Blo sbyong rtog pa 'bur 'joms kyi 'grel pa/Full text

From Bodhicitta
Texts/Blo sbyong rtog pa 'bur 'joms kyi 'grel pa/Full text

བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ།
A Commentary on "Leveling Out All Conceptions"
FULL TEXT


Description

Though this is clearly a commentary on a verse text entitled Leveling Out AII Conceptions, in the Lhasa edition of the Tibetan original, interestingly, no title is provided at the beginning of this text. In the short colophon at the end of the text, however, this commentary is presented as being composed, or at least narrated, by Atiśa on the basis of receiving the instructions directly from his teacher Serlingpa. It is difficult to assess the true authorship of this commentarial work. However, if the attribution to Serlingpa of its root text, Leveling Out All Conceptions, is valid, it is conceivable that Atiśa gave commentaries, or at least explanations, of the instructions contained in the root stanzas. (Thupten Jinpa, Mind Training: The Great Collection, 616n459)

Referenceblo sbyong rtog pa 'bur 'joms kyi 'grel pa [བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ།]. [A Commentary on "Leveling Out All Conceptions"].
PeopleAtiśa



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ་བཞུགས་སོ།།

༄༅། །མགོན་པོ་གསེར་གླིང་པ་བླ་མ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཁྱེན་རབས་དང་ཐུགས་རྗེའི་མངའ་བདག་མགོན་པོ་གསེར་གླིང་པའི་ཞལ་སྔ་ནས། ཇོ་བོ་ལ་བུ་ཁྱོད་སྙིགས་མའི་དུས་གཞན་གྱི་དོན་བྱེད་པ་ལ། བཀའ་སྡེ་སྣོད། ལུང་རིགས་པ། བླ་མའི་མན་ངག་ཐམས་ཅད་ཧྲིལ་དེ་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། ནད་དང༌། གནོད་པ་དང་། གདོན་བགེགས་དང་། བདུད་དང་མུ་སྟེགས་སོགས་རྐྱེན་ངན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་ཆོས་འདི་རྣམས་དགོས་ཏེ། འདི་སྐད་དུ། རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེགས་ཡིན། །འདུན་མ་ཐམས་ཅད་ཆིག་འདྲིལ་ཏེ།? །ལམ་རྣམས་ཐམས་ཅད་ཅིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་ཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཅེས་པའི་དོན་ནི། རྣམ་པར་རྟོག་པ་གང་བྱུང་ས་ནས་འབུར་འཇོམས་སུ་བྱ་དགོས་ཏེ། ཁོ་གང་ན་སྣང་། དབང་པོ་གང་གི་ཡུལ་ན་སྣང་། དབྱིབས་དང་ཁ་དོག་ཇི་ལྟ་བུ་གཅིག་སྣང་བཙལ་ལོ། །འདི་དུག་སྦྲུལ་ལམ་ཁྱི་སྨྱོན་དང་འདྲ་སྟེ། ཉེར་མི་རུང་བྱུང་འཕྲོ་༤ རང་ལ་གཉེན་པོས་ལེ་ལོ་མ་ཤོར་བར་བཅོམ་སྟེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ཤེས། །ཤིན་ཏུ་རྣམ་པར་རྟོག་ལས་བྱུང་། །ཞེས་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་སྒྱུར་བྱེད་དོ། །ཞེས་དང་། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་རྟོགས་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་བཅད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་བཀའ་བསྟན་བཅོས་ཐམས་ཅད་ནས་བྱང་ཆུབ་སྒྲུབ་པའི་གེགས་ཆེན་པོར་བཤད་པའི་ཕྱིར་རོ། །དེ་ན་ལེ་ལོ་མ་ཤོར་བ་གལ་ཆེའོ། །འདིར་བློ་མང་ན་མཐར་མི་ཕྱིན་པས་༨ ཆོས་ཟབ་མོ་ལའང་མ་འབྱམས་པར་འདུན་མ་༩ ཐམས་ཅད་རྟོག་པ་འཇོམས་པ་ལ་གཅིག་ཆོད་དུ་གྲིལ་དགོས་ཏེ། མདོ་ལས་ཀྱང་ཡིད་ལ་བྱེད་པ་ཐམས་ཅད་བདུ ད་ལས་སུ ་བཤད། དེས་ན་ཅི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཚོགས་སྦྱོར་༡༠ མཐོང་བསྒོམ་ལ་སོགས་པའི་ས་དང་ལམ་ཐམས་ཅད་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་འཇོམས་པ་ལ་འདུན་མ་འགྲིལ་བར་ཚིག་ཆོད་དུ་བྱའོ། །མདོར་ན་རྟོགས་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་ཀྱང་དེའི་རྩར་སླེབས་དགོས་ཏེ། གཉེན་པོས་རྣམ་རྟོག་འཇོམས་པ་ལ་འདུན་མ་ཐམས་ཅད་འགྲིལ་དགོས། ལམ་ཐམས་ཅད་ཀྱང་དེ་ཁོ་ནས་བཅད་དགོས་སོ། །དེའི་བླང་བྱ་གཉེན་པོ་རྣམ་བྱང་གི་ཆོས་བཞི་ཡིན་ནོ།། ཡང་འདི་སྐད་གསུངས་ཏེ། རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་བ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱག་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། དེས་ན་ན་ཚ་སྡུག་བསྔལ་ལ་སོགས་པ་མི་འདོད་པའི་འགལ་རྐྱེན་གང་བྱུང་ཡང་དེས་བསྐུལ་མ་བྱས་ལ་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཡང་བློས་ལིངས་ཏེ་བླང་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། དེ་བཞིན་དུ་བདེ་སྐྱིད་ལ་སོགས་མཐུན་རྐྱེན་གང་འཛོམས་ཡང་སེམས་ཅན་ལ་བྱིན་པས་སེམས་ཅན་གྱི་ཚོགས་རྫོགས་པ་ལ་དགའ་བའི་བློ་སྦྱོང༌། དེ་བཞིན་དུ་གཟུགས་སྒྲ་དྲི་རོ་ལ་སོགས་པ་སྣང་བའི་རྐྱེན་གང་བྱུང་ཡང་བཙལ་བས་མི་རྙེད། མི་རྙེད་པའི་དོན་ལ་ཀློད་ལ་བཞགས་༡༡ པས་ཆོས་ཉིད་ལ་བསྐུལ་བའི་རྐྱེན་དགེ་བའི་བཤེས་གཉེན་ཡིན། བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་དགའ་བ་བསྒོམ་མོ།། རྒྱལ་འགོང་སྲེན་མ་ས་བདག་ལ་སོགས་པའི་གནོད་པ་བྱུང་ཙ་ན་དེས་བསྐུལ་མ་བྱས་ནས་སེམས་ཅན་ཐམས་ཅད་ལ་གནོད་པ་དང་སྡུག་བསྔལ་ཅི་ཡོད་པ་བློས་ལིངས་ཏེ་བླངས་ན་བླངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། གནོད་བྱེད་རྣམས་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཀྱི་ཤ་ཁྲག་གང་འདོད་སྦྱིན་པས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་གྲོགས་བྱེད་པ་ཡིན་པས། གདོན་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་དེ་དག་ལ་དགའ་བ་དང་གུ ས་པ་བསམ་གྱིས་མི་ཁྱབ་པ་བསྒོམ་མོ། །ལྷག་པར་ན་ཚ་བྱུང་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་ན་ཚ་དང་སྡུག་བསྔལ་རང་གི་སྙིང་གི་དཀྱིལ་དུ་བླངས་ནས་སེམས་ཅན་ཐམས་ཅད་སྤངས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ། ནད་མེད་པའི་དུས་སུ་དེས་བསྐུལ་ནས་རང་གི་བདེ་བ་རྒྱུ་དང་བཅས་པ་འགྲོ་བ་ལ་སྦྱིན་པས་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ་པས་སྡིག་སྒྲིབ་ཀྱི་ཕྱགས་མ་ཡིན་ཏེ། སྡིག་སྒྲིབ་ལ་སྐད་ཅིག་ཙམ་ཡང་བསྡད་པའི་བསྡད་གླགས་མེད་དོ། །སྡུག་བསྔལ་བརྒྱ་ཐམ་པ་བྱུ ང་ན་འཚོལ་ཐབས་བརྒྱ་ཐམ་པ་ཡོང་། དེ་ཡོད་མ་མྱོང་བས་མ་རྙེད་ཐབས་བརྒྱ་ཐམ་པ་ཡོད་པས། དེ་ལ་སྤངས་པ་བརྒྱ་ཐམ་པ། རྟོགས་པ་བརྒྱ་ཐམ་པ་ལམ་ཁྱེར་ཏེ་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོ་ཡིན་ཏེ། དེ་ལ་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ། །དེ་རྣམས་ནི་སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་ཡིན་ནོ།། ཡང་འདི་སྐད་དུ། སྐྱིད་ཀྱི་ཁ་ནོན་ཆེན་པོ་སྟེ། །སྡུག་གི་མཇུག་འཐུད་ཆེན་པོ་ཡིན། །ལྟས་ངན་གཡང་དུ་འགུགས་པ་ཡིན། །མི་མཁོ་ཤོས་ལ་འདོད་ཐོག་ཡིན། །གཉེན་པོ་ལོག་ནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ལོངས་ཞེས་པའི་དོན་ནི། དེ་ནས་དགེ་སྦྱོར་གྱི་བགེགས་སུ་འགྲོ་བའི་བཟའ་བཏུང་། སྤྱོད་སྙན་གྲགས་ལ་སོགས་སྐྱིད་འདོད་ཀྱི་ཁ་ནོན་ལ་འདོད་པ་ཆུང་ལ་ཆོག་ཤེས་པའི་སྒོ་ནས་སྡུག་གི་མཇུག་འཐུད་དེ། རྐང་པ་ན་ན་བསྐོར་བ་བྱ། སྐེད་པ་ན་ན་ཕྱག་བྱ། འདོད་པ་ཆེ་ན་གཞན་ལ་སྦྱིན། གཡེང་བ་ལ་དགའ་ན་མཚམས་བཅད། ལོང་གཏམ་ལ་དགའ་ན་སྨྲ་བ་བཅད་དོ། །གཏམ་ངན་ནམ། བྱུར་ཤན་ནམ། བྱད་ཁའམ། ཕུར་ཁ་ལ་སོགས་མི་འདོད་པའི་ལྟས་ངན་ཆེན་པོ་བྱུང་ན་བདག་འཛིན་གྱི་འགོང་པོ་འདུལ་བའི་ཐབས་ཡིན་པས་བཀྲ་ཤིས་དང༌། གཡང་དུ་འགུགས་ཤིང་ད་དུང་ཐོངས་ཤིག་ཅེས་ཤེས་པའི་དཔའ་བསྐྱེད་ལ། དེ་འདྲའི་རིགས་མི་མཁོ་ཤོས་ཐམས་ཅད་བདག་ལ་བྱུང་བས་ད་འདི་ཐུལ་ན་ད་ཕྱིན་ཆད་འཁོར་བར་མི་སྐྱེ་སྙམ་དུ་དེ་ལ་འདོད་ཐོག་ཏུ་བྱས་ཏེ། བཟོད་པ་གསུམ་མཐུ་ཐོབ་པར་བྱའོ། །དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་ལོག་ནོན་གྱི་ཆོས་བཞི་ཡིན་ནོ།། ཡང་འདི་སྐད་དུ། བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱངས་ཏེ་བསྒྱུར་བའི་ཆོས་གཅིག་ཡིན། །གཞན་ནི་བྱང་ཆུབ་ཀྱི་འབྱུང་ཁུངས་ཏེ། །བཅངས་ཀྱི་ལེན་པའི་ཆོས་གཅིག་ཡིན། །སྤྱང་གཉེན་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་ སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཅེས་པའི་དོན་ནི། བདག་མི་འདོད་པ་ཐམས་ཅད་ཀྱི་འབྱུང་གནས་ལས་ངན་ཐམས་ཅད་ཀྱི་རྩ་བ་ཡིན་པས་འདི་ལ་གཅེས་སྤྲས་མ་བྱེད་པར་ལིངས་ཏེ་བསྒྱུར་ལ། དགྲ་དགའ་ན་དགྲས་ཁྱེར། འདྲེ་དགའ་ན་འདྲེས་ཁྱེར་མི་རིངས་ན་ཚོས་ལ་ཟོ། རིངས་ན་ཁུར་ལ་རྒྱུག ཅེས་རང་ལ་ཐེད་ལ་བཏང་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྟེ་རང་དོན་ཡལ་བར་དོར་ནས་བརྩོན་པས་གཞན་དོན་ལྷུར་མཛད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་འབྱུང་ཁུངས་ཡིན་པས་སེམས་ཅན་བརྩེ་བས་སྐྱོངས་ལ། སྡུག་བསྔལ་རང་ལ་བླང་བ་ནི། སྤང་གཉེན་མཇུག་སྡུད་ཀྱི་ཆོས་རྣམ་གཉིས་ཡིན་ཏེ། སེམས་ཅན་ཆེན་པོ་རྣམས་ཀྱི་ལག་ལེན་ཁྱད་པར་ཅན་ཡིན་ནོ། །ཡང་འདི་སྐད་དུ། རྒྱངས་ཀྱིས་བསྒྱུར་ལ་ལྷོད་ཀྱིས་གློད། །ཤིགས་ཀྱིས་ཤིག་ལ་འབོལ་ལེ་བཞག །སྟོང་ཉིད་རྒྱས་འདེབས་བཞི་ཡིན་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །དེ་ལྟར་ཉམས་སུ་བླངས་གྱུར་ན། །སྐྱེས་བུ་མི་འཆིང་གྲོལ་བར་འགྱུར། །ཅེས་པའི་དོན་ནི། གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཕར་རྒྱངས་ཏེ་བསྒྱུར་ལ། སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ ་ཤེ ས་པ་གསལ་ལ་རྟོག་པ་མེད་པར་ལྷོད་དེ་གློད་ལ་གང་གི་ཀྱང་མ་བཅིངས་པར་བཞག་པར་བྱའོ། །དེ་ཡང་ཤེས་པ་སྔ་མའི་རྗེས་སུ་མི་འབྲངས། མ་འོངས་པའི་སྤུན་མི་བསུ། ད་ལྟ་བ་མ་བཅིངས་པར་ཤིག་དེ་ཤིག བཅས་བཅོས་དང་སྒྲོ་བསྐུར་མེད་པར་རང་སོར་

འབོལ་ལེ་གློད་ལ་བཞག་གོ །དེ་ནི་སྟོང་ཉིད་ཀྱི་རྒྱས་འདེབས་བཞི་ཡིན་ནོ། །ཉམས་ལེན་དེ་ལྟར་བྱས་ན་ལས་ཀྱི་འཁོར་བར་མི་བཅིངས་གྲོལ་བར་ཐར་པ་ཐོབ་པར་འགྱུར་རོ། །ཉམས་ལེན་འདི་ལས་གཞན་པ་གཅིག་ཡིན་ན་དུས་སྙིགས་མའི་སེམས་ཅན་རྨུ་རྒོད་ཐུལ་བར་མི་འགྱུར་ལ་འདི་དང་ལྡན་ན་བར་ཆད་ཀྱིས་མི་ཚུགས་པས་འགྲོ་དོན་ངང་གིས་འགྲུབ་ཞེས་གསུང་ངོ༌། །མཉམ་མེད་གསེར་གླིང་པའི་གསུང་ཇི་ལྟ་བ་བཞིན་དུ་བཀོད་པའོ། །ཨ་མོ་གྷ་པ་ཤའི་རྒྱུད་ལས། ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ་སེམས་དཔའ་ནི་ཐབས་ཏེ། དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་འགྲུབ་པར་འགྱུར།༡༢ །ཅེས་པ་དང༌། གསང་འདུས་གྲོལ་བའི་ཐིག་ལེ་ལས། དེ་ནས་སྙིང་རྗེ་འབའ་ཞིག་གི །གཞིར་གྱུར་ཡོན་ཏན་ཐམས་ཅད་འབྱུང་།༡ ༣ །ཞེས་པ་དང༌། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་བ་བཟོད་པ་མི་ནུས་སོ།༡༤ །ཅེས་གསུངས་སོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བྱ། གཅིག་པུ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །འབད་པ་མེད་པ་དང་རྩོལ་བ་མེད་པར་འགྲུབ་པར་འགྱུར་རོ། །མདོར་ན་སྙིང་རྗེ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ།༡༥ །ཞེས་གསུངས་སོ། །འགྲོ་མགོན་ཨ་ཏི་ཤ་ལ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཐའ་འཁོབ་འདུལ་བའི་དོན་ལ་གདམས་པ་འདི་གསུངས་པར་གདའོ།། །།