Blo sbyong gsung bgros ma'i kha skong/Full text

From Bodhicitta
Texts/Blo sbyong gsung bgros ma'i kha skong/Full text

བློ་སྦྱོང་གསུང་བགྲོས་མའི་ཁ་སྐོང་།
Supplement to the Mind Training Oral Tradition
FULL TEXT


Description
These oral explanations of the Mahayana training of mind, which are found elucidated clearly in Sangyé Gompa's Public Exposition, have been committed to letter as a supplement to the oral tradition by the hermit Könchok Gyaltsen. (Thupten Jinpa, Mind Training: The Great Collection, 515)
Referenceblo sbyong gsung bgros ma'i kha skong [བློ་སྦྱོང་གསུང་བགྲོས་མའི་ཁ་སྐོང་།]. [Supplement to the Mind Training Oral Tradition].
PeopleMüchen Sempa Chenpo Könchok Gyaltsen



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །བློ་སྦྱོང་གསུང་བགྲོས་མའི་ཁ་སྐོང་བཞུགས་སོ།།

མུས་ཆེན་དཀོན་མཆོག་རྒྱལ་མཚན། ༄༅། །དུས་གསུམ་རྒྱལ་བ་སྲས་དང་བཅས་རྣམས་ལ། །སྒོ་གསུམ་དང་བའི་སྒོ་ནས་ཕྱག་འཚལ་ལོ།། ཐེག་ཆེན་བློ་སྦྱོང་ལམ་གྱི་རྟེན་གྱི་ཆོས། །སྔོན་འགྲོའི་ཆོས་བཞི་ཅུང་ཟད་འདིར་བརྗོད་བྱ།། དང་པོ་དལ་འབྱོར་རྙེད་དཀའ་བར་བསམ་པ། འདིར་ཐེག་པ་ཆེན་པོ་བློ་སྦྱོང་གི་སྔོན་འགྲོའི་རྟེན་གྱི་ཆོས་བསྟན་པ་ལ་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། འཁོར་བའི་རྒྱལ་མཚོ་ལས་བསྒྲལ་ཏེ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། རྒྱུ་ཐབས་ཤེས་ཟུང་དུ་འབྲེལ་བའི་ཆོས་རྣམ་པར་དག་པ་བྱེད་དགོས་པ་ལ། དེ་ལྟ་བུའི་ཆོས་བྱེད་པ་ལ། རྟེན་དལ་འབྱོར་མི་ལུས་རྣམ་པར་དག་པ་ཅིག་དགོས་ཏེ། སློབ་སྤྲིང་ལས། བདེར་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིགས་འཛིན་མིའ མ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར། དེས་ན་ཆོས་སྒྲུབ་པའི་དལ་འབྱོར་གྱི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་ལ། བདག་གིས་ད་རེས་དལ་འབྱོར་ཐོབ་པ་འདི། དོན་མེད་དུ་མི་འགྱུར་བར་ཆོས་རྣམ་པར་དག་པ་ཅིག་བྱེད་དགོས་སོ་སྙམ་དུ་བསྒོམ་མོ།། དལ་འབྱོར་རྙེད་པར་དཀའ་བ་ཅི་སྟེ་སྙམ་ན། འདི་ལ་བཞི་སྟེ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས། གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པ་དཀའ་བ་དང་བཞིའོ། །དང་པོ་ནི་དམ་པའི་ཆོས་བསྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་འདི་ཐོབ་པ་ལ། རྒྱུ་ཆོས་རྣམ་པར་དག་པ་ཅིག་བྱེད་དགོས་ཏེ། ཞི་བ་ལྷས། དགེ་བ་དག་ཀྱང་མ་བྱས་ཤིང་། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར།༑ །ཞེས་པས། དགེ་བ་མ་སྤྱད་ཅིང་སྡིག་པ་བསགས་ན། དལ་འབྱོར་ཐོབ་པ་ལྟ་ཅི་སྨོས། བདེ་འགྲོ་ཞེས་པའི་སྒྲ་ཙམ་ཡང་ཐོས་པར་དཀའ་བའི་ཕྱིར་རོ། །དེས་ན་སེམས་ཅན་གྱི་བྱེད་ཚུལ་ལ་བརྟགས་ནས། ཆོས་དང་ཆོས་མིན་ཕྱེད་པའི་བློས་དཔྱད་ན། ཆོས་རྣམ་པར་དག་པ་ཤིན་ཏུ་ཉུང་བས། འབྲས་བུ་དལ་འབྱོར་ཐོབ་པ་ཤིན་ཏུ་དཀའ་འོ།། གཉིས་པ་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་བསམ་པ་ནི། འོ་ན་དལ་འབྱོར་ཞེས་བྱ་བ་ཅི་ལྟ་བུ་ཞིག་ལ་ཟེར་ཞེ་ན། དལ་བ་བརྒྱད་འབྱོར་བ་བཅུ་སྟེ། ཆོས་བཅོ་བརྒྱད་ཚང་བའི་ལུས་གཅིག་ལ་ཟེར་བ་ཡིན་ནོ། །དེ་ལ་དལ་བ་བརྒྱད་ནི། མི་མ་ཡིན་པས་བསྡུས་པའི་མི་ཁོམ་པ་བཞི་དང་། མིའི་འགྲོ་བ་བས་བསྡུས་པའི་མི་ཁོམ་པ་བཞི་དང་། མི་ཁོམ་པ་བརྒྱད་སྤོང་བའོ། །མི་མ་ཡིན་པས་བསྡུས་པའི་མི་ཁོམ་པ་བཞི་ནི། ངན་སོང་གསུམ་དང་ལྷ་ཚེ་རིང་པོའོ། །ངན་སོང་གསུམ་ནི་ཕལ་ཆེར་ལ་ཆོས་ཀྱི་སྒྲ་ཡང་མི་གྲགས་ལ། ངན་སོང་གི་སྡུག་བསྔལ་ཤིན་ཏུ་དྲག་པོས་གཟིར་བས། སྡུག་བསྔལ་གྱི་ཁ་ཁྱེར་འབའ་ཞིག་ལ་སོང་ནས། ཆོས་སྒྲུབ་ཏུ་མི་ཁོམ་མོ། །ལྷ་ཚེ་རིང་པོ་ནི་མངོན་པའི་ང་རྒྱལ་ཤས་ཆེ་ཞིང་། འགལ་རྐྱེན་ལོག་ལྟ་སྐྱེ་བའི་གནས་ཡིན་པས། ཆོས་སྒྲུབ་ཏུ་མི་ཁོམ་མོ། །མིའི་འགྲོ་བ་བས་བསྡུས་པའི་མི་ཁོམ་པ་བཞི་ནི། མིར་སྐྱེས་ཀྱང་ཀླ་ཀློ་དང་། སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པ་དང་། ལོག་ལྟ་སྐྱེས་པ་དང་། ལྐུག་པ་རྣམས་ནི་ཆོས་སྒྲུབ་ཏུ་མི་ཁོམ་མོ། །དེ་ལ་ཀླ་ཀློ་ནི། ཆོས་ཀྱི་སྒྲ་ཡང་མི་གྲགས་ལ། མ་བག་མར་ལེན་པ་ལ་སོགས་པ་ཆོས་དང་འགལ་བའི་ཐ་སྙད་ཕྱིན་ཅི་ལོག་པ་སྤྱོད་པའོ། །སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སུ་སྒྲུབ་རྒྱུའི་སངས་རྒྱས་ཀྱི་གསུངས་པའི་ཆོས་མེད་པའོ། །ལོག་པར་ལྟ་བས་ནི། ཆོས་ཀྱི་རྩ་བ་གཅོད་པའོ། །ལྐུག་པ་ནི་དབང་པོ་ཉམས་སྟེ། དེ་ཡང་ཡིད་ཀྱི་དབང་པོ་ཉམས་པས་ཆོས་དང་ཆོས་མིན་པའི་རྣམ་དབྱེ་ལ་རྨོངས་པས་ཆོས་ཀྱི་ཐ་སྙད་ལས་འདས་པའོ། །དེ་ཉིད་ཀྱི་ཕྱིར་ན། མི་ཁོམ་པ་བརྒྱད་ལས་ཐར་པ་ནི་ཤིན་ཏུ་དཀའ་སྟེ། རིགས་དྲུག་གི་འགྲོ་བ་ཕལ་ཆེར་འདི་ཉིད་ཀྱི་ནང་དུ་འདྲ་བའི་ཕྱིར་རོ།། འབྱོར་བ་བཅུ་ནི། གཞན་འབྱོར་ལྔ། རང་འབྱོར་ལྔ་སྟེ་བཅུའོ། །དང་པོ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པའི་རྗེས་སུ་གཞན་འཇུག་པ་ཡོད་པ། གཞན་གྱི་ཕྱིར་སྙིང་བརྩེ་བ་ཡོད་པའོ། །གཉིས་པ་ནི། རང་ཉིད་མིར་སྐྱེས་པ། ཡུལ་དབུས་སུ་སྐྱེས་པ། ལས་ཀྱི་མཐའ་མ་ལོག་པ། དབང་པོ་ཚང་བ། གནས་ལ་དད་པའོ། །དེ་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དཀོན་ཏེ། སྤྱིར་སངས་རྒྱས་བྱོན་པའི་བསྐལ་བ་ལ་སྒྲོན་བསྐལ་དང༌། སངས་རྒྱས་མ་བྱོན་པའི་བསྐལ་པ་ལ་མུན་པའི་བསྐལ་པ་ཞེས་བྱ་ལ། དེང་སང་གི་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱོན་པས་སྒྲོན་མའི་བསྐལ་པ་བཟང་པོ་ཞེས་ཟེར་རོ། །དེའི་རྗེས་སུ་མུན་པའི་བསྐལ་པ་དྲུག་ཅུ། དེའི་རྗེས་སུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་སྒྲོན་མེའི་བསྐལ་པ་གཅིག དེའི་རྗེས་སུ་མུན་པའི་བསྐལ་པ་ཁྲི། དེའི་རྗེས་སུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་སྒྲོན་བསྐལ་གཅིག དེའི་རྗེས་སུ་མུན་བསྐལ་སུམ་བརྒྱ། དེའི་རྗེས་སུ་དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་གཅིག་འབྱུང་བར་གསུང་སྟེ། དེ་ལྟར་ན་སྒྲོན་བསྐལ་བཞིའི་རིང་ལ་མུན་བསྐལ་ཁྲི་སུམ་བརྒྱ་དྲུག་ཅུ་འབྱུང་བར་གསུངས་པ་དང་། སྒྲོན་བསྐལ་ཡང་། སྐྱེས་བུའི་ཚེ་ཡར་འཕེལ་བ་དང༌། མར་འགྲིབ་པ་གཉིས་ལས། ཡར་འཕེལ་བ་ལ་སངས་རྒྱས་མི་འབྱོན་པར་གསུངས་པའི་ཕྱིར་རོ།། དེ་ལྟར་ཡང་སོ་སོར་ཐར་པའི་མདོ་ལས། སངས་རྒྱས་འཇིག་རྟེན་བྱོན་པ་བརྒྱ་ལམ་དེ། །ཞེས་དང༌། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་།༦ །ཞེས་གསུངས་སོ། །དེས་ཆོས་གསུངས་པ་ཡང་དཀོན་ཏེ། །སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི། ལན་མང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་དགོས་པར་བཤད་པའི་ཕྱིར་རོ། །བསྟན་པ་གནས་པ་ཡང་དཀོན་ཏེ། །བསྐལ་པ་བཟང་པོ་འདི་ལ་ཡང་། བཅོམ་ལྡན་འདས་འཁོར་བ་འཇིག་གི་བསྟན་པ་རྫོགས་ནས། བཅོམ་ལྡན་འདས་གསེར་ཐུབ་ཀྱི་བསྟན་པ་འབྱུང་བའི་བར་ལ། ཡུན་ཤིན་ཏུ་རིང་བར་བསྟན་པ་གནས་པ་མེད་པ་དང༌། དེ་བཞིན་དུ་སངས་རྒྱས་དང་པོའི་བསྟན་པ་རྫོགས་ནས་ཕྱི་མའི་བསྟན་པ་མ་ཤར་བར་ལ། བསྟན་པ་མེད་པ་ཁོ་ན་ཡིན་པས། དུས་ཕལ་ཆེར་བསྟན་པ་མི་གནས་པ་ཉིད་ཀྱི་འདའ་བའི་ཕྱིར་རོ། །བསྟན་པའི་རྗེས་སུ་གཞན་འཇུག་པའང་དཀོན་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་བསྟན་པའི་སྒོར་ཞུགས་པར་བསྒོམ་པ་ཀུན་ཀྱང་། སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་དང་། དེ་དག་གི་དགོངས་འགྲེལ། བསྟན་བཅོས་ཚད་མ་རྣམས་ཀྱི་མིང་ཙམ་ཡང་མ་ཐོས་པར་དེ་དག་གི་དགོངས་པ་དང་མི་མཐུན་པའི་བླུན་པོ་དག་གིས་སྦྱར་བའི་ཚིག་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་མང་ཞིང་། བསྟན་པ་རྣལ་མ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ཤིན་ཏུ་ཉུང་བར་སྣང་བའི་ཕྱིར་རོ། །གཞན་གྱི་ཕྱིར་སྙིང་བརྩེ་བ་ཡང་ཉུང་སྟེ། ཆོས་རྗེ་ས་སྐྱ་པཎྜི་ཏས། སྡོམ་བརྩོན་ཕལ་ཆེར་བཀུར་བ་ཉུང༌། །བཀུར་བ་དེ་དག་སྡོམ་བརྩོན་ཉུང་། །སྦྱིན་བདག་ཆོས་ལ་དད་པ་ཉུང་། །དད་པ་ཅན་གྱིས་མཆོད་བྱ་དམན། །མཆོད་པ་དེ་དག་ལོག་འཚོའི་རྒྱུ། །གལ་ཏེ་ལོག་འཚོ་མི་ཟ་བའི། །ཆོས་བྱེད་དེ་དག་དམན་དམན་འདྲ། །ཞེས་གསུངས་པ་ལས་མ་འདས་འདུག་པའི་ཕྱིར་རོ།། རང་ཉིད་མིར་སྐྱེས་པ་ཡང་ཤིན་ཏུ་དཀོན་ཏེ། མིར་སྐྱེས་པ་ལ་རྒྱུ་དགེ་བ་རྣམ་པར་དག་པ་གཅིག་བསྒྲུབ་དགོས་ཏེ། དགེ་བ་བསྒྲུབ་པ་ཉུང་བ་གོང་དུ་བཤད་ཟིན་པ་ལྟར་རོ། །ཡུལ་དབུས་སུ་སྐྱེ་བ་ཡང་ཤིན་ཏུ་དཀོན་ཏེ། འཕགས་པ་ཐོག་མེད་ཀྱིས། འཁོར་རྣམ་བཞི་བཞུགས་པ་ལ། ཡུལ་དབུས་སུ་" གསུངས་པས། འཁོར་རྣམ་བཞི་མི་བཞུགས་པའི་ཡུལ་ནི་ནམ་མཁའི་ཁྱོན་ཙམ། འཁོར་རྣམ་བཞི་བཞུགས་པའི་ཡུལ་ནི་ཤིང་རྟའི་འཕང་ལོའི་ཁྱོན་ཙམ་དུ་སྣང་ངོ༌། །ལས་ཀྱི་མཐའ་མ་ལོག་པ་ནི། མཚམས་མེད་ཀྱི་ལས་མ་བྱས་པ་སྟེ། འདི་ཅུང་ཟད་བྱས་པ་ཉུང་ན་ཡང་། འདིས་ཀྱང་ཆོས་ཀྱི་གེགས་བྱེད་པ་ནི་སྣང་ངོ༌། །དབང་པོ་སྐྱོན་མེད་པ་ཚང་བ་ཡང་དཀོན་ནོ། །གནས་ལ་དད་པ་ཡང་དཀོན་ཏེ། སངས་རྒྱས་ཀྱི་གསུངས་པའི་བསླབ་པ་གསུམ་ལ་སོགས་པ་ལ་སྙིང་ནས་དད་པ་ཐོབ་པ་ནི་ཤིན་ཏུ་ཉུང་བར་སྣང་བའི་ཕྱིར་རོ།། དེ་ལ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་རེ་རེ་ནས་ཀྱང་རྙེད་པ་ཤིན་ཏུ་དཀའ་བར་འདུག་ན། ཐམས་ཅད་ལུས་གཅིག་གི་སྟེང་དུ་ཚང་བ་ནི་ཤིན་ཏུ་དཀོན་པ་ལས་འོས་མི་འདུག་ཅིང་། ཆོས་བཅོ་བརྒྱད་པོ་གང་ཡང་རུང་བ་ཅིག་མ་ཚང་ནའང་། དལ་འབྱོར་གྱི་ལུས་སུ་མི་འགྲོ་སྟེ། དཔེར་ན་རྒྱ་གར་རྡོ་རྗེ་གདན་ན་ཡོད་པའི་མུ་སྟེགས་བྱེད། ལས་རྒྱུ་འབྲས་ཁས་ལེན་པ་འབའ་ཞིག་ལ། དལ་འབྱོར་གྱི་ཆོས་བཅུ་བདུན་ཚང་ཡང་། རང་འབྱོར་ལྔའི་གནས་ལ་དད་པ་མ་ཚང་བས་དལ་འབྱོར་གྱི་ལུས་ལས་འདས་པའོ། །དེ་ལྟར་ཡང་སྡོང་པོ་བཀོད་པའི་མདོ་ལས། མིར་འགྱུར་བ་ཡང་རྙེད་པར་དཀའ། །དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ། །ཞེས་དང་། ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ།་།ཞེས་གསུངས་སོ། །དེས་ན་རང་རེའི་ད་རེས་ཀྱི་ལུས་འདི་ལ་ནི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་ཚང་དུ་རུང་ཙམ་དུ་འདུག་ན། དེ་ཆུད་མ་ཟོས་པར་བྱས་ལ། ཅི་ནས་ཀྱང་དམ་པའི་ཆོས་གཅིག་བྱ་དགོས་སྙམ་དུ་རྐང་གི་ཁོང་རུས་པའི་གཏིང་ནས་བསྒོམ་པའོ།། གསུམ་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། དལ་འབྱོར་ཐོབ་པ་དེ་ཙམ་དུ་མི་དཀའ་ཡི། མི་མང་པོ་འདུག་པ་སྙམ་ན། དེ་ནི་བློ་རྣལ་དུ་ཕབ་པའི་སྒོ་ནས་བརྟགས་དཔྱད་མ་བྱས་པས་ཡིན་ཏེ། སྤྱིར་སེམས་ཅན་གྱི་ཁམས་ལ་བརྟགས་ན། དལ་འབྱོར་གྱི་ལུས་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ལུས་ལོངས་ཙམ་ཡང་ཤིན་ཏུ་རྙེད་དཀའ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས། གཞན་གྱིས་མི་མཐོང་བའི་སེམས་ཅན་གྱི་གྲངས་འཇིག་རྟེན་གྱི་རྡུལ་ཕྲ་རབ་ལས་ཀྱང་མང་བ་ཡོད་པར་གསུངས་པ་དང་། བར་དོའི་སེམས་ཅན་གཅིག་པོའི་དབང་དུ་བྱས་ནའང་། ལུས་ལོངས་པའི་སེམས་ཅན་ལས་མ་ལོངས་བ་མང་པོ་ཡོད་པར་མངོན་ཏེ། སོས་ཀ་ལྟ་བུ་སེམས་ཅན་གཅིག་ཤི་བའི་རོ་ཞག་གསུམ་གྱི་བར་དུ་བཞག་ན། དེ་ཉིད་ལ་འབུ་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། དེ་བཞིན་དུ་རོ་ཅི་སྙེད་ཅིག་ཡོད་ཀྱང་། དེ་སྙེད་ཀྱི་འབུ་དང་ལྡན་པ་མཐོང་ནས། འབུར་བའི་བར་དོ་ཡང་དེ་ཙམ་ན་འགྲོ་བ་གཞན་དུ་སྐྱེ་བའི་བར་དོ་ཡང་དེ་ཉིད་ལས་མ་འདས་སོ། །དེ་ལྟར་ན་བར་དོ་ཤིན་ཏུ་ཡུན་རིང་པོར་གནས་སོ། །ཞེས་པའང་དོན་ལ་གནས་པར་མངོན་ནོ། །ལུས་ཐོབ་པའི་སེམས་ཅན་ཡང་འགྲོ་བ་གཞན་ཀ་མང་གི། མིའི་ལུས་ཀ་ཉུང་སྟེ། འདུལ་བ་ལུང་ལས། མཐོ་རིས་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ། མཐོ་རིས་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ། ངན་སོང་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ། གཞན་དུད་འགྲོ་ནི་ཆང་ངར་མའི་སྦྲང་མ་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ་ཡོད་པར་༡༠ གསུངས་སོ།། དེས་ན་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པ་མེད་པའི་ཚོད་ཙམ་ཡིན་ལ། རང་གིས་མཐོང་བའི་ཁ་ཐོར་བའི་དུད་འགྲོ་ལ་བལྟས་ནས་ཀྱང་མི་ལུས་ཐོབ་མི་སྲིད་པའི་ཚོད་ཙམ་དུ་འདུག་སྟེ། ནམ་ཟླ་དབྱར་ཁ་ལྟ་བུའི་སྲོག་ཆགས་ཕྲ་མོའི་རིགས་ལ་ལྟས་ན། བློའི་ཡུལ་ལས་འདས་པ་ལྟ་བུར་སྣང་ཞིང་། སེམས་ཅན་གྱི་རིགས་རེ་རེའི་གྲངས་ལ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་མཐོང་བས་སོ།། མིའི་ནང་ནས་ཀྱང་། དལ་འབྱོར་གྱི་ལུས་རྙེད་པར་དཀོན་པ་ནི། ངོ་བོའི་སྒོ་ནས་རྙེད་པར་དཀའ་བའི་རྒྱུ་མཚན་ལ་བསམ་པས་ཤེས་སོ། །དེས་ན་སེམས་ཅན་གྱི་གྲངས་དེ་རྙེད་ཀྱི་ནང་ནས། དལ་འབྱོར་གྱི་ལུས་ཐོབ་པ་མི་སྲིད་པ་ཅིག་ཐོབ་པ་འདི་ཆུད་མ་ཟོས་པར་བྱས་ལ། ཆོས་རྣམ་དག་ཅིག་བྱ་དགོས་སྙམ་དུ་བསམ་མོ།། བཞི་པ་དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི། ཞི་བ་ལྷས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོར་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས།༡༡ །ཞེས་བཤད་པས། དཔེར་ན་ཡོངས་སུ་བརྟགས་པ་ཉེ་བར་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། དེའི་ཁ་ན་གཉའ་ཤིང་བུ་ག་གཅིག་པ་གཅིག་ཡོད་ལ་རྒྱ་མཚོའི་ནང་ན་རུས་སྦལ་མིག་ཡ་ཞར་པ་གཅིག་ཡོད་ལ། དེ་ལོ་བརྒྱ་ན་རྒྱ་མཚོའི་སྟེང་དུ་མགོ་ཉུག་པ་ཙམ་རེ་བྱེད་པ་དེའི་མགྲིན་པ་གཉའ་ཤིང་གི་བུ་གར་ཆུད་པ་སླའམ་སྙམ་ན། ཤིན་ཏུ་ནས་ཀྱང་དཀའ་སྟེ། རྒྱ་མཚོ་ཆེན་པོ་ནི་ཁ་ཡངས་ཤིང་གཏིང་ཟབ་ལ། གཉའ་ཤིང་བུ་ག་གཅིག་ལས་མེད་ལ། རུས་སྦལ་ཡང་ལོ་བརྒྱ་ནས་ལན་རེ་ལས་རྒྱ་མཚོའི་སྟེང་དུ་མི་འབྱུང་ལ། གཉའ་ཤིང་ཡང་ས་གཅིག་ཏུ་མི་གནས་ཏེ། རླུང་གིས་བདས་པའི་ཕྱོགས་སུ་འགྲོ་བས། རུས་སྦལ་ཤར་ནས་བྱུང་ན་ནུབ་ཏུ་བདས་པ་སོགས་སྲིད་པ་དང་། དེ་གཉིས་འགྲིགས་པ་ཤིན་ཏུ་དཀའ་ན། དུས་ཅུང་ཟད་ཙམ་གྱིས་སྔ་ཕྱི་ཞུགས་པ་དང༌། ཕྱོགས་ཁྲུ་གང་ཙམ་འཛོལ་ནའང་མི་ཆུད་པས་ཤིན་ཏུ་དུས་དང་ཕྱོགས་འཛོལ་བ་ནི་ཤིན་ཏུ་སླའོ། །དཔེ་དེ་བཞིན་དུ་མི་ལུས་ཐོབ་པའི་རྟེན་འབྲེལ་ཅུང་ཟད་ཅིག་འཛོལ་ན། དལ་འབྱོར་གྱི་མི་ལུས་མི་ཐོབ་ལ། རྟེན་འབྲེལ་འཆུག་པ་ཤིན་ཏུ་སླ་སྟེ། རང་གི་རྒྱུད་ལ་འགྲོ་བ་གཞན་དུ་སྐྱེ་བའི་བག་ཆགས་ནི་རྒྱ་མཚོའི་ཆུ་བས་ཀྱང་མང་ལ། དལ་འབྱོར་གྱི་ལུས་ཐོབ་པའི་བག་ཆགས་ནི། གཉའ་ཤིང་གི་བུ་ག་ཙམ་དུ་ཟད་དོ། །བག་ཆགས་སད་བྱེད་ཀྱི་རྐྱེན་ཡང་། འགྲོ་བ་གཞན་དུ་སྐྱེ་བའི་རྐྱེན་མང་གི་མིར་སྐྱེ་བའི་བག་ཆགས་ཉུང་བས་སོ། །རྣམ་རྟོག་གི་འགྱུར་ལྡོག་ཅུང་ཟད་ཙམ་གྱིས་ཀྱང་མིར་སྐྱེ་བའི་བག་ཆགས་ལ་གེགས་བྱེད་པར་ནུས་པའོ། །དེ་བཞིན་དུ་དཔེ་གཞན་གྱི་སྒོ་ནས་ཀྱང་རྙེད་པར་དཀའ་བ་ངེས་པར་བྱས་ཏེ། དལ་འབྱོར་གྱི་ལུས་ལ་སྙིང་པོ་ལེན་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེད་པར་བྱའོ།། དེ་ལྟར་རྒྱུ་མཚན་བཞིའི་སྒོ་ནས་བསམས་ནས་དལ་འབྱོར་གྱི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་བ་འདུག་མོད། རྙེད་པ་ལ་ཕན་ཡོན་ཅི་ཡོད་སྙམ་ན། ཕན་ཡོན་ཤིན་ཏུ་ཆེ་སྟེ། དལ་འབྱོར་གྱི་ལུས་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་ནུས་སོ། །མངོན་མཐོ་ལྷ་མིའི་ཕུན་སུམ་ཚོགས་པ་འདི་ལ་བརྟེན་ནས་བསྒྲུབ་ནུས། ངེས་པར་ལེགས་པ་ཉན་རང་གི་བྱང་ཆུབ་ཀྱང་བསྒྲུབ་ནུས། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཀྱང་འདི་ལ་བརྟེན་ནས་བསྒྲུབ་ནུས་པས། དལ་འབྱོར་གྱི་ལུས་ལ་བརྟེན་ནས་གནས་སྐབས་དང་། མཐར་ཐུག་གི་བདེ་ལེགས་ཐམས་ཅད་བསྒྲུབ་པར་ནུས་པས་ཤིན་ཏུ་ཕན་ཡོན་ཆེ་སྟེ། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག༡༢ །ཅེས་དང༌། སློབ་སྤྲིངས་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་ཕྱིར་ཅིང་། །བྱང་ཆུབ་མཆོག་གི་དགེ་བའི་ས་བོན་འདེབས་བྱེད་ན། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད།༡ ༣ །ཅེས་གསུངས་སོ།། གཞན་ལྷའི་ལུས་ལ་སོགས་པ་ནི། རྒྱུ་དགེ་བ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་ཡིན་པས། ལུས་རང་གི་ངོ་བོ་ཁྱད་པར་དུ་འཕགས་པ་ཡིན་ཀྱང་། དེ་ལ་བརྟེན་ནས་དལ་འབྱོར་གྱི་ལུས་ཀྱི་ཕན་ཡོན་ཙམ་འབྱུང་བ་མེད་དོ། །དེས་ན་སེམས་ཅན་གྱི་ལུས་ལ་དལ་འབྱོར་གྱི་ལུས་འདི་ལས་ཕན་ཡོན་ཆེ་བ་མི་འདུག་པས། རྙེད་པར་དཀའ་ལ་ཕན་ཡོན་ཆེ་བའི་ལུས་འདི་སྐད་ཅིག་ཀྱང་ཆུད་མ་ཟོས་པ་བྱེད་དགོས་ཏེ། དལ་འབྱོར་གྱི་ལུས་འདི་ད་རེས་ཡོད་ན་ད་རེས་ཡོད། ད་རེས་མེད་ན་ད་རེས་མེད་དུ་འདུག་པས་ལུས་འདི་ལ་བརྟེན་ནས་གཏན་གྱི་མདུན་མའི་བར་ཅི་ཟིན་གཅིག་ལྟ་དགོས་སྙམ་དུ་བསམ་མོ། །དལ་འབྱོར་གྱི་ལུས་ལ་བརྟེན་ནས་ཚེ་འདིའི་མདུན་མ་བསྒྲུབ་པས་སྙིང་པོ་ལོངས་པར་མི་འགྱུར་བ་སོགས་གསུང་བགྲོས་མ་བཞིན་ནོ།༡༤ །དལ་འབྱོར་རྙེད་པར་དཀའ་བ་བསྟན་ཟིན་ཏོ།། གཉིས་པ་འཆི་བ་མི་རྟག་པ་བསམ་པ། གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། དལ་འབྱོར་གྱི་ལུས་ལ་བརྟེན་ནས་ཆོས་རྣམ་དག་ཅིག་བྱེད་དགོས་པར་འདུག་མོད། སོས་དལ་དང་ལོང་ཡོད་ཀྱིས་བྱས་པས་ཆོག་གམ་སྙམ་ན། བརྩོན་འགྲུས་དང་བརྟུལ་ཞུགས་དྲག་པོས་ད་ལྟ་ཉིད་དུ་འབད་དགོས་ཏེ། མྱུར་དུ་འཆི་བས་སོ། །དེ་ལ་གསུམ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་པ་མེད་པ་བསམ་པ། འཆི་བ་ལ་ཆོས་མ་ཡིན་པ་གང་གིས་ཀྱང་མི་ཕན་པར་བསམ་མོ།། ངེས་པར་འཆི་བ་བསམ་པ། དང་པོ་ནི། རིན་པོ་ཆེ་བསོད་ནམས་གྲགས་པའི་ཞལ་ནས། ད་ལྟ་མི་ཀུན་གྲོས་བྱེད་ཙ་ན། འཆི་ན་མ་གཏོགས་མ་ཤི་ན་འདི་བྱེད་ཟེར་ཏེ། དེ་གྲོས་རྩ་བ་ནས་ནོར། འོང་ངེས་ཤེས་པའི་འཆི་བ་ཁོ། གྲོས་ཁོག་ཏུ་འཇུག་དགོས་༡༥ གསུངས། དེ་ལ་ཆོས་རྗེ་སེམས་དཔའ་ཆེན་པོའི་ཞལ་ནས། དེ་ཤིན་ཏུ་མད་འཆི་བ་ཁོ་འོང་ངེས་ཤེས་པ་ཡིན་༡༦ ཞེས་གསུངས་སོ། །དེ་ལ་འཆི་ན་མ་གཏོགས་འདི་བྱེད་ཅེས་འཆི་བ་གྲོས་ཁོག་ཏུ་བཅུག་པ་འདི་ཀ་ཡིན་མོད་སྙམ་ན། དེ་ལ་འཆི་བ་གྲོས་ཁོག་ཏུ་བཅུག་པ་བྱ་བ་ནི། འཆི་བ་ཁོ་འོང་ངེས་ཤེས་པར་འདུག་པས། ང་འཆི་བའི་གདེང་དང་ལྡན་པའི་འཆི་ལུགས་འདི་ལྟ་བུ་གཅིག་ཡོང་བ་བྱ་དགོས་སྙམ་པས་ད་ལྟ་ནས་འཆི་ལུགས་བཟང་པོ་ཅིག་གྲབས་སུ་འཇུག་པ་ལ་ཟེར་བ་ཡིན་ནོ།། སྤྱིར་འཆི་བ་མི་རྟག་པ་འདི་ལུང་རིགས་ཀྱིས་སྒྲུབ་མི་དགོས། མངོན་སུམ་དུ་མཐོང་ནའང་དེ་ལ་མི་འཇིགས་པ་འདི་རང་ཐོག་ཏུ་འབྱུང་བ་མ་བསྒོམས་པས་ལན་པ་ཡིན་པས་ད་འདི་ལྟ་བུ་སྒོམ་པར་བྱ་སྟེ། འཆི་བ་ཞེས་བྱ་བ་ཡིན། ད་ལྟ་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་བཀྲ་ལམ་མེ། ཉེ་འབྲེལ་མཛའ་བཤེས་སོགས་དང་ལྷན་ཅིག་ཏུ་ཀྲོང་ངེ་ཟས་གོས་ལ་སོགས་པ་ལ་གསོན་པོར་ལོངས་སྤྱོད་ཅིང་། ཚེ་འདིའི་གཏམ་སྣ་ཚོགས་ནི་ཚེ་འདིར་ཡུན་རིངས་བསྡོད་པའི་གྲབ་ཤོམ་བྱ་བ་སྣ་ཚོགས་བསམ་ཞིང་། མིག་ཡུལ་སྣ་ཚོགས་ལ་ཧྲིག་ཧྲིག་ལྟ་བའི་འཕྲོ་ལ་དེ་མ་ཐག་ཏུ་དེ་ཐམས་ཅད་ཤུལ་དུ་བཞག་ནས་རང་གཅིག་པུ་སྐད་ཅིག་ཙམ་ཡང་བསྡོད་པའི་དབང་མེད་པར་ཚེ་འདིའི་སྣང་བ་ནག་ཐིབས་ཀྱིས་ནུབ་སྟེ། བདག་གིས་ཀྱང་གཉེན་བཤེས་ལོངས་སྤྱོད་སོགས་རྣ་བས་ཀྱང་མི་ཐོས། དེ་རྣམས་ཀྱིས་ཀྱང་བདག་ཐོས་པ་ཙམ་དུ་མ་གྱུར་པའི་གཏན་གྱེས་ཆེན་པོ་ཅིག་བྱས་ཏེ། རྒྱུས་མེད་པའི་རྒྱལ་ཁམས་ཡ་ང་བར་རང་གཅིག་པུ་ག་ཤེད་དུ་འགྲོ་དགོས་པ་ཡིན་ནོ་སྙམ་དུ་བསྒོམ། དེ་ལྟ་བུ་ནི་འབྱུང་བར་ངེས་ཏེ། ཞི་བ་ལྷས། ཉོན་མོངས་རྒྱ་པས་ཤོར་ནས་ནི། །སྐྱེ་བའི་རྒྱར་ནི་ཚུད་གྱུར་ཅིག །འཆི་བདག་ཁར་ནི་སོན་གྱུར་པ། །ཅི་སྟེ་ད་དུང་མི་ཤེས་སམ།༡༧ །ཞེས་གསུངས་པས། རང་ཉིད་ལས་དང་ཉོན་མོངས་པའི་དབང་གིས་སྐྱེས་འདུག་པས་སོ། །སྐྱེས་ཕན་ཆད་འཆི་བ་ལས་མ་འདས་ཏེ། འདུས་པའི་ཐ་མ་བྲལ་བ་དང་། །བསགས་པའི་ཐ་མ་ཟད་པ་དང༌། །དར་བའི་ཐ་མ་རྒུད་པ་དང་། །སྐྱེས་པའི་ཐ་མ་འཆི་བར་༡༨ གསུངས་པ་དང་། མྱ་ངན་བསལ་པ་ལས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོ་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ།༡༩ །ཞེས་གསུངས་པས། སྟེང་མིའི་འཇིག་རྟེན་དང་། རིས་ལྷ་ཡི་འཇིག་རྟེན་ན། །སྐྱེས་ནས་ལ་ལ་མ་ཤི་བར། །དུས་གཏན་དུ་གནས་པ་འདི་ལྟ་བུ། །ཞེས། འགའ་ཞིག་མཐོང་ངམ། ག་ཤེད་ན་འདུག་གོ །ཞེས་ཡིད་ཆེས་པའི་གཏམ་ལས་ཐོས་སམ། འདི་ལྟ་བུ་མི་འཆི་བ་སྲིད་དམ། སྙམ་པའི་ཐེ་ཚོམ་ཡང་མེད་དོ། །འདི་ལྟ་བུ་མཐོང་རྒྱུ་དང་ཐོས་རྒྱུ་དང༌། ཐེ་ཚོམ་གྱི་གཞི་མེད་པའི་ཕྱིར་ཏེ། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་ཡིན།༢༠ །ཅེས་དང༌། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། །ལམ་དུ་ཞུགས་ནས་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ༢༡ །ཞེས་དང་། མའི་མངལ་དུ་ཞུགས་ཙམ་ནས་འཆི་བདག་གི་དྲུང་དུ་འགྲོ་བའི་ལམ་དུ་ཞུགས་ཏེ་ལམ་གཞན་དུ་གོམ་པ་གང་ཡང་མ་གོལ་བར་སྐད་ཅིག་ཀྱང་ངལ་བ་མེད་པར་ཤིན་ཏུ་མྱུར་བར་འགྲོ་བར་གསུངས་པའི་ཕྱིར་རོ། །གཞན་ཡང་ཕྱི་རོལ་གྱི་དགྲ་བོ་སྟོབས་ཀྱིས་བཟློག་པ་སྲིད་ཀྱང་། འཆི་བདག་གི་དགྲ་བོ་སྟོབས་ཀྱིས་བཟློག་པ་མི་སྲིད་དོ། །དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དེས། གླང་པོ་ཆེ་ལྟ་བུའི་སྟོབས་ཀྱང་ཟིལ་གྱིས་ནོན། སྐད་ཀྱི་ང་རོ་བསྒྲགས་པ་ཙམ་གྱིས་རི་དྭགས་གཞན་རྣམས་ཀྱི་སེམས་སྐྲག་སྟེ། སྐད་ཙམ་ཡང་འབྱིན་མི་ནུས་པའི་སྟོབས་དང་ལྡན་ཡང་། འཆི་བདག་གི་བ་སྤུ་ཙམ་ཡང་བཟློག་མི་ནུས་པར་འཆི་བདག་བྱུང་བའི་ཚེ་རང་གི་སྟོབས་དང་། དྲེགས་པ་ཐམས་ཅད་ཉམས་ནས་འཆི་དགོས་ཏེ། སྐྱེས་རབས་ལས། སེང་གེ་རྣམས་ཀྱང་སེན་མོ་རྣོན་པོ་གླང་ཆེན་གྱིས། །གཟི་བརྗིད་ཟིལ་མནན་སྤྱི་བོར་སྡེར་མོས་དཔྲལ་ཞིང་གཅད། །ང་རོ་དྲག་པོ་བསྒྲགས་པས་གཞན་གྱིས་སེམས་སྐྲག་བྱེད། །གཤིན་རྗེ་འོངས་ནས་མཐུ་དང་དྲེགས་པ་བཅོམ་སྟེ་ཉལ།༢༢ །ཞེས་གསུངས་པས་སོ།། དེ་བཞིན་དུ་ཕྱི་རོལ་དགྲ་བོ། ནོར་གྱིས་བཟློག་པ་སྲིད་ཀྱང་། འཆི་བདག་ནི་ནོར་གྱི་བཟློག་པ་མི་སྲིད། གཞན་ལ་ནོར་གྱི་དངོས་གྲུབ་གཏེར་ནུས་པའི་རྣམ་ཐོས་ཀྱི་བུ་ཡང་ནོར་ཇི་སྙེད་ཡོད་ཀྱང་། རང་ཉིད་འཆི་བ་ལས་མ་འདས་སོ། །གཞན་ཡང་མི་དང་མི་མ་ཡིན་པས་བྱས་པའི་གདོན་འགའ་ཞིག་རིག་སྔགས་དང་སྨན་དང་རྫས་ཀྱིས་བཟློག་པ་སྲིད་ཀྱང་། འཆི་བདག་གི་གདོན་ནི་རིག་སྔགས་དང་སྨན་དང་རྫས་ཀྱིས་བཟློག་པར་མི་ནུས་སྟེ། སྐྱེས་རབས་ལས། ཆོས་འདོད་བརྒྱ་བྱིན་འོངས་པའི་གདོན་དག་དང༌། །རིག་སྔགས་གྲུབ་པ་རྣམས་ཀྱི་གདོན་དག་ཀྱང་། །བཀའ་ཐུབ་དགེ་ལེགས་རྣམས་ཀྱིས་བཟློག་པ་ནུས། །འཆི་བདག་དེ་ནི་བ་ཟློག་པར་ཡོང་མི་ནུས།༢༣ །ཞེས་གསུངས་སོ། །དེ་བཞིན་དུ། ཕྱི་རོལ་གྱི་དགྲ་འགའ་ཞིག་ཐབས་སྣ་ཚོགས་ཀྱི་བཟློག་པ་སྲིད་ཀྱང་། འཆི་བདག་ཐབས་གང་གིས་ཀྱང་བཟློག་པ་མི་སྲིད་དེ། དཔེར་ན་སྒྱུ་མ་མཁན་བཟང་པོས། བཅོམ་ལྡན་འདས་མ་གཏོགས་པའི་འགྲོ་བ་གཞན་ཕལ་པོ་ཆེ་སྒྱུ་མའི་གླུ་བྲིད་ཀྱིས་སླུ་བར་ནུས་ཀྱང་། འཆི་བདག་སླུ་བར་མི་ནུས་པ་བཞིན་ནོ། །དེ་སྐད་དུ་ཡང་། སྐྱེས་རབས་ལས། མང་པོ་འདུས་པའི་དབུས་སུ་བཟང་པོ་ནི། །སྐྱེ་བོ་རྣམས་ཀྱི་མིག་ཀྱང་བསླུ་བར་བྱེད། །གཤིན་རྗེ་འདི་ལ་མཚར་གྱིས་མཐུ་གཅིག་ཡོད། །དེ་དག་གིས་ཀྱང་མིག་བསླུ་ཡོང་མི་ནུས།༢༤ །ཞེས་གསུངས་སོ། །དེས་ན་འཆི་བདག་ལ་ནི་བཟློག་པའི་ཐབས་ཀྱང་མེད་དོ། །གཞན་ཡང་ཕྱི་རོལ་གྱི་དགྲ་ལ་བྲོས་པས་ཐར་བ་དང་། དེ་དག་མེད་པའི་སར་གནས་པའི་ཆོག་པ་སྲིད་ཀྱང་། འཆི་བདག་ལ་ནི་འགྱོགས་པས་བྲོས་ཀྱང་མི་ཐར། དེ་དག་མེད་པའི་སར་ཡང་སླེབ་པ་མེད་དེ། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རིང་དུ་འགྲོ་བ་ཡང་། །གང་དུ་སྤྱོད་ཡུལ་འཆི་མེད་པའི། །གནས་དེར་ཕྱིན་པར་ནུས་མ་ཡིན།༢༥ །ཞེས་དང་། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་རྣམས་ཀྱི་ཕྲག་ན་ཡོད་མ་ཡིན།༢༦ །ཞེས་གསུངས་སོ། །དེས་ན་བདག་ལ་འཆི་བདག་གི་བདུད་ནི་ཡོད། ཁོ་བདག་གི་སྟེང་དུ་ནི་འོང་དེ་ལས་བཟློག་པའི་ཐབས་ནི་མེད། དེ་ལས་ཐར་བ་ནི་མི་སྲིད་པས། འཆི་བར་ངེས་པ་ལས་མེད་དོ། །ཁ་རག་སྒོམ་ཆུང་གིས། འཆི་བདག་བདུད་ཁོ་མི་སྡོད་ཚུར་ཚུར་འོང་། །དེ་ལ་བྲོས་པའི་ཐབས་ནི་ཅི་ཡང་མེད། །ད་ལྟ་གཉིད་དང་ལེ་ལོའི་དབང་སོང་ན། །ཅི་འདྲའི་དུས་གཅིག་བདག་ལ་ནམ་ཡོང་སོང་ཨང་།༢༧ །ཞེས་སོ། །སྐྱེ་བོ་ཐ་མལ་པ་རྣམས་ལ་འཆི་བ་འོང་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་རང་སངས་རྒྱས་རྣམས་ཀྱང་སྐུ་ལུས་སྤོང་དགོས་ཏེ། ཇི་སྐད་དུ། ཅི་སྟེ་རྒྱལ་སྲས་རང་རྒྱལ་དང༌། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཐ་མལ་སྨོས་ཅི་དགོས།༢༨ །ཞེས་གསུངས་སོ། །སྐྱེ་བའི་ཕྱིར་ན་ངེས་པར་འཆི་དགོས་ཞེས་ཤེས་པར་བྱ་བའི་ཕྱིར། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་འཁྲུངས་པའི་ཚུལ་བསྟན་པའི་རྗེས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་སྐད་དུ་ཡང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་ལྟ་བུ་ཡིས། །ལུས་ཅན་རྣམས་ལ་སྨོས་ཅི་དགོས།༢༩ །ཞེས་གསུངས་སོ། །དེས་ན་སྐྱེས་ཕན་ཆད་ངེས་པར་འཆི་དགོས་ཏེ། དཔེན་ན་རྫ་དང་འདྲ་སྟེ། རྫ་དེ་ཡང་བཟོས་ཕན་ཆད་འགའ་ཞིག་འདུལ་ལེགས་པ་དང༌། འཁོལ་ཐབས་ལེགས་པས་ཡུན་རིང་རབས་ཐུབ་ནས་འཆགས་ལ། འགའ་ཞིག་ཉེས་པ་དང་། འཁོལ་མ་བཟོས་པས་མྱུར་དུ་འཆག་ཅིང་། མཐར་ཐམས་ཅད་ཀྱང་འཆག་པ་བཞིན་ནོ།། གཞན་ཡང་དཔེའི་སྒོ་ནས་ཀྱང་མི་རྟག་པ་བསམ་པར་བྱ་སྟེ། དཔེར་ན་གསོད་པར་ངེས་པའི་བཙོན་ར་དང་འདྲ། ལྟག་ཆུ་སྒྱུར་བའི་རྫིང་དང་འདྲ། བཤས་རར་བཅུག་པའི་ལུག་དང་འདྲ། རི་གཟར་པོའི་ཁ་ནས་འབབ་པའི་ཆུ་དང་འདྲ། བྱི་བ་དཀར་ནག་གི་དཔེ་དང་འདྲའོ།། དང་པོ་ནི། དཔེར་ན་གསོད་པར་ངེས་པའི་བཙོན་པ་དེ་བཤན་པའི་ལག་ཏུ་བཅུག་ནས་གསོད་སར་འགྲོ་བའི་ཚེ། གོམ་པ་གང་ཕྱིན་པས་ཀྱང་། འཆི་བ་ལ་ཐག་ཇེ་ཉེ། དོ་ཕྱིན་པས་ཀྱང་འཆི་བ་ལ་ཐག་ཇེ་ཉེ། མཐར་གསོད་ས་དེར་སླེབ་པ་དང་། བཤན་པས་སྦྱར་ཏེ་གསོད་པ་བཞིན་དུ། རང་རེ་རྣམས་ཀྱང་ཉི་མ་གཅིག་སོང་འཆི་བ་ལ་ཐག་ཇེ་ཉེ། གཉིས་སོང་ཇེ་ཉེ། དེ་བཞིན་དུ་འཇིག་རྟེན་གྱི་བྱ་བ་ཡིན་ཡང་། གཅིག་སོང་ཇེ་ཉེ་གཉིས་སོང་ཇེ་ཉེ་སོང་ཨང་སྙམ་དུ་བསམ། ཆོས་ཀྱི་བྱ་བ་ཡིན་ནའང་། སྔགས་ལྟ་བུ་ལ། སྔགས་རྡོག་གཅིག་སོང་འཆི་བ་ལ་ཇེ་ཉེ། གཉིས་སོང་ཇེ་ཉེར་སོང་ཨང་སྙམ་དུ་བསམ་མོ། །དེ་སྐད་དུ་ཡང་། ཆེད་དུ་བརྗོད་པའི་ཚོམས་ལས། དཔེར་ན་གསོད་པར་ངེས་པ་ཞིག །གོམ་པ་གང་དང་གང་བགྲོད་པ། །འཆི་བདག་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ།༣༠ །ཞེས་གསུངས་སོ།། གཉིས་པ་ནི། དཔེར་ན་རྫོང་ཆུས་གང་བ་དེ། དེར་འབབ་པའི་ཆུ་བཅད་ནས་འོག་ནས་བུ་ག་བཏོལ་ན་ཆུ་དེ་རྡེར་གྱིས་མྱུར་དུ་འཛག་པ་ལྟར། ཚེ་ལའང་ལྟག་ཆུ་ཆད་པ་ལྟར། སྣོན་པ་ནི་མེད། བུ་ག་དོད་པ་དང་འདྲ་བའི་ལོ་དང༌། ཟླ་བ་ཞག་དང་ཟ་མ་ལ་སོགས་པ་སྐད་ཅིག་ཀྱང་མི་དལ་བར་འབྲི་བ་ཡིན་པས། མྱུར་དུ་འཆི་བ་ལས་འོས་མེད་སྙམ་དུ་བསྒོམ། ཞི་བ་ལྷས། ཉིན་མཚན་བསྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཏེ། །བསྣོན་པའང་གུད་ནས་འོང་མེད་ན། ། བདག་ལྟ་འཆི་བར་ཅིས་མི་འགྱུར།༣༡ །ཞེས་གསུངས་སོ།། གསུམ་པ་ནི། དཔེར་ན། འབྲོས་ས་མེད་པའི་དང་ར་འགའ་ཞིག་ཏུ་གསད་པར་བྱ་བའི་ལུག་རྣམས་བཅུག་ནས། བཤན་པས་རིམ་གྱིས་གསད་ནས་མཐར་གཅིག་ཀྱང་མི་ལུ ས་པ་ལྟར་རང་རེ་རྣམས་ཀྱང་སྐྱེ་བའི་བཤས་རར་ཆུག འཆི་བདག་གི་བཤན་པས་མཛའ་བཤེས་དང་ཉེ་དུ་སོགས་རིམ་གྱིས་གསོད་པར་མཐོང་ཞིང༌། དེ་རང་ཉིད་ལའང་འོང་བར་ཤེས་བཞིན་དུ། དེ་ལ་མི་འཇིགས་པར་བཟའ་བ་དང་། བཏུང་བ་དང་གཉིད་ལོག་པ་དྲན་པ་ནི་མ་ཧེ་འགའ་ཞིག་བཤན་པས་གསོད་པ་མཐོང་བཞིན་དུ། དེ་མ་ཐག་ཏུ་གསོད་པའི་མ་ཧེ་འགའ་ཞིག་གིས་དེ་ལ་མི་འཇིགས་པར་བཟའ་བཏུང་བྱེད་པ་ཤིན་ཏུ་བླུན་པ་ཡིན་ནོ། །དེ་སྐད་དུ་ཡང་ཞི་བ་ལྷས། རང་སྡེ་རིམ་གྱིས་གསོད་པ་ཡང་། །ཁྱོད་ཀྱིས་མཐོང་པར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །གདོལ་པ་དང་ནི་མ་ཧེ་བཞིན། །ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་བདག་གིས་ནི་ལྟ་བཞིན་དུ། །ཇི་ལྟར་ཁྱོད་ནི་ཟ་དགའ་ཞིང་། །འདི་ལྟར་གཉིད་ལོག་ཇི་ལྟར་དགའ།༣༢ །ཞེས་གསུངས་སོ།། བཞི་པ་ནི། དཔེར་ན་རི་གཟར་པོའི་ཁ་ནས་འབབ་པའི་ཆུ་དེ་སྔ་མ་རྣམས་ཕྱི་མས་མ་ཟིན་གྱིས་དོགས་ནས་རྒྱུག་པའི་ཚུལ་དུ་ཤིན་ཏུ་མྱུར་བར་འབབ་པ་ལྟར། ཚེ་ཡང་སྐད་ཅིག་སྔ་མ་རྣམས་ཕྱི་མས་ཟིན་པར་བྱ་བའི་ཕྱིར་མགྱོགས་པར་འགྲོ་བས་མྱུར་དུ་འཛད་དོ། །འོན་ཀྱང་མྱུར་བའི་དཔེ་ཙམ་དུ་ཟད་མོད་ཀྱི། སྐྱེས་བུའི་ཚེ་ཟད་པ་ནི་དེས་འགྲན་པར་མི་ནུས་ཏེ། དཔེར་ན་སྐྱེས་བུ་མདའ་ཤིན་ཏུ་སྐྱེན་པ་ཞིག་གིས། ཕྱོགས་བཞིར་གཅིག་ཆར་དུས་གཅིག་ལ་མདའ་འཕངས་ཏེ། སྐྱེས་བུ་ཡང་རྩལ་ཤིན་ཏུ་ཆེ་བ་གཅིག་གིས་མདའ་བཞི་ཀ་ས་ལ་མ་ལྟུང་བར་འདུས་ན་ཤིན་ཏུ་མགྱོགས་མོད་དེ་བས་ཀྱང་སྐྱེ་བོའི་ཚེ་ཟད་པ་མགྱོགས་སོ་ཞེས་གསུངས་སོ། །རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ།༣༣ །ཞེས་གསུངས་སོ།། ལྔ་པ་ནི། གད་གཡང་ཤིན་ཏུ་མཐོ་བ་ཡང་བའི་གད་ལོགས་ན་རྩྭ་ཕུང་གཅིག་ཡོད་ལ། མི་ཞིག་དེར་གཡང་ལ་ལྷུང་སྟེ། ལག་པས་རྩྭའི་ཕུང་པོ་དེ་ཟིན་ལ། རྩྭ་དེ་ལ་བྱི་བ་དཀར་ནག་གཉིས་ཀྱི་རེས་མོས་ཀྱིས་གཅོད་པ་ལ། མི་དེས་རྩྭ་མ་ཟད་གོང་དུ་རྩོལ་བ་བྱས་ན་གད་ཁ་དེར་ཐོན་སྲིད་ལ། རྩ་མ་ཟད་གོང་དུ་ལེ་ལོ་བྱས་ན་རྩ་ཟད་ནས་གཡང་ལ་ལྷུང་སྟེ། འཆི་བ་ལས་མ་འདས་པ་གཅིག་ཡོད་ན། དེ་ལ་ལེ་ལོ་དང༌། སོས་དལ་མི་ཁོམ་ཞིང་། དེ་བྱེད་མི་དྲན་པ་བཞིན་དུ། རང་རེ་རྣམས་ཀྱང་ངན་སོང་གི་གཡང་ལ་ལྷུང་ལ་ཁད། ཚེ་ལྷག་གཅིག་གི་རྩྭ་ཕུང་ཟད་ལ་ཁད་གནས་པ་ལ། ཚེ་ལྷག་ཅུང་ཟད་འདི་ནི་བྱི་བ་དཀར་ནག་དང་འདྲ་བའི་ཉིན་མཚན་གཉིས་ཀྱིས་སྐད་ཅིག་ཀྱང་སྡོད་ས་མེད་པར་གཅོད་པ་འདི་ལ། བརྩོན་འགྲུས་དང་འབད་པ་མ་སྟོན་ན། ཚེ་ལྷག་གི་རྩ་ཕུང་ཟད་ནས་ངན་སོང་གི་གཡང་དུ་ལྷུང་ན༑ གཏན་ཐར་ས་མེད་པ་ལྟ་བུ་འབྱུང་བས་འབད་པ་ཐོན་ཅིག དེ་སྐད་དུ་ཡང་། སློབ་སྤྲིངས་ལས། གལ་ཏེ་ཀླ་ཀློ་དམྱལ་བའི་བསྲུང་དང་སྤྱོད་མཚུངས་སམ། །དུད་འགྲོ་ཕན་ཚུན་ཟ་བར་བྱེད་པའི་ནང་དག་ཏུ། །སྐྱེ་བ་ཐོབ་པར་གྱུར་ན་གང་གི་ཕྱིར་ཡང་ནི། །གཡང་དུ་ལྷུང་བར་གྱུར་པའི་ངང་ཚུལ་དེ་ཉིད་སྟོན། ༣༤ །ཞེས་དང༌། ཞི་བ་ལྷས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདིའི་རྟག་ཏུ་གོད་འགྱུར་ཏེ། ༢༥ །ཞེས་སོགས། ཡང་སྐབས་སུ་ཤེས་སྤྲིངས་ལས། ལུས་མཐའ་ཐལ་བ་མཐར་འགྲུལ་མཐར་སྐམ་ཞིང༌། །རྣམ་པར་འཇིག་ངེས་མྱགས་པར་གྱུར་པ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་ཤེས་པར་མཛོད། ༣༦ །ཞེས་གསུངས་པས། འདི་ལྟར་བསམ་སྟེ། ད་ལྟ་བདག་གིས་ལུས་འདི་གཅེས་པར་སྐྱོང་སྟེ། བདག་ཤི་ནས་ལུས་འདི་མེས་བསྲེགས་ཏེ། ཐལ་བར་གྱུར་པ་གཅིག་འོང་ངམ། ས་འོག་ཏུ་སྦས་ཏེ་རུལ་པ་ཅིག་ཡོང་ངམ། གྱང་ལོག་ལ་སྦས་ཏེ་སྐམ་པར་གྱུར་པ་ཅིག་ཡོང་ངམ། ཆུ་ལ་བསྐུར་ཏེ་ཉ་སྲམ་གྱི་ཟའམ། དུར་ཁྲོད་དུ་བོར་ཏེ་བྱ་དང་གཅན་གཟན་ལ་སོགས་པས་ཟོས་ནས་ལྷག་མ་ཙམ་ཡང་མ་ལུས་པར་འགྱུར་བའི་དུས་གཅིག་མྱུར་དུ་འོང་བ་ཡིན་ཨང་སྙམ་དུ་བསམ་མོ།། ཡང་སྐབས་སུ། རྒྱལ་པོ་ལ་གདམས་པའི་མདོ་ལས་༣༧ གསུངས་པ་བཞིན་དུ། རང་ཉེ་དུ་དང་མཛའ་བཤེས་སོགས་དང་ལྷན་ཅིག་ཏུ་འོང་བའི་གཏམ་སྣ་ཚོགས་བྱེད་པའི་ཚེ། ད་ལྟ་ཉེ་དུ་མཛའ་བཤེས་སོགས་དང་ལྷན་ཅིག་ཏུ་གནས་ཏེ། ནམ་ཞིག་གི་ཚེ་འདི་རྣམས་དང་གཏན་གྱེས་བྱེད་པའི་དུས་འོང་ཨང་སྙམ་དུ་བསམ་མོ། །དེ་བཞིན་དུ་ཟས་ཟ་བའི་ཚེ། ད་ལྟ་ང་ཟས་བཟང་པོ་ཟ་སྟེ། ནམ་ཞིག་ན་ཟས་བཟང་པོ་ཟ་མི་ཉན་པར་སྨན་ཁ་བ་རྩུབ་པ་ཟོས་ཀྱང་མི་ཕན་ལ་འཆི་བའི་དུས་གཅིག་འོང་ཨང་སྙམ་པ་དང༌། གོས་བཟང་པོ་གྱོན་པའི་ཚེ། ད་ལྟ་ང་གོས་བཟང་པོ་གྱོན་ཏེ། ནམ་ཞིག་ན་གོས་ངན་ཤོས་དྲི་མ་ཅན་གཅིག་གི་དྲིལ་ནས་བོར་བའི་དུས་འོང་ཨང་སྙམ་པ་དང༌། ཁྲི་སྟན་བཟང་པོ་ལ་འདུག་བའི་ཚེ། ད་ལྟ་བདག་སྟན་བཟང་པོ་འདི་ལྟ་བུ་ལ་འདུག་སྟེ། ནམ་ཞིག་ན་ཤིང་བཞིའི་ཁ་ལ་བཏེག་ནས་འགྲོ་བའི་དུས་གཅིག་འོང་ཨང་སྙམ་པ་དང༌། བཞོན་པ་བཟང་པོ་ཞོན་པའི་ཚེ། ད་ལྟ་བཞོན་པ་བཟང་པོ་འདི་ལྟ་བུ་ལ་ཞོན་ཏེ། ནམ་ཞིག་ན་རོ་ལས་བྱེད་པའི་སྐྱེ་བོ་ངན་པ་ཞིག་གི་ཁུར་འགྲོ་བའི་དུས་གཅིག་འོང་ཨང་སྙམ་པ་དང་། ཁྲུས་བྱེད་པའི་ཚེ། ད་ལྟ་ང་ཁྲུས་ལ་སོགས་པའི་གཙང་སྦྲ་འདི་ལྟ་བུ་བྱེད་དེ། ནམ་ཞིག་ན་རང་གི་མི་གཙང་བ་ལུས་ལ་གོས་པ་ཕྱོགས་མི་གཙང་བ་དུར་ཁྲོད་ལ་སོགས་པར་འདོར་བའི་དུས་གཅིག་འོང་ཨང་སྙམ་པར་བསམ་མོ། །དེ་ལྟར་སྒོ་སྣ་ཚོགས་ནས་ངེས་པར་འཆི་བ་འོང་བ་ལ་ངེས་ཤེས་མ་སྐྱེས་བར་དུ་བསྒོམ་མོ།། ནམ་འཆི་ལ་ངེས་པ་མེད་པར་བསམ་པ། དེ་ལྟར་འཆི་བ་འོང་ངེས་སུ་འདུག་མོད་རེ་ཞིག་མི་འོང་ངམ་སྙམ་ན། གཉིས་པ་ནམ་འཆི་ངེས་པ་མེད་པར་བསམ་པ་ལ་གསུམ་སྟེ། ཚེའི་ཚད་ལ་ངེས་པ་མེད་པ་དང༌། ཚེའི་བར་ཆད་བྱེད་པའི་འགལ་རྐྱེན་མང་ཞིང་། ཚེ་གནས་པའི་མཐུན་རྐྱེན་ཉུང་བ་དང་། ལུས་སྲོག་བྲལ་སླ་ཞིང་འཆི་བདག་ལ་བརྩེ་བ་མེད་པས་ནམ་འཆི་ངེས་མེད་བསམ་པའོ།། དང་པོ་ནི་འགའ་ཞིག་གི་བསམ་པ་ལ། ཚེ་སྟོད་ཚེ་འདིའི་འདུན་མ་བྱས་ནས། ཚེ་གཞུག་ལ་ཆོས་བྱའོ་སྙམ་པ་དང༌། ཡང་འགའ་ཞིག་ད་ལོ་ཆོས་རྒྱགས་ལ་སོགས་བསྒྲུབས་ནས། སང་ཕོད་ནས་ཆོས་བྱའོ་སྙམ་པ་ཡང་ཡོང་མོད། དེ་ནི་ཐོག་ཏུ་འབབ་པ་དཀའ་སྟེ། རང་གི་ལོ་ཕྱི་མ་དང་། ཚེ་ཕྱི་མ་གང་སྔ་མི་ཤེས་དེ་བཞིན་དུ་ཟླ་བ་ཕྱི་མ་དང་ཚེ་ཕྱི་མ། ཞག་ཕྱི་མ་དང་ཚེ་ཕྱི་མ་སྔོན་ལ་གང་འོང་མི་ཤེས་སོ། །དེའི་རྒྱུ་མཚན་ཡང༌། རང་གི་ཚེ་ལ་ངེས་པ་མེད་དེ། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད།༣༨ །ཞེས་གསུངས་སོ།། འདི་ལ་གཉིས། དུས་ཀྱི་སྒོ་ནས་དང་། གང་ཟག་གི་སྒོ་ནས་མ་ངེས་པའོ། །དང་པོ་ནི། བྱང་སྒྲ་མི་སྙན་པ་ནི། དུས་ནམ་ཡང་ཚེ་ལོ་སྟོང་ཕྲག་གཅིག་ཏུ་ངེས་ལ། འཛམ་བུ་གླིང་བའི་ཚེ་ལ་ངེས་པ་མེད་དེ། དང་པོ་ནི། ལོ་དཔག་ཏུ་མེད་པའང་ཐུབ། །ཐ་མའི་དུས་སུ་ལོ་བཅུ་ལ་ཡང་རིང་ཤོས་བྱེད་དགོས་པས་སོ། །གཉིས་པ་ནི། བྱང་སྒྲ་མི་སྙན་པའི་མི་ཚེ་ལོ་སྟོང་དུ་ངེས་པའོ། །དེ་བས་མང་བ་ཐུབ་པའང་མེད་ལ། དེ་མ་རྫོགས་པར་འཆི་བ་ཡང་མེད་པའོ། །འཛམ་བུ་གླིང་བའི་ཚེ་ལ་ངེས་པ་ཅི་ཡང་མེད་དེ། འགའ་ཞིག་མའི་མངལ་དུ་ཚེ་ཟད་ནས་འཆི་བའང་ཡོད་ལ། དེ་བཞིན་དུ་ཁ་ཅིག་སྐྱེས་ཙམ་ན། ཁ་ཅིག་འགོག་ཙམ་ན། ཁ་ཅིག་འགྲོ་ཙམ་ན། ལ་ལ་དར་ལ་བབ་ཙམ་ན། ལ་ལ་རྒས་ནས་འཆི་བ་ཡང་ཡོད་པས་སོ། །དེ་སྐད་དུ་ཡང་། མྱ་ངན་གསལ་བ་ལས། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་སྐྱེ་ཙམ་ན། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན།༢༩ །ཅེས་སོ།། དེས་ན་རང་གི་ཚེ་ཚད་ད་ལོ་ཙམ་གྱི་རྫོགས་ནས། སང་གི་ཉི་མ་ལ་ཚེ་ཕྱི་མ་མི་འབྱུང་བའི་རྒྱུ་མཚན་ཡིད་གཏན་ཐུབ་པ་གང་ཡང་མེད་དེ། ཞི་བ་ལྷས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིག་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འགྱུར།༦༠ །ཞེས་གསུངས་སོ། །དེ་ལྟ་ན་ཡང་རེ་ཞིག་གསོན་དུ་རེ་བའི་བློའི་གཏད་སོ་འགའ་ཞིག ། ན་ཚོད་གཞོན་པ་དང་། ད་ལྟ་ནད་མེད་པ་དང་། ཟས་གོས་ལ་སོགས་པའི་མཐུན་རྐྱེན་འཛོམས་པ་དང༌། དགྲ་འདྲེ་ལ་སོགས་པའི་འཚེ་བ་མེད་པས་ཡུན་རིང་དུ་མི་འཆིའམ་སྙམ་དུ་སེམས་མོད། དེ་རྣམས་གང་གིས་ཀྱང་བློ་གཏད་མི་ཐུབ་སྟེ། དེ་ཡང་གཞོན་པས་མི་ཐུབ་སྟེ། རྒད་པོ་རྒད་མོ་ལྡང་ཡང་མི་ནུས་པར་གཞན་ལ་བརྟེན་དགོས་པའི་སྔོན་དུ། གཞོན་པ་ཡང་རྩལ་དང་ལྡན་པ་མང་པོ་ཤི་བ་དང༌། རང་ལས་གཞོན་པ་ཤི་བ་མཐོང་ཐོས་སུ་གྲུབ་པ་དང་། ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང༌། །དར་ལ་བབས་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད།༠༡ །ཅེས་གསུངས་སོ།། ནད་མེད་པས་མི་ཐུབ་སྟེ། གདོན་གྱིས་ཟིན་པའི་ནད་པ་རང་གི་འགྲོ་འདུག་ཙམ་ཡང་མི་ནུས་པར། གཞན་གྱི་འདྲེ་ལྡོག་བྱེད་དགོས་པའི་སྔོན་ལ། ད་ལྟ་ནད་མེད་སྐྱེ་བོ་ལུས་སྟོབས་དང་ལྡན་པ་གློ་བུར་དུ་འཆི་བ་མཐོང་བས་སོ། །མཐུན་རྐྱེན་འཛོམས་པས་མི་ཐུབ་སྟེ། མཐུན་རྐྱེན་མེད་པའི་སྤྲང་པོ་ནང་ཟས་ནང་ཚོལ། ནུབ་ཟས་ནུབ་ཚོལ་བའི་སྔོན་དུ། ཕྱུག་པོ་ཟས་ནོར་གྱི་མཐའ་བསྐོར་བ་དག་འཆི་བ་དག་མཐོང་བས་སོ། །དགྲ་འཚེ་བ་མེད་པས་ཀྱང་མི་ཐུབ་སྟེ། མཐའ་ཐམས་ཅད་དགྲས་འཁོར་བའི་གོ་རར་ཆུད་པའི་སྐྱེས་བུའི་སྔོན་དུ་དགྲའི་མིང་ཙམ་ཡང་མེད་པའི་སྐྱེས་བུ་དུ་མ་ཞིག་འཆི་བ་མཐོང་བས་སོ། །གདོན་གྱི་འཚེ་བ་མེད་པས་ཀྱང་མི་ཐུབ་སྟེ། ཤེས་པ་གདོན་གྱི་སླད་ནས་སེམས་ལ་རང་དབང་མ་ཐོབ་བྱ་བྱེད་རང་ལ་གང་ངན་བྱེད་པའི་སྔོན་དུ་གདོན་གྱིས་འཚེ་བ་མེད་པའི་སྐྱེས་བུ་དུ་མ་འཆི་བ་མཐོང་བས་སོ། །དེ་ཐམས་ཅད་དང་བྲལ་བས་ཀྱང་མི་ཐུབ་སྟེ། ད་ལྟ་དེ་ཐམས་ཅད་དང་བྲལ་ཡང་གློ་བུར་གྱི་འཆི་རྐྱེན་འགའ་ཞིག་གིས་དེ་མ་ཐག་ཏུ་དུ་མ་ཞིག་འཆི་བ་མཐོང་བའི་ཕྱིར་དང་། ཁོང་རྣམས་ཀྱིས་གཞོན་པ་ལ་སོགས་པས་མི་འཆི་བའི་བློ་གཏད་མི་ཐུབ་ལ། རང་གི་བློ་གཏད་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཞི་བ་ལྷས། ནད་མེད་ཉི་མ་འདི་ལྟ་བུའི། །ཟས་བཅས་འཚེ་བ་མེད་གྱུར་ཀྱང་། །ཚེ་ནི་སྐད་ཅིག་བསླུ་བ་སྟེ། །ལུས་ནི་ཐང་གཅིག་བརྙན་པོ་བཞིན།༤༢ །ཞེས་གསུངས་སོ།། གཉིས་པ་འཆི་བའི་རྐྱེན་མང་ཞིང་གསོན་པའི་རྐྱེན་ཉུང་བའི་རྒྱུ་མཚན་གྱིས་ནམ་འཆི་ཆ་མེད་པ་ནི། ཚེ་ལྷག་ཅུང་ཟད་ཡོད་སྲིད་ཀྱང་། དེ་མ་རྫོགས་ཀྱི་བར་དུ་སྡོད་རྒྱུ་ཡོང་བའི་ངེས་པ་མེད་དེ། ཚེ་ལ་བར་དུ་གཅོད་བྱེད་ཀྱི་རྐྱེན་ཤིན་ཏུ་མང་བའི་ཕྱིར་རོ། །དཔེར་ན་རླུང་དམར་ཆེན་པོའི་ནང་ན་ཡོད་པའི་མར་མེ་དེ་རས་སྣུམ་ལ་སོགས་པ་མ་ཟད་ཀྱང༌། རླུང་གི་རྐྱེན་གྱིས་ཅུང་ཟད་ཙམ་ཡང་གནས་པའི་གོ་སྐབས་མེད་པ་བཞིན་ནོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ཁར་གནས་པ༑ ༑རླུང་དམར་ནང་འདུག་མར་མེ་བཞིན།༠༣ །ཞེས་དང༌། སློབ་སྤྲིངས་ལས། མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་ལྟ་བུའི། །ཚེ་འདི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མིན་ན།༠༤ །ཞེས་གསུངས་སོ།། འཆི་རྐྱེན་ཤིན་ཏུ་མང་སྟེ། ཕྱིའི་འབྱུང་བ་བཞིས་ཀྱང་འཆི་བའི་རྐྱེན་བྱེད་དེ། ནང་གི་འབྱུང་བ་བཞི་འཁྲུགས་པས་ནད་བསྐྱེད་འཆི་བའི་རྐྱེན་བྱེད། ནད་བཞི་བརྒྱ་རྩ་བཞིས་རྐྱེན་བྱེད། ལོག་འདྲེན་གྱི་བགེགས་སྟོང་ཕྲག་བརྒྱད་ཅུས་ཀྱང་རྐྱེན་བྱེད། དགྲ་གཉེན་ལ་སོགས་པ་མིས་རྐྱེན་བྱེད། དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་གྱིས་ཀྱང་འཆི་བའི་རྐྱེན་བྱེད། འཚོ་བའི་རྐྱེན་དུ་འདོད་པ། ཁང་ཁྱིམ་དང་ཟས་གོས་ལ་སོགས་པས་འཆི་རྐྱེན་བྱེད། ཐ་ན་རང་ལ་རང་ལས་ཉེ་བ་མེད་དེ། རང་ཉིད་ཀྱང་འཆི་བའི་རྐྱེན་དུ་འགྱུར་བ་ཡོད་དོ། །དེ་རྣམས་ཀྱིས་ཀྱང་འཆི་རྐྱེན་བྱས་ནས་འཆི་བ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་ཐོས་ལ་ཁོང་རྣམས་ལ་དེ་རྣམས་ཀྱིས་འཆི་རྐྱེན་བྱེད་ལ། རང་ལ་མི་བྱེད་པའི་རྒྱུ་མཚན་རྣམ་དག་མེད་པའོ། །དེས་ན་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་གི་དངོས་པོ་འཆི་བའི་རྐྱེན་མི་བྱེད་དོ། །ཞེས་ངོས་བཟུང་རྒྱུ་མི་འདུག་པས་སོ། །དེ་ལྟ་བུའི་འཆི་རྐྱེན་མེད་པའི་སར་འགྲོ་ས་ནི་མི་འདུག རྐྱེན་དེ་རྣམས་གང་ཡང་རུང་བ་རེས་ཀྱང་འཆི་བར་འདུག་ཅིང་། དེ་ལྟ་བུའི་འཆི་རྐྱེན་གཅིག་མི་འཕྲད་པའི་གདེངས་མི་འདུག་པས། དེ་རིང་འཆི་བའམ་སང་འཆི་ཆ་མི་འདུག་པས། ད་ལྟ་ཉིད་དུ་ཆོས་རྣམ་དག་ཅིག་བྱ་དགོས་སྙམ་དུ་བསྒོམ་མོ། །དེ་སྐད་དུ་ཡང༌། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཉུང་ཟད་གཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག ། །ཅེས་གསུངས་སོ།། གསུམ་པ་ལུས་སྲོག་ཤིན་ཏུ་འབྲལ་སླ་སྟེ། ཆུའི་ཆུ་བུར་བས་ཀྱང་ཤེད་ཆུང་བས་སོ། ། ལུས་སྲོག་འབྲལ་སླ་བའི་ཚུལ་འདི་ལྟར་ན། གཉིད་ལོག་པ་ལས་སད་པ་དང༌། དབུག་འཕྱིར་འབྱུང་བ་ལ་ནང་དུ་རྔུབ་པ་ངོ་མཚར་བའི་གནས་ཡིན་ནོ། དེ་སྐད་དུ་ཡང་། ཀླུ་སྒྲུབ་ཀྱིས། །ཚེ་འདི་གནོད་མང་རླུང་གི་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ།༤༦ །ཞེས་གསུངས་སོ། །འཆི་བདག་ལ་བརྩེ་བ་མེད་པས་ནམ་འཆི་ཆ་མེད་དོ། །འཆི་བདག་ལ་དེ་རིང་སྙིང་རྗེ་བས་བཞོག་ཅེས་པའམ། དེ་རིང་མི་ཁོམ་པས་ཞོག་ཟེར་བ་ལྟ་བུའི་ཚུལ་མ་ཡིན་པས། རྔོན་པས་རི་དྭགས་འདེད་པའི་ཚུལ་དུ་གོམ་པ་གང་གིས་ཀྱང་ཟིན་པ་སྔོན་དུ་ཅུང་ཟད་ཙམ་གྱིས་ཀྱང་གསོད་པ་སྔ་ན། སྙམ་དུ་སེམས་པ་ལས་མེད་པས། དེ་བཞིན་དུ་སོང་བ་མི་ཤེས་པར་ཚེ་འདིའི་བྱ་བྱེད་མང་པོ་ཅིག་གི་གོ་རིམས་བསྒྲིགས་པ་ནི། འཆི་བདག་གི་གཤིན་རྗེས་མ་རངས་པའི་ཚུལ་གྱིས་ཁྲེལ་བའི་གནས་སུ་གསུངས་ཏེ། སློབ་སྤྲིངས་ལས། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བ་ཡི། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས།༦༧ །ཞེས་གསུངས་སོ། །དེས་ན་ད་ནི་དེ་རིང་འདི་བྱ་སང་འདི་བྱ་སྙམ་དུ་ཡིད་ལ་མི་བྱེད་པར། དེ་རིང་འཆི་ན་འདི་བཞིན་བྱ། སང་འཆི་ན་འདི་བཞིན་དུ་བྱེད་སྙམ་པའི་གདེངས་གཅིག་ད་ལྟ་ནས་གྲབས་སུ་ཆུད་པར་བྱའོ། །དེ་སྐད་དུ་ཡང་ཆོས་རྗེ་ཡང་དགོན་པས། བདུད་འཆི་བདག་གི་བྲེལ་ཁོམས་ཀྱི་དུས་མི་རྩི། །ཚེ་ངེས་མེད་ལ་འཆི་བའི་དུས་བཏབ་མེད། །དུས་དེ་རིང་འབྱུང་བཞི་དང་རྣམ་ཤེས་གྱེར་གྱུར་ན། །གདེང་བློ་བདེ་ཅིག་ཚགས་སུ་ཆུད་དམ་སེམས་ཅིག་ཨང་།༤༨ །ཞེས་གསུངས་སོ། །ཇོ་བོ་རྗེས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་ན། །ངང་པས་ཆུ་ལ་འོ་མ་ལེན་པར་ལྟར། །རང་གི་འདོད་པ་རང་ལ་བླང་བར་རིགས།༦༩ །ཞེས་གསུངས་སོ།། དེས་ན་བདག་གི་ཚེ་དེ་རིང་ཙམ་གྱིས་མ་རྫོགས་པའི་རྒྱུ་མཚན་ཅི་ཡང་མི་འདུག ཚེ་ཅུང་ཟད་མ་རྫོགས་སུ་ཟིན་ཡང་ཚེ་ལ་དུས་མ་ཡིན་པའི་འཆི་བ་འོང་བ་འདུག བར་ཆོད་བྱེད་པའི་རྐྱེན་དུ་མ་གྱུར་བ་ནི་རྙེད་པར་དཀའ་བ་འདུག རྐྱེན་དེ་རྣམས་བར་གཅོད་བྱེད་པ་ལ་ཡེངས་པ་ནི་མི་སྲིད་འདུག བར་དུ་གཅོད་རྒྱུའི་ལུས་སྲོག་ནི་འབྲལ་ཤིན་ཏུ་སླ་བར་འདུག་ཙ་ན། བདག་དེ་རིང་ཉི་མའི་ངོ་ལ་མི་འཆི་བའི་གདེང་མི་འདུག དེ་རིང་སང་ལ་ཤི་ན་ནི་སྔར་ཕན་ཆད་འཆི་བ་གྲོས་ཁོག་ཏུ་བཅུག་པའི་བྱ་བ་ནི་གང་ཡང་མ་གྲུབ། འཆི་རྩ་ན་བདག་ལ་ཅི་འདྲ་བ་གཅིག་འོང་བ་འདུག་གེ་ཨ་ཙ་མ། ད་ནི་བདག་ནི་ཚེ་འདི་ཇི་ལྟར་སོང་ནའང་སོང་། འཆི་བའི་དུས་སུ་ཕན་པའི་ཆོས་གཅིག་དེ་རིང་ནས་བྱ་སྙམ་དུ་བསམ་མོ།། འཆི་བ་ལ་ཆོས་མ་ཡིན་པ་གང་གིས་ཀྱང་མི་ཕན་པར་བསམ་པ། གསུམ་པ་འཆི་བ་ལ་ཆོས་མ་ཡིན་པ་གང་གིས་ཀྱང་མི་ཕན་པ་ནི། འཆི་བའི་དུས་ལ་བབས་པའི་ཚེ། ཚེ་འདིའི་ཕུན་སུམ་ཚོགས་པ་གང་གིས་ཀྱང་མི་ཕན་ཏེ། གཉེན་བཤེས་ལ་སོགས་པ་ཇི་སྙེད་ཡོད་ཀྱང༌། འཆི་བདག་ལ་འཐབ་པས་ཟློག་པའམ། ངོ་ཆེན་བྱས་པས་སྐད་ཅིག་ཀྱང་འགྲུབ་པ་མི་སྲིད་དེ། སྲོག་ལ་ཟུང་དུ་མི་འདོད། ཕ་རོལ་ཏུ་འགྲོ་བའི་ཚེ་གོམས་པ་གང་ཡང་མཉམ་དུ་འགྲོ་རྒྱུ་མེད་པས་སོ། །དེ་སྐད་དུ་ཡང་། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱི་ཅི་ཕན་བཤེས་ཅི་ཕན།༥༠ །ཞེས་དང༌། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱི་མཐའ་བསྐོར་ཡང་། །སྲོག་ཆད་པ་ཡིས་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར།«༡ །ཞེས་གསུངས་སོ། །དེ་བཞིན་དུ། ཟས་ནོར་ལོངས་སྤྱོད་ནི་ཅི་ཙམ་ཡོད་ཀྱང་མི་ཕན་ཏེ། འཆི་བདག་ལ་སྦྱིན་པས། ཅུང་ཟད་ཀྱང་བསླུ་རུ་མེད། ཚེ་ལ་སྐད་ཅིག་ཀྱང་འཐུད་དུ་མེད། ཕ་རོལ་དུ་ཅུང་ཟད་ཙམ་ཡང་ཁུར་དུ་མེད་པའོ། །དེ་བཞིན་དུ་ཁ་དྲག་པ་དང་དབང་ཆེ་བ་ལ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་འདོད་ཕྱོགས་ཇི་སྙེད་ཡོད་ཀྱང་མི་ཕན་གྱི་ཁ་ལ་སླར་གནོད་དེ། སྤྱོད་འཇུག་ལས། བདག་ནི་རྙེད་མང་བཀུར་སྟིར་བཅས། །བདག་ལ་མང་པོ་དགའ་བོ་ཞེས། །དེ་འདྲའི་སྙེམས་པ་འཆང་ན་ནི། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །དེ་བས་རྣམ་པར་རྨོངས་པའི་ཡིད། །གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་སྟོང་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་།(༢ །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། །རྒྱལ་པོ་ཆེན་པོ་དེའི་ཚེ། དེའི་དུས་ན། ཆོས་མ་ཡིན་པ་མགོན་དང་སྐྱབས་གཞན་མེད་དེ།(༣ ཞེས་གསུངས་སོ།། དེ་འོ་ན་དེའི་ཚེ་གང་གིས་ཕན་ན་ཆོས་རྣམ་པར་དག་པ་བྱས་ན་ཕན་ཏེ། སྤྱོད་འཇུག་ལས། ཚེ་བསོད་ནམས་གཅིག་སྐྱབས་ན།(༤ །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དེའི་ཚེ་དེའི་དུས་ན། ཆོས་ནི་སྐྱབས་དང་མགོན་དང༌། རྟེན་དང༌། གླིང་དང་། དཔུང་གཉེན་ཆེན་པོར་གྱུར་ཏེ།༥༥ ཞེས་གསུངས་སོ། །ཆོས་བྱས་ཀྱང་འཆིའོ་སྙམ་ན། འཆི་ལུགས་མི་གཅིག་པ་སོགས་ནི། གསུང་བགྲོས་མ་བཞིན་དུ་ཤེས་པར་བྱའོ། །དེས་ན་འཆི་བ་ནི་འོང་བར་འདུག ནམ་འོང་ནི་ཆ་མི་འདུག དེ་ལ་ཕན་པ་ནི་ཆོས་མ་ཡིན་པ་མི་འདུག་པས། འཆི་བ་ལ་མི་འཇིགས་པའི་གདེངས་དང་ལྡན་པ་བཞིན་དུ་འདུག་པ་ནི་ཤིན་ཏུ་མི་འཐད་དེ། སྤྱོད་འཇུག་ལས། བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་བ། །གདོན་མི་ཟ་བར་མེད་གྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འདུག༦ །ཅེས་དང་། བཞི་བརྒྱ་པ་ལས། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །ཡོངས་ཤེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད།(༧ །ཅེས་གསུངས་སོ། །དེས་ན་མི་སྙིང་ཅན་ཀུན་རང་ལ་ཕྱི་ཐག་བསྲིངས། །རང་མི་བསླུ་ན་ཞེ་ནས་ཀྱི་ལྷ་ཆོས་གཅིག་མཛོད་ཅེས་ཡང་དགོན་པས་གསུངས་སོ།༥༨ །དེ་བཞིན་དུ་ཚེ་འདི་བློས་བཏང་བའི་ཆོས་རེ་བྱེད་པ་གལ་ཆེའོ། །འཆི་བ་མི་རྟག་པ་བསྒོམ་པ་བསྟན་ཟིན་ཏོ།། དེ་ལྟར་འཆི་བའི་དུས་ལ་བབས་པའི་ཚེ། ཚེ་འདིའི་འབྱོར་བ་སོགས་གང་ཡང་རྗེས་སུ་མི་འབྲང་བ་འདུག་ན། རྗེས་སུ་འབྲང་བ་ནི་ཅི་ཡང་མེད་དམ་སྙམ་ན། རང་གི་བྱས་པའི་ལས་དགེ་སྡིག་ནི་ཤུལ་དུ་ཡང་མི་སྡད་གཞན་དུ་ཡང་མི་འགྲོ མེད་པར་ཡང་མི་འགྲོ ལུས་དང་གྲིབ་མ་བཞིན་དུ་རང་གི་རྗེས་སུ་འབྲང་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲངས། །སྐྱེས་བུ་དེ་ནི་གང་དང་གང་འགྲོ་ཡང་། །ལུས་དང་གྲིབ་མ་བཞིན་དུ་རྗེས་སུ་འབྲངས།(༩ །ཞེས་གསུངས་སོ།། གསུམ་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྒོམ་པ། གསུམ་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྒོམ་པ་ལ་བཞི་སྟེ། དགེ་བ་དང་མི་དགེ་བའི་ལས་ཀྱི་མཚན་ཉིད་བསམ་པ། དེའི་འབྲས་བུ་བསམ་པ། ལས་ཀྱི་རྣམ་གྲངས་རྣམ་པར་བཞག་པ། དོན་བསྡུས་ཏེ་བསྟན་པའོ།། དགེ་བ་དང་མི་དགེ་བའི་ལས་ཀྱི་མཚན་ཉིད་བསམ་པ། དང་པོ་ལ་གཉིས་ཏེ། མི་དགེ་བའི་ལས་དང་དགེ་བའི་ལས་སོ། །དང་པོ་ནི། །འཕགས་པ་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་བསྐྱེད་ལས་ནི་མི་དགེ་བ་༦༠ །ཞེས་གསུངས་སོ། །ཉོན་མོངས་པས་ཀུན་ནས་སླང་བའི་གཞི་བསམ་པ་སྦྱོར་བ་མཐར་ཐུག་ཚང་བའི་ལས་སོ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེ་བསྐྱེད་ལས་ནི་དགེ་བའོ།༦༡ །ཞེས་གསུངས་པས། མ་ཆགས་པ་ལ་སོགས་པས་ཀུན་ནས་སླང་བའི་གཞི་བསམ་པ་སྦྱོར་བ་མཐར་ཐུག་ཚང་བའི་ལས་སོ། །མི་དགེ་བ་ལ་དབྱེ་ན་བཅུ་སྟེ། །ལུས་ཀྱི་ལས་མི་དགེ་བ་གསུམ། ངག་གི་ལས་མི་དགེ་བ་བཞི། ཡིད་ཀྱི་ལས་མི་དགེ་བ་གསུམ་མོ། །དེ་རེ་རེ་ལའང་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་བཞི་ཚང་དགོས་སོ།། དེ་ལ་དང་པོ། སྲོག་གཅོད་པའི་གཞི་ནི། རང་ལས་གཞན་དུ་གྱུར་པའི་སེམས་ཅན་ནོ། །བསམ་པ་འདུ་ཤེས་དང་ཀུན་སློང་གཉིས་ལས། དང་པོ་ནི། བསད་པར་བྱ་བ་དེ་ལ་དེར་འདུ་ཤེས་པ་སྟེ། དེ་ལ་ཡང་བྱེ་བྲག་ཞུགས་པ་དང་མ་ཞུགས་པ་གཉིས་ལས། དང་པོ་ནི། བསད་པར་བྱ་བའི་སེམས་ཅན་གཅིག་ངེས་པར་བཟུང་ནས་དེར་འདུ་ཤེས་པའོ། །གཉིས་པ་ནི། ལུག་ཁྱུ་ལྟ་བུ་ལ་བསད་པར་འདུ་ཤེས་པས་ལྷས་སྦྱིན་གསད་བར་འདོད་ནས། མཆོད་སྦྱིན་ལ་དེར་འདུག་སྙམ་དུ་བསམས་ནས། མཆོད་སྦྱིན་གསོད་པས་ནི། སྲོག་གཅོད་པའི་མི་དགེ་བར་མི་འགྲོ་བའོ། །དེས་ན་བྱེ་བྲག་ཞུགས་པ་ནི། གང་གསད་པར་བྱ་བ་དེ་ཡིན་པ་ལ་ཡིན་པར་འདུ་ཤེས་པའོ། །བྱེ་བྲག་མ་ཞུགས་པ་ལ་ནི། ནོར་ནས་བསད་ཀྱང་སྲོག་གཅོད་པའི་ལས་སུ་འགྱུར་རོ། །ཉོན་མོངས་པ་གང་ཡང་རུང་བས་ཀུན་ནས་བླང་ནས། ཀུན་སློང་གསད་པར་འདོད་པའོ། །སྦྱོར་བ་མཚོན་བསྣུན་པའམ་དུག་དང་གཡང་ལ་བསྒྱུར་བ་ལ་སོགས་པ་རང་ངམ་གཞན་ལ་བསྐོས་པས་ཀྱང་ཆོག་གོ །མཐར་ཐུག་ནི་སྦྱོར་བ་དེ་ལ་བརྟེན་ནས་རང་མ་ཤི་བའི་སྔོན་རོལ་དུ་ཕ་རོལ་པོ་དེ་ཤི་བའོ། །དེ་ལ་འདོད་ཆགས་ཀྱི་སྲོག་གཅོད་པ་ནི། བསད་བྱ་དེའི་ཤ་ལ་སོགས་པ་ལ་ཆགས་ནས་བསོད་པའོ། ། ཞེ་སྡང་གི་ནི། ཕ་རོལ་པོ་ལ་སྙིང་ན་བའོ། །གཏི་མུག་ནི་སར་ཤིག་དྲ•༦༢ དག་ཕ་མ་རྒས་པོ་ལ་རྒས་པའི་སྡུག་བསྔལ་བསྐྱབ་པར་འདོད་པའོ། །མཐར་ཞེ་སྡང་གིས་སོ།། གཉིས་པ། མ་བྱིན་པར་ལེན་པའི་གཞི་ནི། རང་ལས་རྫས་ཐ་དད་པའི་གང་ཟག་གིས་བདག་ཏུ་བཟུང་བའི་དངོས་པོ། བསམ་པ་ལ་འདུ་ཤེས་ནི། རྐུ་བར་བྱ་བའི་དངོས་པོ་དེ་ལ་དེར་འདུ་ཤེས་པའོ། །དེ་ལའང་བྱེ་བྲག་ཞུགས་པ་དང་མ་ཞུགས་པ་གཉིས་སོ། །ཉོན་མོངས་ནི་དུག་གསུམ་གང་རུང་གིས་ཀུན་ནས་སླངས་ནས་ཀུན་སློང་མ་བྱིན་པར་ལེན་པར་འདོད་པའོ། །སྦྱོར་བ་མཐུ་དང་སྟོབས་ཀྱི་སྒོ་ནས་འཕྲོག་པ་དང༌། འཇབ་བུས་དང་། གཅོལ་བ་གནོངས་པ་དང་བཤགས་པ་ལ་སོགས་པས་དེ་རང་ངམ་གཞན་ལ་བཅོལ་བས་ཀྱང་རུང་ངོ༌། །མཐར་ཐུག་ནི་གནས་ནས་སྤགས་པ་དང༌། ཐོབ་བློ་གཉིས་གང་རྗེས་ལ་བྱུང་བའོ། །དེ་ལ་འདོད་ཆགས་ཀྱིས་ཀུན་ནས་བླངས་པ་ནི། རྫས་དེ་ལ་ཆགས་པས་སོ། །ཞེ་སྡང་གིས་ནི། རྫས་ཀྱི་བདག་པོ་དེ་ལ་བསད་པར་བྱ་བའི་ཕྱིར་དུའོ། །གཏི་མུག་གིས་ནི། མ་བྱིན་པར་བླངས་པ་ལ་ཉེས་པ་མེད་སྙམ་དུ་ལེན་པའོ། །མཐར་ནི་འདོད་ཆགས་ཀྱིས་སོ།། གསུམ་པ། འདོད་པས་ལོག་པར་གཡེམ་པའི་གཞི་ནི། སྐྱེས་པ་གཞན་གྱིས་བདག་ཏུ་བཟུང་བ་དང་། ཕ་མ་དང་འབྲེལ་བའི་བདུན་རྒྱུད་རྣམས་དང་། སྨད་འཚོང་མ་རིན་བཅལ་ནས་ལོངས་མ་སྤྱད་པ་ལ་སོགས་པའོ། །གནས་མ་ཡིན་པ་ནི། དཀོན་མཆོག་རྟེན་དང་། ཕ་མ་ལ་སོགས་པ་གནས་པ་དང༌། གད་ཁ་དང༌། སྣང་བ་ཡོད་པ་ལ་སོགས་པའོ། དུས་མ་ཡིན་པ་ནི། སྦྲུམ་མ་དང༌། ཟླ་མཚན་འཛག་པ་ལ་སོགས་པ་དང་། མྱ་ངན་གྱི་གདུངས་པའོ། །ཡན་ལག་མ་ཡིན་པ་ནི། ཁ་དང་གཤང་ལམ་ལ་སོགས་པའོ། །བསམ་པ་དེར་འདུ་ཤེས་པའོ། །འདི་ལ་འགའ་ཞིག་བྱེ་བྲག་ཞུགས་པ་དང༌། མ་ཞུགས་པ་ཁྱད་མེད་གསུངས་མོད། འཕགས་པ་ཐོགས་མེད་ནི། བྱེ་བྲག་ཞུགས་མ་ཞུགས་གཉིས་ཡོད་པར་བཞེད།༦༣ ཅེས་གསུངས་སོ། །ཉོན་མོངས་པ་དུག་གསུམ་གང་རུང་གིས་ཀུན་ནས་བླངས་ནས། ཀུན་སློང་འདོད་པས་ལོག་གཡེམ་འདོད་པའོ། །སྦྱོར་བ་ཁྲི་ལས་ལྡང་བ་ལ་སོགས་པ་སྦྱོར་བ་བརྩོམ་པའོ། །མཐར་ཐུག་བདེ་བ་ཉམས་སུ་མྱོང་བའོ། །འདི་ལའང་འདོད་ཆགས་ཀྱི་ཀུན་ནས་བླངས་པ་ནས་འཛག་བདེ་ཉམས་སུ་མྱོང་བར་འདོད་པའོ། །ཞེ་སྡང་གིས་ནི་གཞན་གྱི་ཆུང་མ་ཆུད་གསན་པ་ལ་སོགས་པ་གཞན་ལ་གནོད་པར་སེམས་པའོ། །གཏི་མུག་གི་ནི་སར་ཤིག་པ་དག མ་བག་མར་བླངས་ཏེ། ལོག་པར་གཡེམ་པ་ལྟ་བུའོ། །མཐར་འདོད་ཆགས་ཀྱིས་རྫོགས་པར་བྱེད་དོ།། བཞི་པ། རྫུན་དུ་སྨྲ་བའི་གཞི་ནི། སྨྲ་ཤེས་ཤིང་དོན་གོ་བའོ། །བསམ་པ་ནི། སྨྲ་བར་བྱ་བའི་དོན་དེ་ལས་གཞན་དུ་འདུ་ཤེས་པའོ། །ཉོན་མོངས་པ་གང་རུང་གི་ཀུན་ནས་བླངས་ནས་ཀུན་སློང་འདུ་ཤེས། གཞན་དུ་བསྒྱུར་ནས་སྨྲ་བར་འདོད་པའོ། །སྦྱོར་བ་སྨྲ་བར་བརྩམས་པའོ། །མཐར་ཐུག་ཕ་རོལ་པོས་དོན་གོ་བའོ། །མཐར་ཐུག་གསུམ་པོ་གང་རུང་གིས་རྫོགས་པར་བྱེད་དོ།། ལྔ་པ། ཕྲ་མ་སྨྲ་བའི་ཡུལ་ནི། གང་ཟག་ཕ་རོལ་པོ་གཉིས་སོ། །བསམ་པ་ནི་དེར་འདུ་ཤེས་པའོ། །ཉོན་མོངས་པ་གང་རུང་གི་ཀུན་ནས་བླང་སྟེ་ཀུན་སློང་དེ་གཉིས་འབྱེད་པར་སྨྲ་བར་འདོད་པའོ། །སྦྱོར་བ་སྨྲ་བར་བརྩོམ་པའོ། །མཐར་ཐུག་འབྱེད་པའི་ཚིག་དེ་བདེན་ཡང་རུང་མི་བདེན་ཡང་རུང་ཕ་རོལ་པོས་དོན་གོ་བའོ། །མཐར་དུག་གསུམ་པོ་གང་རུང་གིས་རྫོགས་པར་བྱེད་དོ།། དྲུག་པ། ཚིག་རྩུབ་སྨྲ་བའི་ཡུལ་ནི། ཀུན་ནས་མནར་སེམས་པའི་ཡུལ་ལོ། །བསམ་པ་ལ་འདུ་ཤེས་ནི་དེར་འདུ་ཤེས་པའོ། །ཉོན་མོངས་པ་གང་རུང་གི་ཀུན་ནས་བླངས་ནས་ཀུན་སློང་ཕ་རོལ་པོའི་ཞི་ལ་ཕོག་པའི་ཚིག་སྨྲ་བར་འདོད་པའོ། །སྦྱོར་བ་སྨྲ་བར་བརྩམ་པའོ། །མཐར་ཐུག་ཕ་རོལ་པོས་དོན་གོ་བའོ། །མཐར་ཞེ་སྡང་གིས་རྫོགས་པར་བྱེད་དོ།། བདུན་པ། ངག་འཁྱལ་སྨྲ་བའི་གཞི་ནི། སེམས་ཅན་ཅི་རིགས་པའོ། །བསམ་པ་ནི་དེར་འདུ་ཤེས་ཉོན་མོངས་པ་གང་རུང་གི་ཀུན་ནས་བླངས་ཏེ་ཀུན་སློང་ངག་འཁྱལ་སྨྲ་བར་འདོད་པའོ། །མཐར་ཐུག་སྨྲས་ཟིན་པའོ། །མཐར་དུག་གསུམ་གང་རུང་གིས་རྫོགས་པར་བྱེད་པའོ།། བརྒྱད་པ། བརྣབ་སེམས་ཀྱི་ཡུལ་ནི་མ་བྱིན་ལེན་གྱི་གཞི་དང་འདྲའོ། །བསམ་པ་དེར་འདུ་ཤེས་པའོ། །ཉོན་མོངས་པ་གང་རུང་གི་ཀུན་ནས་བླངས་ཏེ། ཀུན་སློང་མི་རིགས་པར་བདག་གི་བྱ་བར་འདོད་པའོ། །མཐར་ཐུག་བདག་གི་བྱའོ་སྙམ་དུ་བློས་ཐག་ཆོད་པའོ། །མཐར་འདོད་ཆགས་ཀྱི་རྫོགས་པར་བྱེད་དོ།། དགུ་པ། གནོད་སེམས་ཀྱི་གཞི་ནི། ཀུན་ནས་མནར་སེམས་ཀྱི་གཞིའོ། །བསམ་པ་ནི། དེར་འདུ་ཤེས་པའོ། །ཉོན་མོངས་པ་གང་རུང་གི་ཀུན་ནས་བླངས་ཏེ་ཀུན་སློང་གནོད་པར་བྱར་འདོད་པའོ། །སྦྱོར་བ་གནོད་པར་བྱ་བ་སེམས་པའོ། །མཐར་ཐུག་གསོད་པའམ་ལོངས་སྤྱོད་ཕྲལ་ལ་གང་རུང་གི་གནོད་པ་འདི་ལྟ་བུ་གཅིག་བྱའོ་སྙམ་དུ་བློས་ཐག་གཅད་པའོ། །མཐར་ཞེ་སྡང་གིས་རྫོགས་པར་བྱེད་དོ།། བཅུ་པ། ལོག་པར་ལྟ་བའི་ཡུལ་ནི། ལས་རྒྱུ་འབྲས་ལ་སོགས་པའོ། །བསམ་པ་འདུ་ཤེས་ནི་དེར་འདུ་ཤེས་པའོ། །ཉོན་མོངས་པ་གང་རུང་གིས་ཀུན་ནས་བླངས་ཏེ། ཀུན་སློང་སྐུར་བ་བཏབ་པར་འདོད་པའོ། །སྦྱོར་བ་སྐུར་བ་འདེབས་པར་སེམས་པའོ། །མཐར་ཐུག་ལས་རྒྱུ་འབྲས་མེད་སྙམ་དུ་བློས་ཐག་བཅད་པའོ། །མཐར་གཏི་མུག་གིས་རྫོགས་པར་བྱེད་པའོ།། གཉིས་པ་དགེ་བ་ལ་དབྱེ་ན་བཅུ་སྟེ། སྲོག་གཅོད་པ་སྤང་བ་ལ་སོགས་པ་ལུས་ཀྱི་ལས་དགེ་བ་གསུམ། རྫུན་སྤོང་བ་ལ་སོགས་པ་ངག་གི་ལས་དགེ་བ་བཞི། བརྣབ་སེམས་སྤོང་བ་ལ་སོགས་པ་ཡིད་ཀྱི་ལས་དགེ་བ་གསུམ་སྟེ་དེ་ལྟར་ན་བཅུའོ། །དེ་དག་གི་ངོ་བོ་ནི་སྔར་གྱི་མི་དགེ་བ་བཅུ་པོ་ལས་ལོག་པ་ཡིན་མོད། དེ་དག་གཅིག་ལ་དཔེར་མཚོན་ན། སྲོག་གཅོད་པ་སྤོང་བའི་གཞི་ནི། སྲོག་གཅོད་པའི་གཞི་དང་འདྲའོ། །བསམ་པ་འདུ་ཤེས་ནི། དེར་འདུ་ཤེས་པའོ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་གང་རུང་གི་ཀུན་ནས་བླངས་ཏེ། ཀུན་སློང་སྲོག་གཅོད་པ་སྤོང་བར་འདོད་པའོ། །སྦྱོར་བ་མཚོན་བསྣུན་པ་ལ་སོགས་པ་ཕ་རོལ་འཆི་བའི་སྦྱོར་བ་སྤངས་ཏེ། མཐར་ཐུག་གཞི་དེ་གསོད་པ་སྤངས་པའོ། །དེས་གཞན་རྣམས་ལའང་ཤེས་པར་བྱའོ།། གཉིས་པ་ལས་དགེ་མི་དགེའི་འབྲས་བུ་བསམ་པ། གཉིས་པ་དེ་དག་གི་འབྲས་བུ་བསམ་པ་ནི། དེ་ལྟ་བུའི་མི་དགེ་བ་བཅུ་པོ་རེ་རེ་ལའང་། འབྲས་བུ་གསུམ་གསུམ་སྟེ། རྣམ་པར་སྨིན་པའི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུའོ། །དེ་ལ་མི་དགེ་བ་བཅུའི་རྣམ་པར་སྨིན་པའི་འབྲས་བུ་ནི། དེ་ཆེན་པོར་སྤྱད་པས་སེམས་ཅན་དམྱལ་བ། འབྲིང་དུ་སྤྱད་པས་ཡི་དྭགས། ཆུང་ངུར་སྤྱད་པས་དུད་འགྲོར་སྐྱེ་བར་བྱེད་དོ། །མདོ་འགའ་ཞིག་ལས། འབྲིང་དུ་སྤྱད་པས་དུད་འགྲོ་དང་ཆུང་ངུར་སྤྱོད་པས་ཡི་དྭགས་སུ་སྐྱེ་བར་བཤད་པ་ཡོད་དོ། །སྔ་མ་དང་འགལ་བ་མ་ཡིན་ཏེ། འབྲིང་དུ་དཔྱད་པས་དུད་འགྲོ་སྡུག་བསྔལ་ཆེ་ཤོས་དང་། ཆུང་ངུར་དཔྱད་པས་ཡི་དྭགས་སྡུག་བསྔལ་ཆུང་ཤོས་སུ་སྐྱེ་བ་ལ་དགོངས་སོ། །ཞེས་གསུངས་སོ། །དེས་ན་འབྲིང་དུ་སྤྱད་པས་ཡི་དྭགས་དང་དུད་འགྲོ་སྡུག་བསྔལ་ཆེ་ཤོས་དང་། ཆུང་ངུ་སྤྱད་པས་དེ་གཉིས་སྡུག་བསྔལ་ཆུང་ཤོས་སུ་སྐྱེ་བ་དེ་ཡིན་ནོ། །དེ་ཉིད་ཀྱི་ན་མི་དགེ་བ་བཅུའི་རྣམ་སྨིན་གྱི་འབྲས་བུ་ནི་ངན་སོང་གསུམ་ལས་མཐོ་རིས་སུ་སྐྱེ་བ་མི་སྲིད་དོ།། སྲོག་གཅོད་པའི་རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ཏེ། མྱོང་བ་རྒྱུ་མཐུན་དང༌། བྱེད་པ་རྒྱུ་མཐུན་གཉིས་སོ། །དང་པོ་ནི། རྣམ་སྨིན་གྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བའོ། །གཉིས་པ་ནི།༦༤ ངན་སོང་ལས་ཐར་ཏེ། མིར་སྐྱེས་ཀྱང་སྲོག་གཅོད་པ་ལ་དགའ་བའོ། །དེས་ན་དེང་སང་གི་མི་སྲོག་གཅོད་པ་ལ་དགའ་བ་འདི་རྣམས་ཀྱང་སྔོན་གྱི་བྱེད་པ་རྒྱུ་མཐུན་དུ་ཤེས་པར་བྱའོ། །དེ་བཞིན་དུ་མི་དགེ་བ་གཞན་རྣམས་ཀྱི་བྱེད་པ་རྒྱུ་མཐུན་ཡང་། མི་དགེ་བ་གང་ཡིན་པ་དེ་བྱེད་པ་ལ་དགའ་བའོ། །སྲོག་གཅོད་པའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། མིར་སྐྱེས་ཀྱང་ཚེ་ཐུང་བ་དང༌། ནད་མང་བ་ལ་སོགས་པའོ། །མ་བྱིན་པར་ལེན་པའི་མྱོང་བ་རྒྱུ་མཐུན་ནི་མིར་སྐྱེས་ཀྱང་ལོངས་སྤྱོད་ཕོངས་པ་དང་། ལོངས་སྤྱོད་ཡོད་ཀྱང་རང་དབང་སྤྱད་དུ་མེད་པར་གཞན་གྱིས་འཕྲོག་པ་ལྟ་བུའོ། །འདོད་ལོག་གི་མྱོང་བ་རྒྱུ་མཐུན་ནི། ཁྱིམ་པ་ཡིན་ན་ཆུང་མ་མི་བསྲུན་པ་དང་། གཞན་དང་ཐུན་མོང་དུ་གྱུར་པ་ལྟ་བུའོ། །རྫུན་གྱི་མྱོང་བ་རྒྱུ་མཐུན་ནི། མིར་གྱུར་ཀྱང་སྐུར་པ་ཡང་མང་བ་དང༌། གཞན་གྱི་བསླུ་བ་ལ་སོགས་པའོ། །ཕྲ་མའི་མྱོང་བ་རྒྱུ་མཐུན་ནི། མཛའ་བཤེས་ཉུང་བ་དང་། ཅུང་ཟད་ཡོད་ཀྱང་མྱུར་དུ་ཕྱེ་བ་ལ་སོགས་པའོ། །ཚིག་རྩུབ་ཀྱི་མྱོང་བ་རྒྱུ་མཐུན་ནི། གཞན་གྱིས་རང་ལ་གང་སྨྲས་པ་དེ་ཡང་རང་གི་ཡིད་དུ་མི་འོང་། རང་གིས་གཞན་ལ་སྨྲས་པའང་ཀུན་སློང་ངན་པ་མེད་ཀྱང་གཞན་གྱིས་སྙིང་ལ་ཕོག་པའི་ཚིག་ཏུ་འགྱུར་པའོ། །ངག་འཁྱལ་པའི་མྱོང་བ་རྒྱུ་མཐུན་ནི། རང་གིས་བདེན་པར་སྨྲས་ཀྱང་གཞན་གྱིས་བདེན་པར་མི་འཛིན་པས་ཚིག་མི་བཙན་པ་དང་ཚད་མར་མི་འཛིན་པའོ། །བརྣབ་སེམས་ཀྱི་མྱོང་བ་རྒྱུ་མཐུན་ནི། འདོད་པ་ཆེ་བ་དང་ཆོག་མི་ཤེས་པའོ། །གནོད་སེམས་ཀྱི་མྱོང་བ་རྒྱུ་མཐུན་ནི། ཞེ་སྡང་ཆེ་བའོ། །ལོག་ལྟས་མྱོང་བ་རྒྱུ་མཐུན་ནི། ཤེས་རབ་ཆུང་བ་དང༌། བྱ་བ་དང་བྱ་བ་མ་ཡིན་པའི་ཆ་ལ་རྨོངས་པའོ། །དེས་ན་དེང་སང་གི་མི་རྣམས་ལ་གོང་དུ་བཤད་པའི་ཉེས་པ་གང་དང་གང་འདུག་པ་རྣམས། དེ་དང་དེའི་ཉོན་མོངས་པའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཤེས་པར་བྱའོ།། བདག་པོའི་འབྲས་བུ་ནི་སྣོད་ཀྱི་འཇིག་རྟེན་ལས་འབྱུང་བས་སྲོག་གཅོད་པས་ས་ཕྱོགས་གཟི་གདངས་ཆུང་ཞིང་ཡིད་དུ་མི་འོང་བ་དང་། མ་བྱིན་པར་ལེན་པས་ལོ་ཐོག་ལ་སེར་བ་ལ་སོགས་པའི་བར་ཆད་མང་བ་དང་། འདོད་ལོག་གིས་ཕྱོགས་རྡུལ་གྱི་འཁྲིགས་པ་དང་། རྫུན་གྱི་ས་ཕྱོགས་འདམ་རྫ་བ་དང་དྲི་ང་བ་དང་། ཕྲ་མས་ས་ཕྱོགས་མཐོ་དམན་ཅན་དང༌། ཚིག་རྩུབ་ཀྱི་ཚ་སྒོ་ཅན་དང་ངག་འཁྱལ་གྱི་དུས་འགྱུར་ལྡོག་ཅན་བྱེད་པ་ལ་སོགས་པ་དང༌། བརྣབ་སེམས་ཀྱི་འབྲས་བུ་ཉུང་བ་དང་། གནོད་སེམས་ཀྱི་འབྲས་བུ་རོ་ཁ་བ་དང་། ལོག་ལྟས་འབྲས་བུ་མེད་པའི་ས་ཕྱོགས་སུ་སྐྱེ་བ་ཡིན་ནོ། །དེས་ན་ས་ཕྱོགས་དེ་ལྟ་བུ་གང་ན་འདུག་ཀྱང་མི་དགེ་བ་དང་དེའི་བདག་པོའི་འབྲས་བུར་ཤེས་པར་བྱའོ།། གསུམ་པ་ལས་ཀྱི་རྣམ་གྲངས་རྣམ་པར་བཞག་པ། གསུམ་པ་ལས་ཀྱི་རྣམ་གྲངས་རྣམ་པར་བཞག་པ་ལ་ལྔ་ལས། སེམས་པ་ལས་གྱུར་པ་ལྔའི་སྒོ་ནས་དང་། ལས་སྟོབས་ལྡན་མི་ལྡན་གྱི་སྒོ་ནས་དང༌། འཕེན་བྱེད་དང་རྫོགས་བྱེད་ཀྱི་སྒོ་ནས་དང་། དཀར་ལ་རྣམ་སྨིན་དཀར་བ་ལ་སོགས་པའི་སྒོ་ནས་དང༌། འབྲས་བུ་སྨིན་པའི་དུས་ཀྱིས་སྒོ་ནས་རྣམ་གྲངས་རྣམ་པར་བཞག་པའོ།། དང་པོ་ནི། དགེ་མི་དགེ་ལས་རྣམས་གསོག་ཚུལ་ཇི་ལྟར་སོག་སྙམ་ན། སེམས་པ་ལས་གྱུར་པ་ལྔའི་སྒོ་ནས་གསོག་པར་གསུངས་ཏེ། སྲོག་གཅོད་པ་ལྟ་བུ་ལ་མཚོན་ན། བསྒོ་བ་སེམས་པ་ལས་གྱུར་པ་ནི། གསོད་པ་པོ་དེ་སེམས་ཅན་གསོད་པ་ལ་གཏིང་ནས་མི་མོས་ཤིང་འཚེར་ཡང་། རྒྱལ་པོ་ལ་སོགས་པས་ཁ་དྲག་པོའི་སྒོ་དེས་དབང་མེད་དུ་གསོད་དགོས་པ་ལྟ་བུའོ། །གསོལ་བ་གདབ་པ་སེམས་པ་ལས་གྱུར་པ་ནི། རང་སྲོག་གཅོད་པ་མི་མོས་ཀྱང་། ཉེ་དུ་མཛའ་བཤེས་ལ་སོགས་པས་གསོལ་བ་བཏབ་སྟེ། དེའི་ངོ་མ་ཆོག་པར་གསད་པ་ལྟ་བུའོ། །མི་ཤེས་པ་སེམས་པ་ལས་གྱུར་པ་ནི། བྱིས་པ་ཆུང་ངུས་སྲོག་གཅོད་པའི་ཉེས་དམིགས་མ་ཤེས། ཉོན་མོངས་པ་དྲག་པོ་ཡང་མེད་ཀྱང་རྩེ་དགའ་ལ་སོགས་པའི་སྒོ་ནས་གྲོགས་སྦྱར་ལ་སོགས་དང་བྱིའུ་ལ་སོགས་པ་གསོད་པའོ། །རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་པ་ནི། ཉོན་མོངས་པ་དྲག་པོས་ཀུན་ནས་བླངས་ཏེ། སྦྱོར་དངོས་རྗེས་གསུམ་ཚང་བའི་སྲོག་གཅོད་པ་ལྟ་བུའོ། །ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པ་ནི། ཐར་པ་ཐོབ་པའི་ཕྱིར་དུ། ར་དང་མ་ཧེ་ལ་སོགས་པ་གསོད་པ་ལྟ་བུའོ། །དེ་བཞིན་དུ་མི་དགེ་བ་གཞན་རྣམས་ལའང་ཤེས་པར་བྱའོ།། དེ་ལའང་། སེམས་པ་ལས་གྱུར་པ་དང་པོ་གཉིས་ནི། བྱས་ལ་མ་བསགས་པའི་ལས་སུ་གསུངས་པས། འབྲས་བུ་མྱོང་བར་ངེས་པ་མ་ཡིན་ལ་ཕྱི་མ་གཉིས་ནི་བྱས་ལ་བསགས་པའི་ལས་ཡིན་པའི་འབྲས་བུ་མྱོང་ངེས་སུ་གསུངས་སོ། །གཞན་ཡང་རང་གི་མི་མཐུན་ཕྱོགས་ལ་མི་འདོད་པ་དྲག་པོ་བྱུང་བ་ལ་དགའ་བ་བསྒོམ་པ་དང་། དགྲ་ལ་གནོད་པ་འཁྱོལ་བ་ལ་རྗེས་སུ་ཡི་རང་བསྒོམ་པ་ནི། མ་བྱས་ལ་བསགས་པའི་ལས་ཞེས་བྱ་བ། ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཤིང་། འདི་ནི་འབྱུང་ཉེ་ལ་ཉེས་པ་ཤིན་ཏུ་ཆེ་བས་ཕྱོགས་འདི་ལ་བག་ཡོད་པར་བྱོས་ཤིག དགེ་བ་ལ་ཡང་བྱས་ལ་མ་བསགས་པ་ནི། རྣམ་རྟོག་རྒྱ་ཡན་ལ་བཏང་བའི་བཟླས་བརྗོད་ལྟ་བུ་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་གསུངས་སོ། །བྱས་ལ་བསགས་པ་ནི། དད་པ་ལ་སོགས་པ་དྲག་པོས་ཀུན་ནས་བླངས་ཏེ་ཉོན་མོངས་པ་དང་ཚེ་འདིའི་རྣམ་རྟོག་༦༦ ལ་སོགས་པ་མ་འདྲེས་པར་མ་ཡེངས་པའི་སྒོ་ནས། བསམ་པ་ཐག་པའི་སྒོ་གསུམ་གྱི་དགེ་བ་གང་ཡང་རུང་བ་བསྒྲུབས་ཏེ། རྗེས་སུ་དགའ་བ་བསྒོམ་པའོ། །མ་བྱས་ལ་བསགས་པ་ནི། གཞན་གྱིས་བྱས་པའི་ལས་ལ་རྗེས་སུ་ཡི་རང་བའོ། །ཀྱེ་མི་དག་ཁ་ནང་དུ་ལོག་ལ་རང་གི་སྒོ་གསུམ་གྱི་བྱ་བ་ལ་སོགས་དང་། རང་གིས་བྱས་པའི་དགེ་བར་བསམ་པ་རྣམས་ནི། བྱས་ལ་མ་བསགས་པར་འགྲོ་བ་ཤས་ཆེ་བ་འདྲ་ཞིང་མི་དགེ་བ་ནི། ཞེ་སྡང་དྲག་པོས་ཀུན་ནས་བླངས་ནས། ཚིག་རྩུབ་པ་གཞན་གྱིས་རྒྱུད་ལ་ཕོག་ངེས་གཅིག་སྨྲ་སྟེ། ངའི་ཤུགས་ལེགས་པ་གཅིག་ཐེབས་སྙམ་དུ་བསམ་ན། དེའི་རྩ་བ་ལ་མངོན་པར་ཞེན་པའི་མི་དགེ་བ་ཞེས་པ་མི་དགེ་བ་ཆེན་པོ་སྟེ། རྣམ་སྨིན་དམྱལ་བར་འཕེན་ནུས་པ་ནི་དེ་ཙམ་གྱིས་རྫོགས་ལ། དེ་ལྟ་བུ་ཡང་ཉི་མ་རེ་རེ་ལ་ཡང་དུ་མ་ཞིག་འབྱུང་བར་སྣང་བས་བློ་ཞིབ་ལ་བླངས་ནས་བླང་དོར་ཚུལ་བཞིན་མ་བྱས་ན་ཅུང་ཟད་ཙམ་གྱིས་འགྱོད་པ་ཆེན་པོ་ལ་བཏུག་པར་འདུག་པས་དྲན་འཛིན་བྱེད་པ་གལ་ཆེ་སྟེ། དགེ་བཤེས་ཕུ་ཆུང་བའི་ཞལ་ནས་འོ་ཅག་གི་དགེ་བ་ནི། ཚིག་འབྲུ་ལ་བརྟེན་མི་དགེ་བ་ནི་དོན་ལྡན་དུ་འགྲོ་གསུངས།༦༧ དགེ་བའི་བཤེས་གཉེན་ཁམ་པ་ལུང་པའི་ཞལ་ནས། ད་རེས་དགེ་བ་དོན་མཐུན་གཅིག་མ་བྱས་ན། རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱེད་དོ་གསུངས་༦༨ དགེ་བའི་བཤེས་གཉེན་ཀ་མ་པའི་ཞལ་ནས། རིན་ཆེན་གླིང་དུ་ཕྱིན་ནས་དུག་གི་སྡོང་པོ་ཁུར་ཡོང་ཉེན་ཡོད་དོ་གསུང་ངོ༌།།༦༩ གཉིས་པ་ལས་སྟོབས་དང་ལྡན་པ་དང་མི་ལྡན་པའི་སྒོ་ནས་རྣམ་གྲངས་རྣམ་པར་བཞག་པ་ནི༑ འདི་ལ་ལུགས་དུ་མ་འདུག་ནའང་། འཕགས་པ་ཀླུ་སྒྲུབ་ཀྱིས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོར་གྱུར་གཞི་ལས་བྱུང་བ་ཡི། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་བསྒྲུབ་ལ་བརྩོན་པར་མཛོད།॰ །ཅེས་གསུངས་པ་ལྟར་བཤད་ན། དུས་ཀྱི་སྒོ་ནས་རྟག་ཏུ་བྱེད་པ་སྟོབས་ཆེ་སྟེ། དཔེར་ན་རྒྱལ་པོ་ལྟ་བུས་མི་དགེ་བ་ཉིན་རེ་ལ་སེམས་ཅན་འདི་ཙམ་གསོད་ཅེས་དམ་བཅས་ནས་གསོད་པ་ལྟ་བུ་སྟེ། སྤྱིར་སེམས་ཅན་གཅིག་བསད་པ་དང་། དམ་བཅས་ནས་གཅིག་པ་དེ་སྡིག་བསད་པ་གཉིས་སེམས་ཅན་གཅིག་བསད་པ་མཉམ་ཡང་། རྒྱུན་དུ་དམ་བཅས་ནས་བསད་པ་པ་སྟོབས་དང་ལྡན་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་དགེ་བ་ཡང་ཉི་མ་རེ་ལ་ཆོས་སྤྱོད་འདི་ཙམ་རེ་བྱེད་དམ་བཅས་ནས་བྱེད་པ་ལྟ་བུ་སྟེ། དེ་ལ་དམ་མ་བཅས་པར་ཉིན་ཅིག་ཆོས་སྤྱོད་དྲག་པོ་བྱས་པ་དང་དམ་བཅས་ནས་ཉིན་ཅིག་ཆོས་སྤྱོད་བྱས་པ་གཉིས་ཀུན་སློང་ལ་སོགས་པ་མཉམ་པའི་སྒོ་ནས། ཉིན་ཅིག་ཆོས་སྤྱོད་བྱས་པར་མཉམ་ཡང་། རྒྱུན་གྱི་ནང་དུ་རྟོགས་པའི་ཉིན་གཅིག་པ་དེ་དགེ་བ་སྟོབས་ལྡན་དུ་འགྱུར་བ་ཡིན་ནོ།། བསམ་པའི་སྒོ་ནས་མངོན་པར་ཞེན་པ་དྲག་པོས་ཀུན་ནས་སློང་ན་སྟོབས་ཆེ་སྟེ། མི་དགེ་བ་ལ་བརྩོན་ན་རྩ་བ་ལ་མངོན་པར་ཞེན་པའི་ལས་ལྟ་བུའོ། །དགེ་བ་ལ་ཡང་དད་པ་དྲག་པོ་དང་སྙིང་རྗེ་ལ་སོགས་པའི་བསམ་པ་དྲག་པོས་ཀུན་ནས་བླང་བའི་སྒོ་གསུམ་གྱི་དགེ་བ་རྣམས་སྟོབས་ལྡན་དུ་འགྱུར་རོ། །གཉེན་པའི་སྒོ་ནས་མི་དགེ་བ་བྱས་པ་ལ་འགྱོད་པ་མེད་པར་འདི་ལྟ་བུ་བྱས་ཞེས་དགའ་བ་བསྒོམ་པའི་མི་དགེ་བ་སྟོབས་ལྡན་དང་། དགེ་བ་ལ་ཡང་བྱས་པའི་རྗེས་སུ་ཡི་རང་བ་འདི་ལྟ་བུ་བྱས། ཞེས་དགའ་བ་བསྒོམ་པ་དགེ་བ་སྟོབས་ལྡན་དུ་འགྱུར་བ་ཡིན་ནོ། །དེ་ནས་མི་དགེ་བ་སྟོབས་ལྡན་ཀྱང་རྗེས་སུ་འགྱོད་པ་དྲག་པོ་སྐྱེས་ན་མི་དགེ་བ་སྟོབས་ཆུང་ངུར་འགྱུར་པས། མི་དགེ་བ་གང་བྱས་ཀྱང་རྗེས་སུ་འགྱོད་པ་སྐྱེས་ནས་བཤགས་པ་བྱེད་པ་གལ་ཆེའོ། །དེ་བཞིན་དུ་དགེ་བ་ལ་ཡང་ངོ༌། །དགེ་བ་སྟོབས་ལྡན་མ་ཡིན་ཡང་། རྗེས་སུ་དགའ་བ་སྒོམས་ན་སྟོབས་ལྡན་དུ་འགྱུར་བས་དགེ་བ་གང་བྱས་ཀྱི་འཇུག་ཏུ་རློམ་སེམས་མེད་པར་དགའ་བ་ཁྱད་པར་ཅན་སྒོམ་པར་བྱའོ།། ཞིང་གི་སྒོ་ནས་སྟོབས་ལྡན་ལ་གཉིས་ཏེ། དང་པོ་དཀོན་མཆོག་གསུམ་ལ་སྡིག་པ་དང་དགེ་བ་གང་བྱས་ཀྱང་སྟོབས་ལྡན་དུ་འགྲོ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་ན་མཚམས་མེད་ཀྱི་ལས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དང༌། མཆོད་རྟེན་འཇིག་པ་ལ་དེ་དང་ཉེ་བའི་ལས་སུ་གསུངས་པ་དང༌། ཆོས་ལ་བརྟེན་པ་ཆོས་སྤོང་གི་ལས་བསགས་ན་གཉེན་པོ་མེད་པ་ལྟ་བུའི་སྡིག་པར་གསུངས་པ་དང་། དགེ་འདུན་གྱི་དབྱེན་བྱས་ན་མཚམས་མེད་དེ། དགེ་འདུན་གྱི་དཀོར་བརྐུས་ན་སྡིག་པ་ཤིན་ཏུ་ལྕི་བ་སྟེ། མདོར་ན་དཀོན་མཆོག་གསུམ་གྱི་ཕྱོགས་ལ་སྡིག་པ་ཅུང་ཟད་ཙམ་བསགས་ནའང་། སྡིག་པ་སྟོབས་ལྡན་དུ་འགྱུར་རོ། །དེ་བཞིན་དུ་དགེ་བ་ལ་ཡང་། སངས་རྒྱས་ལ་དམིགས་ཏེ། མེ་ཏོག་གཅིག་གཏོར་ན་ཡང་། དགེ་བ་སྟོབས་ལྡན་ནམ་བསོད་ནམས་དཔག་ཏུ་མེད་པར་གསུངས་པ་དང༌། དེ་བཞིན་དུ་དཀོན་མཆོག་གསུམ་གྱི་ཕྱོགས་ལ་དགེ་བ་ཅུང་ཟད་ཙམ་བསགས་ཀྱང་དགེ་བ་སྟོབས་ལྡན་དུ་གསུངས་པ་དང་། གཞན་ཡང་ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། མི་གཅིག་གི་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་མིག་ཕྱུང་ཞིང་ལོངས་སྤྱོད་ཐམས་ཅད་ཕྲོགས་པའི་སྡིག་པ་ལས་ཡུལ་བྱང་ཆུབ་སེམས་དཔའ་གཅིག་ལ་ཁྲོས་པའི་སེམས་ཀྱི་མ་རུངས་པ་འདིའི་བལྟའོ།༧༡ །ཞེས་རྒྱབ་ཀྱིས་ཕྱོགས་ན་སྔ་མ་ལས་ཆེས་སྡིག་པ་ཆེ་བར་གསུངས་ཤིང་། བྱང་ཆུབ་སེམས་དཔའ་ནི་གང་ན་ཡོད་མི་ཤེས་པས་ཕྱོགས་འདི་ལའང་དྲན་འཛིན་ཤིན་ཏུ་གལ་ཆེའོ། །དེ་བཞིན་དུ་སྔར་གྱི་མིག་བཏོན་པ་དེ་ཐམས་ཅད་ལ་མིག་བྱིན་ཞིང་ལོངས་སྤྱོད་ཕུལ་པ་ལ་བཀོད་པ་བས། ཡུལ་བྱང་ཆུབ་སེམས་དཔའ་གཅིག་ལ་དང་བའི་སེམས་ཀྱིས་མིག་གཅིག་ལྟས་ན་དེ་ཆེས་བསོད་ནམས་ཆེ་བར་༧༢ གསུངས་སོ། །ཕན་འདོགས་ཀྱི་ཞིང་ཕ་མ་ལ་ཡང་། ཚིག་ངན་ཅུང་ཟད་ཙམ་བཟློག་པ་ལ་སོགས་པ་སྡིག་པ་ཅུང་ཟད་ཙམ་ལ་ཡང་སྡིག་པ་སྟོབས་ལྡན་དུ་བཤད་ལ། དེ་བཞིན་དུ་བསྙེན་བཀུར་ལ་སོགས་པ་དགེ་བ་ཅུང་ཟད་ཙམ་ལའང་དགེ་བའི་སྟོབས་ལྡན་དུ་བཤད་དོ།། དེ་ལྟ་བུའི་མི་དགེ་བ་སྟོབས་ལྡན་འཇོག་པའི་སྒོ་རེ་རེས་ཀྱང་གོང་དུ་བཤད་པའི་མི་དགེ་བ་ཆེན་པོའི་རྣམ་སྨིན་གྱི་འབྲས་བུ་དམྱལ་བ་རུ་འཕེན་ནུས་ན་རང་རྒྱུད་ལ་ནི་སྟོབས་ལྡན་དུ་འཇོག་པའི་སྒོ་དུ་མ་དང་ལྡན་པ་འབྱུང་བར་སྣང་སྟེ། གཞན་གྱི་དགེ་འདུན་གྱི་སྡེ་ཆེན་པོ་ལ་ཀུན་ནས་མནར་ང་སེམས་དྲག་པོས་ཀུན་ནས་བླང་སྟེ། ཚིག་རྩུབ་དྲག་པོ་སྨྲ་ན། དེ་ལ་དགའ་བ་བསྒོམ་པ་ཡང་འབྱུང་བར་འདུག་པའི་ཕྱིར་རོ། །དེ་ལྟ་བུ་ནི་དམྱལ་བ་མྱོང་ངེས་ཀྱི་ལས་སུ་འདུག་པས། དེ་ལྟ་བུའི་ལས་བསགས་ནས་ཡིད་བདེ་མོར་འདུག་པ་ནི་ཤིན་ཏུ་མི་རིགས་ཏེ། ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ནས། ཇི་ལྟར་བདག་ཡིད་བདེ་མོར་འདུག༧༣ །ཅེས་གསུངས་སོ། །དེས་ན་མི་དགེ་བ་དམྱལ་བར་འཕེན་ངེས་ལ་སོགས་པ་ལ་ནི། རྒྱུ་མང་པོ་དང་། རྩོལ་བ་དྲག་པོ་དང་། ཡུན་རིང་པོ་ལ་ལྟོས་མི་དགོས་ཀྱི་གོང་དུ་བཤད་པའི་སྟོབས་ལྡན་དུ་འཇོག་པའི་སྒོ་གང་རུང་གཅིག་དང་ལྡན་ན། ཚིག་དེ་ཙམ་བརྗོད་པའམ། རྣམ་རྟོག་གི་འདུ་འཕྲོ་ཅུང་ཟད་ཙམ་གྱིས་ཀྱང་དམྱལ་བར་འཕེན་ནུས་པའོ། །དེ་ཉིད་ཀྱི་ཕྱིར་ན་ཚིག་ངན་དེ་ཙམ་གྱིས་ཀྱང་དམྱལ་བ་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་སྣ་ཚོགས་བསྐྱེད་པར་མདོ་ལས་གསུངས་སོ།། དེ་རྣམས་ནི་ཁྱིམ་པ་དང་ཐུན་མོང་གི་དབང་དུ་བྱས་པའི་མི་དགེ་སྟོབས་ལྡན་དུ་འཇོག་ཚུལ་དུ་བཤད་པ་ཡིན་ལ། རབ་ཏུ་བྱུང་བ་ནི་རྟེན་གྱི་སྒོ་ནས་སྟོབས་དང་ལྡན་པས་མི་དགེ་བ་གང་བྱས་ཀྱང་སྟོབས་ལྡན་འབའ་ཞིག་ཏུ་འགྲོ་བར་སྣང་སྟེ། བྱམས་པ་སེང་གེ་སྒྲའི་མདོ་ལས། དམྱལ་བར་མདའ་འཕངས་པ་བཞིན་དུ་འགྲོ་བའི་ལས་བཞི་གསུངས་པ་ནི།༧༤ རབ་ཏུ་བྱུང་བ་བསླབ་པ་ཉམས་པས་དགེ་འདུན་གྱི་དད་རྫས་ལ་ལོངས་སྤྱོད་པ་དང་། བཅོམ་ལྡན་འདས་ཀྱི་ལྟུང་བ་འབྱུང་བའི་རྒྱུ་གསུངས་པ་ཤེས་བཞིན་དུ་ཁྱད་དུ་གསོད་པ་དང་། ལྟུང་བ་བྱུང་བ་དེ་འཕྲལ་དུ་བཤགས་པ་མི་བྱེད་པར་ལྟུང་བ་དང་ཞག་ཏུ་འགྲོགས་པ་དང་། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་རྣམས་གསུངས་པ་ལ། ལྟུང་བ་སྤྱོད་པ་ལ་བག་ཚ་བ་ཙམ་དུ་ཡང་མི་བྱེད་ཅིང་། ལྟུང་བ་བྱུང་ན་བཤགས་པ་གཏན་མི་བྱེད་པ་ཡང་འདུག་པས། འགྲོ་ས་ངན་སོང་གསུམ་ལས་མེད་པ་ལྟ་བུ་སྣང་ངོ༌། །དེ་བཞིན་དུ་སྡོམ་པ་གསུམ་གྱི་བཅས་པ་ཕྲ་མོ་ལ་འགལ་བའི་རྣམ་སྨིན་སེམས་ན། གོང་གི་ཉེས་པ་ཆེན་པོ་རྣམས་ཀྱང་ཤིན་ཏུ་ཆ་ཕྲ་བར་སྣང་ཞིང་། དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེས་དོན་ལ་དགོངས་ནས་ཆོས་ལ་བརྟེན་པའི་སྡིག་པ་ལ་ལྟོས་ནས་སྡིག་པ་གཞན་ཀུན་རྒྱུད་རྒྱུ་ཡིན་༥ ཞེས་གསུངས་སོ། །དེ་བཞིན་དུ་དགེ་བ་ལ། ཡང་མདོ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཅན་གྱི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཀོང་བུ་ཆེན་པོ་གཅིག་ཏུ་བྱས་ལ། རྩི་མར་གྱི་བཀང་སྟེ་སྡོང་བུ་རི་རབ་ཙམ་གཙུགས་ནས་དེ་ལ་མེ་སྦར་ཏེ། སངས་རྒྱས་ཀྱི་མཆོད་རྟེན་གྱི་དྲུང་དུ་ཕུལ་བ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཅིག་གི་སྡོང་བུ་འབའ་ཞིག་སྣུམ་གྱིས་བརླན་པ་ཙམ་བྱས་ནས། དེ་ལ་མར་མེ་སྦར་ནས་སངས་རྒྱས་ཀྱི་མཆོད་རྟེན་བཞུགས་པའི་ཐེམ་པ་སྣང་བ་ཙམ་བྱས་ན། དེ་སྔ་མ་བས་བསོད་ནམས་ཆེས་ཆེ་བར་གསུངས་སོ།༧༦ །དེའི་རྒྱུ་མཚན་ནི་རྟེན་གྱི་སྒོ་ནས་ཡིན་ཏེ། ཡུལ་དང་བསམ་པ་དང་། དངོས་པོ་སྔ་མ་ལས་ཕུལ་དུ་བྱུང་བས་སོ། །དེས་ན་རབ་ཏུ་བྱུང་བའི་ཕྱོགས་ལ་ཁེ་ཉེན་ཤིན་ཏུ་ཆེ་བས་སོ། །དེ་ལྟར་ན་བླང་དོར་ཕྲ་ཞིང་ཕྲ་བ་ལའང་འབད་པ་ཆེན་པོས་ཕྱིན་ཅི་མ་ལོག་པ་བྱེད་པ་གལ་ཆེའོ།། གཞན་ཡང་། མང་པོ་འདུས་པའི་ལས་ཀྱང་སྟོབས་ལྡན་དུ་གསུངས་ཏེ། དཔེར་ན་མི་བརྒྱ་ཐམ་པས་འདུན་མ་ཕྱོགས་གཅིག་ཏུ་བྱས་ནས། ལུག་གཅིག་བསད་པ་ན། མི་རེ་ལ་ལུག་རེ་བསད་པའི་སྡིག་པ་འབྱུང་ཞིང་། གྲོགས་མེད་པའི་མི་གཅིག་གི་ལུག་གཅིག་བསད་པ་ནའང་། ལུག་གཅིག་བསད་པའི་སྡིག་པ་བྱུང་མོད། སྔར་གྱི་མི་རེ་ལ་ལུག་རེ་བསད་པའི་སྡིག་པ་དེ་སྟོབས་ལྡན་ཡིན་ལ། གྲོགས་མེད་ནི་དེ་ལ་ལྟོས་ན་སྟོབས་མེད་ཡིན་ནོ། །དེ་བཞིན་དུ། མི་བརྒྱ་ཐམ་པས་མཆོད་རྟེན་གཅིག་བཞེངས་པ་དང༌། མི་གཅིག་གི་མཆོད་རྟེན་གཅིག་བཞེངས་པ་གཉིས་མི་རེ་ལ་མཆོད་རྟེན་རེ་བཞེངས་པའི་བསོད་ནམས་འདྲ་ཡང་། སྔ་མ་སྟོབས་ཆེ་ལ་ཕྱི་མ་དེ་ལ་ལྟོས་ཏེ་སྟོབས་ཆུང་ངོ༌། །འདི་ལ་ཆོས་མངོན་པའི་སྡེ་སྣོད་ལ་མཁས་པ་ཁ་ཅིག དགེ་འདུན་གཅིག་གི་རང་གི་བྲང་ཁང་དུ་གྲོགས་མེད་པར་མདོ་ཚར་གཅིག་འདོན་པ་དང་། དགེ་འདུན་ཚོགས་པའི་ནང་དུ་ཐམས་ཅད་མདོ་འདོན་པ་དང་ཕྱོགས་གཅིག་ཏུ་མདོ་ཚར་གཅིག་འདོན་པ་ཕྱི་མ་སྟོབས་ལྡན་དུ་འགྱུར་བ་ཡིན་ནོ།༧༧ །ཞེས་ཀྱང་གསུང་ངོ༌། །དེ་ལྟ་བུའི་སྟོབས་ལྡན་དུ་འཇོག་པའི་རྒྱུ་གང་དང་ཡང་མི་ལྡན་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ནི་ཆུང་ངུ་དང་འབྲིང་དུ་རིག་པས་དཔྱད་ནས་ཤེས་པར་བྱའོ།། གསུམ་པ་འཕེན་རྫོགས་ཀྱི་སྒོ་ནས་ལས་ཀྱི་རྣམ་གྲངས་རྣམ་པར་བཤད་པ་ནི། གོང་དུ་བསྟན་པའི་དགེ་མི་དགེ་དེ་རྣམས་འཕེན་བྱེད་དང་རྫོགས་བྱེད་གཉིས་སུ་ཡང་འགྱུར་ཏེ། དེ་ལ་འཕེན་བྱེད་ཀྱི་ལས་ནི། རི་མོའི་སྐྱ་རིས་ལྟ་བུ་ཡིན་ལ། རྫོགས་བྱེད་ཀྱི་ལས་ནི་དེ་ལ་ཚོན་བཀྱེ་བ་ལྟ་བུ་ཡིན་ཞེས་གསུངས། དེ་ལ་འཕེན་བྱེད་མི་དགེ་བས་ནི་ངན་སོང་གསུམ་གྱི་ལུས་ཁོ་ན་འཕེན་པར་བྱེད་ཀྱི་མཐོ་རིས་ཀྱི་ལུས་འཕེན་པ་མི་སྲིད་དོ། །དེ་བཞིན་དུ་འཕེན་བྱེད་དགེ་བས་མཐོ་རིས་ཀྱི་ལུས་ཁོ་ན་འཕེན་པར་བྱེད་ཀྱི་ངན་སོང་གི་ལུས་འཕེན་པ་མི་སྲིད་དོ། །རྫོགས་བྱེད་མི་དགེ་བ་ནི། ངན་སོང་གི་རྟེན་ལ་རྫོགས་པ་ཡང་སྲིད་ལ། མཐོ་རིས་ཀྱི་རྟེན་ལ་རྫོགས་པའང་སྲིད་དོ། །དེ་བཞིན་དུ་རྫོགས་བྱེད་དགེ་བ་ཡང་མཐོ་རིས་ཀྱི་རྟེན་ལ་རྫོགས་པའང་སྲིད། ངན་སོང་གི་རྟེན་ལ་རྫོགས་པའང་སྲིད་དོ། །དེས་ན་མུ་བཞིར་འགྱུར་ཏེ། འཕེན་བྱེད་ཀྱང་མི་དགེ་བས་འཕངས་ལ། རྫོགས་བྱེད་ཀྱང་མི་དགེ་བས་རྫོགས་པ་ནི། དམྱལ་བའི་སྡུག་བསྔལ་ལྟ་བུ་སྟེ། འཕེན་བྱེད་མི་དགེ་བས་འཕངས་པས་དམྱལ་བའི་ལུས་གྲུབ་ལ། རྫོགས་བྱེད་མི་དགེ་བས་རྫོགས་པས་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བའོ། །འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ནི། དུད་འགྲོ་ཀླུ་ཕྱུག་པོ་ལ་སོགས་པ་ལོངས་སྤྱོད་ཆེན་པོ་འབྱུང་བ་དང་། ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་ཆོས་རྒྱལ་ལ་ལྷའི་དབང་པོ་བརྒྱ་བྱིན་དང་མཉམ་པའི་ལོངས་སྤྱོད་ཡོད་པ་ལ་སོགས་པ་མདོར་ན་ངན་སོང་གི་རྟེན་ལ་བདེ་བའི་རྣམ་པ་གང་ཅི་ཡོད་པ་ཐམས་ཅད་རྫོགས་བྱེད་དགེ་བས་རྫོགས་པ་ཡིན་ནོ། །འཕན་བྱེད་ཀྱང་དགེ་བས་འཕངས་ལ་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་ནི། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། འཕེན་བྱེད་དགེ་བས་འཕངས་པས་མཐོ་རིས་ཀྱི་ལུས་ཐོབ་རྫོགས་བྱེད་དགེ་བས་རྫོགས་པས་ལོངས་སྤྱོད་མངའ་ཐང་བསམ་གྱིས་མི་ཁྱབ་པར་འབྱུང་བ་ཡིན་ནོ། །འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་ནི། འཕེན་བྱེད་དགེ་བས་འཕངས་པས་མི་ལུས་ཐོབ་ལ། རྫོགས་བྱེད་མི་དགེ་བས་རྫོགས་པས་ཚེ་ཐུང་བ་དང་། ནད་མང་བ་དང་། ལོངས་སྤྱོད་དབུལ་བ་ལ་སོགས་པ་མདོར་ན་མཐོ་རིས་ཀྱི་རྟེན་ལ་སྡུག་བསྔལ་གང་ཇི་སྙེད་ཅིག་ཡོ ད་པ་དེ་ཐམས་ཅད་རྫོ གས་བྱེད་མི་དགེ་བས་རྫོགས་པ་ཡིན་ནོ།། དེ་ལ་མི་དགེ་བའི་ལས་གཅིག་གི་ངན་སོང་གི་ལུས་དུ་མ་འཕེན་པ་ཡོད་དོ། །དེ་བཞིན་དུ་དགེ་བའི་ལས་གཅིག་གི་མཐོ་རིས་ཀྱི་ལུས་དུ་མ་འཕེན་པ་ཡང་ཡོད་དོ། །ལས་དུ་མས་ལུས་གཅིག་འཕེན་པའང་ཡོད་དོ། །དེས་ན་དེང་སང་གི་མི་འདི་ཙོའི་བསམ་པ་ལ། དམྱལ་བ་མྱོང་བའི་ལས་བསོག་པ་ལ་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཡུན་རིང་པོ་བྱེད་དགོས་པ་དང༌། དམག་ལྟ་བུ་ལ་སོགས་པའི་གྲོགས་མང་པོ་སྦྲན་པའི་རྩོལ་བ་ཆེན་པོ་བྱས་ལ། སྡེ་བརླག་པ་ལ་སོགས་པའི་མི་དགེ་བ་ཆེན་པོ་དང་། སེམས་ཅན་མང་པོ་བསད་པ་ལ་སོགས་པ་དམྱལ་བར་འགྲོ་དགོས་ལ། དེ་ལ་ཡང་དམྱལ་བ་གང་ཡང་རུང་བ་གཅིག་ཏུ་སྐྱེ་དགོས་པར་བསམ་གྱིན་འདུག་མོད། དེ་ནི་ཆོས་རྒྱུས་ཆུང་བའི་རྟགས་ཡིན་མོད་དེ། དེ་རྣམས་ཀྱང་དམྱལ་བ་རུ་འཕེན་བྱེད་ཀྱི་ལས་ཤིན་ཏུ་ནས་ཀྱང་ཡིན་ཞིང་། གོང་དུ་བཤད་པའི་མི་དགེ་བའི་ལས་སྟོབས་ལྡན་རེ་རེས་ཀྱང་ངན་སོང་གི་ལུ ས་དུ ་མ་འཕེན་པ་ཡོད་པར་གསུངས་ལ། དེ་ལྟ་བུའི་ལུས་དུ་མ་འཕེན་བྱེད་ཀྱི་ལས་བསོག་པ་ལ་ནི་རྩོལ་བ་ལ་སོགས་པ་དེ་ལྟ་བུ་མི་དགོས་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་མདོ་ལས། མི་དགེ་བ་རེ་རེས་དམྱལ་བ་བཅུ་དྲུག་ཏུ་སྐྱེ་དགོས་པར་གསུངས་སོ།༧༨།ལས་རེ་རེས་ཀྱང་ངན་སོང་གི་སྡུག་བསྔལ་མཐའ་པ་བསྐྱེད་པར་ཤེས་པར་བྱས་ལ་མི་དགེ་བ་སྤང་བ་ལ་འབད་པར་བྱའོ།། བཞི་པ་དཀར་ལ་རྣམ་པར་སྨིན་པ་དཀར་བའི་སྒོ་ནས་ལས་ཀྱི་རྣམ་གྲངས་རྣམ་པར་བཞག་པ་ནི་ལས་དེ་རྣམས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས། དཀར་ལ་རྣམ་པར་སྨིན་པ་གནག་པའི་ལས། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གནག་ལ་རྣམ་པར་སྨིན་པ་དཀར་བའི་བཞི་ལས། དང་པོ་ནི། དད་པ་དྲག་པོས་ཀུན་ནས་བླངས་ཏེ། དཀོན་མཆོག་མཆོད་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བུ་ནི་རྒྱུའི་ཀུན་སློང་དང་། དུས་ཀྱི་ཀུན་སློང་། ཀུན་སློང་གཉིས་ཀ་དཀར་བས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཞེས་བྱའོ། །ཟས་ནོར་ལ་སོགས་པ་ལ་སྲེད་པས། དེ་ཐོབ་པར་བྱ་བའི་ཕྱིར་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སོགས་པ་རི་མོར་འབྲི་བ་ནི། དུས་ཀྱི་ཀུན་སློང་དཀར་བ་ལྟར་སྣང་ཡང་། རྒྱུའི་ཀུན་སློང་གནག་པས་དཀར་ལ་རྣམ་པར་སྨིན་པ་གནག་པའི་ལས་ཞེས་བྱའོ། །བཟའ་བའི་ཕྱིར་དུ་སྲོག་གཅོད་པ་ལྟ་བུ་ནི། རྒྱུའི་ཀུན་སློང་དང་དུས་ཀྱི་གཉིས་ཀ་གནག་པས་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཞེས་བྱའོ། །བུ་ཚ་ཉེས་པ་ལས་བཟློག་པའི་ཕྱིར་དུ་ཕ་མས་བརྩེ་བའི་སེམས་ཀྱི་འཕྲལ་དུ་རྡེག་པ་དང༌། འཐབ་པ་ལ་སོགས་པ་ལྟ་བུ་ནི། དུས་ཀྱི་ཀུན་སློང་གནག་པ་ལྟར་སྣང་ཡང་རྒྱུའི་ཀུན་སློང་དཀར་བས་གནག་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཞེས་བྱའོ།། དེས་ན་དགེ་མི་དགེར་འཇོག་པ་ནི་ལས་རང་གི་ངོ་བོ་མི་གཙོ་ཡི་ཀུན་སློང་གཙོ་ཆེ་སྟེ། དཔེར་ན་དེད་དཔོན་ཐབས་ལ་མཁས་པས་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུ་རང་གི་ངོ་བོ་སྲོག་གཅོད་པར་སྣང་ཡང་ཀུན་སློང་ཤིན་ཏུ་བཟང་བས་བསྐལ་བ་མང་པོའི་ཚོགས་འདུམས་པར་གསུངས་པ་དང༌། རྙེད་བཀུར་ཐོབ་པར་བྱ་བའི་ཕྱིར་དང་། གཞན་ཡིད་ཆེས་པར་བྱ་བའི་དོན་དུ་སྒོ་གསུམ་དགེ་བ་ལ་སྦྱོར་བ་མཚན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་མི་དགེ་བར་གསུངས་པ་དང༌། དེའི་ཆེད་དུ་དབང་པོའི་སྒོ་སྡོམ་པ་ཚུལ་འཆོས་དང་ངག་འཇམ་པར་སྨྲ་བ་ཁ་བསག་དང་། དེ་ལྟ་བུ་ལ་བརྟེན་ནས་ཐོབ་པའི་རྙེད་བཀུར་རྣམས་ཀྱང་ལོག་འཚོར་གསུངས་པས་སོ། །དེས་ན་ཞི་བ་ལྷས། གང་ཚེ་འདི་ནི་ཅི་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག༧༩།ཅེས་པ་བཞིན་དུ། སྒོ་གསུམ་གྱི་ལས་ཅི་དང་ཅི་བྱེད་པའི་སྔོན་དུ་ཀུན་སློང་ལ་སོ་སོར་བརྟག་ནས་སྤང་བླངས་ཕྱིན་ཅི་མ་ལོག་པར་བྱའོ།། དེ་ལྟར་མ་བྱས་ན། ཆོས་བྱས་པར་རློམ་ཡང་ཆོས་སུ་འགྲོ་བའི་ངེས་པ་མི་སྣང་ཏེ། ཁ་རག་སྒོམ་ཆུང་གིས། འགྲན་སེམས་ཀྱི་སློབ་གཉེར་བྱས་པ་དང༌། ། ལོ་འདོད་ཀྱི་སྟོན་མོ་བྱས་པ་དང༌།། མཁས་འདོད་ཀྱི་ང་རྒྱལ་སྟོན་པ་གསུམ། །ཆོས་སུ་འགྲོའམ་སོམས་ཤིག་ཨང་།" །ཞེས་གསུངས་སོ།། ལྔ་པ་འབྲས་བུ་མྱོང་བའི་དུས་ཀྱི་སྒོ་ནས་རྣམ་གྲངས་རྣམ་པར་བཞག་པ་ནི།༡ འོ་ན་དེ་དག་གི་འབྲས་བུ་དུས་ནམ་གྱི་ཚེ་མྱོང་སྙམ་ན། འདི་ལ་གསུམ་སྟེ། མཐོང་ཆོས་ལ་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང༌། སྐྱེས་ནས་མྱོང་འགྱུར་དང་གསུམ། དང་པོ་ནི། མཛོད་ལས། ཞིང་དང་བསམ་པའི་ཁྱད་པར་གྱིས། །མཐོང་ཆོས་འབྲས་བུ་ཅན་གྱི་ལས།༨༢ །ཞེས་གསུངས་པ་ལས། ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་ལྟ་བུ་ལ། བསམ་པ་ཁྱད་པར་ཅན་དད་པ་དྲག་པོ་ལ་སོགས་པས་དངོས་པོ་ཁྱད་པར་ཅན་མཆོད་རྫས། ཕུན་སུམ་ཚོགས་ཚོགས་པ་ལྟ་བུ་མཆོད་པ་རྒྱ་ཆེན་པོ་ལ་སོགས་པ་ཕུལ་ན་དེའི་འབྲས་བུ་ཚེ་འདིར་མྱོང་བར་འགྱུར་ལ། དེ་བཞིན་དུ་ཡུལ་ཁྱད་པར་ཅན་ལ་ཉོན་མོངས་པ་དྲག་པོས་ཀུན་ནས་བླངས་ཏེ། སྡིག་པ་ཆེན་པོ་བསགས་ན་དེའི་འབྲས་བུ་ཚེ་འདིར་མྱོང་བར་འགྱུར་རོ། །མདོར་ན་དགེ་སྡིག་གི་ལས་རྣམས་ཤིན་ཏུ་སྟོབས་དང་ལྡན་པ་འགའ་ཞིག་གིས་འབྲས་བུ་ཚེ་འདི་ཉིད་ལ་སྨིན་པར་འགྱུར་བ་ལ་ནི་མཐོང་ཆོས་མྱོང་འགྱུར་གྱི་ལས་ཞེས་བྱའོ། །གཉིས་པ་ནི། མཚམས་མེད་ཀྱི་ལས་བསགས་པ་ལྟ་བུ། ལས་བསགས་པའི་སྐྱེ་བ་ཕྱི་མ་དེ་ལ་ངེས་པར་སྨིན་པའི་ལས་དེ་ལ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཞེས་བྱའོ། །སྐྱེ་བ་ཕྱི་མའི་ཡང་ཕྱི་མ་ཕན་ཆད་ལ་འབྲས་བུ་སྨིན་པར་འགྱུར་བའི་ལས་ལ་ནི། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཞེས་བྱ་བའོ། །དེའི་དུས་ཀྱི་རིང་མཐའ་འདི་ཙམ་ཚུན་ལ་ངེས་པར་སྨིན་པར་འགྱུར་ཞེས་པའི་ཚད་ནི་བཟུང་བར་མི་ནུས་སྟེ། འདུལ་བ་ལུང་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར།༨༢ །ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནི་མི་རྣམས་རང་གི་སྐྱེ་བ་ཕྱི་མའི་གནས་མཐོ་དམན་གྱི་ཁྱད་པར་རང་གི་ཚེ་འདིའི་སྡིག་པ་ཆེ་ཆུང་གཉིས་ཀ་ལ་འཇོག་པར་སྣང་མོད། ཚེ་འདི་ཉིད་ཀྱི་སྡིག་པ་ཆེ་ཆུང་ཡང་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་གནས་མཐོ་དམན་གྱི་རྒྱུར་འགྱུར་བ་སྲིད་མོད། མཐའ་གཅིག་ཏུ་ངེས་པ་མེད་དེ། ཚེ་འདི་སྡིག་པ་ཤས་ཆུང་ཞིང་། དགེ་བ་རེ་དགའ་བྱས་པ་ཡིན་ཀྱང་སྐྱེ་བ་ཕྱི་མ་དེ་ལ་སྐྱེ་བ་ཐོག་མ་མེད་པ་ནས་བསགས་པའི་དམྱལ་བ་མྱོང་ངེས་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་བག་ཆགས་དེ་སྐྱེ་བ་ཕྱི་མ་དེ་ལ་མྱོང་དགོས་པའི་ཕྱིར་རོ། །དེས་ན་ཚེ་འདིར་སྡིག་པ་ཚབས་ཆེན་པོ་བྱེད་པའི་མི་གཅིག་དང་དགེ་བ་རེ་འགའ་བྱེད་པའི་མི་གཉིས་ཐོག་མ་མེད་པ་ནས་ཀྱི་མི་དགེ་བའི་བག་ཆགས་སུ་མཐུག་མི་ཤེས་པས།༨༤ མི་དགེ་བ་ཚབས་ཆེན་པོ་བྱེད་པ་ལ་ཁྱད་བསོད་དང་རང་ལ་དེ་ལྟ་བུ་མེད་པའི་རློམ་པ་བྱས་ནས་བློ་བདེ་མོར་འདུག་པ་ཤིན་ཏུ་མི་འཐད་དེ། རང་གི་ཐོག་མ་མེད་པ་ནས་བསགས་པའི་དམྱལ་བ་མྱོང་ངེས་ཀྱིས་ལས་ཀྱི་བག་ཆགས་རང་རྒྱུད་ལ་ཅི་ཙམ་ཡོད་མི་ཤེས་ཤིང༌། ཚད་བཟུང་བར་མི་ནུས་ཏེ། འཁོར་བ་མཐའ་མེད་དུ་འཁྱམ་དགོས་པའི་ལས་ཀྱི་བག་ཆགས་རྒྱུ ད་ལ་མེད་པའི་ཡིད་བརྟན་ནམ་རྒྱུ་མཚན་གཏན་མི་འདུག་པའི་ཕྱིར་རོ།། ཚེ་འདིར་སྡིག་པ་ཆེར་མ་བྱས་པ་དང༌། དགེ་བ་ཅུང་ཟད་བྱས་པ་ཡིད་བརྟན་མི་ཐུབ་སྟེ། འཁོར་བ་མཐའ་མེད་དུ་འཁྱམ་དགོས་པའི་སེམས་ཅན་གཅིག་ནི་ཡོད་པར་གསུངས་ལ། དེས་ཀྱང་རང་གི་ཚེ་འདིའི་སྡིག་པ་སྤང་བ་དང་། དགེ་བ་སྒྲུབ་པ་འདི་ལས་ལྷག་པར་བྱས་ཏེ། རང་རེའི་དགེ་བ་སྒྲུབ་པ་དེ་ནི་མི་ལུས་ཐོབ་པའི་རྒྱུར་འགྱུར་བ་ཡང་དཀའ་ན། ཅིག་ཤོས་ཀྱི་ལྷའི་ལུས་ཀྱང་གྲངས་མེད་ཐོབ་པ་ཡོད་པའི་ཕྱིར་རོ། །དེས་ན་རང་བཟང་བཟང་པོ་སྟེ། མཐོ་མཐོ་པོར་རློམ་ཡང་སྤྱོད་འཇུག་ལས། །སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་དམྱལ་བར་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོ་མི་འགྲོ་སྨོས་ཅི་དགོས།« །ཞེས་གསུངས་པས། རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མི་དགེ་བ་གསོག་པ་ལ་ནི། ཉི་མ་གཅིག་ཀྱང་མ་དལ་བར་བསགས་པ་ལྟ་བུའི་ཚོད་དུ་འདུག་ཅིང་། དེ་ལྟ་བུ་དེ་ཡང་རང་གི་སྟེང་མ་ཡིན་པ་གཞན་དུ་འགྲོ་བ་ཅུང་ཟད་ཙམ་ཡང་མི་འདུག་པས། དེ་ལྟ་བུའི་བག་ཆགས་དེ་མ་སྦྱངས་པར་འགྲོ་བ་གོམ་པ་གང་ཡང་མི་འདུག་ལ་སྔར་བྱས་ལས་ལ་འགྱོད་པ་དྲག་པོ་བསྐྱེད་པ་དང་། བཤགས་པ་དང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པའི་བཤགས་སྡོམ་རྣམ་པར་དག་པ་དགོས་པར་འདུག་གོ། འོ་ན་དགེ་མི་དགེ་གཉིས་ཀའི་བག་ཆགས་ཡོད་ན་སྔ་རོལ་ཏུ་གང་སྨིན་པར་འགྱུར་སྙམ་ན༑ འདི་ལ། གནས་བརྟན་བྱང་བཟང་གིས། ལས་ཀྱི་འབྲས་བུ་ལྕི་གང་དང༌། །ཉེ་བ་གང་དང་གོམ་པ་གང༌། །སྔར་བྱས་གང་ཡིན་དེ་ཀུན་ལས། །འབྲས་བུ་ཐོག་མར་སྨིན་པར་འགྱུར།༨༦ །ཞེས་དགེ་སྡིག་གཉིས་ལ་སྟོབས་ཆེ་ཆུང་ཡོད་ན་སྟོབས་ཆེ་བ་སྔོན་ལ་སྨིན་ལ་སྟོབས་མཉམ་ན་ཉེ་བ་འཆི་ཁར་གང་གསལ་བ་དེ་ཐོག་མར་སྨིན་ནོ། །བག་ཆགས་གསལ་མི་གསལ་ཡང་མཉམ་ན། སྔར་གང་བྱས་གང་ཡིན་དེ་ཀུན་ལས། །གོམ་ཤས་གང་ཆེ་བ་ཐོག་མར་སྨིན་ནོ། །གོམ་པ་ཡང་སྙམ་ན། ཐོག་མར་གང་བསགས་པ་སྨིན་ནོ། །ཡང་ན་ཆོས་མངོན་པ་ཀུན་ལས་བཏུས་ལས་ནི། ཡང་ན་ཞེས་གསུངས་པས།༧ གོང་གི་དེ་རྣམས་ངེས་པ་མེད་པར་རྣམ་གྲངས་པ་ལྟ་བུར་གསུངས་སོ། །གང་ལྟར་ཡང་རང་རྒྱུད་ལ་ནི་སྐྱེ་བ་འདི་ནས་ཕྱི་མར་མི་དགེ་བའི་འབྲས་བུ་སྨིན་པའི་རྒྱུ་མཚན་རྣམས་ཆེས་ཆེ་བར་འདུག་གོ། དེ་དག་གི་དོན་བསྡུས་ཏེ་བསྟན་པ། བཞི་པ་དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི། གོང་དུ་བསྟན་པའི་ལས་དང་འབྲས་བུའི་རྣམ་བཞག་དེ་རྣམས་ཀྱི་དོན་དྲིལ་ནས་བསྟན་ན། བཅོམ་ལྡན་འདས་ཀྱིས་མདོ་ལས། སྐྱེས་བུ་གང་ཟག་འདི་དག་ནི་ལས་ཀྱི་སྐྱེ་གནས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་བདག་གིར་བྱའོ།༨༨ །ཞེས་གསུངས་སོ། །དེ་ལ་ལས་ཀྱི་སྐྱེ་གནས་པ་ནི། ཞེས་པ་ནི། སྣོད་བཅུད་བདེ་སྡུག་གི་སྣང་བ་སྣ་ཚོགས་པ་འདི་མུ་སྟེགས་པའི་འདོད་པ་ལྟར་བདག་ལས་འབྱུང་བ་མ་ཡིན། རང་ལས་རང་སྐྱེ་བ་ཡང་མ་ཡིན་གྱི་རྒྱུ་ཚང་ལ་མ་ནོར་བ་ལས་སྐྱེས་པ་ཡིན་ནོ། །ཞེས་བྱ་བ་ཡིན་ལ། བྱེ་བྲག་ཏུ་རང་གི་ལས་བདེ་སྡུག་གི་སྣང་བ་ཐམས་ཅད་ཀྱང་འདི་ལྟར་དུ་མྱོང་བའི་ལས་བསགས་པ་ལས་བྱུང་བ་ཡིན་ཏེ། ལས་བརྒྱ་པ་ལས། ལུས་ཅན་ཀུན་གྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡི་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་སོ།། འཇིག་རྟེན་གྱི་བདེ་སྡུག་དེ་ཇི་སྙེད་པ་ལས་ལས་བྱུང་ན། དགེ་མི་དགེའི་ལས་རྣམས་གང་ཡང་རུང་བ་གཅིག་གི་བདེ་སྡུག་ཐམས་ཅད་བསྐྱེད་པ་ཡིན་ནམ། ལས་ཐམས་ཅད་ཀྱི་བདེ་སྡུག་ཐམས་ཅད་བསྐྱེད་པ་ཡིན་སྙམ་ན། དེ་ལྟ་བུ་ནི་མ་ཡིན་གྱི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ། འབྲས་བུ་བདེ་བ་ཅི་ཡོད་པ་ཐམས་ཅད་རྒྱུ་དགེ་བ་ལས་བྱུང་བ་ཡིན་གྱི་མི་དགེ་བ་ལས་བྱུང་མི་སྲིད། སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་རྒྱུ་མི་དགེ་བ་ལས་བྱུང་གིས་དགེ་བ་ལས་འབྱུང་བ་མི་སྲིད་དོ། །དེས་ན་རྒྱུ་དགེ་བས་ནི་བདེ་བ་བསྐྱེད་ཀྱི་སྡུག་བསྔལ་བསྐྱེད་པ་མི་སྲིད་དེ། རྒྱུ་མི་དགེ་བས་ནི་སྡུག་བསྔལ་བསྐྱེད་ཀྱི་བདེ་བ་བསྐྱེད་པ་མི་སྲིད་དོ། །དེས་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་དགེ་སྡིག་གི་རྒྱུ་འབྲས་སོ་སོར་ངེས་པ་ཁོ་ན་ཡིན་གྱི། ཕན་ཚུན་འཆོལ་བ་མི་སྲིད་དོ། །ཞེས་བྱ་བའི་དོན་ཡིན་གྱི། དེ་ལྟར་ན་ཚེ་འདིར་དགེ་བ་བྱེད་པ་ལ་སྡུག་བསྔལ་ཆེན་པོ་འབྱུང་བ་དང་། སྡིག་པ་ཆེན་པོ་བྱེད་པ་ལ་གཟུགས་བཟང་པོ་འབྱུང་བ་དང་། ལོངས་སྤྱོད་མོད་པོ་ལ་སོགས་པའི་དགེ་བ་ཇི་ལྟར་ཡིན་སྙམ་ན། དགེ་བ་བྱེད་པ་ན་ཚ་མང་བ་དང༌། ལོངས་སྤྱོད་ཆུང་བ་འབྱུང་བ་སྲིད་ཀྱང༌། དེ་དེ་ལྟར་དགེ་བ་རྣམ་པར་དག་པ་དེའི་འབྲས་བུ་སྡུག་བསྔལ་དེར་སྨིན་པ་མ་ཡིན་གྱིས་སྡུག་བསྔལ་མྱོང་བའི་ལས་མི་དགེ་བ་ཅིག་སྔོན་སྤྱད་པའི་འབྲས་བུ་ཡིན་ནོ། །ཁྱད་པར་དུ་དགེ་བ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ལྟ་བུ་ཅིག་ཐུགས་རྒྱུད་ལ་འཁྲུངས་པ་ལ། ན་ཚ་ལྟ་བུའི་སྡུག་བསྔལ་འབྱུང་བ་སྟེ། སྔོན་དམྱལ་བ་ལ་སོགས་པ་ངན་སོང་གི་སྡུག་བསྔལ་མྱོང་བའི་ལས་བསགས་པ། དགེ་བ་དེའི་སྟོབས་ཀྱི་མིའི་སྡུག་བསྔལ་དེ་ཙམ་དུ་སྨིན་ནས་ངན་སོང་མྱོང་མི་དགོས་པར་གསུངས་ཏེ། རྡོ་རྗེ་གཅོད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་་ལ་ལ་སྤྱོད་པའི་གང་ཟག་མནར་བར་འགྱུར་རོ།༩༡ །ཞེས་པར། སྤྱོད་འཇུག་ལས། བསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །མི་ཡི་སྡུག་བསྔལ་ཆུང་ངུ་ཡིས། །དམྱལ་བ་བྲལ་ན་ཅིས་མ་ལེགས།༩༢ །ཞེས་གསུངས་སོ། །ད་ལྟ་དགེ་བ་རྣམ་པར་དག་པའི་འབྲས་བུ་ནི། ཕྱིས་འབྱུང་བར་འགྱུར་རོ།། དེ་བཞིན་དུ་ད་ལྟ་སྡིག་པ་སྟོབས་ཅན་བྱེད་པ་ལ་བདེ་བ་འབྱུང་བ་ནི། སྡིག་པ་དེའི་འབྲས་བུ་བདེ་བ་དེར་སྨིན་པ་མ་ཡིན་གྱི་བདེ་བ་དེ་ལྟ་བུ་འབྱུང་བའི་རྒྱུ་དགེ་བ་ཅིག་སྔོན་ལ་བསགས་པའི་འབྲས་བུ་ཡིན་ནོ། །སྡིག་པ་སྟོབས་ཅན་བྱེད་པ་ཁ་ཅིག་ལ་བདེ་བ་ཆེན་པོ་འབྱུང་བ་ནི་སྔོན་ལྷ་མི་ལ་སོགས་པའི་གོ་འཕང་ཐོབ་པའི་བསོད་ནམས་རྒྱ་ཆེན་པོ་བསགས་པ་དེ་སྡིག་པ་སྟོབས་ཅན་དེའི་མཐུས་ཚེ་འདིའི་བདེ་བ་ཙམ་དུ་ཟད་ནས་ཕྱིན་ཆད་སྡུག་བསྔལ་ཁོ་ན་མྱོང་དགོས་པའི་རྟགས་སུ་ཡང་གསུངས་ཏེ། སྔོན་ཉི་འོག་གི་ཡུལ་དུ་སྡིག་པ་སྟོབས་ཆེན་བྱེད་པའི་གྲོང་ཁྱེར་གཅིག་ཏུ་མུ་གེ་ཆེན་པོ་འབྱུང་བ་ལ། དང་པོར་ཞག་བདུན་དུ་འབྲས་ཀྱི་ཆར་པ་བབས་པ། དེ་ནས་ཞག་བདུན་དུ་ནས་ཀྱི་ཆར་བབས་པ། དེ་ནས་ཞག་བདུན་དུ་རིན་པོ་ཆེའི་ཆར་བབས་ཏེ། སྔོན་བསོད་ནམས་ཆེན་པོ་བསགས་པ་དེ་ཙམ་དུ་ཟད་པར་བྱས་ཏེ། དེ་ནས་ཞག་བདུན་དུ་བྱེ་ཚན་གྱི་ཆར་བབས་ཏེ། གྲོང་ཁྱེར་བརླག་པར་བྱས་སོ།༩༣ །ཞེས་འབྱུང་ངོ༌། །དེས་ན་སྡིག་པ་ལས་བདེ་བ་འབྱུང་བ་མི་སྲིད་ཀྱི་སྡིག་པ་ཆེན་པོས་སྔོན་གྱི་དགེ་བ་ཡང་འཇོམས་པར་བྱེད་དེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡིས། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།༩༤ །ཅེས་གསུངས་སོ། །དེས་ན་མི་དགེ་བ་དེའི་འབྲས་བུ་ཕྱིས་འབྱུང་། དེ་ལྟར་ན་ཡང་དགེ་བ་ལས་འབྲས་བུ་བདེ་བ་དང༌། སྡིག་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཡིན་ཡང་། དགེ་བ་ལས་འབྲས་བུ་སྡུག་བསྔལ་དང༌། སྡིག་པ་ལས་འབྲས་བུ་བདེ་བ་འབྱུང་བ་མི་སྲིད་པ་མ་ཡིན་ཏེ། དཔེར་ན་དགེ་བ་བྱེད་པའི་ཚེ་དཀའ་ཐུབ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་མྱོང་བ་དང་། མི་དགེ་བ་མ་བྱིན་པར་བླངས་པ་ལ་བརྟེན་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བ་དང་། སེམས་ཅན་གྱི་སྲོག་གཅོད་པ་ལ་བརྟེན་ནས་ཤ་ཚིལ་ལ་ལོངས་སྤྱོད་པའི་བདེ་བ་མྱོང་བ་མངོན་སུམ་དུ་མཐོང་བས་སོ་སྙམ་ན། དགེ་བ་བྱེད་པའི་དཀའ་ཐུབ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་མྱོང་བ་ནི། དེ་མྱོང་བའི་སད་བྱེད་ཀྱི་རྐྱེན་དགེ་བ་དེས་བྱས་པ་ཙམ་ཡིན་ལ། དེ་མྱོང་བའི་རྒྱུ་ནི་མི་དགེ་བ་ཅིག་སྔོན་དུ་བྱས་པ་ཡིན་ནོ། །དཀའ་ཐུབ་དང་དཀའ་སྤྱད་ཀྱི་འབྲས་བུ་ཕྱིས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་མ་བྱིན་པར་ལེན་པའི་ལོངས་སྤྱོད་ལ་སོགས་འབྱུང་བ་ཡང་སྔོན་སྦྱིན་པ་ལ་སོགས་པ་བཏང་བའི་རྒྱུ་ལོངས་སྤྱོད་འབྱུང་བ་དགེ་བ་ཅིག་ཡོད་པ་དེ། དེའི་སད་བྱེད་མ་བྱིན་པར་ལེན་པ་དེས་བྱས་པ་ཙམ་ཡིན་ཏེ། དཔེར་ན། བྱེ་བྲག་ནོར་མཉམ་པོ་ཐོབ་ཀྱང་སྔོན་གྱི་སྦྱིན་ཤུག་ཆེ་ཆུང་གི་དབང་གིས་འགའ་ཞིག་ནོར་འཕེལ་ཡོད་ལ། འགའ་ཞིག་གིས་ནོར་མྱུར་དུ་ཟད་འགྲོ་བ་བཞིན་ནོ། །དེས་ན་དགེ་སྡིག་ལ་འབྲས་བུ་འཆོལ་བ་འབྱུང་མི་སྲིད་དོ། །འོ་ན་གཞན་གྱིས་དགེ་བ་བྱས་པའི་འབྲས་བུ་གཞན་གྱིས་མྱོང་བ་དང་། གཞན་གྱིས་མི་དགེ་བ་བྱས་པའི་འབྲས་བུ་གང་ཟག་གཞན་ལ་སྨིན་པར་འགྱུར་རམ་སྙམ་ན། དེ་ནི་མ་ཡིན་ཏེ། ལས་བདག་གིས་བྱའོ། །ཞེས་གསུངས་པས། གང་ཟག་རང་ཉིད་ལ་བདེ་བ་ཆེ་ཆུང་ཅི་བྱུང་ཡང་། རང་ཉིད་ཀྱིས་དགེ་བ་བྱས་པའི་འབྲས་བུ་ཡིན་ནོ། །དེ་བཞིན་དུ་རང་ལ་སྡུག་བསྔལ་ཅི་བྱུང་ཡང་རང་ཉིད་ཀྱི་སྡིག་པ་བྱས་པའི་འབྲས་བུ་ཡིན་ནོ། །དེས་ན་དགེ་སྡིག་གི་འབྲས་བུ་བྱེད་པ་པོ་རང་ཉིད་ལ་སྨིན་པར་འགྱུར་གྱི་གཞན་ལ་མི་སྨིན་ནོ། །འོ་ན་ཕ་མའི་དོན་དུ་བུ་ཚས་དགེ་བ་བྱས་པ་ཕ་མ་ལ་མི་སྨིན་ནམ་སྙམ་ན། འདི་ལ་འགའ་ཞིག་གི་བསམ་པ་ལ་ཕ་མའི་དོན་དུ་དགེ་བ་བྱས་པའི་དགེ་བ་དེའི་འབྲས་བུའི་དགེ་བ་ཅི་ཡོད་པ་ཕ་མ་དེ་ལ་འབྱུང་གི། བྱེད་པ་པོ་རང་ཉིད་ལ་འབྱུང་རྒྱུ་མེད་སྙམ་པ་སྲིད་མོད། དེ་ནི་མ་ཡིན་ཏེ། ཕ་མའི་ཆེད་དུ་དགེ་བ་ཅི་ཙམ་བྱས་པ་དེ་ཙམ་གྱིས་རང་གི་རྒྱུད་ལ་ཚོགས་གཉིས་རྫོགས་པའི་ཆེད་བྱས་པ་དང་། ཕ་མའི་རྒྱུད་ལ་ཕན་པའི་ཆེད་དུ་བྱས་པ་གཉིས། ཕ་མའི་རྒྱུད་ལ་ཚོགས་རྫོགས་པའི་ཆེད་དུ་བྱས་པ་རང་གི་རང་རྒྱུད་ལ་བསོད་ནམས་སྟོབས་ཆེ་བ་ཅིག་འབྱུང་ཞིང་།༩༦ ཕ་མའི་ལ་ཡང་སྔོན་གྱི་དགེ་བའི་བག་ཆགས་སད་བྱེད་ཀྱི་རྐྱེན་ལ་སོགས་པ། དགེ་བའི་བདག་རྐྱེན་བྱས་རྒྱུད་པའི་སྒོ་ནས་ཕན་གྱི་ཞེས་གསུང་ངོ༌། །དེས་ན་རང་གི་ཚེ་འདིར་མི་དགེ་བ་གང་བྱས་པ་དེའི་འབྲས་བུ་རང་ལ་མི་སྨིན་པར་གཞན་ལ་སྦྱིན་པ་མི་སྲིད་དོ། །དེའི་ཕྱིར་རང་གི་བྱས་པའི་དགེ་མི་དགེའི་འབྲས་བུ་རང་ལ་འབྱུང་བས་༩༧ འཆི་བའི་དུས་ལ་བབས་པ་དེའི་ཚེ་འཇིག་རྟེན་འདི་གང་བའི་ནོར་ཡོད་ཀྱང་དེ་བས་དད་པ་དྲག་པོས་ཀུན་ནས་བླངས་ཏེ། དཀོན་མཆོག་གི་རྟེན་ལ་ཕྱག་གཅིག་འཚལ་བ་རང་ལ་ཕན་པ་དང་། འཇིག་རྟེན་གྱི་མི་ཐམས་ཅད་དགྲར་ལངས་པ་བས་ཉོན་མོངས་པས་ཀུན་ནས་བླངས་ཏེ། ཚིག་ངན་པ་གཅིག་སྨྲས་པ་དང་། རབ་བྱུང་ཡིན་ན་ཉེས་བྱས་ཕྲ་མོ་ཅིག་སྤྱད་པ་རང་ལ་དགྲར་ཆེ་བར་ཤེས་པར་བྱས་ནས་དགེ་བ་གང་བྱེད་ཐམས་ཅད་རང་ལ་ཕན་པའི་ཐབས་ཁོ་ནར་ཤེས་པ་དང་། སྡིག་པ་གང་བྱས་ཐམས་ཅད་རང་ལ་གནོད་པའི་ཐབས་ཁོ་ནར་ཤེས་པར་བྱས་ལ་ལས་ཕྲ་ཞིང་ཕྲ་བ་ནས་བླང་དོར་ཚུལ་བཞིན་དུ་བྱའོ། ། གལ་ཏེ་གཞན་གྱིས་མི་དགེ་བ་བྱས་པས་གཞན་ལ་གནོད་པ་ཡོད་དེ། བཤན་པ་སྲོག་གཅོད་པའི་མི་དགེ་བ་བྱས་པས། ལུག་ལྟ་བུའི་སྲོག་གཅོད་པའི་སྡུག་བསྔལ་འབྱུང་བ་དང་། གཞན་གྱིས་དགེ་བ་བྱས་པས་གཞན་ལ་བདེ་བ་འབྱུང་བ་ཡོད་དེ། ཡོན་བདག་གི་དགེ་འདུན་ལ་ཚོགས་གསོག་གི་དགེ་བ་བྱས་པ། དགེ་འདུན་གྱི་བསྙེན་བཀུར་ལ་ལོངས་སྤྱོད་པའི་བདེ་བ་མྱོང་བ་ཡོད་དོ་སྙམ་ན་དེ་ནི་མ་ཡིན་ཏེ། བཤན་པས་སྲོག་གཅོད་པའི་ལུག་གི་སྡུག་བསྔལ་དེ་བཤན་པས་སྲོག་གཅོད་བྱས་པའི་སྡིག་པ་དེའི་འབྲས་བུ་མ་ཡིན་ཏེ། དེ་ནི་ལུག་དེ་ཉིད་སྔོན་གྱི་མི་དགེ་བ་བྱས་པའི་འབྲས་བུ་ཡིན་ལ། བཤན་པའི་མི་དགེ་བ་དེའི་འབྲས་བུ་ནི་བཤན་པ་རང་ཉིད་ལ་ཕྱིས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་དགེ་འདུན་གྱི་ཚོགས་གསོག་ལ་ལོངས་སྤྱོད་པའི་བདེ་བ་ཡང་། ཡོན་བདག་གི་ཚོགས་གསོག་དེའི་འབྲས་བུ་མ་ཡིན་གྱིས་དགེ་འདུན་རང་ཉིད་ཀྱིས་སྔོན་དགེ་བ་བྱས་པའི་འབྲས་བུ་ཡིན་ནོ། །མདོར་ན་ལས་བདག་གི་བྱའོ། །ཞེས་པའི་དོན་ནི། དགེ་སྡིག་གི་ལས་གང་བྱས་པའི་འབྲས་བུ་དེ་བྱེད་པ་པོ་རང་ཉིད་ལ་ངེས་པར་འབྱུང་ལ། གཞན་ལའང་བདག་རྐྱེན་བྱས་པའི་ཚུལ་གྱིས་ཕན་གནོད་དུ་འགྱུར་རོ། །ཞེས་པའི་དོན་ནོ།། དེས་ན་ད་ལྟ་རང་ལ་མི་འདོད་པ་གང་བྱུང་ཡང་གཞན་གྱིས་ལན་སྙམ་དུ་བསམ་ནས་གཞན་ལ་ལེ་ལན་འདེད་པར་བྱེད། རང་ལ་འདོད་པ་ཅི་བྱུང་ཡང་རང་གི་ཚེ་འདིའི་སྒོ་དྲག་ལ་རྟེན་ནས་འབྱུང་བར་འདོད་མོད། དེ་ལྟ་བུ་ནི་མ་ཡིན་ཏེ། རང་གི་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་པས་མི་འདོད་པ་ཅི་བྱུང་ཡང་གཞན་ལ་ལེ་ལན་འདེད་ས་མེད་ཅིང་ཚེ་འདིར་བྱས་པའི་ལས་ཀྱི་འབྲས་བུ་ནི་ཕྱིས་འབྱུང་བ་ཡིན་ནོ། །དེ་ཡང་ལས་འཕེལ་ཆེ་སྟེ། ཕྱིའི་རྒྱུ་འབྲས་ཀྱི་འཕེལ་ཆེ་ཤོས་ནི་ཤིང་ནྱ་གྲོ་ཏ་ཞེས་པས་ས་བོན་ཡུངས་འབྲུ་ཙམ་ལ་འབྲས་བུ་རྫོགས་པའི་ཚེ་འདབ་རེས་ཀྱང་དཔག་ཚད་ཀྱི་བར་ཁྱབ་པར་བྱེད་པའི་ཤིང་སྐྱེ་བ་ཡིན་ནོ།༩༨ །ཞེས་གསུངས། དེ་བས་ཀྱང་ནང་གི་རྒྱུ་འབྲས་འཕེལ་ཆེ་སྟེ། ལས་མི་དགེ་བ་ཕྲ་མོས་ཀྱང་འབྲས་བུ་སྡུག་བསྔལ་ཆེན་པོ་མྱོང་དགོས་པར་གསུངས་ཏེ། དགེ་སློང་མ་གཅིག་གིས་རང་གི་གྲོགས་མོ་ཚོ་ལ་ཁྱི་མོ་ཁྱོད་ཚོ་ཞེས་བརྗོད་པ་ལ་བརྟེན་ནས་སྐྱེ་བ་ལྔ་བརྒྱར་ཁྱི་མོར་སྐྱེས་པ་དང་། བྲན་མོ་རྒུར་ཆུང་ཞེས་པ་གཞན་གྱི་བྲན་བྱེད་དགོས་ཤིང་ཁ་ཞན་པ་གཅིག་གིས། ལུས་རྒུར་པོ་འབྱུང་བའི་རྒྱུ། སྔོན་རྒྱལ་པོ་གཅིག་གི་སྲས་མོར་སྐྱེས་པའི་ཚེ། རང་གི་བྲན་མོ་ཚོ་ལ་བྲན་མོ་ཚོ་ཞེས་ཁྱད་ཚིག་སྨྲས་པས་བྲན་མོ་ཁ་ཞན་པར་སྐྱེས་པ་དང་། རྒུར་མོར་འབྱུང་བའི་རྒྱུ་རྒྱལ་པོ་དེའི་མཆོད་གནས་རང་སངས་རྒྱས་མང་པོ་ཡོད་པ་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ་རང་སངས་རྒྱས་སྐུ་གཟུགས་རྒུར་པོ་གཅིག་ཡོད་པ་མ་ཚང་བ་དང༌། རྒྱལ་པོས་བུ་མོ་ལ་མཆོད་གནས་རྣམས་ཚང་ངམ་གསུངས་པ་དང༌། གཅིག་མ་ཚང་ཞུས་པས། སུ་མ་ཚང་གསུངས་པས། བུ་མོས་རང་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ལད་མོ་བྱས་ནས་འདི་ལྟ་བུ་མ་ཚང་ཞུས་པས། རྒུར་མོར་སྐྱེས་གསུང་ངོ༌། །དེ་ལ་རང་སངས་རྒྱས་ལ་མ་རངས་པའམ། ཉོན་མོངས་པས་ཀུན་ནས་བླངས་པའི་ལས་མ་ཡིན་པ་འདུག་ནའང༌། སྐྱོན་གྱིས་ཕྱོགས་ནས་ལད་མོ་བྱས་པའི་རྣམ་སྨིན་ནོ།༩༩ །ཞེས་གསུངས་སོ།། ཇོ་བོའི་བླ་མ་ཨ་ཝ་དྷུ་ཏི་པ་ཆེན་པོ་དེ། རེས་ཆོས་ཞུས་ཀྱང་མི་གསུང་། རེས་མ་ཞུས་ཀྱང་གསུང་བ་གཅིག་ཡིན་པ་ལ། དུས་གཅིག་གི་ཚེ། དཔོན་སློབ་གཟམ་འཕྲང་དོག་མོ་གཅིག་ལ་འབྱོན་པའི་དཀྱིལ་དུ་ཕེབས་ཙམ་ན་བླ་མ་ཞལ་ཕྱིར་ལོག་མཛད་ནས་བུ་བདག་ཏུ་འཛིན་པ་མ་ཟད་ཀྱི་བར་ལ་ལས་འབྲས་ཕྲ་ཞིང་ཕྲ་བའང་འཛེམ་དགོས་གསུངས། གཟམ་འཕྲང་ཐོན་ནས། ཇོ་བོས་རྒྱུ་མཚན་ཞུས་པས་རྣལ་འབྱོར་པ་ཏིང་ངེ་འཛིན་འདི་ཙམ་ཡོད་པ་མི་དགེ་བ་ཕྲ་མོ་སྤྱད་པ་ལ་བརྟེན་ནས། ད་ལྟ་དམྱལ་བ་འདི་ལྟ་བུ་ན་སྐྱེས་ནས་སྡུག་བསྔལ་ཆེན་པོ་མྱོང་ཞེས་བྱ་བ་དང༌། པཎྜི་ཏ་རིག་པའི་གནས་འདི་ཙམ་ཤེས་པ་ལས་ཕྲ་བ་ཅུང་ཟད་ཙམ་ལ་བརྟེན་ནས་དམྱལ་བ་ལ་སོགས་པ་གནས་འདི་ལྟ་བུར་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ༌། །ཞེས་རྒྱུ་མཚན་དང་བཅས་ནས་གསུངས་སོ།༡༠༠ །གཞན་ཡང་། བི་ཀྲ་མ་ལ་ཤི་ལའི་དགེ་འདུན་གྱི་གཏོར་ཁུང་དུ་ཡི་དྭགས་རྐང་པ་ཕྱིན་ཀ་ལོག་ཏུ་བྱས་པ་གཅིག་འདུག་པ་ལ། བཙུན་ཆུང་མང་པོས་རྡོ་རྒྱབ་པ་དང༌། ཡི་དྭགས་དེས་བཙུན་ཆུང་གཅིག་བཟུང་། དེར་མང་པོ་འདུས་ཏེ། འགའ་ཞིག་གི་ཁྲོ་བོའི་སྔགས་བཟླས་ཤིང་དྲག་འདུལ་བྱས་པས་ཁོ་ངོས་ཀྱི་རྒོལ་བ་དུ་མ་བྱུང་བས། དེའི་ཉེ་འཁོར་ན་རྣལ་འབྱོར་པ་གཅིག་ཡོད་པས་གསན་ནས། ངོ་མཚར་ཆེ་ཇི་ལྟ་བུ་གཅིག་ཡིན་ལྟ་རུ་འགྲོ་དགོངས་ནས་བྱོན་པ་དང༌། ཁོང་ལ་མི་རྒོལ་བར་བསྡད་འདུག་པས། ཁྱོད་གཞན་ལ་རྒོལ། ང་ལ་མི་རྒོལ་བ་ཅི་ཡིན་གསུངས་པ་དང་། གཞན་འདི་ཚོ་ང་ལ་མཐོ་འཚམས་པའི་ཕྱིར་འོངས་པ་ཡིན་པས་རྒོལ་བ་ཡིན། ཁྱེད་ངོ་མཚར་ནས་འོངས་པ་ཡིན་པས་ན་མི་རྒོལ་བ་ཡིན། འོ་ན་ཁྱོད་ཅི་འདྲ་བ་གཅིག་ཡིན་བྱས་པས་བཙུན་ཆུང་འདི་རྣམས་ཕར་ཐོང་ཞིག་ཟེར། དེ་རྣམས་བཏང་བས། ཁོ་ན་རེ། ང་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ཡིན་ཏེ། དགེ་འདུན་གྱི་རྫས་ཅུང་ཟད་ཙམ་མཐོ་སྤྱོད་དམའ་སྤྱོད་ང་དབང་ཆེ་སྙམ་ནས་དགེ་འདུན་ལ་མ་ཞུས་པར་དགེ་འདུན་རང་གི་ཆེད་དུ་སྤྱད་པས། ཡི་དྭགས་སུ་སྐྱེས་དགེ་འདུན་གྱི་གཙུག་ལག་ཁང་དུ་འཇུག་པའི་ཚེ་ཕྱི་ལྷམ་མ་ཕུད་པས་རྐང་པ་ཕྱིན་ཀ་ལོག་ཏུ་སོང་། དབང་ཆེ་ཅུང་ཟད་བྱས་པའི་ཡི་དྭགས་ཀྱི་ནང་ནས་དབང་ཆུང་ཤོས་གཅིག་ཏུ་སྐྱེས་ཏེ། གཏོར་ཁུང་འདིར་བསྡད་པ་ཡིན་ཟེར་ཏེ། འོ་ན་བཙུན་ཆུང་ཚོ་ཕར་ཐོང་ཟེར་བའི་རྒྱུ་མཚན་ཅི་ཡིན་བྱས་པས། དེ་ཚོ་ངའི་མཁན་བུ་ཡིན་པས་ངོ་ཚ་བ་ཡིན་ཟེར། དེ་ནས་དར་ཅིག་ཙམ་ཉལ་སོང་། དེ་ནས་ཀྱང་ལབ་པ་ལ། ད་ལན་ནས་འཇམ་ཉལ་སོང་བ་ཅི་ཡིན་བྱས་པས། ག་ཤེད་ཅིག་ཏུ་ཆོས་བྱེད་མི་གཅིག་ལ་བར་ཆད་གཏོང་དུ་ཕྱིན་ཟེར། ཁྱེད་མཁས་པ་ཡིན་པ་ལ་སྡིག་ལྕི་མོད་བྱས་པས། དེ་དག་ལགས་ཏེ། ང་ཡི་དྭགས་ཀྱི་སེམས་ལ་རང་དབང་མེད་པས་ཡིན་ཟེར་རོ།༡༠༡ །ཞེས་གསུངས་སོ།། ཡང་རྣལ་འབྱོར་པ་གཅིག་གཏོར་མ་གཏོང་གིན་ཡོད་པ་ལ་ཡི་དྭགས་མང་པོ་འདུ་ཡིན་ཡོད་པའི་དུས་གཅིག་གི་ཚེ། ཡི་དྭགས་གཤིན་རྗེའི་གཤེད་ཀྱི་གཟུགས་བྱས་པ་གཅིག་བྱུང་ནས་གཏོར་མ་མྱུར་དུ་བྱིན་ཟེར། ཁྱོད་ཅི་ཡིན་བྱས་པས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡིན་ཟེར་དགེ་འདུན་གྱི་ཚིགས་མ་ཅུང་ཟད་གཅིག་དགེ་འདུན་ལ་མ་ཞུས་པར་དགེ་འདུན་རང་གི་ཆེད་དུ་སྤྱད་པས་ཡི་དྭགས་སུ་སྐྱེས་པ་ཡིན། གཤིན་རྗེ་གཤེད་ཀྱི་ལྷའི་དམིགས་པ་བརྟན་པས་གཟུགས་འདི་ལྟར་དུ་གྱུར་པ་ཡིན་ཟེར། ཁ་སང་ནས་གཟུགས་འདི་ལྟ་བུ་མི་སྟོན་པ་ཅི་ཡིན་བྱས་པས། ཁ་སང་ནས་ངོ་ཚ་ནས་སྟོན་མི་ནུས་པ་ཡིན། དེ་རིང་ལྟོགས་དྲག་ནས་འདི་ཀ་ལ་འོང་བ་ཡིན་ཟེར། དེ་ནས་འབྲས་ཆེན་ཚོས་ལ་མྱུར་དུ་གཏོར་མ་བྱིན་ཟེར། དེ་ལ་དགེ་བའི་བཤེས་གཉེན་ཤར་བའི་ཞལ་ནས། འབྲས་ལ་སོགས་པ་བཙོས་ནས་གཏོར་མ་གཏོང་དགོས་པར་གསལ། ཁོ་ལྟོག་དེ་བཞིན་དུ་སོང་བ་ལའང་འབྲས་བཙོས་ནས་གཏོར་མ་བྱིན་འདུག་པ་༡༠༢ གསུངས། དེས་ན་ཉེས་བྱས་ཕྲ་མོ་དེ་ལྟ་བུ་རེས་ཀྱང་ཡི་དྭགས་སུ་སྐྱེས་ནས་སྡུག་བསྔལ་དེ་ཙམ་སྐྱེད་ན་གཞན་མི་དགེ་བ་ཆེན་པོ་བྱས་ན། སྡུག་བསྔལ་ཆེན་པོ་བསྐྱེད་པ་ལྟ་ཅི་སྨོས་སྙམ་པས། མི་དགེ་བ་ཕྲ་ཞོར་ཕྲ་མོ་ལའང་འཛེམ་པ་གལ་ཆེའོ། །དེ་བཞིན་དུ་རྒྱུ་དགེ་བ་ཕྲ་མོ་སྤྱད་པས་འབྲས་བུ་བདེ་བ་ཆེན་པོ་ཡོང་བ་རྒྱལ་བུ་སྤྱི་བོ་སྐྱེས་ཀྱི་གཏམ་རྒྱུད་ལ་སོགས་པ་བཞིན་ནོ། །དེ་ལྟར་གོང་དུ་བཤད་པའི་ལས་རྒྱུ་འབྲས་ཀྱི་རྣམ་བཞག་འདི་རྣམས་ལ་བསམ་མནོ་ཞིབ་ཏུ་བཏང་སྟེ། ལས་རྒྱུ་འབྲས་ལ་ཡིད་ཆེས་བཅོས་མ་མ་ཡིན་པ་མ་སྐྱེས་པར་བསྒོམ་མོ། །དེ་ལྟར་སྒོམ་པ་གལ་ཆེ། སྤྱོད་འཇུག་ལས། དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི། །རྩ་བ་འདུན་པར་ཐུབ་པས་གསུངས། །དེའི་རྩ་བའང་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམ་པའོ།༡༠༣ །ཞེས་གསུངས་པའོ།། འོ་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་ཚད་ཅི་ཙམ་ཞིག་ཡིན་སྙམ་ན། དབུ་མ་རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །འདི་ནི་དད་པ་ཅན་ཞེས་བྱ།༡༠༤ །ཞེས་གསུངས་པ་ལྟར། འདུན་པས་ཆོས་ལས་མི་འདའ་བ་དང༌། སྡང་བས་ཆོས་ལས་མི་འདའ་བ་དང༌། འཇིགས་པས་ཆོས་ལས་མི་འདའ་བ་དང༌། རྨོངས་པས་ཆོས་ལས་མི་འདའ་བ་དང༌། བཞི་པོ་དེ་ལ་འདུན་པས་ཆོས་ལས་མི་འདའ་བ་ནི། འགའ་ཞིག་གིས་རྒྱལ་སྲིད་ལ་སོགས་པའི་འབྱོར་པ་ཆེན་པོ་བྱིན་གྱིས་ལས་མི་དགེ་བའི་ཉེས་བྱས་ཕྲ་མོ་ཙམ་གཅིག་ཆོད་ཟེར་ནའང་སྤྱོད་མི་ནུས་པ་ཡིན་ཏེ། དགེ་བའི་བཤེས་གཉེན་པོ་ཏོ་བའི་ཞལ་ནས། ལས་རྒྱུ་འབྲས་ལ་ཡིད་ཆེས་ན་དེ་ལྟ་བུ་ཅིག་ཡོང་ཡང་ཡོང་སྟེ། ཉེས་བྱས་ཕྲ་མོ་སྤྱོད་པས་ཡི་དྭགས་སུ་སྐྱེ་བ་དང་། མི་དགེ་བ་ཕྲ་མོ་སྤྱད་པས་དམྱལ་བར་སྐྱེས་པར་གསུངས་པས། དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་མིའི་གྲོ་སྐད་རེ་དགོས་པ་འབྱུང་ན་ཡང་། རྒྱལ་སྲིད་ལ་སོགས་པའི་འབྱོར་པ་ནི་ཅི་ཙམ་ཆེ་ཡང་དེའི་ལམ་ན་མེད་དོ།༡༠༥ །ཞེས་གསུངས་སོ། །དགེ་བའི་བཤེས་གཉེན་ཀ་མ་པའི་ཞལ་ནས། ད་ལྟ་མི་གཅིག་གི་ཁྱེད་རང་མེ་འདིའི་གསེབ་ཏུ་ལག་པ་ཆུག་ལ་གྲོ་སྐད་ཅིག་སྡོད། ངས་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བཀོད་ཟེར་ཡང་། མེ་གསེབ་ཏུ་ལག་པ་འཛུད་མཁན་མི་ཡོང་སྟེ། མེ་ཡིས་ལག་པ་བསྲེག་པ་ཡིད་ཆེས་པའི་གནད་ཀྱིས་ཡིན་ནོ། །ཚིག་མཐོ་དམན་ཅུང་ཟད་ཀྱི་ཆེད་དུ་ཆོས་གཏོང་བ་ནི། ལས་རྒྱུ་འབྲས་ལ་ཡིད་མ་ཆེས་པ་ཡིན་ནོ།༡༠༦ །ཞེས་གསུང་ངོ༌།། ཞེ་སྡང་གི་ཆོས་ལས་མི་འདའ་བ་ནི། གཞན་གྱིས་རང་གི་ལུས་དང་ལོངས་སྤྱོད་ལ་གནོད་པ་ཅི་ཙམ་ཞིག་བྱས་ཀྱང་། སྤྱོད་འཇུག་ལས། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བར་ཡང་ནི་བརླག་བྱེད་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར།༡༠༧ །ཞེས་གསུངས་པ་ལྟར། ཞེ་སྡང་ལ་སོགས་པའི་ཉེས་དམིགས་ཤེས་པའི་སྒོ་ནས་གནོད་ལན་དུ་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་སྐད་ཅིག་ཀྱང་རྒྱུད་ལ་སྐྱེར་མི་འཇུག་པའོ། །ལས་འབྲས་ལ་ཡིད་ཆེས་ནས་ཉོན་མོངས་པའི་ཉེས་དམིགས་ཤེས་ན་འདི་འོང་སྟེ་དཔེར་ན་ལྕགས་ཀྱི་ཁང་པ་མེ་རབ་ཏུ་འབར་བ་གཅིག་གི་སྒོ་ཕྱེ་ནས། འབྱེད་མཁན་དེ་དེ་མ་ཐག་ཏུ་སྒོ་དེ་ནས་མེ་སྦར་ཏེ་ཐལ་བ་ཙམ་ཡང་མ་ལུས་པར་བསྲེག་པར་བྱེད་པ་གཅིག་ཡོད་ན། དེ་ལ་འགའ་ཞིག་སྡིག་པ་དང་བྲིད་པ་ལ་སོགས་པའི་སྒོ་ནས་ཁང་པ་འདིའི་སྒོ་ཕྱེ་ཞིག་ཅེས་བརྗོད་ན་སུས་ཀྱང་འབྱེད་མཁན་མི་འོང་བ་བཞིན་ནོ། །དེས་ན་ཚིག་མཐོ་དམན་ཙམ་ལ་ཞེ་སྡང་དྲག་པོས་ཀུན་ནས་བླང་སྟེ། ལན་འཇལ་བ་ནི་ལས་འབྲས་ལ་ཡིད་མ་ཆེས་པ་དང་། ཉོན་མོངས་པའི་ཉེས་དམིགས་མི་ཤེས་པ་ཡིན་ནོ།། འཇིགས་པས་ཆོས་ལས་མི་འདའ་བ་ནི། སྡིག་པ་ཅུང་ཟད་ཙམ་དང་། རབ་ཏུ་བྱུང་བ་ཡིན་ན། ཉེས་བྱས་ཅུང་ཟད་ཆོད། གལ་ཏེ་མི་གཅོད་ན་ཉི་མ་རེ་རེ་བཞིན་ཤ་ཁམ་བུ་དུམ་བུར་བཅད་ནས་མཐར་གསོད་པར་བྱེད་དོ། །ཞེས་འཛམ་བུ་གླིང་པའི་མི་ཐམས་ཅད་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་སྐད་དུ་སྨྲ་ཡང་མི་སྤྱོད་པའོ། །ལས་འབྲས་ལ་ཡིད་ཆེས་ན་འདི་ཡང་ཡོང་བར་ངེས་ཏེ། གོང་གི་སྡུག་བསྔལ་དེ་རྣམས་ཇི་ལྟར་ཆེ་ཡང་མིའི་སྡུག་བསྔལ་ཡིན་ལ། མི་དགེ་བ་དང་ལྟུང་བ་སྤྱད་པའི་རྣམ་སྨིན་ངན་སོང་གི་སྡུག་བསྔལ་མྱོང་དགོས་པའོ། །དཔེར་ན་མི་འགའ་ཞིག་ཁུ་ཚུར་དང་དབྱུག་པ་ལ་སོགས་པ་འཕྱར་ཏེ། མི་གཅིག་ལ། ཁྱོད་རང་གི་སྙིང་གི་རྩེ་མོ་གཅིག་བྱིན་ཅིག གལ་ཏེ་མི་སྟེར་ན། འདི་རྣམས་བརྡེག་གོ་ཟེར་ཡང་། སྙིང་གི་རྩེ་མོ་སྟེར་མི་ནུས་པ་བཞིན་ནོ།། རྨོངས་པས་ཆོས་ལས་མི་འདའ་བ་ནི། མི་དགེ་བ་ཕྲ་རགས་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་ངེས། སྡུག་བསྔལ་ཅི་ཡོད་མི་དགེ་བའི་འབྲས་བུ་ཡིན་པར་གཏིང་ནས་ངེས་ཏེ། ཆོས་ལས་མི་འདའ་བ་ཡིན་ནོ། །དཔེར་ན་མི་ཞིག་གི་ཡུལ་གཞན་ཞིག་ཏུ་འགྲོ་བའི་ལམ་ན། མེའི་དོང་ཆེན་པོ་རི་རབ་ཙམ་པ་གཅིག་འདུག་གོ །ཞེས་ཐོས་ནས། ལམ་དེ་རྒྱུས་ཡོད་པའི་མི་ལ་མེ་དོང་དེ་ས་ཕྱོགས་གང་ན་ཡོད། རྒྱ་ཁྱོན་ཅི་ཙམ་ཡོད། དེ་ལ་ཕྱོགས་གང་ནས་འགྲོ་དགོས་ཞེས་སོགས་ལེགས་པར་དྲིས་ཏེ་འགྲོ་བ་ལམ་དེའི་སྐྱོན་ཡོན་ལེགས་པར་ཤེས་པར་བྱས་ལ་མེ་དེ་དང་དེ་ལས་བཟུ ར་ཏེ་འགྲོ་བ་བཞིན་དུ། ལས་འབྲས་ལ་སེམས་པའི་མི་ཞིག་སྡུག་བསྔལ་མཐའ་དག་མི་དགེ་བ་ལས་བྱུང་ངོ༌། །ཞེས་ཐོས་པ་ན། ལས་འབྲས་ཀྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་པའི་མཁས་པ་ལ་མི་དགེ་བ་གང་ཞེས་བྱ། མི་དགེ་བ་ཅི་ལྟ་བུ་སྤྱད་པས་སྡུག་བསྔལ་ཅི་འདྲ་བྱུང༌། མི་དགེ་བ་དེ་སྤང་པའི་ཐབས་ཅི་ལྟ་བུ་ཡོད་ཅེས་སོགས་ཕྲ་ཞིང་ཕྲ་བ་ནས་དྲིས་ནས་ལས་འབྲས་ཀྱི་རྣམ་བཞག་ལེགས་པར་ཤེས་པར་བྱས་ཏེ། མི་དགེ་བ་ཕྲ་མོ་ཙམ་ཞིག་ཅི་ཡང་མི་སྐྱོན་ན། རབ་ཏུ་བྱུང་བའི་ཕྱི་དྲོའི་ཁ་ཟས་ཙམ་གྱི་ཅི་ཡང་མི་སྟོ་ཟེར་ཡང་། དེ་ལས་འདའ་བར་མི་ནུས་པ་བཞིན་ནོ།། ལས་འབྲས་ཀྱི་རྣམ་བཞག་ལེགས་པར་ཤེས་ཏེ། དེ་ལ་ངེས་ཤེས་གཏིང་ནས་སྐྱེས་ན་འདི་ཡོང་ཡང་ཡོང་དཔེར་ན་མི་ཞིག་ལ་གཅིག་གི་འཆི་ངེས་པའི་དུག་བྱིན་ཏེ། དེ་ཙམ་གྱིས་ཅི་ཡང་མི་སྐྱོན་གྱི་ཟོ་ཞིག་ཟེར་ཡང་ཟ་མི་ནུ ས་པ་ལྟར་ཁྱད་པར་དུ་བསླབ་པ་ཕྲ་མོ་ལ་ཅི་ནས་ཀྱང་འདའ་བར་མི་ནུ ས་ཏེ། དཔེར་ན་མི་གཅིག་རྐྱལ་པ་གཅིག་ལ་རྟེན་ནས་རྒྱ་མཚོའི་ཕ་རོལ་དུ་འགྲོ་བར་འདོད་པ་ལ་འགའ་ཞིག་གིས་རྐྱལ་པ་དེ་ནས་མཛུབ་མོ་ཤོང་ཙམ་གཅིག་བྱིན་པས་ཅི་ཡང་མི་སྐྱོན་ངེད་ལ་བྱིན་ཅིག་ཟེར་ཡང་སྟེར་མི་ནུས་ཏེ། དེ་ཙམ་ཅིག་བྱིན་ན་རྐྱལ་པའི་སྦུགས་ཐམས་ཅད་ཤོར་ནས་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་པར་མི་ནུས་པ་བཞིན་དུ། བསླབ་པ་རིན་པོ་ཆེ་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་བགྲོད་པར་བྱེད་པའི་རྐྱལ་པ་ཡིན་པས་དེ་ལ་བུག་རལ་ཅུང་ཟད་བྱུང་ནའང་འཁོར་བའི་རྒྱ་མཚོ་ལས་བརྒལ་མི་ནུས་སོ་སྙམ་དུ་ཡིད་ཆེས་པའོ།། དེ་ལ་དགེ་བའི་བཤེས་གཉེན་འོད་འཇོ་བའི་ཞལ་ནས། ད་ལྟ་མི་རྣམས་ཆོས་མ་ཤེས་ནས་མི་སྡུག་བྱེད་མཁན་མ་བྱུང་ནས་བསྡུག་པ་ཡིན། བྱེད་མཁན་བྱུང་ན་མ་ཎི་གཅིག་པོ་བཟླས་ཀྱང་ཆོག་གསུངས་མོད། ཆོས་མ་ཤེས་ན་ཀ་སྡུག་ད་ལྟ་ནི་ཕལ་ཆེར་རྨོངས་པས་ཆོས་ལས་འདའ་བ་འབའ་ར་ཞིག་ཏུ་འདུག་པས། དེས་ན་ལས་འབྲས་སྟོན་པའི་གཞུང་ལུགས་རྒྱ་ཆེན་མ་ཤེས་ཀྱང་ཕུང་པོ་ལྔའི་རབ་བྱེད་ཙམ་རེ་ཤེས་པར་བྱས་ནས་ལས་འབྲས་ཀྱི་རྣམ་བཞག་མ་ལོག་པ་རེ་མི་ཤེས་ཀ་མེད་ཡིན་ནོ།༡༠༨ །ཞེས་གསུངས་སོ། །དེ་བཞིན་དུ་དགེ་བ་ལའང་གནས་སྐབས་མཐར་ཐུག་གི་དགེ་ལེགས་ཐམས་ཅད་འབྱུང་བར་ཡིད་ཆེས་ན། འབད་རྩོལ་གྱི་བསྒྲུབ་པ་གཅིག་འབྱུང་། དཔེར་ན་གྲོ་སྐད་ཅིག་གི་ཕ་རོལ་ན་སྟོན་མོ་བཟང་པོ་འདུག་གོ་ཞེས་ཐོས་ན། དེ་འཕྲང་དང་ཆུ་ལ་སོགས་པ་ཅི་ཡོད་ཀྱང་བརྒལ་ནས་འགྲོ་བ་བཞིན་དང༌། ཞིང་ས་འབྲས་བུ་སྟོན་ཐོག་འབྱུང་བའི་ཡོན་ཏན་མཐོང་ནས་སོ་ནམ་ལ་འབད་རྩོལ་བྱེད་པ་བཞིན་ནོ། །ལས་འབྲས་ལ་ཡིད་ཆེས་བསྒོམ་པ་བསྟན་ཟིན་ཏོ།། བཞི་པ་འཁོར་བའི་ཉེས་དམིགས་བསམ པ། དེ་ལྟར་ལས་མི་དགེ་བ་སྤྱད་ན་འཁོར་བ་དང་ངན་སོང་དུ་འཁྱམ་མོ་ཟེར་ན། འོ་ན་འཁོར་བ་ངན་སོང་དུ་ལྟུང་ན་ཉེས་པ་ཅི་ཡོད་སྙམ་ན། ཉེས་དམིགས་ཤིན་ཏུ་ཆེ་བས། བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་འཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན།༡༠༩ །ཞེས་གསུངས་པས། འཁོར་བ་ན་བདེ་བའི་གནས་ཁབ་ཀྱི་རྩེ་ཙམ་ཡང་མེད་ཅིང་། དུས་སྐད་ཅིག་མ་གཅིག་ཀྱང་མེད་པས་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་སོ། །གལ་ཏེ་ངན་སོང་ལ་སྡུག་བསྔལ་ཡོད་ཀྱང་ལྷ་མི་ལ་བདེ་བ་ཡོད་དེ་སྙམ་ན། དེ་དག་ཀྱང་འགྱུར་བའི་སྡུག་བསྔལ་ལས་མ་འདས་པས། མཐར་སྡུག་བསྔལ་ཡིན་ཏེ། དཔེར་ན་བཀྲེས་པའི་ཚེ་ཟས་ཟོས་པས་བདེ་བ་ལྟར་སྣང་ཡང་ཡང་ཟས་ཧ་ཅང་ཟོས་དྲག་ན་འཆི་བའི་སྡུག་བསྔལ་ལ་གཏུགས་པ་ཡིན་ནོ། །དེས་ན་འཁོར་བ་ལས་བདེ་བ་ཚོལ་བ་ནི་མི་གཙང་བ་ལ་དྲི་ཞིམ་པ་ཚོལ་བ་དང་འདྲ་སྟེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་ལྟར་འགྲོ་ལྔ་དག་ན་བདེ་བ་མེད།༡༡༠ །ཅེས་སོ།། དེ་ལྟ་བུའི་སྡུག་བསྔལ་དེ་ཤིན་ཏུ་དཔའ་དྲག་སྟེ། རྗེ་དམ་པའི་ཞལ་ནས། འཁོར་བའི་སྡུག་བསྔལ་བསམ་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་བྲོ་དིང་རི་བ།༡༡༡ །ཞེས་དང་། དགེ་བའི་བཤེས་གཉེན་གླང་ཐང་པའི་ཞལ་ནས། མི་ཚོ་འོ་ཅག་གླང་རི་ཐང་པ་ངོ་ནག་པོ་ཟེར་གྱིན་གདའ་སྟེ། ཁམས་གསུ མ་འཁོར་བའི་སྡུག་བསྔལ་བསམས་ན་འོ་ཅག་གི་ངོ་གདོང་ལ་དཀར་པོ་འོང་བ་འདུ ག་གེ་གསུངས་སོ།༡༡༢ །འདི་ཤིན་ཏུ་མད་པར་འདུག་སྟེ། འཁོར་བའི་སྡུག་བསྔལ་ཁོ་རང་ལ་དབེན་བཅོས་མ་ཡིན་པའི་བློ་ཡིས་བརྟགས་ན་ངོ་གདོང་དཀར་པོ་འོང་བ་རང་མི་འདུག་སྟེ། དཔེར་ན་མི་གཅིག་དངོས་པོ་གཅེས་པ་ཞོ་གང་ཙམ་གཅིག་ཡོད་ན། དེ་གཏོར་བའི་སྡུག་བསྔལ་དེ་ནི་འཁོར་བའི་སྡུག་བསྔལ་ཆུང་ཤོས་ཡིན་ནའང་། དེ་ལའང་ངོ་གདོང་དཀར་པོ་མི་ཡོང་བ་འདུག་པས། དེ་ལྟ་བུའི་སྡུག་བསྔལ་འདི་ཡང་རྒྱུན་རིང་སྟེ། འཁོར་བ་ལ་ཐར་པའི་ཐབས་གཅིག་མ་བྱུང་ན། འཁོར་བ་མཐོ་དམན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་རྣམས་སེམས་ཅན་རེ་རེ་ཡང་ལན་གྲངས་བརྒྱ་ཕྲག་མང་པོ་མྱོང་ཡང་སྡུག་བསྔལ་ལ་ཟད་པའི་དུས་མེད་དེ། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་ཇི་སྙེད་ཡོད་པ་དེ། འོ་སྐོལ་སེམས་ཅན་རེ་རེས་ཀྱང་ལན་གྲངས་བརྗོད་ཀྱི་མི་ལང་པ་ཅིག་མྱོང་སྟེ། ད་དུང་སྡུག་བསྔལ་ཟད་པ་ལྟ་ཅི་སྨོས་ཏེ་སྡུག་བསྔལ་གྱི་ཁ་ཕྲི་བ་ཅི་ཡང་མེད་པས་སོ། །དེ་སྐད་དུ་ཡང་བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡིས། །འོ་མ་འཐུངས་ཀྱང་ད་དུང་སོ་སོ་ཡིས། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་ལས། །དེ་བས་ཆེས་མང་ཉིད་གཅིག་བཏུང་འཚལ་ལོ།༡༡༢ །ཞེས་གསུངས་སོ།། དེ་ལྟ་བུའི་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་གསུང་བགྲོས་མ་ནས་འབྱུང་བ་ལེགས་པར་བསམ་སྟེ། འཁོར་བ་འདི་ལ་ཚལ་ཚིག་པའི་བྱའམ། མཚོ་འཁྱགས་པའི་བྱ་ལྟར་ཁོ་ཐག་རྦད་དེ་བཅད་ལ་འཁོར་བ་ལས་ཐར་བའི་ཐབས་ལ་འབད་འཚལ་ལོ། །འཁོར་བ་ལ་ཐར་པའི་ཐབས་ལ་འབད་པའི་དུས་ཀྱང་ད་ལན་ཁོ་ན་ཡིན་ཏེ། ད་རེས་ནི་དལ་འབྱོར་གྱི་ལུས་ཐོབ་ཏུ་མ་བཏུབ་པ་ལྟ་བུ་ཐོབ། ཐོབ་ལས་ཐོབ་པ་མི་འདྲ་སྟེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། ཡང་དག་པའི་དགེ་བའི་བཤེས་གཉེན་དང་མཇལ། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དང་མཇལ་ནས། འཛོམས་རྒྱུ་མང་པོ་གཅིག་འཛོམས་བྱུང་བས་སོ།། དེ་ལ་འབད་ལུགས་རང་ཇི་ལྟར་བྱེད་སྙམ་ན། འདི་ན་ཁ་ཅིག་གིས་ངེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་འདི་མཁས་བཙུན་བཟང་གསུམ་འཛོམས་པ། ལྷ་ཆོས་དང་མི་ཆོས་གཉིས་ཀ་མཁྱེན་པ་དེའི་སྒོ་ནས་བུ་སློབ་དང་ཡོན་བདག་ལ་སོགས་པ་ཐམས་ཅད་ཀྱི་རེ་བ་ཚུལ་བཞིན་དུ་རྫོགས་པའི་བཟང་པོ་ཅིག་བཞུགས་སོ། །ཟེར་བ་ཡོད་ཀྱང་། དེ་ལ་དགེ་བའི་བཤེས་གཉེན་ཤ་པོ་སྒང་བའི་ཞལ་ནས། མི་གཅིག་གིས་གཉིས་མི་ཡོང་། ཁྱི་གཅིག་གི་ཝ་གཉིས་མི་ཟིན། ཝ་གཅིག་ལ་ཝ་ལྤགས་གཉིས་བཤུ་རྒྱུ་མི་ཡོང་། ལུག་གཅིག་བསད་པའི་ཤར་སྤུ་བྲང་ལག་པས་ཐེག་ཚད་གཅིག་དང་། རྒྱལ་པ་ཆུ་ཐུབ་པ་གཅིག་གཉིས་མི་ཡོང་། དེ་བཞིན་དུ་ཚེ་འདིའི་མི་ཆོས་ཀྱི་བྱ་བྱེད་ཀྱི་སྒྲིག་རིམས་མ་ཉམས་པ་གཅིག་དང༌། ཕྱི་མ་འཁོར་བ་ལས་ཐར་ནས་སངས་རྒྱས་ཀྱི་སར་བགྲོད་པའི་ཆོས་གཅིག་གཉིས་དུས་གཅིག་ལ་འགྲུབ་པ་མེད་པ་ཡིན་ཏེ། དཔེར་ན་ལྷོ་མོན་ཁར་འགྲོ་བ་དང་། བྱང་ཚྭ་ཁར་འགྲོ་བ་གཅིག་གཉིས། ལམ་གཅིག་ལ་འགྲོགས་འགྲོ་བ་མེད་དོ། །ལྷོ་མོན་ཁར་འགྲོ་ན་རྔ་མ་སོགས་མོན་ལ་མཁོ་བའི་རྫ་ས་བསྒྲུབ་སྟེ་ཁ་ལྷོ་ལ་བལྟས་ནས་འགྲོ་དགོས་པ་ཡིན། དེའི་ཚེ་ལྷོ་ལ་གོམ་པ་རེ་ཕྱིན་པས་ཀྱང་། བྱང་ཁ་ལ་གོམ་པ་རེས་རིང་དུ་འགྲོ་བ་ཡིན། བྱང་ཚྭ་ཁ་ལ་འགྲོ་བ་ན། རྩམ་པ་ལ་སོགས་པ་ཚྭ་ཁར་མཁོ་བའི་རྫ་ས་བསྒྲུབ་སྟེ། ཁ་བྱང་ལ་ལྟས་ནས་འགྲོ་དགོས་པ་ཡིན། དེའི་ཚེ་བྱང་ཚྭ་ཁ་ལ་གོམ་པ་རེ་ཕྱིན་པས་ལྷོ་མོན་ཁ་ལ་གོམ་པ་རེས་རིང་དུ་འགྲོ་བ་ཡིན། དཔེ་དེ་བཞིན་དུ་འཁོར་བ་ལས་ཐར་ནས་ཐམས་ཅད་མཁྱེན་པའི་གྲོང་དུ་འགྲོ་བ་གཅིག་དང་ཚེ་འདིའི་མདུན་མ་མ་ཉམས་པར་བྱེད་པ་གཅིག་གཉིས་སུ་འགྲོ་ས་གཅིག་ཏུ་བྱས་པ་མེད་པ་ཡིན་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་དུ་འགྲོ་བ་ལ་འཇིག་རྟེན་གྱི་ཆོས་བརྒྱད་སྤང་པ་ལ་སོགས་པ་བདག་འཛིན་ཐམས་ཅད་བློས་བཏང་། ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་གཅེས་སྤྲས་བྱེད་པ་ལ་སོགས་པ་ཆོས་རྣམ་པར་དག་པ་གཅིག་བྱས་ནས་འགྲོ་དགོས་པ་ཡིན་ཏེ། དེའི་ཚེ་ས་ལམ་གྱི་ཡོན་ཏན་ཇེ་མཐོ་ཇེ་མཐོ་ལ་སོང་བས། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་བདག་འཛིན་གྱི་མགོ་ཇེ་དམའ་ཇེ་དམན་ལ་འགྲོ་བ་ཡིན། ཚེ་འདིའི་མདུན་མ་མ་ཉམས་པ་བྱེད་ན། དུག་གསུམ་གྱི་ཀུན་ནས་བླངས་ཏེ། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་གི་གཞུང་བསྲངས་དགོས་པ་ཡིན་ཏེ། དེའི་ཚེ་བསླབ་པ་གསུམ་དང་ཆོས་རྣམ་པར་དག་པ་གཅིག་དེར་འོང་དོན་མེད་པ་ཡིན། དེས་ན་རང་རེ་རྣམས་ཀྱི་སྤྱོད་ཚུལ་མཛེས་མཛེས་ཇི་ལྟར་བྱས། སེམས་དུལ་དུལ་ཇི་ལྟར་བྱས། ངག་འཇམ་འཇམ་ཇི་ལྟར་སྨྲས་ཀྱང་། ཚེ་འདིའི་ལེགས་ཤོས་གཅིག་གི་རང་གི་སེམས་ཁྲིད་དུ་བཏུབ། ཚེ་འདིའི་མ་ལེགས་ཤོས་གཅིག་གི་རང་གི་སེམས་སྡིགས་སུ ་བཏུ བ་བའི་རིང་ལ་རང་གི་སེམས་ལ་ཆོས་ནས་གསུངས་པའི་ཡོན་ཏན་སྣ་གཅིག་ཀྱང་འབྱུང་མི་སྲིད་པ་ཡིན་ནོ། །དེས་ན་ད་རེས་ཀྱི་ཚེ་ཐུང་འདི་ལ་འཛོམས་རྒྱུ་མང་པོ་གཅིག་འཛོམས་པའི་དུས་འདིར་ཚེ་འདིའི་འདོད་པ་ལ་དངོས་གྲུབ་དུ་ལྟ་བའི་དུས་མ་ཡིན། འཇིག་རྟེན་ཆོས་བརྒྱད་ཀྱི་འཁོར་འདབ་སྐྱོང་བའི་དུས་མ་ཡིན། བདག་འཛིན་གྱི་མཁར་དཔེ་རྩིགས་པའི་དུས་མ་ཡིན། ཚེ་ཕྱི་མ་ཕན་ཆད་ཀྱི་ལམ་འཆི་ཆོས་བྱེད་པའི་དུས་ཡིན་པས། དེ་ལ་ཆེ་འདིའི་མདུན་མ་ཐམས་ཅད་ཐེད་ལ་བོར། བྱང་བུའི་རྣ་ཆ་འོལ་བ་ཁྲབ་བྱང་གི་དཀྱིལ་ནས་འདོན་པ་བཞིན་མི་ཟླ་ནས་བུ ད། ཉོན་མོངས་དང་བདག་འཛིན་ལ་དགྲ་ནག་པོ ར་ལྟས་ནས་ཆོས་གང་བྱེད་ཐམས་ཅད་ཉོན་མོངས་པ་དང་བདག་འཛིན་གྱི་གཉེན་པོར་འགྲོ་བ་བྱས་ནས་ཉོན་མོངས་པ་དང་བདག་འཛིན་ཅི་ཐུལ་བྱེད་པའི་དུས་ལ་བབས་པ་ཡིན་ནོ།༡༡༤ །ཞེས་གསུངས་པ་ལྟར་ཉམས་སུ་བླངས་ལ་འཁོར་བ་ཀུན་ནས་བླངས་པའི་མི་དགེ་བ་འབྲིང་ཀུན་སློང་དང་བཅས་པ་དང༌། ད་ལྟ་ཡང་ཐམས་ཅད་ཡོད་པར་བཤད་པ་དང་འབྲས་བུ་ཡིན་ཏེ། བཀྲེས་ཤིང་སྐོམ་པ་དང་། རྒྱུད་འཁྲུག་པ་དང་། གཞན་གྱི་འཚོགས་པ་ལ་སོགས་པ་དང་། དུད་འགྲོའི་རྒྱུ་ཀུན་འབྱུང་སྟེ། སྔར་གྱི་གཏི་མུག་གི་ཀུན་ནས་བླངས་པའི་མི་དགེ་བ་ཆུང་ངུ་ཀུན་སློང་དང་བཅས་པ་དང་། འདི་ལ་ཡང་ལས་དང་ཉོན་མོངས་པ་ཐམས་ཅད་ཡོད་པར་བཤད་པ་དང་། འབྲས་བུ་སྡུག་བསྔལ་ཡིན་ཏེ། གླེན་ཞིང་གཏི་མུག་པ་དང་གཅིག་ལ་གཅིག་ཟ་བ་ལས་ཐར་བར་བྱའོ། །ཞེས་འདི་བློ་ངོ་ལ་བྲིས་པས། ལུང་ལ་སོགས་པ་མ་དག་པ་ཡོད་པ་རྣམས་ཞུས་དག་བྱས་ནས། འདི་ཙམ་ཞིག་ལ་ས་བོན་དུ་མཛོད། མཐའ་ཆད་པར་བྱས་ནས་ཉམས་སུ་ལེན་པར་ཞུ། ཞེས་པ་བྱ་བྲལ་བས་དཀོན་མཆོག་རྒྱལ་མཚན་གྱིས་བྲིས་པ་ཡིན་ནོ།། དངོས་གཞི་བྱང་ཆུབ་སེམས་གཉིས་སྦྱང་བ། ༈ དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་ལ། སྤྱིར་ཇོ་བོ་ཆེན་པོ་ལ་༡ ༡༥ བྱང་ཆུབ་ཀྱི་སེམས་སྦྱང་བའི་ལུགས་སམ་བཀའ་སྲོལ་མི་འདྲ་བ་གསུམ་ཡོད་དེ། སྙིང་རྗེའི་དབང་གི་རང་གི་སྐུ་ཤ་ལ་རང་གིས་བཅད་ནས་གཞན་ལ་སྟེར་ནུས་པའི་བླ་མ་དྷརྨ་རཀྵིཏ་ལས་བརྒྱུད་པ་དང༌། གཞན་གྱི་སྡུག་བསྔལ་དངོས་སུ་ལེན་པར་ནུས་པའི་བླ་མ་བྱམས་པའི་རྣལ་འབྱོར་པ་ལས་བརྒྱུད་པ་དང༌། བླ་མ་གསེར་གླིང་པ་ནས་བརྒྱུད་པའོ། །དང་པོ་གཉིས་ཀྱི་སྦྱང་ལུགས་ཐོག་མར་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བདག་གཞན་མཉམ་པ་བསྒོམས་ནས། དེ་ནས་བདག་གཞན་རྗེ་བ་བསྒོམ་པར་མཛད་དེ། འདི་ལས་དང་པོ་བ་ལ་སྐྱེ་དཀའ་གསུངས། བླ་མ་གསེར་གླིང་པའི་ལུགས་ཀྱི་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་མི་བསྒོམ་པར་བདག་དུ་འཛིན་པ་སྤྲུམ་རིལ་ལེ་བ་འདི་ཀའི་སྟེང་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་ཡང་དང་པོ་རང་ནས་བདག་གཞན་བརྗེ་བ་ནས་བསྒོམ་སྟེ། འདི་ལས་དང་པོའི་རྒྱུད་ལ་སྐྱེ་སླ་ཞིང་། ཕན་ཡོན་ཆེ་བས་སྦྱང་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གསུངས། དེ་ལ་འདིར་བླ་མ་གསེར་གླིང་པའི་ལུགས་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། སྦྱོར་བ་བྱམས་སྙིང་རྗེ་བསྒོམ་པ། དངོས་གཞི་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ། རྗེས་དུག་གསུམ་དགེ་རྩར་བསྒྱུར་པ་དང་གསུམ་མོ། །དང་པོ་ནི། གསུང་བགྲོས་མ་ལ་སོགས་པ་ནས་འབྱུང་བ་བཞིན་བསྒོམ་མོ།། དངོས་གཞི་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ། གཉིས་པ་ནི། དང་པོ་རང་གི་རྩ་བའི་མ་དེ་མདུན་དུ་དམིགས་ཏེ། སྔར་གོང་དུ་བྱམས་སྙིང་རྗེའི་དམིགས་པ་མཐར་ཕྱིན་ཡང་འདིར་མའི་སྡུག་བསྔལ་ལེན་པ་ལ་སྤྲོ་བའི་ཕྱིར་དུ། སྙིང་རྗེ་གསལ་སིང་ངེ་བ་གཅིག་བསྒོམས་ལ། མ་དེའི་ལས་དང་ཉོན་མོངས་པ་དེ་མི་དགེ་བ་བཅུ་ལ་སོགས་པའི་སྡིག་པ་དང་། དུག་གསུམ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་དང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་དང༌། གང་མི་མཁོ་བ་ཐམས་ཅད། མདོར་ན་སངས་མི་རྒྱ་བའི་རྒྱུ་དང་། སངས་རྒྱ་བའི་གེགས་སུ་གྱུར་པ་ཐམས་ཅད་ཀྱི་གྲིས་བཞར་བ་བཞིན་དུ་སངས་ཀྱིས་བླངས་ནས། རང་གི་སྙིང་གི་དཀྱིལ་དུ་པུར་གྱིས་ལེན་པ་སྟེ། དེ་ལས་བླངས་ནས། རང་ལ་མི་འབྱུང་བར་བྱེད་པ་ལྟ་བུའམ། དེ་ལས་བླངས་ནས་རང་གི་རྩར་འཇོག་པ་ལྟ་བུ་མ་ཡིན་གྱི། དེ་བས་གཞན་ལས་བླངས་ནས་སྙིང་ལ་བྱུང་དོགས་པ་ཙམ་ཡང་སྤང་དགོས་པས། དང་པོ་རང་ནས་སྙིང་གི་དཀྱིལ་དུ་ལེན་པ་ཡིན། དེ་ལྟར་བླངས་པས་རང་ཕན་དུ་རེ་བའི་ལྟོས་པ་མེད་པར་ལེན་པ་ཡིན་གསུངས། དེ་བཞིན་དུ་ཕ་དང༌། སྤུན་ཟླ་དང༌། ཉེ་འབྲེལ་ལ་སོགས་པ་གྲོང་པ་དང་། ཡུལ་ཕྱོགས་དང༌། བོད་དང༌། འཛམ་བུའི་གླིང་པ་དང༌། གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ་དང་། ངན་སོང་གསུམ་དང༌། འདོད་ཁམས་ཀྱི་ལྷ་དང༌། དེ་གཉིས་དང་བཅས་པའི་སྟོང་ཆུང་ངུ་དང༌། སྟོང་གཉིས་བར་མ་དང༌། སྟོང་གསུམ་གྱི་ཁམས་གོང་མ་གཉིས་དང་བཅས་པ་དང༌། སྟོང་གསུམ་ཡུངས་འབྲུ་ཡི་བཀང་ནས་ཤར་ཕྱོགས་ཀྱི་སྟོང་གསུམ་རེར་ཡུངས་འབྲུ་རེ་བཞག་པས་འདི་ཡུངས་འབྲུ་སྟེར་གྱི་ཟད་ཀྱང་ཤར་ཕྱོགས་ཀྱི་སྟོང་གསུམ་བྲི་བའམ། ཉེར་སོང་བ་མེད་ལ་གཅིག་མང་དུ་སོང་བ་ཡང་མེད་དེ། ནམ་མཁའ་ལ་མཐའ་མེད་པའོ། །དེ་ལྟར་ཕྱོགས་ཐམས་ཅད་དུ་གནས་དེས་གར་ཁྱབ་ཚད་དུ་སེམས་ཅན་གྱིས་ཁྱབ་པས་ན། ཕྱོགས་བཅུའི་ནམ་མཁའ་ཁྱབ་ཚད་ཀྱི་སེམས་ཅན་གྱི་དེ་ལྟར་བླང་བར་བྱའོ། །དེ་ལས་ངན་སོང་གསུམ་གྱི་དང་པོ་དམྱལ་བ་ལ་ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་ཉེ་འཁོར་གཉིས་བཅོ་བརྒྱད་པོ་ཐམས་ཅད་ཀྱི་རྒྱུ་ཀུན་འབྱུང་ཡིན་ཏེ། སྔ་མའི་དབང་དུ་བྱ་བ་ན། ཞེ་སྡང་གི་ཀུན་ནས་བླང་བའི་ལས་སམ། ཉོན་མོངས་པ་ཆེན་པོ་ནས་མི་དགེ་བ་ཆེན་པོ་སྤྱད་པ་དང༌། འདིའི་དབང་དུ་བྱས་ན། སྲོག་གཅོད་པའི་དངོས་གཞི་མེད་ལ། གཞན་མི་དགེ་བ་ཐམས་ཅད་ཡོད་པར་བཤད་པ་དང༌། འབྲས་བུ་སྡུག་བསྔལ་ཡིན་ཏེ། མེ་ལས་གྱུར་པ་དང༌། སེམས་ཅན་ལས། མཚོན་ཆ་ལས གྱུར་པ་དང་། ཆུ་བུར་རྡོལ་བ་དང་། པདྨ་ལྟར་གས་པ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་གོང་ལྟར་རང་གི་སྙིང་གི་དཀྱིལ་དུ་ལེན་ཏེ། བླངས་ནས་ཀྱང་རང་ལ་ཕན་དུ་རེ་བ་དང༌། སྡིག་པ་བྱང་བ་དང་། ཚོགས་རྫོགས་སུ་རེ་བ་མན་ཆད་ཀྱི་ལྟོས་པ་གང་ཡང་མེད་པར་སངས་རྒྱས་པར་སེམས་པའོ།༡༡༦ །དེ་བཞིན་དུ་ཡི་དྭགས་ཀྱི་རྒྱུ་ཀུན་འབྱུང་སྟེ། སྔར་གྱི་ཆགས་པས་ཀུན་ནས་བླང་བའི་མི་དགེ་བ་འབྲིང་ཀུན་སློང་དང་བཅས་པ་དང་། ད་ལྟ་ཡང་ཐམས་ཅད་ཡོད་པར་བཤད་པ་དང་། འབྲས་བུ་སྡུག་བསྔལ་ཡིན་ཏེ་བཀྲེས་ཤིང་སྐོམ་པ་ལ། རྒྱུད་འཁྲུག་པ་དང་། གཞན་གྱིས་འཚོགས་པ་ལ་སོགས་པ་དང་། དུད་འགྲོའི་རྒྱུ་ཀུན་འབྱུང་སྟེ། སྔར་གྱི་གཏི་མུག་གི་ཀུན་ནས་བླང་བའི་མི་དགེ་བ་ཆུང་ངུ་ཀུན་སློང་དང་བཅས་པ་དང་། འདི་ལ་ཡང་ལས་དང་། ཉོན་མོངས་པ་ཐམས་ཅད་ཡོད་པར་བཤད་པ་དང་། འབྲས་བུ་སྡུག་བསྔལ་ཡིན་ཏེ༑ གླེན་ཅིང་གཏི་མུག་པ་དང་གཅིག་ལ་གཅིག་ཟ་བ་གཞན་གྱི་བཤའ་སྲོལ་ལ་སོགས་པའོ།། མཐོ་རིས་ཀྱི་མི་ཡི་ཀུན་འབྱུང་སྔར་གྱི་ལྟ་བུ་དང་། སྡུག་བསྔལ་སྐྱེ་རྒ་ན་འཆི་དང་། འདོད་པ་བཙལ་ཏེ་མི་རྙེད་པ་དང་། མི་འདོད་པ་དང་ཕྲད་པ་དང༌། སྡུག་པའི་དངོས་པོ་དང་བྲལ་བ་དང༌། མདོར་ན་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་ཡིན་པ་ལ་སོགས་པ་དང་། འདོད་པའི་ལྷ་ལ་བག་མེད་པ་དང༌། འཆི་ལྟས་དང་། ཉེ་བར་འཆི་ལྟས་དང་། གཞན་གྱི་དཔའ་བསྐོང་བ་ལ་སོགས་པ་དང་། ཁམས་གོང་མ་གཉིས་ཀྱི་འཆི་འཕོ་བ་དང་། ལྟུང་བ་དང༌། ཏིང་ངེ་འཛིན་གྱི་མྱོས་པ་ལ་སོགས་ས་པ་པ་ཐམས་ཅད་ལེན་ནོ། །རེས་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་རེས་སོ་སོ་རེ་རེ་དང་དེ་ཡི་ཡང་སེམས་ཅན་རེ་རེ་ནས་ཐམས་ཅད་ལ་སྒོམ་སེམས་ལ་དེ་མེད་ན་ཁ་ནས་ཡམ་པ་ལས་དོན་ཐོག་ཏུ་སྐྱེལ་བ་མི་འོང་། རེས་ཐམས་ཅད་དུས་གཅིག་ཏུ་སེམས་ཏེ།༡༡༧ ནམ་མཁའི་ཁྱབ་ཚད་ཀྱི་སེམས་ཅན་ཉེ་རིང་མེད་བཟང་ངན་མེད་པ་ཐམས་ཅད་ཀྱི་རྒྱུ་ཀུན་འབྱུང་། འབྲས་བུ་སྡུག་བསྔལ་མ་ལུས་པ་རང་གི་སྙིང་གི་ནང་དུ་བླངས་ནས་སངས་རྒྱས་པར་སེམས་དེ་མེད་ན་བློའི་འགྲམ་མི་འོང་། རེས་དམྱལ་བ་ལྟ་བུ་རེ་རེའི་སར་རང་གི་ལུས་ཀྱང་རེ་རེ་བསམ་ལ་ལེན། རེས་ལུས་འདི་གཅིག་བུ་ལ་ཐམས་ཅད་ལེན། རེས་ཐོག་ནས་འབྱུང་བ་ལྟར་རགས་རིམས་ནས་ལེན། རེས་གང་ན་ཅི་སྣང་བ་རྣམས་ལེན། རེས་འདི་ཀུན་ལ་སྦྱོར་མི་དགོས་སྙམ་པའི་མི་སྣང་བ་རྣམས་ལེན། དེ་ལྟ་བུའི་སྒོ་ནས། རེས་འགའ་རིག་དྲུག་གི་སེམས་ཅན་རེ་རེའི་ཉོན་མོངས་པས་སོ་སོ་ཕྱེ་ནས་ལེན། རེས་སྡུག་བསྔལ་སོ་སོར་ཕྱེ་ནས་ལེན། རེས་སེམས་ཅན་རེ་རེའི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་དུས་གཅིག་ལ་ལེན། དེ་ལྟར་སྒོ་སྣ་ཚོགས་ནས་བསམ་པས་སྡུག་བསྔལ་དང་ཉོན་མོངས་པ་ལེན་པ་ལ་མི་སྐྱོ་བ་དང་། ངེས་ཤིང་ཐོག་ཏུ་སྐྱེལ་བ་དང་། བློ་སྦྱོང་སྐྱེན་པ་ལ་སོགས་པ་འབྱུང་ངོ༌། །དེ་རྣམས་ཀྱི་ལེན་ཙ་ན་ཡང་། དགྲ་དང་ཐ་མལ་དུ་བསམ་ན། ལེན་པ་དོན་ལྡན་གཅིག་མི་འོང་བས། ལེན་པའི་ཚེ་ཐམས་ཅད་རང་ལ་ཕན་འདོགས་ཕ་མ་དྲིན་ཅན་ཤ་སྟག་དུ་བསམས་ནས་བྱམས་སྙིང་རྗེ་གསལ་སིང་བ་རེས་ཀུན་ནས་བླང་ཞིང་ལེན་པ་ཡིན་ནོ། །དེ་ལྟར་དགྲ་ལ་གཏོང་ལེན་གཉིས་པོ་བསྒོམ་པའི་ལག་རྗེས་ཡོང་དགོས་ཏེ་གཞན་གཅེས་པར་འཛིན་པ་དང་། རང་གི་བདག་འཛིན་ལ་གནོད་པ་འཁྱོལ་དགོས་སོ།། གཏོང་བ་ནི། གཏོང་བར་བྱ་རྒྱུ་གང་གཏོང་ན། སྤྱོད་འཇུག་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ།༡༡༨ །ཞེས་གསུངས་པ་ལྟར། རང་གི་ལུས་དང་ལོངས་སྤྱོད་དང༌། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཏོང༌། ལུས་གཏོང་བ་ཡང་། མ་དག་པ་གསུམ་དང་བྲལ་བར་གཏོང་སྟེ། ཡི་དམ་གྱི་ལྷར་བསྒོམ་ནས་བཏང་བ་དང༌། ཐ་མལ་གྱི་ཤ་ཁྲག་ཙམ་དུ་བྱས་ནས་གཏོང་བ་དང་། བཏང་ནས་ཟད་པ་དང་བྲལ་བའོ། །དེ་བཞིན་དུ་ལོངས་སྤྱོད་ཡོད་ཀྱང་། ཐ་མལ་གྱི་ལོངས་སྤྱོད་གཞན་ལ་གནོད་པར་འགྱུར་བའི་དུག་དང་མཚོན་ཆ་ལ་སོགས་པ་དང་། བཏང་བས་ཟད་པ་དང་བྲལ་བར་བྱེད་དོ། །འོ་ན་ཇི་ལྟར་དུ་བྱས་ནས་བཏང་ན། སྡོང་པོ་བཀོད་པའི་དཀོད་པའི་མདོ་ལས། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བའི་ཡིད་བཞིན་གྱི་ལུས་སུ་ནི་གྱུར།༡༡༩ །ཞེས་དང༌། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། འབྱུང་བ་ཆེན་པོ་བཞི་ནི་སྣ་ཚོགས་དང་། ཚུལ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་ནས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་ལུས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའི་གཞིར་གྱུར།༡༢༠ ཅེས་དང༌། སྤྱོད་འཇུག་ལས། ཡིད་བཞིན་གྱིས་ནི་ལུས་སུ་བསྒྱུར།༡༢༡ །ཞེས་སོ། །དེ་ལྟར་ན་ཡིད་བཞིན་དུ་བསྒྱུར་ནས་བཏང་ངོ༌། །དེ་རྣམས་ཀྱི་དོན་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པར་བྱས་ནས་བཏང་བ་ལ་མི་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ཡིད་ལ་ཅི་འདོད་པ་དང༌། དགོས་འདོད་ཐམས་ཅད་ཟད་མི་ཤེས་པ་འབྱུང་བ་ལ་ཟེར་བས་དེ་ལྟར་བྱས་ནས་གཏོང་ངོ༌།། གཏོང་བའི་རིམ་པ་ཡང་། རྩ་བའི་མ་དེ་མདུན་དུ་དམིགས་ནས། དེ་ལ་བཏང་བས་མ་དེའི་སངས་རྒྱ་པའི་ཉེར་ལེན་གྱི་རྒྱུའི་དབང་དུ་བྱས་ནས། དད་པ་དང་། ཚུལ་ཁྲིམས་དང་། བརྩོན་འགྲུས་དང་། ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་དོན་ནང་གི་རྒྱུ་ཐམས་ཅད་འབྱུང་བར་བསམ། ལྷན་ཅིག་བྱེད་པའི་རྐྱེན་གྱི་དབང་དུ་བྱས་ནས། དགེ་བའི་བཤེས་གཉེན་དང༌། དཔེ་ཆ་དང༌། མཆོད་ཆ་དང༌། མཆོད་ཁང་དང་། ཁང་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་སོགས་པ་དང་། དོན་ནང་གི་ཆོས་ཀྱི་མཐུན་རྐྱེན་ཐམས་ཅད་འབྱུང་བར་བྱས་ནས་སེམས་བསྐྱེད་རྫོགས་ཏེ་སངས་རྒྱས་པར་སེམས་སོ། །དེ་བཞིན་དུ་ཕ་དང་ཉེ་འབྲེལ་ནམ་མཁའ་མཐས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་དང༌། ངན་སོང་གསུམ་ནས། ཉན་ཐོས་དང་། རང་སངས་རྒྱས་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བཏང་བས་ཀྱང་སྔ་མ་བཞིན་དུ། དེ་དག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད། བསླབ་བྱ་ལ་བསླབ་ཚོགས་གཉིས་མཐར་ཕྱིན་ནས་སངས་རྒྱས་པར་སེམས་པའོ། །ཡང་ཡིད་བཞིན་གྱི་ནོར་བུ་གཅིག་ལས་སེམས་ཅན་ཐམས་ཅད་ཀྱི་ཟས་གོས་ལ་སོགས་པ་ཅི་འདོད་འབྱུང་བ་ལྟར། རང་གི་རྩ་བའི་ལུས་གཅིག་པུ་འདི་ཉིད་ནམ་མཁའི་མཐའ་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཟས་གོས་གནས་མལ་དང་། ཡུལ་ཞིང་དང་། ཉེ་འབྲེལ་དང་། འཁོར་འབངས་དང་། བཞོན་པ་ལ་སོགས་པའི་འཇིག་རྟེན་པའི་བདེ་བ་ཐམས་ཅད་དང༌། མཁན་སློབ་དང༌། དཔེ་ཆ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་བདེ་བའི་རྒྱུ་འབྲས་ཐམས་ཅད་ཀྱང་བྱུང་བར་སེམས་པའོ། །ཡང་ཡིད་བཞིན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་སོགས་པ་མང་པོས་སེམས་ཅན་གྱི་དོན་བྱེད་པ་བཞིན་དུ། རང་གི་ལུས་འདི་ཡང་སེམས་ཅན་རེ་རེའི་མདུན་དུ་ཡང་རེ་རེ་ཡོད་པར་བསམ་ནས་སྔ་མ་ལྟར་རོ། །ཡང་རང་གི་ལུས་འདི་བེམ་པོའི་རྣམ་པས་ས་དང་ཆུ་དང་མེ་ལ་སོགས་པའི་ཚུལ་གྱི་སེམས་ཅན་རེ་རེའི་མདུན་དུ་གནས་པས་དེ་དག་གི་མཁོ་བའི་ཡོ་བྱད་དུ་གྱུར་ཏེ་ལོངས་སྤྱོད་པར་སེམས་པའོ། །ཡང་རེས་རིལ་པོའི་རྣམ་པར་གཏོང་། རེས་མགོ་དང་རྐང་ལག་ལ་སོགས་པ་བཅད་དེ་བསད་པའི་ཚུལ་གྱིས་གཏོང་ངོ༌།། སྤྱིར་གཏོང་བ་ལ་དམིགས་བསལ་ཅེས་པ་ལྟར། ལ་ལ་ཤ་ཁྲག་ཉིད་ཀྱང་ཡིད་བཞིན་དུ་འོང་བ་ལ། ལ་ལ་འདོད་པའི་ཡོན་ཏན་དེར་འོང་སྟེ། སྔགས་ནང་པའི་འགྲུབ་ཁུང་དུ་ཡང་ལས་གན་རྐྱལ་དུ་འགྱེལ་ཏེ་དེ་ལ་བཅད་ཅིང་བཏང་ངོ༌། །དེའི་དང་པོ་ལུས་ཉིད་ཡིད་བཞིན་དུ་བསྒྱུར་བས། དེ་ནས་ཤ་ཁྲག་ཀྱང་གང་དུ་བྱས་ཀྱང་དེ་ཉིད་ཞེ་ཐག་ཏུ་འོང་སྟེ། སློབ་དཔོན་གྱི་ཞལ་ནས། ངས་ནི་རྒྱུན་དམ་ལ་སོགས་པའི་ཆུ་མིག་དང༌། མཚོ་རྫིང་དང་ནམ་ར་ལ་སོགས་པའི་ཐང་དང་ཐ་ན་འཆད་ཀའི་གྲོགས་ཕུག་ཡན་ཆད་དུ་མ་བསྒོམས་པ་མེད་༡ ༢༢ གསུངས། ཡང་རབ་གནས་དུས་སུ་རྟེན་ལ་འདྲེ་ཞུགས་པ་འབྱིན་པ་ལ་ཡང་། རང་གི་ལུས་ལ་རྟེན་གྱི་རྣམ་པ་དེ་འདྲ་བ་དུ་མ་བྱུང་བ་བསྒོམས་ནས། དེ་རྣམས་ཁྱེར་ལ་ཁྱོད་ཀྱི་མི་དགའ་བ་མ་བྱེད། རྟེན་འདི་ལ་རབ་གནས་བྱས་ནས་སྐྱབས་གནས་བྱེད་པ་ཡིན་ཅེས་དང་། དེ་བཞིན་དུ་ནད་པའི་རིམ་གྲོ་དང་གཏོར་མ་ལ་ཡང་། རང་གི་ལུས་འདི་གཏོར་མར་བཅུག་ནས་ཁོ་ལ་ཕྱོགས་ཐམས་ཅད་ནས་གནོད་པ་རྣམས་ངའི་བཟའ་དགའ་ན་འདི་ཁྱེར་ལ་གནོད་པ་མ་བྱེད། ང་བར་པ་གསེར་སྦྱིན་བྱས་ནས་བསྡུམས་བྱེད་པ་ཡིན་ནོ། །གྲལ་མགོ་ལ་འགྲོ་བའི་དུས་སུ་ཡང༌། དེར་ལུས་དུམ་བུ་དུམ་བུར་འཐོར་ཞིང་བཏང་ལ་དེ་ལྟར་བྱ། ས་གཉན་པོར་ཡང་རང་གི་ལུས་ལ་དེའི་བགེགས་གོང་མ་རྣམས་ལ་མཆོད་པའི་ཚོགས་དང་། དེའི་མི་དང་མི་མ་ཡིན་པ་རྣམས་ལ་གོང་ལྟར་བྱེད་པ་དང་། ཆགས་ཆེ་བ་དང་། རྨི་ལམ་དང༌། མཚན་མ་དང༌། ཕྱོགས་ངན་པ་དང༌། བཀྲ་མི་ཤིས་པའི་མཚན་མ་དེ་དག་ཐམས་ཅད་ལ་གོང་ལྟར་རང་ལ་བླངས་ལ། དེ་དག་ལ་བཏང་བས་དགེ་ལེགས་དང༌། ངོ་མཚར་བའི་ལྟས་དང༌། མཚན་མ་ལ་སོགས་པ་བཟང་པོ་དང་ལྡན་པར་བྱས་ཏེ། གཞན་གྱི་དྲོད་གཏོང་དང་གཏང་ཁྲམ་འདྲེ་འགྲས་དང༌། རོ་བག་དང༌། མི་གཙང་བ་ལ་སོགས་པ་བྱུང་གི་དོགས་པ་ཐམས་ཅད་ལ་ཡང་དེ་དག་རང་གི་སྙིང་ནང་དུ་བླངས། རང་གི་ལུས་ལ་སོགས་པ་བཏང་བས། དེ་དག་དགའ་ཞིང་ཚིམ་སྟེ་གདུག་པའི་སེམས་ལ་སོགས་པ་ཞི་ནས་རྒྱུ་རྐྱེན་ལ་སོགས་པ་ཚང་ནས་སངས་རྒྱས་པར་བསམ། གཙང་བ་དང་རིག་པ་ཙམ་གྱིས་བདེ་བ་དང་། ཉེས་སྤྱོད་ཐམས་ཅད་དག་པའི་ཡོན་ཏན་དང་ལྡན་པར་སེམས་པ་དང་། ད་ལྟ་མངོན་སུམ་དུ་མཐོང་བ་ལ་སོགས་པ་མི་ཟད་ནོར་ཟད་སོགས་པ་བྱུང་བ་དང་། མཛེ་བྱུང་བ་དང་། ནད་ཚབས་པོ་ཆེ་གཞན་གྱིས་ཐེབས་པ་དང་། རྒས་པ་ལ་སོགས་པའི་གོང་དུ་བཤད་པའི་སྡུག་བསྔལ་ཐམས་ཅད་དང་། ཆགས་པ་རྒྱས་པ་དང་། ཆོས་མི་གོ་བ་ལ་སོགས་པའི་རིགས་ཐམས་ཅད་ལ་བཏང་བས། དེ་དག་དང་བྲལ་ཞིང་དེ་ལས་བཟློག་པའི་ཡོན་ཏན་དང་ལྡན་ནས་སངས་རྒྱས་ཐོབ་པར་སེམས་པའོ། །དེས་མཚོན་ནས་རྣལ་འབྱོར་ཐམས་ཅད་གཅིག་གི་བྱ། །ཞེས་པ་ལྟར་ཐམས་ཅད་ལ་མཚོན་པར་བྱའོ། །འདི་གཅིག་བུ་ཡོད་ན་ཅི་ལ་ཡང་ཡ་མི་ང་བ་གཅིག་ཡོང་གསུང་། དེ་ལྟར་གཉན་ས་ལ་སོགས་པར་སྦྱང་བ་དེ་ལ་བསམ་པས་སྦྱང་ན། བདུད་ཀྱི་སྤྱོད་ཡུལ་བ་བཞིན་སྤྱོད་པ་ཐོ་ཅོའི་རྣམ་པར་མ་སོང་བ་དང་། ཡང་ཐོག་ཏུ་བཟུར་ཐབས་མེད་པ་བྱུང་ཡང་ཡ་ང་བ་དང༌། བག་ཚ་བ་དང་འཇིགས་པ་མེད་པར་གོང་ལྟར་རིང་རྒྱངས་ཀྱི་སོང་བར་བྱའོ།། དེ་བཞིན་དུ་ལོངས་སྤྱོད་ཀྱང་རང་ལ་གང་ཡོད་ཡིད་བཞིན་དུ་བསྒྱུར་ཏེ་བཏང་བས་དེ་རེ་རེ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོ་བྱད་༡༢༣ དཔག་ཏུ་མེད་པ་བྱུང་ནས། ནོར་འདོད་པ་ལ་ནོར། ཟས་དང༌། འབྲས་བུ་དང་། རྟ་དང་གླང་པོ་ལ་སོགས་པ་གང་འདོད་པ་དང་། གཞན་ཡང་དམ་ཆོས་ཀྱི་དབང་དུ་བྱས་པའི་དད་པ་དང༌། ཚུལ་ཁྲིམས་དང་། ཤེས་རབ་ལ་སོགས་པ་སངས་རྒྱས་པའི་མཐུན་རྐྱེན་མ་ཚང་བ་མེད་པ་བྱུང་བར་བསམ་ཞིང་གཏང་ངོ༌། །གཞན་ཡང་ལུས་དང་ལོངས་སྤྱོད་ལ་སོགས་པ་ལ་ཆགས་ན་གང་ན་ཆགས་པ་དེ་དཀར་ཞིང་ཡིད་བཞིན་དུ་བསྒྱུར་ནས་སེམས་ཅན་ཐམས་ཅད་ལ་བཏང་ངོ༌། །དེ་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པར་བསམ་ཏེ། བླ་མ་དང་སངས་རྒྱས་ལ་ཡང་འབུལ་གསུང་ངོ༌། །དགེ་བ་ནི་རང་གི་དུས་གསུམ་བསགས་པ་ཐམས་ཅད་གཏོང་སྟེ། དེ་ཡང་ཐ་ན་དུད་འགྲོ་ལྟ་བུ་ལ་ཟན་ཆང་གཅིག་སྦྱིན་པའི་དགེ་བའི་རྩ་བ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་། བསོད་ནམས་བྱ་བའི་དངོས་པོ་ལ་སོགས་པ། མདོར་ན་ཟག་བཅས་དང་ཟག་པ་མེད་པའི་བསྡུས་པའི་དགེ་བ་ཐམས་ཅད་བཏང་བས། སེམས་ཅན་ཐམས་ཅད་འདོད་པ་དང་། ཅི་དགོས་པ་དང་། གང་དང་གང་གི་དོན་དུ་གྱུར་པ་ཐམས་ཅད་བྱུང་སྟེ་སངས་རྒྱས་ཀྱི་རྒྱུ་རྐྱེན་ཐམས་ཅད་ཚང་ནས་སངས་རྒྱས་པར་སེམས་པའོ། །ཡང་གནས་སྐབས་སུ་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་བསྡོམ་ཏེ། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་བཟང་ངན་ཕྲ་རགས་ཐམས་ཅད་ལ་བཏང་བས་གོང་ལྟར་དུ་སེམས་པའོ།། དོན་གྲིལ་ན། དེ་ལྟར་བཏང་བས་གསུམ་ཀ་ལ་ཡང་རྩ་བའི་མ་ནས་སེམས་ཅན་ཐམས་ཅད་དང་མནར་མེད་པ་ནས་སངས་རྒྱས་ཀྱི་བར་རིམ་པར་གཏོང་བ་དང༌། འབས་ཏེ་བསྡུས་ནས་དུས་གཅིག་ལ་གཏོང་བ་དང༌། ལུས་ལོངས་སྤྱོད་སྣ་རེ་ལ་ཡང་ཐམས་ཅད་འབྱུང་བར་བསམ་ཏེ་གཏོང་བ་དང༌། གསུམ་ཀ་རིལ་པོ་རེ་བཏང་བས་དེ་ལྟར་དང་། ལུས་ལ་སོགས་པ་མང་པོ་བྱས་ནས་སེམས་ཅན་རེ་རེ་ལ་གཏོང་བ་དང༌། འདི་གཅིག་པུ་ཐམས་ཅད་ལ་ཐེ་ཚོམ་མེད་པར་གཏོང་བ་ལ་སོགས་པ་ལེན་པའི་སྐབས་ལྟར་བསམ་པར་བྱའོ། །དེ་ལྟར་གཏོང་ལེན་བསྒོམ་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། སྡུག་བསྔལ་ལ་སོགས་པ་མི་འདོད་པ་ཐམས་ཅད་རང་གི་སྙིང་གི་དཀྱིལ་དུ་ལེན་པ་རེ་དང་། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏོང་བ་རེ་སྤེལ་ནས་བསྒོམ་དེ་ཡང་གོང་ལྟར་རེས་རྩ་བའི་མ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ལ་མཐར་ཆགས་སུ་གཏོང་། རེས་ཐམས་ཅད་ལ་དུས་གཅིག་དང་། རེས་ལས་ངན་ཤ་སྟག་དང་། རེས་ཉོན་མོངས་པ་ཅན་ཤ་སྟག་དང་། དེ་ལ་སོགས་པ་དུ་མ་བཀོལ་ནས་བསྒོམ་སྟེ། དེ་ཡང་བསྒོམ་པའི་ཚེ་ཁའི་ཡམ་རྒྱུག་པ་ལྟ་བུ་མ་ཡིན་ཐུན་གྱི་ཁྲལ་འཇལ་ལྟ་བུ་མ་ཡིན་པར་རིག་པ་འཇུར་ལ་གཏད། སྙིང་ལ་ཟུར་ཐོན་པར་བྱས་ཏེ་བསྒོམ་པས་བློ་འབྱོང་སྐྱེན་པ་དང་། ཤེས་པ་དོན་ལ་འགྲོ་བ་དང་། དོན་དང་རྡོ་རུས་ཐུག་པ་འབྱུང་ཞེས་གསུངས་སོ། །གཞན་ལེན་པའི་གོ་རིམས་རང་ནས་བརྩམས་པ་ལ་སོགས་པ་གསུང་བགྲོས་མ་བཞིན་ནོ།། རྐྱེན་ངན་བྱང་ཆུབ་ཀྱི་སེམས་སུ་བསྒྱུར་བ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བསམ་པའི་སྒོ་ནས་རྐྱེན་ངན་བྱང་ཆུབ་ཀྱི་སེམས་སུ་བསྒྱུར་བ་ནི། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཞེས་པ་སྟེ་དེ་ལ་ད་ལྟ་རང་རེ་རྣམས་སྡུག་བསྔལ་དང་རྐྱེན་ངན་ཅི་བྱུང་བ་ཐམས་ཅད་ཀྱི་ལེ་ལན་གཞན་ལ་འདེད་ཅིང༌། རང་རེ་ལེ་ལན་མེད་པའི་སྐྱོན་མེད་གཅིག་ཏུ་འདོད་མོད། དེ་ནི་མ་ཡིན་ཏེ་སྡུག་བསྔལ་དང་རྐྱེན་ངན་ཅི་བྱུང་བ་ཐམས་ཅད་ཀྱི་ལེ་ལན་ནི། བདག་འཛིན་གཅིག་པུ་འདི་ཉིད་ལ་ཐུག་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་བདག་འཛིན་འདི་ཉིད་ཀྱི་ཐོག་མ་མེད་པ་ནས་བདག་མེད་པ་ལ་བདག་ཏུ་བཟུང་ནས་དེའི་གཅེས་སྤྲས་དང་ཁ་འཛིན་གྱིས་མཐོ་བ་ལ་ཕྲག་དོག དམའ་བ་ལ་བརྙས་བཅོས། མཉམ་པ་ལ་འགྲན་སེམས། དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་སྒོ་ནས། གཞན་ལ་གནོད་པ་ལ་སོགས་པའི་ལས་མི་དགེ་བ་སྣ་ཚོགས་བསགས་པ་ལ་བརྟེན་ནས་སྡུག་བསྔལ་དང༌། རྐྱེན་ངན་སྣ་ཚོགས་བྱུང་བ་ཡིན་ནོ། །དེ་སྐད་དུ་ཡང་། སྤྱོད་འཇུག་ལས། ཡིད་ཁྱོད་རང་འདོད་བྱེད་འདོད་ནས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང་། །ངལ་པ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱི་སྡུག་བསྔལ་འབའ་ཞིག་བསྒྲུབ།༡ ༢༤ །ཅེས་གསུངས་སོ། །དེས་ན་རྐྱེན་ངན་པ་ལ་བརྟེན་ནས་སྡུག་བསྔལ་ལ་བཅུག་པ་ཐམས་ཅད་ཀྱང་། བདག་གཅེས་པར་འཛིན་པ་འདིས་ལན་ཏེ། རྒྱལ་ཁམས་ན་ནད་ཡམས་འདུག་ཟེར་ན་ཁོ་ལ་བྱུང་གི་དོགས་ནས་སྡུག་བསྔལ། ཕ་རོལ་གྱི་དགྲ་བོས་བཅོམ་གྱི་དོགས་ནས་སྡུག་བསྔལ། འདྲེ་གདོན་གྱིས་ཁྱེར་གྱིས་དོགས་ནས་སྡུག་བསྔལ་བ་ལ་སོགས་པ་མདོར་ན་བདག་མཐོ་བར་འདོད། བདག་ལེགས་པར་འདོད། བདག་སྐྱིད་པར་འདོད་པ་ལ་སོགས་པ་དང་མི་མཐུན་ནས་སྡུག་ཏུ་བཅུག་པ་ཡིན་པས་སོ། །དེས་ན་སྡུག་བསྔལ་དང་རྐྱེན་ངན་ཐམས་ཅད་དང་པོ་འབྱུང་བའི་རྒྱུ་ཡང་བདག་འཛིན་ལ་བརྟེན་ནས་བསགས། ཐ་མ་རྐྱེན་དུ་སྣང་བ་ཡང་བདག་འཛིན་ལ་བརྟེན་ནས་ཁོའི་འདོད་པ་དང་མ་མཐུན་ནས་འབྱུང་བ་རྐྱེན་ངན་ཅི་བྱུང་བ་ཐམས་ཅད་བདག་འཛིན་ལ་ཐུག་པ་ཡིན་ནོ།། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་པ་ནི། སེམས་ཅན་ཀུན་བཀའ་དྲིན་ཅན་འབའ་ཞིག་ཡིན་ཏེ། ཐོག་མ་མེད་པ་ནས་བདག་ལ་ཕན་འབའ་ཞིག་བཏགས་གནོད་པ་མཐའ་དག་ལས་སྐྱོབ་པའི་སྒོ་ནས་ཀྱང་དྲིན་ཚེ། སངས་རྒྱས་བསྒྲུབ་པར་འདོད་པ་ལ་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན་དེ་ཡང་སེམས་ཅན་ལ་བརྟེན་ནས་སྐྱེ་དགོས་པས་ན་དྲིན་ཆེ། ཁྱད་པར་དུ་རང་ལ་རྐྱེན་ངན་གཏོང་བའི་འདྲེ་གདོན་ལ་སོགས་པ་ནི། ལྷག་པར་དུ་ཡང་དྲིན་ཆེ་སྟེ། བདག་གི་རྐྱེན་ངན་མྱོང་བའི་ལས་བསགས་པ་དེའི་སད་བྱེད་བྱས་པས། ལས་ངན་འཛད་པའི་གྲོགས་བྱས་པའི་སྒོ་ནས་དྲིན་ཆེ། རྐྱེན་ངན་ལ་བརྟེན་ནས་བཟོད་པ་བསྒོམ་པའི་གྲོགས་བྱས་པའི་སྒོ་ནས་ཀྱང་དྲིན་ཆེ་བས་ཀྱང་སེམས་ཅན་ཐམས་ཅད་དྲིན་ཅན་འབའ་ཞིག་ཡིན་ནོ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའི་གནད་གཞན་རྣམས་ནི་གསུང་བགྲོས་མ་བཞིན་ནོ།། འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །ཞེས་པ་ནི། སྐྱིད་སྡུག་འཛོམ་མ་འཛོམ་ལ་སོགས་པའི་དུས་ཐམས་ཅད་དང་། རང་ཡུལ་དང་མི་ཡུལ་ལ་སོགས་པའི་ཡུལ་ཐམས་ཅད་དང་། དགོན་པ་དང༌། གྲོང་ལ་སོགས་པའི་གནས་ཐམས་ཅད་དང་། འགྲོ་འཆག་དང་ཉལ་བ་ལ་སོགས་པའི་སྤྱོད་ལམ་ལམ་ཐམས་ཐམས་ཅད་དང་། མཐོང་བ་དང་ཐོས་པ་དང༌། དྲན་པ་དང༌། ཡིད་ལ་འགྲུས་པའི་དབང་པོ་དྲུག་གི་ཡུལ་དུ་གྱུར་པ་ཐམས་ཅད་ལ་སྦྱར་ཞིང་བསྒོམ་ཏེ། དེ་ཡང་དབང་པོ་དྲུག་གི་ཡུལ་དུ་གྱུར་པ་ལ་འདོད་མི་འདོད་གཉིས་གཉིས་ཡོད་ལ། དེ་གཉིས་པོ་ཁ་ཚོན་བཅད་ནས་འདོད་པ་དེ་སེམས་ཅན་ལ་གཏོང་མི་འདོད་པ་དེ་རང་ལ་ལེན་ནོ། །འགྲོ་འཆག་ལ་སོགས་པ་སྤྱོད་ལམ་གང་བྱེད་དུས་གང་དང་ཐུག་པའམ། གང་དང་ཕྲད་པ་དེ་གཉིས་ལ་བརྟེན་ནས་བསྒོམ་མོ་ཉལ་བའི་དུས་སུ་ཡང་གཉིད་ལོག་པའི་བར་ལ་སེམས་ཅན་གྱི་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་བླངས། ལུས་ལོངས་སྤྱོད་ཐམས་ཅད་གཏོང་ལ་སེམས་ཅན་རྣམས་སངས་རྒྱས་པར་བྱ་སྙམ་དུ་བསམ་ལ་གཉིད་ལོག་པས། གཉིད་ཐམས་ཅད་བདག་གཞན་བརྗེ་བའི་སེམས་སུ་འགྲོ་ལ། སྦྱང་ནས་རྨི་ལམ་དུ་འདི་འབྱོངས་པ་འོང་སྟེ། མདོ་ནས་བཤད་པ་ལྟར་འོང་གསུང་ངོ༌། །ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། གསུང་བགྲོས་མ་བཞིན་ནོ།། བློ་འབྱོངས་པའི་ཚད། བློ་འབྱོངས་པའི་ཚད་ནི། ཆོས་རྣམས་དགོངས་པ་གཅིག་ཏུ་འདུ། །ཞེས་གསུངས་སོ། །ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོངས་པ་བདག་འཛིན་འདུལ་བ་རུ་འདུ་ཞིང་། ཁྱད་པར་དུ་བློ་སྦྱོང་གི་དམིགས་རྩེའི་གཏོད་ས་བདག་གཅེས་འཛིན་འདུལ་བ་དང་། གཞན་གཅེས་པར་འཛིན་པ་ཡིན་པས་སྤྱིར་དགེ་སྦྱོར་བྱས་པ་དང་། ཁྱད་པར་དུ་བློ་སྦྱོང་བསྒོམ་པ་བདག་འཛིན་གྱི་གཉེན་པོར་མ་སོང་ན། བློ་སྦྱོང་རྒྱུད་ལ་མ་སྐྱེས་པ་ཡིན་པས། བློ་སྦྱོང་རྒྱུད་ལ་སྐྱེས་མ་སྐྱེས་བདག་འཛིན་གྱི་གཉེན་པོར་སོང་མ་སོང་ལ་རག་ལས་པ་ཡིན་ནོ། །འདི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན་གསུང་ངོ༌། །དཔང་པོ་གཉིས་ཀྱི་གཙོ་བོར་བཟུང༌། །ཞེས་པ། གཞན་བདག་གི་ཇོ་བོ་དེ་ཀུན་རྒྱུད་ལ་ཆོས་སྐྱེས་འདུག ཆོས་པ་བཟང་པོ་བྱ་བ་དེ་ན་འདུག་ཟེར་ཡང་། དཔང་པོའི་གཙོ་བོ་མ་ཡིན་ཏེ། གཞན་གྱི་རང་གི་སྤྱོད་ཚུལ་ལེགས་པ་ཙམ་མམ། ཚིག་འཇམ་པ་ཙམ་མམ། ཁོ་རང་གིས་བསམ་པ་དང་མཐུན་པ་ཙམ་ལ་ཡང་ཆོས་པ་བཟང་པོར་རྩི་བ་ཡོད་པས་སོ། །དེས་ན་དཔང་པོ་གཉིས་ཀྱི་གཙོ་བོ་རང་གི་སེམས་ཀྱི་མ་ཁྲེལ་བ་ཅིག་དཔང་པོའི་གཙོ་བོ་ཡིན་ཏེ། གཞན་དག་དེའི་རྒྱུད་ལ་ཆོས་མ་བྱུང་བ་འདུག་ཟེར་བ་སོགས་བྱུང་ཡང་རང་གི་བློ་གཟུ་བོར་བཞག་པ་ལ། ད་དམྱལ་བར་སྤྱི་བཙུག་ཏུ་སོང་ཡང་འགྱོད་པ་མེད་སྙམ་པ་དེ་གཉིས་དཔང་པོ་གཙོ་བོ་ཡིན་ཏེ། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཅེས་པ། བློ་སྦྱོང་རྒྱུད་ལ་སྐྱེས་པས་ད་རྐྱེན་ངན་ཅི་ཡང་བློ་སྦྱོང་གི་ལམ་དུ་ཁྱེར་བས་ཆོག་སྙམ་དུ་ཡིད་བདེ་བ་ཡིན་ལ། ཡང་རྐྱེན་ངན་མ་བྱུང་བའི་ཚེ། རྐྱེན་ངན་བྱུང་ན་ལམ་དུ་ཁྱེར་སྙམ་པ་ཙམ་ཡིན་གྱི། རྐྱེན་ངན་དང་འདོམ་ཐུག་བྱུང་ཙ་ན། དེ་ལ་སྡུག་བསྔལ་དུ་མ་འཛིན་པར་ཡིད་བདེ་ལྷན་གྱིས་འགྲོ་བ་དམིགས་དགོས་སོ།། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །བྱ་བ་རྐྱེན་ངན་དང་ཕྲད་པའི་ཚེ་རྩོལ་བ་བསྐྱེད་ནས་བློ་སྦྱོང་བསྒོམ་པས་རྐྱེན་ངན་གྱི་དབང་དུ་མ་ཤོར་བ་ཙམ་ལ་མི་ཟེར་གྱིས། གློ་བུར་དུ་གང་ནས་བྱུང་ཆ་མེད་པར་འགལ་རྐྱེན་བྱུང་བའི་ཚེ། རྩོལ་བ་བསྐྱེད་མི་དགོས་པར་རང་ཤུགས་ཀྱི་དེའི་གཉེན་པོར་བློ་སྦྱོང་གཅེར་གྱི་སླེབ་པ་གཅིག་ལ་ཟེར་རོ། །ལེགས་པར་གོམས་ན་འདི་ཡོང་ཡང་ཡོང་སྟེ། ཐོག་མ་མེད་པ་ནས་བདག་གཅེས་འཛིན་དང་། ཉོན་མོངས་པ་གོམས་པའི་སྟོབས་ཀྱི་རྐྱེན་གློ་བུར་བ་ཅི་བྱུང་ཡང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རང་ཤུགས་ཀྱི་འབྱུང་བ་བཞིན་ནོ། །དེ་ལ་བློ་སྦྱོང་བའི་ཚད་ཟེར་ཡང་བློ་སྦྱོང་རྒྱུད་ལ་སྐྱེས་པའི་ཚད་ཡིན་གྱི། ད་སྦྱང་མི་དགོས་པར་འབྱོངས་པའི་ཚད་མ་ཡིན་ནོ།། བློ་སྦྱོང་གི་དམ་ཚིག་བློ་སྦྱོང་གི་དམ་ཚིག་ལ། སྤྱི་དོན་གསུམ་པོ་རྟག་ཏུ་བསླབ། །འདུན་པ་སྒྱུར་ལ་རང་སོར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ་རྣམས་གསུང་བགྲོས་མ་བཞིན་ནོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱངས། །ཞེས་པའམ། རགས་པ་གང་ཆེ་སྔོན་ལ་སྦྱངས། །ཞེས་པའི་དོན་ནི། རང་གི་རྒྱུད་ལ་ཉོན་མོངས་པ་འདོད་ཆགས་དང་། ཞེས་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལ་སོགས་པ་ཤས་གང་ཆེ་བ་བརྟགས་ནས་འདུལ་བའམ། འཇོམས་པ་སྟེ། དེ་ཡང་དེ་ཐམས་ཅད་ཀྱི་རྩ་བའམ་གཞི་མ་ལྟ་བུ་བདག་ཏུ་འཛིན་པ་ཡིན་ལ། སྤྱིར་ཉོན་མོངས་པ་ཆེ་ཡང་ཁྱད་པར་སོ་སོའི་སྐྱེ་བོ་ཐམས་ཅད་འདི་ཡི་རང་བཞིན་དུ་གྱུར་ནས་ཅི་བྱེད་བདག་ཏུ་འཛིན་པས་བྱེད་དུ་མ་སྟེར། ཐོག་མ་མེད་པ་ནས་སྡུག་ཏུ་བཅུག་པ་ཡིན་པས། འདི་དང་པོ་རང་དུ་འདུལ་དགོས་ཏེ། བདག་ལ་འཇོམས་པའི་དགྲ་བོ་དེ། །སུ་ཞིག་གིས་ནི་འཕེལ་བར་བྱེད། །ཨེ་མ་མའོ་མི་བཟོད་དོ།༡༢༥ །ཅེས་དང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར།༡༢༦ །ཞེས་དང་། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པོ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར།༡ ༢༧ །ཞེས་པ་ལྟར། འཁོར་བ་ཐོག་མ་མེད་པ་ནས་དགྲ་བྱས་སྡུག་ཏུ་བཅུག་པ་ཐམས་ཅད་འདིས་ལན་ཏེ་བྱི་བ་རྩིག་རྩིག་ཟེར་ཡང་ཁོའི་རྣ་བ་བཅད་ཀྱི་དོགས། འབྲུག་གཅིག་ཐུག་ཟེར་ན་ཡང་ཁོའི་མགོ་ལ་རྒྱབ་ཀྱི་དོགས། རྒྱལ་ཁམས་ན་ནད་ཡམས་འདུག་ཟེར་ན་ཡང་ཁོ་ལ་བྱུང་གི་དོགས། ཡུལ་གཉན་ཟེར་ན་དྲགས་ནས་ཁྱེར་གྱི་དོགས། དེ་བཞིན་དུ་ལ་ལ་གཏམ་ངན་གྱི་དོགས་ནས་སྡུག་བསྔལ་བདག་ཏུ་འཛིན་པའི་མགོ་ལ་ཛ་ཛ། ཞེས་པའམ། ཤ་བོ་སྒང་པ། ང་ལ་ནི་འཐེབ་གང་པོ་གནོན་པ་ལས་གཅེས་པའམ་མཁར་སྒོ་གཅིག་ཏུ་མདུང་མཐུང་ཅིག་མནན་ནས་བསྡོད་པ་ལས་མེད་ཅེས་པའམ།༡༢༨ གླང་ཐང་པས། ཁེ་དང་རྒྱལ་ཁ་གཞན་ལ་གཏོད། །གྱོང་དང་བུབ་ཁ་རང་གི་ལེན།༡ ༢༩ །ཅེས་པའམ། གཉན་མགོ་བོ་ཡབ་བདུད་རྒྱལ་པོས་ཁྱེར། ཅེས་པ་ལྟར་རམ། འདི་ལ་ཐེམ་པོར་སྦྱང་དགོས་པར་གདའ་གསུངས། དེ་ལྟར་སྦྱོང་ན་ཕོ་བ་དུག་ནད་ཀྱི་ཐེབས་པ་སོས་པ་བཞིན་དུ། ཁྲིམ་མེ་འདུག་པ་དེ་བདེ་ལྷན་པ་ཅིག་ཀྱང་བཟོད་ཡོང་གསུངས། དེ་ཙུག་མ་བྱུང་རིང་ལ་ཤམ་ཐབས་གཡག་ཁལ་གཅིག་ཟད། བུམ་པ་སྟོང་པ་མགོ་ཐོག་ཏུ་བཞག ཚི་ཧྲིལ་ཐོས་པ་བྱས་ཀྱང་། དེ་ཚོ་ཐམས་ཅད་ལོག་ནས་ཡེང་ཡེང་བྱས་པ་ཡིན་ནོ། །ཡང་ཁོ་ལ་བདེ་བ་སྐད་ཅིག་ཀྱང་མེད་པར་བྱས་ན། གྲེ་མོ་བུ་ནད་ལངས་པ་བཞིན་ཚུགས་ཐབས་མེད་པ་ལས་མི་འོང་བས། གང་གི་མཐེབ་གང་པོ་འདི་མ་ཤོར་བར་རྩེ་རེ་ནོན་པ་ཅིག་དགོས། དེ་ལྟར་འབུང་ནུས་ན་གདོད་ཐེག་པ་ཆེན་པོ་ཡངས་པ་ཆེན་པོ། ཤོངས་པ་ཆེན་པོ་བློ་གྲོས་ཆེན་པོ་བྱ་བ་དེ་ལ་ཟེར་བ་ཡིན། དེ་ཡང་། ཨེན་ཅིག་ལའང་ཡོང་སྙམ་པས་མི་ཡོང་བས། ད་ལྟ་རང་ནས་འབད་དགོས་པས། མི་འདོད་པ་ཐམས་ཅད་རང་ལ་ལེན། འདོད་པ་གསུམ་པོ་ཐམས་ཅད་སེམས་ཅན་ལ་བཏང་སྟེ། དེ་ཡང་། མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཀྱང་རུང་། །རེག་གམ་གཏམ་དུ་བརྗོད་པར་གྱུར་ཀྱང་རུང་། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པས་རྟག་ཏུ་བྱེད་གྱུར་ཅིག༡༣༠ །ཅེས་པ་ལྟར་སྦྱོང་ངོ་།། དེ་ནས་དེ་ལ་གཞི་མ་བྱས་ནས། ཁ་ཅིག་ཆགས་པ། ཁ་ཅིག་ཞེ་སྡང་། ཁ་ཅིག་ཕྲག་དོག་ཤས་ཆེ་བའང་འོང་ལ་ཁྱད་པར་དུ་རང་གི་རྒྱུད་ལ་སྤྱིར་སྦྲང་མ་ཁྲུས་བྱེད་པ་ལྟར་ཉོན་མོངས་པ་རེས་གང་ཉུས་རེས་གང་ཉུག །ཐམས་ཅད་འོང་བར་འདུག་ཀྱང་བྱེ་བྲག་ཏུ་གང་ཆེ་བརྟགས་ནས། དེ་དང་པོར་འདུལ་དགོས་ལ། དེ་ཡང་ཤེས་རབ་ཆེ་ན་རང་གི་མྱུར་དུ་གང་ཆེ་ཚོར་ཡོང་སྟེ། ཚོར་བ་ཙམ་གྱི་སྤང་བླང་བྱེད་པའི་ངེས་པ་མེད་དེ། ཁ་ཅིག་ཚོར་མ་ཐག་ཏུ་སློང་བ་ཡང་ཡོད་ལ། ཁ་ཅིག་གཉེན་པོ་བསྒོམ་ནས་གདོད་སྤོང་བ་ཡང་ཡོད་དེ། དེ་ལས་གཞན་པ་ཕལ་ཆེར་ནི། བླ་མ་འམ། ཁྱད་པར་དུ་གྲོགས་པོ་ཁོ་ནས་རྟོགས་ཡོང་སྟེ། ལུང་སྨད་པ་སྣེ་ཟུར་ན་བཞུགས་ཙམ་ན། བྱིན་པོ་ཚད་མི་གདའ། ཐུགས་རྒྱལ་དེ་བག་ཆེས་གདའ་ཟེར། དེའི་ལུགས་མེད་སྙམ་བསམས་ནས་ང་རྒྱལ་གྱིས་གཞན་ལ་མི་འདུད་པ་ཡིན་པས། དེ་ཨེན་ཅིག་མང་བར་འདུག་སྙམ་པ་བྱུང་གསུངས། དེ་བས་གྲོགས་མཐུན་པ་ཕན་ཚུན་བྱ་ར་བྱེད་དུ་འཇུག་པ་ཡིན་གསུངས། དེ་ལྟར་གཞན་གྱིས་རང་རྒྱུད་ལ་སྤྱོད་ལམ་རྣམ་བཞིར་རྟགས་ལ། གང་རགས་པའམ། ཆེ་བ་དེའི་གཉེན་པོ་རྩལ་སྟོན་ནས་སྦྱོང་བའོ། གཞན་ཚོ་རེ་ཞིག་བཞག་ནས་དུས་ཐམས་ཅད་དུ་དེ་ལ་སྦྱོང་ཞིང་། ཐུལ་ལམ་མ་ཐུལ་སྙམ་ཙ་ན་ཡང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་སྐྱེ་མི་སྐྱེ་ལྟ། སྐྱེ་ན་དངོས་གཞི། མ་སྐྱེས་པ་ལ་གཉེན་པོ་བསྒོམ། ཡང་དེ་ལྟར་བལྟས་ནས་འཇུག་ཡུལ་ལམ་རྐྱེན་ངན་གང་ཐུལ་འདུལ། དེར་ཐུལ་ཙ་ན་ཡང་སོ་ཆག་འོག་ནས་སེའུ་འདྲ་ཟེར་བ་ལྟར། གཞན་ཞིག་སྐྱེས་སྙམ་པ་འོང་སྟེ། གྱད་སྟོབས་ཆེན་པོ་ཐུལ་ན་གཞན་ཐམས་ཅད་བདེ་བླག་ཏུ་ཐུལ་བ་ཡིན་པས། དེ་ནས་ཚེགས་མེད་གསུངས། དེ་ཡང་ལས་དང་པོ་པས། མཁས་པས་ལེགས་པར་བྲོས་པའམ། །མཁས་པས་གཉེན་པོས་གཞོམ་པར་བྱ།༡ ༣༡ །ཅེས་པ་ལྟར། དང་པོ་རྐྱེན་ངན་པ་ལ་བརྟེན་ནས་ཉོན་མོངས་པ་སྐྱེ་བའི་ཡུལ་ལ་འབྱོལ་བ་མན་ངག ཡང་ན་གཉེན་པོས་འཐབ་ཚུགས་ན་མན་ངག་གོ། ཡང་བྲོས་པས་མི་ཕན་པ་བྱུང་ན། འདི་ལ་བདག་གི་དབྱེན་བྱ་ཞིང་། ཁོན་དུ་བཟུང་ནས་གཡུལ་སྤྲད་དེ།༡༣༢ །ཅེས་པ་ལྟར་འཐབ་པ་དང་། དེས་ཀྱང་མ་ཐུབ་ན་གཉེན་པོས་ས་བཏབ་རྡོ་བཏབ་བྱ། ཅང་ཨ་པོ་མིག་མང་རྩེ་བ་ལྟར། ཁྱེད་དེར་བརྡེག་ན་ང་འདིར་བརྡེག ཅེས་པ་བཞིན་དུ། གང་ལ་གང་འོས་ཀྱི་གཉེན་པོ་ཕག་སྣ་འབུ་རེ་ལ་སྟུན་ལོག་ཆ་རེ་གཏོང་བ་ལྟར་བྱ་སྟེ། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་སླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ།༡༣༣ །ཞེས་དང་། ང་རྒྱལ་ཉོན་མོངས་བསྒོམ་པ་དང་། །ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །དཔའ་འཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས།༡ ༣༤ །ཞེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །སྙིང་གི་ནང་དུ་བཀུག་བྱས་ནས། །བྱག་པ་རང་གི་སེམས་ལ་འགྱེད། །ཆོམ་པོ་འདི་ལས་ཆེ་བ་མེད།༡ ༣༥ །ཅེས་པ་ལྟར། ཉེས་དམིགས་བསྒོམ་པ་དང་། ཤ་བོ་བ་ཚུལ་བཞིན་མ་ཡིན་པ་སྐྱེས་པའི་སྐེ་ལ་ཐག་པ་བཏགས་ནས་འགྱུད་པར་བསམ་པ་དང༌། འབན་རང་གི་ལག་པ་ནས་བཟུང་སྟེ། འདི་སྒོར་སོང་གསུང་བ་དང་། གླང་རི་ཐང་པ་འདི་ལས་ཅེས་པ་སོགས་པ་ལྟར།༡ ༣༦ གཉན་པོ་བསྟེན་པ་དང་། ཆོས་བཞིའི་ཁྲི་ལ་ལེན་པ་སོགས་ཕྱོགས་ཐམས་ཅད་ནས་བསྒོམ་པའོ།། དེ་ལྟར་ཡང་ཉོན་མོངས་པ་སྐྱེས་ནས་དར་ཅིག་ནས་བཟློག་སྙམ་ན་ཡང་། ཉོན་མོངས་དགྲ་དེས་བདག་འཇོམས་ཤིང༌། །སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས།༡ ༣༧ །ཞེས་པའམ། ངེད་ཁྱོ་ཁའི་ནང་འཐབ་འདི་དཀའ་བར་འདུག་ཁྱོད་སོང་། ཞེས་པ་ལྟར། ཉོན་མོངས་སྐྱེས་མ་ཐག་སྤང་བའོ། །རྐྱེན་ངན་ཡང་། བརྟན་པ་མ་ཐོབ་བར་དུ་རྐྱེན་ངན་གནོད། །བརྟན་པ་ཐོབ་ནས་རྐྱེན་ངན་གྲོགས་སུ་འཆར།༡ ༣༨ །ཅེས་པ་ལྟར། ཁ་ཅིག་ལ་རྐྱེན་ངན་བྱང་ཆུབ་ཀྱི་སེམས་ཕྱོགས་སུ་འགྲོ་བ་ཡང་ཡོད་དེ། གཉལ་བ་ཇོ་སྲས་ཀུན་ལ་ནང་ནས་ངོས་འཛུགས་པ་རེ་ཡོད་ན་ཤིན་ཏུ་དགེ་སྦྱོར་འཕེལ་གསུང་བ་དང༌། སྟོན་པ་སེང་གེ་རྒྱལ་མཚན་གླང་རི་ཐང་ན་ཡོད་ཙ་ན་སེ་བེ་རེ་ལ་སོགས་བློ་རྩ་ལེན་པ་ཡོད་པས་འབྱོངས་སྟོབས་ཆེ་བར་བྱུང་གསུངས། ད་ལྟ་དེ་ཙམ་གྱི་བློ་རྩ་ལེན་མཁན་མེད་པས་འབྱོངས་སྟོབས་ཙམ་མ་བྱུང༌། འོན་ཀྱང་ཨེན་རེ་ཙམ་ན་ང་རང་ཉལ་མིས་སྒོར་གཅར་བུར་བྱུང་ནས་ཨ་ཧ་བྱས་པས་བག་འབྱོངས་སྟོབས་ཆེ་བར་གསུངས་པ་ལྟར་འོང་། ཁ་ཅིག་ལ་རྐྱེན་ངན་བྱུང་བ་ཙམ་གྱིས་ཉམས་ཟིན་པའི་རིགས་ཀྱང་འོང་བས་བདུད་ཉ་བོ་ཧག་པོ་གཉིས་ཡོད་པས་སོ་བྱ་རོ་ཧི་པའི་ཁ་ནས་ཐར་ཀྱང་། སྟོང་ཧོང་དུ་རྩེའི་ཁ་ནས་མི་ཐར་ཟེར་བའི་དུས་འདིར་ཉོན་མོངས་ལ་སྲན་ཆེན་པོ་བཅུག་ནས་འཐབ་དགོས་གསུངས་སོ།། འབྲས་བུ་རེ་བ་ཐམས་ཅད་སྤངས། །ཞེས་པ་ནི། འདི་བྱས་པས་མི་མ་ཡིན་གྱིས་གནོད་པ་མི་འོང་དུ་རེ་བ་དང་། གཏམ་སྙན་དུ་རེ་བ་དང༌། མཁན་སློབ་ལ་སོགས་པས་རྩིར་རེ་བ་དང་། ཟས་གོས་ལ་སོགས་པ་འཛོམ་དུ་རེ་བ་དང༌། གཞན་ལ་ཕན་བཏགས་པས་དེའི་ལན་རེ་བ་དང༌། ཆོས་པ་བཤའ་མ་ཡིན་ཟེར་དུ་རེ་བའམ། ཐ་ན་སངས་རྒྱས་ཐོབ་ཏུ་རེ་བ་ཅིག་བྱུང་ཡང་རྗེ་བཙུན་གྱིས། རྒྱལ་ལ་སོགས་པ་ཆགས་པ་ཕྲ།༡ ༣༩ །ཞེས་གསུངས་པས། འདི་ཕྱིས་བསྡུས་པའི་རེ་ལྟོས་གང་ཡང་མེད་པ་གཅིག་སྦྱོང་མ་ཤེས་ན་ཆོས་འདིའི་ཕྱོགས་གཅིག་ཞ་བ་ཡིན་པས་འབྲས་བུ་གང་ལ་རེ་བ་མེད་པར་སྦྱོང་བ་གལ་ཆེ། ཚེ་འདིའི་རེ་ལྟོས་ཅན་གྱི་སྤྱིར་ཆོས་ཙམ་དུ་ཡང་མི་འགྲོ །ཕྱི་མའི་རེ་ལྟོས་བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའི་ཆོས་སུ་མི་འགྲོ །རང་དོན་དུ་སངས་རྒྱས་འདོད་ཀྱང་རང་སངས་རྒྱས་ཀྱི་རྒྱུ་ཡིན་པས་སོ།། དུག་ཅན་གྱི་ཟས་སྤང༌། གཞུང་བཟང་པོ་མ་བསྟེན། ཤགས་ངན་མ་རྒོད། ཅེས་པ་རྣམས་གསུངས་བགྲོས་མ་བཞིན་ནོ། །འཕྲང་མ་བསྒུག ཅེས་པ་སྟོན་པ་དར་མ་འབར་ན་བས་རིམ་གྲོ་ལྷོ་བྲག་ཡོ་ཁྲལ་བསྡུས་ནས་བྱེད་པར་གླེང་པས་ན། དར་མ་རིན་ཆེན་ཤེད། ཞོག་ཅིག་འདི་ངའི་ཁ་འོག་ཏུ་མི་འདུ་བ་ཅིག་བྱུང༌། ཞེས་པ་ལྟ་བུ་དང་། འཕན་ཡུལ་བ་གཅིག་གིས་གཉལ་དུ། གནས་གཅིག་ཏུ་སྤུར་ཕྱིན་པས། བཙུན་པ་གཅིག་གི་སྒོ་བར་དུ་བཙིར། ཕྱིས་ཕན་ཡུལ་དུ་མི་མང་བར་ཡོད་ཙ་ན། བཙུན་པ་དེ་བྱུང་བས། མི་དེས་སྔར་སྒོ་བར་དུ་བཙིར་བ་ཞེ་ལ་བཞག་ནས། འོ་ཅག་ངོ་ཤེས་པར་ཡོང་བྱས་པས། བཙུན་པ་ན་རེ། མེད་དེ་ཟེར་འོང་བས། གནས་འདིར་སྒོ་བར་དུ་བཙིར་བས་ངོ་ཤེས་བྱས་ནས་དམའ་ཕབ་པ་དེ་ལྟ་བུ་ལ་འཕྲང་སྒུག་པ་བྱ་བ་ཡིན།༡༤༠ སེམས་བསྐྱེད་བྱས་པ་དང་། བློ་སྦྱོང་བསྒོམ་པས་འདི་བསམ་པའི་སྐབས་མེད། འདི་ཡོད་རིང་ལ་དེ་གཉིས་འོང་མི་སྲིད་པས་སྤང་། གནས་ལ་མི་དབབ། ཅེས་པ། ཁྱེད་ཕ་ནས་ངན་ཞེས་པ་ལ་སོགས་པ་དང་། རབ་ཏུ་བྱུང་བ་ཀུན་ལ་ཁྱོད་ཀྱི་མཁན་སློབ་ལ་སྡོམ་པ་མེད་ཅེས་དང༌། ཁྱོད་རང་ལ་སྡོམ་པ་མེད་ཅེས་སམ། གཞན་གྱི་མི་བསད་པ་གཞན་ལ་རྒྱུས་མེད་པ་ལ་ཁྲོམ་དུ་སྒྲོགས་པ་ལྟ་བུ་སྟེ། འདི་དུག་མ་བླུད། མཚོན་མ་བཏབ་པ་ཡིན་ཡང་། བློ་སྦྱོང་འདི་ཡི་ངོས་ནས་འདི་ལས་སྡིག་ཆེ་བ་མེད། ཁོ་བསད་པ་པས་ཀྱང་ཐུ་བ་ཡིན། སྔོན་རྒྱ་སྟོན་བྱིས་པ་ཙ་ན། གཞན་རྟ་བསྒྲོགས་ནས་བྲག་ལ་འཆོངས་ནས་བསད་པས། ཕ་མས་བརྡུངས་པས་མའི་ངར་གདོང་པ་ལ་རྡོ་རྒྱབ། དེར་ཁྱིམ་དུ་འོང་དུ་མ་བཅུག་པ་ལ། ཁོས་ཁྱེད་རང་གི་ཡོན་བདག་རྡོ་རྗེ་དབང་ཕྱུག་གི་འབྲི་རྐུས་ནས་བསད་པ་ཟེར་ནས་འོ་དོད་བོས་པས་རྟ་སྐྱིན་དང་། འབྲི་སྐྱིན་བབ་པ་ལྟ་བུ་འདི་ལས་སྡིག་ཆེ་བ་མེད་༡༤༡གསུངས། མཛོ་ཁལ་གླང་ལ་མི་བྱ། ལྟོ་ལོག་མི་བྱ། འགྱོགས་ཀྱི་རྩེ་མ་བཏོད། ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་འཚོལ། ཞེས་པ་རྣམས་གསུང་བགྲོས་མ་བཞིན་ནོ།། བློ་སྦྱོང་གི་བསླབ་བྱ། བློ་སྦྱོང་གི་བསླབ་བྱ་ལ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ཆོས་གཞན་ནས་ཟས་ཀྱི་རྣལ་འབྱོར་སོགས་མང་དུ་བཤད་པ་ལ་འདིར་ཟས་གོས་སྤྱོད་ལམ་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་གཅིག་པུས་བྱེད་པའོ། དེ་ཇི་ལྟར་བྱེད་ན། ཟས་གོས་ལ་སོགས་པ་འཛོམས་ན། བདག་གི་བདེ་བ་འདི ས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུ ར་ཅིག མ་འཛོམས་ན་སེམས་ཅན་རྣམས་ཀྱི་མ་འཛོམས་པའི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསྒོམ་པ་ལ་སོགས་པ་སྟེ། སྤྱོད་ལམ་རྣམ་བཞི་དབང་པོ་དྲུག་གི་ཡུལ་ཐམས་ཅད་གཏོང་ལེན་གཉིས་སུ་སྦྱང་བ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའམ། རྗེ་བཙུན་བྱམས་པས། རྒྱལ་སྲས་སྤྱོད་པ་སྤྱོད་ཚེ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ལྟར་རིགས་པས་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་དུ་བྱེད་དོ།༡༤ ༢ །ཅེས་པ་ལྟར་རྒྱས་པར་ཤེས་པར་བྱས་ནས། བྱང་ཆུབ་ཀྱི་སེམས་སྦྱང་བའི་རྣལ་འབྱོར་གྱི་བྱེད་པའོ།། ལོག་ནོན་ཐམས་ཅད་གཅིག་གི་བྱ། །ཅེས་པ་གསུང་བགྲོས་མ་བཞིན་ནོ། །ཐོག་་མཐ་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པ། ཐོག་མར་མལ་ནས་ལྡང་བའི་དུས་སུ། བདག་གི་དེ་རིང་བདག་འཛིན་ཐུལ་ཞིང་རང་གཅེས་འཛིན་གྱི་མ་གོས་པར་བྱ། སེམས་ཅན་གཅེས་འཛིན་མ་ཉམས་པར་བྱ་སྙམ་པའི་འཕེན་པ་གཏང་། དགོངས་མོ་ཉལ་ཁར་སེང་གེ་རྣམ་པར་བརྩེ་བའི་ཏིང་ངེ་འཛིན་གྱིས། རིང་ཐོག་མར་དེ་བྱའོ། །དེ་ནས་དེ་བྱས་སོ། །ཞེས་བྱ་བའི་རྣམ་གྲངས་རྣམས་རིམ་པར་བརྟགས་ནས། སྤྱིར་ཆོས་ཁྱད་པར་དུ་བློ་སྦྱོང་དང་འགལ་བ་བྱས་ནས་འདུག་ན། དེ་ཚེ་བདག་ལ་རྔན་བསྒྲང་ཞིང༌།། བླ་མའི་གདམས་ངག་དྲན་པར་བྱ།༡༤ ༣ །ཞེས་བྱ་བ་ཡིན་པས། དལ་འབྱོར་ཆུད་གསོན་པ་རང་ལ་རང་གིས་གནོད་པ་སྐྱེལ་བ། ཁྱོད་ལྟ་བུ་ཡོང་བ་སྙམ་དུ་བསམས་ལ། བཟོད་གསོལ་དང་བཤགས་བསྡོམས་བྱས་ལ་སང་ནས་དེ་ལྟ་བུ་མི་བྱའོ་སྙམ་དུ་བསྒོམ་པ་དང༌། ཆོས་དང་མཐུན་པར་བྱས་ནས་འདུག་ན་དགའ་བ་བསྒོམ་སྟེ། དལ་འབྱོར་དོན་ཡོད་པར་བྱས་དུས་དོན་ཡོད་དུ་འདས་སྙམ་དུ་བསམ་ནས། དགེ་བ་འདིས་ཆོས་རྒྱུད་ལ་སྐྱེ་བ་དང་། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་གྱུར་ཅིག །ཅེས་སྨོན་ལམ་གདབ། ཡང་ནང་པར་ལང་ཙ་ན། དེ་རིང་བདག་གི་ཁ་སང་གི་ཁྱད་པར་དུ་འཕགས་པ་འདི་བཞིན་དུ་བྱ་སྙམ་དུ་བསམ་ཞིང་འཕེན་པ་གཏོང་བ་གལ་ཆེའོ། །དེ་ལྟར་བྱེད་ཅེས་ཚིག་ཏུ་མི་བརྗོད། བསམ་པ་འདི་འབའ་ཞིག་སྦྱངས། དགྲ་བྱུང་བ་དང༌། ན་ཚ་དྲག་པོ་བྱུང་བ་ལ་སོགས་པའི་དུས་སུ་སྔར་བཞིན་དུ་བསམ། གཉེན་པོ་བླ་མ་དཀོན་མཆོག་གི་བྱིན་བརླབས། ཆོས་སྐྱོང་གི་མཐུ་སྟོབས། རང་གི་དུས་གསུམ་གྱི་དགེ་བ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས། ཅི་འདུག་ལྟས་ལ་རྐྱེན་བཞིས་དུས་བཞི་པོ་དེར། བདག་འདི་བསྒོམ་པ་ལ་འགྲན་ཟླ་མེད་པ་མེ་འབར་བ་ལ་ཤིང་བསྣན་པ་བཞིན་འགྲོ་བར་བྱའོ།། གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་ཕུན་སུམ་ཚོགས་པ་དང་། རྒུད་པ་གང་བྱུང་ཡང་བཟོད་པ་མེད་ན། ཆོས་གཏོང་དོགས་ཡོད་པས་དེ་གཉིས་ཐེག་པ་གཅིག་དགོས། བློ་བུར་དུ་ཕུན་སུམ་ཚོགས་པ་བྱུང་ན། དེ་ཡང་ངས་ཅི་ཡང་འགྲུབ། ངའི་གོང་ན་མི་མེད་སྙམ་ནས་གོས་གྱོན། ཆིངས་སར་སྡུམས། གཙུག་ལག་ཁང་བཞེངས་པ་ལ་སོགས་པ་ཅི་ཡང་བྱེད་དུ་ཡང་རམ་པོའི་སང་པོ་བསྣུན་པ་ཡོད་པས་ཅི་མ་དྲན་གསུངས། ཁ་ཅིག་བསྙེན་བཀུར་བ་ན་དྲེགས་ནས། གཞན་ལ་བརྙས་པ་དང༌། དྲན་ཚད་བྱེད་པ་འོང་སྟེ། ཕུན་སུམ་ཚོགས་པ་མ་བཟོད་པ་ཡིན་པས། ཕུམ་སུམ་ཚོགས་པ་ལ་དྲེགས་པ་དང་ཆགས་པར་མི་བྱ། ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བྱས་ལ་ཆོས་འདིའི་གྲོགས་སུ་ཁྱེར། བསོད་ནམས་སྐྱེས་ཙ་ན་བཀུམ་པ་གལ་ཆེ་གསུངས། ཡང་རྒུད་ནས་དབུལ་པོར་གྱུར་ཏེ། འོག་ནས་ཆུ་ལས་མི་འབབ་པ་བྱུང་ན་ཡང་ང་ལ་འདི་འདྲ་བ་འོང་བ་སྙམ་དུ་ཡི་མུག་པ་དང༌། སྲོ་ཤི་ནས་དགེ་སྦྱོར་མི་ནུས་པ་དང༌། འདི་ཙུག་པ་ལ་ཆོས་གང་ནས་འོང་ཟེར་ནས། ཕོངས་པར་གྱུར་ན་སྡིག་པ་ངང་གིས་འཕེལ་ཞེས་པ་ལྟར་ཆོས་འཆོར་དོགས་ཡོད་པས། དེ་མ་བཟོད་པ་ཡིན་པས་མཐོ་རིས་དང་ངན་སོང་གི་མཐོ་དམན་དང་སྐྱིད་སྡུག་ལ་ལྟོས་ནས། མིའི་སྐྱིད་སྡུག་གི་བར་ན་ཁྱད་པོ་ཆེ་མི་འདུག ཕྱིར་ལ་གཡེང་བ་མེད་པས་དགེ་སྦྱོར་འཕེལ་སྙམ་དུ་བསམ་སྟེ། སྐྱིད་སྡུག་གཉིས་ཀ་བཟོད་པ་གླང་རི་ཐང་པ་ལྟ་བུ་དགོས། དེ་གཉིས་གང་བྱུང་ཡང་འདིའི་དུས་སུ་ཆོས་མི་བྱེད་ན་ནམ་བྱེད་སྙམ་དུ་བསམས་ནས་མེ་འབར་བ་ལ་ཤིང་བསྣན་པ་ལྟར་གྲོགས་སུ་འགྲོ་བ་ཅིག་དགོས། ལྷ་བཞིན་ཕུན་སུམ་ཚོགས་པས་ཀྱང༌། །ཁེངས་པ་ཉིད་དུ་མི་བགྱི་ཞིང༌། །ཡི་དྭགས་བཞིན་དུ་རྒུད་པས་ཀྱང༌།། ཉམ་པ་ཉིད་དུ་མི་བགྱི་ཚལ།༡༤༤ །ཞེས་པ་ལྟར་ཡིན་ནོ།། གཉིས་པོ་སྲོག་དང་བསྡོས་ལ་བསྲུང་། །དཀའ་བ་གསུམ་ལ་བསླབ་པར་བྱ། །རྒྱུའི་གཙོ་བོ་རྣམ་གསུམ་བླང༌། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་རྣམས་གསུང་བགྲོས་མ་བཞིན་ནོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཅེས་པ། ཁོ་བོ་ཐེག་པ་ཆེན་པོ་པ་ཡིན་ཟེར་ནས་བྱ་རྒྱུ་ཅི་ཡང་མེད་པ་མ་ཡིན་གྱི་ལུས་བསྐོར་བ་དང་། ཕྱག་འཚལ་བ་དང་། བླ་མ་དང་དཀོན་མཆོག་གི་ཞབས་ཏོག་དང་མི་འབྲལ་བ་དང༌། ངག་སྐྱབས་འགྲོ་དང༌། བཟླས་བརྗོད་དང་། མདོ་འདོན་པ་ལ་སོགས་པ་དང་མི་འབྲལ་བ་དང་། ཡིད་ཀྱི་བློ་སྦྱོང་བསྒོམ་པ་དང་མི་འབྲལ་བའོ། །ཡིད་ཀྱིས་འདི་བསྒོམ་ཞིང་བཟླས་པ་བྱེད་ན་གཉིད་དུ་མི་འགྲོ །དེས་མཁར་བ་བྱས་ནས་བསམ་དུ་བཏུབས་པ་ཡིན་གསུང་། ཡང་ཉེས་ལྟུང་བཤགས་མི་དགོས། གཞན་གྱིས་ཀྱང་དེ་ལེན་པ་ལ་དེ་འདོད་ཐོག་ཟེར་བ་ཡིན།༡༤༥ གཞན་གྱི་ལེན་པ་ལ་ཡང་རང་གི་ཕྲ་མོ་ནས་སྤང་བ་ཅིག་དགོས། ཡིད་ཀྱི་རྣམ་པར་རྟོག་པ་གང་སྐྱེས་པ་འཕྲལ་ལ་འཇོམས་པའི་སྙིང་སྟོབས་དང་ལྡན་པ་ཅིག་དགོས། དཔེར་ན་མུ་སྟེགས་ཀྱི་མཐུ་བྱེད་པ་ལ་ཐར་ཐོར་སྲོག་ཆགས་གང་བྱུང་བ་བསོད་པ་དང་འདྲ་བར་རྣམ་རྟོག་གང་སྐྱེས་སྐྱེས་ལ་བྱའོ། །དེ་ལྟར་སྒོ་གསུམ་དགེ་བ་ལ་འབད་པས་མེ་འབར་བ་ལ་བུད་ཤིང་བསྣན་པ་ལྟར་བློ་སྦྱོང་གོང་ནས་གོང་དུ་འཕེལ་བར་འགྱུར་རོ།། ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་པ་ནི། ཕྱོགས་རེ་བས་མི་འབྱོངས་པས་ཕྱོགས་མེད་དུ་སྦྱངས་ན་འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན། ང་འདྲེ་ལ་བཟོད་སྟོབས་ཆེ། ཁོ་མི་ལ་བཟོད་སྟོབས་ཆེ། ང་སྟོང་པ་ཤས་ཆེ། ཁོ་སྙིང་རྗེ་ཤས་ཆེ། ཟེར་བ་ཀུན་ཕྱོགས་རེ་བ་ཡིན། འཕགས་པའི་ཡོན་ཏན་མེད། སོ་སོ་སྐྱེ་བོའི་ཡོན་ཏན་ཐམས་ཅད་ཕྱོགས་རེ་བར་འོང་བ་ཆོས་ཉིད་ཡིན་ཏེ། གང་ཟག་གི་བྱེ་བྲག་གིས་ཀྱང་། ཁ་ཅིག་རྒུད་ཙ་ན་འོང་ལ། འབྱོར་ཙ་ན་ངའི་གོང་ན་མི་མེད་གོ་མཁར་གྱི་གོང་ན་ཁྱི་མེད་སྙམ་ནས་གཡག་བཀུག་ནས་ཤོར་བ་བཞིན་དུ་ཡ་ཆ་བ་ཡོང་བ་ཡིན། ཁ་ཅིག་འབྱོར་ཙ་ན་བཏུབ་པ་ལ་རྒུད་ཙ་ན་ཁྱོད་རང་ལ་མ་བབ་པ་ཡིན། ང་གནས་སྐབས་འདི་ཙུག་འདུག་པ་ལ་ཟེར་ནས་སྡུག་ཐེག་པ་ཡང་ཡོད། དེ་བཞིན་དུ་བསྟོད་ཙ་ན་ཟེངས་ཀྱི་ཕུག་རོན་གྱི་སྣར་ཤིང་བུ་བཙུགས་པ་བཞིན་འགྲོ་བ་དང་། སྨད་ར་བཏང་ཙ་ན་མི་བཟོད་པར་འདི་ལ་དུག་གཅིག་བཏང་རྒྱུ་ལ་སྙམ་པའམ། ཡང་ཁ་ཅིག་ཟས་ལ་བཏུབ་ལ་གོས་ལ་ཞེན་པ་དང་། ཁ་ཅིག་ནང་གི་ཆགས་པ་ཆུང་ལ་ཕྱི་ཆེ་བ་དང༌། ཁ་ཅིག་དེ་ལས་བཟློག་པ་དང་། ཁ་ཅིག་ཡོན་ཏན་ཙམ་མེད་པ་ལ་ཁེངས་ནས་ཕྱིན་པར་རྩིབས་མཐོང་ནས་དེ་ལ་མི་བཟོད་པ་དང༌། ཁ་ཅིག་ཡུལ་དུ་ཆོས་འཆོར། ཁ་ཅིག་བྱེས་སུ་ཆོས་འཆོར་བ་ལ་སོགས་པ་དང་། ཡང་ཁ་ཅིག་སྡེ་པ། ཁ་ཅིག་གྲྭ་པ། ཁ་ཅིག་སེར་སྣ། ཁ་ཅིག་ཕྲག་དོག ཁ་ཅིག་ཞེ་སྡང་། ཁ་ཅིག་ནོར་ཕྱིར་འཆི་ནུས་པ་ལ་སོགས་པ་འདི་ལ་བསྐལ་པ་བཤད་ཀྱང་འཛད་པ་མེད་གསུངས། དམ་ཆོས་ཉན་བཤད་ལྟ་བསྒོམ་ཐམས་ཅད་ཀྱིས་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཅིག་དགོས། དེའི་རྩ་བ་བདག་འཛིན་ཡིན་པས་དེའི་གཉེན་པོར་ཕྱོགས་མེད་ནས་སྦྱོང་བ་ཅིག་དགོས་ལ། དེ་ལ་ཡང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མཐའ་ཆོད་པར་བྱས། བླ་མའི་གདམས་ངག་ཡོད་ན་སེར་སྣ་ལ་སོགས་པ་གང་ཆེ་བ་དེ་ལ་ཐེལ་པོར་སྦྱང༌། ཅི་བྱས་བདག་འཛིན་གྱི་གཉེན་པོ་སོང་ན་མ་ནོར། བདག་འཛིན་ཐུལ་ན་ཁམས་གསུམ་སྲིད་པ་གསུམ་དགུ་ཐུལ་ལོ་ཐུབ་པ་ཡིན་དང་ཤ་སྲང་གང་ལ་མདེ་རྩེ་གང་ལས་མེད་གསུངས། དེ་ཡང་ཟས་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་ལ་འདིས་ཁྱབ་པ་དང༌། ཉ་མ་ལྷ་ཁང་དུ་ཕྱིན་པ་ལྟ་བུ་མ་ཡིན་གྱི། སྙིང་ཐག་པ་རུས་པའི་ཁོང་ནས་བློ་སྦྱོང་བ་གླང་ཐང་པ་དགེ་བ་དམྱལ་བར་བསྔོ་བའམ། འཆད་དཀའ་བས་ཕ་རོལ་གྱི་སྡུག་བསྔལ་ལེན་པ་ལ་དགའ་ཡལ་ལེ་གསུངས་པ་ལྟར་སྦྱང་བའོ།༡༤༦ །ཆོས་ཉམས་སུ་ལེན་པ་བྱ་བ་བསྒྲེང་བསྐྱེད་བྱས་པ་དང་ཚིག་དེ་ངོ་ཤེས་པས་མི་ཆོག དོན་ནང་དུ་ཉམས་སུ་ལེན་པ་ཅིག་དགོས་གསུངས། བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་པ། སྤྱིར་ཡོད་པ་སྙམ་བྱེད་ཀྱང་འདི་རྣམས་ལ་མ་བྱུང་ན་ཉམས་འགྲོ་བས་འདི་དག་ལ་རྟག་ཏུ་བསྒོམ་པར་བྱའི་བཀོལ་བ་ལྔ་ཡིན་ཏེ། དང་པོ་རང་ལ་དྲིན་ཆེ་བའི་མཁན་སློབ་དང་ཕ་མ་ལ་སོགས་པ་སྡིག་བསགས་ན་ཚེ་འདིར་གྲགས་པ་ངན་པ་འབྱུང༌། དེ་ཙ་ན་བློ་སྦྱངས་པ་ལ་དགོས་པ་མེད་པར་འགྲོ་བས་དྲིན་ཅན་ལ་ཁྱད་པར་དུ་བསྒོམ། གཉིས་པ་གཅིག་ཏུ་འདུ ག་པའི་གྲང་གྲོགས་པ་འདུ་འཚོག་སྟབས་སུ་བྱེད་ཅིང་བསྲེ་སླད་ཆེ་བའི་རིགས་རྣམས་ལ་མཐོ་དམན་ལ་སོགས་པ་འཆོར་བས་རྟག་ཏུ་བཀོལ་ལ་བསྒོམ། གསུམ་པ་རང་དང་འདྲེན་ངེས་སུ་འདུག་སྟེ། མི་ཆོས་ཀྱི་ཕ་ཡུལ་ལ་སོགས་པ་དང་། ལྷ་ཆོས་ཀྱི་མཆེད་གྲོགས་ལ་སོགས་པ་རྣམས་ལ་རྟག་ཏུ་བཀོལ་བ་བསྒོམ། དེ་མ་བྱུང་ན་ཆོས་ཇི་ཙམ་བྱས་ཀྱང་རྒྱ་མཚོར་ཆིལ་མ་བསྐྱུར་བ་བཞིན་ཅང་མེད་འགྲོ། གྲོགས་པོའི་མིང་བྱང་བྲིས་ནས་སྟན་འོག་དུ་སླེབ་པ་བྱུང་བ་དང༌། གྲོགས་པོ་བབས་པ་ལ་ངན་པ་དེ་སྐྱ་ཞལ་སོང་སྙིང་ཚིམ་ཟེར་བ་ལྟ་བུ་ལ་བློ་སྦྱོང་གི་གནས་མེད། བློ་སྦྱོང་སྤྱིའི་ཆོས་ཙམ་ཡང་མི་ཡོང་བས་༡༤ ༧ བཀོལ་ཞིང་སྦྱང་བ་གལ་ཆེ། བཞི་པ་ཚུར་ལ་གནག་པའི་རིགས་ཏེ། ཕར་ལ་གནོད་པ་ཅི་ཡང་མ་བྱས་ཀྱང་ཚུར་ལ་གནག་པའི་རིགས་སྐྱེ་བ་སྔ་མའི་ཤ་འཁོན་གྱིས་བྱུང་བ་ཡོད་དོ། །དེ་ལ་ཞེ་སྡང་གི་བློ་རྡོལ་ན་སྙིང་རྗེའི་ཐག་པ་ཆད་ཟེར་བ་ལྟར་འོང་བས་བཀོལ་ལ་རྟག་ཏུ་སྒོམ། ལྔ་པ་ཚུར་ལ་ཅི་ཡང་མ་བྱས་པར་ཕར་ལ་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའི་རིགས་ཡོད་དེ། གཙང་དུ་བནྡེ་གཅིག་ལ་འདི་དང་པོ་ནས་སྙིང་དུ་མ་སྡུག་ཅེས་པ་དང་། སྐྱིད་སྨད་དུ་འདི་ལས་སྙིང་དུ་མ་སྡུག་པ་མ་བྱུང་ཞེས་དད་པ་དེ་ལྟ་བུ་ཡོད་པས་དེ་དག་གི་སྡིག་སྡུག་བླངས་ཏེ་རང་གི་བདེ་དགེ་དེ་དག་ལ་གཏོང་བའོ། །འདིས་གཙང་མར་གཏོང་བ་ཡང་དཀའ། དགེ་བཤེས་ཀུན་ཡང་། རང་གི་ཕན་ལ་གཞན་གྱིས་མི་ཕན་ན་དགའ་བ་དང་། མི་སྐྱ་ཀུན་འདི་ཤི་ན་མཁར་དཔེ་ཡོང་དུ་རེ་བ་ལས་མེད་པ་ལ། བནྡེ་ཀུན་ལ་འདི་ཤི་ན་ཡུལ་ཁམས་འདི་ཅིག་གེ་ཐོབ་སྙམ་པ་ཡོད་པ་ཡིན། འདི་དག་ལ་བཀོལ་ནས་མ་སྒོམ་ན་རྩ་བ་ཆད་པ་མ་ཚོར་བ་ཕུ་ཆུང་བའི་གསུང་ལྟར་རྟག་ཏུ་བསམ་པ་ལ་གལ་ཆེའོ།། རྐྱེན་གཞན་དག་ལ་ལྟོས་མི་བྱ།༡༤ ༨ །ཞེས་པ་ནི། སྤྱི་ཆོས་ཐོས་བསམ་སྒོམ་གསུམ་ཆོས་སྤྱོད་བཅུ་ཐམས་ཅད་རྐྱེན་གཞན་ལ་མི་ལྟོས་མི་སྲིད་ཐམས་ཅད་རྐྱེན་ལ་ལྟོས་དགོས་ཏེ། ཟས་གོས། གནས་ཁང་། སྒྲུབ་གཡོག་སྒྲུབ་རྫས། ན་སོ་ལ་སོགས་པའི་མཐུན་རྐྱེན་ཚང་བ་དང༌། དགྲ་འདྲེ་ལ་སོགས་པ་མེད་པ་དགོས་ཏེ། བྱང་པ་ཤེས་རབ་འབར་ལ་པོ་ཏོ་བས་ཆོས་བསམ་དུ་བཏུབ་བམ་གསུངས་པས། ལྟོ་འགྲངས། ཁ་ངོམས་གྲོགས་པོས་བློ་རྩ་མ་བློངས་ཙ་ན། སྲག་སྲིག་༡༤༩ བཏུབ་པར་སྣང་ཟེར་བ་དང་། དགེས་བཀོར་སྤྱན་སྔ་བའི་གྲྭ་པར་མ་འཛོམས།༡༥༠ ཡུལ་དུ་ཕྱིན་ལ། འཛོམས་ཅིག་བྱ་སྙམ་ཙ་ན་ཡར་ཀླུངས་སུ་ཕྱིན་པས་༡༥༡ འཛོམས་པ་ཅིག་བྱུང་བས་རྨོངས་ནས་མ་གོ་བར་འདུག འཁོར་བ་བྱ་བ་དེ་མ་འཛོམས་པའི་མིང་དུ་འདུག་པ་ལ་ཟེར་བ་དང་། མཁུན་ཀ་མའི་དེར་མ་འཛོམས། གཙང་དུ་བྱོན་ནས་མཐུན་རྐྱེན་འཛོམས་པ་དང་། དཀོན་མཆོག་གི་མཆོད་པ་དང་རང་གི་ཁམས་གསོ་བ་དང་བཟང་དུ་བྱས། སེམས་དཔའ་ལ་བསྐྱེད་ཆེན་པོ་བྱུང་ཟེར་བ་དང་། ཁ་རག་པའི་སློབ་མ་ཁམས་ལོག་པ་འབྲི་མར་གྱིས་མར་ཁུ་བཏང་བས། འབྲིའི་ནུ་མ་ལ་བསྒོམས་ཡོད་པས་ད་ལྟ་ལས་ཆ་མེད་ཟེར་བ་དང༌། ཁོ་བོ་ཡང་༡༥༢ ཁོང་དག་གི་ཞབས་ཀྱི་གཉེར་མ་སྟོན་ཅིང་ད་འདི་ཙུག་སོང་བ་ལ་ད་གྲུབ་ཐོབ་མི་འབྱུང་་བབ་ཡིན་གསུང་པ་དང༌། སེ་སྟོན་བྱང་འབར་ཡང་། གཞོན་པ་མཁུར་བ་དམར་ཐོལ་ལེ་བ་མཐོང་རྩ་ན་ངས་ཁྱོད་ལ་ཕན་ཐོགས་པ་འདུག ཅེས་དང་། རྒས་འཁོགས་པ་མཐོང་ཙ་ན་ཁྱོད་ཤོས་མོ་ལོག་པར་སྤྱད་ཟིན་ནས། ད་ངའི་འདིར་བསྡད་ཀྱང་ཕན་པ་མི་འོང་ཟེར་བ་དང༌། ཁ་ཅིག་དོ་ཅིག་གྲོགས་པོ་སེམས་པ་རེ མས་པ་ཚོ་གཅིག་དང་འགྲོགས་པས་བཏུབ་པར་བྱུང་ཟེར་བ་ཡོད། ཁ་ཅིག་བྲེལ་བས་མ་བྱུང་། དལ་ནས་འོང་བར་སྣང་ཟེར་བ་དང༌། ཁ་ཅིག་ཡེངས་ནས་མ་བྱུང་དབེན་ན་འོང་ཟེར་བ་ཡོད། གཉག་སེང་གེ་གྲགས་ཤེད་དཀའ་གདམས་པ་ལས་འབྲས་བསྒོམ་ཙ་ན། ངའི་ཆོས་མངོན་པའི་བསྟན་བཅོས། འདི་ཀུན་ཁོང་དུ་མ་ཆུད་པར་ཁོང་ཇི་ཙུག་བསྒོམ་ན། ལས་འབྲས་ལས་འབྲས་ཟེར་རམ་གསུངས་པ་ལ། འདི་དེ་ལྟ་བུའི་ཐོས་པ་ལ་སོགས་པའི་རྐྱེན་གང་ལའང་ལྟོས་མི་དགོས། འཛོམས་ན་དེ་ཉིད་ཀྱི་རྒྱུ་མཚན་དུ་བྱས་ནས། མ་འཛོམས་ན། མི་ལྡང་ན། བྱམས་ན། འཁྱགས་ན། འབྱོར་ན། རྒུད་ན། ན་ན། མི་ན་ན། རྒན་ན། གཞོན་ན༑ ལྟོགས་ན། འགྲངས་ན། དགྲས་བཙེར་ན། སྤྲང་འགོང་གི་ཚ་རག་རྒྱུགས་ན། བླ་མས་ཐུགས་ལ་བཏགས་ན། མ་བཏགས་ན། གྲོགས་པོས་བློ་རྩ་བློངས་ན་དེ་དག་རྒྱུ་མཚན་བྱས་ནས་བསྒོམས་པས་ཆོག གླང་ཐང་གི་གཉེན་སྟོན་ཤེས། ཚ་བ་ནང་མ་མང་པོ་མེད་པ་ལ། དགེ་བཤེས་རིན་པོ་ཆེའི་ཆོས་ཐུན་རེ་ལ་དོད་བྱས་ནས་སྡད་དོ་ཟེར་བ་དང༌། ཇོ་སྲས་སེང་གེ་རྒྱལ་མཚན་གྱི་གཏམ་སྔར་གླེངས་པ་ལྟར་ཡིན། སྤྱོད་ལམ་ཐམས་ཅད་དུ་སྦྱངས་པས་ཆོག ཁོམ་བྲེལ་ཐམས་ཅད་དུ་སྦྱངས་པས་ཆོག འདི་ལ་མཐུན་རྐྱེན་སེམས་ཀྱི་སྙིང་སྟོབས་ཅན་གཅིག་པུས་ཆོག སྐྱོན་དང་བཅས་པའི་སེམས་འདི་ལ། །ཡོན་ཏན་མང་པོ་གཅིག་མཆིས་ཏེ།༡༥ ༣།གང་ལྟར་གོམས་པ་དེ་ལྟར་འབྱུང་།༡༥༤། བྱ་བ་ཡིན་པས་གང་ཙུག་བྱ་བཏུབ། །འདི་ལ་ས་ཟིན་ཀོ་འཐས་མེད། གང་ཚུགས་བསླབ་བསླབ་ཡིན། དེ་ཡང་ཕྱིས་མི་ལ་འཆད་ཙ་ན་དེ་སྐད་ཅེས་ཟེར་བ་ཡིན་སྙམ་པ་དེས་མི་འོང༌། ང་རང་ཉམས་སུ་བླང་བསྒོམ་སྙམ་པ་བྱས་ན་ཆོས་ཀྱི་བྱིན་རླབས་གདོད་འོང་བ་ཡིན། འདི་ལ་ཡང་ན་ལྷ་གསོལ། ཡང་གཞོབ་ཐོང་དུ་སྦྱང་བ་ཅིག་དགོས་གསུངས། ད་རེས་གཙོ་བོ་ཉམས་སུ་བླང༌། །གོ་ལོག་མི་བྱ། ཞེས་པ་གསུང་བགྲོས་མ་བཞིན་ནོ། །རེས་འཇོག་མི་བྱ། ཞེས་པ་ནི། རེས་བློ་སྦྱོང་བསྒོམ། རེས་བློ་མ་ཁེལ་བར་གཞན་འདྲ་ཚོལ། མཚན་ཉིད་པ་ལ་ལ་དག་སྡེ་སྣོད་དུ་མ་ཤེས་ཀྱང་འཆི་བ་དྲན་ན་འདིས་གོ་མི་ཆོད་སྙམ་ནས་སྔགས་པ་ཆུང་མ་ཅན་རེའི་གན་དུ་འགྲོ་བ་ཡང་ཡོད། དེ་བཞིན་དུ་ཁ་ཅིག་འདྲེ་གདོན་གྱི་དོགས་པའི་སྔགས་ཁོ་ན་བཟློས། རེས་འགའ་གཏོང་ལེན་བསྒོམ། རེས་འགའ་ཕྱི་མའི་དོན་བྱེད་པ་དེ་གཞོན་པ་གཉིས་ལ་ཞོན་ན་བར་དུ་ལྟུང་། ཁ་ཅིག་འདི་བསྒོམ་པས་སྙིང་པོ་བགྲང་མི་དགོས་ཟེར་བ་དང་། ལྟུང་བ་བཤགས་མི་དགོས་ལྟུང་བས་ལུས་ལ་གནོད་དམ་སེམས་ལ་གནོད་ཟེར་བ་དང་། དཀོན་མཆོག་ལ་མཆོད་པ་བྱས་ནའང་མིས་མཐོང་དུ་རེ་བའམ། མཐོང་ན་དགའ་བ་འབྱུང་བས་ས་གཏོར་བ་ཡོད་དེ། དེ་ཐམས་ཅད་ནོར་ཟེར་བར་བརྡ། འོ་ན་འདིར་ཅི་ལྟར་བྱེད་ན་ལྟ་བའི་ཤན་སྤྱོད་པ་ལ་མ་ཕོག་པར་ལུས་ངག་གིས། སངས་རྒྱས་ཀྱི་བཀའ་ལས་ཇི་ལྟར་འབྱུང་བ་དང་། འདུལ་བ་ནས་ཇི་ལྟར་བཅས་པ། ཇོ་བོ། སྟོན་པ། པོ་ཏོ་བ་གསུམ་གྱི་གདམས་ངག་ལས་ཇི་ལྟར་འབྱུང་བ་རྣམས་གྲ་མ་ཆག་ཟུ ར་མ་ཉམས་པར་བསྒྲུབ་པ་ལ་བསམ་པ་འདི་འབའ་ཞིག་སྦྱོང་བའོ།། ཡང་སྤྱོད་པའི་ཤན་ལྟ་བ་ལ་ལོག་ནས། རྣམ་རྟོག་གི་མདུད་པས་བཅིངས་པ་ཡོང་ཡང་ཁ་ཅིག་སྔགས་ལ་བརྟེན་ནས་འདུལ་བའི་ཕྱི། འདུལ་བ་ལ་བརྟེན་ནས་སྔགས་ཕྱི། ཆོས་ཐམས་ཅད་གྲུ་བཞིར་ཁྱེར་ཤས་པ། ངའི་བླ་མ་རྒྱ་གར་བ་ལས་བྱུང་བ་ཡིན་ཞེས་གསང་ཕུ་བས་གསུང་སྐད།༡༥༥ འདི་ལ་གོ་བས་མཐའ་ཆོད་པ་དང༌། བྱེད་ངོ་མ་ཤེས་པ་མེད་པ་ཅིག་མ་བྱུང་ན་ཁ་ཅིག་གིས་ཇི་སྐད་བྱས། ཁ་ཅིག་གིས་ཇི་སྐད་བྱས་པས་ཅི་ཙུག་ཡིན་ནམ་སྙམ་པ་འོང་བས། དེ་ཙུག་མ་སོང་བར་སྒྲོ་འདོགས་བད་ཀྱིས་ཆོད་པར་བྱས་ལ། ཉམས་སུ་འཇུག་ཏུ་བླང་བར་བྱའོ། །ཟས་གོས་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་འདིས་བྱ། འཆི་བའི་ཚེ་ཡང་གཞན་གྱི་སྐྱེ་འཆིའི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་པར་བློ་སྦྱོངས། འཛོམས་མ་འཛོམས་ལ་སོགས་པའི་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ལ་འདི་ཁོ་ན་ཉམས་སུ་བླང་ངོ༌།། དོལ་ཆོད་དུ་སྦྱང༌། ཞེས་པ་གསུང་བགྲོས་མ་བཞིན་ནོ། །རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ།༡༥༦ །ཞེས་པ་ནི། རང་གི་རྒྱུད་ལ་ཉོན་མོངས་པ་གང་ཆེ་བ་བཏགས་ནས་དེའི་གཉེན་པོ་དགོས་སུ་བརྟེན་ནས་སྤང་བ་ལ་འབད་པ་དྲག་ཏུ་བྱ། ཡང་ཁོང་གིས་ལན་ཟེར་བའི་འདས་པའི་ཉེས་པ་དང་། མ་འོངས་པ་ན་འདི་འདྲ་བྱུང་ན་གཉེན་པོ་འདི་བཞིན་བསྟེན་སྙམ་དུ་གོ་གྱོན་ཞིང་སྦྱོང་བ་སྟེ། འདས་པའི་དབང་དུ་བྱས་ནས། ན་ཚ་དང་། དགྲ་འདྲེའི་གནོད་པ་དང་། བྲང་ཟླ་མ་རྙེད་པ་དང་། ཁ་བྲང་ཟེར་བ་དང་། རྐུན་མ་དང་། རྡུང་བརྡེགས་ལ་སོགས་པ་ཅི་བྱུང་བ་ཐམས་ཅད་ལ་ཚེ་ཐོག་མ་མེད་པ་ནས་བུ་ལོན་དང་། ལན་ཆགས་དང༌། ཤ་ཁོན་ཅི་ཡོད་པ་ཐམས་ཅད་དེས་བྱང་བར་གྱུར་ཅིག་པར་བློ་སྦྱང༌། མ་འོངས་པའི་ལ། དོ་ནུབ་སྲོད་དམ་ཐོ་རེངས་ནས་བཟུང་ནས་ཀྱི་ལ། ཁྱོད་དེར་བཏང་ན་ང་འདིར་ཆ་ཟེར་བ་ལྟར། ང་ལ་སྐུར་བ་འདེབས་པ་དང༌། རྐུན་མ་འཛུགས་པ་དང་། འདི་ནས་བཏོན་ནས་སྟོང་པ་དང་། ནད་དྲག་པོ་ལ་སོགས་འདི་ལྟ་བུ་བྱུང་ན་བདག་གཞན་བརྗེ་པའི་བྱང་ཆུབ་སེམས་འདི་བཞིན་སྒོམ་སྙམ་དུ་གོ་གྱོན་པ་སྟེ། པོ་ཏོ་བ་རང་ཅག་ལ་གཙང་མ་གཅིག་གིས་བུ་ཆུང་སྐྱལ་དུ་བྱུང་ན། ཞེས་པ་ལ། སྤྱན་མངའ་བ་ང་ནི་མི་དགའ་བར་འདུག་ཅེས་དང་། ཕུ་ཆུང་པ་ང་ནི་འཆི་བས་གོ་བ་འདུག་ཅེས་པ་ལྟར་འདས་པ་མ་འོངས་གཉིས་ལ་སྦྱར་ནས་བསྒོམ་མོ།།༡༥༧ ཡུས་མ་སྒོམ། ཀོ་ལོང་མ་སྡོམ། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། ཅེས་པ་གསུང་བགྲོས་མ་བཞིན་ནོ། །སྙིགས་མ་ལྔ་པོ་བདོ་བ་ཡིས། །བྱང་ཆུབ་ལམ་དུ་སྒྱུར་བར་བྱ། །ཞེས་བྱ་བ་ནི། ད་ལྟ་ལྔ་བརྒྱ་ཐམ་པའི་སེམས་ཅན། དུས། ཚེ། ཉོན་མོངས། ལྟ་བའི་སྙིགས་མར་གྱུར་པའི་དུས་འདིར། བྱང་ཆུབ་བསྒྲུབ་པ་ལ་སོགས་ཆོས་དཀའ་ཞིང་མི་འདོད་པ་ཤ་སྟག་བྱུང་བ་ལ། དེ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བའི་ཆོས་བློ་སྦྱོང་འདི་ཡིན་པས། གང་ན་མ་བཏུབ་པ་རྒྱུ་མཚན་དུ་བྱས་ནས་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའོ།། དེ་ཡང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེས་པ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར། ཀུན་ནས་རངས་པའི་རྒྱུ་དགུ་བསྟེན།༡༥༨ །ཅེས་པ་ལྟར། བླ་མ་ཆོས་འདི་ལྟ་བུ་སྟོན་པ་བསྟེན། གྲོགས་འདི་བསྒོམ་པ་དང་འགྲོགས། ཆོས་འདི་སྟོན་པ་ཉན། དེའི་གེགས་དང་སྒྲིབ་པ་སྦྱངས། མཐུན་རྐྱེན་ཚོགས་བསགས། གསོལ་བ་གདབ། ཆོས་སྐྱོང་ལ་འཕྲིན་ལས་ཞུ། འདི་རྒྱུད་ལ་སྐྱེས་མ་སྐྱེས་ཀྱི་ངེས་པ་བསམ། རྣམ་རྟོག་ངོ་ཤེས་པས། གནོད་པ་མེད་པར་རྐུན་མ་ངོ་ཤེས་པའི་ཉམས་ཟེར་བ་བཞིན་དུ་རང་ལ་ཉོན་མོངས་པ་རམ་རམ་རམ་བྱུང་ཙ་ན། ཉོན་མོངས་པ་དང༌། དེའི་རྩ་བ་བདག་འཛིན་དེ་དགྲར་ངོ་ཤེས་ན་ཞི་བར་འགྱུར་རོ། །འདི་ལན་ཅིག་དྲན་པ་དང༌། མོས་པ་ལན་ཅིག་བྱུང་བ་དང་། ལན་ཅིག་སྤྲོ་བ་སྐྱེས་པས་ཀྱང་གཉེན་པོར་འགྲོ། ལོ་བརྒྱར་འགྲོགས་ཀྱང་སྒོམ་རྒྱུ་འདི་ལས་ཡེ་མེད། སྙིང་ཆུང་ཡང་དམར་དམར་ལྡེར་ལྡེར་པོ་གཅིག་ལས་མེད་གསུང་ངོ༌། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། ཞེས་སོགས་གསུང་བགྲོས་མ་བཞིན་ནོ། །ཐེག་པ་ཆེན་པོའི་བློ་སྦྱོང་གི་གསུང་བགྲོས་འདི་རྣམས། སངས་རྒྱས་བསྒོམ་པའི་ཚོགས་བཤད་མ་ལས་གསལ་བར་བྱུང་བ། བློ་སྦྱོང་གསུང་བགྲོས་མའི་ཁ་སྐོང་དུ། བྱ་བྲལ་བ་དཀོན་མཆོག་རྒྱལ་མཚན་གྱིས་ཡི་གེར་བཀོད་པའོ།། །།སརྦ་ཛ་ག་ཏཾ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པྲ་ཏིཥྛ། དྲི་ཌོ་མེབྷཝ། སུ་ཏོ་བྱོ་མེ་བྷ་ཝ། སུ་བོ་སྐྱོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སརྦ་སི་དྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུ ཉྩ་བཛྲ་བྷ་ཝ་མཧཱ་ས་མ་ཡ་

སཏྭ་ཨཱ། །སརྦ་མངྒལཾ།