་དྲིན་ཆེ་བར་ཤེས་ན་སྡིག་པ་འདག་པ་དང་། ཚོགས་རྫོགས་པའི་རླབས་དེ་ཀ་ཆེ་བ་ཡིན་གསུང་ངོ༌། །དེ་ཉིད་སྤྱོད་འཇུག་ལས། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས།༡༨ །གསུང་ལ། དེ་ཡི་འཐད་པ་ནི། ཚུལ་ཁྲིམས་པས་བཟོད་པ་བསོད་ནམས་ཆེ་སྟེ། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད།༧༩ །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པའོ།། དྲུག་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི་རང་གིས་སྔར་ཕན་བཏགས་པའམ། རེ་ཆེ་བའི་བསམ་པས་ཡུལ་དེར་མགོ་བསྐོར་དང་། བསྔོ་སྔོས་བྱས་ན་བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་བསྒོམ་ཅེས་པ་ནི། གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱས་ནའང་། །བཤེས་གཉེན་དམ་པར་བལྟ་བར་བསླབ།། ཅེས་པ་སྟེ། རེ་བ་ནི་སྟོན་པ་ན་རེ་ངས་ཁམས་སུ་སྟོན་པ་ཤེས་རབ་འབར་ཅན་ཕྱིན་ནས་ཁོང་གྲོགས་པོ་སྙིང་དང་འདྲ་བ་ཡིན་པས་ཁོང་རང་གིས་ང་ལ་མགྲོན་བཤའ་མ་བྱེད་སྙམ་ནས་ཕྱིན་པ་དང་། ཁོང་གིས་བསྔོ་སྔོས་བྱས་ནས་ཕུད་དེ། ཅི་ཡོད་འཕྲོག་ཏུ་བཅུག་ཁོ་རང་གིས་ཀྱང་ཁྲི་མུན་ནང་དུ་བཅུག དེར་སྔར་བྱམས་པ་དང་སྙིང་རྗེ་ལ་བློ་སྦྱོངས་མ་སྦྱོངས་དང་། སྡུག་བསྔལ་དེ་དག་བདག་སྨིན་ཅིང་། །བདག་བདེ་མ་ལུས་དེ་སྨིན་ཤོག ༢༠ །ལ་སོགས་རྫུན་དུ་སོང་མ་སོང་དེར་གསལ་བས་དེ་ལ་ཤག་མི་གདའ་རང་ལ་ལྡོག་ནས་རྩིས་ནའང་ལས་དང་མི་ལྡན་ན་སྟེང་དུ་མི་ཡོང་སྟེ། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པའི། །བདག་ལ་གནོད་པ་འདི་བྱུང་རིགས།༢༡ །ཞེས་རང་གིས་ལེན་པ་ཡིན་སྙམ་དུ་བསམ་ལ་རྒྱུད་འཇམ་པོ་བྱས་པས་རང་བདེ། ཡུས་མ་ཕོ་བས་གཞན་ཡང་བདེ་བ་ཡིན། རང་གི་ལས་ཡིན། སྡིག་པ་སྤངས་པའི་འཕགས་པ་རྣམས་ལ་སུས་གནོད་པ་མི་བྱེད་པར་འགྲུབ་པ་ཡིན་ནོ། །གཞན་བཟློག་ནས་ཀྱང་རང་གི་ལས་ངན་གྱི་ཁོ་ལ་གོས་ན་བདག་ལ་གནོད་པ་བྱས་པས་བདག་ལ་བརྟེན་ནས་འདི་ངན་སོང་དུ་འགྲོ་བ་ནི་བདག་གིས་ལན་པ་ཡིན་ཏེ༑ བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་འདི་འབྱུང་སྟེ། །དེ་ཡི་སེམས་ཅན་དམྱལ་དོང་ན། །བདག་གིས་དེ་དག་མ་བརླག་གམ།༢༢ །གསུངས་པས། འདིའི་སྡུག་བསྔལ་སྐྱོབ་པར་རིགས་ཏེ། གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་བདག་ལ་གནོད་བྱེད་པའི། །དེ་བཞིན་ཕྱར་ཁ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་འགྱུར།༢༣ །ཅེས་པའམ། ཕན་བཏགས་ལན་དུ་གནོད་བྱེད་ནའང་། །ལན་ལ་སྙིང་རྗེ་ཆེན་པོ་བསྒོམ། །འཛམ་བུ་གླིང་གི་སྐྱེས་མཆོག་ནི། །ཉེས་པའི་ལན་ནི་ལེགས་པས་འདོན།༢༠ །ཅེས་སོ།། བཀའ་དྲིན་ཆེ་བའི་བསམ་པས་དགེ་བའི་བཤེས་གཉེན་དུ་བསྒོམ་པ་ནི་དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བས་ན། བདག་ལ་ཁྲིམས་ཕོག སྒོམ་ལུགས་བྱིན།༢༥ ཐར་པའི་ལམ་བསྟན་པའི་བཀའ་དྲིན་ཆེ་བ་ནི། རང་གིས་མ་བསྒོམ། མ་བསྲུང་ན་ལམ་དུ་མི་འགྲོ་ལ་གང་ཟག་འདིས་བདག་ལ་བྱིན་ནས་བདག་གི་སྡིག་པ་འདག་ཅིང་ཚོགས་རྫོགས་པར་བྱས་ནས། ཕན་བཏགས་ནས། སྒོམ་གྱི་ལུང་འབོགས་མཁན་དང༌། ཁྱད་པར་མེད་པར་དགེ་བའི་བཤེས་གཉེན་དུ་ལྟ་བར་བྱ་སྟེ། དེ་ཉིད་ཀྱང་བདེ་བའི་གླུ་ལས། དགྲའམ་འོན་ཀྱང་མཛའ་ཡང་རུང་། །ཉོན་མོངས་སྐྱེ་བའི་ཡུལ་རྣམས་ལ། །དགེ་བཤེས་ཡིན་པར་སུ་མཐོང་བ། །དེ་དག་གང་ན་གནས་ཀྱང་བདེ།༢༦ །གསུངས་པ་དེ་ལྟ་བུའི་བསམ་པ་སྐྱེས་ན་འབྱོངས་པ་ཡིན་པས་གཞན་གང་ཡང་མེད་ཀྱང་ཆོག་གང་བྱས་བྱང་ཆུབ་ཀྱི་ལམ་གྱི་འགྲོ་སྟེ། དཔེར་ན་གསེར་གླིང་དུ་མི་གཙང་བ་མི་རྙེད་པ་བཞིན་དུའོ། །དཔེར་ན་ཆོས་བྱ་བ་རང་གི་བློ་འཆོས་ཀྱིས་ཕྱིའི་ཡུལ་འཆོས་པ་མ་ཡིན་པས་མི་དེ་ལ་ལྷ་འདྲེ་མི་དང་གསུམ་དགྲར་ལངས་ཀྱང༌། དེའི་རྒྱུད་མི་དགེ་བ་དང་སྡུག་བསྔལ་བར་མི་བཏུབ་པས་སུས་ཀྱང་མི་ཐུབ་པས་དཔའ་བོ་བྱ་བ་ཡིན་ནོ།། བདུན་པ་ནི། མདོར་ན་དངོས་སམ་བརྒྱུད་པས་བདེ་བ་ཕན་པར་འདུག་པ་ཐམས་ཅད་མ་རྒན་རྣམས་ལ་དབུལ་ཞིང་དེ་དག་གིས་གནོད་པ་དང་སྡུག་བསྔལ་ཐམས་ཅད་གུས་པས་རང་གི་སྙིང་ཁོངས་སུ་བླང་བ་བསླབ་ཅེས་པ་ནི། མདོར་ན་དངོས་སམ་བརྒྱུད་པ་ཡི། །ཕན་བདེ་མ་ལུས་ཀུན་ལ་དབུལ།། མ་ཡི་གནོད་དང་སྡུག་བསྔལ་ཀུན། །གུས་པས་རང་གི་ལེན་པར་བསླབ།། མདོར་བསྟན་ནི་སྔར་བསྟན་པ་ཐམས་ཅད་བསྡུའོ། །གུས་པས་ནི་མའི་དྲིན་བསམ་པའི་སྒོ་ནས་རང་གི་ཁོངས་སུ་བླང་བ་ནི་ཁ་ཙམ་མིན་པར་སྙིང་ཐག་པ་ནས་གཏོང་ལེན་བསྒོམ་སྟེ། དངོས་སུ་བདག་གི་བདེ་བ་ཟས་དང་སྨན་ལ་སོགས་པ་བཏང་སྟེ་སེམས་ཅན་གྱི་སྡུག་བསྔལ་ཀུན་འབྱུང་བླངས་ན། ཕྱི་མ་མངོན་མཐོ་དང་ངེས་ལེགས་ཐོབ་པའི་རྒྱུ་ཡིན། དངོས་སུ་བླང་དུ་མ་བཏུབ་པ་བརྒྱུད་ནས་ལེན་པ་ནི་བསམ་པས་གཏོང་ལེན་བསྒོམ་པ་དང༌། སྨོན་ལམ་གྱི་ཚེ་འདིའི་བདེ་བ་བསྔོ་བ་ནི། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད།༢༧ །ཅེས་པས་སྙིང་ཐག་པ་ནས་བརྗོད་དོ།། བརྒྱད་པ་ནི། དེ་དག་ཐམས་ཅད་ལ་ཉེས་པ་འབྱུང་བ་སྲིད་པས་ཚེ་འདིའི་རྟོག་པ་དང་ཅུང་ཟད་ཀྱང་མ་འདྲེས་པར་བྱས་ཤིང་། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་བློས་དངོས་པོ་གང་ལ་ཡང་མ་ཆགས་པར་བསློབ་པ་ནི། དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་པར།། ཆོས་རྣམས་སྒྱུ་མར་ཤེས་པ་ཡི། །ཞེན་པའི་འཆིང་ལས་གྲོལ་བར་བསླབ།། ཅེས་པ་ཐབས་ཀྱི་གཉེན་པོ་ནི། བདག་བཟང་པོར་ཤེས་སུ་རེ་བ་ལ་སོགས་པ་ཚེ་འདིའི་རྟོག་པ་དང་འདྲེས་པ་ནི། ཆོས་བརྒྱད་དང་རང་དོན་དུ་སོང་ན་ཆོས་བདུད་དུ་ཤོར་བ་ཡིན་པས། དེ་སྒྱུ་མ་ལྟ་བུར་ཤེས་ནས་གདོད་སྤང་བས་ད་ལྟར་གྱི་སྣང་བ་ལ་བདེན་པ་མ་གྲུབ་སྟེ། འདི་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །གང་གིས་རིམ་གྲོ་བྱས་པའམ། །ཡོངས་སུ་བརྙེས་པའམ་ཅི་ཞིག་ཡོད། །བདེ་བའམ་སྡུག་བསྔལ་གང་ལས་ཡིན། །མི་དགར་ཅི་ཡོད་དགར་ཅི་ཡོད།༢༨ །ཅེས་དང་། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་བགྱི།༢༩ །ཞེས་སོ།། ཐམས་ཅད་ལ་གསོལ་བ་དང༌། སྨོན་ལམ་དུ་ཡང་འདེབས་པ་ནི། བླ་མ་དཀོན་མཆོག་ལ་མཎྜལ་ཕུལ་གསོལ་བ་གདབ་པ་ནི། བླ་མ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ཐུགས་རྗེ་ཡོད་ནའམ། ཁྲོ་བོ་ཕ་བཅུ་མ་བཅུ་ཐམས་ཅད་ལ་མཐུ་སྟོབས་ཡོད་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་མཐུའམ་ནུས་པ་ཡོད་ན་ཚིག་རྐང་བརྒྱད་པོ་འདིའི་དོན་བདག་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་སྨིན་ཅིང་བདག་གིས་བྱང་ཆུ བ་ཀྱི་སེམས་ཀྱི་འབྲས་བུ ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདེན་པ་བཞི་དང་སྦྱར་ཞིང་སྤྱོད་པའོ། །དེ་དག་ལ་སོགས་པ་དགེ་བ་ཅི་བྱས་ཀྱི་རྗེས་སུ་ཚིག་རྐང་བརྒྱད་མའི་སྨོན་ལམ་གདབ་བོ། །དེའི་སྨོན་ལམ་བཏབ་པས་བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་འཇོག་གོ །དེ་ལྟ་བུའི་དགེ་བའི་རྩ་བས་ལོ་ཟླ་བ་ཐམས་ཅད་དུ་དུས་ཐམས་ཅད་དུ་འདའ་བར་བྱའོ། །ཕྱི་མའང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་མཇལ་བ་དང་། གྲོགས་ཡང་དེ་ལྟ་བུ་དང་མཇལ་བར་བྱའོ། །སྙམ་དུ་བསམས་ཤིང་སྨོན་ལམ་ཡང་ཡང་གདབ་པར་བྱའོ།། བྱང་སེམས་གླང་ཐང་པའི་ཚིག་རྐང་བརྒྱད་པའི་འགྲེལ་པ་ནི། འཆད་ཀ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་རྩ་འགྲེལ་འདི་ནི་བློ་སྦྱོང་གིས་མན་ངག་ཟབ་པར་མཆིས་སོ། །འདི་ལ་འབད་ཚལ། རྒྱུད་ལ་སྐྱེ་བར་གྱུར་ཅིག། །།