བདག་གཞན་གཉིས་ཀས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ། ཀུན་རྫོབ་དང་དོན་གྱི་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། གཉིས་ལ་མི་བརྟེན་པའི་ཡེ་ཤེས་རྣམས་ལམ་གྱི་རྩ་བ་ཡིན་པས། དེ་བསྒོམ་པའི་མན་ངག་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས། བླ་མ་དྷརྨ་རཀྴི་ཏ་ཞེས་བྱ་བ། རང་གི་སྐུ་ཤ་བཅད་ནས་གཞན་ལ་བྱིན་ཞིང་། བྱམས་སྙིང་རྗེ་འབའ་ཞིག་བསྒོམས་པས་སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས་པ་དང་། ཡང་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་བྱ་བ། གཞན་གྱི་སྡུག་བསྔལ་བདག་ལ་དངོས་སུ་ལེན་ནུས་པ་དང་། བླ་མ་གསེར་གླིང་པ་དང་གསུམ་ལས་ཐོབ་པ་ལས། འདི་བླ་མ་གསེར་གླིང་པའི་ལུགས་ཡིན་ཞིང་། དེ་ལ་ཡང་ཁྲིད་ཚུལ་མི་འདྲ་བ་མང་དུ་ཡོད་པ་ལས་སྐབས་འདིར་དགེ་བཤེས་འཆད་ཁ་བའི་ལུགས་ཀྱིས། སྔོན་འགྲོ་རྟེན་གྱི་ཆོས། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱང་བ། རྐྱེན་ངན་ལམ་དུ་འཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག་དང་བློ་སྦྱོང་གི་བསླབ་བྱ་སྟེ། དོན་བདུན་དུ་མཛད་པ་དེ་དག་གི་རྩ་བ་དང་འགྲེལ་ལེགས་པར་སྦྱར་བ་འདི་ནི་རྫོང་གསར་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཛད་པའོ།།