བློ་སྦྱོང་རྨ་བྱ་དུག་འཇོམས།
Mind Training: The Peacock's Neutralizing of Poison
FULL TEXT


Description

One of the earliest Tibetan texts that focuses on mind training. This text presents powerful yogic methods of dispelling the selfish delusions of the ego and maintaining purity in our motives. Teaches how we can fight the egocentric enemy within by realizing the truth of emptiness and by developing a compassionate, loving attitude toward others.

CitationDharmarakṣita (དྷརྨ་རཀྴི་ཏ་). blo sbyong rma bya dug 'joms [བློ་སྦྱོང་རྨ་བྱ་དུག་འཇོམས།]. [Mind Training: The Peacock's Neutralizing of Poison].
AuthorDharmarakṣita



[edit]
Source Tsadra DNZ
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །བློ་སྦྱོང་རྨ་བྱ་དུག་འཇོམས་ཞེས་བྱ་བ་བཞུགས་སོ། ། ༄༅། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པ་ན། །བུ་དང་བུ་མོ་རྒྱལ་སྲིད་བྱིན་པ་ལྟར། །ཤིན་ཏུ་ཕྲེང་བའི་ནོར་དང་འཁོར་ལ་སོགས། །ཕོངས་པ་མེད་པར་ཡོངས་སུ་བཏང་བར་བྱ། །རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པ་ན། །སྟག་མོ་རང་གི་ཤ་ཡིས་གསོས་པ་ལྟར། །ཤིན་ཏུ་གཅེས་པའི་སྒྱུ་ལུས་ཕུང་པོ་འདི། །ཤ་ཟའི་ཚོགས་ལ་དགའ་བས་སྦྱིན་པར་བྱ། །རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པ་ན། །གནོད་སྦྱིན་རང་གི་ཁྲག་གིས་གསོས་པ་ལྟར། །བཅད་པར་དཀའ་བའི་སྙིང་ཁྲག་དྲོན་མོ་འདི། །ཁྲག་འཐུང་དག་ལ་བརྩེ་བས་སྦྱིན་པར་བྱ། །ཚོང་དཔོན་ཁྱེའུ་ཆུ་འབེབས་གྱུར་པ་ན། །བདེ་གཤེགས་མཚན་བརྗོད་ཉ་རྣམས་དྲངས་པ་ལྟར། །ཆོས་ཀྱིས་ཕོངས་པའི་སྐྱེ་བོ་ཐམས་ཅད་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་གཏོང་བར་བྱ། །རྒྱལ་བུ་དགེ་དོན་ཆེན་པོར་གྱུར་པ་ན། །སྡིག་དོན་ལོག་སྒྲུབ་ཐུགས་རྗེས་བཟོད་པ་ལྟར། །འཁོར་གྱི་ལོག་སྒྲུབ་གཤིས་ངན་འཁྲུགས་པ་ལ། །སྙིང་རྗེ་ཆེན་པོས་ལྷག་པར་བརྩེ་བར་བྱ། །བྱང་ཆུབ་སེམས་དཔའ་སྤྲེའུར་གྱུར་པ་ན། །སྡིག་ཅན་ཁྲོན་པའི་གནས་ནས་དྲངས་པ་ལྟར། །ངན་པ་དག་ལ་ཕན་གདགས་མི་ཤོངས་ཀྱང་། །བཟང་ལན་མི་འདོད་ཐུགས་རྗེས་དྲང་བར་བྱ། །ཀྱི་ཧུད་ཕ་མར་མ་གྱུར་སུ་ཡང་མེད། །འཁོར་བའི་གནས་ན་བདེ་བ་སྐད་ཅིག་མེད། །ངན་པའི་ཚོགས་ལ་ངན་ལེན་བོང་ར་འདྲ། །ད་ནི་ཐུབ་ཆེན་དཔའ་བོའི་རྣམ་ཐར་འདི། །གུས་པས་བླངས་ནས་གཉེན་པོ་མི་སྐྱོང་ན། །དཔའ་བོ་འཇུག་པའི་ལག་ལེན་ཡང་མི་སྲིད། །དེ་ཕྱིར་སྲོག་ལ་བསྡོས་ལ་དཀའ་སྤྱད་བསྟེན། །བདེ་བར་གཤེགས་པ་འདས་ཚུལ་བསྟན་རྗེས་སུ། །དེ་ཡི་རྗེས་སུ་བསླབ་པར་འདོད་པ་རྣམས། །འདི་འདྲའི་ལག་ལེན་རྒྱུད་ལ་མ་བསྟེན་ན། །སྐྱེ་བོ་རྣམས་ཀྱི་བདེ་སྐྱིད་ཟད་དོགས་སུ། །དེ་ཕྱིར་དཔའ་བོ་རྣམས་ཀྱི་སྐྱིད་ཆོས་འདི། །ཅི་ལ་ཐུག་ཀྱང་དཀའ་སྤྱད་སྲོག་ལ་བསྡོས། །འདི་ནི་དཔའ་བོ་འཇུག་པའི་ལག་ལེན་ཏེ། །ལེའུ་དང་པོ་དུག་གི་བཅུད་ལེན་ཡིན། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཆོས་འདི་གསོན་དང་དཔའ་བོ་དོན་གཉེར་ཀུན། །འཁོར་བའི་ནགས་ན་རྨ་བྱ་མཛེས་པ་དང༌། །ཉོན་མོངས་དུག་ལྔ་ལྗོན་པའི་ཤིང་དྲུང་དུ། །དུག་གིས་སྨིན་པས་སྨན་ལ་དགར་མི་ཚོལ། །འདོད་ཆགས་ལྟ་བུའི་གཞན་དང་མ་བསྟུན་ན། །འདོད་ཆགས་ཅན་གྱིས་ལོག་སྒྲུབ་བྱ་དོགས་ཡོད། །འདོད་ཆགས་ལྟ་བུའི་དུག་འདི་གཞོམ་པར་བྱ། །ཞེ་སྡང་དུག་གི་མེ་ཏོག་འབར་བ་ལ། །གཤིན་རྗེའི་གཤེད་ལྟར་ཁྲོ་ཚུལ་མ་བསྟན་ན། །ཞེ་སྡང་ཅན་གྱིས་བར་ཆད་བྱས་དོགས་ཡོད། །ཞེ་སྡང་ལྟ་བུའི་དགྲ་བགེགས་བསྒྲལ་བར་བྱ། །གཏི་མུག་དུག་གི་འདམ་རྫབ་སྦྱར་བ་ལ། །མི་རོ་ལྟ་བུ་བཟོད་བསྲན་མ་བསྐྱེད་ན། །གཤིས་ངན་རྣམས་ཀྱིས་སྡིག་པ་བསགས་དོགས་ཡོད། །གཏི་མུག་ལྟ་བུར་མཉམ་ཉིད་བསྒོམ་པར་བྱ། །ཕྲག་དོག་དུག་གི་ལྗོན་ཤིང་རྒྱས་པ་ལ། །ང་ཁྱོད་ལྟ་བུའི་ཕྱི་ནང་མ་ཕྱེ་ན། །མུ་སྟེགས་སོགས་ཀྱིས་བསྟན་པ་བཤིག་ཉེན་ཡོད། །དེ་ཕྱིར་ཕྲག་དོག་ལྟ་བུར་དམ་ཆོས་སྐྱོང༌། །ང་རྒྱལ་དུག་གི་ལྗོན་ཤིང་འབར་བ་ལ། །ང་རྒྱལ་ལྟ་བུར་ཕོ་ཚུགས་མ་བཟུང་ན། །བདུད་ཀྱི་ཚོགས་ཀྱིས་མགོ་བསྐོར་བྱེད་ཉེན་ཡོད། །དེ་ཕྱིར་ཐུབ་བསྟན་ཟུངས་ལ་ཕས་རྒོལ་གཞོམ། །དེ་ལྟར་དུག་གི་དཔུང་ཚོགས་མ་ལུས་པ། །བདེན་མེད་སྣང་སྟོང་སྒྱུ་མ་ལྟ་བུའི་ཉམས། །ང་བདག་འཆིང་བ་གཅིག་ཏུ་ཚུར་སྡོམ་ལ། །རྨ་བྱ་ལྟ་བུར་ཟས་སུ་ཟ་བར་བྱ། །གཞན་གྱི་བློ་ལ་སྣ་ཚོགས་ཀུན་སྟོན་ཀྱང༌། །ཕུགས་སུ་གཉེན་པོས་བཙན་ཚུགས་མ་ཤོར་བར། །དགེ་སྡིག་དག་གི་བླང་དོར་སྲོག་ལ་བསྡོས། །སྡུག་བསྔལ་གྱུར་ཀྱང་བྱང་ཆུབ་དང་དུ་བླང༌། །འདི་ལྟར་ཤེས་བྱ་ཀུན་ལ་མཁས་ན་ཡང༌། །རང་གི་བདེ་སྐྱིད་ཁྱད་དུ་མ་བསད་ན། །རྙེད་པའི་དབང་གིས་ཆགས་སྡང་ཞུགས་ཉེན་ཡོད། །དེ་ཕྱིར་རང་འདོད་ཁྱི་རྐུན་བཞིན་དུ་བརྡུང༌། །མཁས་པ་རྣམས་ཀྱི་དྲུང་དུ་བསྟེན་གྱུར་ཞིང༌། །གཞུང་ལུགས་རྣམས་ལ་བློ་གྲོས་མ་སྦྱོངས་ན། །མཁས་པ་རྣམས་ལ་སྒྲོ་སྐུར་བྱས་དོགས་ཡོད། །དེ་ཕྱིར་ཤེས་བྱ་ཀུན་ལ་གོམས་པར་བྱ། །ཉིན་དང་མཚན་དུ་སྡུག་བསྔལ་གྱུར་ན་ཡང༌། །འཁོར་བ་སྤྱི་ཡི་ཉེས་དམིགས་མ་བསམས་ན། །ད་དུང་སྡུག་བསྔལ་རྒྱུ་ལ་འཇུག་དོགས་ཡོད། །དེ་ཕྱིར་ལས་ཀྱི་ཉེས་དམིགས་སྙིང་ལ་གཟེར། །དེ་ལྟར་ཡིན་མོད་མི་འདོད་སྡུག་བསྔལ་རྣམས། །བདག་འཛིན་འཇོམས་པའི་གཉེན་པོར་བསྟེན་པར་བྱ། །བདུད་དམག་བྱེ་བ་དུང་ཕྱུར་དགྲར་ལངས་ཀྱང༌། །ངའོ་སྙམ་པའི་འཇིགས་སྐྲག་སྤང་བར་བྱ། །གཞན་དོན་བྱས་པས་ངན་འགྲོར་ཤོར་སྲིད་ཀྱང༌། །འགྱོད་པ་མེད་པས་ཉམས་དགའ་བསྟེན་པར་བྱ། །དབུགས་ལེན་གཤེད་མས་ལུས་ལ་བྲབ་གྱུར་ཀྱང༌། །བདག་ལ་ཕན་པའི་རིམ་གྲོ་བསྟེན་མི་བྱ། །སེམས་ཅན་ཡོངས་ཀྱི་ལས་ངན་ཁུར་དགོས་ཀྱང༌། །འཁུར་འོས་འཁུར་བས་སྡུག་ཡུས་ཆུང་བར་བྱ། །འགོ་བའི་ནད་ཀྱིས་ལུས་ལ་བཏབ་གྱུར་ཀྱང༌། །རང་གིས་ནོངས་པས་ལོག་པའི་ཐབས་མི་བྱ། །འདི་ལྟར་མི་འདོད་ཐོག་ཏུ་མ་བབས་ན། །འདོད་པའི་ཐབས་ལ་ནམ་ཡང་འཇུག་མི་སྲིད། །མཁས་པས་དཔྱད་ན་མི་འདོད་མ་ལུས་པ། །འདོད་རྒུའི་འབྱུང་གནས་ཡིན་པས་དང་དུ་བླངས། །འདི་ལྟར་ལོག་སྒྲུབ་དང་དུ་ལེན་པ་ཡི། །སེམས་ཅན་རྣམས་ཀྱིས་གོ་ཆ་མ་གྱོན་ན། །འཁོར་བ་པ་ལ་བདེ་བ་ཡོང་མི་སྲིད། །དེ་ཕྱིར་མི་འདོད་དང་དུ་བླང་བར་བྱ། །འདི་ནི་ཐུབ་པ་ཆེན་པོའི་རྣམ་ཐར་ལས། །དམ་པ་རྣམས་ཀྱིས་བསླབ་པར་བྱ་བའི་ཆོས། །དཔའ་བོ་རྣམས་ཀྱིས་འཇུག་པར་བྱ་བ་སྟེ། །ལེའུ་གཉིས་པ་དུག་གི་བཅུད་ལེན་ཡིན། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བློ་ལྡན་གང་གིས་ཉིན་མཚན་དུས་དྲུག་ཏུ། །འཁོར་བ་སྤྱི་དང་སྒོས་ཀྱི་སྐྱོན་རྣམས་ལ། །བརྟགས་ཤིང་དཔྱད་པས་ཤིན་ཏུ་སྐྲག་གྱུར་ནས། །སོ་སོར་ཐར་པའི་སྡོམ་པ་བླངས་ཏེ་བསྲུང༌། །རང་ཉིད་ཐར་པའི་སྡོམ་པ་བརྟན་པ་ན། །འགྲོ་བ་འདི་དག་ཕ་དང་མར་དཔྱད་དེ། །དེ་དག་དོན་དུ་སྨོན་འཇུག་སྡོམ་པ་བླང༌། །བྱམས་བརྩེའི་སེམས་ཀྱིས་སྨོན་པ་བརྟན་པ་ན། །རང་ཉིད་འཁོར་བའི་ནགས་སུ་སྡུག་བསྔལ་ཀྱང༌། །ཅིར་ཡང་མི་སེམས་སྡུག་བསྔལ་གཞན་དོན་དུ། །སྲོག་དང་བསྡོས་ནས་དཀའ་སྤྱད་བརྟན་པར་བྱ། །དེ་ཚེ་མ་རུངས་སྐྱེ་བོ་མཐའ་ཡས་པ། །ལོག་སྒྲུབ་མཐའ་ལས་འདས་པ་མྱོང་བ་ན། །སྒྱུ་མ་རྨི་ལམ་ལྟ་བུར་སྲོག་དང་བྲལ། །རང་བཞིན་བརྟགས་ལ་ཆོས་ཀྱི་དབྱིངས་སུ་བསམས། །དེ་ལྟར་བསྟན་མེད་སྣང་མེད་མངོན་གྱུར་ཏེ། །ལྷག་པར་སྤོབས་པ་བསྐྱེད་དེ་འཇིགས་སྐྲག་ལ། །ཅིར་ཡང་མི་སེམས་གང་དུའང་མི་རྟོག་པར། །གཞན་དོན་འབའ་ཞིག་ལྷུན་གྱིས་གྲུབ་པར་བྱེད། །འདི་འདྲའི་ཉམས་ལེན་ཁུར་དུ་ཁུར་བ་ན། །ནག་པོའི་ཕྱོགས་ཀྱིས་ཆེས་ཆེར་མ་བཟོད་ནས། །བར་དུ་གཅོད་པའི་སྤྲིན་ཕུང་འཁྲིགས་པ་ན། །རྣམ་དག་མཁའ་ལ་སྔགས་ཀྱི་རླུང་གིས་གཏོར། །དྲག་པོའི་སྔགས་ཀྱི་ཧཱུྃ་སྒྲ་སྒྲོགས་པ་ན། །ཁྲོ་བོ་དྲག་པོའི་ང་རྒྱལ་སྐྱེ་སྲིད་པས། །ཕུང་པོ་སྒྱུ་མའི་གྲོང་ཁྱེར་ལྟ་བུ་ལ། །སྒྲ་ནི་སྤྲུལ་པའི་གླུ་དབྱངས་ལྟ་བུར་ཤེས། །གང་ཡང་རང་སེམས་སྣ་ཚོགས་སྤྲུལ་པ་ལས། །ངོས་བཟུང་མེད་དེ་སྤྲུལ་པའི་ཡིད་ཤེས་བཞིན། །ཡེ་ནས་ཡོད་མ་མྱོང་བས་རང་སར་ཀློད། །ཆོས་ཀྱི་དབྱིངས་གཟུགས་བདེན་པས་གྲོལ་བར་བྱ། །གང་ལྟར་ཅི་ལྟར་དགྲ་དང་འདྲེར་ལངས་ཀྱང༌། །གང་དུའང་མི་སེམས་ཕྱིར་ཡང་མི་ལྡོག་པར། །རང་གཞན་ཆགས་སྡང་རྡོག་པའི་འོག་ཏུ་རྫི། །དྲན་སྣང་ཁྲོ་བོ་གཤིན་རྗེའི་གཤེད་དུ་བལྟ། །དེ་ཚེ་ཕ་མ་འགྲོ་བ་མ་ལུས་པ། །ཡིན་ངེས་སྙམ་དུ་ཐེ་ཚོམ་མེད་པར་བསྡུ། །ཉེ་རིང་མེད་པར་ཐུགས་རྗེའི་དཀྱིལ་དུ་སྦ། །ཕྱོགས་རིས་མེད་པར་བདེན་པ་གཉིས་ཀྱིས་བསྐྱང༌། །འདི་ལྟར་གོམས་ན་ཐུབ་པའི་རྣམ་ཐར་ཡིན། །འདི་ལྟར་བགྱིས་ན་དཀོན་མཆོག་འཛུམ་པ་འཆོར། །འདི་འདྲའི་མི་ལ་ཆོས་སྐྱོང་ངང་གིས་འཁོར། །མཁྱེན་པར་མཛོད་ཅིག་ཐུབ་པའི་སྲས་པོ་རྣམས། །བདག་གིས་ཁྲེལ་མེད་ཆོས་ལ་ཐོ་ལེས་གདབ། །བག་མེད་ཆོས་ལ་བསམས་ཏེ་སྐྱུག་བྲོ་བལྟ། །འདི་ཡང་དཔའ་བོ་འཇུག་པའི་ལག་ལེན་ཏེ། །ལེའུ་གསུམ་པ་དུག་གི་བཅུད་ལེན་ཡིན། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཉེ་བར་འཁོར་ལྟར་བཙུན་པའི་མཐར་ཐུག་ཅིང༌། །རྟ་ཐུལ་བཞིན་དུ་བག་ཡོད་མཛེས་གྱུར་ཀྱང༌། །བྱང་ཆུབ་ལམ་ལ་ཕ་མ་མི་འདྲེན་ན། །རང་བདེའི་ཐར་པ་རྡོག་པས་བརྫི་རྒྱུ་ཡིན། །རིག་པའི་གནས་ལ་མཁས་པའི་མཐུ་ཐོབ་ཅིང༌། །སྙན་པའི་གྲགས་པས་བླུན་པོ་ཀུན་དགའ་ཡང༌། །བསྟན་པའི་ཁུར་ཆེན་སྤྱི་བོས་མི་ལེན་ན། །སྨྱོན་པའི་བྲོ་བརྡུང་བཞིན་དུ་འདོར་བྱ་ཡིན། །བླ་མ་ལྟ་བུར་ཀུན་གྱིས་འཁུར་ན་ཡང༌། །བསྟན་པ་སྤྱི་ཡི་ཁུར་ཆེན་མི་འཁུར་ཞིང༌། །རང་གི་འདོད་པ་དང་དུ་ལེན་བྱེད་ན། །འཕགས་པ་རྣམས་ཀྱིས་ཐོ་ལེས་བཏབ་བྱ་ཡིན། །བཟང་པོ་ལྟ་བུར་ཀུན་གྱིས་རློམས་ན་ཡང་། །ལོག་ལྟའི་ནགས་སུ་བདག་ལྟ་འཁྲུགས་པ་ཡིས། །སྟག་མོ་བུ་ཟན་བཞིན་དུ་འཇིགས་པ་སྟེ། །བཀའ་སྡོད་སྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡིན། །ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང༌། །བྱི་ལ་བཞིན་དུ་བསམ་པ་མ་རུངས་པའི། །དམ་པའི་གཟུགས་ཅན་གསོ་རུ་མེད་པ་དེ། །མ་མོ་རྣམས་ཀྱི་ཁ་རུ་གདབ་བྱ་ཡིན། །ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང༌། །ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི། །ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ། །གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན། །འཛུམ་ཞིང་དེས་པས་ཐམས་ཅད་སྐྱོང་ན་ཡང༌། །བདག་གི་རྗེས་སློབ་ཟག་པ་འཕེལ་བྱེད་པ། །མི་དད་ཅན་གྱི་གཙོ་བོར་གྲགས་པ་དེ། །གནས་ལུགས་སྡོམ་པའི་ཚང་དུ་སྤང་བྱ་ཡིན། །ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང༌། །ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང༌། །བླང་དོར་ཐམས་ཅད་ཁྱད་དུ་གསོད་པ་དེ། །དྲང་སྲོང་རྣམས་ཀྱིས་དམོད་པས་བསྒྲུབ་བྱ་ཡིན། །ངུར་སྨྲིག་གྱོན་ནས་ཚུལ་ཁྲིམས་མི་སྲུང་ཞིང༌། །འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས། །དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ། །མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲལ་བྱ་ཡིན། །རྙེད་པའི་ཆེད་དུ་དམ་པའི་གཟུགས་བཟུང་ནས། །ཁྱི་ཕག་བཞིན་དུ་འདོད་ཡོན་སྤྱོད་བྱེད་ཅིང༌། །སྔགས་སུ་ཁས་བླངས་ཐམས་ཅད་བསླུ་བ་དེ། །རྡོ་རྗེ་འཛིན་པས་ཐབ་ཏུ་གཞུག་བྱ་ཡིན། །ཐེག་ཆེན་སྐད་དུ་ལས་འབྲས་ཁྱད་གསོད་ཅིང༌། །སྟོང་པའི་རྦད་ཀྱིས་འཁོར་ཚོགས་བསླུ་བ་ཡི། །འགོང་པོ་བཞིན་དུ་རྐུ་རུ་བརྫུ་བ་དེ། །དམ་ཚིག་ཅན་གྱི་སྔགས་ཀྱིས་བསྒྲལ་བྱ་ཡིན། །བསྟན་པ་སྤྱི་ལ་ཡོང་ཡེ་མི་ཕན་པའི། །སྔགས་དང་མན་ངག་ཟབ་མོར་རློམས་པ་དང༌། །རྟོག་པས་སྦྱར་བའི་ཚིགས་བཅད་ངན་པ་རྣམས། །དམ་པ་རྣམས་ཀྱིས་དམངས་སུ་དབབ་བྱ་ཡིན། །ངེས་པར་བསྟན་པ་སྤྱི་ལ་གནོད་བྱེད་ན། །རེ་ཞིག་གང་གིས་གང་ལ་ཕན་གྱུར་ཀྱང༌། །ཚད་ནད་ཅན་ལ་འབྲས་ཆང་བླུད་པ་ལྟར། །ཕན་བྱ་ངན་པ་ཆུ་ལ་བསྐུར་བྱ་ཡིན། །ཐོས་པ་ཆུང་ངུའི་གྲུབ་ཐོབ་ངན་པ་དག །ཐུན་མོང་མཐོང་བས་མཆོག་ཏུ་ང་རྒྱལ་ཏེ། །ལམ་རིམ་མེད་པས་བླུན་པོ་འཁྲིད་པ་རྣམས། །མཁས་པ་རྣམས་ཀྱིས་ཁྱི་དམའ་དབབ་བྱ་ཡིན། །སངས་རྒྱས་བསྟན་ལ་དགྲ་བོ་ལོངས་པ་ན། །སོ་སོའི་ཐར་ལ་བཟང་པོར་རློམས་གྱུར་ནས། །ལེགས་པར་བཤད་པའི་འབུལ་མཆོག་མི་བྱེད་པར། །བསྟན་པ་འཇིག་ལ་དམ་པ་མཚར་རེ་ཆེ༑ ༑འདི་ལྟར་སོ་སོར་ཐར་པ་ཕར་ཞོག་གི །རང་ཉིད་ངན་འགྲོ་ཆེན་པོར་འགྲོ་དགོས་པས། །བསྟན་པ་བཤིག་པའི་དགྲ་བགེགས་མི་སྒྲོལ་རེ། །དམ་ཉམས་དགྲ་བགེགས་ཕ་རོལ་བསྒྲལ་བྱ་ཡིན། །ཉོན་མོངས་ལས་ཀྱིས་བདས་པའི་གཏི་མུག་ཅན། །བསྟན་དང་སེམས་ཅན་སྤྱི་ལ་མི་སེམས་པར། །རང་ལ་གནོད་པ་བྱས་པའི་དགྲ་བོ་ལ། །ཁྲོས་ནས་སྔགས་ཀྱིས་ཕ་རོལ་སྒྲོལ་བ་དེ། །ཚུལ་ཁྲིམས་འཆལ་ལམ་མ་འཆལ་མཚར་རེ་ཆེ། །གང་ཡང་རྒྱལ་བ་རྣམས་ཀྱིས་ཁྲེལ་བ་ཡི། །རང་དོན་ལ་ནི་རྣམ་པ་ཀུན་མི་བརྟེན། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་བསྔགས་གྱུར་ན། །ཇི་ལྟར་གྱུར་ལ་དེ་ལྟར་སྒྲུབ་པར་རིགས། །མཁྱེན་པར་མཛོད་ཅིག་བློ་དང་ལྡན་པ་རྣམས། །ལག་ལེན་ཐམས་ཅད་ཐོག་མཐའ་དག་ནས་བྱ། །ཆོས་དང་འགལ་བ་སྲོག་དང་བསྡོས་ལ་སྤང༌། །ཕྱི་ལ་མི་གནོད་རང་ལ་ཅི་ཕན་བྱ། །བླུན་པོས་རིམ་གྱིས་མཐོང་བར་མ་གྱུར་ཀྱང༌། །མཁས་པ་རྣམས་ལ་ལྷང་ངེ་སོ་སོར་གསལ། །འདི་ཡང་དཔའ་བོ་འཇུག་པར་བྱ་བ་སྟེ། །ལེའུ་བཞི་པ་དུག་གི་བཅུད་ལེན་ཡིན། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གང་ལ་བསམ་པ་ངན་ཞིང་སྡང་ཞུགས་པའི། །ནག་པོའི་ཕྱོགས་རྣམས་མ་ལུས་དྲུང་འདིར་ཤོག །ཤ་ཟ་ཁྲག་འཐུང་བྱེ་བ་དུང་ཕྱུར་རྣམས། །ལུས་ཅན་བདག་གི་དྲུང་དུ་དེ་རིང་ཤོག །ལྷ་དང་ཀླུ་དང་གནོད་སྦྱིན་ཚོགས་རྣམས་དང༌། །དྲི་ཟ་ལྷ་མ་ཡིན་དང་ལྟོ་ཕྱེའི་ཚོགས། །མཁའ་ལ་རྒྱུ་བའི་ཡིད་བཏགས་མཐའ་ཡས་དང༌། །ལན་ཆགས་འབྱུང་པོའི་ཚོགས་རྣམས་དྲུང་འདིར་ཤོག །ལྷན་ཅིག་སྐྱེས་པའི་ལྷ་དང་དྲང་སྲོང་དང༌། །བགེགས་དང་ལོག་འདྲེན་གདོན་ཆེན་བཅོ་བརྒྱད་དང༌། །མ་མོ་རྣམས་དང་ལས་མགོན་ཐམས་ཅད་དང༌། །སྐྱབས་གསུམ་འཕགས་པའི་ཚོགས་རྣམས་གནས་འདིར་འཁོད། །དེ་ལྟར་མ་ཚང་མེད་པས་འཁོར་བཅས་རྣམས། །དཔང་པོ་ཉིད་དུ་དྲུང་འདིར་འཁོད་པ་ལ། །ཐེ་ཚོམ་མེད་པར་བདག་གིས་དམ་བཅས་པའི། །རླབས་པོ་ཆེ་ཡི་གཏམ་འདི་བཤད་པར་ཉོན། །སྔོན་ཆད་རྒྱུ་རྐྱེན་བསྐལ་པ་བཟང་པོ་ཡིས། །དེང་སང་འབྱོར་བ་བཅུ་ལྡན་ལུས་འདི་ཐོབ། །ཡ་མཚན་སྐྱེས་པས་ཉིན་མཚན་རངས་གྱུར་ནས། །ད་ནི་ཕན་བདེའི་དཔལ་ལ་ཅུང་མི་སྤྱོད། །སྨོན་ལམ་དག་པས་ཁྱིམ་ནས་རབ་ཏུ་བྱུང༌། །རང་འདོད་སྤངས་ནས་སྨོན་འཇུག་གོས་སུ་གྱོན། །སེམས་མཆོག་རྙེད་ནས་གཞན་དོན་ཁུར་དུ་འཁུར། །ལམ་ལ་ཞུགས་ནས་བདེ་མཆོག་ཟས་སུ་ཟོས། །ཡང་འདི་གསོན་དང་ཐམས་ཅད་འདུས་པའི་ཚོགས། །ནག་པོའི་ཕྱོགས་ཀྱི་གདུག་རྩུབ་འདི་འདྲ་ཞིག །སྐལ་མེད་རྣམས་ཀྱི་བསོད་ནམས་འདི་འདྲ་བས། །ཁོ་བོ་བདེ་བ་ཅན་དུ་སྨོན་མ་གྱུར། །ཚོགས་མ་བསགས་པའི་འབྱུང་པོ་མཐའ་ཡས་ཤིང༌། །ངན་སོང་རྣམས་ཀྱི་སྡུག་བསྔལ་དོས་དྲག་པས། །སྡིག་སྤྱོད་རྣམས་ཀྱི་སྤྱོད་པ་འདི་འདྲ་ན། །ཞི་བདེ་གནས་སུ་ཁོ་བོ་དགར་མ་ཚོར། །བྱིས་པ་རྣམས་ཀྱི་གཉེན་པོ་བསྒྱུར་སླ་ཞིང༌། །བདུད་སྡེ་རྣམས་ཀྱི་བསམ་སྦྱོར་འདི་འདྲ་ན། །མི་རྟག་ཚེ་ལ་སྡོད་པའི་སྐབས་མེད་པས། །དབེན་པའི་གནས་སུ་འདུག་ལ་དགར་མ་ཚོར། །བསྟན་པ་འདི་ལ་སྡང་བའི་དགྲ་མང་ཞིང༌། །བཙན་སར་ཕྱིན་པའི་གྲུབ་ཐོབ་འདི་འདྲ་ལ། །སྙིགས་མའི་དུས་སུ་སྣང་ཚུལ་ལུགས་ངན་པས། །ཁོ་བོ་མཁའ་སྤྱོད་གནས་སུ་དགར་མ་ཚོར། །ད་ནི་འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །མཐུ་ཆེན་ཐམས་ཅད་བདག་གི་དགྲར་ལངས་ཀྱང༌། །ཁོ་བོ་བ་སྤུ་ཙམ་ཡང་མི་གཡོ་བར། །འཁོར་བའི་གནས་འདིར་གོ་ཆ་བགོ་བར་བྱ། །གང་ན་འགོ་བའི་ནད་ཀྱིས་ཐེབས་གྱུར་ཏེ། །རིམས་ནད་ཆེན་པོས་འཇིག་རྟེན་གཡོས་པ་ན། །སྨན་པ་ཉིད་དམ་ནད་པའི་གཡོག་དག་ཏུ། །དྲག་པོའི་གོ་ཆ་ཆེན་པོ་བགོ་བར་བྱ། །མ་ནུས་སེམས་ཅན་དྲིན་གྱིས་བསྐྱབ་པའི་ཚེ། །ལོག་སྒྲུབ་ཆེན་པོས་སྡུག་སུན་ཕྱུང་བ་ན། །ལྷག་པར་དེ་ལ་ཕན་ཞིང་བརྩེ་བ་ཡིས། །དཔའ་བོ་རྣམས་ཀྱིས་གོ་ཆ་བགོ་བར་བྱ། །ནགས་ན་སྟག་མོ་མི་ཟན་འཇིགས་པ་རྣམས། །མི་ཡི་སྲོག་ལ་འཇབ་ཅིང་རྒྱུག་པ་ན། །སེམས་ཅན་དོན་དུ་ཐེ་ཚོམ་མི་བྱ་བར། །ཕྱོགས་དེར་བགྲོད་པའི་གོ་ཆ་བགོ་བར་བྱ། །འཇིག་རྟེན་དག་ན་ཤིན་ཏུ་མི་འདོད་པའི། །ལྟས་ངན་སྣ་ཚོགས་དམག་ཏུ་འཐིབ་པ་རྣམས། །དགྲ་བདག་གཤིས་ངན་རང་ཉིད་གཞོམ་པའི་ཕྱིར། །གཡང་དུ་ལེན་པའི་གོ་ཆ་བགོ་བར་བྱ། །འཇིག་རྟེན་དག་ན་ཤིན་ཏུ་མི་མཁོ་བའི། །ལས་དང་ཉོན་མོངས་སྒྱུ་མ་འཁྲུགས་པ་རྣམས། །བདག་ཏུ་འཛིན་པའི་སྲོག་དང་དབྲལ་བའི་ཕྱིར། །དང་དུ་ལེན་པའི་གོ་ཆ་བགོ་བར་བྱ། །ཕཊ་ཡ་ཧོ་ཡི་འཆི་བདག་མཱ་ར་ཡ། །སྐྱིད་འདོད་འགོང་པོའི་སྲོག་ལ་ཛྭ་ལ་རཾ། །སྙོམས་ལས་ལེ་ལོའི་མགོ་ལ་ཆེམས་སེ་ཆེམ། །འཁོར་བའི་སྦྲེལ་ཐག་རྦད་རྦད་ཆོད་པར་མཛོད། །བདག་ཅག་འཁོར་བ་འདི་རུ་སྡུག་བསྔལ་བས། །འདི་ཡི་ལན་རྩ་རྡོ་རུས་གཏུགས་པ་ན། །རྣམ་རྟོག་སྙིང་གི་གཞལ་ཡས་ཡ་གི་ན། །ངའོ་ཞེས་པའི་རྒྱལ་པོ་བཞུགས་པ་མཐོང༌། །དེ་ལ་ལེ་ལེན་བདས་ཤིང་འཐབ་པ་ན། །ཅི་ཟེར་ང་ནི་ཐོག་མེད་དུས་ནས་ཞུགས། །ཕྱི་ནང་བར་གསུམ་ཡོངས་སུ་བདག་གིས་ཁྱབ། །བདེན་རྫུན་ཚོགས་དྲུག་གཙོ་བོ་ཡོངས་ལ་དྲིས། །བདག་ཉིད་བདག་གི་དགྲ་ཡིན་སུ་ལ་འཐབ། །བདག་ཉིད་མགོན་ཡིན་ཐམས་ཅད་སུ་ལ་སྐྱོབ། །བྱ་དང་མི་བྱ་ཡོངས་ལ་དཔང་པོ་རང༌། །རང་གིས་རང་ཉིད་ཐུལ་ན་གྲོལ་བར་འགྱུར། །གཞན་གྱིས་གཞན་ཞིག་འདུལ་ན་འཐབ་རྩོད་འགྱུར། །འཐབ་ཅིང་རྩོད་པའི་རླུང་ན་སྡིག་ཅན་མཚར། །དེས་ཏེ་ཆགས་སྡང་ཅན་ལ་གྲལ་སྐབས་མེད། །དེས་ན་རྟོག་པ་མེད་པའི་རྣལ་འབྱོར་བདེ། །ཨ་ལ་དེ་སྐད་བྱ་བ་ཅི་ལ་ཟེར། །ཡོད་པར་འཛིན་པའི་སྲོག་ལ་མཱ་ར་ཡ། །མེད་པར་འཛིན་པའི་སྲོག་ལ་ཛྭ་ལ་རཾ། །བདག་འཛིན་རྒྱལ་པོས་ལན་ན་གཙོ་བོ་ཆོམས། །གཙོ་བོ་ཡིད་ཀྱི་རྣམ་ཤེས་མ་ཐུལ་ན། །བདག་འཛིན་རྒྱལ་པོས་འགབ་ལ་ཁྲིད་ཉེན་ཡོད། །གཙོ་བོ་ཡིད་ཀྱི་རྣམ་ཤེས་ཐུལ་བ་ན། །མིག་སོགས་གཙོ་བོ་གཞན་ཡང་བརླག་པར་འགྱུར། །དེས་ན་ཡིད་ཀྱི་རྣམ་ཤེས་འདི་ཐུལ་དང༌། །གཟུགས་སྒྲ་དྲི་རོ་ལ་སོགས་ཡོད་མ་མཆིས། །བདག་དང་བདག་གིར་འཛིན་པ་ཡོད་མི་འགྱུར། །རྣམ་རྟོག་རྒྱལ་པོ་རྐྱེན་དང་བྲལ་བར་མཆི། །དེ་ལྟར་རྒྱལ་པོ་དེ་ལ་སྨྲས་པ་ན། །རྣམ་རྟོག་རང་གྲོལ་ཆོས་ཀྱི་དབྱིངས་སུ་གོ །ཚོགས་དྲུག་མི་བདེན་སྒྱུ་མའི་གླང་པོ་འདྲ། །གཟུང་འཛིན་མི་བདེན་སྤྲུལ་པའི་ཕྲིན་ལས་འདྲ། །དེ་ལ་སོགས་པའི་རྣམ་རྟོག་དྲུང་ནས་ཕྱུང༌། །གཟུང་འཛིན་མེད་པ་བདག་ལྟ་དབྱིངས་སུ་བསྒྱུར། །ང་ཁྱོད་མེད་པས་ཆགས་སྡང་གཉུག་མར་ཞོག །རི་བོང་རྭ་ལྟར་རྣོ་བརྟུལ་མི་མངའ་བའི། །དབང་པོ་རབ་འབྲིང་འཆི་བའི་སྲོག་དང་ཕྲོལ། །མོ་གཤམ་བུ་ལྟར་དཔྱད་གླེང་མི་མངའ་བའི། །འཁོར་འདས་ཐམས་ཅད་མཉམ་ཉིད་གཅིག་ཏུ་དྲིལ། །རུས་སྦལ་སྤུ་ལྟར་རིང་ཐུང་མི་མངའ་བའི། །སྐྱེ་འཇིག་ཐམས་ཅད་དབུ་མ་ཆེན་པོར་སློད། །བྲག་ཆ་ལྟ་བུར་ཡེ་ནས་སྟོང་པ་ཡི། །ཐ་སྙད་ཆོས་རྣམས་དམ་པ་གཅིག་ཏུ་དྲིལ། །ཨ་ཨ་སྐྱེ་མེད་ནམ་མཁའ་ལྟ་བུའི་ངང༌། །ཨི་ཨི་འཇིགས་མེད་སྤྲོས་པ་བྲལ་བའི་སྐུ། །ༀ་ༀ་སྣ་ཚོགས་རྣམ་དག་ཆོས་སྐུར་ངོ་འཕྲོད་ནས། །ཀཱ་རུ་ཎི་ཀས་ཐུགས་རྗེས་འཛིན་པར་ཤོག །འདི་ལྟར་བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། ཤེས་བྱ་རབ་འབྱམས་ལ་བློ་གྲོས་ཀྱི་མིག་བྱང་ནས་ལས་རྒྱུ་འབྲས་ལ་བསླུ་བ་མེད་པའི་མཐུ་སྟོབས་ཐོབ་ཀྱང་ལྟ་བ་གཉིས་སུ་མེད་པའི་དོན་ལ་ཐེ་ཚོམ་མེད་པར་གྱུར་པ། རི་ནག་པོའི་ཁོང་ན་གནས་པའི་རྣལ་འབྱོར་པ་དྷརྨ་རཀྵི་ཏ་ཞེས་པ་བདག་གིས་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།